Ngb-pt-0169-vol-02-text: Difference between revisions
No edit summary |
m (Move page script moved page /home/ec2-user/Ngb/PT-100-199/ngb-pt-0169-text.docx.wiki to Ngb-pt-0169-vol-02-text) |
Latest revision as of 08:20, 20 March 2020
Front
Body
དཔའ་ལ་སོགས་པ་གཉིས་སུ་མེད་པའི་འཁོར་ཐམས་ཅད་ཕྲིན་ལས་ཀྱི་རྒྱལ་པོ་མཐར་དུས་གཅིག་ཏུ་རྫོགས་ནས། མ་བཅོས་པའི་ཀློང་དགོངས་པ་ལྷུན་གྱིས་གྲུབ་ནས་བཞུགས་སོ། །འདི་ལྟ་བུའི་རྒྱུད་འདི་སྟོན་པ་གང་གིས་ཀྱང་ཞལ་ནས་མ་གསུངས། གསུང་བར་ཡང་མི་འགྱུར་ལ། སྟོན་པ་ཉིད་ཀྱིས་གསུངས་ཤིང་བསྟན་པས། དེ་ཉིད་ཀྱི་དོན་དེ་ཉིད་ལ་ཡིད་ཆེས་ནས། དེ་ཉིད་ལ་གསལ་བར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ལ་སོགས་པའི་ཕྲིན་ལས་ཀྱི་རྒྱལ་པོ་སྐབས་སྦྱོར་བདུན་པའི་རྒྱུད། ངེས་པར་བསྟན་པའི་འབྲས་བུ་བསྐོར་བ་རྫོགས་སོ།། །།རྡོ་རྗེ་ཡང་དབང་གཏེར་གྱི་ལགས།། །། ༑ བོད་སྐད་དུ། སྤྱོད་པ་ཐམས་ཅད་ཀྱི་རྒྱལ་པོ་བརྩོན་པ་དོན་ལྡན་གྱི་རྒྱུད། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཀུན་ཏུ་ཐབས་མཁས་པ་དེ་ལ་ཕྱག་འཚལ་ལོ། །འདི་སྐད་བསྟན་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་མ་སྐྱེས་པ་རང་བཞིན་མེད་པའི་ངང་ལ་བཞུགས་པའི་ཚེ། རྡོ་རྗེ་སེམས་དཔས་མི་གཡོ་བའི་ཏིང་ངེ་འཛིན་ལས་ལངས་ནས། སྟོན་པ་ཀུན་ཏུ་བཟང་པོ་ལ་མ་འདྲེས་པ་ཆེན་པོའི་དོན་གྱིས་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ནི་ལུས་ངག་ཡིད་གསུམ་ལ་སྤྱོད་དོ། །དེས་ཁམས་གསུམ་ལ་སྤྱོད་ན། ལུས་ཀྱི་སྤྱོད་པ་གང་ལྟར་སྤྱོད་ཅིང་བལྟ་བགངདང་ལྡན་ན་དོནདངལྡན། ངག་གི་སྤྱོད་པ་གང་ལྟར་སྤྱོད་ཅིང་བལྟ་བ་གང་དང་ལྡན་ན་དོན་དང་ལྡན། སེམས་ཀྱི་སྤྱོད་པ་གང་ལྟར་སྤྱོད་ཅིང་བལྟབ་གང་དང་ལྡན་ན་དོན་དང་ལྡན། ཐབས་ཀྱི་སྦྱོད་པ་གང་ལྟར་སྤྱོད་ཅིང་བལྟ་བ་གང་དང་ལྡན་ན་དོན་དང་ལྡན། བཅོམ་ལྡན་འདས་ཀྱིས་ལུང་བསྟན་དུ་གསོལ། བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་སེམས་དཔའ་ཐབས་ཆེན་པོ། །འགྲོ་ལ་ཕན་པར་འདོད་པ་ཡིས། །ལེགས་པར་དྲིས་པ་བསྟན་པར་བྱའོ། །སེམས་ཅན་གང་ཞིག་འཁྲུལ་པ་ལ། །འཁོར་བ་སྒྱུ་མར་མ་ཤེས་པས། །སྤྱོད་པའི་དོན་དུ་མཚན་མ་སྤྱོད། །དེ་འདྲ་རྟག་པའི་མཚན་ཉིད་པས། །དེ་བཞིནསྤྱོད་པ་འཁོར་བའི་རྒྱུ། །དེ་ནི་མན་ངག་གཏེར་འདོད་པས། །ལེགས་པར་རྒྱུད་འདི་མཉན་པར་གྱིས། །ལུས་ཀྱི་སྤྱོད་པ་གང་ལྟར་སྤྱོད་ཅིང་བལྟ་བ་གང་ལྷར་ལྡན་པར་བྱ་བ་ཡང། ལུས་ཀྱི་སྤྱོད་པ་ཐབས་དང་ཤེས་རབ་ཏུ་སྤྱོད་པ་དང་། ལུས་ཀྱི་སྤྱོད་པ་མི་འགོག་ལ་མ་ཆགས་པར་སྤྱོད་པ་དང་། ལུས་ཀྱི་སྤྱོད་པ་བསྒུལ་བསྐྱོད་ཕྱག་རྒྱའི་དཀྱིལ་འཁོར་དུ་སྤྱོད་པ་དང་། ལུས་ཀྱི་སྤྱོད་པ་རྣམ་པར་དག་པའི་ཀློང་དུ་སྤྱོད་པ་དང་། ལུས་ཀྱི་སྤྱོད་པ་སྣང་ལ་གསལ་བར་སྤྱོད་པ་དང་། ལུས་ཀྱི་སྤྱོད་པ་མ་སྤངས་པ་ལ་མི་གནས་པར་སྤྱོད་པ་དང་། ལུས་ཀྱི་སྤྱོད་པ་སྐུ་མ་གཡོས་པའི་ངང་དུ་སྤྱོད་པའོ། །དེ་ལ་ལུས་ཀྱི་སྤྱོད་པ་ཐབས་དང་ཤེས་རབ་ཏུ་སྤྱོད་པ་ནི། ལུས་ནི་ཐབས། དེ་གོང་ནས་གོང་དུ་ཕྱིན་པ་ནི་ཤེས་རབ་བོ། །འབྱུང་བ་ཆེན་པོ་ལྔས་བསྐྱེད་པའི་ཕུང་པོ་ལྔ་ནི་ཐབས། དེ་འབྱུང་བ་ཆེན་པོ་གང་ལ་ཡང་མི་གནས་པས་ཤེས་རབ་བོ། །རྣམ་པར་ཤེས་པ་ཚོགས་བརྒྱད་ནི་ཐབས། དེས་གང་མཐོང་ཞིང་ཐོས་པ་དང་མྱོང་ཞིང་ཚོར་བ་དང་ཤེས་ཤིང་རིག་པ་ནི་ཤེས་རབ་བོ། །ཉོན་མོངས་པ་དུག་གསུམ་ནི་ཐབས། དེ་ཁམས་གསུམ་རྒྱུད་དྲུག་ཏུ་གནས་ཤིང་སྤྱོད་པ་འདི་ཤེས་རབ། དབང་པོ་ནི་ཐབས། ཡུལ་ནི་ཤེས་རབ། རིག་པ་ནི་ཐབས། གནས་པ་ནི་ཤེས་རབ་སྟེ། དེ་བས་ན་དེ་སྐོད་ཅེས་བསྟན་པ་ཡིན་ཏེ། སྣོད་བཅུད་ཐབས་དང་ཤེས་རབ་ལ། །མཚན་མ་ཀུན་ལ་ཅིར་སྤྱད་ཀྱང་། །ཐབས་ལ་མཁས་པ་ཤེས་རབ་སྟེ། །ཐབས་དང་ཤེས་རབ་དོན་རྟོགས་ན། །སངས་རྒྱས་ཉིད་ཀྱི་ལུང་དང་ལྡན། །འདི་ལས་མན་ངག་ཡོངས་མེད་པར། །ཀུན་ཏུ་བཟང་པོ་ངས་བཤད་དོ། །དེ་ལ་ལུས་ཀྱི་ལྟ་བ་གང་དང་ལྡན་པའི་དོན་དང་ལྡན་པ་ནི། ལུས་མ་སྐྱེས་པར་ཤེས་པ་ནི་དབྱིངས་རྣམ་པར་དག་པ། དེ་ཉིད་དེ་བཞིན་མེད་པར་ཡོངས་ལ་ཁྱབ་པ་ནི་རྣམ་པར་དག་པའི་ཀློང་། དེ་ལ་མི་འཛིན་མི་ཆགས་ཤིང་ཡོངས་ལ་ཁྱབ་པ་ནི་ཐབས་ལ་མཁས་པའི་བདག་ཉིད་དོ། །དེས་ན་རྡོ་རྗེ་སེམས་དཔའ་ལུས་ནི་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་དོ། །ལུས་ནི་བརྟན་ཀྱང་བརྟན་ལ་མ་བརྟན་ཀྱང་མི་བརྟན་པའོ། །ལུས་ནི་ཁྱབ་ཀྱང་ཁྱབ་ལ་མི་ཁྱབ་ཀྱང་མི་ཁྱབ་པའོ། །དེ་ཅིའི་ཕྱིར་ཞེ་ན། རྟགས་སུ་བགྲངས་ལ་དོན་མི་འཛིན་པས་སོ། །ཆོས་ཉིད་ནི་ལུས་སོ། །ལུས་ནི་ཆོས་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན།དེ་ནི་གཉིས་སུ་མེད་པའོ། །རྡོ་རྗེ་སེམས་དཔའ་ལུས་ཆོས་ཉིད་མ་ཡིན། ཆོས་ཉིད་ལུས་མ་ཡིན། དེ་ཅིའི་ཕྱིར་ཞེ་ན། དེ་ནི་མཚན་མར་མ་བརྟགས་པའོ། །རྡོ་རྗེ་སེམས་དཔའ་ལུས་ལྷའི་དཀྱིལ་འཁོར་རོ། །ལྷའི་དཀྱིལ་འཁོར་ནི་ལུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་སོ་སོ་མ་ཡིན་ཐ་མི་དད་པའོ། །རྡོ་རྗེ་སེམས་དཔའ་ལུས་ལྷའི་དཀྱིལ་འཁོར་མ་ཡིན། ལྷའི་དཀྱིལ་འཁོར་ལུས་མ་ཡིན། དེ་ཅིའི་ཕྱིར་ཞེ་ན། དེ་ནི་རྟག་པ་ཅན་གྱི་ལུས་མ་ཡིན་པའོ། །རྡོ་རྗེ་སེམས་དཔའ་ལུས་ནི་མན་ངག་གོ །མན་ངག་ནི་ལུས་སོ། །དེ་ཅིའི་ཕྱིར་ཞེ་ན། ངེས་པར་བསྟན་ཅིང་དོན་ལ་བསྟན་པའོ། །རྡོ་རྗེ་སེམས་དཔའ་ལུས་ནི་མན་ངག་མ་ཡིན། མན་ངག་ནི་ལུས་མ་ཡིནདེ་ཅིའི་ཕྱིར་ཞེ་ན། ང་རྒྱལ་ཅན་གྱི་སྐམ་ཤིང་མ་ཡིན་པའོ། །དེ་བས་ན་འདི་སྐད་ཅེས་བསྟན་པ་ཡིན་ཏེ། ལུས་ནི་བསྒུལ་བསྐྱོད་ཐམས་ཅད་ནི། །ཕྱག་རྒྱ་ཆེན་པོའི་རང་བཞིན་པས། །སྐྱོན་དུ་བྱ་བ་གང་ཡང་མེད། །ལེགས་ཉེས་རྣམ་པར་དབྱེར་མེད་པས། །ཐབས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་ལ། །བསྒུལ་བསྐྱོད་ཐུགས་དམ་རྒྱ་མཚོ་བསྐུལ། །གཉིས་མེད་རོལ་པའི་ཐིག་ལེ་ཆེ། །ངེས་པར་གསུངས་པའི་ལུང་ཡིན་པས། །རྟོགས་དང་ལྡན་པས་ཅི་དགར་སྤྱོད། །དོན་མཐུན་པ་ཡི་སྐྱེས་བུ་ནི། གོ་གབ །གང་ལྟར་སྤྱད་ཀྱང་གསེར་དུ་འགྱུར། །གང་ལ་རེག་པ་གསེར་དུ་འགྱུར། །སྨན་གྱི་རྒྱལ་པོ་ལ་ཀི་ཏ། །གང་ལ་རེག་པ་སྨན་དུ་འགྱུར། །མན་ངག་གདེང་ཆེན་རྣལ་འབྱོར་པས། །ཉེས་པ་སྤྱད་པས་དཔལ་དུ་ཆེ། །མཚམས་མེད་ལྔ་ཡང་ཐར་པའི་ལམ། །སྲོག་གཅོད་རྒྱུ་ཡང་སངས་རྒྱས་ལ། །དོན་དང་མི་ལྡན་གང་ཟག་རྣམས། །ལུས་སྤྱོད་གཟབ་ཀྱང་ཉེས་པས་གོལ། །རང་ནོར་སྤྱད་ཀྱང་ལན་ཆགས་ནོར། །ཐར་པ་སྤྱད་ཀྱང་འཆིང་བའི་རྒྱུ། །གྲོལ་བར་བསམས་ཀྱང་འཁོར་བའི་རྒྱུ། །བདེ་ཆེན་ཉིད་དུ་དོན་ཤེས་ཤིང་། །རང་བྱུང་རྒྱལ་པོར་ཀློང་རྡོལ་ན། །ལུས་ཀྱི་སྤྱོད་པ་ཡིན་ཞེས་བཤད། །དེ་ལ་ལུས་ཀྱི་སྤྱོད་པ་གང་ལའང་མ་ཆགས་པར་སྤྱོད་པ་ནི། ལྟ་བ་གོམས་པའི་གདེང་དང་། མན་ངག་ངེས་པའི་དྲོད་ཚད་འདི་ཟིན་པས། ལུས་ཀྱི་སྤྱོད་པ་དོན་དང་ལྡན་དུ་ཟད་ཀྱི། ལུས་དང་མི་ལྡན་ཞིང་གང་ཟག་འོག་མའི་སྒྲེན་ཚིག་དག་གིས་སྤྱད་ཀྱང་སྤྱོད་པའི་དོན་དང་ལྡན་པར་འགྱུར་རོ། །དེ་ལ་ལུས་ཀྱི་སྤྱོད་པ་དབྱིངས་དང་ཡེ་ཤེས་སུ་སྤྱོད་པ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་ལ་སོགས་པ་འབྱུང་བ་ཆེན་པོ་ལྔའི་མཚན་ཉིད་དུ་སྣང་བ་ཐམས་ཅད་ལུས་མཐའ་མེད་པས་དབྱིངས། ཡོངས་ལ་ཁྱབ་པས་དབྱིངས། ཟད་པ་མེད་པས་ཀྱང་དབྱིངས། ནམ་མཁའི་ངང་དུ་དབྱེར་མེད་པས་ཀྱང་དབྱིངས།དེ་བསྐྱོད་པའི་ལུས་དང་དབང་པོ་དང་། རྣམ་པར་ཤེས་པ་དང་། སྣང་བ་ཐམས་ཅད་མ་བཅིངས་པའི་དོན་དང་ལྡན་པས་ཡེ་ཤེས། དེ་ཉིད་རིག་པ་སྤྲོས་པ་དང་བྲལ་བས་ཀྱང་ཡེ་ཤེས། རྟག་པར་མི་འཛིན་ཞིང་མཚན་མར་མི་འཛིན་པས་ཀྱང་ཡེ་ཤེས་ཡིན་པས་ན། དོན་འདི་ལྟར་ལུས་སུ་རིགས་ཤིང་སེམས་ལ་བཅངས་པས་ན། ལུས་ཀྱིས་ཅི་སྤྱོད་པ་དབྱིངས་དང་ཡེ་ཤེས་དེ། ཅི་ལྟར་སྣང་བ་ཀུན་ལ་དབྱིངས་དང་ཡེ་ཤེས་སུ་ཤེས་པར་བྱས་ནས། སངས་རྒྱས་ཀྱི་དགོངས་པ་ལ་ཡང་དབྱིངས་དང་ཡེ་ཤེས་ལས་མེད། སེམས་ཅན་གྱི་སྤྱོད་པ་ལུས་ཀྱི་སྤྱོད་པ་ཐམས་ཅད་དབྱིངས་དང་ཡེ་ཤེས་ཀྱི་ཀློང་དུ་སྤྱོད་ཅིང་། ཉིན་དང་མཚན་མེད། དུས་དང་རྒྱུན་མི་འཆད་པར་གནས་ན། ལུས་ཀྱི་སྦྱོད་པ་ཉིད་སངས་རྒྱས་ཀྱི་ཆེ་བའི་བདག་ཉིད་འབྱུང་བས། ལུས་ཀྱི་སྤྱོད་པ་དབྱིངས་དང་ཡེ་ཤེས་སུ་སྤྱོད་པ་སྟེ། དེས་ན་འདི་སྐད་ཅེས་བསྟན་པ་ཡིན་ཏེ། ལུས་ཀྱི་སྤྱོད་པར་རབ་སྤྱོད་པས། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད། །འདུ་འབྲལ་མེད་པའི་ཀློང་དུ་རོལ། །ཡབ་ཡུམ་གཉིས་སུ་མེད་པའི་ངང་། །བྱང་ཆུབ་སེམས་ཀྱི་ངང་དུ་ཞུ། །དབྱེར་མེད་གཅིག་ཏུ་བསྟན་པའོ། །དེའི་ཕྱིར་ལུས་ལྷའི་དཀྱིལ་འཁོར་དུ་སྤྱོད་པ་ནི། ལུས་ནི་ལྷའི་དཀྱིལ་འཁོར་དུ་སྤྱོད་པའི་རང་བཞིན་ཡེ་ནས་ཡིན་པ་སྟེ། སྤྱོད་ཀྱང་ལྷའི་དཀྱིལ་འཁོར་དུ་སྤྱོད་དེ། ལུས་ཀྱི་བསྒུལ་བསྐྱོད་ལྷའི་དཀྱིལ་འཁོར་གྱི་ཕྲིན་ལས་སོ། །ལུས་ཀྱིས་གང་ལ་ཁྱབ་པདོན་མཛད་པ། ལུས་ལ་གྲངས་སུ་སྣང་བ་ནི་ལྷའི་གྲངས། ལུས་ལ་རྟགས་སུ་སྣངབ་ནི་ལྷའི་རྟགས། ལུས་ལ་གཟུགས་སུཡོད་པ་ནི་ལྷའི་གཟུགས། ལུས་གཞིག་ན་རང་བཞིན་མེད་པ་ལྷའི་དཀྱིལ་འཁོར་གྱི་རང་བཞིན་མེད་པ་སྟེ། ལུས་སྐྱེས་ན་ལྷའི་དཀྱིལ་འཁོར་དུ་སྐུ་རྫོགས་པར་སྣང་བར་སྤྱོད་དོ། །ལུས་མི་རྟག་པར་འཆི་ན་ལྷའི་དཀྱིལ་འཁོར་མ་བསྐྱེད་པར་བསྡུའོ། །ལུས་ལོངས་སྤྱོད་ན་ལྷའི་དཀྱིལ་འཁོརལ་ལོངས་སྤྱོད་དོ། །ལུས་བཞེངས་ན་ལྷའི་དཀྱིལ་འཁོར་འགྲོ་བའི་དོན་ལ་བཞེངས་སོ། །ལུས་བསྐྱོད་ན་འགྲོ་བ་སེམས་ཅན་གྱི་དོན་ལ་བསྐྱོད་དོ། །ལུས་མནལ་ན་ལྷའི་དཀྱིལ་འཁོར་མཉམ་པ་ཉིད་ལ་མནལ་ལོ། །དེས་ན་ལུས་ཀྱིསྤྱོད་པ་ལྷའི་དཀྱིལ་འཁོར་དུ་སྤྱོད་པའོ། །ལུས་ཀྱི་སྤྱོད་པ་རྣམ་པར་དག་པའི་དབྱིངས་སུ་སྡུད་པ་ནི། ཆོས་ཉིད་མ་སྐྱེས་པས་ལུས་ཀྱི་སྤྱོད་པ་རྣམ་པར་དག་པའི་ཀློང་དུ་སྤྱོད་པའོ། །དབྱིངས་སུ་མུ་མཐའ་མེད་པས་ལུས་ཀྱི་སྤྱོད་པ་རྣམ་པར་དག་པའི་ཀློང་དུ་སྤྱོད་པའོ། །སྣང་སྲིད་ཐིག་ལེ་ཆེན་པོར་སངས་རྒྱས་པས་ལུས་རྣམ་པར་དག་པའི་ཀློངདུ་སྤྱོད་པའོ། །དོན་དམ་པ་ལ་ཕྱི་ནང་མེད་པས་ལུས་མ་གཡོས་པརཤེསཔལ་ལུས་ཀྱི་སྤྱོད་པ་རྣམཔར་དག་པའི་ཀློངདུ་སྤྱོད་པའོ། །ལུས་ཀྱི་སྤྱོད་པ་སྣང་བ་གསལ་བར་སྤྱོད་པ་ནི་ཐབསཀྱི་སྙིང་པོར་ཤེས་པསལུས་ཀྱི་སྤྱོད་པབདེ་བ་ཆེན་པོར་སྣང་ཞིང་ཐམས་ཅད་དུ་བྱ་བ་མེདཔས། དོན་དམ་པའི་མན་ངག་དགོངས་པའི་ཀློང་ལ་གསལ་བར་སྤྱོད་པས་ལུས་ཀྱི་སྤྱོད་པ་སྣང་ལ་གསལ་བར་སྤྱོད་པའོ། །ལུས་ཀྱི་སྦྱོད་པ་མ་སྤངས་ལ་མི་གནས་པར་སྤྱོད་པ་ནི། འཁོར་བའི་ལུས་ཆོས་ཉིད་ཀྱི་རང་བཞིན་ཡིན་པས་མ་སྤངས་ལ། དེ་ལ་རྟག་པ་ཅན་དུ་མི་གནས་པས་ཆོས་ཉིད་ལུས་ཀྱི་སྤྱོད་པ་ཡིན་པས་ལུས་ཀྱི་སྤྱོད་པ་མ་སྤངས་ལ་མི་གནས་པར་སྤྱོད་པའོ། །ལུས་ཀྱི་སྤྱོད་པ་བསྒུལ་བསྐྱོད་ཕྱག་རྒྱའི་དཀྱིལ་འཁོར་དུ་སྤྱོད་པ་ནི། མི་འདའ་བ་དང་རྟག་པ་དང་ལྡན་པ་དང་། དོན་དང་ལྡན་པ་ལ་དུས་མེད་པའོ། །ཆོས་ཀྱི་