ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་རྣམ་ཐར་ ལེའུ་དྲུག་པ
༈ ལེའུ་དྲུག་པ་ཨུ་རྒྱན་དང་རྒྱལ་པོའི་བསྐྱར་ཆོག་པ་མཇལ་བ།
རྩོལ་མེད་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་བོད་དུ་བྱུང་བའི་ལོ་རྒྱུས་ནི༔ དེ་ལ་ཆོས་དང་འབྲེལ་བའི་རྒྱལ་པོའི་སྐུ་དྲིན་ལ་ཆོས་ཀྱི་བྱུང་ལུགས་ནི་གསུམ་སྟེ༔ ལྷ་ཐོ་ཐོ་རི་སྙན་ཤལ་གྱི་སྐུ་དྲིན་ལ་དམ་པ་ཆོས་ཀྱི་དབུ་བརྙེས༔ སྲོང་བཙན་སྒམ་པོའི་སྐུ་དྲིན་ལ་སྲོལ་བཏོད༔ ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དྲིན་ལ་དར་ཞིང་རྒྱས་པར་མཛད་པའོ༔ དང་པོ་ནི་ལྷ་ཐོ་ཐོ་རི་སྙན་ཤལ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྲུལ་པ་ཡིན་ཏེ༔ དེའི་སྐུ་དྲིན་ལ་མཆོད་རྟེན་ཕྱག་རྒྱས་བཏབ་པ་དང་༔ མདོ་སྡེ་ཟ་མ་ཏོག་བཀོད་པ་དང་༔ སྤང་སྐོང་ཕྱག་རྒྱ་པ་དང་གསུམ་བྱུང་༔ རྗེའི་དཀར་ཆོས་སུ་མཆོད་རྟེན་དབུའི་གཙུག་ཏུ་ཁུར་བས་ཕན་ཡོན་ནི༔ རྗེ་སྐུ་བགྲེས་པ་ལས་ལོ་བཅུ་དྲུག་པར་གྱུར་ཏེ༔ སྐུ་ཚེ་གཅིག་ལ་ལུས་གཞོན་པ་ལན་གཉིས་བཞེས་པའི་རྒྱལ་པོ་ཡིན་ནོ༔ དེ་ནི་དམ་པའི་ཆོས་ཀྱི་དབུ་བརྙེས་པའོ༔ དེའི་སྲས་རྒྱལ་བུ་འབྲོམ་གཉེན་ལྡེའུ་ལ་སྙུན་ནམ་སྲིད༔ དེའི་སྲས་སྟག་གུ་གཉན་གཟིགས་ལ་དམུས་ལོང་སྲིད་དེ༔ ནོངས་ཀྱིས་ཕོག་པའི་རྒྱལ་པོ་གཉིས་སོ༔ དེ་ཡན་ཆད་དགུང་དུ་གཤེགས་པའི་རྒྱལ་པོའོ༔ དེའི་སྲས་གནམ་རི་སྲོང་བཙན་མན་ཆད་ཀྱིས་བང་སོ་ས་ལ་བཏབ་སྟེ༔ རྒྱལ་པོ་མར་བབས་པའི་ས་མཚམས་སོ༔ དེའི་སྲས་སྲོང་བཙན་སྒམ་པོའི་སྐུ་དྲིན་ལ་རྒྱ་གར་མཁས་པ་ལི་བྱིན་སྤྱན་དྲངས༔ ཐོན་མི་སམ་བྷོ་ཊས་ཡི་གེ་བསྒྱུར༔ ཙིནྡ་མ་ནི་རིན་པོ་ཆེའི་འདུས་པ་ཏོག༔ དགེ་བ་བཅུའི་མདོ་ལ་སོགས་མང་དག་བསྒྱུར༔ གཙུག་ལག་ཁང་མཐའ་འདུལ་བཞི༔ ཡང་འདུལ་བཞི༔ རུ་འདུལ་བཞི༔ ལྷ་སའི་གཙུག་ལག་ཁང་ཆེན་གཉིས་ལ་སོགས་བཞེངས༔ ལྷ་ཤཱཀྱ་མུ་ནེ་སྤྱན་དྲངས༔ རྡོ་རིང་གནམ་གྱི་ཀ་བ་བཙུགས༔ རྩ་བ་བཞི་སྡོམ་པའི་ཕྱིར་དུ་གཏན་ཁྲིམས་ལྔ་བཅས༔ དེའང་མི་ཚངས་པར་སྤྱོད་པ་ལ་བྱི་འཇལ༔ མ་བྱིན་པར་བླངས་པ་ལ་རྐུ་འཇལ༔ སྲོག་གཅོད་པ་ལ་སྟོང་༔ བསད་པ་མ་ཤི་བ་ལ་བསོས༔ རྫུན་ལ་མནའ༔ དེ་ལྟར་ཁྲིམས་བཅས་དམ་པར་མཛད་དེ༔ དམ་པ་ཆོས་ཀྱི་སྲོལ་ལེགས་པར་བཏོད་པའོ༔ ཕྱིས་གདུང་རབས་ལྔ་ན་བསྟན་པ་དར་བར་ལུང་བསྟན་ནོ༔ དེའི་སྲས་མ་སྲོང་མང་བཙན་དགུང་ལོ་བཅུ་དགུ་ལ་སྲས་གུང་སྲོང་གུང་བཙན་གཟིགས་དེར་ཡབ་འདས༔ མེས་ཀྱིས་ཡང་རྒྱལ་སྲིད་བཞེས༔ དེས་ན་སྐུ་ཚེ་གཅིག་ལ་རྒྱལ་སྲིད་གཉིས་བཞེས་ནས་དབོན་ལ་གཏད་པའི་མེས་པོ་དེའི་སྲས་འདུ་སྲོང་པོ་རྗེ་རླུང་རྣམ་འཕྲུལ་གྱི་རྒྱལ་པོ༔ དེ་གསུམ་གྱིས་སྔར་གྱི་སྲོལ་བཟུང་སྟེ་གཙུག་ལག་ཁང་རེ་ཡང་བཞེངས༔ མངའ་ཐང་ཡང་འཕེལ་ལོ༔ དེའི་སྲས་ཁྲི་ལྡེ་གཙུག་བརྟན་ཨག་ཚོམ་གྱི་སྐུ་རིང་ལ༔ ཧ་ཤང་རྒན་པོ་ལ་སོགས་སྤྱན་དྲངས༔ ལྷ་སའི་མཁར་བྲག་དམར་མགྲིན་བཟང་༔ དཀར་ཆུང་༔ མཆིམས་ཕུ་ནམ་རལ་གླིང་གི་ཁྲི་རྩེ་དང་༔ ལྷ་ཁང་ལྔ་བཞེངས༔ སྲས་འཇང་ཚ་ལྷ་བོན་ལ་རྒྱལ་མོ་ཨོང་ཇོ་བླངས་པས་སྲས་གྲོངས༔ མནའ་མ་ཉིད་ཀྱིས་བཞེད་པ་ལ་ཁྲི་སྲོང་ལྡེའུ་བཙན་གཟིགས་པས༔ མེས་པོ་དེའི་བློན་པོ་མཆིམས་ཁྲི་ཐོག་རྗེ་ལྷ་འབར་དང་༔ ཅོག་རོ་སྐྱེས་པ་རྒྱལ་གོང་དང་༔ སྣ་ནམ་ཞང་ཁྲོམ་སྐྱེས་དང་གསུམ་གྱིས་ཆོས་བསྣུབས༔ དཀར་ཆུང་དང་བྲག་དམར་བཤིག༔ ཤཱཀྱ་མུ་ནེ་མང་ཡུལ་དུ་བསྐྱལ༔ ཕྱིས་ཆོས་མི་བྱེད་པའི་བཀའ་ཁྲིམས་བྲིམས་སོ༔ དེར་དེ་གསུམ་ལ་བཀའི་ཆད་པ་བྱུང་བས་རྒྱལ་པོ་ཆོས་ལ་དད་པ་སྐྱེས་ཏེ༔ དེར་རྒྱལ་པོས་འབངས་རྣམས་བློ་བསྒྱུར་ཏེ༔ སྦ་གསལ་སྣང་མང་ཡུལ་དུ་ཁ་གནོན་ལ་གཏོང་བ་ལྟར་བྱས་ནས་ལོ་ཙྪ་སློབ་ཏུ་བཅུག་ནས༔ སློབ་དཔོན་བོ་དྷི་སཏྭ་ཤཱནྟི་རཀྴི་ཏ་སྤྱན་དྲངས༔ དེས་ཤཱཀྱ་མུ་ནེ་སླར་སྤྱན་དྲངས་སོ༔ དེ་ཚུན་ཆད་སླར་སྤྱན་དྲངས་ཏེ་དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ་དཔལ་གྱི་བསམ་ཡས་བཞེངས་པར་ཐུགས་ཀྱིས་དགོངས་ཏེ༔ འབངས་བློན་ཉེ་བ་འགའ་བསགས་ནས༔ བདག་འདུས་བྱས་ཀྱི་དགེ་བའི་རྩ་བ་ལ་གཙུག་ལག་ཁང་གཅིག་བཞེངས་སུ་གསོལ་བའི་གྲོས་བྱས་པས༔ བློན་པོ་རྣམས་ཀྱིས་མཆིད་ནས་དེ་སྐད་བྱས་ན༔ རྗེའི་ཐུགས་དགོངས་དེ་རང་ཡང་མི་འབྱོངས་པས༔ བློན་འབངས་རྣམས་བསགས་ལ་འདི་སྐད་གསུངས་ཤིག་པར་བགྲོས་སོ༔ ཡང་ན་ཧས་པོ་རི་ཟངས་ཀྱི་སྦུབས་སུ་འཇུག་གམ༔ ཡང་ན་དགེ་རྒྱས་བྱེ་མ་གླིང་གསེར་ཕྱེས་འགེངས་སམ༔ ཡང་ན་གཡས་རུ་གཙང་པོ་འདི་ལྕགས་ཀྱི་སྦུབས་སུ་འཇུག་གམ༔ ཡང་ན་ཧས་པོ་རིའི་རྩེ་མོར་ཤེལ་གྱི་མཆོད་རྟེན་ཞང་པོ་རྒྱའི་ཡུལ་དུ་མཐོང་བ་ཞིག་བརྩིག་གམ༔ ཞེས་གསུངས་ཤིག༔ དེའི་དུས་སུ་བདག་ཅག་ལ་ལས་དེ་ཙམ་མི་འགྲུབ་ཅེས་བཀའ་གཅོག་པའི་ཚུལ་གྱིས༔ ལ་ལས་གཙུག་ལག་ཁང་བཞེངས་པའི་ཚུལ་བགྱི་ཡིས་ཞེས་ཟེར་རོ༔ དེར་རྗེ་འབངས་བློན་རྣམས་བསོགས་ནས་གོང་གི་གདམ་ཁ་ཀུན་བོར་བས༔ འབངས་རྣམས་ཀྱིས་དེ་ཙམ་མི་འགྲུབ་ཅེས་གླེང་༔ བློན་པོ་རྣམས་ཀྱིས་གོང་གི་གྲོས་བྱས་པ་བཞིན་གླེངས་སོ༔ དེར་གཞུག་ཏུ་གཙུག་ལག་ཁང་བཞེངས་པར་གྲོས་འཆམ་མོ༔ དེ་ནས་མེ་མོ་གླང་ལོ་ལ་བསམ་ཡས་གླིང་བཞི་གླིང་ཕྲན་བཅུ་གཉིས་སུ་ཡཀྴ་རྟ་མགོ་ཉི་ཟླ་གཉིས་ཀྱི་ཚུལ་དུ་བྱས༔ ས་རིས་བཅད་ནས་མཁན་པོས་ས་བཏུལ་ཏེ༔ རྒྱལ་པོའི་སྐུ་ལ་དར་དཀར་གྱི་ན་བཟའ་གསོལ་ཏེ༔ ཕྱག་ཏུ་གསེར་གྱི་འབྱོར་པ་སྨན་སྣ་བྱུག༔ ས་ལ་ཁྲུ་གང་བརྐོས་པའི་འོག་ནས་ས་ཞག་དཀར་དམར་སེར་གསུམ་བྱུང་བ་དེ་རྒྱལ་པོའི་ཞལ་དུ་གསོལ་ཞིང་དབུ་ལ་བྱུག༔ མཁན་པོའི་ཞལ་ནས༔ རྗེའི་བསམ་པ་འགྲུབ་བོ༔ བསྟན་པ་རབ་ཏུ་དར་བར་གྱུ་ཅིག་གསུངས༔ དེ་ནས་རྩིག་པའི་རྨང་བཅུག་བརྩིགས་པ་ལས༔ ཨཱརྻ་པ་ལོ་ན་ཀླུ་གནས་པའི་བསེ་ཕུང་གཅིག་ཡོད་པ་ལ༔ བསེ་ཕུང་གཅོད་པར་ཤེས་ནས་ཀླུ་དེས་མ་བཟོད་པར་ལྷ་འདྲེ་ཐམས་ཅད་རི་བསློགས་ནས༔ དགེ་བསྙེན་གསུམ་དང་གནོད་སྦྱིན་མི་མ་ཡིན་དང་༔ བོད་ཀྱི་ལྷ་འདྲེས་གཙོ་བྱས་རྣམས་ཀྱིས་ཉིན་མོ་བརྩིགས་པ་མཚན་བཤིག༔ ས་རྡོ་ཐམས་ཅད་གནས་སུ་བསྐྱལ་བ་ལ༔ དེ་ནས་མངའ་བདག་རྒྱལ་པོས་མཁན་པོ་ལ་ཞུས་པ༔ ད་ལྟ་མ་འོངས་སེམས་ཅན་ཀུན་གྱི་སྐྱབས་གནས་སུ་གཙུག་ལག་ཁང་འདི་ལེགས་པར་བཞེངས་འདོད་པས༔ བདག་སྒྲིབ་པ་ཆེ་བའམ༔ མཁན་པོས་བྱིན་གྱིས་མ་རློབ་པ་ལགས་སམ༔ བསམ་པ་མི་འགྲུབ་པ་ལགས་སམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བདག་ནི་བྱང་ཆུབ་སེམས་ལ་བློ་འབྱོངས་ཀྱང་༔ ཞི་བས་མི་ཐུལ་བར་དྲག་པོས་འདུལ་དགོས་པར་འདུག་པས༔ རྒྱ་གར་རྡོ་རྗེ་གདན་ན་ཨུ་རྒྱན་པདྨ་འབྱུང་གནས་ཞེས་བྱ་བ༔ རིག་པའི་གནས་ལྔ་ལ་མཁས་པ༔ དོན་གྱི་རྩལ་འབྱོངས་པ༔ མཆོག་ཐུན་མོང་གི་དངོས་གྲུབ་བརྙེས་པ༔ བདུད་བཅོམ་སྡེ་བརྒྱད་བྲན་དུ་ཁོལ་བ༔ ལྷ་འདྲེ་འདར་ཞིང་འབྱུང་པོ་རྣམས་འདུ་བ༔ དུས་གསུམ་སངས་རྒྱས་ཀྱི་མཆོག་དེ་སྤྱན་དྲངས་ན་ལྷ་འདྲེས་ཕྲ་མི་ནུས་ཏེ་ཐུགས་དགོངས་མཐར་ཕྱིན་ནོ་གསུངས༔ རྒྱལ་པོའི་ཞལ་ནས་སྤྱན་མི་དྲང་ངམ་ཞུས་པས༔ སྔོན་གྱི་སྨོན་ལམ་ཡོད་པས་སྤྱན་དྲོངས་གསུངས༔ སྤྱིར་ན་ཡང་དག་པར་རྫོགས་སངས་རྒྱས་ཀྱིས་འགྲོ་བའི་དོན་མཛད༔ སངས་རྒྱས་མི་ཡུལ་དུ་བྱོན༔ ཁྱད་པར་འཕགས་པ་སྤྱན་རས་གཟིགས་ཀྱིས་འགྲོ་བ་དཔག་མེད་འཁོར་བའི་རྒྱ་མཚོ་ལས་གྲོལ༔ ཕོ་བྲང་རི་བོ་པོ་ཏ་ལར་བྱོན་པ་སེམས་ཅན་གཅིག་ཀྱང་མེད་སྙམ་གཟིགས་པས༔ འགྲོ་བ་ཉུང་ངུ་མ་སོང་གི་སྟེང་དུ་མང་དུ་སོང་འདུག་པས༔ སྤྱན་རས་གཟིགས་ཀྱང་དོན་མི་འདུག་སྙམ་སྤྱན་གཉིས་ནས་སྤྱན་ཆབ་གཉིས་བྱུང་སྟེ༔ སྲིན་ལག་གཉིས་ཀྱིས་གཏོར་ནས་མ་འོངས་པའི་དུས་སུ་སྤྱན་ཆབ་གཉིས་ཀྱིས་འགྲོ་བའི་དོན་བྱེད་པར་ཤོག་ཅེས་སྨོན་ལམ་བཏབ་པས༔ ལྷ་ཡུལ་དུ་དབང་པོ་བརྒྱ་བྱིན་གྱི་སྲས་མོ་གཉིས་བྱུང་སྟེ༔ ལྷ་མོ་གང་མ་གང་ཆུང་གཉིས་བྱུང་སྟེ༔ གང་ཆུང་གིས་ལྷའི་མེ་ཏོག་བརྐུས་པས་ལྷའི་འདུལ་ཁྲིམས་ཉམས་པས༔ མི་ཡུལ་དུ་ལྷུང་བས་བལ་ཡུལ་དུ་བུ་རྫི་གསལ་ལེའི་བུ་མོ་བདེ་མཆོག་སྐྱེ་བྱ་བར་སྐྱེས་པ་ལ༔ རིགས་ངན་བཞི་དང་བཤོས་པས་བུ་བཞི་བྱུང་སྟེ༔ རྟ་རྫི༔ ཕག་རྫི༔ ཁྱི་རྫི༔ བྱ་རྫི་བཞིའི་བུ་བཞི་བྱུང་སྟེ༔ ཚོས་བླ་བསགས་ནས་བུ་བཞི་རབ་ཐང་བསོས་ནས༔ བླ་ལྷག་མས་མཆོད་རྟེན་བྱ་རུང་ཁ་ཤོང་བཞེངས༔ དེའི་བུམ་པའི་ཁར་གོམ་པ་དགུ་དགུ་ཡོད་པ་བྱེད༔ བུམ་པ་མ་ཟིན་པར་མོ་ཚེའི་དུས་བྱས་ནས༔ ལྷ་མོ་པྲ་མོ་ཧ་བྱ་བར་སངས་རྒྱས༔ དེ་ནས་བུ་བཞི་གྲོས་བྱས་ཏེ་མཆོད་རྟེན་གྱི་བུམ་པ་བཏགས་ནས༔ ཆེ་ཤོས་ཀྱིས་ས་བདག་རྒྱལ་པོར་སྐྱེ་བར་ཤོག་ཅེས་སྨོན་ལམ་བཏབ༔ གཅིག་གིས་མཆོད་རྟེན་ལ་བུམ་པ་བཏགས་པས་བདག་སངས་རྒྱས་ཀྱི་བསྟན་པ་སྐྱོང་བར་ཤོག་ཅེས་སྨོན་ལམ་བཏབ༔ གཅིག་གིས་མཆོད་རྟེན་ལ་བུམ་པ་བཏགས་པའི་མཐུས་རིག་འཛིན་སྔགས་འཆང་རྫུས་སྐྱེས་ལྷ་འདྲེ་མི་གསུམ་འདུལ་ཞིང་སངས་རྒྱས་བསྟན་པ་བསྲུང་བར་ཤོག་ཅེས་སྨོན་ལམ་བཏབ༔ གཅིག་གིས་སྤུན་ཟླ་རྣམས་ཀྱི་ཕྲིན་ལས་དང་བློན་པོ་བྱེད་པར་ཤོག་ཅེས་སྨོན་ལམ་གྱི་འབྲེལ་བ་ཡོད་པས་སྤྱན་དྲོངས་གསུངས༔ དེའི་རྒྱལ་པོ་ནི་ཁྱོད་ཡིན༔ མཁན་པོ་ནི་བདག་བོ་དྷི་སཏྭ་ཡིན༔ རིག་འཛིན་ནི་པདྨ་འབྱུང་གནས་ཡིན༔ ཕྲིན་ལས་བློན་པོ་ནི་ད་ལྟའི་ཡར་ཀླུང་སྦ་ཁྲི་བཞེར་འདི་ཡིན་གསུངས༔ སྦ་ཁྲི་བཞེར་རྡོ་རྗེ་བདུད་འཇོམས་དང་༔ མཆིམས་ཤཱཀྱ་པྲ་བྷ་དང་༔ ཤུད་པོ་དཔལ་གྱི་སེང་གེ་དང་གསུམ་ལ་གསེར་ཕྱེ་བྲེ་རེ་དང་གསེར་གྱི་པ་ཏྲ་རེ་བསྐུར་ནས་གདན་འདྲེན་པ་ལ་རྒྱ་གར་དུ་བརྫངས༔ དེ་ནས་བང་ཆེན་པ་གསུམ་པོས་རྒྱ་གར་དུ་བསྒྲོད་དེ་གསེར་ཕྱེ་བྲེ་གང་རྒྱ་གར་རྒྱལ་པོ་ལ་ཕུལ༔ གསེར་གྱི་པ་ཏྲ་བཀའ་ཕྲིན་པ་ལ་ཕུལ༔ བྲེ་གང་དང་པ་ཏྲ་གཅིག་བླ་མཆོད་པཎྜི་ཏ་རྣམས་ལ་ཕུལ༔ བྲེ་གང་དང་པ་ཏྲ་གཅིག་ཨུ་རྒྱན་པདྨ་ལ་ཕུལ་ནས་གསོལ་པ༔ སློབ་དཔོན་ཆེན་པོ་རྒྱལ་པོ་ཡོན་ནོ་དགོངས༔ བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཉིད༔ བསྟན་པའི་གཞི་མ་ཐུགས་དམ་གཙུག་ལག་ཁང་༔ བཞེངས་པར་འཚལ་བས་ལྷ་འདྲེ་རྣམས་ཀྱིས་བཀག༔ ས་གཞི་བྱིན་རླབས་རབ་གནས་བྱ་ཕྱིར་དང་༔ སངས་རྒྱས་བསྟན་པ་འཛིན་སྐྱོང་བསྲུང་བའི་ཕྱིར༔ སྤྱན་འདྲེན་མཆིས་པས་ཐུགས་རྗེས་བཟུང་བར་ཞུ༔ ཞེས་གསོལ་པས༔ ཨུ་རྒྱན་ཆེན་པོས་བཀའ་གནང་ནས༔ ས་ཕོ་རྟ་ལོ་དགུན་ཟླ་འབྲིང་པོའི་ཚེས་བཅོ་ལྔའི་སྐར་མ་སྨིན་དྲུག་ལ་ཤུལ་ལམ་ཞུགས༔ གནམ་སྟོང་ཉིན་བར་བལ་ཡུལ་མཐིལ་དུ་ཕེབས༔ ཨུ་རྒྱན་པདྨས་བཀའ་སྩལ་པ༔ བོད་ཀྱི་ལྷ་འདྲེ་གཟིངས་ལངས་ནས་འདུག་མངལ་སྐྱེས་ཀྱིས་ལྷ་འདྲེའི་ཟིལ་མི་ཐུབ༔ ལོ་ཙྪ་བ་གསུམ་པོ་སྔོན་ལ་སོང་༔ ང་ཡིས་ལྷ་འདྲེ་འདུལ་ཞིང་ཕྱིས་ནས་ཡོང་གསུངས་ནས༔ བྱིན་རླབས་མཛད་སྲུང་བ་བཏགས་ནས་སྔོན་ལ་བཏང་༔ ཨུ་རྒྱན་ཆེན་པོས་བལ་ཡུལ་དུ་ཟླ་བ་གསུམ་བཞུགས༔ བལ་པོ་བྷ་སུ་དྷ་ར་ལ་སོགས་ལ་བལ་པོར་འགྲོ་དོན་རྒྱ་ཆེན་པོ་མཛད༔ ཨེའི་གཙུག་ལག་ཁང་༔ ཨ་སུ་ར༔ ཡང་ལེ་ཤོད༔ ཤིང་ཀུན་ལ་སོགས་གཙུག་ལག་ཁང་རྣམས་དང་༔ ས་བཙན་བྲག་རྣམས་ལ་གཏེར་ཁ་སྟོང་རྩ་སྦས༔ དེ་ནས་དབྱར་ཟླ་ར་བའི་ཚེས་གཅིག་ལ་བོད་དུ་བྱོན་པར་དགོངས་པའི་ཚེ་རྒྱ་བལ་གྱི་ཤིང་ཐམས་ཅད་རྩེ་མོ་བོད་ལ་སྟོན༔ མེ་ཏོག་ཐམས་ཅད་བོད་ལ་ལྟས་ནས་ཁ་བྱེ༔ རྒྱ་དང་བལ་པོའི་པཎྜི་ཏ་ཐམས་ཅད་རྨིས་ལྟས་ལོག༔ ཉི་ཟླ་དུས་གཅིག་བོད་དུ་ནུབ༔ རྒྱ་གར་གྱི་ཆོས་མ་ལུས་པ་ཐམས་ཅད་བོད་དུ་སོང་༔ མཐའ་འཁོབ་གཙུག་ལག་ཁང་གིས་གང་བ་རྨིས༔ དེའི་ཚེ་མཁའ་འགྲོ་སྡེ་བཞི་ཆོས་ལ་སེར་སྣ་སྐྱེས་ཏེ་བོད་དུ་མི་བཞུད་པར་ཞུ་བཤོལ་བཏབ་པ༔ རྡོ་རྗེ་སློབ་དཔོན་དགོངས་མཛོད་དང་༔ རྩི་ཤིང་རྩེ་མོ་སྟོན་ལུགས་སམ༔ མེ་ཏོག་ཁ་ཡི་སྟོན་ལུགས་སམ༔ པཎྜི་རྣམས་ཀྱི་རྨིས་ལྟས་སམ༔ དཀྱིལ་འཁོར་མདངས་ཡལ་སྐྱོན་ལུགས་སམ༔ སློབ་དཔོན་བོད་དུ་བཞུད་བཞུད་འདྲ༔ ནམ་མཁའ་གཡོ་འགུལ་མེད་ལགས་ཏེ༔ འབྱུང་བཞི་མཐའ་རྒྱས་ལྷུན་གྱིས་གྲུབ༔ སློབ་དཔོན་གཤེགས་བཞུད་མ་མཛད་ཀྱང་༔ འགྲོ་དོན་མཐའ་རྒྱས་ལྷུན་གྲུབ་བོ༔ སློབ་དཔོན་མི་གཤེགས་བཞུགས་པར་ཞུ༔ ཞེས་གསོལ་པས༔ སློབ་དཔོན་གྱིས་ལན་གསུངས་པ༔ མཁའ་འགྲོ་དམ་ཅན་ཚུར་གསོན་དང་༔ ནམ་ལས་བསྐུལ་བའི་རྩི་ཐོག་འབོག༔ གདུལ་བྱ་སྤྲུལ་པའི་ཐུགས་རྗེ་སྐྱེས༔ ལས་ཆོས་མཐོང་ནས་སྡོད་མི་ཁོམ༔ ཁྱུང་གཤོག་རྒྱས་པ་མཁའ་ལ་འཕྱོ༔ རང་དོན་ཕུན་ཚོགས་སྔོན་དུ་སོང་༔ ཕྱོགས་མེད་གཞོན་ནུ་དུས་ལ་བབ༔ མ་སྲིང་མཁའ་འགྲོ་གྲོགས་ལ་ཆོས༔ ཞེས་གསུངས་ནས་མང་ཡུལ་དུ་བྱོན༔ བལ་མོ་ཤཱཀྱ་དྷེ་བ་ལུང་བསྟན་མཛད༔ དེ་ནས་མི་རབས་ཉིས་བརྒྱ་ལྷག་སོང་ནས༔ མངའ་རིས་སྐོར་གསུམ་སྤུ་རངས་མང་ཡུལ་དུ༔ གདུང་རྒྱུད་རྒྱལ་པོ་མགོན་གསུམ་ཞེས་པ་བྱུང་༔ ཁ་ཆེར་འཕགས་པ་མཆེད་གསུམ་སྟོད་ཧོར་གྲགས༔ བལ་ཡུལ་ཨེའི་གཙུག་ལག་ཁང་ནང་ནས༔ ཨུ་རྒྱན་སྦས་པ་དམ་པའི་ཆོས་གཏེར་རྡོལ༔ གྲོང་ཁྱེར་གླང་ལར་གཙུག་ལག་དཔལ་དགེ་འབྱུང་༔ ཆོས་ཕྱོགས་དབུལ་ཕོངས་ལུས་སྲོག་མི་ལྟ་ན༔ སངས་རྒྱས་བསྟན་པའི་སྲོག་ཤིང་ཀ་བ་བཙུགས༔ ཞེས་གསུངས་སོ༔ དེ་ནས་བལ་མོ་ཤཱཀྱ་དྷེ་བས་ཆོས་ཕྱོགས་ལྟར་བྱེད༔ མིའི་བྲུན་ལྟར་བྱེད༔ བཟོད་པར་ཞུ་ཞེས་གསོལ་པས༔ ཨུ་རྒྱན་རིན་པོ་ཆེའི་ཐུགས་ཀྱིས་མཁྱེན༔ ལས་འཕྲོའི་དབང་གིས་གདུལ་བྱའི་དུས་ལ་བབ༔ བལ་ཡུལ་ཉི་མ་ཁུང་གི་མཚོ་ཁར་སླེབ་པའི་ཚེ༔ རྒྱལ་པོའི་བསྐྱར་ཆོག་མི་བདུན་དག་དང་ཕྲད༔ ནམ་མཁའ་སྙིང་པོས་གཙོ་བྱས༔ སྦས་མ་རྗེ་གསལ་སྣང་༔ སེང་མགོ་ལྷ་ལུང་༔ ཁ་མི་དཀྲུགས་སིང་༔ ཅོག་རོ་དཔལ་མགོན༔ སྣ་ནམ་བདུད་འདུལ་ཤ་མི་པུ་ཏྲ་ཤྲཱི༔ བློན་པོ་སྟག་ནག་སྟོང་གཟིགས་རྣམས་མང་ཡུལ་གྱི་ཁ་གནོན་ལ་གཏོང་བ་ལྟར་བྱས༔ སློབ་དཔོན་འདྲེན་དུ་བཏང་ནས་བང་ཆེན་པ་བདུན་པོས་སློབ་དཔོན་དང་མཇལ༔ གསེར་ཕྱེ་གྲིལ་བའི་ཡི་གེ་ཕྱག་ཏུ་ཕུལ༔ ཡོངས་སུ་འཚོལ་བ་ཁོ་ན་ཉིད་ལ་དགོངས༔ ཆོས་ཀྱི་ཀུན་དགའ་འཕེལ་བའི་དགའ་སྟོན་འཆར༔ བཀྲ་ཤིས་བཟང་ལྡན་ཡིད་ལ་རེ་བ་སྐོང་༔ དེ་ཡིས་བསྐྱེད་དེ་དམ་ཆོས་སྤྱོད་ལ་དད༔ ཅེས་པའི་ཡི་གེ་ཕུལ༔ དེ་ནས་བསྐྱར་ཆོག་པ་གསུམ་པོ་སྔོན་ལ་བཏང་༔ སློབ་དཔོན་གྱིས་ནམ་མཁའ་ལ་བྱོན་ནས་མང་ཡུལ་གུང་ཐང་དུ་ཟླ་བ་གསུམ་བཞུགས༔ ཕུག་མཐའི་ནང་དུ་ཡིད་བཞིན་ནོར་བུའི་གཏེར་གཅིག་སྦས༔ ཡང་རྒྱལ་པོས་སྐ་བ་དཔལ་བརྩེགས༔ རྡོ་རྗེ་བདུད་འཇོམས༔ ཅོག་རོ་ཀླུ་ཡི་རྒྱལ་མཚན་གསུམ་ལ་གསེར་ཕྱེ་བསྐུར་ནས༔ ལམ་ལ་ཉིན་ཤད་མཚན་ཤད་དུ་བརྫངས༔ སློབ་དཔོན་ལ་སྲུང་མ་རྣམས་ཀྱིས་བསྐུར་བ༔ བང་ཆེན་མི་གསུམ་ཉོན་མོངས་ཐང་ཆད་པས༔ མང་ཡུལ་གུང་ཐང་ཙམ་དུ་གཤེགས་པར་ཞུ་ཞུས་པ༔ སློབ་དཔོན་གྱིས་བྱོན་ཏེ་བང་ཆེན་པ་དང་མཇལ༔ མཁྱེན་བཞིན་ཁྱོད་སུ་ཡིན་གསུངས་པས༔ ངེད་བོད་ཀྱི་རྒྱལ་པོས་ཨུ་རྒྱན་པདྨ་འབྱུང་གནས་འབྱོན་གྱིན་ཡོད་ཟེར་ནས་གདན་འདྲེན་དུ་བཏང་བ་ཡིན་ཅེས་སྨྲས་པས༔ དེ་ཀ་བདག་ཡིན་ཟླ་བ་གསུམ་གྱི་གོང་སྲུང་མས་བསྐུལ་ནས༔ ཁྱོད་བང་ཆེན་པ་རྣམས་ཉོན་མོངས་ཀྱིས་དོགས་བསྡད་པ་ཡིན༔ འདིར་ཟླ་བ་གསུམ་སོང་༔ ཁྱོད་རེ་འགོར་ཡོན་ཅི་ཡོད་ཕུལ་ཞིག་གསུངས༔ ཕྱག་བྱས་གསེར་ཕྱེ་བྲེ་གང་པོ་ཕུལ་བས༔ ད་རུང་ཅི་ཡོད་ཕུལ་ཞིག་གསུངས་པས༔ རྒྱལ་པོས་དེ་ལས་མ་བསྐུར་ངེད་བང་ཆེན་པ་རྣམས་ལུས་ངག་ཡིད་གསུམ་བྲན་དུ་འབུལ་ཞེས་ཕྱག་བཙལ༔ ཞབས་སྤྱི་བོར་བླངས་སྐོར་བ་བྱས་པས་སློབ་དཔོན་དགྱེས་ཏེ༔ ངས་བོད་ཀྱི་དད་པ་ལ་རྒྱུ་སོགས་ཡོད་མེད་བལྟས་པ་ཡིན༔ ང་ལ་སྣང་བ་ཐམས་ཅད་གསེར་དུ་ཡོད་གསུངས་ནས༔ ཕྱག་གཡས་གུང་ཐང་བདེ་བའི་ཕྱོགས་སུ་བརྐྱང་ས་རྡོ་ཐམས་ཅད་གཟི་མཆོང་གསེར་གཡུར་བསྒྱུར༔ ང་ལ་རྫུ་འཕྲུལ་དང་ནུས་མཐུ་འདི་འདྲ་ཡོད༔ ཡིད་ཆེས་པར་གྱིས་ང་ལ་གསེར་གྱི་དགོས་པ་མེད༔ འོན་ཀྱང་མངའ་བདག་གི་དགོངས་པ་རྫོགས་པའི་ཕྱིར་རེ་ཞིག་བླང་གིས་གསུངས་ནས༔ མང་ཡུལ་དང་བལ་ཡུལ་གྱི་ཕྱོགས་སུ་གཏོར་བས་ཁོང་རྣམས་སེར་སྣ་སྐྱེས་ཏེ༔ དེ་སློབ་དཔོན་གྱིས་མཁྱེན་ནས་ཐུ་བ་བཟེད་དང་གསུངས༔ བྱེ་མ་དང་རྡེའུ་བླུགས་ཡུག་གཅིག་ནས་སོ་སོར་ཁ་ཕྱེ་བས༔ གསེར་དངུལ་གཡུ་རིན་པོ་ཆེ་རྣམས་སུ་འདུག༔ བདེན་པར་འདུག་སྙམ་ཡིད་སོ་སོར་ཆེས་སོ༔ བཻ་རོ་ཙ་ནའི་རྣམ་ཐར་འདྲ་འབག་ཆེན་མོ་ལས༔ ཨུ་རྒྱན་དང་རྒྱལ་པོའི་བསྐྱར་ཆོག་པ་མཇལ་བའི་སྐབས་ཏེ་ལེའུ་དྲུག་པའོ༔