Ngb-pt-0887-vol-09-text

From Rangjung Yeshe Wiki Texts
Revision as of 10:50, 20 March 2020 by Move page script (talk | contribs) (Move page script moved page /home/ec2-user/Ngb/PT-800-899/ngb-pt-0887-text.docx.wiki to Ngb-pt-0887-vol-09-text)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། སུ་ན་མ་མ་ར༷་ཀ་ས་བ་བ་ལི་རཀྟ་ཏནྟྲ་མ་ཧྭ་རྭ་ཛ། བོད་སྐད་དུ། སྲོག་ལས་ཀྱི་རྒྱལ་བུ་སྲོག་བདག་གསེར་གྱི་ག་པུར་ཞེས་བྱ་བ། གནོད་སྤྱིན་གྱི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། བཅོམ་ལྡན་འདས་གནོད་སྤྱིན་གྱི་རྒྱལ་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །སྔོན་འདས་པའི་དུས་མ་བྱུང་བའི་སྔོན་རོལ་ན། རི་རབ་ཆེན་པོའི་རྩེ་མོ་ལྷ་ཐམས་ཅད་འདུ་བའི་གནས། བསམ་པ་ཐམས་ཅད་རྫོགས་པར་བྱེད་པའི་འོག་མིན་ལས་མི་དམའ་བའི་གནས། རུས་པ་དང་། རུས་གོང་དང་། ཐོད་པའི་རྒྱུད་ལས་བྱུང་བའི་ཁང་པ་ཆེན་པོ་བརྩེགས་པ་ཡངས་ཤིང་རྒྱ་ཆེ་བའི་ཁང་བཟང་ན། མི་ལ་སགས་པའི་རོ་གསར་རྙིང་གི་གདན་ལ། བཅོམ་ལྡན་འདས་དབང་གི་རྒྱལ་པོ་ཆེན་པོ་རྣམ་པར་རོལ་པ་ཞེས་བྱ་བ་བཞུགས་པ་ནི་འདི་ལྟ་སྟེ། སྐུ་སྟོང་གསུམ་གྱི་རི་རབ་ཙམ་ཞལ་གསུམ་ཕྱག་དྲུག་པ། ཞབས་རྣམ་པ་བཞི་དང་ལྡན་པ། སྐུ་དམར་ཐག་ཆད་པའི་ཉི་མ་བས་དམར་བ། དབུ་དབུས་མ་ལ་རྟ་ཆེན་པོས་བརྒྱན་པ་ནི། །ལྗང་ཁུ་ལ་རྗོག་མ་ལེ་བརྒན་དུ་འཚེ་བ། །དཔྲལ་བ་ཞུར་བ་ལས་འོད་དཔུང་སྣ་ཚོགས་པ་འབར་བ། ཕྱག་ན་པདྨ་དང་། དགྲ་སྟ་དང་། གཏུན་ཤིང་དང་། ཞགས་པ་དང་། ཐོད་ཁྲག་དང་། ལྕགས་ཀྱུ་བསྣམས་པ། གཡང་གཞི་དང་སྟག་ལྤགས་གླང་པོ་ཆེའི་པགས་པ་བསྣམས་པ། སྦྲུལ་དང་། ཐོད་པ་དང་། ཁྲག་དང་། ཞག་དང་། ཐལ་བས་བརྒྱན་པ། མཆེ་བ་གཙིགས་ཤིང་གད་རྒྱངས་སྒྲོག་པ་ནི། ཧ་ཧ་ཧེ་ཧེ་ཧྲིང་ཧྲི༷་ཧཱུཾ༷་ཕཊ་ཅེས་ཟེར་ཞིང་། གནོད་སྦྱིན་རྣམས་རང་དབང་མེད་པར་དབང་དུ་བསྡུ་བར་མཛད་པར་བཞུགས་སོ། །དེའི་བྲན་དང་། ཡང་བྲན་དང་། གཡོག་དང་། ཕོ་ཉ་དང་། ཡང་གཡོག་དང་། ཕོ་ཉ་དང་། བཀའ་ཉན་དང་། ཕྱག་བརྙན་རྣམས་ཀྱིས་རྩ་བཀུག་པའི་གནོད་སྦྱིན་གྱི་ཚོགས་མང་པོའི་མང་པོ་ནི་འདི་རྣམས་ཏེ། ལྷའི་མཆོག་ཚངས་པ་དང་། གནོད་སྤྱིན་གྱི་མཆོག་གང་པ་བཟང་པོ་དང་། །རྒྱལ་པོའི་མཆོག་ལི་བྱིན་ཧ་ར་བཟང་པོ་དང་། བདུད་ཀྱི་མཆོག་ཧ་ནུ་བག་ཤ་དང་། བཙན་གྱི་མཆོག་ཡམ་ཤུད་དམར་པོ་དང་། གཟའི་མཆོག་ར་ཧུ་ལ་ནག་པོ་དང་། །རྒྱུད་སྐར་གྱི་ཕྲབ་ཤི་ཁ་མཐོར་བྱེད་དང་། འགོང་པོའི་མཆོག་རྡོ་རྗེ་ལེགས་པ་དང་། །མ་མོ་ཆེན་མོ་ནག་མོ་མདུང་འཛིན་མ་དང་། འཕྲ་མེན་ཆེན་མོ་ལྕེ་སྤྱང་ནག་མོ་དང་། གནོད་སྤྱིན་ཆེན་པོ་བྱ་ཐུལ་ཅན་དང་། བདུད་མོ་ཆེན་མོ་རོ་ལངས་ཐལ་མདོག་མ་དང་། བཙན་གྱི་བཙུན་མོ་གསེར་གྱི་ཕྲ་ཏྲ་ཅན་དང་། གཟའི་ཡུམ་ཆེན་མོ་ལེགས་ལྡན་གཤོག་པ་ཅན་དང་། རྒྱུ་སྐར་གྱི་བཙུན་མོ་ཁ་ན་ཧུ་ལུ་ཁ་དང་། དགེ་བསྙེན་གྱི་ཡུམ་གངས་དཀར་འབྱོར་ལྡན་མ་དང་། དེ་དག་ལ་སོགས་པའི་གནོད་སྤྱིན་དབང་ཆེ་བ་དང་། མཐུ་དང་ལྡན་པ་རྩལ་དྲག་པ་མཐུ་རྩལ་ཐོགས་པ་མེད་པ། སྲིད་པ་གསུམ་གྱི་སྲོག་ལ་དབང་བྱེད་པ་ཐམས་ཅད་དང་། གཞན་ཡང་སེམས་ཅན་ལ་འཚེ་བར་ནུས་པ། སྲོག་ལ་དགའ་བ་ཤ་ཟ་བ་ཁྲག་འཐུང་བའི་ཚོགས་མང་པོ་དང་བཅས་པ་འཁོར་དེར་ཚོགས་སོ། །དེ་ནས་དབང་གི་རྒྱལ་པོས་བཀའ་བསྒོ་བ། ཁྱེད་གནོད་སྤྱིན་རྣམས་ཀྱིས་དམ་ཚིག་ནོས་ལ། བསྟན་པའི་སྙིང་པོ་བསྲུང་བར་གྱིས་ཤིག །དེ་དག་གིས་མགྲིན་གཅིག་ཏུ་གསོལ་པ། བདག་ཅག་ནི་ཉིད་ཀྱི་དམ་ཚིག་ཀྱང་མི་ལེན་པ་བསྟན་པ་བསྲུང་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཉིད་ནི་བྱམས་པ་དང་ལྡན་པ། སེམས་ཅན་ལ་ཐུགས་བརྩེ་བ། གནོད་པ་ཐམས་ཅད་སེལ་བར་མཛད་པ་ལགས། བདག་ཅག་ནི་ཁྲོ་བ་དང་། །ཞེ་སྡང་བ་དང་། གསོད་པ་དང་། གཅོད་པ་ལ་དགའ་བ་དང་། ཤ་ཁྲག་ལ་དགའ་བ་ཤ་དག་འབྱུང་སྟེ། འདི་དང་བྲལ་བར་གྱུར་ན་བདག་ཅག་མི་འཚོ་ཞིང་མྱུར་དུ་འགུམ་པར་འགྱུར་རོ། །དེ་བས་ན་དམ་ཚིག་ལེན་པར་མི་ནུས་སོ། །ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོས་ཐུགས་ཀ་ནས་འོད་དཔུང་བསྐལ་པའི་མེ་ལྟར་འབར་བ་བཀྱེ་བས། ཞབས་འོག་ཏུ་བཅུག་ནས་ཉིད་ཀྱི་གསང་བའི་སྙིང་པོ་འདི་གསུངས་སོ། །ཨོ་པདྨ་ཏ་ཀྲིད་བཛྲ་ཀྲོ་དྷ་ཧ་ཡ་གྲི་བ་ཧུ་ལུ་ཧུ་ལུ་ཧྲི་ཛ། དབང་ཞེས་རྔམ་པའི་གདངས་ཀྱིས་བཀའ་སྩལ་པས་ཐམས་ཅན་བྲེད་ཧག་སྡངས་ཏེ། བཅོམ་ལྡན་འདས་ཀྱི་བཀའ་བཞིན་བགྱིའོ། །དམ་ཚིག་ཀྱང་ལེན་པར་ནུས་སོ་ཞེས་ཟེར་ནས། ཐམས་ཅད་ཀྱིས་ཁས་བླངས་སོ། །དེ་ནས་དབང་གི་རྒྱལ་པོས་རང་རང་གི་དམ་ཚིག་དང་སྐལ་པ་ཕོག་ནས། །འདི་སྐད་ཅེས་གསུངས་སོ། །ཧཱུཾ༷། ང་ནི་དབང་གི་རྒྱལ་པོ་སྟེ། །ཐམས་ཅད་མ་ལུས་དབང་དུ་སྡུད། །གནོད་སྤྱིན་རིགས་རྣམས་མ་ལུས་པས། །ང་ཡིས་བསྒོ་བ་ཀུན་སྒྲུབས་ཤིག །ཚངས་པ་ནག་པོ་མདུང་འཛིན་གྱིས། །སངས་རྒྱས་བསྟན་པ་ཀུན་སྤེལ་ཏེ། །ནད་དང་རིམས་ནི་མི་འབྱུང་ཞིང་། །དགོས་པ་མ་ལུས་གྲུབ་པར་གྱིས། །གང་པ་བཟང་པོ་ལྕེ་སྤྱང་གིས། །ཡོ་བྱད་འབྲུ་དང་བང་མཛོད་དང་། །གསེར་དང་ཤིང་ཐོག་རྐང་འགྲོས་དང་། །དགོས་པའི་དུས་སུ་སྤེལ་བར་གྱིས། །ལི་བྱིན་ཧར་དང་བྱ་ཐུལ་ཅན། །བྲག་གཡོག་འཁོར་དང་བཅས་པ་རྣམས། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །སྲོག་ལ་དབང་བར་ངས་བྱས་སོ། །ཧ་ནུ་བག་ཤ་ཐལ་མདོག་མ། །བུ་ཚ་རིགས་བརྒྱུད་མི་འབྱུང་ཞིང་། །སྲིད་པ་གཏན་ནས་རླག་པ་མྲ །ལས་ཀྱི་སྐལ་བར་ངས་ཕོག་གོ །ཡམ་ཤུད་དམར་པོ་ཕྲ་ཏ་ཅན། །བསྟན་པ་བཤིག་པའི་དགྲ་བོ་རྣམས། །ཡེ་འགྲོ་སུམ་བརྒྱ་སྣ་དྲོངས་ལ། །དགྲ་བོ་བརླག་པར་སྐལ་ཕོག་གོ །ར་ཧུར་ལ་དང་གཤོག་པ་ཅན། །ཕྱོགས་མཚམས་མ་ལུས་ཀུན་རྒྱུས་ལ། །སད་སེར་བ་ཡི་སྣ་དྲོངས་ལ། །བསྟན་པ་བཤིག་པ་ཆེ་ལ་ཕོབ། །ཕྲ་བ་ཤིང་ཁ་འཐོར་ཧུ་ལུ་ཁ། །གང་ལ་ཡང་ནི་དབང་གྱིས་ལ། །ཡ་ཆ་སྟབ་བསྣོལ་དབང་གྱིས་ལ། །དགྲ་བོ་མ་ལུས་ཕུང་དུ་ཆུག །རྡོ་རྗེ་ལེགས་པར་གངས་དཀར་གཉིས། །འདྲོན་དང་ཚོང་དང་དགྲ་བླ་གྱིས། །དེ་ཡིས་དགོས་པ་ཀུན་བསྒྲུབས་ལ། །ཕ་རོལ་དཔུང་རྣམས་ཕམ་པར་གྱིས། །གནོད་སྤྱིན་གཙོ་བོ་ཆུང་མར་བཅས། །བློན་པོ་བྲག་དང་ཡང་གཡོག་བཅས། །མ་ལུས་ཁྱེད་རྣམས་ཐམས་ཅད་ཀྱིས། །དགྲ་བགེགས་སྒྲོལ་ཞིང་བསྟན་པ་སྤེལ། །ཞེས་ལས་ཀྱི་གཉེར་གཏད་དོ། །དེ་ནས་ཚངས་པ་ལ་སོགས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །དེ་ལྟར་དབང་གི་བགྱི་འོ་དབང་གི་རྒྱལ། །ལས་རྣམས་མ་ལུས་མཐའ་དག་ལ། །ཐོགས་པ་མེད་པར་བསྒྲུབ་པར་བགྱི། །བདག་ཅག་དོན་དུ་སུ་གཉེར་བ། །དེ་ཡི་དོན་རྣམས་བསྒྲུབ་པར་བགྱི། །བདག་ཅག་གིས་ནི་བསྟན་པ་སྤེལ། །དགྲ་ཡི་ཚོགས་ལ་བགྱིའོ་ཞེས་ཁས་བླངས་ནས་དམ་མནོས་སོ། །སྲོག་ལས་ཀྱི་རྒྱལ་བུ་སྲོག་བདག་གསེར་གྱི་ག་པུར་ལས། །སྲོག་བདག་རྣམས་སྔོན་བཏུལ་ཞིང་ལས་ཀྱི་གཉེར་གཏད་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ལྷའི་མཆོག་ཚངས་པས། །རྒྱལ་པོ་ལི་བྱིན་ལྷའི་ཧ་ར་ལ། བདག་ནི་ལྷའི་དགེ་བསྙེན་ཆེན་པོ་ལགས་ཏེ། དམ་པའི་ཆོས་བསྐྱང་པ་དང་། །གང་རྣལ་འེབྱོར་པ་རྣམས་དབུ་འཕངས་བསྟོད་པའི་ཕྱིར། བདག་རང་གི་ནུས་པ་ཅི་བདོག་པས་ལས་རྣམས་བགྱིད་ན། འོན་ཀྱང་རྒྱལ་པོ་ཁྱོད་ལ་བདག་གིས་མཐུ་སྤྱིན་པར་བགྱི། །དབང་བསྐུར་བར་གྱི། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྲོག་གི་བདག་པོར་མངའ་གསོལ་བར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། ཚངས་པ་ཆེན་པོ་ཞེས་བགྱི་བ་ཡང་རྒྱལ་པོ་ཁྱོད་ཉིད་ལགས་ཏེ། སྔོན་བསྐལ་པ་གཉིས་འདས་པའི་སྔོན་རོལ་ན་བསྐལ་པ་པོའི་འོད་བགྱི་བའི་དུས་སུ་ཡབ་རྒྱལ་པོ་ག་ཟ་དེ་བ་དང་། ཡུམ་བདེ་བའི་ཀློང་འཕྲེང་མ་གཉིས་ལ་ཡིད་ཀྱིས་འཚོ་བའི་འཆོས་པའི་བུ་ཅིག་སྐྱེས་ཏེ། ཤེས་བཞིན་དང་གཟུགས་བྱད་དུ་ལྡན་པས། བྲམ་ཟེ་བྱ་བ་མཐའ་དག་ལ་མཁས་པར་བསླབས་ཏེ། རི་མ་ལ་ཡའི་རྩེ་མོར་ཕྱིན་ནས་དེར་དཔལ་ཕྱག་ན་རྡོ་རྗེ་ལ་མཐུ་འགྲན་པས་མ་ཐུབ་སྟེ། ཕྱག་ན་རྡོ་རྗེ་ལ་གསོལ་པ། བདག་ནི་མུ་སྟེགསཀྱི་སྟོན་པས་ལེགས་པར་བརླགས་ཤིང་སྟོབས་དང་ལྡན་ན། དེ་ཅིའི་ཕྱིར་ཉིད་ཀྱིས་སྟོབས་ཀྱི་ཆ་འཛིན་ཙམ་ཡང་ཉེ་བར་མི་འབྱུང་བ་འདི་ཅི་ལས་གྱུར་པ་ལགས། ཕྱག་ན་རྡོ་རྗེས་བཀའ་སྩལ་པ། ང་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་ས་ལ་གནས་པ་ཡིན་ན། ཁྱོད་ལ་འགྲན་པའི་སྟོབས་ག་ལ་ཡོད། །བདག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ས་ཐོབ་པར་བགྱིད་དོ། །དེ་ནས་དཔལ་ཕྱག་ན་རྡོ་རྗེ་ཉིད་ཀྱི་དབུ་ལས་རིན་པོ་ཆེ་དུང་གི་ཅོད་པན་མུ་ཏིག་དང་གསེར་གྱིས་སྤྲས་པ་ཕུད་དེ། །རྒྱལ་པོའི་མགོ་ལ་བསྐོར་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། །མིང་ཚངས་པ་དུང་གི་ཐོར་ཚུགས་ཅན་དུ་བཏགས་ཏེ་བྱིན་གྱིས་བརླབས་སོ། ཁྱོད་དིང་ཕན་ཆད་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་ཡིན་པས། ང་ཡི་རིན་པོ་ཆེའི་ཅོད་པན་འདི་མ་ཕུད་ཀྱི་བར་དུ་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་བྱ་བའི་ཕྱིར། །སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྲོག་དང་དབུགས་ལ་དབང་བར་དབང་བསྐུར་རོ། །བྱིན་གྱིས་བརླབས་སོ། །རྒྱལ་པོས་ཀྱང་གསོལ་བ་དེ་བཞིན་དུ་བགྱིའོ། །སངས་རྒྱས་ཀྱི་བསྟན་པ་ལ་གནོད་པར་བགྱིད་པ་དང་། རྣལ་འབྱོར་པའི་དབུ་འཕངས་སྨོད་པ། དམ་ཚིག་ཁྱད་དུ་གསོད་པ་རྣམས་གསད་པར་བགྱིའོ། །བརླག་པར་བགྱིའོ། །རབ་ཏུ་གཞོམ་པར་བགྱིའོ། །ཞེས་ཁས་བླངས་ཏེ་བསྟན་པ་མཐར་ཕྱིན་པར་བྱ་སྟེ། དེ་རྒྱལ་པོ་ལི་བྱིན་ཧ་ར་ཉིད་ལ་སོ། །དེའི་ཕྱིར་ཚངས་པ་ཚངས་པ་ཞེས་བགྱི་བ་ཡང་ཉིད་ལགས་པས། བདག་གིས་མཐུ་དང་རྩལ་གྱིས་བྱིན་གྱིས་རློབས། སྔགས་འདིས་ཀྱང་རྒྱལ་པོ་ལ་དབང་བསྐུར་རོ། །ཨོ་བཛྲ་ཏི་ཛ་ལ་ར༷་པྲ་མ་ན་རག་ཤ་ཤང་ཀ་ལ་ཡ་ཧཱུཾ༷་རྭ་ཛ་མ་ཧྭ་དྲི་རྦད་ཐུམ་ཐུ༷་རྦད་ཤག་སེན་སེན་ཛུ་ཛུ་ཧཱུཾ༷་ཧཱུཾ༷། ཞེས་ལྷ་ཚངས་པས་རྒྱལ་པོ་ལི་བྱིན་ཧ་ར་ལ་མངའ་གསོལ་བས། སྔ་མ་བས་བཅུ་འགྱུར་གྱིས་མཐུ་རྩལ་ཆེར་བརྙེས་སོ། །དེ་ནས་གནོད་སྤྱིན་གྱི་མཆོག་གང་པ་བཟང་པོ་དང་ནོར་བུ་བཟང་པོས་ཀྱང་། རྒྱལ་པོ་ཆེན་པོ་ལི་བྱིན་ཧ་ར་ལ་ཁྱོད་ནི་མཐུ་དང་ལྡན་པ། གྲགས་པ་དང་ལྡན་པ། གཟི་བརྗིད་དང་ལྡན་པ།ལོངས་སྤྱོད་དང་ལྡན་པས་དབུལ་པོ་རྣམས་ལ་ནོར་སྟེར་བར་མཛད། རྨང་པོ་རྣམས་ལ་རིགས་བརྒྱུད་འཕེལ་བར་མཛད། བདག་ཅག་གིས་ཀྱང་དབང་བསྐུར་བར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། སྔོན་བྱ་རྒོད་ཕུང་པོའི་༄༅ རིའི་ངོས་ལ་ཤིང་དྲུང་ཅིག་སྐྱེས་པ་ལས། ཤིང་དེའི་བདག་པོ་གནོད་སྤྱིནགོས་སྔོནཅན་ཞེས་པས་དབང་བགྱིས་ནས་མཆིས་པ་ལས། བཅོམ་ལྡན་འདས་ཀྱིས་བསོད་སྙོམས་ལ་གཤེགསཔ་ལས་ཤིང་དེའིཤུན་པ་བཤུས་ཏེ། བཅོམ་ལྡན་འདས་ཀྱི་གདན་དུ་ཕུལ་བས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་མ་འོངས་པའི་དུས་ན་དབུལ་པོརྣམས་ཀྱི་བསམཔ་མཐར་ཕྱིན་པར་གྱིས་ལ། ངའིབསྟན་པ་འདི་ཡང་རྒྱས་ཤིང་དབུའཕང་བསྟོད་པར་གྱིས་ཤིག །ཁྱོད་ཀྱི་མིང་ཡང་གནོད་སྤྱིན་གང་པ་བཟངཔོ་བཏགས་སོ། །ཞེས་བཀའ་སྩལ་པ་དང་། དེ་བཞིན་དུ་བགྱིའོ། །ཞེས་ཁས་བླངས་སོ། །དེའི་ཕྱིར་གང་པ་བཟང་པོཞེས་བགྱི་བ་ཡངརྒྱལཔོཆེན་པོ་ལི་བྱིན་ཧ་ར་ཉིད་ལགསཏེ་གཞན་མ་མཆིས་སོ། །དེ་ཡང་བདག་གི་མཐུ་དངབྱིན་རླབསཅིབདོག་པས་རྒྱལཔོ་ལ་མངའ་གསོལ་བརགྱི། བདག་གི་གསང་བའིསྔགས་མཐུ་བྱིན་རླབས་དང་ལྡནཔ་འདི་ཡང་རྒྱལ་པོ་ཆེན་པོ་ལ་འབུལ་བར་བགྱིའོ། །ཨོ༷་བྷ་ན་བྷ་ན་རཀྟ་ཀྟན་པ་ཏྲ་ར་ཙ་མ་ཧྭ་ཡ་ས་པ་ཏི་མ་དེ་ཤོད་པ་ཏིཧར་ཧྭ་རཧཱུཾ༷་ཧཱུཾ༷་ཕཊཕཊ་སྲུ་ཧྭ། ཞེས་གནོད་སྤྱིན་གང་པ་བཟང་པོ་སེམས་ཅན་ལ་ཐུགས་བརྩེ་བས་རྒྱལ་པོལི་བྱིན་ཧ་ར་དང་། སྲིད་པའི་བདག་པོ་ཆེན་པོར་མངའ་གསོལ་བས། གང་རྒྱལ་པོབསྒྲུབ་པར་བྱེད་པ་ལ་དགོས་པ་རྣམ་གཉིས་རྩོལ་བ་ལ་ཐོགས་པམེད་པའི་སྟོབས་སྔ་མབས་ཀྱང་བརྒྱ་འགྱུར་པས་ཕྱིའི་སྒྲོལ་གིང་ཆེན་པོར་དབང་བསྐུར་རོ། །མིང་ཡང་བདུད་ཧ་ནུ་བག་ཤ་ཞེས་བྱ་བར་གདགས་སོ་ཞེས་དམ་ཚིག་བྱིན་ནོ། །དེ་ཡང་གཞན་མ་ཡིན་པ་ལགས་ཏེ། རྒྱལ་པོ་ཁྱོད་ཉིད་དེའི་ཚེ་དེའི་དུས་ན་མིང་དེ་སྐད་བཏགས་སོ། །ད་ཡང་བདག་གི་ནུས་པས་བཀའ་སྩལ་པ་བཞིན་དུ་ལས་རྣམས་མཐར་ཕྱིན་པར་སྒྲུབ་བོ། །འདི་དཔལ་གྱི་བཀའ་ཉན་ཡིན་ཏེ་བདག་ཀྱང་འདའ་བར་མི་ནུས་ཏེ། རྒྱལ་པོས་ཀྱང་འདའ་བར་མ་མཛད་ཅིག །བདག་གིས་བསྔགས་དམ་པ་གསང་བའི་མཆོག་འདྲ་བ་ལ་དབང་སྒྱུར་བ་འདི་ཡང་རྒྱལ་པོ་ལ་འབུལ་ལོ། །ཨོ་སེར་ར་ཕྲ་བ་གསུམ་མ་ཀ་རང་ཝང་སེད་སད་ནེ་སད་ནེ་མྱ་ར་ཡུ་མུ་ར་ཡ་དྲི་ཚལ་ལེ་བཱ་ར་ཡ་ཧཱུཾ༷་ཛ་ཧཱུཾ༷་ཛ་ཕཊ་ཕཊ། ཅེས་བདུད་ཀྱི་རྒྱལ་པོ་ཧ་ནུ་བག་ཤ་བཅོམ་ལྡན་འདས་དབང་གི་རྒྱལ་པོའི་བཀས། རྒྱལ་པོ་ལི་བྱིན་ཧ་ར་ལ་མངའ་གསོལ་བ་དགྲ་བོ་གང་ཡིན་པ་ལ་བརྒྱ་བརྒྱ་འམ་སྟོང་ཡང་རུང་བ།རིགས་བརྒྱུད་བསྟན་ནས་བརླག་པར་བྱེད་པའི་མངའ་སྔ་མ་བས་སྟོང་གི་བསྙེས་སོ། །དེ་ནས་ཡང་བཙན་གྱི་རྒྱལ་པོ་ཡམ་ཤུད་དམར་པོས་རང་གི་འཁོར་དུ་མ་དང་བཅས་པས། རྒྱལ་པོ་ལི་བྱིན་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ནི་ཐོག་མ་ནས་སྲིད་པའི་སེམས་ཅན་ཐམས་ཅད་ལ་ཡེ་འགྲོགགསུམ་བརྒྱ་དྲུག་ཅུ་ཐོབ་་་ར་མང་པོ་གཏོང་བ་ལགས་ཏེ། དེ་ལྟ་བུའི་ནུས་པ་རྣམས་ཀྱང་རྒྱལ་པོ་ཆེན་པོ་ལ་མངའ་གསོལ་བར་བགྱིབྱིན་གྱིས་བརླབས་པར་བགྱི། ནུས་པའི་མཐུ་སྐྱེས་པར་བགྱི། དེ་ཅིའི་ཕྱིར་ཞེ་ན། ཡམ་ཤུད་དམར་པོ་ཞེས་བྱ་བར་གྱུར་པ་ལགས་ན། སྔོན་བར་གྱི་བསྐལ་པ་བཞི་བཅུ་འདས་པ་ན་ཡབ་གསེར་གྱི་རྒྱལ་པོ་འཆང་ཞེས་བགྱི་བ་དེའི་བཙུན་མོ་སྐྲུ་པ་སྟེ། བརྒྱན་ཅན་ཞེས་བགྱི་བ་གཉིས་ལ་སྲས་མཆེད་གཉིས་མངའ་བ་ལས། གཅེན་གྲགས་ལྡན་ནི་དམ་པའི་ཆོས་ལ་དགའ། གཅུང་གྲགས་སྐྱེས་ནི་མུ་སྟེགས་ཀྱི་ཆོས་ལ་དགའ་བར་གྱུར་པ་ལས། དེ་ནས་དུས་ནམ་ཞིག་ན་མཆེད་དེ་གཉིས་ཆོ་ལོ་བཏབ་སྟེ། གང་རྒྱལ་བའི་ཆོས་ལ་གང་ཕམ་པ་འཇུག་པར་བྱས་པ་ལས། གཅུང་བརྒྱལ་བར་གྱུར་པ་ལས་གཅེན་པོས་ཀྱང་གཅུང་གི་ཆོས་ལ་མ་དད་བཞིན་དུ་འཇུས། ཡང་དུས་གཅིག་ན་བཏབ་པས་གཅེན་པོ་རྒྱལ་ནས་ད་ངའི་ཆོས་ལུགས་དཀར་པོ་འདི་ལ་སྟོས་ཞེས་གསུངས་པས། གཅུང་པོས་མ་ཐུབ་སྟེ་བྲོས་པ་ལས། གཅེན་གྱིས་བདས་དེ་བཟུང་ནས་གཅུང་གི་ཞལ་ནས་གཅེན་པོས་བདག་གསད་ཀྱང་ཡས་ཀྱི་ཆོས་ལུགས་ལ་མི་འཛུལ། དེ་བས་གཅེན་ནམ་སངས་རྒྱས་པའི་དུས་སུ་བསྟན་པ་ལ་གནོད་པ་ཐམས་ཅད་ཀྱི་སྲོག་དབུགས་བདག་གིས་དབྲལ་བར་བགྱི། ཆད་པ་གཅད་པར་བགྱི་ཞེས་ཁས་བླངས་སོ། །དེར་གཅེན་གྲགས་ལྡན་གྱིས་གཅུང་པོ་དབང་བསྐུར་ནས། ང་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་སུ་ངའི་བསྟན་པ་ལ་སུ་གནོད་པར་བྱེད་པའི་སྲོག་གི་གཤེད་མ་ཁྱོད་ཀྱིས་གྱིས་ལ་བསྟན་པ་འཕེལ་བར་གྱིས་ཤིག །ཅེས་གསུངས་ནས་ཟངས་ཀྱི་རལ་ཀ་དང་། བྱུ་རུའི་འཁར་བ་ལག་ཏུ་བསྐུར་ཏེ། མིང་ཡང་ཡམ་ཤུད་དམར་པོར་བཏགས་ཏེ། དེ་ཡང་གཞན་མ་ལགས་ཏེ། གཅེན་གྲགས་ལྡན་ནི་བཅོམ་ལྡན་འདས་ལགས་སོ། །གཅུང་གྲགས་སྐྱེས་ཡམ་ཤུད་དམར་པོ་ནི་རྒྱལ་པོ་ཉིད་ལགས་ན། དེ་བས་ན་ཡམ་ཤུད་དམར་པོ་ཞེས་བགྱི་བ་ཡང་། རྒྱལ་པོ་ཆེན་པོ་ལི་བྱིན་ཧ་ར་ཉིད་ལགས་སོ། །ད་བདག་གི་ཡེ་འགྲོག་དང་། ཐོབ་ཤོར་མང་པོས་རྒྱལ་པོ་ཁྱོད་ལ་མངའ་གསོལ། བདག་གིས་གདུག་པའི་སྔགས་ཞེས་བཅས་པ་འདིས། རྒྱལ་པོ་ལི་བྱིན་གྱི་བརླབས་པར་བགྱི། དབང་བསྐུར་བར་བགྱི། མཐུ་བསྐྱེད་པར་བགྱི། ཨོ་དེ་བ་ཧྲི་མང་གན་ཛ། མུ་ས་མུ་ས མ་ར་ཡ་མ་ར་ཡ་ན་ཡ། ཆེ་གེ་མོའི་སྲོག་བྲེང་བྲེང་། ཐུམ་སྨྱོ་ཛ་ཛ། ཞེས་རྒྱལ་པོ་ལི་བྱིན་ཧ་ར་ལ་བཙན་དུ་མ་དང་བཅས་པས་བྱིན་སྐྱེད་པས། ཡེ་འགྲོག་དང་ཐོབ་ཤོར་བྱེད་པས་མངའ་བརྙེས་ཏེ། སྔ་མ་བས་ཀྱང་ཁྲི་འགྱུར་གྱིས་མངའ་བརྙེས་པར་གྱུར་ཏོ། །དེ་ནས་གཟའི་མཆོག་ར་ཧུ་ལ་ནག་པོས། རྒྱལ་པོ་ཆེན་པོ་ལི་བྱིན་ཧ་ར་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་བདག་ནིའུ་ཀང་དང་། གཤེད་གཞི་དང་། སད་སེར་བ་དང་། རྩ་དང་། མུ་གེ་དང་། འཁྲུག་པ་བྱེ་བྲག་སྣ་ཚོགས་ལ་དབང་བགྱིད་པ་ལགས་ཏེ། དེ་རྣམས་ཀྱིས་ཀྱང་རྒྱལ་པོ་ཆེན་པོ་ལ་མངའ་གསོལ་བར་བགྱི། དབང་བསྐུར་བར་བགྱིབྱིན་གྱིས་རླབས་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། ར་ཧུ་ལ་ཆེན་པོ་ཞེ་བགྱི་བ་ཡང་རྒྱལ་པོ་ཆེན་པོ་ཉིད་ལགས་ཏེ། སྔོན་བསྐལ་པ་འདི་ཉིད་ཀྱི་དང་པོ་ལ་ཕ་ཀླུ་པི་ཏ་ར་ནག་པོ་ཞེས་བགྱི་བ་དང་། མ་སྲིན་མོ་གློག་གི་སྒོམ་གཉིས་ལ་བུ་གཅིག་བཙས་པ་ལས། དེ་རབ་ཏུ་མི་སྲུན་ཅིང་རྔམ་པ་གཅིག་ཡོད་པ་ལས། ནམ་ཞིག་ན་ལྕང་ལོ་ཅན་གྱི་ཕོ་བྲང་དུ་གདན་ཚོམས་བཅས་ནས་མཛད་པ་ལ་དེས་རྒྱལ་ཀ་བྱས་པ་ལས། ཕ་མ་གཉིས་ཀྱིས་ཀྱང་མ་ཐུབ་པར་གྱུར། དེར་ཕྱག་ན་རྡོ་རྗེས་གསང་བས་ཀྱང་མ་ཐུབ་སྟེ། རི་རབ་རྩེ་ལ་བྲོས་པ་ལས། དཔལ་ཕྱག་ན་རྡོ་རྗེས་ཐུགས་རྗེ་ཡེ་ཤེས་ཀྱི་འོད་ཟེར་གཅིག་འཕངས་པས་སྤྱི་བོ་ནས་ཟིན་ཏེ་མ་ཐོག་གོ །དེས་བུ་དེ་རབ་ཏུ་སྡུག་བསྔལ་ནས་ཕྱོགས་བཅུར་ཐལ་མོ་སྦྱར་ཏེ། འདི་སྐད་ཅེས་སྨྲས་སོ། །བདག་ནི་རབ་ཏུ་སྡུག་བསྔལ་བས། འདི་ལས་ཐར་བར་མཛད་དུ་གསོལ། འདི་འདྲ་བའི་སྡུག་བསྔལ་དྲག་པོ་འདི་ལས་ཐར་གྱུར་ན། བདག་ནི་དཔལ་ཕྱག་ན་རྡོ་རྗེས་ཅི་བསྒོ་བ་ཉན་ནོ། །ཞེས་གསོལ་པས། མནན་པ་ལས་ཐར་པར་གྱུར་ནས་སྐད་ཅིག་གིས་ཕྱག་ན་རྡོ་རྗེའི་དྲུང་དུ་ཕྱིན་པ་དང་། དེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་བཀའ་སྩོལ་ཅིག །བདག་གིས་ཅི་བགྱི་བ་རྗོ་ཐོག་ལགས་སོ། །ཕྱག་ན་རྡོ་རྗེས་བཀའ་སྩལ་བ་དང་། ད་ཕྱིན་ཆད་ཁྱོད་ནི་དགེ་བསྙེན་ཆེན་པོ་ཡིན་པས་ངའི་བཀའ་ཉོན་ལ་སྡང་བར་༄༅ སེམས་པ་ཐམས་ཅད་དང་། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་ཐམས་ཅད་ཀྱི་ལོ་ཐོག་དང་། འབྲས་བུ་དང་། རྐང་འགྲོས་རྣམས་མེད་པར་གྱིས་ཤིག་རླག་ཏུ་ཆུ་གཅིག །ཕུང་པོ་དང་བདའ་བར་གྱིས་ཤིག །དེ་ལྟ་བུའི་ལས་ནུས་པ་ཆེར་ཡོད་པའི་ཕྱིར་མིང་ཡང་ར་ཧུ་ལ་ནག་པོར་བཏགས་པ་ཡིན་ནོ་ཞེས་གསུངས་སོ། །ར་ཧུ་ལས་ཀྱང་དེ་ཀ་བཞིན་དུ་བགྱིའོ་ཞེས་ཁས་བླངས་སོ། །དེ་ཉིད་སྐྱེ་བ་འདིར་གཞན་མ་ལགས་ཏེ། རྒྱལ་པོ་ཆེན་པོ་ལི་བྱིན་ཧ་ར་ཉིད་ལགས་སོ། །དེ་བས་ཀྱང་བདག་གི་ནུས་པ་དང་། མཐུ་རྩལ་དང་། བྱིན་རླབས་ཅི་བདོག་པས་ཁྱད་པར་དུ་རྒྱལ་པོ་ཆེན་པོ་ཁྱོད་ལ་མངའ་གསོལ་བར་བགྱིའོ། །ཐབས་ཐོབ་པར་བགྱིའོ། །བྱིན་གྱིས་བརླབ་པར་བགྱིའོ། །བདག་གིས་དགྲ་བགེགས་ཆམ་ལ་འབེབས་པས། ལོ་ཐོག་དང་། འབྲས་བུ་དང་། རྐང་འགྲོས་རྣམས་བརླག་པར་བྱེད་པའི་སྔགས་འདི་ཡང་དབུལ་གྱིས། རྒྱལ་པོ་ཆེན་པོ་ལི་བྱིན་ཧ་ར་བཞེས་སུ་གསོལ། ཨོ་དྷ་ན་དྷ་ན་པུ་ཙེ་པུ་ཙེ་མེ་ཤི་རང་ཀ་ན་ཀ་ལེ་དུམ་པ་ལེ་ཧུ་ཡ་ཧུ་ཡ་ར་ཁུངས་མན་དུ་གྲྭ་ཧྭ། ཞེས་གཟའ་རྭ་ཧུ་ལ་ནག་པོས་རྒྱལ་པོ་ཆེན་པོ་ལི་བྱིན་ཧ་ར་ལ་མངའ་གསོལ་བས་སད་སེར་དང་། ལོ་ཉེས་དང་། འཁྲུག་པ་ལ་མངའ་བརྙེས་ཏེ། རྒྱལ་པོ་ལི་བྱིན་ཧ་ར་སྔར་བས་ཀྱང་འབུམ་འགྱུར་གྱིས་མཐུ་ཆེ་བར་གྱུར་ཏོ། །དེ་ནས་རྒྱུ་སྐར་གྱི་མཆོག་ཕྲབ་ཤིང་ཁ་འཐོར་བྱེད་ཀྱིས། རྒྱལ་པོ་ལི་བྱིན་ཧ་ར་ལ་འདི་སྐད་ཅེས་སྨྲས་སོ། །བདགནིབར་སྣངལ་གནས་ཤིང་རླུད་གི་འཁོར་ལོ་ལ་ཞོན་ཏེ། ལོག་པར་ལྷ་བ་རྣམས་ལ་ཡ་ཆ་དང་། བཏབ་བསྣོལ་དང་། བྱེ་བྲག་སྣ་ཚོགས་པ་ལ་དབང་བགྱིད། མོས་པར་བགྱིད་པ་ལགས་ཏེ།བདག་གིས་ཀྱང་ལས་འདི་དག་གིས་རྒྱལ་པོ་ལ་དབང་བསྐུར་བར་བགྱི། གཟེངསབསྟོད་པར་བགྱི། ནུས་མཐུ་སྐྱེས་པར་བགྱི། དེ་ཅིའི་ཕྱིར་ཞེ་ན། ཕྲ་ཡོད་པ་ལས་ཕྲབ་ཤིང་ཁ་འཐོར་བྱེད་ཅེས་བགྱི་བ་ཡང་རྒྱལ་པོ་ཁྱོད་ཀྱིསལགས་ཏེ། སྔོན་བདགགིས་མཁས་པརྣམས་དྲིས་པའི་གཏམ་རྙིང་པལས། ཡུལ་བ་ར་ན་སེ་ན་རྒྱལ་པོ་དགའ་བའི་དཔལ་ཞེས་བགྱི་བ་དེ་ལ་འཁོར་འབུམ་ཕྲག་བདུན་བདོག་པའི་ནང་ན་བློན་པོ་ཁ་ཤིང་ཧས་བགྱི་བ་དེ་ལ་བུ་རིག་པ་དང་ལྡན་པ་ཡིག་ཡོད་པ་ལས། བུ་དེ་འཆི་བའི་ནད་དྲག་པོས་བཏབ་སྟེ་འཆི་བར་སྨོན་ལམ་བཏབ་པས་བདག་འཆི་བའི་དུས་སུ་སྔོན་ནས་ཀྱང་སྨོན་ལམ་བཏབ། ད་ལྟར་ཡང་འདེབས་པས་བདག་ཤི་ནས་ནམ་མཁའ་ལ་རྒྱུ་བའི་སྐར་མཔྲ་ཤིངཁའཐོར་བྱེད་ཅེས་བྱ་བར་གྱུར་ནས། སངས་རྒྱས་ཀྱི་བསྟན་པ་ལ་གནོདཔ་རྣམས་ཚར་གཅོད་པར་ཤོག་ཅིག་པར་སྨོན་ལམ་རྟག་ཏུ་བཏབ་པས། དེ་ཤི་ནས་སྐར་མ་ཕྲབ་ཤི་ཁའཐོར་བྱེད་དུ་སྐྱེས་ནས་ནམ་མཁའ་ལ་རྒྱུ་ཞིང་སེམས་ཅན་ཐམས་ཅད་ལ་ཡང་ཡ་ཆ་དང་བཏབ་བསྣོལ་སྣ་ཚོགས་གཏོང་ངོ་། །དེ་ནས་འཆི་བའི་དུས་སུ་སྨོན་ལམ་བཏབ་པས། བདག་འདི་ནས་འཆི་བའི་དུས་བྱས་ནས་ཕྱི་མ་ལ་ཡང་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཤོག་ཅིག །ཅེས་སྨོན་ལམ་བཏབ་བོ། །དེ་བཞིན་དུ་སྐྱེ་བ་སུམ་སྟོང་སྨོན་ལམ་བཏབ་པས། ད་ལྟ་ཡང་རྒྱལ་པོ་ཆེན་པོ་ཉིད་དུ་གྱུར་པ་ལགས་སོ། །དེའི་སླད་དུ་མི་དབང་དང་སྤྱོད་པ་གཅིག་པར་གྱུར་པས་མཐུ་དབུལ་བར་བགྱི། དངོས་གྲུབ་བརྟན་པར་བགྱི། དབང་བརྟན་པར་བགྱི། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་དེ་དག་ཐམས་ཅད་དབང་དུ་བྱ་བ་དང་། བསམ་པ་མཐར་ཕྱིན་པར་བྱ་བའི་སྔགས་འདི་ཡང་དབུལ་གྱིས་བཞེས་ཤིག །ཨོ༷་བ་སུ་ཤད་ཤད། ཏྲི་དྲིར་མ་ར་ཡ་ཛ། དྲི་ཁ་མུ་ལ་ཐུམ་བུ་ཐུ༷། མ་བུ་མ་ར་ཡ་ཛ་ཛ། ཞེས་རྒྱུ་སྐར་ཕྲབ་ཞིང་ཁ་འཐོར་བྱེད་ཀྱིས། རྒྱལ་པོ་ཆེན་པོ་ལི་བྱིན་ཧ་ར་ལ་སྡང་བ་ཐམས་ཅད་འདུལ་བའི་མངའ་གསོལ་བས། སྔར་བས་བྱེ་བ་འགྱུར་གྱིས་ཡ་ཆ་དང་བཏབ་བསྣོལ་བྱ་བ་ལ་ཐོགས་པ་མེད་པའི་རྒྱལ་པོའི་ཡང་རྒྱལ་པོ་ཆེན་པོ་ལི་བྱིན་ཧ་ར་རུ་གྱུར་ཏོ། །དེ་ནས་ཡང་འགོང་པོ་རྡོ་རྗེ་ལེགས་པས། རྒྱལ་པོ་ལི་བྱིན་ཧ་ར་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ཆེན་པོ་བདག་ནི་འགྲོན་ཐམས་ཅད་ཀྱི་དབང་བྱེད། སྲོག་ཆགས་ཐམས་ཅད་ལ་འཚེ་བར་བྱེད།མངལ་ཐམས་ཅད་འཕྲོག་པར་བྱེད་པ་ལགས་ཏེ། དེ་ནས་འདི་ཐམས་ཅད་ཀྱི་ནུས་པ་དང་གྲུབ་པ་རྣམས་ཀྱི་རྒྱལ་པོ་ནི་རྒྱལ་པོ་ཆེན་པོ་ལི་བྱིན་ཧ་ར་ཉིད་མངའ་གསོལ་པར་བགྱིའོ། །བྱིན་གྱིས་བརླབ་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། སྔོན་བཅོམ་ལྡན་འདས་མར་མེ་མཛད་ཆོས་ཀྱི་སྤྱིན་པ་རྒྱ་ཆེན་པོ་མཛད་པའི་དུས་སུ་ལྷ་ཆེན་པོ་ཞིག་ལ་བཀའ་སྩལ་པ། ལྷ་ཁྱོད་ནི་སྔོན་གྱི་སྨོན་ལམ་གྱི་དབང་གིས་ཚེ་འདི་ལ་འཆི་བའི་དུས་བྱས་ན་རྡོ་རྗེ་ལེགས་པ་ཞེས་བྱ་བའི་སྡེ་དཔོན་དུ་གྱུར་ནས། བསྟན་པ་ཐམས་ཅད་འཕེལ་བར་བྱེད་པར་འགྱུར་ཏེ། དེ་ནས་ཀྱང་འཆི་བའི་དུས་བྱས་ནས་བསྟན་པ་ཐམས་ཅད་འཕེལ་བར་བྱེད། རྒྱས་པར་བྱེད་པར་འགྱུར་རོ། །དེ་ནས་འཆི་བའི་དུས་བྱས་ནས་སྲོག་ཐམས་ཅད་ཀྱི་བདག་པོར་འགྱུར་ལ། བསྟན་པ་ཡང་རྒྱས་པར་བྱེད་དོ་ཞེས་ལུང་བསྟན་པས། ཁྱོད་ཉིད་ལགས་པར་མངོན་ནོ། །དེ་ཅིའི་སླད་དུ་ཞེ་ན། ད་བདག་གིས་མ་འོངས་པའི་དུས་སུ་སངས་རྒྱས་པ་ལ་གཞོལ་བས། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ཀྱིས་དོན་དང་ཆེད་དུ་བདག་གིས་བྲན་ལྷ་བུར་བསྒོ་བ་ཉན་ནོ། །ཕོ་ཉ་ལྟ་བུར་མངག་པ་ཡང་ཡུད་ཙམ་གྱིས་ཕྱིན་པར་བགྱིའོ། །གཡོག་ལྟ་བུར་ཕྱི་བཞིན་དུ་འབྲང་ངོ་། །བདག་གིས་ནུས་པ་རྣམས་ཀྱིས་ཀྱང་རྒྱལ་པོ་ཆེན་པོའི་མངའ་བསྟན་པར་བགྱིའོ། །བདག་གིས་གསང་བའི་མཆོག་མངོན་ཏུ་ལས་རྣམས་གྲུབ་པར་བྱེད་པའི་སྔགས་འདི་ཡང་དབུལ་གྱིས། རྒྱལ་པོ་ཆེན་པོ་ཐུགས་དམ་བཞེས་སུ་གསོལ། ཨོ་བཛྲ་རག་ཤ་བཛྲ་བྲག་སྤྱི་ཀྟ༷། བཛྲ་སྭ་རྙུ་དགྲ་བོ་ལ་སྨྱོ། ཐུམས་མ་ར་ཡ་ཛ་ཛ། ཞེས་རྡོ་རྗེ་ལེགས་པས་རྒྱལ་པོ་ཆེན་པོ་ལི་བྱིན་ཧ་ར་ལ་དགོས་༄༅ པ་ཐམས་ཅད་གྲུབ་པའི་མངའ་གསོལ་བས། སྔ་མ་བས་ས་ཡ་ཁྲག་ཁྲིག་གིས་མངའ་ནི་བརྙེས། ཐབས་ནི་ཐོབ། གདུག་པ་ནི་འདུལ། དགྲ་བགེགས་ནི་གཏན་ནས་བརླག་པའི་རྒྱལ་པོ་ཆེན་པོར་གྱུར་ཏོ། །དེ་ནས་འཁོར་དེ་ན་གནས་པའི་བགེགས་དང་རང་རང་གི་རྩལ་དང་ལྡན་པ། ཤ་ལ་རབ་ཏུ་དགའ་བ། ཁྲག་འཐུང་བ། རང་སྲོག་ལ་བབ་ན་རང་གི་སྲོག་གཅོད་པ་ཡང་ཐོགས་པ་མེད་པར་ནུས་པ། མང་པོ་ཚོགས་པ་འདི་ལྟ་སྟེ། ཨིན་ཏྲི་སེམས་པ་དང་། འགུར་ལ་གསུང་བ་དང་གནམ་གྱི་ཡ་བཟངས་སྐྱེས་ཅིག་པ་དང་། བརྒྱ་བྱིན་ནོར་གྱི་བདག་པོ་དང་། བཙན་ཏོག་ཡུལ་ཏོག་རེ་དང་། ཁྲིས་པ་གསེ་ཏོ་རེ་དང་། མང་པ་ཚེས་ཏོ་རེ་དང་། འདུས་པའི་ལན་ཏོ་རེ་དང་། སྤྱི་རིངས་ལེན་ཏོ་རེ་དང་། མང་པ་བསྐལ་ཏོ་རེ་ལ་སོགས་པ་འབྱུང་པོ་དང་ཐེ་བྲང་སྟོང་ཕྱེ་དང་དགུ་དང་། ཡུལ་གནོན་དང་གྲོང་ཁྱེར་གྱི་གདོན་སྐྲུ་བུ་རྣམས་ཀྱི་ཀྱང་མགྲིན་གཤིབས་ནས་གསོལ་བ། བདག་ཅག་ལ་སོགས་པ་རྣམས་ཀྱང་རང་རང་ནུས་པ་དང་ལྡན་པས་བདག་ཅག་འཁོར་དང་བཅས་པ་རྣམས་ཀྱིས་པོ་ཡས་ཀྱི་བྲན་བགྱིའོ། །ཕོ་ཉ་དང་གཡོག་བགྱིའོ། །སླད་བཞིན་དུ་འབྲང་ངོ་། །ཅི་བསྒོ་བ་ཉན་ནོ། །ཞབས་ཏོག་འཚལ་ལོ། །བདག་ཅག་གི་གསང་བའི་བསྔགས་ལས་ཐམས་ཅད་འགྲུབ་པ་བྱེད་པའི་སྔགས་འདི་བཞེས་སུ་གསོལ་ལོ། །བྱིན་གྱིས་བརླབ་ཏུ་གསོལ་ལོ། །ཨོ་ལ་རླ། དེ་བས་ནཱ་ག་ར་སུ་ར་ཡ། ཀྟ་ར་རཀྟ་ན་ག་ཤད་ཏྲེ་ཏྲི་མ་ར་བ་སུ་རུ་རུ། སུ་ཏྲ་ཤ་མ་མ་སན་ཏི། ཧི་ཧེ་ཧུ་ཧེ་ཧ༷་ཧ་སྭ་གྲྭ་ཧྭ། ཞེས་བགེགས་ཀྱི་རིགས་ཕལ་པོ་ཆེ་རྣམས་ཀྱིས་རྒྱལ་པོ་ཆེན་པོ་ལི་བྱིན་ཧ་རའི་གཡོག་དང་བྲན་དུ་ཁས་བླངས་པས།རྒྱལ་པོ་ཆེན་པོ་རབ་ཏུ་མངའ་བརྙེས་ནས་ཅི་བྱ་བའི་ལས་ལ་ཐོགས་པ་མེད་པའི་རྔམ་བརྗིད་དང་ལྡན་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ལི་བྱིན་ཧ་ར་ལ་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་མངའ་ཕུལ་ཏེ་སྲོག་བདག་ཆེན་པོར་བསྐོས་ཏེ། ཐབས་ཐོབ་བོ། །མཐུ་བརྙེས་སོ། །དཔེར་ན་ཆུ་བྲན་ཐམས་ཅད་འདུས་ནས་མཐའ་རྒྱ་མཚོར་འགྱུར་བ་དང་འདྲ་བར། རྒྱལ་པོ་ཆེན་པོ་ལི་བྱིན་ཧ་ར་མཐུ་རྩལ་ཐམས་ཅད་ཕུལ་བས་མངའ་ཕོབ་ནས་འདི་སྐད་ཅེས་གསུངས་སོ། །བདག་ནི་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་ཐམས་ཅད་ཚར་གཅོད་ནུས་པར་ཐོགས་པ་མེད་དོ། །བདག་གིས་ཐམས་ཅད་སྐྱེ་བ་བདུན་བརྒྱར་ཡང་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཁས་བླངས་སོ། །བདག་ནི་དཔལ་ཕྱག་ན་རྡོ་རྗེས་མིང་གི་དབང་བསྐུར་བ་ནི་ཚངས་པ་དུང་གི་ཐོར་ཚུགས་ཅན་ཞེས་བགྱིའོ། །རྒྱ་གར་གྱིས་མཚན་གསོལ་པ། མ་ཧ་པྲ་མ་རྣ་ཞེས་བགྱིའོ། །རྒྱ་ནག་པོས་མཚན་གསོལ་བ། རྒྱ་རྗེ་ལེ་རུ་ཤ་འཐེང་ཞེས་བགྱིའོ། །སུམ་པས་མཚན་གསོལ་བ། སུམ་རུ་འབྲོང་མཐེན་ཞེས་བགྱིའོ། །ཞང་ཞུང་གི་མཚན་གསོལ་བ། ཤལ་གེ་ཆེན་པོ་བགྱིའོ། །བོན་པོས་མཚན་གསོལ་བ། ཉི་སྤང་སད་ཅེས་བགྱིའོ། །སྐྱེ་བོས་མཚན་གསོལ་བ། ཤངས་ཀྱི་དཀར་པོ་སྤྱན་གཅིག་བ་ཞེས་བགྱིའོ། །ལི་ཡུལ་དུ་མཚན་གསོལ་བ། ལི་སངས་ཀྱི་རྒྱལ་པོ་ཞེས་བགྱིའོ། །ཧོར་གྱིས་མཚན་གསོལ་བ། ག་གན་གསེར་སླག་ཅན་ཞེས་བགྱིའོ། །མོ་བརྒྱད་ཀྱིས་མཚན་གསོལ་བ། བདུད་ས་མུན་ཆེན་པོ་ཞེས་བགྱིའོ། །གཞན་ཡང་མིང་གི་རྣམ་གྲངས་མང་གིས་ཀྱང་། དང་པོ་ཡབ་ཡུམ་གྱིས་མཚན་གསོལ་བ་ནི། སྲོག་བདག་ཆེན་པོ་ལི་བྱིན་ཧ་ར་ཞེས་བགྱིའོ། །སེམས་ཅན་ཐམས་ཅད་ཀྱི་སྲོག་དབུགས་ལ་དབང་གྱིའོ། །སངས་རྒྱས་ཀྱི་བསྟན་པ་འཇིག་པ་དང་། དམ་པའི་ཆོས་ལ་སྨོད་པ་དང་། དགེ་བའི་བཤེས་གཉེན་གྱི་སྐུ་ལ་སྡོ་བ་དང་། ཆོས་སྐོར་དབེན་གནས་ཀྱི་སྲོག་ཕྲོག་པ་རྣམས་དར་ཅིག་ཙམ་གྱིས་སྲོག་དང་བྲལ་བར་བགྱིའོ། །གཞན་ཡང་འཆི་བའི་དུས་ཞག་བདུན་ནས་བདག་གི་སྲོག་ལ་དབང་བགྱིའོ་ཞེས་ཁས་བླངས་སོ། །སྲོག་ལས་ཀྱི་རྒྱལ་བུ་སྲོག་བདག་གསེར་གྱི་ག་ཕུར་ལས། ལྷ་མ་སྲིན་སྡེ་བརྒྱད་ཀྱིས་སྲོག་བདག་ཏུ་དབང་བསྐུར་ཞིང་སྔགས་ཕུལ་བ་དང་། རང་གི་མིང་གི་རྣམ་གྲངས་སུ་བསྟན་ཅིང་སྲོག་བདག་ཏུ་ཁས་བླངས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་དབང་གི་རྒྱལ་པོ་རྟག་མཆོག་དཔལ་གྱི་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ལི་བྱིན་ཧ་ར་ཁྱོད་ཀྱིས་མ་འོངས་པའི་སེམས་ཅན་ལ་ཕན་པ་དང་བདེ་བའི་ཕྱིར། ཁྱོད་ལ་དགོས་པའི་ཡན་ལག་མ་ལུས་པར་ངའི་སྤྱན་སྔར་སྨྱོས་ཤིག །དེ་ལ་ཡང་ཕན་གནོད་རྣམ་པ་གཉིས་ཀྱི་དོན་མ་ལུས་པར་ཤོག་ཅིག །རྒྱལ་པོ་ལི་བྱིན་ཧ་ར་ཡིས་གསོལ་པ། དེ་བཞིན་དུ་བགྱིའོ། །བདག་གིས་དགོས་པའི་དོན་རྣམ་པ་གཉིས་མ་ལུས་པར་དཔལ་པདྨ་དབང་གི་རྒྱལ་པོའི་སྤྱན་སྔར་བརྗོད་པར་བགྱིའོ། །དེ་ལས་བསྒྲུབ་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་སྔགས་དབུལ་ལོ། །དེ་ལ་འདི་ནི་རྒྱལ་པོ་ཆེན་པོ་ལི་བྱིན་ཧར་གྱི་སྲོག་གི་སྙིང་པོ་ལགས་སོ། །ཨི་ཏྲི་ཙ་པ་ལ་ཨ་ཤུག་མེ་སྭ་ཧྭ།དེ་ལ་འདི་ནི་རྒྱལ་པོ་ལི་བྱིན་ཧ་ར་གསང་བའི་སྲོག་གི་སྙིང་པོ་ལགས་སོ། །ཨོ༷་བྲི་ཤ་མ་ཧ་ར་ཙ་གྲྭ་ཧྭ། འདི་ནི་རྒྱལ་པོ་ནང་གི་སྲོག་གི་སྙིང་པོའོ། །ཨོ་མ་ཏྲི་དུ་སྟེ་བྱ་ར་ཡ་གྲྭ་ཧྭ། འདི་ནི་ལི་བྱིན་ཧ་ར་ལས་ལ་བསྐུལ་བའི་སྤྱིའི་སྙིང་པོ་ཡིན་ནོ། །ཨོ་མ་ཧྭ་ར་བ་ཐུན་སྨྱོ་སྨྱོ། ད་ར་ཕོ་སྲོག་ལ་ཐིབས་མུ་ག་མ་ར་ན་ས་རད་ན། དགྲ་བོའི་སྙིང་ལ་ཤག་ཤག་ཚལ་བ་དུམ། དགྲ་བོའི་བཀག་ལ་སེན་ཛ་རུ་ཐིབས་ཚུགས་དགྲ་བོའི་ཁྲག་ལ་འཇིབས། བ་བ་དུན་ཛ། ཙ་ཏ་སྙིང་ལ་ཐུན། རག་ཏ་ཁྲག་ལ་ཐུན་སྨྱོ་ཐུན་སྨྱོ། རྨུགས་རྨུགས། འདི་ནི་རྒྱལ་པོའི་ཐུན་སྔགས་སོ། །ཨོ་མ་མ་རག་ཐུན་སྨྱོ། མཧྭ་ར་ཛ་ཐུན་སྨྱོ་སྨྱོ། མ་ཧྭ་གོ་ཧ་བེ་ཧུ་རུ་་་སྨྱོ་སྨྱོ། འདི་ནི་རྒྱལ་པོ་དྲག་ཏུ་བསྐུལ་བའི་སྙིང་པོའོ། །ཨོ་མ་ཧ་ཕྲ་མ་ན། རག་ཤ་རག་ཤ་རག་ཏ་ར་ཛ་མུ་ཏྲ་མ་ཧྭ་ཐྲེ་ཏེ་ཙོ་ཀ་ལ་བིང་དགྲ་བོ་མ་ར་ཡ། ཧབ་ཧབ། འདི་ནི་བྱ་ཐུལ་ཅན་གྱི་སྲོག་གི་སྙིང་པོའོ། །ཨོ་ཡག་ཤ་མ་ཏིང་པ་ནི་ར་མ་མ་གྲྭ་ཧྭ། ཨོ་ཏད་ཡ་ཐ་རེའུ་མེའུ་ཁ་ལ་རག་ཏ་བ༷་ཙ་དགྲ་བོའི་སྙིང་ལ་སྨྱོ་སྨྱོ། བྱ་ཐུལ་ཅན་གྱི་གསང་བའི་སྲོག་སྔགས་སོ། །ཨོ་བྲི་སྣ་རེ་མ་ཏི་སུ་རུ་ཤི་སྨྱོ་སྨྱོ་གྲྭ་ཧྭ། འདི་ནི་བྱ་ཐུལ་ཅན་ལས་ལ་རྦད་པའི་སྔགས་སོ། །ཨོ་ཁྲ་ན་སདྷ་སྲུ་ཧྭ། མ་ར་དྷ་མ་ར་དྷ། དགྲ་བོ་ཐུམ་རིལ་བ༷་མུ་ར་ཡ་ཚལ་ཚལ་སང་སང་སྨྱོ། འདི་ནི་བྱ་ཐུལ་ཅན་གྱི་ཐུན་དབབ་པའི་སྔགས་སོ། །ཨོ་རཀྟ་ཐུན་ཛ་བྲི་ར་ཐུན། མ་ས་བ༷་ཐུན། དྷ་རུ་ལ་ཐུན།བི་མ་རུ་དགྲ་ལ་ཐུན་སྨྱོ་ཕཊ་ཕཊ། འདི་བྱ་ཐུན་ཅན་དྲག་ཏུ་དབབ་པའི་སྔགས་སོ། །ཨོ་བི་མ་རུ་རྩེ་ཁ་ཐ་མ་མ་མོ་ནག་པོ་ཙ་ལ་ཡ༷། སྲོག་ཆུ་མ་སྙིང་ལ་ཐིབས། ཁ་འདར་ཁ་འདར། སོ་ཆུམ་སོ་ཆུམ་མུག་མུག་ཆུག་སྡོམས། བ༷་རི་ལི་ལི་དགྲ་བོ་མ་ར་ཡ་ཕཊ་ཛ་འདི་ནི་འཁོར་ན་གནས་པའི་སྲོག་བདག་ཁུ་ལེ་ལག་དགུའི་སྲོག་གི་སྙིང་པོའོ། །ཨོ་ཁུ་ལེ་མ་ཧྭ་བེ་ར་སྲུ་ཧྭ། ཨག་གི་སྔགས་ལ། ཨོ་ཡ་ཀ་རུ་ཏ་གྲྭ་ཧྭ། ཨུག་གི་སྔགས་ལ། ཨོ་མུ་ཤ་མ་ལ་སྲུ་ཧྭ། ཏྲ༷་ཟེའི་སྔགས་ལ། ཨོ་ཏྲ༷་ཟེ་བ་ཏ་ཏ་གྲྭ་ཧྭ། ཤང་ཟེའི་སྔགས་ལ། ཨོ་ཤང་ཟེ་ཤ༷་ཀ་ར་སྣ་ཧྭ། ད་ཁོད་ཀྱི་སྔགས་ལ། ཨོ་ད་ཁོད་སྣ་ཧྭ། ནི་ཁོད་ཀྱི་སྔགས་ལ། ཨོ་ནི་ཁོད་པ་ར་ཧི་ཧེ་སྲུ་ཧྭ། སྲོག་བདག་ཉིད་སྔགས་ལ། ཨོ་སྲུརླ་ཙན་ཏྲེ་ཁ་མུ་ལེ་གྲྭ་ཧྭ། འདི་རྣམས་བསྲུང་བའི་སྔགས་ལ། ཨོ་ཁ་དུ་ཤེ་ཤ་ཤ་ཤ །ཕྲམ་པྲ་མ་རུ་ཁྲ་ཁ་ཁྲ་ཁ་གྲྭ་ཧྭ། རྒྱལ་པོ་འཁོར་དང་བཅས་པས་ནོར་བསྒྲུབ་པའི་སྔགས་ལ། ཨོ་ཛ༷་བྷ་ལེ་ཛབ་ཤ་བ་ལ་གོ །མེ་སྲུམ་སྲུམ་ཧྲུ་ཏྲུ༷་ཆུམ་གྲྭ་ཧྭ། རྒྱལ་པོ་འཁོར་དང་བཅས་པས་རིགས་བརྒྱུད་དབྲོག་པ་དང་རབས་བཅད་པའི་སྔགས་ལ། ཨོ་མ་ཧྭ་ཀྭ་ལ་ཀ་ས་ར་མེ་ཧ་ལ་བདུད་རྣམས་རྔམ་རྔམ་གྲྭ་ཧྭ། རྒྱལ་པོས་ཡེ་འགྲོག་སུམ་བརྒྱ་དྲུག་ཅུ་དང་ཐོབ་ཤོར་བཏང་བའི་སྔགས་ལ། ཨོ༷་ཨ༷་མ་ར་ཡ༷་བེ་ར་སྲོག་ཙ་ལ་ཁ་ས་ཁ་ས་མེ་རུ་མེ་ར་གྲྭ་ཧྭ། རྒྱལ་པོས་སེར་བ་དབབ་པའི་སྔགས་ལ། ཨོ་ཕྲ་ར་ཕེ་ཤ་ཐོར་སྨྱོ། ཧུ་ར་ཙ་ན་ལ་སྨྱོ། ནལ་ཙན་སྨྱོ།ཁ་ཤར་ཏྲ་བེ་ཤར་ཤར་ནལ་བཙན་སྨྱོ་སྨྱོ། རྒྱལ་པོས་ཡ་ཆ་བཏབ་བསྣོལ་བའི་སྔགས་ལ། ཨོ་མ་ཧྭ་ཕྲ་ཤིང་ཁ་མེ་རུ་ཁ་ལ་ཡ་ཙི་ཏ་མ་ཤ་དགྲ་བོ་ཕྲལ་ཕྲོལ། ཤག་ཤིག་སྨྱོ། རྒྱལ་པོས་བྱེས་ཡུལ་གར་འགྲོ་ཡང་བསམ་པ་བསྒྲུབ་ཅིང་དགྲ་བགེགས་མི་འབྱུང་ལ། ཨོ༷་ན་སེ་ན་སེ། ཧ༷་ཤིང་ཧ༷་ཤིང་། ག་ར་ག་ར་མ་ར་མ་ར། ཧུ་ལུ་ཧུ་ལུ་ཕཊ་སྤྱོ་སྨྱོ། རྒྱལ་པོས་གལ་ཏེ་བདག་གམ་གཞན་ལ་འཚེ་བར་གྱུར་ན། དེ་བཟློག་པའི་སྔགས་ལ། སུམ་པ་ཧ་ར་ཛ་ར་མ་ཧྭ་ར་ཛ་བ་ར་བ་ཤ་ཞིལ་ཞིལ་ཤན་ཏིང་གྲྭ་ཧྭ། མ་ཧྭ་རྭ་ཛ་ཤན་ཏིང་གྲྭ་ཧྭ། བདག་གི་གསང་བའི་སྔགས་མཐུ་དང་ལྡན་པར་བྱིན་གྱིས་བརླབས་པ་དང་ལྡན་པ་ལས། བརླབ་པ་ཙམ་གྱིས་འགྲུབ་པར་ཐོགས་པ་མེད་པའི་སྔགས་ནི་དེ་ལགས་སོ། །དཔལ་རྟ་མཆོག་རྒྱལ་པོས་ཀྱང་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་བཏབ་བོ། །སྲོག་ལས་ཀྱི་རྒྱལ་བུ་སྲོག་བདག་གསེར་གྱི་ག་ཕུར་ལས། དགོས་པའི་སྔགས་མ་ལུས་པར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རྒྱལ་པོ་ལི་བྱིན་ཧ་ར་ཉིད་ཀྱིས་ཕྱིའི་བསྒྲུབ་ཐབས་འདི་གསུངས་སོ། །དེ་ལ་དང་པོར་རྒྱལ་པོ་ལི་བྱིན་ཧ་ར་ཉིད་སྒྲུབ་པར་འདོད་པའི་སྔགས་པས་དབང་དང་དམ་ཚིག་ནོས་ལ། ལྟ་བ་ཡང་པ་སྤྱོད་པ་མཐའ་དག་ལ་གོམས་པ། སློབ་དཔོན་གྱི་ཐུགས་ཟིན་པ། རྒྱལ་པོ་ཆེན་པོ་ལ་ཐུགས་རབ་ཏུ་དད་པ་བསྒྲུབ་པའི་གནས་ནི། གངས་ཁ་ཤར་དུ་བལྟས་པ་རྩེ་མོ་བཅུ་གསུམ་མམ། གསུམ་དུ་འདུག་པའམ། ཡང་ན་རྩེ་མོ་བྲག་དཀར་པོ་རལ་པ་་རལ་རྩ་ཡང་སྤང་དུ་འདུག་པ་འམ། རྩི་ཤིང་སྣ་ཚོགས་པ་སྐྱེས་པ། ཁ་ཤར་དུ་བལྟས་པ་རྒྱབ་རི་བརྒྱ་མཁར་བརྩེགས་པ་འདྲ་བ་རྒྱུད་མ་ཆད་པའམ། ཡང་ན་གུར་རམ་བྲག་དཀར་པོ་ཨ་རུང་ཕུ་ཁ་ཤར་དུ་བསྟན་པར་སོང་ལ། ཡུལ་འདིའི་ས་བདག་དང་ལྷ་ཀླུ་ལ་གཏོར་མ་དང་གསེར་སྐྱེམས་བཏང་། བདེན་པ་བདར། བདག་མིང་འདི་ཞེས་བྱ་བས་ཕྱོགས་འདི་སྒྲོལ་བའི་གིང་ཆེན་པོ། རྒྱལ་པོ་ཆེན་པོ་ལི་བྱིན་ཧ་ར་ཞེས་བྱ་བ་རྣམ་འབྱོར་གྱི་དགྲ་ལྷ། རིགས་འཛིན་གྱི་སྲོག་ཤིང་འདི་བསྒྲུབ་པས། ས་བདག་དང་ལྷ་ཀླུ་ཡུལ་ཕྱོགས་འདི་ན་གནས་པ་རྣམས་གཞན་དག་ཏུ་འཕོ་བར་གྱིས་ལ། ས་གཞི་འདི་ཡང་དགེ་ཞིང་བཀྲ་ཤིས་པར་གྱིས་ཤིག་ཅེས་བརྗོད་ལ་སྟེགས་བུ་རྩིགས། ཡང་ན་དྲ་ཕྱིང་ངམ། རས་སམ། དར་ར༷། གཞི་མ་གདིང་དེའི་སྟེང་དུ་ནས་དང་། འབྲས་དང་། གྲོ་ལ་སོགས་པའི་འབྲུ་སྣ་ཚོགས་པའི་གཅལ་བླུག །དེའི་སྟེང་དུ་ག་ཕུར་དང་། འཛའ་ཏི་པ་ལ་དང་། རྒྱ་སྤོས་ལ་སོགས་པའི་དྲི་སྤོས་དགྲམ། དར་དཀར་གྱི་ཡོལ་བ་བྲེ། བླ་རི་དང་འཕན་གདུགས་ཅི་འབྱོར་པ་ཡང་བྲི། རྒྱལ་པོ་ཆེན་པོ་ལི་བྱིན་ཧར་གྱི་བྲིས་སྐུ་འམ། ལུགས་སྐུ་ཅིག་ཀྱང་ཤར་ནས་ནུབ་ཏུ་གཟིགས་པར་གདགས་སོ། །བཤོས་བཟང་བྲེ་གང་བ་ཅིག་ལ་བཤོས་རབ་རི་རབ་ལྟར་བྱས་ལ། ཕྱོགས་ཐམས་ཅད་ནི་མར་ཁུས་བྱུགས། དེའི་དབུས་སུ་སྨྱུག་མ་ཚིགས་གསུམ་པ་ཅིག་ལ། ཕོང་བྱ་རྒོད་ཀྱི་ལྡེབ་ཕོང་དང་། ཟ་འོག་དང་། བགས་དཀར་བླུད་ཀྱིས་བརྒྱན་ལ་གཟུགས་ལ་གདགས། གཞན་ཡང་ཤ་དགོད་དང་ཐུད་ཕྲུལ་ལ་སོགས་པ་སྤྱན་གཟིགས་ཀྱིས་མཐའ་མ་བསྐོར། སྤོས་དང་མེ་ཏོག་མར་མེ་དང་། རྔ་གླིང་དང་བཅས་པ་སྐུ་དེའི་མཐའ་མར་བཞག་གོ །ཙན་དན་དཀར་དམར་གྱི་ཆུ་ཁམ་ཕོར་དུ་བླུག་པའི་སྣོད་གཉིས་བདུན་དུ་བཞག །ཉུངས་ཀར་དང་སྐྱེ་ཚེ་མ་ཉམས་པའི་སྣོད་ཀྱང་བཞག །གཞན་ཡང་སྒོ་ང་སྣ་ཚོགས་དང་། ཁུར་བའི་རྣམ་པ་དང་། སྒོག་པ་དང་། སྨན་དང་། སྤོས་རྣམ་པ་མང་པོ་ཡང་བསོགས་ལ། དེ་ནས་དང་པོར་དཔལ་རྟ་མགྲིན་ནམ། པདྨ་ཧེ་རུ་ཀར་སྐུ་གསལ་བར་བསྐྱེད་ལ་སྙིང་པོ་བརྒྱ་རྩ་བརྒྱད་བརྗོད་ལ། བདག་གི་བྱིན་གྱིས་བརླབས། ལུས་བསྲུང་། དེ་ནས་རྒྱལ་པོ་དབང་དུ་བསྡུ་བ་དང་བཅུན་པའི་ལས་བྱའོ། །དེ་ནས་དང་ལ་རྒྱལ་པོའི་ཆོས་དང་མཐུན་པར་སྤྱན་དྲང་། དེ་ནས་ཕྱག་བཙལ། དེ་ནས་གདན་ལ་བཞུགས་སུ་གསོལ། དེ་ནས་སྐྱེམས་དྲང་། དེ་ནས་མཆོད་པ་རྣམས་དབུལ། དེ་ནས་བསྟོད་པ་བགྱི། དེ་ནས་བཟླས་པ་མང་དུ་བྱའོ། །དེ་ནས་དམ་ཚིག་བསྲེ་བ་དག་ཏུ་བགྱི་སྟེ། ཚིག་བཤད་པ་དང་བཅས་པར་གྱིའོ། །དེ་ནས་རྒྱལ་པོ་ཤལ་གེ་གསང་བའི་རྟགས་འདི་ལན་བརྒྱ་རྩ་བརྒྱད་བརྗོད་པར་བགྱིའོ། །རྫས་ཀྱིས་མཆོད་ཅིང་རྟག་ཏུ་བཟླས་སོ། །ཧ་ལི་ཧུ་ལི་བམ་བྲལ་ནི་ཛ། ལ་ལི་པྲ་མ་ནི། རེ་ཙེ་ཐལ་བ་ནི། ཀོ་ཏི་ཀོ་ལ་ཤ །ཏི་ཀམ་ཤམ་ཏྲི་མུ་ཏྲི་ར་ཏྲི། ཧམ་ཤམ་ཧམ་ཤམ་དུ་དམ་ཉམས་དགྲ་བོའི་སྙིང་ལ་ཛ། དམ་ཉམས་དགྲ་བོ་ལ་རྦད་དོ། །ཀྱེ་ཀྱེ་ཕྱོགས་ཕྱོགས་ཕ་གི་ན། །ཉི་མ་ཤར་ཕྱོགས་ཕ་ཀི་ན། ་ར་ལྷ་དེ་ནི་དཀར་པོ་སྟེ། །དཀར་པོ་དེ་ནི་སྤྱན་གཅིག་པ། །སྐྱེས་བུའི་ཕ་དང་ཡབ་སྨོས་པ། །གནམ་གྱི་དཀརཔོ་སྤྱན་གཅིག་ལགས། །མ་ནི་སྲིད་པའི་བན་མོ་སྟེ། བུ་ནི་དཀར་པོ་མིག་གཅིག་པ།བཞུགས་ནི་ཉི་མའི་དཀྱིལ་ན་བཞུགས། སྤྲུལ་པ་ཟླ་བའི་ཟེར་ལ་བཞུགས། །འགྲེང་ནི་མི་ལ་སྦར་ཐབ་བྱེད། །དུད་ནི་ཕྱུགས་ལ་གཉའ་གཟང་བྱེད། ཆིབས་སུ་དཀར་པོ་མདོ་ལོང་ཆིབས། ཆིབས་ཀྱི་སྡོ་ལོང་ལ། ་༑ད་ཀྱི་སྒོ་བ་བཏགས། ཆིབས་ཀྱི་ཕྱི་ལོང་ལ། རྩིས་བིས་ཁྲམ་བམ་བཀལ། །སྐྱེ་འགྲོ་ཀུན་གྱི་བདག་པོ་སྟེ། །སྲོག་བདག་ཆེན་པོ་དམ་ལ་གཤེགས། ཁྱོད་ཀྱི་འཕྲིན་ལས་སྐལ་ཕོག་པས། དམ་ཉམས་དགྲ་བོ་སྒྲོལ་ལ་བརྩོན།ཞེ་སྡང་གདུག་པས་དགྲ་ལ་གཤེགས། །གཏི་མུག་རྨོངས་པས་དགྲ་བོ་རྨོངས་སུ་ཆུག །ང་རྒྱལ་དྲེགས་པ་དགྲ་བོ་ལྷ་དང་ཕྲོལ། །འདོད་ཆགས་ལེན་པས་བུ་ཆུང་མཆན་ནས་བརྐུས། །ཕྲག་དོག་རྩུབ་པས་དགྲ་བོའི་སྲོག་རྩ་ཆོད། །བན་ཆུང་བདག་ལ་སྟོང་དང་གྲོགས་ལ་གཤེགས། །དང་པོར་མ་བྱུང་གང་ནས་བྱུང་། །མ་ཡུ༷་བྱམས་སྤྲིན་ལྷ་ཁང་དུ། །རྡོ་རྗེ་མིང་གིས་དབང་བསྐུར་ནས། །དཀར་པོ་མིག་གཅིག་མ་རུངས་ཁྱོད། དམ་ཚིག་ཉམས་པའི་ཙིལྟི་དང་། དཀོན་མཆོག་གསུམ་གྱི་སྐུ་དགྲ་ནི། །བདུན་བརྒྱུད་ཚུན་ཆད་རྩད་ནས་གཅོད། །སྙིང་ཁྲག་ཐམས་ཅད་དབང་གྱིས་ཤིག །སྐྱེས་བུ་ཐུགས་ཀྱི་དགྱེས་སྡེ་མོ། ཁྲར་གྱི་དཀར་མོ་སྤྱན་གཅིག་མ། །ཆིབས་སུ་དུང་ཤ་སྐྱ་མོ་ཆིབས། །སྐུ་ལ་དུང་གི་ལའུ་གསོལ། །མུ་ཏིག་མཛེས་པའི་ལན་ཕྲན་ཅན། །དུང་གི་ལན་ཕྲན་ཙེ་རེ་རེ། །ཉི་ཟླ་བརྩེགས་པའི་སྟེང་ན་བཞུགས། །མ་ཐོག་མྱུར་དུ་ད་ཚུར་བྱོན། །གཡས་ནས་སྟག་སྨད་མཆོང་ཞིང་གཤེགས། །གཡོན་ནས་སྤྲུལ་སྨད་འཁྱུག་ཅིང་གཤེགས། །སྟག་ལ་ཞོན་ཅིང་དྲེད་ལ་འཁོར། །སྲོད་ལ་བྱོན་ཅིང་ཐོ་རངས་རྒྱུ། །རྡོ་རྗེ་སེམས་དཔའི་བསྒྲུབ་སྡེ་མོ། །སྔོན་ཚེ་ཐུགས་དམ་བདག་དང་གཅིག །ད་ལྟ་བདག་གི་ཡི་དམ་ལྷ། །ཚུར་གཤེགས་དམ་སྐོངས་འཕྲིན་ལས་མཛོད། །དམ་ཉམས་དགྲ་བོ་སྲོག་རྩ་དམར་པོ་ཆོད། །དགྲ་སྙིང་དམར་པོ་དུམ་བུ་གཏུབས། ་ར་ནས་ནུབ་ཏུ་ཁ་བལྟས་ནས། །ནུབ་ཀྱི་དགྲ་བོ་ཕུང་པར་མཛོད། །ཐེ་རང་དགུ་བརྒྱའི་ཕྱག་བརྙན་འགྱེད། །ཉམས་པའི་དགྲ་བོ་སྙིང་ནས་དྲོངས། །ཏྲ་མ་བརྒྱ་ཡི་ཕྱག་བརྙན་འགྱེད། །བློས་ཏྲི་ལྒང་ཐབས་དགྲ་ལ་ཐོང་། །གཟེར་ཐབས་སྣ་ཚོགས་དགྲ་ལ་ཐོང་། །ཆིབས་སུ་ཉི་ཟེར་ཟླ་ཟེར་ཆིབས། །འོད་ཀྱི་ཞགས་པ་རྐྱོང་ཞི་འདེབས། །བཙན་དུག་སྡེ་བཞིའི་ཕྱག་བརྙན་འགྱེད། །དམ་ཉམས་དགྲ་པོའི་ཁྲག་རློན་གསོལ། །རྒྱས་པའི་དགྲ་བོ་སྙིང་རྗེན་ལ། །སྲོག་དང་དབུགས་ལ་སྐྱེས་བུ་རོལ། །རྒྱལ་པོ་སྡེ་བཞི་ཕྱག་བརྙན་འགྱེད། །འབོག་ཅིང་བསྒྲལ་བའི་དུས་ལ་བབ། །གསང་མཚན་རྡོ་རྗེ་རླུང་ལྟར་བསྐྱོད། །དེ་ནི་ཉམས་པའི་དགྲ་བོ་ཡི། །སྲོག་དང་དབུགས་ལ་རོལ་དུ་གསོལ། །དེ་ནི་བདུན་བརྒྱུད་རྩད་ནས་ཆོད། །སྐྱེས་བུའི་ཐུགས་དམ་དུས་ལ་བབ། །ཅེས་འཕྲིན་ལས་བཅོལ་ལོ། །དེ་ནས་ཡང་དར་དཀར་གྱིས་གཡབ་མོ་ཤར་ནས་གཡབ་ཅིང་སྤོས་དུད་བལྟམས་ལ་མཆི་མ་ཕྱུང་།བྲང་བརྡུངས་ལ་ཐུགས་དམ་གནད་ལ་བོར་རོ། །བཀའ་དང་རྒྱས་པའི་དགྲ་བོ་འདི། །དུས་བཏབ་དུས་ལས་ཡོ་ལ་རེ། །མནས་བོར་དམ་ལས་བགྱངས་ས་རེ། །དུས་བཏབ་མ་བོར་འགྱངས་པ་ན། །དང་པོར་ཁས་བླངས་དམ་མནོས་པ། །འགྱངས་སོ་འགལ་ལོ་ལི་བྱིན་ཧར། །དམ་ལས་ལོག་པའི་ཉེ་འཕངས་སད། །སྨྲས་པ་རྫུན་ནོ་ཤེལ་གེའི་མཆོག །དེ་ཕྱིར་དུས་བཏབ་མ་ཡོལ་བར། །དགྲ་བོའི་སྲོག་རྩ་དམར་པོ་ཆོད། །སྙིང་ཆུང་ཚེམས་ཀྱི་བར་དུ་ཆོད། །ལྕགས་ཀྱི་སོ་བདར་དགྲ་ལ་དོར། །ཟངས་ཀྱི་མིད་པས་ཁྱུད་མིད་ལུབྲལ། །དགྲ་བོ་བདུན་བརྒྱུད་རྩད་ནས་ཆོད། །དགྲ་བོ་མ༷་ས་ཤ་རུས་ཕྲོལ། །དགྲ་བོའི་ལྷུ་ཟུག་ཡ་ལོང་ཁྱེར། །དུས་ལ་བབ་པོ་ལི་བྱིན་ཧར། །སྔོན་གྱི་བསྐལ་པ་དང་པོ་ལ། །རི་རྒྱལ་མ་ལ་ཡ་ཡི་རྩེར། །ཕྱག་ན་རྡོ་རྗེའི་ཞབས་དྲུང་དུ། །བསྟན་པ་བསྲུང་བར་ཁས་བླངས་ཏེ། །དབུ་ལ་དུང་གི་ཅོད་པན་ཅན། །རྒྱལ་པོའི་དབུ་ལ་བསྐོར་ནས་ཀྱང་། །ང་ཡི་རིན་ཆེན་ཅོད་པན་འདི། །མ་ཕུད་བར་དུ་བསྟན་པ་སྲུངས། །དམ་པ་ཆོས་ཀྱི་དབུ་འཕངས་སྨོད་པ་དང་། །ཆོས་བསྐོར་དབེན་གནས་བསྐོར་ལ་རློམ། །དགེ་བའི་བཤེས་གཉེན་སྐུ་ལ་སྔོ། །རྣལ་འབྱོར་ང་ལ་བརྙས་པ་བྱེད། །འདི་ནི་དུས་བཏབ་དུས་ལས་ཡོལ་ལ་རེ། །འདི་ནི་མནས་བོར་མནའ་ལས་འགྱངས་ས་རེ། །དུས་ལ་བབ་པོ་མྱུར་དུ་སྒྲོལ། །རྒྱལ་པོ་ལི་བྱིན་ཧར་ཧྲི་ཕུང་ཤག་སྨྱོ། ཁྲ༷་སྨྱོ་ཏ༷་སྨྱོ། མ་སྨྱོ་མ་ནི་སྨྱོ། ཕྲིང་སྨྱོ།སྲི་མོ་སྨྱོ། མ་ནི་སྨྱོ། མུ་ན་སྨྱོ། མུ་ཏྲི་ཧ༷་མ་ཏྲིང་ཏྲིང་སྨྱོ། ཡང་ཐུགས་དམ་བཤི་ས་བསྟན་པ། །ཀྱེ། སྲིད་པའི་རྒྱལ་པོ་ཡལ་གམ་ཅན། །སྲོག་བདག་ཆེན་པོ་སྐྱེས་ཏོ་རེ། །ཕྱག་ན་རྡོ་རྗེ་བན་དྷ་བསྣམས། །པདྨ་དབང་གི་བཀའ་བཞིན་དུ། །དམ་ཚིག་ཆེན་པོ་བདག་བསྐུལ་ཕྱིར། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །ལས་ལ་མ་གཡེལ་དུས་ལ་བབ། །མ་ར་ན་པྲ་མ་ར་ཙ་ཙིཀྟ་པ་ལི་ཨ་མ་ས་མ་ཡ། ས་མ་ཡ་ཨ་གུ་ཤ་ཛ་ཛ། ཞེས་བརྒྱ་རྩ་བརྒྱད་ཀྱིས་རང་དབང་མེད་པར་འོང་སྟེ། ཕྱག་རྒྱ་བཞིས་གཟུགས་ལ་བཅིང་ངོ་། །དེ་ནས་ཡང་ཐུགས་དམ་གསང་བའི་དབྱིངས་ནས་བསྐུལ་ལོ། །ཀྱེ། སྐྱེས་བུའི་མིང་དང་མཚན་གསོལ་བ། །གཡུང་དྲུང་སྲིད་པའི་རྒྱལ་པོས་བྱའོ། །བཞུགས་ནི་ཤར་ཕྱོགས་ཞོ་མཁར་རྩེ་ན་བཞུགས། །རྒྱ་གར་ཆོས་ཀྱི་རྒྱལ་པོས་མཚན་གསོལ་པ། །ཚངས་པ་དུང་གི་ཐོར་ཚུགས་ཅན། །གཙུག་ལག་བོན་གྱིས་མཚན་གསོལ་བ། ཁྲར་གྱི་སྟག་སྲིན་ཁྲ་བོས་བྱའོ། །སྐྱེ་བོ་ཡོངས་ཀྱིས་མཚན་གསོལ་བ། །ཉི་འཕང་སད་ཀྱི་འཕྲུལ་མོ་ཆེ། །ཤར་གྱི་རྒྱལ་པོ་སྤྱན་གཅིག་པ། །མི་གཅིག་པོ་ལ་མིང་མང་པོ། །དེ་ཡི་སྲིང་མོ་ལྕག་མོ་མ། །སྐར་མ་ལེགས་ཀྱི་ལྕམ་ཅིག་མ །བུད་མེད་དེ་ནི་དཀར་མོ་ལ། །གཡུ་ཡི་དེ་ནི་སྨིན་མ་ཅན། ཁྲར་གྱི་ཕར་ཕྱེད་ཚུར་ཕྱེད་ན། །སྐྱེས་པ་གཤོན་ནུ་ཀུན་གྱི་མདངས་འཕྲོག་མ། །ན་ཆུང་གཤོན་ནུ་ཀུན་གྱི་ཚེ་འཕྲོག་མ། །བྱིས་པ་གཞོན་ནུ་ཀུན་གྱི་སྲོག་གཅོད་མ། །བཅོལ་ལོ་ཁྱེད་ལ་ལས་བཅོལ་ལོ། །དེ་ཡི་མིང་པོ་བྲལ་པོ་བ། ཁྲར་གྱི་དཀར་པོ་སྦྱན་གཅིག་པ། །སྐུ་ལ་ན་བཟའ་ཅི་གསོལ་ན། །སྐྱིན་དཀར་རྒྱ་ལས་གྲུབ་པའི་སླག་པ་ལ། །སེང་གེ་དཀར་པོའི་གོང་ལག་ཅན། །མཐའ་མ་སྟག་གི་ཤམ་བུ་བཏགས། །གོང་མ་གཡུ་ཡི་རྡོ་རྗེ་ཅན། །སྐྱེད་པ་གཡུ་ཡི་སྐབས་ཐམ་བཅིངས། །གློ་ལ་གྲི་སེག་བསྣོལ་བ་བཙུགས། །ཕྱག་ན་ཤེལ་གྱི་འགྱིང་དཀར་བསྣམས། །ནམ་གྱི་ཕར་ཕྱེད་ཚུར་ཕྱེད་ན། །ཤེལ་གྱི་རྔེ་ཆུང་བརྡུང་ཞིང་བར་སྣང་ཁམས་ནས་གཤེགས། །ཡས་ཀྱི་མཆེ་བས་བྲང་གི་ལྷེའུ་ལ་སླེབས། །མས་ཀྱི་མཆེ་བས་སྨིན་མའི་དཀྱུས་ལ་ཟུག །བདུད་ཀྱི་རྒྱལ་པོ་ཆེན་པོ་སྟེ། །འཁོར་དུ་རྒྱལ་བྲན་མང་པོས་བསྐོར། །རྒྱལ་ཕྲན་དབང་དུ་སྒྱུར་ཞིང་གཤེགས། །གཡས་ཀྱི་བཀའ་སྡོད་གནམ་ཐེ་དཀར་པོ་ལགས། །གཡོན་གྱི་བཀའ་སྡོད་གནམ་ལ་བྱང་ཆུབ་ལགས། །གནམ་ཐེ་དཀར་པོ་མན་ཆད་ནས། །ཐེ་བྲང་སྐྲུན་བདུན་ཡན་ཆད་དུ། །ཉིད་ཀྱི་སྐུ་ལས་སྤྲུལ་པའི་སྲས། །ཉི་སྤང་སད་ཀྱི་འཕྲུལ་པོ་ཆེ། །སྐུ་ནི་ཅིར་ཡང་སྤྲུལ་པའི་སྐུ། །ཐུགས་ནི་ཅིར་ཡང་དགོངས་པ་སྟེ། །ཐམས་ཅད་དེ་ནི་མཁྱེན་པའི་དབང་། །མི་རྫུ་དེ་ནི་དགུ་རུ་རྫུ། །མི་འཕྲུལ་དེ་ནི་དགུ་རུ་འཕྲུལ། །དགོགས་ཀྱི་དེ་ནི་ཁུག་མ་ལ། །མི་རང་དེ་ནི་ཁུག་མ་ལ། །མི་རང་དེ་ནི་སྐྱ་བོར་རྫུས། །ནང་གི་དེ་ནི་དྲོ་མ་ལ། །བུ་ཆུང་དེ་ནི་སྲེག་པར་རྫུས། །ནུབ་ཀྱི་དེ་ནི་ཁུག་མ་ལ། །འེ་འུ་ཐོང་དེ་ནི་རྒྱ་བོར་རྫུས། །སྦྱིད་དང་དེ་ནི་ཤ་ར་ར། །མི་རྫུ་དེ་ནི་དགུ་རུ་རྫུ། །རྒྱལ་པོས་རྫུས་ཤིང་འཕྲུལ་སྤྱོད་ན། །དམ་ཉམས་དེ་ནི་དགྲ་ལས་སྤྲུལ། །རྒྱལ་པོ་རྣོ་ཞིང་གཅོད་སྤྱོད་ན། །དམ་ཉམས་དེ་ནི་དགྲ་ལ་མཆོད། །རྒྱལ་པོ་སྨྱོ་ཞིང་འབོག་སྤྱོད་ན། །དམ་ཉམས་དེ་ནི་དགྲ་ལ་སྨྱོས། །རྒྱས་པའི་དགྲ་བོ་ཤོ་ར་རེ། །རྒྱལ་པོ་ཆེན་པོ་དགྲ་ལ་ཕོབ། །རྒྱལ་ནད་ཆེན་པོ་དགྲ་ལ་ཐོང་། །སྨྱོ་འབོག་ཆེན་པོ་དགྲ་ལ་གཏང་དུ་གསོལ། །དམ་རྫས་འབར་བ་འདི་ལོང་ལ། །དམ་ལས་མ་འདའ་སྡིག་མ་བྱེད། །དམ་བཅས་དེ་ནི་ས་མ་ཡ། ཁྲ་པ་རི་ཤ་པ་རི། གིང་ཀ་ར་སྨྱོ། ཁྲ༷་སྨྱོ། ཆེ་གེ་མོ་ལ་སྨྱོ། ཞེས་རྦད་པར་བགྱིའོ། །ཉུངས་ཀར་གྱིས་དགྲ་བོའི་ལིང་ག་ལ་བྲབ་ཅིང་དྲག་བསླས་སོ། །དཀར་པོ་གང་ཡང་རུང་བ་ཅིག་གིས་ཐུགས་དམ་ཞག་པར་བསྐང་ངོ་། །དགྲ་བོའི་མིང་བྱང་གྲོ་ག་ལ་བྲིས་ལ་དུག་སྣ་གསུམ་གྱི་ཆུས་བྲན། དེ་ནས་རྨི་ལམ་མམ། །ལྟས་སུ་ཉི་ཟླ་འཆར་བ་འམ། ལྡེར་སོ་འམ། འབག་མཐོང་ན་ཐ་མར་བཤད་དོ། །བཙན་པོ་འམ། ཞང་བློན་ནམ། དགེ་བའི་བཤེས་གཉེན་ནམ། །དམག་དཔོན་མཐོང་ན་འབྲིང་ངོ་། །རྒྱལ་པོ་ཉིད་མཐོང་ངམ། ཉམས་སུ་བྱུང་ན་རབ་ཏུ་བཤད་དོ། །དེ་ལྟ་བུ་མཐོང་ནས་དེ་དང་དམ་བསྲེས་ལ་འདི་སྐད་བཤད་པ་དང་བསྐུལ་བར་བགྱིའོ། །ཧཱུཾ༷། ཐར་པའི་ལམ་ལ་རབ་གནས་བྱང་ཆུབ་སེམས། །བསྐལ་པ་ཐོག་མ་མེད་པའི་སྔོན་རོལ་ནས། །བསྟན་པ་བསྲུང་བར་ཉིད་ཀྱི་ཞལ་འཆེས་པ། །རྒྱལ་པོ་ཆེན་པོ་མངའ་བདག་ལི་བྱིན་ཧར། ཁྱོད་ཀྱི་ཐུགས་དང་འགལ་བ་ནོངས་པ་ཤོར། །ཉེས་བར་གྱུར་པ་ཅི་བགྱིས་པ། །མཁའ་ལྡིང་དཀར་པོ་འདི་ལ་རྟེན་བཅས་ནས། །བསྐང་ངོ་བཤགས་སོ་ཚངས་པ་སྩལ་དུ་གསོལ། །བདག་གི་ཡིད་ལ་བརྣག་པའི་དགྲ་བོ་འདི། ཁྱོད་ཀྱིས་བཞེས་ནས་བདག་ནི་རྒྱལ་བར་མཛོད། །བདག་ཅག་ཚེ་རིང་ལོ་བརྒྱ་འཚོ་བ་དང་། །ལོངས་སྤྱོད་རྒྱས་ཤིང་རྒྱུད་དུ་འཕེལ་བར་མཛོད། །མི་ནག་འདུས་པའི་ཡ་ཀར་མ་བཏང་ཞིག །དགྲ་བོ་དམ་ཉམས་འདི་ཡིས་དཔྱད་པ་རེ། །སློབ་དཔོན་ལྟ་དང་མཆེད་ཀྱིས་བསྐྱོད་ད་རེ། །བདག་གིས་བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཅེས་བསྐུལ་ཞིང་ལས་བཅོལ་ན། ལས་གང་ཅི་བསམ་པ་ཐམས་ཅད་ཐོགས་པ་མེད་པར་གྲུབ་པར་ངེས་སོ། །དེ་ནས་དུས་ཐམས་ཅད་དུ་ཡི་དམ་བྱེད་ན་རྒྱུན་དུ་དེ་ཁོ་ན་ལྟར་བྱའོ། །དགྲ་ལ་རྟགས་ཕྱིན་ནས་དེ་ནས་བདག་གི་སྟན་དུ་མི་བསྒྲུབ་ན་ཡ་སྟགས་དར་དཀར་པོའི་སྟེང་དུ་སྐྲུངས་ནས་གཤེགས་སུ་གསོལ་བ་བྱ་སྟེ། ཀྱེ། གཤེགས་སོ་ད་ནི་གནམ་དུ་གཤེགས། །མི་ཡུལ་དག་གི་སྐྱིན་གཏིང་ན། །ཕོ་ངན་ཁ་ཡི་དྲི་མས་ཕོག །མོ་ངན་ལག་གི་ཆམས་པས་ཕོག །རྒྱལ་པོ་དག་དམངས་སུ་འབབ། །ཐང་དཀར་དག་ཐང་ལ་འདྲིལ། །བདག་གི་བསམ་པ་ འགྲུབ་ལགས་ན། །དཀོན་མཆོག་དབུ་འཕངས་སྟོད་ལགས་པས། །ཞོ་མཁར་རྩེ་ལ་གཤེགས་སུ་གསོལ། །ཞེས་ཡས་ཐགས་ས་གཙང་མར་བསྐྱལ་ལོ། །སྲོག་ལས་ཀྱི་རྒྱལ་བུ་སྲོག་བདག་གསེར་གྱི་ག་ཕུར་ལས། རྒྱལ་པོ་ཕྱིར་བསྒྲུབ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་རྒྱལ་པོ་ཆེན་པོ་ལི་བྱིན་ཧ་ར་ཉིད་ཀྱིས་རང་ཉིད་ཀྱིས་རང་དུ་བསྒྲུབ་པའི་ཐབས་འདི་གསུངས་སོ། །ཐོག་མར་སློབ་དཔོན་ཡོན་ཏན་ཐམས་ཅད་དང་ལྡན་པ་དཔའ་སྲན་ཚུགས་པ། ལྟ་བ་མཆོག་ཏུ་ཡངས་པ་དེ་གནས་ལྔར་བྱས་པ་ཡང་རུང་། རང་གི་ཁྱིམ་མམ་གྲོང་དུ་བྱར་མི་འོང་བར་གསུངས་སོ། །དེ་ནས་གནས་གཞུང་དང་མཐུན་པར་བྱས་ཏེ། །དེ་ལྟ་བུའི་གནས་སུ་སའི་ཆོ་ག་བྱ།མཎྜལ་བརྩིག །ཆག་ཆག་གདབ། འཕགས་པ་དཀོན་ཆོག་གསུམ་ལ་མཆོད་པ་འབུལ། དེ་ནས་ཆག་ཆག་གདབ། ཧཱུཾ༷། བསྟན་པ་བསྲུང་བའི་མཐུ་བོ་ཆེ། །དགྲ་བགེགས་སྒྲོལ་བའི་རྩལ་དྲག་པོ། །གསང་བ་ཐུགས་སུ་བདག་སྒྲུབ་ཕྱིར། །རིན་ཆེན་ཤེལ་གྱི་དཀྱིལ་ཁོར་ལ། །མུ་ཏིག་ཁུ་འཕང་ཆག་ཆག་གདབ། །རྒྱས་པ་བསྟན་པ་འཕེལ་འཇོག་ཅིང་། །ཐབས་ཀྱིས་འགྲོ་བ་འདུལ་མཛད་ཅིང་། །ལི་བྱིན་འཕྲུལ་གྱི་རྒྱལ་པོ་ནི། །བདག་གིས་ནང་དུ་བསྒྲུབ་བྱའི་ཕྱིར། །གསང་བ་བརྩེགས་པའི་མཎྜལ་ལ། །བདུད་རྩི་སྨན་གྱིས་ཆག་ཆག་གདབ། །ཨོ་རད་ན་མཎྜལ་ཧཱུཾ༷། གནམ་ཐིག་གདབ་པ། ཧཱུཾ༷། ཐབས་ཀྱི་རྒྱལ་པོ་ལི་བྱིན་ཧར། །ས་ལ་གནས་པའི་བྱང་ཆུབ་མཆོག །རྣལ་འབྱོར་བསམ་པ་བསྒྲུབ་པའི་ཕྱིར། །གསང་བའི་དཀྱིལ་འཁོར་ཐིག་འདེབས་སོ། །དཀྱིལ་འཁོར་དབུས་དང་ཕྱོགས་མཚམས་དགུ། །སྲོག་བདག་དགུ་པོ་བཞུགས་པའི་གནས། །དེ་ལ་གསལ་བའི་ཐིག་འདེབས་ལ། །དེ་ལ་མཛེས་པའི་མཚན་དགོད་དོ། །ཞེས་ཐིག་གདབ་བོ། །དེ་ནས་དཀྱིལ་འཁོར་བྲི་བ་ནི་ལེ་ཚེ་དགུ་པར་བྱ། དབུས་ཚོན་དཀར་པོར་བྲིས་ལ། ཤར་སེར་པོ་ལྷོ་སྔོན་པོ། ནུབ་དམར་པོ། བྱང་ནས་ཀྱང་། །དཀྱིལ་འཁོར་ནུབ་ཀྱི་ལེ་ཚེ་ལ། །དགྲ་བགེགས་བསྒྲལ་ཕྱིར་བཞུགས་སུ་གསོལ། །བྱང་ཕྱོགས་མཐིང་རི་མཐིང་གི་ཁང་པ་ནས། །དམངས་རིགས་སྲོག་ལ་མངའ་མཛད་པ། །རྒྱལ་པོ་ཆེན་པོ་ཏྲང་ཟེ་ཡང་། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །བསམ་པ་བསྒྲུབ་ཕྱིར་གཤེགས་ནས་ཀྱང་། །དཀྱིལ་འཁོར་བྱང་གི་ལེ་ཚེ་ལ། །དགྲ་བགེགས་བསྒྲལ་ཕྱིར་བཞུགས་སུ་གསོལ། །ཧོ༷། ཤར་ལྷོ་གནོད་སྤྱིན་གྲུབ་པའི་གནས། །སྣྲེན་ཆེན་རང་གནས་ཁང་པ་ནས། །བུད་མེད་སྲོག་ལ་མངའ་མཛད་པ། །རྒྱལ་པོ་ཆེན་པོ་ཤང་ཟེ་ཡང་། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །བསམ་པ་བསྒྲུ༄བ་ཕྱིར་གཤེགས་ནས་ཀྱང་། །དཀྱིལ་འཁོར་ཤར་ལྷོའི་ལེ་ཚེ་ལ། །དགྲ་བགེགས་བསྒྲལ་ཕྱིར་བཞུགས་སུ་གསོལ། །ཧཱུཾ༷། ལྷོ་ནུབ་གནོད་སྦྱིན་གནས་པའི་གནས། །རིན་ཆེན་མཐིང་ཤིང་ཁང་པ་ནས། །བྱིས་པའི་སྲོག་ལ་མངའ་མཛད་པ། །རྒྱལ་པོ་ཆེན་པོ་ད་ཁྱོད་ཀྱང་། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །བསམ་པ་བསྒྲུབ་ཕྱིར་གཤེགས་ནས་ཀྱང་། །དཀྱིལ་འཁོར་ལྷོ་ནུབ་ལེ་ཚེ་ལ། །དགྲ་བགེགས་བསྒྲལ་ཕྱིར་བཞུགས་སུ་གསོལ། །ཧཱུཾ།ནུབ་བྱང་གནོད་སྦྱིན་སྒྲུབ་པའི་གནས། །རིན་ཆེན་བྱུ་རུའི་ཁང་པ་ནས། །རྒྱལ་པོ་ཆེན་པོ་ཁྱོད་ཉིད་ནི། །བསྟན་པ་བསྲུང་ཕྱིར་བཤེགས་སུ་གསོལ། །བསམ་པ་བསྒྲུབ་ཕྱིར་གཤེགས་ནས་ཀྱང་། །དཀྱིལ་འཁོར་ནུསྣྲུ་བྱང་ལེ་ཚེ་ལ། །དགྲ་བགེགས་བསྒྲལ་ཕྱིར་བཞུགས་སུ་གསོལ། །བྱང་ཤར་གནོད་སྤྱིན་སྒྲུབ་པའི་གནས། །རིན་ཆེན་མུ་མེན་ཁང་པ་ནས། །བྱོལ་སོང་སྲོག་ལ་མངའ་མཛད་པ། །རྒྱལ་པོ་ཆེན་པོ་ཉི་ཟླ་ཡང་། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །བསམ་པ་བསྒྲུབ་ཕྱིར་གཤེགས་ནས་ཀྱང་། །དཀྱིལ་འཁོར་བྱང་ཤར་ལེ་ཚེ་ལ། །དགྲ་བགེགས་བསྒྲལ་ཕྱིར་བཞུགས་སུ་གསོལ། །ས་མ་ཡ་ཏིཛི་ལྷན། ཞེས་བཞུགས་སུ་གསོལ་ལོ། །དེ་ནས་ཤུག་པའི་ཕུར་པ་བཞི་ལ་དར་ལྗང་ཁུ་ལེའུ་རེ་རེ་གདགས་ལ་སྒོ་བཞིར་གདབ་བོ། །རྒྱལ་པོའི་འཁོར་ན་གནས་པའི་བྲན་གཡོག་རྣམས་ལ་སོ་སོའི་ལས་དང་རང་རང་གི་སྤྱོད་པ་ཡིས། རྒྱལ་པོ་མཆོག་གི་བཀའ་ལས་མ་འདས་པར། དགྲ་བགེགས་བསྒྲལ་བའི་ཕྱིར། སྒོ་བཞིར་བཞུགས་སུ་གསོལ། ཞེས་ཕུར་པ་གདབ་བོ། །དེ་ནས་དར་གྱི་སྐུད་པ་གསུམ་བསྒྲིལ་གྱིས་མཐའ་མ་བསྐོར། བླ་རྒྱན་དང་འོག་རྒྱན་ཅི་མང་དུ་དགྲམ། མདའ་དར་སྣ་ཅན་ཅི་མང་དུ་མཐའ་འཁོར་གཟུགས། དུང་དང་པི་ཝང་ལ་སོགས་པའི་སྒྲ་མང་དུ་བསག་གོ །དེ་ནས་དབུས་ཀྱི་རྒྱལ་པོ་ལ་བཤོས་བཟང་བྲེ་གང་བ་ལ་རི་རབ་ལྷུན་པོ་ལྟར་བྱས་པ་ཅིག་ལ།དབུས་སུ་སྨྱུག་མ་ཚིགས་དགུ་པའམ། གསུམ་པ་ཅིག་བཞུར་ལ། མཚམས་ཀྱི་འཁར་ཐབས་ཉ་མིག་རིས་སུ་བྲིས་ལ་བཞག །དེའི་རྩེ་མོ་བྱ་རྒོད་ཀྱི་རྒྱལ་མཚན་དང་། དར་དཀར་གྱི་གདུགས་ཅིག་གདགས། དངུལ་གྱི་གཡེར་ཁ་ཅིག་དང་། རྔ་མ་དཀར་པོ་ཕོན་ཅིག་དང་། བགས་བུ་དཀར་པོའི་སླུད་བུ་ཚིགས་བར་མ་ལ་གདགས། ཚིགས་ཐ་མ་ལ་དགྲ་བོའི་མིག་རུས་ཙན་དན་ནམ་ཤུག་པ་ལ་བྲིས་པ་དང་། སྐྲ་ཤད་དམ་གོས་དུམ་བཏགས་ལ་བཞག །སྨྱུག་མ་ཚིགས་གསུམ་པ་བརྒྱད་མཚལ་དང་རམས་ཀྱིས་སྒོ་སྤྲད་དར་ཐབས་སུ་བྲིས་པ་དང་། རྩེ་མོ་ཕོང་གསུམ་ལ་བྲག་ཏུ་བྱས་ལ་དར་ལེའུ་རེ་ཡང་གདགས། བར་མ་ལ་ར་དཀར་མོའི་སླུད་བུ་དང་། དུང་དང་ཟངས་ལ་སོགས་པའི་རིན་པོ་ཆེ་རེ་རེ་གདགས། ཐ་མ་ལ་དགྲ་བོའི་མིང་བྱང་ཤུག་པ་ལ་ཕོ་བྲི། གླང་མ་ལ་མོ་བྲིས་པ་དེ་གདགས་སོ། །རི་རབ་སོར་བཞི་པ་རེ་ལ་བཙུགས་ལ་བཞག །ཡང་ལྕང་མ་འམ་འཕང་མ་མཐོ་རེ་བ་བཞི་ལ་འཚལ་མས་རམས་ཀྱིས་གཡུ་རུང་རིས་སུ་བྲིས་ལ། ཕོད་རེ་རེ་དང་། ར་ལྕགས་ཀྱི་ཤས་དང་། དགྲ་བོའི་མིང་བྱང་བྲིས་ལ་གདགས་སྒོ་བཞིར་བཞག་གོ །གཞན་ཡང་ཐུད་དང་། ཉ་དང་། བུ་རམ་དང་། འབྲས་ཆན་དང་། སྨན་སྣ་ཚོགས་ཀྱིས་གཏོར་མའི་ནང་དུ་ཟ་འོག་དང་། དར་སྣ། པག་བུ་དཀར་ཤས་དང་། རིན་པོ་ཆེ་སླུག་པའི་གཏོར་མ་ཕྱོགས་བཞིར་བཞག །གཅིག་དབུས་སུ་བཞག །ཉ་ཕྱིས་སམ། དུང་ཕོར་རམ། དངུལ་སྐྱོགས་སམ། ཡང་ན་ཁམ་ཕོར་གཙང་མའི་ནང་དུ་གསེར་བདར་བའི་སྐྱེམས་ཕུད་ལྔ་ཕྱོགས་བཞི་དབུས་དང་ལྔར་བཞག །ཡང་ན་སྣོད་དེའུ་ཞིག་ཏུ་མཚེ་རྩེ་མོ་མ་ཉམས་པ་ཉུངས་ཀར་གྱི་སྒང་ཤགས། ཆུ་ཕུད། གངས་ཆུ། ཆུ་མིག་མགོ་ཤར་དུ་བལྟས་པའི་ཆུ་གསུམ་བླུག་ལ། རྒྱལ་པོའི་སྲོག་གི་སྙིང་པོ་དང་དྲག་སྔགས་བདུན་རྒྱུན་དུ་བཟླས་པའི་ཕྱིར་བདག་ཁ་ཤར་དུ་བལྟས་པའི་མདུན་དུ་གཞག་གོ །གཞན་ཡང་སྤོས་དང་། མེ་ཏོག་དང་། མར་མེ་དང་། དྲི་ཆབ་དང་། རྔ་གླིང་དང་། དེ་རྣམས་ཕྱོགས་བཞིར་དགྲམ་པར་བྱའོ། །ལུག་དཀར་པོ་འམ། བྱ་དམར་པོ་འམ། ར་དཀར་པོ་སྣ་དམར་ཅིག་ལ་མཚའུ་དང་།རྦ་མཚལ་ལམ། རམས་ཀྱིས་བྱུགས་ལ་སྐེར་དར་དཀར་པོའི་ཁུག་མར་མཚེ་ཉུངས་དང་། ཀླུ་སྨན་སྣ་ཚོགས་པ་དང་། དགྲ་བོའི་མིང་བྱང་བཅུག་ལ་སྐྱེར་གདགས་ལ། ནུབ་ཏུ་དར་དཀར་པོ་ལ་ལྕེ་སེར་པོ་བྱས་ལ་རྒྱལ་པོའི་གཟུགས་བྲིས་ལ་ཤིང་རིངས་ལ་བཏགས། མདུང་རྩེ་ལ་སྙིང་ཅིག་བཏགས་ལ་གཟུགས་སོ། །དེ་ནས་དཔལ་ལྡན་རྟ་མགྲིན་དུ་བདག་ཉིད་བསྐྱེད་ལ་སྔགས་བཟླས། བསྟོད་པ་མང་དུ་བགྱི། དེ་ནས་རྒྱལ་པོའི་སྔགས་མང་དུ་བཟླས་པའི་ཕྱིར་ལས་ལ་འཇུག་པའི་ཕྱིར་ཁྲུས་བྱས་ལ་དར་དཀར་གྱི་བེར་གོན། ལེ་བརྒན་གྱི་ཐོད་བཅིངས་ལ་རྔ་བརྡུང་བར་བྱའོ། །དེ་ནས་དང་པོར་སྙན་གསན་དབབ། བདག་ཅག་དགའ་དང་གུས་པའི་སེམས་ཀྱིས་གནས་དམ་པ་འདིར་སྤྱན་དྲང་བར་བགྱི་ཞིང་གཤེགས་སུ་གསོལ་བ་ནི། །རྒྱལ་པོ་ཆེན་པོ་ལི་བྱིན་ཧ་ར། ཁམས་གསུམ་གྱི་སྲོག་ལ་མངའ་མཛད་པ། །སྲིད་པ་གསུམ་གྱི་མཐུ་བོ་ཆེ་ཐམས་ཅད་ཀྱིས་དབང་བསྐུར་བ། ལྷའི་ཡང་ལྷ་ཆེན་པོ། སྲོག་གི་ཡང་སྲོག་བདག་ཆེན་པོ། རྒྱལ་པོའི་རྒྱལ་པོ་ཉིད་དང་། འཁོར་སྲོག་བདག་ཆེན་པོ་བརྒྱད་དེ། གཞན་ཡང་རྒྱལ་པོའི་བཀའ་སྐྱོང་བར་མཛད་པ་རྣམས་དང་། ཐུགས་རྗེའི་དབང་གིས་བདག་གི་དགྲ་བོ་འདི་བསྒྲལ་པའི་ཕྱིར་གནས་འདིར་གཤེགས་ཤིག །བྱིན་གྱིས་རློབས་ཤིག །བདག་བསྟེན་གྱི། ལྷར་བསྐྱེད་རྟེན་ནོ། །ཡུན་གྱི་ལྷར་མཆོད་དོ། །མགོན་དང་སྐྱབས་སུ་གསོལ་བས་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མ་ཛ༷༷ཛ་ཧཱུཾ༷་བ༷་ཧོ། དེ་ནས་སྤྱན་དྲང་བ་འདི་སྐད་དོ། །ཧཱུཾ༷། ནམ་མཁའ་མཐོང་ཏིང་ཤེལ་གྱི་ལྡིང་ཁང་ནས། །རིན་ཆེན་མུ་ཏིག་ཁུ་འཕང་ཤ་ར་ར། །གཡུ་ལོ་མུ་མེད་ན་བུན་ཐིབས་སེ་ཐེབས། །ཉི་ཟླ་འབར་བའི་གཟའ་སྐར་ཏ་ལ་ལ། །དེ་ལྟར་རབ་ཏུ་མཛེས་པའི་ཁང་བཟང་ནས། །དུང་ལོང་ཁུ་འཕང་བརྩེགས་པའི་གདན་སྟེངས་ནས། །དགྲ་བོའི་དོན་ཙམ་ཐུགས་རྗེ་ཆ་ཙམ་འབར། །རྒྱལ་པོ་ཆེན་པོ་ལི་སངས་ལི་བྱིན་ཧར། །ཉི་འོད་རྒྱལ་ཁམས་མ་ལུས་བསྐྱང་བ་དང་། །རྣལ་འབྱོར་བདག་གི་བསམ་པ་བསྒྲུབ་པའི་ཕྱིར། །འདིར་བྱོན་ཚུར་གཤེགས་བདག་གི་གྲོགས་ལ་གཤེགས། །ཕྱོགས་བཞི་མཚམས་བརྒྱད་སོ་སོ་མངའ་མཛད་པ། ཁུ་ལེ་ཤོས་དང་ཨག་དང་ཨུག་གེ་དང་། །ཏྲང་ཟེ་ཤང་ཟེ་དང་ཁོད་ནི་ཁོད་དང་། །ཉི་ཟླ་ལ་སོགས་སྲོག་བདག་ཆེན་པོ་བརྒྱད། །རང་རང་འབུམ་ཕྲག་མང་པོའི་ཚོགས་དང་བཅས། །བདག་གིས་དགྲ་བགེགས་བསྒྲལ་ཕྱིར་གཤེགས་སུ་གསོལ། །ཨོ་ཨེ་རྒྱ་ཧི་མ་ཧྭ་ར་ཛ་ཏི་ཤ་ས་མ་ཡ་སྟམ། བཛྲ་ས་མན་ཛ། བཛྲ་ཨ་ལྷུ་ཤ་ཛ། བཛྲ་པ་ཤ་ཧཱུཾ༷། བཛྲ་སྤྲོ་ཊ་བ༷། བཛྲ་བྷཎྜཧོ། ཞེས་བརྗོད་པས།རྒྱལ་པོ་དཔོན་གཡོག་འཁོར་དང་བཅས་པ་རྣམས་མངོན་སུམ་དུ་བྱོན་པར་བསམ་མོ། །དེ་ནས་ཕྱག་བཙལ་བ། ན་མོ་སྟོང་ཁམས་ཁྱབ་པར་སེམས་ཅན་དོན་ལ་བརྩོན། །ང་དང་བདག་མེད་སྲོག་དབུགས་སྤྱོད་ལ་དགའ། །ན་བཟའ་རིན་ཆེན་དུང་གི་འཇོལ་བེར་གསོལ། ཁྱོད་ལ་དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཀུན་ལ་ཁྱབ་པས་ང་དང་བདག་ཏུ་ལྟ། །ཞེ་སྡང་གདུག་པས་སྲོག་ལ་ཟ་བར་བྱེད། །སེམས་ཅན་ཀུན་ཀྱང་ཁྱོད་ལ་རབ་ཏུ་མཆོད། །མཆོད་འོས་དབུགས་འཕྲོག་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་སྐྱོང་བསྟན་པའི་དོན་ལ་རབ་ཏུ་གནས། །འཇིག་རྟེན་ཁམས་སུ་གནོད་པ་སྣ་ཚོགས་བྱེད། །སྒྱུར་དང་ཁྲག་གི་དྲི་ཚོར་དཔག་ཚད་འགྲོ། །འཁོར་ན་གནས་པའི་མི་མིན་ཚོགས་ལ་ཕྱག་འཚལ་ལོ། །ན་མོ་ན་མོ་ན་མ་སྭ་ཧྭ། །དེ་ནས་བཞུགས་སུ་གསོལ་བ། ཀྱེ། འདིར་བཞུགས་འདིར་བཞུགས་གདན་ལ་བཞུགས། །དུང་གི་བེར་ཆེན་རིམ་དགུ་ལ། །དར་གྱི་བོད་སྟན་མཐོན་ཏིང་ཅན། །དེ་འདྲ་སྡིག་ཅན་ཁྲི་རྐང་ལ། །རྒྱལ་པོ་དགྱེས་པར་བཞུགས་སུ་གསོལ། །དུང་ལ་གསེར་སྤྲས་ཁྲོམ་གྱིས་བསྟོད། །རབ་མཛེས་སྲོག་བདག་བཞུགས་པ་ཡང་། །བདག་གི་༄༅ བསམ་པ་མ་གྲུབ་བར། །གཞན་དུ་མ་གཤེགས་བརྟན་པར་བཞུགས། ཁྱོད་ནི་རྒྱལ་བའི་བྲན་གཡོག་སྟེ། ཁེང་རྡོ་འཁར་བ་ཞ་ཉེ་ཟངས། །ལྕགས་ཀྱི་ཁྲི་ཆེན་རྐང་གསུམ་པ། །མ་ཡེངས་བརྟན་པར་བཞུགས་སུ་གསོལ། །ས་མ་ཡ་ཏིཛི་ལྷན། དེ་ནས་ཆབ་གསོལ། གཙང་མར་སྦྱར་བའི་ཆབ་གཙང་འདི། །རོ་མཆོག་དངས་མ་བརྒྱ་ལྡན་པས། །རྒྱལ་པོའི་འཁོར་དང་བཅས་པ་རྣམས། །ཕྱག་དང་ཞབས་གཉིས་བསིལ་བར་མཇོད། །སྭ་བྷ་ཤེརྙོ་ཧ༷། དེ་ནས་གསེར་སྐྱེམས་ཕྱོགས་ནས་བླངས་ནས་འདི་སྐད་དོ། །ཧཱུཾ༷། འབྲུ་བབ་དམ་པའི་སྐྱེ་འཕང་འདི། ཁ་དང་མངར་སྒྱུར་ཚ་བའི་རོ། །ལྗགས་ཀྱི་དབང་པོ་མཉེས་པར་མཛོད། །འབྱུང་བའི་བཅུད་སྡུད་ས་ལེ་སྦྲམ། །ལོངས་སྤྱོད་མངའ་ཐང་རྐྱེན་དུ་ཆེ། །དེ་ཡི་གསེར་སྐྱེམས་དམ་པ་འདི། །འབུལ་ལོ་ལི་བྱིན་ཧར་ལ་འབུལ། །བཞེས་ཤིག་སྲོག་བདག་ཆེན་པོས་བཞེས། །བསྐང་ངོ་རྒྱལ་བའི་ཐུགས་དམ་བསྐང་། །འབུལ་ལོ་སྲོག་བདག་བརྒྱད་ལ་འབུལ། །བཞེས་ཤིག་མཐུ་ཆེན་བརྒྱད་ཀྱིས་བཞེས། །བསྐང་ངོ་བློན་པོ་བརྒྱད་ཀྱི་ཐུགས་དམ་བསྐང་། །འབུལ་ལོ་འཁོར་ན་གནས་པ་རྣམས་ལ་འབུལ། །བཞེས་ནི་ལྷ་སྲིན་ཡོངས་ཀྱིས་བཞེས། །བསྐང་ངོ་ཕོ་རྒྱུད་རྣམས་ཀྱི་ཐུགས་དམ་བསྐང་། །བསྐང་ངོ་མཐུ་དང་བྱིན་རླབས་སྩལ་དུ་གསོལ། །ཨོ་མ་ཧྭ་སུ་ཏྲི་སུ་མ་ར་གན་ཛི་བེ་བ་གྲྭ་ཧྭ་ཁ་ཧི་ཁ་ཧི། རྒྱལ་པོ་དག་གི་བསམ་པ་རྣམ་པར་དག་པས་སྦྱར། །མོས་པ་དག་པས་སྦྱར་བའི་ཕུད་འདི་བཞེས་ལ། བདག་ལ་ཕན་པའི་སྐྱབས་མཛོད་ཅིག །མཐུན་པའི་གྲོགས་མཛོད་ཅིག །གནོད་པའི་བགེགས་སྒྲོལ་ཅིག །སྡང་བའི་དགྲ་སྒྲོལ་ཅིག །སྐྱིད་པའི་ལོངས་སྤྱོད་སྤེལ་ཅིག །རྒྱུན་མི་འཆད་པའི་རིགས་བརྒྱུད་འཕེལ་བར་མཛད་དུ་གསོལ་ལོ། །དེ་ནས་གཏོར་མ་སླངས་ལ། །སྤོས་དང་། མེ་ཏོག་དང་། མར་མེ་དང་། རྔ་བརྡུང་བ་ལ་སོགས་པ་དཀྲོལ་ལ། ནམ་མཁའ་སྔོན་པོ་ཡ་ཀའི་ཕྱོང་རེ་ཕྱོང་། །རིན་ཆེན་གསེར་གྱི་ཉི་ཟླ་ཏ་ལ་ལ། །གཟའ་དང་རྒྱུ་སྐར་མང་པོ་སིག་གི་སིག །ལྷོ་སྤྲིན་ན་བུན་ཁུ་རྣ་ཐིབས་སེ་ཐིབས། ཁ་དོག་སྣ་ལྔའི་གཞའ་ཚོན་ཁྱུག་གེ་ཁྱུག །དུང་གི་ཁུ་འཕང་སེ་ར་ཤ་ར་ར། །ཐམས་ཅད་སྨིན་པའི་ཆར་པ་སི་ལི་ལི། ག་་པ་འབྲུག་གི་སྒྲ་ཆེན་ལྡི་རི་རི། །འབར་བ་གློག་གི་འོད་ཆེན་ཁྱུག་གེ་ཁྱུག །རབ་ཏུ་མཛས་པའི་མེ་ཏོག་སྣ་ཚོགས་སྐྱེས། །དྲི་བསུང་སྤོས་མེ་མང་པོ་རྒྱུན་མི་འཆད། །ཐམས་ཅད་གསལ་བྱེད་མེ་མར་མུན་པ་སེལ། །རོ་མཆོག་ལྡན་པའི་ཞལ་ཟས་སྣ་ཚོགས་བཀྲམ། །རྔ་དང་རྔ་ཆེན་དུང་དང་འཁར་བའི་རྔ། །སིལ་སྙན་པི་ཝང་རབ་ཏུ་སྒྲ་སྙན་དང་། །བླ་རེ་འཕན་གདུགས་མཛས་པ་དང་། །ནོར་དང་ཕྱུག་དང་འབྲས་བུ་རྣམ་གྲངས་རྣམས། །རབ་ཏུ་བརྩེ་ཞིང་མོས་པས་སྦྱར་བྱས་ཏེ། །དགའ་དང་གུས་དང་བསམ་ནས་འབུལ་ལགས་ན། །རྒྱལ་པོ་རྒྱལ་བྲན་མང་པོ་བཅས་པས་བཞེས་སུ་གསོལ། །སྲོག་བདག་གཡོག་དང་བཅས་པས་བཞེས་སུ་གསོལ། །ལི་བྱིན་ཧར་དང་ཁུ་ལེ་ལག་དགུ་དང་། །དེ་ལ་སོགས་ཏེ་སྡེ་དཔོན་འཁོར་བཅས་ཀྱིས། །བཞེས་ནས་བདག་ལ་དགེས་པ་མཛད་དུ་གསོལ། །མཧྭ་བྱུ་ཙ་ཁུ་ཧི་ཁུ་ཧི། དེ་ནས་བསྟོད་པ་དབུལ་བ་ཀྱེ། དྲི་མ་མེད་པ་ཤེལ་ལྟར་དག །ཐུགས་རྗེ་ཆུ་ཡི་རྒྱུན་བཞིན་འབེབས། །བདག་དང་བདག་འདྲ་གཟུང་འཛིན་སྤངས། ཁྱོད་ནི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལགས། །ཐུགས་རྗེའི་དབང་གིས་བསྟན་པ་སྲུངས། །རྒྱས་པར་མཛོད་ཅིང་ལོ་ཐོག་སྤེལ། །དྲེགས་པ་ཆེན་པོ་ལྷ་ཆེན་པོ། ཁྱོད་ལ་དེ་རིང་བདག་བསྟོད་དོ། །སྐུ་ལ་དར་དཀར་རལ་ཀ་གསོལ། །ཕྱག་ན་དབྱུག་པས་གདུག་པ་འཇོམས། །ཆིབས་སུ་དང་ཀར་གསེར་མདོངས་ཆིབས། །སྐལ་ལྡན་གང་ཞིག་སྒྲུབ་བྱེད་པ། །རིན་ཆེན་ལྟ་བུར་དགོས་འདོད་སྐོང་། །སྨོད་ཅིང་འཕྱ་བར་གར་བྱེད་པ། །དེ་ལ་ནད་རྣམས་སྣ་འདྲེན་ཅིང་། །དར་ཙམ་གྱིས་ནི་ཕུང་པར་མཛད། །དེ་འདྲ་རྒྱལ་པོ་ཁྱོད་ལ་བདག་བསྟོད་དོ། །རིན་ཆེན་གཤོག་པ་རབ་ཏུ་གདེངས་པ་ཡིས། །ཀླུ་འདུལ་རྒྱལ་པོ་ཁྱོད་ལ་བདག་བསྟོད་དོ། །རྨ་བྱ་རབ་ཏུ་མཛེས་པའི་ཐུལ་བས་བརྒྱན། །བྲན་བཞི་མངལ་དུ་ཕུང་པོ་ཉིང་མཚམས་སྦྱོར། །དར་དཀར་རབ་ཏུ་མཛེས་པས་གུ་ཟུ་ལ། །གཡུ་བྲན་མཛེས་པའི་ཤམ་ཐབས་མང་པོས་སྤྲས། །དར་སྣ་བྱ་ཐུལ་ཅན་ལ་བདག་བསྟོད་དོ། །འཁོར་ན་གནས་པའི་སྲོག་ཆགས་ཆེན་པོ་བརྒྱད། །ཤེལ་དང་དུང་ལྟར་རབ་ཏུ་དཀར་བའི་སྐུ། །སྲོག་གི་ཤན་པ་མཛོད་ལ་དགྲ་བགེགས་སྒྲོལ། །དཀར་པོ་ཆེན་པོ་བརྒྱད་ལ་བདག་བསྟོད་དོ། །སྟོང་ཕྲག་བརྒྱད་བཅུའི་བགེགས་རྣམས་མང་པོ་ཡང་། །རང་རང་ནུས་པས་རྒྱལ་པོའི་བྲན་དུ་མཛོད། །སྤྲིན་ལྟར་གཏིབས་ནས་སྟོང་གྲོགས་མཛོད། །མ་ལུས་འཁོར་དུ་གཏོགས་ལ་བདག་བསྟོད་དོ། །དེ་ནས་སྨོན་ལམ་གདབ་པ་ནི། །རྒྱལ་པོ་ཆེན་པོ་སྲོག་གི་ཤན་པ་འགྲོ་བ་ཡོངས་ཀྱི་བདུན། །སེམས་ཅན་ཡོངས་ཀྱི་གཅན་གཟན་སྲིད་པ་ཐམས་ཅད་ཀྱི་ཕོ་བོ་བྱེད་སྐོས་བདག ཁྲ་ལ་ཟས་སུ་ཟ་ཞིང་ཁྲག་ལ་སྐོམ་དུ་འཐུང་བ་རྒྱལ་པོ་ཆེན་པོ་ལི་བྱི་ཧར། །ཆེན་པོ་འཁོར་སྲོག་བདག་ཆེན་པོ་བརྒྱད་དང་། གཞན་ཕལ་པོ་ཆེའི་རིགས་མ་ལུས་པ་འཁོར་དུ་འདུས་པ་རྣམས་དང་། མ་ལུས་ལུས་པ་མེད་པ་ཐམས་ཅད་གསན་ཅིང་དགོངས་སུ་གསོལ། རྒྱལ་པོ་ཉིད་སྔོན་ནས་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཞལ་འཆེས་པ་ལགས་པས། །ད་ཡང་སངས་རྒྱས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་པའི་བསྟན་པའི་མཆོག་འདི་ལ་གནོད་པར་བྱེད་པའི་དགྲ་བགེགས་བདག་དང་འགྲས་ཤིང་དུས་བཏབ་པ་འདི་དུས་འདི་ལས་མ་ཡོལ་བར་ལུས་གཏུབས་ཤིག །སྲོག་ཆོད་ཅིག །ཚིག་སྒྲོགས་ཤིག །ཁྲག་རྔུབས་ཤིག །ནང་གྲོལ་དྲོངས་ཤིག །ཀླདཔགཤོགསཤིག །སྙིང་ཕྱུང་ཞིག །རྡུལ་ཕྲ་མོ་བཞིན་དུ་ལྷོགས་ལ་དུས་བཏབ་འདི་ལས་ཡང་མ་འགྱངས་པར་བསྒྲལ་བའི་འཕྲིན་ལས་མཛོད་ཅིག །ཐ་མ་ཡང་རྩ་བ་དགུ་བརྒྱུད་ཚུན་ཆད་བརླག་པར་མཛད་དུ་གསོལ་ལོ། །མཆོད་པ་འབུལ་བའི་རྫས་འདི་དག་ཀྱང་མོས་པ་དང་དད་པས་ནི་བཤམས། །རྒྱུ་དང་རྐྱེན་དཀའ་བ་སྣ་ཚོགས་མི་སྦྱར། ཏིང་ངེ་འཛིན་དང་བསམ་པ་རྣམ་པར་དག་པའི་ནི་བྱིན་གྱིས་བརླབས་དེ་འབུལ་ལགས་ན། རྒྱལ་བའི་རྒྱན་མངའ་ཐང་ཆེན་པོར་བཞེས་སུ་གསོལ། བདག་ཅག་གིས་ཀྱང་རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ཐུགས་དང་འགལ་བ་ནོངས་པ་ཤོར་བ་ཁས་བླངས་འགྱངས་པ། འབེན་བཅས་པ་ཕྱིས་པ། ཕུད་ལ་ཉམས་པ་མཆོད་བསྐུལ་ནོར་བ། ཚིག་གིས་འཁངས་པ། སེམས་ཀྱི་དམར་བ།གཙང་སྦྲ་ཆུང་བ། ལེ་ལོ་ཆེས་པ་ལ་སོགས་པ་རབ་ཏུ་འགྱོད་པས་མཐོལ་ལོ་བཤགས་སོ། །ཚངས་སོ། བྱང་ངོ་། །ཆག་པ་སོས་སོ། །ཡོན་སྲོང་བར་མཛད་དུ་གསོལ་ལོ། །རྒྱལ་པོ་ཁྱེད་རྣམས་ཀྱིས་ཐུགས་ཐག་གསུང་མི་འགྱུར་སྐུ་མི་བསྐྱོད་པར་གཞན་གྱིས་བསྐུལ་བ་ལ་མ་གསན་པར། བདག་གིས་བསམ་པ་མཐར་ཕྱིན་པར་མཛད་དུ་གསོལ་ལོ། །དེ་ནས་བར་འདིར་སྲོག་སྙིང་ནས་འཛབ་བགྲང་ཞིང་མདུན་གྱི་སྣོད་དུ་ཉུངས་ཀར་བསོག་གོ །ལུག་དཀར་པོ་འམ། བྱ་དཀར་པོ་འམ། དེས་ཐུགས་དམ་བསྐང་ཞིང་རྟ་འབེན་བཅའ་འོ། །དེ་ནས་ཐུགས་དམ་བསྐུལ་བ་ནི། །སྤོས་གཏང་རྔ་རྡུང་ལ་འདི་སྐད་དོ། །ཧཱུཾ༷། འབོད་དོ་དེ་ནི་རྗེ་ལ་འབོད། །འབོད་དོ་དེ་ནི་སྙན་མ་སྲ། །རྗེ་ལ་དེ་ནི་མི་འབོད་དུ། །ཚེ་རབས་གོང་ནས་བསྒྲུབ་ཀྱང་བསྒྲུབ། །བསྐལ་པ་གོང་ནས་བསྙེན་ཀྱང་བསྙེན། །བསྙེན་ཅིང་སྒྲུབ་པའི་དོན་ལགས་པས། །འཐོངས་ཤིང་བྲེད་པ་བྱུང་བའི་ཚེ འབོད་དོ་རྗེ་ཅིག་སྙན་མ་སྲ། །གཡབ་བོ་རྗེ་ཅིག་སྤྱན་མ་རྟུལ། ཧཱུཾ༷། ཕྱོགས་ཕྱོགས་ཤར་ཕྱོགས་ཕ་གི་ནི། །མཁར་ནི་རིན་ཆེན་དུང་གི་མཁར། །འགྲམ་ནི་རིན་ཆེན་ལྕགས་ཀྱི་འགྲམ། །སྒོ་ནི་བསེ་སྒོ་དམར་པོ་ལ། །བྱུ་རུ་འབར་བའི་བརྟན་པ་རྩལ། །བད་ནི་གཡུ་བད་སྔོན་པོ་ལ། །མཐོང་ཁུངས་ཉི་ཟླ་གསལ་བས་བགྱི། །ཟུར་ནི་མཆོང་ཟུར་སྨུག་པོ་ལ། །བིཌརླ་ཡི་ཟིལ་བ་ཆགས། །སྐུ་མཁར་ཕྱོགས་ཀྱི་བླ་འོག་ན། །མཐོ་བར་ཐང་དཀར་བྱ་མི་ལྡིང་། །དམའ་བར་དེ་ལ་བྱི་མི་འཛུལ། །བར་དུ་གཉན་པོ་སྦྲུལ་མི་འཁྲིལ། །ལོགས་ལ་བཟོར་པོ་མི་མི་འཛེག །དེ་འདྲའི་མཁར་ལ་མཚན་གསོལ་བ། །སོགས་མཁར་ཤེལ་ལྡེ་རུ་རྫོང་ལགས། །ནང་ན་ཁྲི་ཅིག་ཁྲི་ཟང་བ། །རིན་ཆེན་དུང་ཁྲི་དཀར་པོ་ལགས། །བསེའི་རྐང་བཞི་ཕར་རེ་ཕར། །དར་དཀར་ཀློད་སྟན་ནེངས་སེ་ནེངས། །གཡས་ན་ལྷང་འཚེར་ལྷང་ལྷང་པ། །དང་དཀར་གསེར་མདོངས་བྱ་བ་ལགས། །སྲབ་ནི་གསེར་ལ་མཐུར་ནི་གཡུ། །སྟན་ནི་མཆོང་ལ་སྒ་ནི་དངུལ། ཁྲ་དག་གཡས་ན་མཚོན་དྲུག་བཏགས། །སྡང་བའི་དགྲ་ལ་མཚོན་ཐག་རྒྱོབ། ཁྲ་དག་གཡོན་ལ་ནད་རྐྱལ་བཏགས། །སྡང་བའི་དགྲ་ལ་ནད་རྐྱལ་རྒྱོབ། །གཡོན་གྱི་གཟུགས་ནི་དིར་བ་ནི། །ཉ་མིག་སེང་འབར་བྱ་བ་ལགས། ཁོ༑ལ་གྱི་ཁྱི་ལ་གཡུ་རལ་ཅན། །མཆེ་བ་དུང་གི་མདུར་དུ་བཞི། སྡང་བའི་དགྲ་བོའི་སྲོག་རྩ་གཅོད། །སོ་ནི་ལྕགས་ཀྱི་སོག་ལེ་འདྲ། །སྡང་བའི་དགྲ་བོའི་ཤ་ལ་ཟོ། །ཟངས་ཀྱི་སྤར་ཆེན་གདེངས་པ་ཡིས། །སྐད་ཅིག་ཙམ་ལ་ཕྱོགས་བཅུར་ཕྱིན། །མཇུག་མ་དུང་གི་ཞགས་པ་ཡིས། །བརྡབས་པའི་ལྷ་སྲིན་སྡེ་བརྒྱད་འདར། །གཡས་པས་གྲོང་དུ་སྤུན་བུ་ལྷག །སྐྱེ་ན་གསེར་གྱི་ཨ་ལོང་ལ། །དངུལ་གྱི་དྲིལ་བུ་འབུམ་རྒྱས་བརྒྱན། །དཀྲོལ་བས་ཕྱོགས་བཅུའི་རྒྱལ་བ་མཉེས། ཁ་ནས་དུ་གཟུགས་གསུང་བསྒྲགས་ཏེ། །དང་པོ་ཚངས་པའི་འཇིག་རྟེན་འཇིག །བར་མས་རྒྱལ་ཆེན་རིགས་བཞི་བརླག །ཐ་མས་ས་བདག་རྔུ་ཞིང་འབོད། །སྤུ་ཡི་ཉག་མ་རེ་རེ་ལས། །ཐོག་གི་ཚ་ཚ་རེ་རེ་འཕྲོས། །དམ་ཉམས་དགྲ་ཡི་བླ་ལ་རྦད། །དབུས་ཀྱི་དུང་མཁར་དཀར་པོ་ལས། །ཡབ་ཅིག་ལི་བྱིན་ཧ་ར་བཞུགས། །སྐུ་ནི་གངས་རི་བཅག་པ་འདྲ། །གཡུ་ཡི་སྨིན་མ་ཁྱུག་གེ་ཁྱུག །བསེ་ཡི་སེན་མོ་ཤད་དེ་ཤད། །དུང་གི་སོ་བཟངས་ཐམས་སེ་ཐམས། །སྐུ་ལ་དར་དཀར་རལ་ཀ་གསོལ། །དབུ་ལ་བརྗིད་ལྡན་འགྱིང་ཐོད་བཅིངས། །རྩལ་ཆེན་སེང་གེ་མཐའ་བཞག་ཅན། །དཔའ་རྩལ་སྟག་གི་ཐོང་ཀས་བརྒྱན། །སྐྱེམས་ཏིང་སྤུ་རིས་ཆགས་བུ་ལ། །གྱི་མན་འཕྲུལ་གྱི་ཆགས་སྒྲོལ་མནན། །གསེར་གྱི་ཀ་ཆེན་མཛེས་པ་ལ། །རིན་ཆེན་གཡུ་ཡི་ཚར་ཚར་ཅན། །སྐུ་ཡི་སྐྱེད་ལ་བཅིངས་ཤིང་བཞུགས། །སྟག་རལ་ཁྲ་བོ་གཡས་ན་བཀྲ། །གཟིག་ཤུབས་མཛེས་པ་གཡོན་ན་འཁྱུག །དུང་གི་སྤ་ལྕགས་དཀར་པོ་ལ། །གཡུ་ཡི་ལྕག་འཕྲན་མཛེས་པས་བཏགས། །ཀླད་ལ་བསྐོར་ཞིང་ས་ལ་བརྡེག །ཐུགས་ནི་མ་རེ་ལྡེ་མེ་ལ། །སྐུ་ནི་ཁྲོ་ག་་དྲག་རྩལ་ཅན། །བསྐུལ་ལོ་ཕོ་བྲང་དབྱིངས་ནས་བསྐུལ། །བཅོལ་ལོ་སྡང་བའི་དགྲ་བོ་བཅོལ། །སྔོན་གྱི་རྒྱལ་བའི་སྤྱན་སྔ་མྲཁས་བླངས་དམ་བཅས་མ་མཉེལ་བར། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ད་ནི་ཆས་སོ་དགྲ་ལ་ཆས། །དང་དཀར་གསེར་མདོངས་ལྕགས་རོབས་ལ། །གཡས་ན་མཆོག་བཀྲ་གྲ་གུག་ལ། །གཡོན་ནས་ལུང་མར་ལྟོ་སྲོག་ལ། ཁེངས་པར་ཁོངས་ལ་ཕོག་པར་རྒྱོབ། །དགྲ་བོའི་སྙིང་ལ་གཟེར་ཆེན་ཐོབ། །ང་ཡིས་མ་ཉེས་འདི་ཡིས་ཉེས། །སངས་རྒྱས་བསྟན་པ་འདིས་བཤིག་གི །དཀོན་མཆོག་དབུ་འཕངས་འདིས་སྨད་དོ། །ཡང་མཚན་ནས་བརྗོད་མིང་ནས་གདོན། །ཕྱག་ན་རྡོ་རྗེ་མཚན་གསོལ་བ། །གསང་བའི་མིང་གིས་མཚན་གསོལ་བ། །ཚངས་པ་དུང་གི་ཐོར་ཚུགས་ཅན། །སྐུ་ལ་སྐྱིན་དཀར་སླག་པ་གསོལ། །ཕྱག་ན་རྡོ་རྗེ་བེ་ཅོན་བསྣམས། །བདག་གི་དགྲ་ལ་གཟེར་ནད་ཐོང་། །རྒྱ་གར་ཆོས་ཀྱིས་མཚན་གསོལ་བ། །མ་ཧྭ་པྲ་མ་སྣ་ཞེས་བགྱིས། །སྐུ་ལ་བེར་གྱི་ག་ཤ་གསོལ། །ཕྱག་ན་རྡོ་རྗེ་རྩེ་དགུ་རྣམས། །སྡང་བའི་དགྲ་ལ་འཐིམས་ནད་ཐོང་། །རྒྱ་ནག་དག་གི་མཚན་གསོལ་པ། །རྒྱལ་པོ་ལི་དུ་ཤ་འཐེང་ལགས། །ཟ་འོག་བེར་ཆེན་སླག་པ་གསོལ། །བསེ་ཡི་མདུང་མོ་དབལ་རིངས་བསྣམས། །སྡང་བའི་དགྲ་ལ་རྒྱ་ནད་ཐོང་། །སུམ་པ་དག་གིས་མཚན་གསོལ་བ། །སུམ་རུ་འབྲོང་ཐེང་ཞེས་སུ་བྱ། །པགས་བུ་དཀར་སེའི་སླག་པ་གསོལ། །ཕྱག་ན་དངུལ་གྱི་སྟག་མེ་བསྣམས། །སྡང་བའི་དགྲ་ལ་ལེ་བརྒན་ཐོང་། །ཞང་ཞུད་དག་གིས་མཚན་གསོལ་པ། ་ལ་གེ་ཆེད་པོ་ཞེས་སུ་བྱ། །སྐུ་ལ་མེ་ནི་ཏྲིའི་རལ་ཀ་གསོལ། །ཕྱག་ན་ཙན་དན་བེང་ཆེན་བསྣམས། །སྡང་བའི་དགྲ་ལ་གག་པ་ཐོང་། །གཙུག་ལག་བོན་གྱིས་མཚན་གསོལ་བ། །ཉི་ཕངས་སངས་ཀྱི་སྐྱེས་ཅིག་པོ། །སྐུ་ལ་དངུལ་དཀར་རལ་ཀ་གསོལ། །ཕྱག་ན་ཙན་དན་དབྱུག་པ་བསྣམས། །སྡང་བའི་དགྲ་ལ་ལྷོག་རྒལ་ཐོང་། །སྐྱེ་བོ་ཡོངས་ཀྱིས་མཚན་གསོལ་པ། །དཀར་པོ་ཆེན་པོ་སྤྱན་གཅིག་པ། །སྐུ་ནི་མ་བཅོས་དཀྱུས་མར་བཞུགས། །ཕྱག་ན་དབྱུག་པ་སྟོབས་ཆེན་བསྣམས། །སྡང་བའི་དགྲ་ལ་ལྟས་ངན་ཕོབ། །ལི་ཡི་ཡུལ་དུ་མཚན་གསོལ་བ། །ལི་སངས་རྒྱལ་པོ་ཆེན་ཞེས་བྱ། །སྐུ་ལ་དར་དཀར་ཐུལ་བ་གསོལ། །ཕྱག་ན་གཤོག་པའི་སོག་ལེ་བསྣམས། །སྡང་བའི་དགྲ་ལ་ཐོག་སེར་ཕོབ། །ཧོར་གྱི་ཡུལ་དུ་མཚན་གསོལ་བ། །ག་གེན་གསེར་སླག་ཅན་ཞེས་བྱ། །མ་ཏང་ཤལ་གྱི་ཐུལ་བ་གསོལ། །ཕྱག་ན་སྦྲུལ་ནག་ཞགས་པ་བསྣམས། །སྡང་བའི་དགྲ་ལ་ཞ་གྲུམ་ཐོང་། །མོན་གྱི་ཡུལ་དུ་མཚན་གསོལ་བ། །བདུད་ཀྱི་རྒྱལ་པོས་ས་མུན་རྗེ། །ནང་པར་ཟླ་བའི་འོད་ལ་གཤེགས། །དགོངས་མོ་ཉི་མོའི་ཟེར་ལ་གཤེགས། །ཕྱག་ན་ཉི་ཟེར་ཞགས་པ་བསྣམས། །བདག་དང་འགྲས་པའི་དགྲ་བོ་འདི། །བཏབ་པའི་དུས་ལས་མ་འགྱངས་པར། ཁྱེད་ཀྱིས་བསྒྲུབ་པའི་དུས་ལ་བབ ང་ཡི་སེམས་དང་འགལ་བ་བྱས། །འདི་ལ་འཕྲིན་ལས་མ་མཛད་ན། ཁྱེད་ཀྱི་རྐྱེན་དང་མི་འཚམ་པ། །དང་པོར་དམ་བཅས་འགལ་བར་འགྱུར། །བཅོལ་ལོ་བསྐུར་ལོ་དུས་ལ་བབ། །ཅེས་བཅོལ་ཞིང་བ་རྣག་པ་དྲག་པོ་བྱའོ། །ཕྱི་ལྟར་བསྐུར་བའི་དྲག་དུ་བསྐུར་བ་འདིར་བྱའོ། །ད་ནི་ཡུམ་བསྐུལ་ཏེ། ཧཱུཾ༷། རྒྱལ་པོ་ཐུགས་ཀྱི་དགྱེས་སྡེ་མོ། །ལི་བྱིན་ཧར་དང་གཉིས་སུ་མེད། །དགྱེས་པ་སྐོང་ཞིང་ལས་རྣམས་བྱེད། །གསང་བ་ཐུགས་ཀྱི་ཡུམ་ཅིག་མ། །སྐུ་ལུས་ཤེལ་ལ་སྨིན་མ་གཡུ། །སོ་ཐགས་དུང་ལ་ནུ་འབུར་མཆོང་། །ངག་གི་སྐད་སྙན་གསུམ་རེ་སྙན། །གསེར་གྱི་རྣ་ཆ་ཝངས་སེ་ཝངས། །མུ་མེན་དོ་ཤལ་རྒྱངས་སེ་རྒྱངས། །ཟངས་ཀྱི་སྒྲ་ག་ཁྱུག་གེ་ཁྱུག །བསེ་ཡི་མོན་མོར་ཤད་དེ་ཤད། །སྐུ་ལ་ན་བཟའ་ཅི་གསོལ་ན། །བྱ་རྒོད་འབུམ་གྱི་གོ་ཅོག་ཅན། །རྨ་བྱ་འབུམ་གྱི་མདོངས་ཀྱིས་བརྒྱན། །གསེར་གྱི་གསེར་སྐས་མཐའ་བསྐོར་ནས། །འཇའ་ཚོན་འབར་བའི་ཆ་ག་ཅན། །ན་བཟའ་མཛེས་པ་དེ་གསོལ་ནས། །གསོལ་བའི་འཕྲིན་ལས་ཤུགས་ཀྱིས་་་་་་་་་་་་་མཛད། །ཕྱག་གཡས་ཤེལ་གྱི་བུམ་པ་སྲ །བདུད་རྩི་དམ་པའི་བཅུར་བླུག་ནས། །གཙོ་བོ་མཉེས་བྱེད་རྣལ་འབྱོར་ཚེ་འཕེལ་མ། །ཕྱག་གཡོན་ཤེལ་གྱི་ཟངས་གྲི་བསྣམས། །དགྲ་བོ་བདུན་བརྒྱུད་རྩད་ནས་གཅོད། །ཞལ་གྱི་རླངས་པ་ནད་དུ་འཐུལ། །མི་ནད་སྣ་ཚོགས་ཆར་དུ་འབེབས། །ཉིད་ཀྱི་ཐུགས་དམ་དུས་ལ་བབ། །དགྲ་བོ་ཉམས་པ་ཤོ་ར་རེ། །བདག་གིས་དུས་བཏབ་འགྱངས་ས་རེ། །ཞེས་སྔགས་བརྗོད་ཅིང་དྲག་ཏུ་རྦད་དོ། །དེ་ནས་འཁོར་གྱི་སྲོག་བདག་བརྒྱད་བསྐུལ་བ། ཧཱུཾ༷། ཤར་གྱི་ཕྱོགས་ནས་ཐུགས་དམ་བསྐུལ། །རྒྱལ་པོ་ཆེན་པོ་ཁུ་ལེ་ཤོད། །གསེར་གྱི་མི་བོ་སེར་པོ་ལ། །ལག་དགུ་རྒྱལ་ཁམས་ཡོངས་ལ་ཁྱབ། །ལག་པ་ལ་ལས་མཆན་གྱི་བུ་དང་ཕྲོག །ལག་པ་ལ་ལས་འོག་གི་ཆུང་མ་དང་ཕྲོལ། །ལག་པ་ལ་ལས་ཕུགས་ཀྱི་སྲིད་དང་ཕྲོལ། །ལག་པ་ལ་ལས་བང་གི་སྲིང་དང་ཕྲོལ། །ལག་པ་ལ་ལས་སྒོ་ཡི་ནོར་དང་ཕྲོལ། །ལག་པ་ལ་ལས་སྐྱེས་པ་བརྒྱ་ཡི་སྲོག་རྩ་གཅོད། །ལག་པ་ལ་ལས་ན་ཆུང་བརྒྱ་ཡི་སྲོག་རྩ་གཅོད། །ལག་པ་ལ་ལས་བདག་དང་འགྲས་པའི་དགྲ་བོ་འདི། །དོན་སྙིང་སྤར་གྱིས་ཐོབ་ལས་ཤོག །སྐུ་ལ་ཤ་བའི་སླག་པ་གསོལ། །ཕྱག་གཅིག་ཤན་པའི་གྲི་ཆུང་བསྣམས། །བདག་གི་དགྲ་ལ་ས་མ་ཡ། །ལྷོ་ཡི་ཕྱོགས་ནས་ཐུགས་དམ་བསྐུལ། །རྒྱལ་པོ་ཆེན་པོ་ཨག་ནེ་ནི། །སྐུ་ནི་གཡུ་ལྟར་སྔོན་པོ་ལ། །ཟ་འོག་སྔོ་ཁྲའི་བེར་ཆེན་བབ། །ལྷོ་ནུབ་མཚམས་ནས་ཐུགས་དམ་བསྐུལ། །རྒྱལ་པོ་ཆེན་པོ་ད་ཁོད་ཀྱང་། །བུད་མེད་འཕྲུལ་གྱི་མ་མོ་ལ། །དཔྲལ་བའི་དབྱིངས་ན་སྤྱན་གཅིག་གཟུགས། །སྔོན་པོ་ཆུ་རིས་བེར་ཆེན་གསོལ། །སྐུ་ལ་སྟག་གི་རྨོག་ཞུ་གསོལ། །ཕྱག་ན་གཤོག་པའི་སྟ་རེ་བསྣམས། ཁྲ་དང་ཁྲག་གི་དྲི་ཚོར་ན། །དར་ཅིག་ཙམ་གྱིས་སྟོང་གསུམ་འགྲོ། ཁྱོད་ཀྱིས་བསྒྲལ་བའི་དུས་ལ་བབ། །ནུབ་བྱང་མཚམས་ནས་ཐུགས་དམ་བསྐུཀླ་བ་ནི། །རྒྱལ་པོ་ཆེན་པོ་ནི་ཁོད་ཀྱང་། །བྱུ་རུའི་མི་བོ་དམར་པོ་ལ འབར་བའི་རྨོག་ཞུ་དབུ་ལ་མནབས། །ཐང་དཀར་རྒོད་ཀྱི་ལྡེམ་ཕུ་བཙུགས། །ཕྱག་ན་འཚག་པའི་ཁྲོལ་མ་བསྣམས། །ཧབ་ཀྱི་སྐྱེ་འགྲོའི་ཤ་་ལ་ཟ། ་་་ཀྱིས་སྐྱེ་འགྲོའི་ཁྲག་ལ་མཐུང་། ཁྱེད་ཀྱིས་བསྒྲལ་བའི་དུས་ལ་བབ། །བདག་གི་དགྲ་བོ་ཁུག་ལ་སྒྲོལ། །དུས་ལ་བབ་པོ་ས་མ་ཡ། །བྱང་ཤར་མཚམས་ནས་ཐུགས་དམ་བསྐུལ་བ་ནི། །རྒྱལ་པོ་ཆེན་པོ་ཉི་ཟླ་ཡང་། །དངུལ་གྱི་མི་བོ་དཀར་པོ་ལ། །སེང་གེ་དཀར་པོའི་སླག་པ་གསོལ། །མཐའ་ཞག་དར་གྱི་ཕོ་ལོང་འཕྲུལ། ཁྲི་གཅིག་སྨུག་པོའི་འགྱིང་ཐོད་པ། །ལ་པོ་ཆེ་ཡི་ཐོད་རློན་ཅན། །ཕྱག་ན་མཐོར་བྱེད་ཕྱག་ཆ་བསྣམས། །དར་ཙམ་ཤ་དང་ཁྲག་མེད་ན། །རང་ལས་རང་ཡང་འཚིག་ཅིང་འདྲུམ། ཁྱེད་ཀྱིས་བསྒྲལ་བའི་དུས་ལ་བབ། །བདག་གི་དགྲ་བོ་ཁུག་ལས་སྒྲོལ། །དུས་ལ་བབ་པོ་ས་མ་ཡ། །ཞེས་ལས་ཀྱི་ཐུན་སྔགས་རྟགས་ཕྱིན་པ་དང་རྟ་འབྱུང་། གཏང་རག་གཏང་། རྫས་ཐམས་ཅད་སྡུད་ལས་མཚོན་འཕྱག་པ་དང་། ཡང་རྫས་ཐམས་ཅད་གངས་རྩེ་འམ། རི་རྩེ་འམ། མི་མི་འོངས་པའི་སར་ས་གཞི་ཆག་ཆག་བཏབ་པ་དེའི་སྟེང་དུ་སྐྲུངས་ལ་བཞག་གོ །འདི་ལྟར་བསྒྲུབ་པ་བྱས་ནས་རྟགས་ནི་ཟླ་བ་གསུམ་ན་འོང་ངེས་སོ། །ཞེས་གསུངས་སོ། །སྲོག་ལས་ཀྱི་རྒྱལ་བུ་སྲོག་བདག་གསེར་གྱི་ག་པུར་ལས། རྒྱལ་པོ་ནང་དུ་བསྒྲུབ་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་རྒྱལ་པོ་ལི་བྱིན་ཧ་ར་ཉིད་ཀྱིས་གསང་བ་བསྒྲུབ་པའི་ཐབས་ཀྱི་མཆོག་ཏུ་གྱུར་པ་འདི་གསུངས་སོ། །དེ་ལ་ཐོག་མར་སྔགས་པ་ཡོན་ཏན་དང་ལྡན་པ་དེས། གནས་ནི་དུར་ཁྲོད་དམ།མ་མོའི་གནས་སམ། ཤིང་རྐང་གཅིག་གམ། གྲོག་པོ་ཕུགས་རྡུགས་སམ། རང་ཉམས་དགའ་བའི་གནས་སུ་སའི་ཆོ་ག་གཞུང་དང་མཐུན་པར་བགྱི། དཀྱིལ་འཁོར་བརྩིགས། དཀོན་མཆོག་གསུམ་ལ་མཆོད་པ་དབུལ། རྒྱལ་པོ་ཡང་ཕྱི་ལྟར་མཆོད། དེའི་ནུབ་མོ་རྒྱལ་པོ་ནང་ལྟར་མཆོད་ཅིང་བསྒྲུབ་པོ་ཡང་ན་སུམ་ཆ་རེ་བསྒྲུབ། ཡང་ན་གསང་བའི་བསྒྲུབ་པ་ནི་བསྒྲུབ་པ་ཆེན་པོ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ལགས་པས།འདི་ལ་རབ་ཏུ་བརྩོན་པ་བྱ་བར་གསུངས་སོ། །གསང་བར་བསྒྲུབ་པ་མི་འགལ་ལམ་ཞེ་ན་མི་འགལ་ཏེ། སྔོན་དཔལ་ཆེན་པོས་བཏུལ་ནས་སྒྲོལ་བའི་གྱིང་དུ་དབང་བསྐུར། ལག་ཏུ་རྡོ་རྗེ་བྱིན། ལྕེ་ལ་བདུད་རྩི་བཞ་ག་པ་ཡིན་ནོ། །དེ་བས་ན་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་དུ་སྒྲོལ་བའི་གིང་དུ་དབང་བསྐུར་ནས་གསང་བར་བསྒྲུབ་པ་མི་འགལ་བར་གསུངས་སོ། །དེ་ནས་རག་ཏས་ཆག་ཆག་གདབ། ཧཱུཾ༷།དུར་ཁྲོད་གསང་བ་མཆོག་གོ་དཀྱིལ་འཁོར་དགུ་བརྩེགས་སུ་སྒྲོལ་བའི་གིང་ཆེན་པོ་ལི་བྱིན་ཧ་ར་རྣལ་འབྱོར་བདག་གི་མོས་པས་བསྒྲུབ་པའི་ཕྱིར། ཆགས་པའི་རཀྟས་དཀྱིལ་འཁོར་ཆག་ཆག་འདེབས། མ་ཧྭ་རཀྟ་མཎྜལ་རྒྱུ༷། དེ་ནས་དཀྱིལ་འཁོར་ཐིག་གདབ་པ། ཧཱུཾ༷། གསང་བའི་ཐུགས་དབྱིངས་གཉིས་མེད་ཀྱང་། །ཐམས་ཅད་སྒྲོལ་བའི་གིང་ཆེན་ལི་བྱིན་ཧར། །དགྲ་བགེགས་བསྒྲལ་ཕྱིར་གསང་བར་བདག་བསྒྲུབ་བོ། །མི་མཉམ་མིད་པས་དཀྱིལ་འཁོར་ཐིག་འདེབས་སོ། །གྲུ་གསུམ་བརྩེགས་པ་ཨེ་ཞལ་འབར་བ་དགུ། །དྲག་པོ་ལས་རྣམས་མཐར་ཕྱིར་ལྷུན་གྱིས་གྲུབ། །སྒྲོལ་གིང་དགུ་རྣམས་བཞུགས་པའི་གནས་བྱའི་ཕྱིར། །གྲུ་གསུམ་བརྩེགས་པ་དགུ་རུ་ཐིག་གདབ་བོ། །ས་མ་ཡ་མཎྜལ་ཧཱུཾ༷། དབུས་ཕྱོགས་འཁོར་ལོ་རྩིབས་བཞི་ཐོད་འཕྲེང་འབར་བ་དང་བཅས་པ་སྒོ་བཞི་སྒོ་ཁྱུད་བཞི། དུར་ཁྲོད་ཀྱི་བརྒྱན་རྣམ་པ་སྣ་ཚོགས་པ་དང་ལྡན་པར་བྱ།དབུས་མཐིང་ནག་གྲུ་གསུམ་མེ་འོད་འབར་བར་བྲི། འཁོར་ལོ་བཞི་དང་སྒོ་བཞི་ཡང་། གྲུ་གསུམ་རེ་རེ་བྲི་བར་བྱའོ། །དེ་ནས་མཆོག་གི་ཕུར་བུ་དགུ་ལ་སྲོག་གི་བདག་པོ་དགུ་མིང་དང་སྔགས་ཁྲག་བྲིས་ལ་དགྲམ་མོ། །དེ་ལ་འདི་སྐད་དོ། །ཧཱུཾ༷། སྔོན་གྱི་བསྐལ་པ་དང་པོ་ལ། །བཅོམ་ལྡན་དཔལ་ཆེན་སྤྱན་སྔ་སྲ །བསྟན་པ་བསྲུང་ཞིང་ཁས་བླངས་པའི། །སྒོ་བ་གིང་ཆེན་གཤེགས་སུ་གསོལ། ཁྲུ་གསུམ་བརྩེགས་པའི་དཀྱིལ་འཁོར་དུ། །བདག་གི་དགྲ་བགེགས་བསྒྲལ་བའི་ཕྱིར། །ཉི་ཟླ་རོལ་བའི་གདན་སྟེངས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོ་གིང་ཀ་ར་མ་ཧྭ་ར་ག་ཛ་ལི་བྱིན་ཧ་ར་ས་མ་ཡ་ཏིཛི་ལྷན།ཕྱོགས་ཕུར་བཞི་བླངས་ལ། ཧཱུཾ༷། ཤར་ནས་སྒྲོལ་གིང་ཁུ་ལ་ཤོད། །ལྷོ་ནས་སྒྲོལ་གིང་ཨག་ནེ་དང་། །ནུབ་ནས་སྒྲོལ་གིང་ཨུ་གེ་དང་། །བྱང་ནས་སྒྲོལ་གིང་ཏྲ་ཟེ་རྣམས། །སོ་སོའི་འཁོར་དང་བྲན་གཡོག་བཅས། །ཕོ་ཉ་མངག་གཞུག་ཕྱག་བརྙན་རྣམས། །སྒྲོལ་བྱེད་གནས་ནས་གཤེགས་སུ་གསོལ། ཁྱེད་ཀྱི་མཐུ་རྩལ་བསྒྲུབ་པའི་ཕྱིར། །འཁོར་ལོ་རྩིབས་བཞི་གྲུ་གསུམ་ལ། །ཉི་ཟླ་རོལ་པའི་གདན་སྟེངས་སུ། །དགེས་ཤིང་གདན་ལ་བཞུགས་སུ་གསོལ། །ཡ་ཧ་རྭ་ཛ་ཙ་རི་ས་མ་ཡ་ཏིཛི་ལྷན། ས་མ་ཡ་སྟུ༷། དེ་ནས་སྒོ་བཞི་ཕུར་པ་བླངས་ལ། ཧཱུཾ༷་སྒྲོལ་ལས་མཛད་སྲོག་བདག་བཞི། །ཏྲ༷་ཟེ་དང་ནི་ད་ཁོད་དང་། །ནི་ཁོད་དང་ནི་ཉི་ཟླ་དང་། །སོ་སོའི་འཁོར་བཅས་གཤེགས་སུ་གསོལ། །དཀྱིལ་འཁོར་འབར་བའི་སྒོ་བཞི་སྲ ཁྲུ་གསུམ་བརྩེགས་པའི་དཀྱིལ་འཁོར་དུ། །ཉི་ཟླ་རོལ་པའི་གདན་སྟེངས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །སྔགས་གོང་དང་མཐུན། དེ་ནས་དམ་རྫས་བསག་པ། དབུས་སུ་སྙིང་སྣ་ཚོགས་པའི་གཏོར་མའི་ནང་དུ་ལུག་དཀར་པོའི་སྙིང་སྲོག་རྩ་དང་མ་བྲལ་བར་བྱས་པའི་སྲོག་རྩའི་ནང་དུ་དགྲ་བོའི་མིང་རུས་གྲོ་ག་ལ་བྲིས་ལ་གཞུག །དེ་གཏོར་མར་རྩེ་མོ་གྱེན་དུ་བསྟན་ལ་བཞག །དར་དཀར་པོ་འམ་ཚིལ་ཆེན་གྱིས་ཁ་བཅད་ལ་བཞག །ཡང་ཤར་དུ་ཁྲག་སྣ་ཚོགས་པའི་གཏོར་མ། ནུབ་ཏུ་རུས་པ་སྣ་ཚོགས་པའི་གཏོར་མ། བྱང་དུ་མཁལ་མ་སྣ་ཚོགས་པའི་གཏོར་མ། དེ་ནས་ཡང་ཤར་དུ་མཆིན་པ་སྣ་ཚོགས་པའི་གཏོར་མ། ལྷོར་ཤ་ཤ་རྨེན་བུའི་གཏོར་མ། ནུབ་ཏུ་མཚེར་པ་སྣ་ཚོགས་པའི་གཏོར་མ། །བྱང་དུ་ཚིལ་དང་རྐང་སྣ་ཚོགས་པའི་གཏོར་མ། དེའི་ནང་དུ་བཤོས་བུ་ཁྱིད་རེ་བ་རེ་གཟུགས། དེ་ལ་སྨྱུག་རྒོད་ལ་ཕོང་དང་། པགས་པ་དཀར་པོ་དང་། མིང་བྱང་བཏགས་པ་རེ་གཟུགས། ཕྱོགས་མ་ནོར་བར་སའི་འཇིམ་པའི་སྟེང་དུ་བཞག །གཞན་ནང་དུ་བསྒྲུབ་པ་དང་འདྲ།ཤར་དུ་ལུག་དཀར་པོ། ལྷོར་བྱ་དཀར་པོ། ནུབ་ཏུ་ར་དཀར་པོ། བྱང་དུ་ཁྱི་དཀར་པོ་བག་ཟན་ལ་གཟུགས་བྱའོ། །དངོས་པོར་ཡོད་ན་རབ། གཅིག་མེད་དུ་མི་རུང་ངོ་། །སྐྱེ་རུ་དགྲ་བོའི་མིང་རུས་བདགས་སོ། ཁམ་པ་ལ་དགྲ་བོའི་གཟུགས་སུ་ཡོད་པ་བྱས་ལ། མིང་རུས་སྙིང་ཁར་བྲིས་ལ་ལྷོ་ནུབ་ཏུ་འབྲུབ་ཁུང་དུ་གཞུང་དང་མཐུན་པར་བརྩིགས་ལ་བཞུགས། ཤ་ཁྲག་སྣ་ཚོགས་གཏོར་ཆེན་གྱིས་ཞལ་གབ་དང་རཀྟའི་གསང་ནན་དང་༄༅ བཅས་པ་ཆ་གཅིག་བྱང་ཤར་གྱི་མཚམས་སུ་བཞག་གོ །གཞན་མའི་རྫས་ནི་གོང་མའི་བསྒྲུབ་པ་དང་འདྲ་བར་བཤམ་མོ། །དེ་ནས་བདག་དཔལ་ཆེན་པོའི་སྐུ་རུ་བསྒོམས་ལ་མཆོད་པ་བྱིན་གྱིས་བརླབ།དཔལ་བསྙེན་ཅིང་བཟླས་པ་མང་དུ་བྱའོ། །དེ་ནས་རྒྱལ་པོའི་འཁོར་དང་བཅས་པ་སྤྱན་དྲང་བ། །ཧཱུཾ༷། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་སྒྲོལ་བའི་གིང་། །རྒྱལ་པོ་ཆེན་པོ་ལི་བྱིན་ཧར། །སྲོག་དང་དབུགས་ཀྱི་མངའ་བདག་པོ། །སོ་བདར་སྡང་བའི་དགྲ་ལ་བརྡར། །སྲོག་རྩ་དམ་པ་ཆེམ་ཆེམ་ཐུམ། བཙུན་མོ་དཔལ་ལྡན་ལྷ་མོ་ཆེ། །འཁོར་དང་བཅས་པ་བྲན་དང་གཡོག །འཁོར་དང་སློབ་དཔོན་སྡེ་དཔོན་དང་། །མ་ལུས་འཁོར་དང་བཅས་པ་རྣམས། །བདག་གི་དགྲ་རྣམས་བསྒྲལ་བའི་ཕྱིར། །མཐུན་པའི་གནས་འདིར་གཤེགས་སུ་གསོལ། །གྲུབ་པ་མཆོག་གི་གནས་འདིར་གཤེགས་སུ་གསོལ། །ཐམས་ཅད་སྒྲོལ་བའི་གནས་མཆོག་འདིར། །ཐུགས་དམ་གཉན་ལ་དགོངས་ཏེ་གཤེགས་སུ་གསོལ། །ཨོ་ཨེ་རྒྱ་ཧི་གིང་ཀ་ར་མ་ཧྭ་རྭ་ཛ་བཛྲ་ས་མ་ཡ་ཛ། དེ་ནས་བརྟན་པར་བཞུགས་སུ་གསོལ། །ཐམས་ཅད་སྒྲོལ་བའི་གནས་མཆོག་དམ་པ་འདིར། །རོ་དང་ཉི་ཟླ་བརྩེགས་པའི་གདན་མཆོག་ལ། །སྒྲོལ་གིང་བདག་པོ་གཙོ་གཟུངས་འཁོར་དང་བཅས། །སེམས་ཅན་དོནཕྱིར་བརྟན་པར་བཞུགས་སུ་གསོལ། །བདག་ལ་སྡང་བར་སེམས་པའི་དགྲ་བོ་འདི། །བདུན་བརྒྱུད་རིགས་དང་རྩ་བ་མ་ཆོད་པར། །གནས་ཀྱི་གནས་སུ་བག་ཙམ་མ་གཤེགས་པར། །བདག་ཅག་བསྲུང་པའི་གནས་འདིར་བརྟེན་པར་བཞུགས་སུ་གསོལ། ས་མ་ཡ་སྟུ༷་ས་མ་ཡ་ཏིཛི་ལྷན།དེ་ནས་ཟིལ་གྱིས་མནན་པ། །ཧཱུཾ༷། ང་ནི་དབང་ཕྱུག་ཆེན་པོ་འདི། །ཐམས་ཅད་ཀུན་ལ་དབང་སྒྱུར་རོ། །ང་ནི་ཁྲག་འཐུང་ཆེན་པོ་སྟེ། །ཐམས་ཅད་མ་ལུས་དབང་དུ་སྡུད། །སྒྲོལ་གིང་དྲེགས་པ་ལི་བྱིན་ཧར། །ཧ་ཅང་དྲེགས་པ་མ་ཆེ་བར། །བསྒོ་བའི་ལས་རྣམས་མང་དུ་གྱིས། །མ་ཧྭ་ས་མ་ཡ་ཧ་ན་ཧཱུཾ༷་ཕཊ། དེ་ནས་ཕྱག་བཙལ་བ། མཐུན་པར་བར་སྣང་མཁའ་ལ་འཇའ་ཚོན་འདྲ། །ཡོངས་དག་ཡོངས་སུ་མཁྱེན་པས་རབ་ཏུ་བཀྲེས། །ནམ་མཁའི་དབྱིངས་ནས་འབྲུག་གི་སྒྲ་སྒྲོགས་པ། །སྒྲོལ་གིང་དྲེགས་པའི་རྒྱལ་པོ་ལི་བྱིན་ཧར་ལ་ཕྱག་འཚལ་ལོ། །དབྱར་དགུན་སྟོན་དཔྱིད་དུས་ལས་དབང་སྒྱུར་བའི། །རང་གཟུགས་ཅི་ཡང་སྟོན་པའི་འཕྲུལ་མོ་ཆེ། །རལ་པ་དམར་པོ་དབྱར་གྱི་སྤྲིན་ཕུང་འདྲ། །དཔལ་ལྡན་ཡུམ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །སྲོག་བདག་རྒྱལ་མོ་འཁོར་གྱི་དང་པོ་སྟེ། །གཞན་མ་ཕ་རོལ་རྣམས་ཀྱི་ཤ་ཁྲག་ཟ། །སྲིད་པ་གཟུགས་ཀྱིས་ཐམས་ཅད་སྐྲག་པར་བྱེད། །སྒྲོལ་གིང་ཆེན་པོ་བརྒྱད་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ། པྲ་ཏི་ཛ་ཧོ། ནཱ་མ། དེ་ནས་དམ་བཅའ་སྟེ། དང་པོ་ཁོ་ན་ཉིད་ཀྱི་དམ་བཅས་ལྟར། །དེབཞིནབདགཀྱངདམ་མཆོག་༄༅ བཅའ་བར་བགྱི། །ཉིད་ཀྱི་དང་པོར་དམ་བཅས་མ་འདའ་ཞིག །བདག་ཀྱང་དམ་ལས་འགལ་མི་འགྱུར། །དཔོན་གཡོག་ལྟ་བུ་ལགས་སོ་བརྗེད་མ་ངས། །སྐྲུན་ཟླ་ལྟ་བུ་ལགས་སོ་གདུངས་མ་ཆུང་། །གྲོགས་པོ་ལྟ་བུ་ལགས་སོ་གཞུད་མ་ངན། །རང་དམ་རང་གིས་འདའ་བར་མ་བྱེད་ཅིག །མ་ཧྭ་ས་མ་ཡ་ས་མ་ཡ་ཧཱུཾ༷། དེ་ནས་ཕུད་དུ་བདུད་རྩི་བླུག་ལ། དང་པོ་དཔལ་ཆེན་པོ་ལ་མཆོད་པ་འདི་སྐད་དོ། །གསང་བའི་བན་དྷའི་བུམ་པ་སྲ །འཛའ་གད་བདུད་རྩིའི་ཕུད་ཀྱིས་གཏམ། །དུག་ལྔ་སེལ་བའི་བདུད་རྩི་བཏབ། །ཡེ་ཤེས་ལྔ་རུ་བྱིན་གྱིས་བརླབ། །འབུལ་ནི་ལི་བྱིན་ཧར་ལ་འབུལ། །བཞེས་ནས་མཐུ་དང་དངོས་གྲུབ་གསོལ། །སརྦ་པརྩི་ཨ་མྲི་ཏ་ཁུ་ཧི། ཡབ་ཀྱི་སྐུ་ལ་གཉིས་མེད་དགྱེས་པར་འཁྲིལ། །ཡུམ་ཅིག་དཔལ་ལྡན་རེ་མ་ཏི་ལ་འབུལ། །བཞེས་ནས་མཐུ་དང་དངོས་གྲུབ་གསོལ། །སརྦ་པ྅་ཨ་མྲི་ཏ་ཁུ་ཧི། ཡབ་ཡུམ་ཐུགས་ལས་སྤྲུལ་པའི་སྲས། །སྲོག་བདག་ཆེན་པོ་བརྒྱད་ལ་འབུལ། །བཞེས་ནས་མཐུ་དང་དངོས་གྲུབ་གསོལ། །དེ་ནས་བ་ལམ་ས་བླངས་ནས། ཧཱུཾ། སྣོད་ཀྱི་དམ་པ་གཏོར་གཞོང་དུ་། །དམ་རྫས་ཚང་བས་བ་ལིང་བཤམས། །ཐུགས་དམ་བསྐང་བའི་རྫས་ཆེན་འདི། །སྲོག་བདག་ཡབ་ཡུམ་འཁོར་བཅས་ལ། །དད་པས་འབུལ་ལོ་བཞེས་སུ་གསོལ། །མ་ཧྭ་བ་ལིརྟི་ཁུ་ཧི། དེ་ནས་མཆོད་པ་བྱ་སྟེ། རྔ་དང་དྲིལ་བུ་ལ་སོགས་པ་དཀྲོལ་ལ། ཧཱུཾ༷། ནམ་མཁའི་ཁམས་ཀྱིས་གར་ཁྱབ་པའི། །སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀྱི། །བླ་རེ་རྒྱལ་མཚན་ཕན་གདུགས་དང་། །པི་ཝང་ལ་སོགས་རོལ་མོ་དང་། །ཀ་ཤི་ལ་སོགས་ན་བཟའ་རྣམས། །འབུལ་ལོ་ལི་བྱིན་ཧར་ལ་འབུལ། །བསྐང་ངོ་ཡབ་ཡུམ་ཐུགས་དམ་བསྐང་། །གཉེས་པར་གྱུར་ཅིག་སྲོག་བདག་རྣམས། །མ་ཧྭ་པུ་ཙ་ཁུ་ཧི། དེ་ནས་བར་དེར་སྨོན་ལམ་གདབ། སེམས་ཅན་གསུམ་གང་ཡོད་པས་བསྐང་ངོ་། །དེ་ནས་བར་དེར་ཤ་ཁྲག་གིས་ཀྱང་མཆོད་ལ་བསྟོད་པ་ཡང་བྱའོ། །བཟླས་བརྗོད་ཅི་མང་དུ་བྱའོ། །དེ་ནས་ཐུགས་དམ་བསྐུལ་བ། བཅོལ་ལོ་བསྐུལ་ལོ་ཐུགས་དམ་ཅན། །སྒྲོལ་བའི་གིང་ཆེན་མཐུ་བོ་ཆེ། །མ་གཡེལ་གིང་ཆེན་དུས་པ་བབ། །ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་ནས། །དུར་ཁྲོད་འབར་བའི་གཞལ་ཡས་ཁང་། །བ་ར་ནི་དེ་ཐོད་པའི་མཁར་། །ཞིང་ཆེན་འབར་བའི་ཀ་གདུང་ལ། །ཞིང་ཆུང་དྲལ་མ་སྒོ་མར་གཏམས། །ཚལ་ཆེན་ཁ་བད་མཛེས་པས་བསྐོར། ཁྲག་དང་ཞག་གི་འབབ་ཆུ་འམ། །ཙིལྟིའི་ཚོགས་ནི་རི་ལྟར་སྐྲུངས། །མ༷་སའི་ཚོགས་ནི་མཁར་ལྟར་བརྩེགས། །རུས་གོང་མང་པོས་བཀྲལ་དུ་བཀྲམ། །རྒྱུ་མའི་ཚོན་ཐག་རྒྱངས་སེ་རྒྱངས། །རྩིབ་མའི་གུར་ཕུབ་ལྡི་རི་རི། །ཞིང་ལྤགས་གདན་གདིང་ནེངས་སེ་ནེངས། །དེ་འདྲའི་ནང་དུ་གདན་ལ་བཞུགས་པ་ནི། །བརྐྱང་བསྐུམ་ཆེན་པོ་རྔམ་སྟབས་ཅན། །སྐུ་སྟོད་གླང་ཆེན་པགས་པ་གསོལ། །སྐུ་སྨད་སྟག་གི་ཤམ་ཐབས་ཅན། །ཞིང་ཆེན་པགས་པ་སྐེད་ལ་དཀྲིས། །ཕྱག་གཡས་ལྕགས་གྲི་རྣོན་པོ་བསྣམས། །དགྲ་བོའི་སྲོག་རྩ་དམར་པོ་ཆོད། །གཡོན་ན་ལྕགས་ཀྱི་རྡེའུ་ཆུང་བསྣམས། །སྲོག་བདག་ཐམས་ཅད་དམ་ལ་སྡུད། །དཔྲལ་བར་ཁྲག་གི་ཐིག་ལེས་བརྒྱན། །སྐོམ་དུ་ཁྲག་ལ་དགའ་བའི་རྟགས། །ཉྭ་བཞི་ཐལ་བ་ཆེན་པོས་བྱུགས། །འཕྲིན་ལས་ཤུགས་ཀྱིས་ཐོགས་པ་མེད། །སྨ་ར་ཁྲག་དང་ཞག་གིས་བྱུགས། །ཟས་སུ་ཤ་ལ་རབ་ཏུ་དགའ། །མིག་རྩ་རིག་རིག་བལྟས་པས་ཀྱང་། །སེམས་ཅན་ཀུན་གྱི་དོན་སྙིང་འཕྲོག །རྐན་སྒྲ་ཏོག་ཏོག་བརྡབས་པ་ཡིས། །ཕྱི་མའི་དུས་སུ་མི་ཐོག་པར། །སངས་རྒྱས་བསྟན་པ་བཤིག་པ་རྣམས། །ཡུད་ཀྱི་དགྲ་བོ་བདུན་བརྒྱུད་བརླག །གཞན་གྱིས་མ་བཅོལ་མ་བསྐུལ་བར། །བསྐུལ་ཀྱང་དེ་ལ་མངག་བར་མགྱོགས། །བདག་གི་དགྲ་བོ་ལས་ངན་ལ། །སྲོག་ལ་ཆན་པས་གདབས་སུ་གསོལ། །དེ་ཡི་བཀའ་ཉན་གསུམ་སྡོད་པ། །ལྕགས་ཀྱི་སྤྲེའུ་དགོད་རི་ཙམ། །ཟངས་ཀྱི་སྤར་མོ་གདེངས་པ་ཡིས། །དགྲ་བོའི་སྲོག་རྩ་དམར་པོ་ཆོད། །དུང་གི་སྨ་ར་རབ་ཏུ་འབར། །ལྕགས་ཀྱི་ཚ་ཚ་རབ་ཏུ་འཕྲོ། །ཉི་ཟླའི་མིག་ལ་རྩེལ་པོའི་ཁ། །སེམས་ཅན་ཐམས་ཅད་ཁྱུར་མིག་གཏོང་། །སྣ་ནས་དཔྲ་ཡི་སྒྲ་བཏོན་པས། །རི་ལུང་མེད་པར་སེར་བས་འགེངས། །གླག་དང་སེང་གེ་ཕོ་ཉ་གཉིས། །རྣ་ཁུང་གཡས་དང་གཡོན་ནས་འབྱུང་། །བདག་གི་སྡང་བའི་དགྲ་བོ་འདི། །བྱང་བུ་དམར་ལ་བསྐྱོན་པ་འདི། །དུས་བཏབ་དུས་ལས་མ་འགྱངས་པར། །སྲོག་དང་བྲལ་བའི་དུས་ལ་བབ། །ཅེས་སྔགས་བཟླས་ཤིང་རྦད་དོ། །དེ་ནས་ཡུམ་བསྐུལ་ཏེ། །ཧཱུཾ༷། སྨུག་ནག་འབར་བའི་དཀྱིལ་འཁོར་ནས། །བྱང་ཤར་མཚམས་ཀྱི་ནག་མོ་ནི། །ལྕགས་མཚོ་ཁོལ་མའི་དཀྱིལ་ན་བཞུགས། །གཡུ་མཁར་རྨང་གཞི་བསེ་ལས་བགྱིས། །གཡུ་མཁར་ལོག་བཞི་ལྡེམས་སེ་ལྡེམས། །བསེ་ཡི་ཁ་བད་སྐར་མས་བརྒྱན། ཁྲེལ་སྒོང་གཏམས་པའི་མཁར་གཤེད་ནས། །རིན་ཆེན་གསེར་གྱི་ཁྲི་སྟེངས་ནས། །ཟ་འོག་དར་གྱི་གདན་བཏིང་ནས། །ད་ཡི་ཕྱི་རོལ་ཕྱོགས་བཞི་ནས། །མི་མགོ་རྟ་མགོ་བུངས་སུ་བརྩེགས། །མི་ཁྲག་རྟ་ཁྲག་མཚོ་རུ་བསྐྱིལ། །མི་ཚིལ་རྟ་ཚིལ་གསར་པ་བསྲེག་གིན་གསོལ། ཁྱོད་ལ་གསོལ་བས་མི་བྲལ་ཀྱང་། །སྔོན་གྱི་འཕྲིན་ལས་དམ་བཅས་བཞིན། །མི་བསྐྱོད་གནས་ནས་བསྐྱོད་འཚལ་གྱིས། །འདིར་སྤྱོན་རྣལ་འབྱོར་དམ་ལ་གཤེགས། །སྐུ་ནི་མཐིང་ནག་འཚེར་བ་ལ། །གཡུ་དང་ལྕགས་ཀྱི་རལ་པ་ཅན། ཁྲག་དང་ཞག་གི་ཟར་བུས་བརྒྱན། །སྐུ་ལ་ཟངས་ནག་མཐིང་ནག་གསོལ། །འཇའ་ཚོན་འབར་བའི་ཆ་ག་ཅན། །ལྕགས་ཀྱི་རྐང་སྒྲོགས་སི་ལི་ལི། །ནད་དང་རིམས་ཀྱིས་ཁ་རླངས་ཅན། །ཕྱག་ཆ་གཡས་ན་ཁམ་བམ་བསྣམས། །སྟོང་ཁམས་རྒྱུག་ཅིང་ཁྲམ་ལ་ཐོག །གཡོན་པ་ཐོད་རློན་ཁྲག་༄༅ མཐོར་མ། །ལྕགས་ཀྱི་དྲེ་རྟ་རྐང་གསུམ་ལ། །གསེར་སྲབ་སྦྲུལ་གྱི་གོང་རྨེད་ཅན། །བྱུ་རུའི་ཤ་དག་པུ་ལུ་ལུ། །ནད་སྦམ་མཚོན་སྦས་འཕོངས་ལ་བཀལ། །སྔ་ལོང་ནད་ཀྱི་རྐྱལ་པ་ནི། །དགྲ་བོ་ཀུན་ལ་ནད་གཏོང་མ། །ཕྱི་ལོང་སྦྲུལ་གྱི་དྲ་བ་ཅན། །མཚོན་དྲུག་མང་པོས་བཀའ་བཞིན་འགྲུབ། །བསྟན་པ་གཉན་པོ་འཇིག་པ་ལ། །སྐྱོད་ཅིག་དྲེ་ཞོན་གནས་ནས་བསྐྱོད། །དབུ་སྐྲ་གསིག་ཅིང་གཤེགས་སུ་གསོལ། །གང་ལ་དམིགས་པ་དེ་ལ་ཡང་། །དེ་ཡི་འཁོར་གྱི་སྤྲུལ་པ་བརྒྱད། །ལྕགས་ཀྱི་མོན་པ་ནག་པོ་བརྒྱད། །དུར་ཁྲོད་བརྒྱད་ཀྱི་གཏེར་བསྲུང་བ། །བདུད་གཡག་ནག་པོ་བརྒྱད་ལ་ཞོན། །ལག་ན་རལ་གྲི་བེ་ཆེན་ཐོགས། །ལྕགས་ཀྱི་ཉམ་ཏྲམ་རྒྱུག་ཅིང་འཕེན། །བརྡ་མི་ཕྲད་པའི་མོད་ལ་གསོད། །དྲོངས་ཤིག་ཁུགས་ཤིག་དགྲ་བོའི་ཚོགས། །དེ་ཡི་བཀའ་ཉན་གསུང་སྡོད་མ། །དུར་ཁྲོད་འབར་མའི་གཞལ་ཡས་ནས། །དཔལ་གྱི་ཕྱག་བརྙན་རེ་མ་ཏི། །ག་་མོ་མི་སྲི་ཕག་རྒོད་སོ། །རལ་པ་སྤྲིན་དམར་འཁྲིགས་པ་འདྲ། ཁྱོད་ཀྱི་ལག་པ་གཡས་ལ་གསོད། །ཞགས་པ་ལྕགས་ཀྱུ་གློག་འགྱུ་མ། །རེ་ཐུལ་ནག་པོ་གོས་སུ་གོན། །ལག་ན་ཁྲམ་བམ་རྔེ་ཆུང་བསྣམས། །དུར་ཁྲོད་ཚ་བའི་མངའ་བདག་མོ། །ཉིན་ཞིང་ཁྱོ་བདུན་སྐྱུངས་ན་ཉལ། །མཚན་ཞིང་ཁྱོད་བདུན་ཁྱབ་པར་སྦྱོར། །སྲོད་ལ་ནག་མོ་དྲིབས་སོ་ཞོན། །གུང་ལ་ཕྲ་མོ་སྟག་སླག་ཅན། །ཐོ་རངས་ཞལ་བཞད་མཐིང་སྐྱ་མ། །ལག་ན་ཁྲམ་བམ་རྔེ་ཆུང་བསྣམས། །ཕྱག་ན་ཤོང་བྱང་དགྲ་ལ་འཐོར། །ཉི་མ་ཟླ་བ་བཤོན་པ་མོ། །གླིང་བཞི་ཀུན་ཏུ་ཁྱབ་པར་འགྲོ། ཁྱོད་ཡང་ཤེལ་དང་རུས་པའི་མིང་། །དམ་ཚིག་ཉམས་པའི་སྙིང་ཡང་འབྱིན། །གནོད་སྤྱིན་དཀར་པོའི་སྐུ་ལ་འདེབས། །ཐོ་རངས་རྒྱུ་བའི་དཀར་མོ་ནི། །དུང་གི་མདོག་ལ་ཤེལ་གྱི་སྐུ། །སེང་གེ་དཀར་མོའི་ཐུལ་ཆེན་གསོལ། །ཉི་ཟླ་འབར་བའི་དབུ་བརྒྱན་ཅན། །ཕྱག་ནས་ཤེལ་གྱི་ཕུར་པ་འདྲིལ། །ཉི་མ་ཟླ་བའི་ཟེར་ལ་ཆིབས། །སྲོག་བདག་དཀར་མོའི་བཙུན་མོ་ཡང་། །དུས་ངན་སྙིགས་མའི་གནས་འདི་མྲ །བསྟན་པ་བཤིག་པའི་དགྲ་བོ་ལ། །ད་ལྟ་ཉིད་དུ་རྟགས་ཕྱུང་ཞིག །ཚིལ་ཚིལ་མཤ་མ་ཤ་ཁུག་ཁུག་ཐ་ཤ་རྦད་ཅེས་བསྐུལ་ལོ། །དེ་ནས་འཁོར་བསྐུལ་བ་ལ། །ཧཱུཾ༷། རྒྱལ་བའི་བསྟན་པ་འཕེལ་མཛད་ཅིང་། །རྣལ་འབྱོར་བསྟན་པ་དར་བར་གཏོང་། །སྲོག་བདག་ཐུགས་དམ་གནད་ལ་བསྐུལ། ཁུ་ལེ་ཤོར་ཀྱིས་དགྲ་རྣམས་སྙིང་ཕྱུང་ཞལ་དུ་གསོལ། །དགྲ་རྣམས་མིག་མེད་ལོང་དང་ཐིབས་སུ་ཆུག །ཨུ་གེས་རཀྟ་དམར་དང་ཕོ་ལོག་ཐོང་། །ཏྲང་ཟེས་རྒྱུ་ག་གཟེར་ནད་དགྲ་ལ་ཐོང་། །ཤང་ཟེས་བལ་ནད་གག་པས་དགྲ་བོ་བདུན་བརྒྱུད་ཆོད། །དང་ཁོད་ཀྱིས་ནི་བལ་ནད་རིམས་ནད་སྣ་ཚོགས་དགྲ་ལ་ཐོང་། །ནི་ཁོད་ཀྱིས་ནི་ལེ་བརྒན་མདའ་གྲི་ཆར་པ་དགྲ་ལ་ཕོབ། །ཉི་ཟླས་རབ་ཏུ་སྨྱོ་འབོག་ཆོ་འཕྲུལ་དགྲ་ལ་ཐོང་། །སྒྲོལ་གིང་བརྒྱད་ཀྱིས་བདག་གི་དགྲ་རྣམས་མྱུར་དུ་གསོལ། ཁྱེད་དང་བདག་ཏུ་མཉམ་ཞིང་དབྱེར་མེད་ཀྱང་། ཁྱེད་ཀྱི་ཤུགས་ལས་གྲུབ་པས་ལ་ཐོགས་པ་མེད། །བདག་གི་དགྲ་བོ་ལས་ངན་འདི། །ནད་རྣམས་སྣ་ཚོགས་མྱུར་དུ་སོད། །རིགས་བརྒྱུད་ཡན་ཆད་རླག་པར་གྱིས། །རིགས་རྣམས་ཕལ་ཆེར་ནད་གཏོང་ཁྲག་དང་ཞག་ལ་དགའ། ཁྱེད་ཀྱི་ཐུག་ཆོམ་དགྲ་ལ་རབ་ཏུ་དགའ། །བདག་གི་དགྲ་རྣམས་རབ་ཏུ་བདུན་བརྒྱུད་ཆོད། །མ་ཧྭ་ས་མ་ཡ་རཀྟ་མ་ཧྭ་རྭ་ཛུ་ཐུན་ཐུན་ཕྲོལ་ཕྲོལ་ཞེས་བསྐུལ་ལོ། །དེ་ནས་དགྲ་བོ་ལྷ་དང་བྲལ་བ་དང་། དེ་ནས་བསྒྲུབ་པ་ཐོན་ཀར་ཕུར་པ་རྣམས་རིམ་པར་དཀྱིལ་འཁོར་ནས་དབྱུང་ཞིང་གདབ་པ། ཧཱུཾ༷། ཁྲོ་བདག་ཆེན་པོ་ལི་བྱིན་ཧར། །དྲག་པོའི་ཕུར་བར་མངའ་གསོལ་པས། །དགྲ་སྙིང་དཀར་ནག་མཚམས་སུ་གདབ། །བཏབ་པས་མྱུར་དུ་བརླག་གྱུར་ཅིག །ཀི་ལི་ཀི་ལ་ཡ་ཙིསྟ་མུ་ག་ལི་བྱིན་ཧ་ར་ལྷན་ལྷན། །ཧཱུཾ༷། ཁྲོ་བདག་རྒྱལ་པོ་ཁུ་ལེ་ཤོད། །གསོད་པའི་ཕུར་བར་བྱིན་རླབས་ཏེ། །ཕྲག་ཁྱིམ་གཡས་དང་གཡོན་དུ་གདབ། །བཏབ་པས་ཁྲག་སྐམ་མྱུར་དུ་སོད། །བཛྲ་མུ་ཙི་ཤ་ལ་རོག་རཀྟ་རྔུབས་ལྷན་ལྷན། ཧཱུཾ༷། སྲོག་བདག་རྒྱལ་པོ་ཨསྣེ་ཡང་། །འབུགས་པའི་བདག་པོར་མངའ་གསོལ་ནས། །ནུ་མ་གཡས་དང་གཡོན་དུ་གདབ། །བཏབ་པས་མཁྲིས་པ་མཤའ་ཡས་གསོད། །ཙི་ལི་ཙི་ལི་མ༷་ས་ཤ་ལ་ཐིབས་ཐིབས། ཧཱུཾ༷། སྲོག་བདག་སྒྲོལ་གིང་ཨུ་གེ་ཡང་། །རྣོན་པོའི་དབལ་དུ་བྱིན་བརླབས་ནས། །སྤྱི་བོའི་གཙུག་ཏུ་བཏབ་པས་ཀྱང་། །ཀླད་གཟེར་མགོ་ནད་འདར་བུས་སོད། །མ་ཤ་མུ་རྒུ་དྷ། ཚལ་ཚལ་པ་ཀ་སྨེ་ར་ཧུ་ཧུ། ཧཱུཾ༷། སྲོག་བདག་ཤན་པ་ཏྲ༷་ཟེ་ཡང་། །འདེབས་པའི་དབལ་དུ་བྱིན་བསྐྱེད་ནས། །མཁལ་ཁུང་གཉིས་སུ་གདབ་པར་བྱ། །བཏབ་པས་ཆུ་འགག་སྐྱེད་ནད་གསེད། །བྱི་མ་ལས་ར་ཀུ་ཡ་མ་ཐིབས་ནག་ཤད་ཕཊ་ཕཊ་ཛ་ཛ། ཧཱུཾ༷། ཁྲོ་བདག་སྲོག་གཤེད་ཤང་ཟེ་ཡང་། །ཟུར་གསུམ་རྩེ་མོར་བྱིན་ཕབ་སྟེ། །མཆིན་པའི་ཕོ་གདུང་རྩ་ལ་གདབ། །བཏབ་པས་མཆིན་ནད་ཁྲག་གི་གསོད། །མ་ས་ལ་ཀྲ་མ་ཧྭ་ར་ཙ་བུ་བེར་དགྲ་བོ་མྱ་ར་ཡ་ཕཊ་ཛུ། ཧཱུཾ༷། ཁྲོ་བདག་སྲོག་གཤེད་ད་ཁོད་ཀྱང་། །ཐོགས་མེད་བརྡེག་པར་མངའ་གསོལ་ནས། ཁྲ་ཤ་རྨེན་བུའི་དཀྱིལ་དུ་གདབ། །གཏད་པས་སྦོས་ནད་གྲུམ་བུས་སོད། ཁ་ལ་རུ་རྩེ་ཀ་མ་ལ་ཤན་བུ་ཤག་བུ་ཕཊ་ཛ། ཧཱུཾ༷། བདག་དགྲ་བླའི་རྒྱལ་པོ་ནི་ཁྱོད་ནི། །རྩེ་གསུམ་ངར་ཅན་གཟི་བྱིན་བསྐྱེད། །མཚེར་བའི་དབུས་སུ་བཏབ་པས་ཀྱང་། །མཚེར་ནད་ལྐུག་དང་སྨྱོ་འབོག་སོད། །མེ་ཁ་ཁ་མེ་རུ་རྩེ་བག་ཤ་རུ་ཏ་རག་མེ་མུ་རུ་མུ་སྲ ཧཱུཾ༷། གསལ་བའི་སྲོག་བདག་ཉི་ཟླ་ཡང་། །ཕུར་པའི་ལྷ་རུ་དབང་བསྐུར་ནས། །རྐང་པའི་མཐིལ་དུ་གདབ་པར་བྱེད། །ཞ་གྲུམ་སྒུར་ནད་འཐེང་གྲུམ་སོད། །བྷ་ལུ་ར་གེ་ར་རཀྟ་མ༷་ས་ཤ་ཁྲག་རྔུབས་རྔུབས་ཛ། ཞེས་ཕུར་པ་བཏབ་ནས་ཐུན་སྔགས་ཀྱིས་བྲབ། ཐུན་བརྡེག་བརླག་པར་བྱའོ། །ལིང་ཁ་ག་ས་ལ་གཏོར་མར་རྩལ་ལོ། །རི་གསུམ་གྱི་རྩེ་མོར་གཏོར་མ་བསྐྱལ། བཤགས་པ་བྱའོ། །དཀྱིལ་འཁོར་བསྡུ་ལ་ས་བསྲུང་། །དེ་ནས་ལུག་པོའི་སྙིང་དར་ཁུང་དུ་བཅུག་ལ་རྟག་ཏུ་མཆོད་བསྐུལ་ན་བསམ་པ་ཐམས་ཅད་འགྲུབ་བོ། །རྟགས་ཀྱང་ཟླ་བ་རེ་རེ་ན་འོང་ངོ་། །གྲུབ་པའི་རྟགས་ནི་སྒྲ་དང་འོད་འབྱུང་། ས་གཡོ། སྤྲིན་གཡོ། ཚུབ་ནག་ཆེན་པོ་འཁྲི་ཞིང་འོང་། །མི་དཀར་པོ་མཐོང་ངམ་རྨི། སྤྲིའུ་འམ། ཕག་རྒོད་དམ། བྱ་དཀར་པོ་མཐོང་ཡང་གྲུབ་པའི་རྟགས་སོ། །འདི་ནི་རབ་ཏུ་གསང་བའི་བསྒྲུབ་པ་ཀུན་གྱི་ཐུན་མོང་མ་ཡིན་པ་རྒྱལ་པོ་ཉིད་ཀྱི་ཞལ་དང་འདྲ་བ་ཡིན་ནོ། །རབ་ཏུ་གསང་བའི་རྒྱས་བཏབ་བོ། །ཨི་ལི། སྲོག་ལས་ཀྱི་རྒྱལ་བུ་སྲོག་བདག་གསེར་གྱི་ག་ཕུར་ལས། རྒྱལ་པོ་གསང་བར་བསྒྲུབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ལི་བྱིན་ཧར་གྱིས་དཀར་པོ་རྣམ་པ་གསུམ་གྱི་ཆོ་ག་འདི་གསུངས་སོ། །ཧཱུཾ༷། དཀར་པོ་ཤེལ་ལྡན་དམ་པ་འདི། །བསྐང་ངོ་རྒྱལ་པོའི་ཐུགས་དམ་བསྐང་། ཁུ་མཆོག་ཤེལ་ལྡན་དཀར་པོ་འདི། །ཕ་ནི་རྒྱ་རྗེ་རུ་རྩེ་དང་། །མ་ནི་འདའ་སྟེ་རུ་རྩེ་དཀར་གཉིས། །འཚོས་ཤིང་ཡིད་ཀྱི་སྤྲུལ་པ་ལས། །དུང་གི་སྒོང་ང་གཅིག་ཏུ་འབྱུང་། །དེ་ལོ་གཅིག་ཁྱོད་སྐོར་ལོན་པ་ལས། ཁ་རོ་མ་རྡོལ་ཞབས་སུ་ལུག །ལུག་ཅེས་དང་པོ་དེ་ལ་བཏགས། །རྭ་གཉིས་གྱེན་དུ་འཁྱིལ་བ་ཡིས། །གནམ་ལྷ་དཀར་པོ་གྱེན་དུ་འདེགས། །མིག་གཉིས་འཕྲེད་ལ་རིག་རིག་ལྟ། །མ་རིག་མུན་པའི་སྐོན་ལ་ལྷ། །ཐམས་ཅད་གསལ་བར་སྒོ་འབྱེད་དོ། །རྣ་བའི་དབང་པོ་ཀྲོང་ངེ་ཀྲོང་། །སྒྲ་རྣམས་དག་ལ་རབ་ཏུ་ཉན། ཁ་མ་རོ་ལ་ལྕེ་འཇིབ་པ། །རོ་མཆོག་བརྒྱ་ལྡན་གསང་བའི་དབྱིངས། །སྣ་ཡི་དབང་པོ་དྲི་ལ་སྣོམ། །ལྕགས་ཀྱི་མིག་བཞི་ས་ལ་འཐིག །བདུད་བཞི་མ་ལུས་ཟིལ་གྱིས་གནོན། །སྐྲུ་ནི་དུང་ལོ་འཁྲིག་པ་ཡིས། །སེམས་ཅན་ཀུན་གྱི་གསོས་སུ་ཆེ། །དྲོད་དང་དབང་པོ་འཁོར་བཅས་པས། །ལྷ་སྲིན་སྡེ་བརྒྱད་དགེས་པ་སྐོང་། །ནང་ཆ་རྒྱུ་མ་གཉེ་མ་ཚིལ། ཁྲ་ཁྲག་ཆུ་རྒྱུད་མང་པོ་མཚན་དང་བཅས། །མཆིན་པ་མཁྲིས་པ་གློ་བ་སྙིང་། །མཁལ་མ་གྲོད་པ་ཕོ་བ་དང་། །སུལ་མངའ་རྗི་ཤ་ཤན་ཤན་རྣམས། །སྲོག་བདག་མ་ལུས་འཁོར་དང་བཅས། ཁྱེད་ཀྱི་དགོངས་པ་བདག་སྐོངས་ཤིང་། །བདག་གི་དབྱར་དམ་སོ་སོར་གསོལ། །བདག་ནི་དང་པོར་དམ་བཅས་ནས། །དིང་འདིར་འདུས་པ་ཕན་ཆད་ནས། ཁྱེད་ཀྱི་ཐུགས་དང་འགལ་བ་རྣམས། །དཀར་པོ་བྱ་གག་དམ་པ་འདིས། །བསྐང་པོ་རྒྱལ་པོའི་ཐུགས་དམ་བསྐང་། །མཆོད་དོ་ལི་བྱིན་ཧར་ལ་མཆོད། །དཀར་པོ་བྱ་གག་རྗེས་ཤུལ་དང་། །ཚེ་སུན་ནེ་ཚོ་རྗེན་བློ་ཁྲག་རྣམས། ཁུ་ལེ་ཤོད་ལ་སོགས་པ་ཡིས། །སྲོག་བདག་བརྒྱད་ཀྱི་ཐུགས་དམ་བསྐང་། །བསྐང་བས་གིང་གི་དབྱར་དམ་སོབས། །དིང་ནས་བསམ་པ་མ་གྲུབ་པར། ཁྱོད་ལ་བཏས་འཇུག་འབེན་དུ་འཆས། །ནམ་ཞིག་རྟགས་ཐོན་བསམ་པ་གྲུབ། །དེ་དུས་ཁྱོད་ལ་གཏང་རག་གཏང་། །ཕུལ་བ་ཙམ་གྱིས་བསམ་པ་འགྲུབ། །བདག་ནི་ཐབས་མཁས་སྐྱེས་བུ་དེ། ཁྱེད་ཀྱི་དགོངས་པ་བདག་སྒྲུབ་ཕྱིར། ཁྱེད་ཀྱིས་བདག་ཕན་པའི་སྐྱབས་དང་གྲོགས་མཛོད་ཅིག །ཧཱུཾ༷། ཐབས་ལ་མཁས་པའི་རྣམ་འབྱོར་བདག །མཐུ་རྩལ་ལྡན་པའི་སྲོག་བདག་ཁྱོད། །ཐུགས་དང་འཐད་པའི་མཁའ་ལྡིང་འདིས། །བསྐང་ངོ་བསྐང་ངོ་ཐུགས་དམ་བསྐང་། །བསྐང་བས་དངོས་གྲུབ་བདག་ལ་སྩོལ། །བྱ་ཡི་ཕ་སྨོས་པ། གསེར་གྱི་བྱ་ཕོ་ཐང་དེ་དར་བ་ལགས། །བྱ་ཡི་མ་སྨོས་བས། གཡུའི་བྱ་མོ་གུང་མོ་རོན་ཏེར་བཤོས། །སྒོ་ང་གསུམ་དུ་བྱུང་། །བསེ་སྒོང་ཁྲ་བོ་དེ། །དམའ་ཡང་མི་དམའ་སྟེ། །བར་སྣང་ཁམས་སུ་རྡོལ། ཁྲ་ཟན་མཆུ་གུག་བྱུང་། །ཟངས་སྒོང་དམར་པོ་སྟེ། །མཐོ་ཡང་མི་མཐོ་སྟེ། །རྒྱ་མཚོའི་གཏིང་དུ་རྡོལ། །འདམ་ཟན་མཆུ་ལེབ་བྱུང་། །དུང་སྒོང་དཀར་པོ་ནི། །མི་མཐོ་མི་དམའ་སྟེ། །རི་རབ་ཁ་ལ་རྡོལ། །སྒུམ་ཐུན་མཆུ་ཟླུམ་བྱུང་། །སྒུམ་ཐུན་རྒྱ་མ་སྟེ། །མི་དང་ཆད་མ་བྱས། །བདུད་བཙན་དམུ་ཡིས་བསྐོར། །བར་སྣང་འཕྱོས་ཏེ་སོང་། །བར་སྣང་མི་བུ་རིགས་བརྒྱ་ལ། །རེས་ཕན་རེས་མི་ཕན། །དེ་ཡི་ནང་གཤེད་ནས། །ཟེ་བཟངས་བྱ་ཡི་རིགས། །རག་པ་གསལ་གདངས་པས། །ཉིན་མཚན་ཤན་ཡང་འབྱེད། །དབྱར་དགུན་དྲོད་ཀྱང་འཛིན། །དེར་མི་དང་ཆད་དོན་བྱས། །མི་ཡིས་བྱ་གསོལ་ལ། །བྱ་ཡི་གླུད་དུ་ཆད། དེ་ཡི་ནང་ཤེད་ན། །བྱད་དཀར་ཟ་གཡག་འདི། །རིན་ཆེན་དུང་གི་ཁ་དོག་འདི། །དང་པོ་རྒྱལ་པོ་ཤེལ་གེ་ཡི། །རྟགས་དང་མཚན་མས་བཏབ་པ་ཡིས། །ཟངས་ཀྱི་གཙུག་ཕུད་དོན་ཤལ་འདི། །རྒྱལ་པོ་སྲོག་བདག་འཁོར་དང་བཅས། །བསྐང་ན་དགྱེས་པའི་རྒྱན་ཆ་ཡིན། །བྱའི་མིག་མས་ཡར་བཀབ་པ་ནི། །སྲིད་པ་མས་ནས་ཆགས་པ་ཡིན། །བྱ་མིག་དམར་ལ་གདངས་པ་ནི། །སྐྱེ་འགྲོ་ཁྲག་གིས་སྐྱེད་པ་ཡིན། །བྱ་ལུས་བུམ་པར་འདུག་པ་ནི། །རི་རབ་ལུས་ལ་རྫོགས་པ་ཡིན། །འཇུག་མ་རྒྱ་ཟོར་བཀུག་པ་ནི། །དཔག་བསམ་ལྗོན་ཤིང་ཡལ་ག་ཡིན། །སྐྲུ་གཞན་དཀར་ལ་གཉན་པ་ནི། །སྲོག་བདག་ཐུགས་ནི་མར་ལྟར་འཔ །བྱ་མཆུ་སེར་ལ་གུག་པ་ནི། །བསྐང་ནི་གསེར་དུ་འགྱུར་པའི་དོན་། །རྒྱལ་པོ་རྒྱུ་བའི་དུས་སུ། །སྒྲ་སྙན་ལྟོང་ལྟོང་སྒྲོགས་པ་ནི། །མིང་དང་སྲོག་དང་བདག་སྐད་སྦྱོར་ཡིན། །དེ་འདྲའི་མཁའ་ལྡིང་དུང་མདོག་འདི། །རྟ་རུ་འཛུགས་སོ་འབེན་དུ་འཆའ། །སྐུ་ལ་བསྐང་ངོ་ཐུགས་ལ་མཉེས། །རྒྱལ་པོ་ཆེན་པོ་ལི་བྱིན་ཧར། །ཐུགས་དམ་བསྐང་ངོ་དགྱེས་པར་རྟོགས། །བདག་ཅག་བསམ་པ་མཐར་ཕྱིར་མཛོད། །ཧཱུཾ༷། སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །མཚན་ལྡན་ཤེལ་མདོག་ར་དཀར་འདིས། །རྒྱལ་པོ་སྲོག་བདག་ལི་བྱིན་ཧར། །ཐུགས་འཐད་འབུལ་ལོ་བཞེས་སུ་གསོལ། །པ་ནི་ཤན་དར་རུ་རིངས་དང་། །མ་ནི་སྐྱིན་མ་འགྲམ་རིངས་བཤོས། །རིའུ་ནི་སྲིན་རེ་ཁམ་པོ་དང་། །གཉའ་རེའུ་ལྡན་མར་གཉིས་སུ་བྱུང་། །མིང་སྲིང་གཉིས་ཤིག་འཚོས་པ་ལས། །བུ་ནི་གནམ་རུ་དཀར་པོ་སྐྱེས། །མི་ཡི་གླུད་དང་ཁམས་སུ་བཀབ། །རས་ཀྱང་ཁས་བླངས་དམ་བཅས་སོ། །ར་ལུས་དཀར་ལ་གཏང་བ་ནི། །རྒྱལ་པོའི་ཐུགས་ལ་སྐྱེ་འཆི་མེད། །མི་འགྱུར་བརྟག་པས་སྐྱོན་དང་བྲལ། །རུ་གཉིས་དཀར་ལ་ལྡེམ་པ་ལ། །དར་ཚོན་སྣ་ལྔས་བརྒྱན་པ་ནི། །རྒྱལ་པོའི་རུ་མཚོན་ཡིན་པར་ཤེས། ཁ་ན་བླ་སྒྲ་དྲག་པོར་སྒྲོགས། །རྒྱལ་པོ་དྲག་ཏུ་ཁྲོས་ནས་ཀྱང་། །དོན་སྙིང་པར་གྱིས་འདེབས་པའི་རྟགས། །ལྕགས་ཀྱི་རྨིག་པ་ཚེ་ཚེ་བཞི། །ཕྱོགས་བཞིར་རྒྱལ་པོས་མངགས་པའི་རྟགས། །སྤུ་ཉག་རྩུབ་ལ་རིང་བ་ནི། །རྒྱལ་པོ་བཀའ་འཁོར་ལས་ལ་འགྱིང་། །རྐོག་ཚར་བུངས་དང་ལྡན་པ་ནི། །ཐབས་ཀྱིས་འགྲོ་བ་འདུལ་བའི་རྟགས། ཁྲ་ཚིལ་མཚམས་སུ་ཆེ་བ་ནི། །འཁོར་རྣམས་འབངས་སུ་འཁོལ་བའི་རྟགས། །སྐྱེ་ན་གསེར་གྱི་དྲིལ་ཆུང་འཁྲོལ། །ལྷ་སྲིན་སྡེ་བརྒྱད་མཆོད་པའི་རྟགས། །སོ་སྒྲ་ཁྲིག་ཁྲིག་འཁྲིགས་པ་ནི། །དགྲ་བོ་ཞེ་ལ་གནོན་པའི་རྟགས། །གཡས་དང་གཡོན་དུ་སྣོམ་བྱེད་ཅིང་། །ཕྲི་སྒྲ་དྲག་ཏུ་སྒྲོགས་པ་ནི། །བསེ་ཡི་མཆི་མ་སྒྱུགས་པར་རྒྱུག །དྲག་ཏུ་ཁ་ནས་སླེ་སྒྲོགས་པས། ཁྲ་ནི་ཁྲག་དང་བསྲེས་ནས་གསོལ། །བསྐང་ངོ་རྒྱལ་པོའི་ཐུགས་དམ་བསྐང་། །མཆོད་དོ་སྲོག་བདག་དགྱེས་པར་སྐོངས། །མངའ་བདག་འཁོར་དང་བཅས་པ་རྣམས། །ཐུགས་ཀྱི་དགེས་པ་བདག་སྐོང་གིས། །བདག་གི་དགྲ་བོ་རྩད་ནས་ཆོད། །རྟ་རུ་འཛུགས་སོ་འབེན་དུ་འཆའ། །དམ་ལས་མ་འདའ་འཕྲིན་ལས་མཛོད། །ས་མ་ཡ་ཞེས་དམ་བཅའ་འོ། །སྲོག་ལས་ཀྱི་རྒྱལ་བུ་སྲོག་བདག་གསེར་གྱི་ག་པུར་ལས། དཀར་པོ་རྣམ་གསུམ་གྱི་ཆོ་གའི་ལེའུ་སྟེ་བདུན་པའོ།། །།དེ་ནས་སྲོག་བདག་ཆེན་པོས་གཞན་ལ་ཕན་པར་བྱ་བ་དང་། །སྲིའུ་གསོ་བ་དང་། གཞན་གུས་པ་འདུད་ན་གཅོད་པ་འཕྲོ་གཅད་པའི་ཐབས་རྣམས་གཅིག་ཏུ་དྲིལ་ཏེ་གསུངས་པ། མཆོད་པ་དང་།གཏོར་མ་དང་། ཡ་སྟགས་རྣམས་ཕྱིའི་བསྒྲུབ་པ་དང་མཐུན་པར་བཤམས། དེའི་སྟེང་དུ་ཟན་སྙིམ་པ་ཙམ་ཅིག་ལ་རི་རབ་ཀྱི་གཟུགས་བྱས་ཏེ། ཕྱོགས་བཞི་དབུས་དང་ལྔར་མེ་མར་ལྔ་བཏང་ལ་ཐོག་ནས་ཟ་འོག་གི་གུར་དབུབ། འོག་ནས་ཤིང་ལ་གཟིངས་བྱས་ཏེ། །དེར་བཙུགས་ནས་ཐ་མར་ཆུ་ཤར་དུ་འབབ་པར་བསྐྱལ་ལ་གཏང་ངོ་། །དང་པོར་འཕགས་པ་ལ་མཆོད་པ་དབུལ། དེ་ནས་སྔགས་པས་ཐོད་དཀར་པོ་བཅིངས་ལ་བེར་རམ་གོས་སུ་དཀར་པོ་གོན་ལ་འདི་སྐད་དོ། །ནམ་མཁའ་ནི་འཕངས་རེ་མཐོ། །ས་གཞི་ནི་རྒྱ་རེ་ཆེ། །རི་རབ་རི་ལྷུན་རེ་སྡུག །རྩི་ཤིང་ནི་གྲངས་རེ་མང་། །ཕྱོགས་ཕྱོགས་ནི་ཕ་གི་ནི། །ཉི་ཟླ་འཆར་བའི་འོག་ཤེད་ན། །མཁར་ཅིག་གནམ་དུ་ཟངས་སེ་ཟངས། །དུང་མཁར་དཀར་པོ་ཟངས་སེ་ཟངས། །ལོགས་བཞི་ནི་བསེ་ལ་བགྱིས། །འགྲམ་བཞི་ནི་ལྕགས་ལ་བགྱིས། །ཟུར་བཞི་ནི་མཆོང་ལས་བགྱིས། །སྒོ་བཞི་ནི་གསེར་ལས་བགྱིས། །ཀ་བ་བཞི་ནི་གསེར་ལས་བྱས། །གདུང་བཞི་ནི་གསེར་ལས་བྱས། ཁ་བད་ནི་གཡུ་ལས་བྱས། །རིན་པོ་ཆེ་ཡི་དྲལ་ཅམ་ཅན། །ཉི་ཟླ་འབར་བའི་མཐོང་ཁུང་ཅན། །དེ་འདྲའི་མཁར་གྱི་ནང་ཤེད་ན། ཁྲི་ཅིག་གནམ་དུ་ཟངས་སེ་སངས། །དེ་ཡི་ནི་ཐོག་ཤེད་ན། །སྟན་ཅིག་ནེམས་སེ་ནེམས། །ཟབ་སྟན་ཁྲ་བོ་ནེམས་སེ་ནེམས། །དེ་ཡི་ནི་ཐོག་ཤེད་ན། །རྟ་ཅིག་ནི་རྒྱུས་དང་བྲེངས་སེ་བྲེངས། །རང་དཀར་ཞུར་པོ་དཀྱུས་དང་བྲེང་ངེ་བྲེང་། དེ་ཡི་སྟེང་ཤེད་ན། རྡུལ་སྟན་དཀར་པོ་སྟབ། རྟ་སྒ་ནི་ཝངས་སེ་ཝངས། །མི་པོ་དཀར་པོ་ལས། །གཡུ་ཡི་སྨིན་མ་ཅན། །བསེ་ཡི་སེན་མོ་ཅན། །མཚལ་གྱི་ཐིག་ལེ་ཅན། །དུང་གི་སོ་ཐབས་ཅན། །སྐུ་ལ་ནི་ཅི་གསོལ་ན། །དར་དཀར་ནི་རལ་ཀ་གསོལ། །དབུ་ལ་ནི་ཅི་བཅིངས་ན། །ཇི་གདན་ནི་ཇི་ཐོད་བཅིངས། །སྟག་རལ་ནི་གཡས་ན་ནི། །བཀྲ་དང་ནི་ལམ་མེ་མམ། །གཟིག་ཤུགས་ནི་གཡོན་ན་འཁྱུག །འཁྱུག་པའི་འོད་འབར་ལམ། །འཕྱོག་མ་དང་ནི་གཡས་པ་ནི། །དུང་གི་སྤ་ལྕག་ལ། །གཡུ་ཡི་ནི་ལྕགས་འབྲས་བཏགས། །གནམ་ལ་ནི་བསྐོར་བསྐོར་ནས། །ས་ལ་ནི་བརྡེབ་པར་བྱེད། །གནམ་ལ་ནི་འཕྱར་ཡང་འཕྱར། །འཕྱོག་མ་ནི་གཡོན་པ་ནི། །ས་ལ་ནི་བཤལ་ཡང་བཤལ། །ཆེད་བག་ནི་ཆེད་བྷ་ན། །དྲག་ཏུ་ནི་ཁྲོས་པའི་ཚེ། །ལྕགས་ཀྱི་མི་བོ་ཆེན་པོ་ལ། །སྐུ་ལ་ནི་ཅི་གསོལ་ན། །རྒྱ་བྱེ་སྟོད་ཀྱི་སླག་པ་ལ། །འབུ་བྱིའུ་སྨད་ཀྱི་ཤམ་བུ་བཏགས། །སྐུ་ནི་རིངས་ལ་བསྣམས། །དབུ་ལ་རྨོག་མོ་གཟའ་རིངས་མནབས། །ཕྱག་ཆ་ནི་གཡས་པས་ནི། །ལྕགས་ཀྱི་ཟངས་གྲི་རྣོན་པོ་བརྣམས། །དགྲ་བོའི་སྲོག་རྩ་དམར་པོ་ཆོད། །གཡོན་ན་ལྕགས་ཀྱི་རྔེའུ་ཆུང་བརྡུང་། །བདུད་བཙན་ཐམས་ཅད་ཕོ་ཉར་འགྱེད། །མཆོད་དོ་བདག་ཀྱང་ཆང་གིས་མཆོད། །བསྐང་ངོ་བདག་ཀྱང་གསེར་གྱིས་བསྐང་། །དེ་འཁོར་གནས་པའི་རྒྱལ་པོ་ནི། ཁུ་ལེ་ཤོད་ཀྱི་ལག་དགུ་དང་། །ཨག་གེ་དང་ནི་ཨུག་གེ་དང་། །ཏྲང་ཟེ་དང་ནི་ཤང་ཟེ་དང་། །ད་ཁོད་དང་ནི་ནི་ཁོད་དང་། །ཉི་ཟླ་ལ་སོགས་འཁོར་དང་བཅས། །མདུན་ན་ཁྱི་སྤྱང་ཞུདས་སེ་ཞུངས། །ལོག་ན་ཤ་རྐྱང་སི་ལི་ལི། །རྒྱབ་ན་སྤྲ་སྤྲེ་འདུ་རུ་སྲ །སྟེང་ནས་དར་དཀར་ལིང་ངེ་ལིང་། །མཆོད་དོ་ནི་ཆང་གིས་མཆོད། །བསྐང་ངོ་ནི་གསེར་གྱི་བསྐང་། །མཆོད་དོ་བསྐང་ངོ་དཔོན་དང་གཡོག །བདག་དང་ཡོན་བདག་འཁོར་བཅས་ལ། །དམངས་པོ་བུ་མེད་བུ་སྩོལ་ཅིག །དབུལ་པོ་ནོར་མེད་ནོར་སྩོལ་ཅིག །སྐྲ་ལོ་གཡུ་མེད་གཡུ་ཐོག་ཅིག །ནོར་སྲིད་ཐམས་ཅད་འཕེལ་བར་མཇོད། །རྒྱལ་པོའི་སྐུ་ནི་རིན་ཆེན་སྐུ། །རིན་ཆེན་སྐུས་ནི་དགོས་འདོད་སྐོངས། །རྒྱལ་པོའི་ཐུགས་ནི་མར་ཁུའི་ཐུགས། །མར་ཁུའི་ཐུགས་ཀྱིས་བསམ་པ་བསྒྲུབ། །རྟ་རུ་རྟེན་ནོ་དཔལ་དུ་མཆོད། །གཡུ་རུ་འདོགས་སོ་དུང་དུ་འབུད། །དར་དུ་འཕྱར་རོ་མགོན་སྐྱབས་འཆོལ། །གནོད་པའི་བསམ་སྦྱོར་མ་མཛད་པར། །བདག་ཅག་བསམ་པ་མཐར་ཕྱིན་མཛོད། །དག་པར་བཤམས་པར་ས་ངས་དང་། །གསལ་བར་བཤམས་པའི་མེ་མར་དང་། །གསེར་རྒོད་གཡུ་རྒོད་ཉ་ཤ་དང་། །རྒྱལ་པོའི་མངའ་ཐང་སྐྱེམས་ཕུད་དང་། །ཐུགས་རྣམས་འཇུ་བའི་མར་ཁུ་དང་། །ཀླུ་མཆོད་མཆེད་དང་ཉུངས་ཀར་སྔོ། །བསམ་པ་སྒྲུབས་ཤིག་ལི་བྱིན་ཧར། །སྲིའུ་གསོས་ལ་བུ་ཚ་སྤེལ་། །ནོར་ཕྱུག་འབྲུ་རྣམས་རྒྱས་པར་མཛོད། །ཉི་སྤང་སད་དང་ཟླ་སྤང་སད། ཁྲེལ་སྤང་སད་དང་མཧྭ་རྭ་ཛ། ལི་བྱིན་ཧ་ར་མ་ཧྭ་ཤན་ཏིང་གྲྭ་ཧྭ། ཞེས་ཅི་བཅོལ་བ་ཐམས་ཅད་བསམ་པ་མཐར་ཕྱིན་པར་འགྱུར་རོ། །ཡས་ཐགས་གོང་མ་བཞིན་དུ་གཏང་། བསྐལ་ཚིག་ཡང་གོང་མ་གཏང་། །དཀར་པོ་གང་ཡང་རུང་བ་ཅིག་རྟར་བཟུགས། བསམ་པ་གྲུབ་ནས་གཏང་རག་དབུལ་བར་བྱའོ། །སྲོག་ལས་ཀྱི་རྒྱལ་བུ་སྲོག་བདག་གསེར་གྱི་ག་ཕུར་ལས། སེམས་ཅན་ལ་ཕན་པར་བྱ་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་སྲོག་བདག་ཆེན་པོ་ལི་བྱིན་ཧ་ར་ཡིས་ཐུགས་རབ་ཏུ་གསང་བའི་རྒྱུད་འདི་བཅངས་པའི་ཡོན་ཏན་དང་། མ་བཅངས་པའི་སྐྱོན་དང་། དབྱས་ཤིང་སྐུར་པ་བཏབ་པའི་ཉེས་དམིགས་རྣམ་གྲངས་འདི་གསུངས་སོ། །ས་གནས་བྱང་ཆུབ་སེམས་དཔའ་མཆོག །འགྲོ་བ་འདུལ་ཕྱིར་སྲོག་བདག་གཟུགས། །ལྷ་སྲིན་སྡེ་བརྒྱད་ཀུན་གྱི་གཙོ། །རྒྱལ་པོའི་རྒྱལ་པོ་ལི་བྱིན་ཧར། །ང་ཉིད་ཀྱིས་ནི་བསྟན་པའི་རྒྱུད། །བསྟན་པ་བསྲུང་ཕྱིར་ངས་གསུངས་ཏེ། །འདི་ནི་དཔག་བསམ་ཤིང་བུ་འམ། །ཡང་ན་ཡིད་བཞིན་ནོར་བུ་འདྲ། །སེམས་ཅན་ཀུན་གྱི་བསམ་པ་འགྲུབ། །ཡིད་ལ་ཇི་ལྟར་འདོད་པའོ། །འདི་དེ་རྟག་ཏུ་སུ་འཛིན་པ། །རྒྱལ་པོ་བས་ཀྱང་མངའ་ཆེ་སྟེ། །ལོངས་སྤྱོད་ཐམས་ཅད་རྒྱས་པ་ནི། །འཁོར་ལོ་སྒྱུར་བའི་རྒྱལ་པོ་འདྲ། །འདི་དེ་འཛིན་པར་སུ་བྱེད་པ། །རྟ་དང་བ་གླང་ར་དང་ལུག །རྐང་འགྲོས་རྣམས་ནི་རབ་ཏུ་འཕེལ། །བང་མཛོད་རྣམས་ནི་དེ་བཞིན་རྒྱས། །འདི་ལ་རྟག་ཏུ་མོས་པ་ནི། །རྒྱལ་པོ་ང་ཡི་སྲས་ཡིན་ལ། །ང་ཡང་རྟག་ཏུ་དེ་ལ་སེམས། །དེ་ནི་རིགས་དང་བརྒྱུད་འཕེལ་ཏེ། ཤེ་ན་བུ་སྐྲུན་དྲུག་གམ་བདུན། །ཡང་ན་བརྒྱད་ཀྱིས་བདུར་འགྱུར་ཏེ། །དེ་ལས་ཉུངས་པར་མི་འགྱུར་རོ། །དེ་ཡི་དབང་བཙན་མཆུ་ཆེ་སྟེ། །དགྲ་བོ་བརྒྱ་འམ་སྟོང་ཡང་རུང་། །དེ་དག་མ་ལུས་ཐམས་ཅད་ཀུན། །དུས་བཏབ་དུས་ལས་མི་ཡོལ་བར། །བསད་ནས་བདག་ཉིད་རྒྱལ་བར་འགྱུར། །བདེ་ནི་ཚེ་རིང་ལོ་བརྒྱ་ཐུབ། །ཡང་ན་བརྒྱད་ཅུ་ཐུབ་པར་ངེས བསམ་པ་ཐམས་ཅད་འགྲུབ་པར་འགྱུར། །ང་ཡི་བསྟན་པའི་རྒྱུད་འདི་ནི། །སུ་ཞིག་འཛིན་པར་མི་འཚལ་ལ། །དཔྱས་ཤིང་མི་གུས་མི་འཛིན་པ། །འདི་འདྲ་སྤྱོད་པར་མི་བྱེད་པ། །དེ་ནི་རབ་ཏུ་སྡུག་བསྔལ་འགྱུར། །དེ་ཡི་ལུས་ལ་མཛེ་ནད་དང་། ཁུ་བ་གཡན་པ་འབྲས་དང་ཕོལ། །སྨྱོ་འབོག་གཟེར་ནད་དྲག་པོས་འཆི། །དེ་ནི་རབ་ཏུ་ཚེ་ཐུང་འགྱུར། །བསམ་པ་ཐམས་ཅད་མི་འགྲུབ་སྟེ། །དཔེར་ན་རྫ་སོ་མ་གཏང་བ། །བླུག་མ་ཐག་ཏུ་འཇིག་དང་མཚུངས། །དེ་བཞིན་རྐང་འགྲོས་རྣམས་དང་ནི། །འཆི་འམ་ཡང་ན་སྟོར་བ་འམ། །ཡང་ན་དགྲ་རྐུན་དག་གིས་འཕྲོག །འབྲུ་ཟན་བང་མཛོད་ཅི་ཡོད་པ། །དེ་བཞིན་ཡང་ན་མེ་ཡིས་འཚིག །ཞིང་ཡང་སད་དང་སེར་བ་ཤྭས། །ས་གཞིར་བཅས་ནས་བརླག་པར་འགྱུར། །རབས་ཆད་བུ་ཚ་ཚམས་ཤིང་འཆི། །འཇིག་རྟེན་པ་རྣམས་དཔྱས་པར་འགྱུར། །འགྲོན་དང་བྱེས་སུ་འགྲོ་ན་ཡང་། །དོན་རྣམས་མི་འགྲུབ་དགྲ་ཡིས་འཇོམས། །ན་ཚ་དྲག་པོས་འདེབས་པར་བྱེད། །དེ་ལ་མཐུ་དང་དབང་མེད་དེ། །དགྲ་རྣམས་ཀྱིས་ནི་ཧལ་རྒད་བྱེད། ཁ་ཚོས་སྡིག་པ་སྔངས་ན་ཡང་། །ཕ་རོལ་འཇིགས་པར་མི་འགྱུར་ཏེ། །དཔེ་ཟླ་དེད་ཅིང་ངན་དམིགས་འདྲེན། །ཐ་མར་སྲོག་གི་བར་ཆད་བྱེད། །དེ་ལ་སོགས་པའི་སྡུག་བསྔལ་རྣམས། །སྤངས་ཀྱིས་མི་སྤོངས་མཐའ་དག་འབྱུང་། །དེ་བས་རྒྱུད་ཀྱི་སྙིང་པོ་འདི། །དུས་ངན་ཐ་མ་ནམ་ཞིག་ན། །སངས་རྒྱས་བསྟན་པ་དར་རྒྱས་ཀྱང་། །སྐྱེ་བོ་བདེན་པས་མི་འདུལ་ཏེ། །ཆོས་ཉིད་བདེན་པ་མི་ཉན་ཚེ། །དེ་ཚེ་རྒྱུད་འདི་སྤྱད་པར་བྱ། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །བསྒྲུབ་པ་མང་དུ་སྤྱད་ན་ཡང་། །མཐུ་མེད་སྐྱེ་བོས་དཔྱས་གྱུར་ཏེ། །དེའི་ཚེ་རྒྱུད་འདི་སྤྱད་པར་བྱ། །ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །སེམས་ཅན་བསོད་ནམས་མར་འགྲིབ་སྟེ། །བན་དྷི་ནང་འཐབ་མཐུ་འགྲན་བྱེད། །གཅིག་ལ་གཅིག་སྨོད་དཔྱས་འཕྲན་བྱེད། །གཅིག་དགྲ་གཅིག་གི་སྒོང་བྱེད་དུས། །དེ་ཚེ་ང་ཡི་རྒྱུད་འདི་འབྱུང་། །ཞེས་རྒྱལ་པོ་ལི་བྱིན་ཧ་ར་ཉིད་ཀྱིས་གསུངས་སོ། །སྲོག་ལས་ཀྱི་རྒྱལ་བུ་སྲོག་བདག་གསེར་གྱི་ག་ཕུར་ལས། རྒྱུད་བཅངས་པའི་ཕན་ཡོན་དང་། མ་བཅངས་ཤིང་སྨད་པའི་སྐྱོན་དང་། དུས་ནམ་འབྱུང་བའི་ལེའུ་སྟེ་དགུ་པའོ།། །།སྲོག་ལས་ཀྱི་རྒྱལ་བུ་སྲོག་བདག་གསེར་གྱི་ག་ཕུར་ཞེས་བྱ་བ་གནོད་སྤྱིན་གྱི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་རྒྱུད་རྫོགས་སོ།། །། རྒྱ་གར་སྐད་དུ། ལྭ་ཀྟ་སརྦ་རྭ་ཛ་ཧ་ལ་ཛ་ལེ་ཙིཀྟ་གུ་རྒྱ་ཏནྟྲ། བོད་སྐད་དུ། གནོད་