སྤྲོད་པ་ཆོས་ཉིད་ཀྱི་སྐུ་མ་གཡོས་པའི་ངང་དུ་སྤྱོད་པ་ནི། ལུས་ཉིད་མ་སྐྱེས་པའི་གཡུང་དྲུང་དུ་འདུས་མ་བྱས་པས། རྟོགས་པའི་ཀློང་ལས་འཕོ་འགྱུར་མེད་པའོ། །ལུས་ཀྱི་སྤྱོད་པ་རྣམ་པར་དག་པའི་ངང་དུ་སྤྱོད་པ་ནི་། དཔེར་ན་ཉི་མས་གང་དུ་ཁྱབ་པར་མུན་པ་གསལ་བར་འདྲ་བས། ལུས་རྣམ་པར་དག་པས་ལུས་ཀྱིས་གང་ནས་གང་དུ་འཁོར་བའི་ཆོས་ཀྱང་རྣམ་པར་དག་པའི་ངང་དུ་གྱུར་པའོ། །དེ་ནས་འདི་སྐད་ཅེས་བསྟན་ཏོ། །ལུས་སུ་སྤྱོད་པས་སངས་རྒྱས་ཏེ། སངས་རྒྱས་སྤྱོད་པ་ལུས་ཡིན་པས། །ཡེ་ཤེས་ལུས་ནི་སངས་རྒྱས་པའོ། །སངས་རྒྱས་གཞན་ན་ཡོངས་མེད་པས། །འགྲོ་བའི་མགོན་པོས་ལུས་ལ་བརྗོད། །འདི་ལྟར་གོམས་པ་གདེང་ཆེན་གྱིས། །དུས་ནི་ཉིན་དང་མཚན་མེད་པས། །དེ་ཡི་བརྩོན་པ་དོན་དང་ལྡན། །ལུས་ལ་ཡེངས་པའི་རྒྱུ་མེད་པས། །དེས་ནི་བརྩོན་པའི་དོན་དང་ལྡན། །རྡོ་རྗེ་སེམས་དཔས་རྟོགས་པར་གྱིས། །རྡོ་རྗེ་རྒྱལ་བའི་དུས་སྤྱོད་པ། །བསྔགས་པས་ངེས་པ་དེ་ལྟར་སྤྱད། །ངེས་པ་ཉིད་དུ་བསྟན་པ་སྟེ། །སངས་རྒྱས་རྣམས་ཀྱིས་ཟབ་པར་གསུངས། །སྤྱོད་པ་ཐམས་ཅད་ཀྱི་རྒྱལ་པོ་བརྩོན་པ་དོན་ལྡན་གྱི་རྒྱུད་ལས། ལུས་ཀྱི་སྤྱོད་པ་གང་ལྟར་སྤྱད་ཅིང་ལྟ་བ་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ངག་གི་སྤྱོད་པ་གང་ལྷར་སྤྱད་ཅིང་ལྟ་བ་གང་དང་ལྡན་པ་འདི་ཆེད་དུ་བརྗོད་དོ། །ངག་གི་སྤྱོད་པ་གང་ཡིན་པའང་ཤིན་ཏུ་རྣལ་འབྱོར་རྣམས་ཀྱིས་ཉོན་ཅིག དེ་ལ་ངག་གི་སྤྱོད་པ་ལ་རྣམ་པ་གསུམ་སྟེ། ངག་ཆོས་ཉིད་དུ་སྤྱོད་པ་དང་། ངག་བཟླས་པའི་ཐིག་ལེར་སྤྱོད་པ་དང་། ངག་སྟོང་པ་ཉིད་དུ་སྤྱོད་པའོ། །དེ་ལ་ངག་ཆོས་ཉིད་དུ་སྤྱོད་པ་ནི། ཇི་ལྟར་སྣང་བ་ཐམས་ཅད་ངག་གིས་མིང་བཏགས་པས་ཚིག་ཐམས་ཅད་ཆོས་ཉིད།ཆོས་ཐམས་ཅད་ཡི་གེ །ཡི་གེ་ཐམས་ཅད་མ་སྐྱེས་པའི་རང་བཞིན་དུ་ཤེས་པས་ཆོས་ཉིད་དོ། །དེ་ལ་འདི་སྐད་ཅེས་བཤད་པ་སྟེ། གནམ་རི་དང་ནི་ས་བྲག་དང་། རྩི་ཤིང་དང་ནི་ནགས་ཚལ་རྣམས། ཡི་གེ་ཉིད་དུ་བསྟན་པ་སྟེ། །ཡི་གེ་མ་སྐྱེས་རང་བཞིན་ན། །དེལ་ངག་སྨྲས་ཆོས་ཉིད་དེ། །དེབཞིན་ངམ་གྲོགས་གཡང་ས་དང་། །གྱེན་དང་ཐུར་དང་སྣོད་ཀྱི་རྫས། །འབྱུང་བ་ལྔས་བསྡུས་ཐམས་ཅད་ཀུན། །ཡི་གེ་མ་སྐྱེས་རང་བཞིན་ན། །དེ་ལ་ངག་སྤྱོད་ཆོས་ཉིད་དོ། དེ་ལ་ངག་ནི་སྤྱོད་པ་ནི། །སེམས་ཅན་ལུས་དང་དབང་པོ་དང་། །རྣམ་གྲངས་ཤེས་པའི་རང་བཞིན་དང་། །འཕགས་པའི་སྐུ་དང་ཡེ་ཤེས་དང་། །ཡོན་ཏན་བྱེ་བྲག་བསྟན་པ་ཡང་། །དེ་ཡང་ཡི་གེར་བསྟན་པ་སྟེ། །ཡི་གེར་ཐོག་མར་མ་སྐྱེས་པས། །དེ་ལ་ངག་སྤྱོད་ཆོས་ཉིད་དོ། །ལེགས་དང་ཉེས་པ་གང་སྨྲས་པ། །སྙན་དང་མི་སྙན་སྒྲ་བསྒྲགས་ནས། །ཞི་དང་ཁྲོ་བོའི་ཚོགས་རྣམས་ཀུན། །ཡི་གེ་ཉིད་དུ་ཚིག་སྨྲས་པས