Ngb-pt-0764-vol-08-text

From Rangjung Yeshe Wiki Texts
Revision as of 07:13, 20 March 2020 by Maintenance script (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search

Front

Body

སོ། མཉམ་ས་དག་ན་རྙེད་པར་འགྱུར། དམ་ཚིག་གཙང་ན་དངོས་གྲུབ་ཐོབ། གསུང་གི་རྒྱུད་མ་མོའི་ཟླ་གསང་གི་སྐབས་བཅུ་པའོ། གསུང་གི་རྒྱུད་མ་མོ་ཟླ་གསང་ཞེས་བྱ་བ་རྫོགས་སོ།། རྒྱ་གར་སྐད་དུ། ཨེ་ཀ་ཛི་ཏི་མན་ཀྭ་ལ་ནཱ་མ་ཏ་ནྟྲ། བོད་སྐད་དུ། རལ་གཅིག་མ་འདུས་པ་ནག་པོའི་རྒྱུད་ཅེས་བྱ་བ། དཔལ་ཡ་མན་ཏ་ཀ་ལ་ཕྱག་འཚལ་ལོ། །དེ་ནས་དཔལ་ཡ་མརྙ་ཀས། ཕྱག་ན་རྡོ་ལ་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་ཉོན་ཅིག ལྷ་མོ་ཨེ་ཛ་ཏི་ནི་ལྟ་བ་དང་ལྡན་པས་བསྒྲུབ་པར་བྱའོ། ལྟ་བ་དང་མི་ལྡན་ན་བརྩེ་ལོག་ཆེ། གདུག་པ་ཆེ། དགྲ་ལ་རྦད་ནས་གུས་པ་བླང་དུ་མི་འདོད་མི་བ་་པས། ལྟ་བ་མི་དམིགས་པ་གསུམ་དང་ལྡན་ན་གུས་པ་བླང་དུ་བཏུབ་པའོ། །འཁོན་ནག་རང་སར་གཞག་ན་གུས་པ་བླང་དུ་བཏུབ་པའོ། དགྲ་ལ་རྦད་ཙ་ན་ཆེ་གེ་མོ་སོད་ཅིག་ཅེས་བརྗོད་པ་ལས་རྩད་ནས་ཆོད་ཅིག་མ་བྱས་ན་གུས་པ་བླང་དུ་བཏུང་པོ། །དེ་གསུམ་དང་ལྡན་ནས་གུས་པ་བླང་བར་བྱའོ། དེ་ལ་མི་དམིགས་པ་གསུམ་ནི་བདག་ཀྱང་མི་དམིགས་པས་སྟོང་པ་ཉིད་དུ་བསྒོམ་སྟེ། ཨོ་བཛྲ་ཤུ་རྒྱ་ཏ་ཙྭ་ན་ཧཱུཾ༷། ཞེས་བརྗོད་དོ། གུས་པའི་གཟའ་ནོར་ཡང་མི་དམིགས་ཏེ། ཨོ་བཛྲ་སྭ་བྷ་བ་བི་༄༅། ཁུད་རྙོ་ཧཱུཾ༷། ཞེས་བརྗོད། དགྲ་ལ་འཁོན་ཡང་མ་དམིགས་སྟོང་པ་ཉིད་དེ། ཨོ་བཛྲ་སརྦ་ཤུད་རྙོ་ཧཱུཾ༷། ཞེས་བརྗོད་པས་ཐམས་ཅད་མི་དམིགས་པའོ། དེ་བཞིན་དུ་མ་མོ་ཡང་མི་དམིགས་པ་ཆོས་ཉིད་དུ་བསྒོམ་མོ། ཞེས་གསུངས་སོ། ལེའུ་དང་པོའོ།། །།དེ་ནས་འཁོན་ནག་རང་སར་བཞག་པ་ནི། འཁོན་འགྲས་རང་སར་བཞག་ཅེས་བྱ་བ་ཡོད་མ་མྱོང་། འཁོན་འདྲས་ཡོད་མི་སྲིད། ཐམས་ཅད་ཆོས་ཉིད་རོལ་པ་ཡིན། གལ་ཏེ་ཡོད་ན་ཡང་དམ་ཉམས་ཁོ་རང་སྡིག །བདག་དང་མ་མོ་ཡང་ཡེ་གདོད་ནས་ཡོད་མ་མྱོང་སྙམ་ལ་རང་སར་བཞག་གོ །དེའི་སྔགས་ན། ཨོ་ཨི་ཧོ་ཤུད་དེ། བི་ཧོ་ཤུད་དེ་ཤུད་དེ་ར༷་ཧོ་ཡང་ཤུད་དེ་ཤུད་དེ་ཨ་ཧི་ར༷་བ༷་ན་ར༷་ཨུ་ཨ་ཨ་གྲྭ་ཧྭ། ཞེས་བཟླས་ནས་ཁོང་རང་ལ་དགོས་པར་བསམ་མོ། བདག་དང་མ་མོ་ལ་མགོས་པར་བསམ་མོ། ཞེས་གསུངས་སོ། ལེའུ་གཉིས་པའོ།། །།དེ་ནས་དགྲ་བོས་རྒྱལ་དང་གུས་པ་བྱས་པའི་ཡོ་བྱད་ཐམས་ཅད་སྤུངས་ལ། གང་གི་ཨི་ཧོའི་སྔགས་དེ་ལན་བདུན་བཏབ་ལ་བདུད་རྩི་གཏོར་ལ་ཆ་གཅིག་དཀོན་མཆོག་ལ་འབུལ། ཆ་གཅིག་ལྷ་དང་མཁའ་འགྲོ་དམ་ཅན་ཆོས་སྐྱོང་ཚོགས་ལ་དབུལ། ཆ་གཅིག་འགྲོ་བ་ལ་བསྔོ། ཆ་གཅིག་ཆེར་བྱས་ལ་རྣལ་འབྱོར་བ་སྤྱད་ན་ཅི་ཡང་ཉེས་པ་དང་སྐྱོན་མི་ཡོང་ཞེས་དཔལ་ཆེན་པོ་ཡ་མན་ཏ་ཀས་བཀའ་སྩལ་ནས། ཕྱག་ན་རྡོ་རྗེ་ཡི་རང་ངོ། ལེའུ་གསུམ་པའོ།། །།འདུས་པ་ནག་པོའི་རྒྱུད་ཅེས་བྱ་བ་རྫོགས་སོ།། སམཐ །།དེ་ནས་ཡང་དཔལ་ཡ་མན་ཏ་ཀས། ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། སྤྱིར་དྲེགས་པ་སྐྲུབ་པ་ལ་ཕོ་མོ་གཉིས་ཡིན་ཏེ། ཐབས་དང་ཤེ་རབ་ཀྱི་ཚུལ་ལོ། །ཕོའི་རང་བཞིན་ཅད་ལ་བཙན། ཆགས་པ་ཆུང་། མོའི་རང་བཞིན་ཆགས་པ་ཆེ། ཟ་ལ་དགའ། འཁུ་ལྡོག་ཆེ་བ་ཡིན། དེས་ནམ་མོ་ཙམ་སྒྲུབ་པའི་དུས་སུ། མི་དམིགས་པས་ཟིན་པ་དང་འཁོན་ནག་རང་སར་བཞག་པ་ནི་ཤིན་ཏུ་ཡང་གནད་ཆེ་སྟེ། ཐམས་ཅད་ཀུན་ལ་རྒྱུག་ཅིང་གནད་དུ་འགྲོའོ། །ཕོ་སྒྲུབ་ཀུན་ལ་ཡང་ཕན་པར་འགྱུར་བ་ཡིན་ནོ། །ཞེས་གསུངས་སོ། ལེའུ་བཞི་པའོ།། །།དེ་ནས་ཡང་བཀའ་སྩལ་པ། བྲས་པ་ལེན་པའི་དུས་སུ་གོང་ལྟར་ཤེས་ཀྱང་འདི་ལྟར་བྱ་བ་གནད་ཡིན་ཏེ། དགྲའི་སྲོག་དབུགས་བསྡུ་བ་ཞེས་བྱ་བ། ཁོའི་གོས་བྱུང་བ་ཐམས་ཅད་དགྲའི་པགས་པར་བསྒོམ། ཟས་བྱུང་བ་ཐམས་ཅད་དགྲའི་ཤ་ཡི་རང་བཞིན་དུ་བསམ། སྐོམ་དྲངས་པ་ཐམས་ཅད་དགྲའི་སྙིང་ཁྲག་ཏུ་བསམ། བདག་ཡི་དམ་ལྷར་བསམ། ཐུགས་ཁར་ཉི་མའི་སྟེང་དུ་ཛ་བསམ། དེ་ལ་འོད་འཕྲོས་པས་ཐུགས་ཉི་མའི་སྟེང་དུ་དགྲ་བོའི་ཚེ་སྲོག་བཀུག་ལ་གོས་དང་བཏུང་བ་དང་ཟས་ལ་བསྟིམ། དེའི་སྔགས་ལ་ཡི་དམ་ལྷ་གང་རུང་གསལ་བས་སྤོ་ཛ་ཨུ་ཡུ་པ་ལ་ཛུ་ཛ། ཞེས་ཤིང་བུར་བཟློས་སོ། ཡི་དམ་ལྷ་ལ་ཕུལ་བས་དགེས། བདག་གི་གསོལ་བས་ཚེ་དང་ལྡན། མཁའ་འགྲོ་ཆོས་སྐྱོང་ལ་ཕུལ་བས་མཉེས་པར་བསམ། དེས་དགྲ་ལ་ཡང་ཁ་བསྟན་དུ་འགྲོ་བ་ཡིན་ཏེ་ཐམས་ཅད་ཀྱི་མན་ངག་གོ། ཞེས་གསུངས་སོ། ལེའུ་ལྔ་པའོ།། །།དེ་ནས་ཡང་བཀའ་སྩལ་པ། བསྟན་པ་བསྲུང་བར་འདོད་པས། བརྣག་པ་བསྲུང་བར་འདོད་པས། བརྣག་པའི་དགྲའོ་ཤི་ན་གཏང་རག་གཏང་བ་ལ། དགྲ་དེ་ཚན་ཆེ་སྟོབས་དྲག་རྗེས་དྲུང་པ་དྲག་པ་མང་བ་ཡོད་ན་ལྷས་མཐོང་བའི་གཏང་རག་བྱས་ལ། ཡི་དམ་ལྷ་དང་མཁའ་འགྲོ་ཆོས་སྐྱོང་ལ་རང་རང་གི་གང་ལྟར་དགོས་པའི་མཆོད་པ་བྱ། དར་ཕག་ཏུ་ཕྱར། ཁ་ཚགས་དམ་པར་བྱ། དགྲ་དེ་སྟོབས་ཆུང་བ་རྩད་ཞན་པ་རྗེས་མེད་པ་ཡོད་ན་གཏང་རག་མིས་མཐོང་བ་བྱས་ལ་སྔོན་དུ་དར་ཕྱར་བ་ལ་སོགས་བྱའོ། ཞེས་གསུངས་སོ། ལེའུ་དྲུག་པའོ།། །།དེ་ནས་ཡང་བཀའ་སྩལ་པ། རྣལ་འབྱོར་པ་ལ་བསྟན་པ་སྲུང་བར་བྱེད་པའི་དུས་སུ། དགྲ་དེ་ལ་འབྲེལ་པ་གང་ན་ཡོད་པ་དང་རྩད་གང་ན་ཡོད་དྲིས་ཏེ་བཏགས་ལ་རང་གི་བག་ཟོན་ཆེ་བར་བྱ་སྟེ། སྙིགས་མའི་དུས་སུ་གལ་ཆེའོ། ཞེས་གསུངས་སོ། ལེའུ་བདུན་པའོ།། །།ཡང་བཀའ་སྩལ་པ། སྤྱིར་རྣལ་འབྱོར་པ་ལྷ་མོ་རེ་མ་ཏི་བསྒྲུབ་པར་འདོད་ན། དམ་སྲི་བརྡུང་བ་དང་བསྐྲད་པ་གཙོ་བོར་བྱེད་དགོས། དེ་ནི་ལས་ཀྱི་ཉུལ་བ་ཡིན་ནོ། །ཡང་དཔལ་མགོན་པོ་དང་སྦྲེལ་ན་བཀྲ་ཤིས་སོ།ཞེས་གསུངས་སོ། ལེའུ་བརྒྱད་པའོ།། །།དེ་ནས་ཡང་བཀའ་སྩལ་བ། སྦྱིར་དམ་ཅན་དང་ཆོས་སྐྱོང་སྒྲུབ་པ་ལ། ཕོ་དང་མོ་མ་སྦྲེལ་བར་མོ་རྐྱང་དུ་བསྒྲུབས་ན། དེ་ནང་ཟན་བྱེད་པའི་ཁྱི་མོ་དང་འདྲའོ། །མོ་དང་མ་སྦྲེལ་བར་ཕོ་རྐྱང་དུ་བསྒྲུབ་ན།རྗེ་བོས་མ་ཆུན་པའི་འཁོར་པོ་དང་འདྲའོ། དེ་བས་ན་ཐབས་ཤེས་རབ་ཟུང་དུ་སྦྲེལ་ལ་བསྒྲུབ་པར་བྱའོ། །ཞེས་གསུངས་སོ། །ལེའུ་དགུ་པའོ།། །།དེ་ནས་འཇམ་དཔལ་ཡ་མན་ཏ་ཀས་གསང་བདག་ལ་བཀའ་སྩལ་བ། ཉོན་ཅིག་རྒྱུད་འདི་ནི་འདུས་པ་ནག་པོ་གསངབའི་རྒྱུད་བྱ། ཤིན་ཏུ་གསང་བ་རྣལ་འབྱོར་པ་བདེ་བ་དང་ལྡན་པར་བྱ་བའི་ཐབས་ཁྱད་པར་ཅན་ཡིན་ཏེ། ཡོད་ཅེས་ཀུན་ལ་མི་བསྟན་པར་སེམས་ལ་བཅང་ཞིང་གཟུང་བར་བྱ། ཤིན་ཏུ་གསང་བ་རྣལ་འབྱོར་བ་བདེ་བ་དང་ལྡན་པར་བྱ་བའི་ཐབས་ཁྱབ་པར་ཅན་ཡིན་ཏེ། ཡོད་ཅེས་ཀུན་ལ་མི་བསྟན་པར་སེམས་ལ་བཅང་ཞིང་གཟུང་བ་བྱ། ཡོད་ཅེས་གྲགས་པས་མི་ངོམ། བློ་ལ་བླངས་ལ་རི་དང་རྫ་འམ་བྲག་ལ་རྦའོ། །ཞེས་དཔལ་ཡ་མན་ཏ་ཀས་གསུངས་པ་དང་། གསང་བའི་བདག་པོ་ཡི་རངས་ནས་མངོན་པར་བསྟོད་པར་གྱུར་ཏེ། ལེའུ་བཅུ་པའོ།། །།རལ་གཅིག་ནག་མོ་འདུས་པ་ནག་པོའི་རྒྱུད་བྱ་བ་རྫོགས་སོ།། །། ༑ རྒྱུད་འདི་སློབ་དཔོན་རོམ་བུ་ལྷུ་ཡ་དེ་བ་ཙན་ཏྲས་རྡོ་རྗེ་གདན་གྱི་བྱང་ངོས་ནས་བྲག་ཕུག་སྒོ་ང་རང་འཁྲུངས་ཀྱི་ནང་ནས་བཏོན་ཏེ། བོད་ཀྱི་བན་དེ་རྡོ་རྗེ་ཡང་དབང་གཏེར་ལ་གཏད་པའོ། །ས་མཐན། རྒྱ་རྒྱ་རྒྱ། བདག་འདྲ་སངས་རྒྱས་ཡེ་ཤེས། རྒྱ་གར་མཁས་པའི་ཞལ་བརྒྱུད་ནས། གསང་བའི་རྒྱུད་འདི་ཞུས་ནས་སྒྱུར། སྤེལ་བར་བྱ་མིན་སྙིང་དང་འདྲ། ལས་འཕྲོ་ཅན་ལ་བཙས་སུ་སྦས། དམ་ཚིག་ཅན་ལ་ཕན་ཐོགས་ཤོག །ས་མ་ཐ་རྒྱ་རྒྱ་རྒྱ་ཨཐ། ། རྒྱ་གར་སྐད་དུ། ཁམས་ཐ་ཐར་ཐ་ཐ༷༷ བོད་སྐད་དུ། ཨེ་ཀ་ཛ་གི་སྙིང་ཐུན་གསང་བ་སྤུ་གྲིའི་རྒྱུད་ཅེས་