། །ཡི་གེ་མ་སྐྱེས་ཆོས་ཉིད་ན། །དེ་ལ་ངག་སྤྱོད་ཆོས་ཉིད་དོ། །བདེ་བ་དང་ནི་སྡུག་བསྔལ་དང་། །སྒྱུ་མ་བྲག་ཆ་ལ་སོགས་དང་། །དེ་བཞིན་རྨི་ལམ་སྨིག་རྒྱུ་རྣམས། །ཡི་གེ་ཉིད་ཀྱིས་བཏགས་པས་ན།།ཡི་གེའི་རང་བཞིན་མ་སྐྱེས་པས། །དེ་ལ་ངག་སྤྱོད་ཆོས་ཉིད་དོ། །དེ་བཞིན་བཏགས་པ་གང་ཡིན་པ། །ཆོས་ཉིད་ཡིན་པས་གཞན་ནས་མིན། །དོན་གྱི་མན་ངག་འདི་ཤེས་ན། །ཅི་སྨྲས་ངག་གི་ཆོས་ཉིད་དུ། །དེ་ལས་གང་བཟླས་པའི་ཡི་གེར་སྤྱོད་པ་ནི། ངག་ལྷང་༷ལྷང་པོར་སྒྲ་ཅི་བརྗོད་ཀྱང་དེ་ཐམས་ཅད་ཡི་གེ་བཞི་བཅུ་རྩ་གཉིས་ཀྱིས་མ་བསྡུས་པ་གང་ཡང་མེད་དོ། །ཀ་ཁ་ག་བྷ་ང་། ཙ་ཚ་ཛ་རྟོ་ཉ། ཊ་ཋ་ཌ་རྟེ་ཎ།ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཨཱོཾ། ཨི་ཨི། ཨུ་ཨུ། ཨེ་ཨེ། ཨཱོཾ་ཨཀྟཡིགེཙྭགལྷག། གུ་གུ་དབྱིངས་ཀྱི་འདྲེན་སྟངས་དང་། །ཞབས་བསྐྱེད་ཐུགས་རྗེའི་ཤུགས་བསྐྱེད་པ། །འགྲེང་བུ་མ་བཀག་གསལ་བའི་སྐུ། །ན་རོ་ཆོས་ཉིད་ཀློང་ན་རོལ། །ཟླ་ཚེས་འདབ་མཆོག་འདྲེན་པའི་ཡུམ། །ཐིག་ལེ་བྱང་ཆུབ་དབྱིངས་སུ་འཁྱིལ། །དོན་དུ་མན་ངག་གདེང་དུ་གནས། །དགོངས་པ་ལྷ་ཡི་དཀྱིལ་འཁོར་གསལ། །བཟླས་པ་བསྙེན་འཛབ་སྙིང་པོ་རྫོགས། །རྟོགས་པས་བདེ་ཆེན་ཀློང་དུ་འཕྱོས། །བཤད་པས་སེམས་ཅན་ངས་འགྲེལ། །ཅི་བརྗོད་ཆོས་ཀྱི་བཟླས་པར་འགྱུར། །དོན་ལ་མི་འགྱུར་གང་ཡང་མེད། །ངག་གིས་བརྗོད་པ་དོན་རེ་ཆེ། །ཆོས་ཀྱི་མཛོད་རྣམས་ཐམས་ཅད་གསལ། །མ་བརྗོད་ན་ཡང་དོན་རེ་ཆེ། །ཆོས་ཀྱི་ཚིག་དང་ཡི་གེར་མེད། །ཚིག་ཏུ་བཏགས་ན་བཏགས་ཏེ་ལེགས། །ཆོས་རྣམས་ཚིག་དང་ཡི་གེར་བསྟན། །མ་བཏགས་ན་ཡང་པ་ཏྲ་་དན་ངཆེའདྲཡིནནམཆེ། །ཚིག་དང་ཡི་གེར་སྒྲོ་མ་བཏགས། །མ་ཡེངས་དྲན་པ་བཟླས་བརྗོད་ཡིན། །དོན་དང་མཐུན་པ་བསྒྲུབ་པ་ཡིན། །འདི་ལྟར་དོན་དང་གང་ལྡན་པ། །ལོག་པར་སྨྲས་ཀྱང་ངེས་པའི་དོན། །བཟོ་བོ་གོམས་པའི་ལག་དང་འདྲ། །དོན་ཆེན་འདི་དང་མ་ལྡན་ན། །བདེན་པར་སྨྲས་ཀྱང་ལོག་པའི་ས། །དཔེར་ན་བླུན་པོའི་བཟོ་དང་འདྲ། །ཆོས་མཛོད་ཐམས་ཅད་ངག་ལས་འབྱུང་། །སངས་རྒྱས་ཐམས་ཅད་ངག་གི་བསྟན། །བྱང་ཆུབ་སེམས་རྣམས་ངག་གིས་བསྟན། །དངོས་གྲུབ་རླབས་ཆེན་ངག་གིས་བསྒྲུབ། །འདི་ནི་ངག་གི་སྤྱོད་པ་ཡིན། །དོན་ཆེན་གཏི་མུག་གོ་བ་དེ། །བརྩོན་པ་དོན་དང་ལྡན་པའོ། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །གསུང་གི་སྤྱོད་པ་འདི་ལས་མེད། །གསུང་གི་སྤྱོད་པ་ངག་ཡིན་པས། །ངག་གི་སྤྱོད་པ་འདི་ཤེས་ན། །སངས་རྒྱས་བྱང་ཆུབ་ཐག་མི་རིང་། །དེ་ལ་ངག་སྟོང་པ་ཉིད་དུ་སྤྱོད་པ་ནི། ལེགས་ཉེས་ཀྱི་དོན་གང་ངག་གིས་སྨྲས་ཤིང་བརྗོད་ཀྱང་། དེ་ལ་དངོས་པོ་མེད་པས། དེ་ཉིད་སྔ་མ་ནི་སྟོང་། ད་ལྟ་ནི་མི་གནས། ཕྱིས་མི་རྟོག་པས། དུས་གསུམ་དུ་བརྗོད་པ་མ་སྐྱེས་སྟོང་པ་ཉིད་དུ་གནས་པ་ནི། ངག་སྟོང་པ་ཉིད་དུ་སྦྱོང་བ་སྟེ། དེ་ལ་འདི་སྐད་ཅེས་བཤད་པའོ། །རྫས་ལ་དངོས་པོར་བསྟན་པ་ཡང་། ཚིག་ལ་དངོས་པོར་མ་གྲུབ་པས། །རྫོས་ཀྱང་དངོས་མེད་སྟོང་པའི་ཞིང་། །བཟང་དང་ངན་པར་བསྟན་པ་ཡང་། །ཚིག་ལ་དངོས་པོར་མ་གྲུབ་པས། །བཟང་ངན་དངོས་མེད་སྟོང་པའི་ཞིང་། །བདེ་དང་སྡུག་བསྔལ་བརྗོད་པ་ཡང་། །ཚིག་ལ་དངོས་པོར་མ་གྲུབ་པས། །བདེ་སྡུག་དངོས་མེད་སྟོང་པའི་ཞིང་། །དེ་བཞིན་གླེང་བརྗོད་ཐམས་ཅད་ཀུན། །ཚིག་ལ་དངོས་པོར་མ་གྲུབ་པས། །གླེང་བརྗོད་ཐམས་ཅད་སྟོང་པའི་ཞིང་། །མ་སྐྱེས་པ་ཡི་ཆོས་ཉིད་ལ། །ངག་གི་གླེང་བརྗོད་ཐམས་ཅད་ཀུན། །བཅོས་མེད་སྟོང་པར་ཤེས་པར་བྱ། །སུས་ཀྱང་སྨྲ་མེད་སྨྲ་མི་འགྱུར། །འདྲེན་པའི་དབང་པོས་ཀྱང་མི་གསུང་། །སུས་ཀྱང་གསུང་བ་མེད་པའོ། །དེ་འདྲའི་དོན་ལ་གང་གནས་པ། །དེ་ནི་ངག་གི་སྤྱོད་པ་སྟེ། །དེ་ལ་ཉིན་དང་མཚན་མེད་པས། །བརྩོན་པ་དོན་དང་ལྡན་ཞེས་བྱ། །དེ་ལ་བལྟ་བ་གངདང་ལྡན་ན་དོན་དང་ལྡན་པ་ནི། ལྟ་བ་རྣམ་པ་ལྔ་སྟེ། བརྗོད་པ་མེད་པའི་ལྟ་བ་མ་ཡེངས་པར་ལྟ་བ་དང་། ཐབས་མཁས་པའི་ལྟ་བ་གང་ལྟར་དྲངས་ཀྱང་དོན་དང་མི་འགལ་བ་དང་། དོན་དང་མཐུན་པའི་ལྟ་བ་གཞུང་དུ་འགྲོ་བ་དང་། ཆོས་ཉིད་སྟོང་པའི་ལྟ་བ་སྟོང་པའི་ཞིང་དུ་དག་པ་དང་། མ་བྱུང་མ་སྐྱེས་པའི་ལྟ་བ་མ་བཅོས་པར་གནས་པ་སྟེ། དེས་ན་འདི་སྐད་ཅེས་བཤད་པར་བྱ་སྟེ། འགྱུར་བ་མེད་པའི་མཁའ་དབྱིངས་ནས། །ངག་གིབརྗོདཔ་མ་སྐྱེས་པས། །དོན་གྱི་ལྟབཐག་བཅད་པའོ། །སྤྱོད་པ་ཐམས་ཅད་ཀྱི་རྒྱལ་པོ་བརྩོན་པ་དོན་ལྡན་གྱི་རྒྱུད་ལས། ངག་གི་སྤྱོད་པ་གང་ལྟར་སྤྱོད་ཅིང་ལྟ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སེམས་ཀྱི་སྤྱོད་པ་གང་ལྟར་སྤྱོད་ཅིང་ལྟ་བ་གང་དང་ལྡན་པ་འདི་ཆེད་དུ་བརྗོད་དོ། །སེམས་ཀྱི་སྤྱོད་པགང་ཡིན་པ། །རྫོགས་ཆེན་རྣལ་འབྱོར་རྣམས་ཀྱིས་ཉོན། །དེ་ལ་སེམས་ཀྱི་སྦྱོད་པ་ལ་དོན་རྣམ་པ་ལྔ་སྟེ། སེམས་ཀྱིས་ཉོན་མོངསཔ་གནས་སུ་དག་པར་སྤྱོད་པ་དང་། སེམས་རང་བྱུང་གི་ཡེ་ཤེས་སུ་སྤྱོད་པ་དང་། སེམས་འགྱུར་བ་མེད་པའི་སྙིང་པོར་སྤྱོད་པ་དང་། སེམས་བཅོས་པ་མེད་པའི་སྙིང་པོ་ཉིད་དུ་སྤྱོད་པ་དང་། སེམས་བཙལ་བམེད་པའི་ཡེ་ཤེས་སུ་སྤྱོད་པའོ། །དེ་ལ་སེམས་ཉོན་མོངས་པ་གནས་སུ་དག་པར་སྤྱོད་པ་ནི། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་ལ་སོགས་པ་སེམས་ལ་འཛིན་པ་ཐམས་ཅད་དང་། ཡེ་ཤེས་ཆེན་པོའི་དོན་དང་འབྱུང་བ་ལས། གཏོང་བ་གཏིང་ཆད་པ་ལས་མ་བྱུང་སྟེ། དེ་ཆོས་ཉིད་མ་ནོར་བའི་དོན་མཐུན་པར་ཤེས་པའི་སེམས་ཉོན་མོངས་པ་གནས་སུ་དག་པར་སྣོད་པ་སྟེ། དེ་ལ་འདི་སྐད་ཅེས་བཤད་པར་བྱའོ། །ཆགས་པ་ཆེན་པོའི་སེམས་ཉིད་ནི། །སངས་རྒྱས་ཐུགས་རྗེ་ཡབ་དང་ཡུམ། །གཉིས་སུ་མེད་པའི་དོན་གྱིས་ཆགས། །འདི་ལྟར་ལུང་དང་ལྡན་པ་ནི། །བདེ་བའི་རོ་ལསྦྲ་མ་གརྟོགས་པ། །ལོག་པར་གོལ་བ་གང་ཡང་མེད། །གཏི་མུག་ཆེན་པོའི་སེམས་ཉིད་ནི། །ཆོས་ཀྱི་སྐུ་སྟེ་ཐ་མི་དད། །དོན་གྱི་དམིགས་པ་མེད་པའི་ངང་། །འདི་ལྟར་ལུང་དང་ལྡན་པ་ནི། །མ་སྐྱེས་པ་ལས་མ་གཏོགས་པ། །མི་ཤེས་རྨོངས་པའི་གོལ་བ་མེད། །ཞེ་སྡང་ཆེན་པོའི་སེམས་ཉིད་ནི། །རྣམ་རྟོག་མཚན་མ་ཀུན་འཇོམས་པས ཐབས་ལ་མཁས་པ་རོལ་པའི་སྐུ། །འདི་ལྟར་ལུང་དང་ལྡན་པ་ནི། །རོལ་པའི་སྐུ་ལས་མ་གཏོགས་པ། །འཁོར་བར་འ་ས་པའི་གོལ་བ་མེད། །ང་རྒྱལ་ཆེན་པོའི་སེམས་ཉིད་ནི། །ཀུན་ལ་ཁྱབ་པར་དཔག་པ་སྟེ། །ཐབས་ཀྱི་རྒྱལ་པོ་རང་བྱུང་བས། །འདི་ལྟར་ལུང་དང་ལྡན་པ་ནི། །ཆེ་བའི་སྐུ་ལས་མ་གཏོགས་པ། །ཉོན་མོངས་ཁེངས་པའི་གོལ་བ་མེད། །ཕྲག་དོག་ཆེན་པོའི་སེམས་ཉིད་ནི། །ཉོན་མོངས་མཚན་མ་མི་ཤོང་བས། །ཆོས་ཉིད་ངང་ལས་རྣམ་རྟོག་མེད། །འདི་ལྟར་ལུང་དང་ལྡན་པ་ནི། །མན་ངག་དོན་ལས་མ་གཏོགས་པ། ཕྱོགས་ཆར་གོལ་བ་གང་ཡང་མེད། །དེ་ལྟར་སྤྱོད་པ་གང་ཡིན་པ། །ཉོན་མོངས་སྤྱོད་ཀྱང་སྤྱོད་དུ་བས། །སྤྱད་ཀྱང་ཡོན་ཏན་ཡིན་པ་ལས། །དོན་དུ་མ་སོང་གང་ཡང་མེད། །འདི་ལྟར་ཉིན་དང་མཚན་མེད་པར། །མན་ངག་འདི་ལས་མ་ཡེངས་ན། །སེམས་ཀྱི་སྤྱོད་པ་དམ་པ་ཡིན། །ཀུན་ཏུ་བཟང་པོས་ལུང་བསྟན་ཏོ། །དེ་ལ་སེམས་རང་བྱུང་གི་ཡེ་ཤེས་སུ་སྤྱོད་པ་ནི། །རང་བྱུང་གི་ཡེ་ཤེས་བཙལ་བ་དང་བཅས་པ་ལས་འགྱུར་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཡེ་ཐོག་མ་ནས་ཀུན་ཏུ་བཟང་པོའི་ངང་ལས་ཐམས་ཅད་བྱས་ཟིན་པས། རྒྱུ་རྐྱེན་གང་གིས་ཀྱང་བསྐྱེད་དུ་མེད་དེ། རང་བྱུང་ཡེ་ཤེས་མ་སྐྱེས་པར་ཀློང་ནས་ཤར་བས། དང་པོར་མ་བསྐྱེད་བར་དུ་མ་བཙལ་ཐ་མར་མ་བསྒྲུབས་པས། ནམ་མཁའ་ལ་བཙལ་བ་མེད་པར་སྣང་བ་དང་འདྲ་བར། རང་བྱུང་གི་ཡེ་ཤེས་རྟོགས་པའི་དོན་དང་ལྡན་པ་དེ། རྣལ་འབྱོར་ཚད་མ་རྣམས་ཀྱི་བློ་ལ་རང་སྣང་བར་ཚད་མར་བྱུང་བ་སྟེ། དེ་ལ་འདི་སྐད་ཅེས་བཤད་པར་བྱའོ། །རྒྱུད་དྲུག་སྐྱེ་འགྲོ་མ་ལུས་པ། །སུས་ཀྱང་མ་བྱས་བྱེད་མི་འགྱུར། །ཡུལ་དང་དབང་པོ་ཐམས་ཅད་དང་། །རྣམ་པར་ཤེས་པའི་ཚོགས་རྣམས་ཀུན། །རང་སེམས་རྟོགས་པའི་ཁྱད་པར་ལས། །དཔེར་ན་ནམ་མཁའི་མཚན་ཉིད་ལས། །འབྱུང་བ་ཆ་སྙོམས་སྣང་འགྱུར་ཡང་། །ནམ་མཁའ་ཉིད་དུ་རང་འབྱུང་བཞིན། །ཀུན་ཁྱབ་སེམས་ཀྱི་མཚན་ཉིད་ལས། །ཅི་ལྟར་སྣང་ཞིང་གྲགས་པ་དང་། །གོ་ཞིང་རྟོགས་པ་ཐམས་ཅད་ཀུན། །རང་བྱུང་རྒྱལ་པོའི་ཡེ་ཤེས་ལས། །གལ་ཏེ་ལས་ཀྱི་དབང་བཙན་ན། །རང་བྱུང་ཡེ་ཤེས་དེ་ཡང་མེད། །འཁོར་བ་ཉིད་དུ་སེམས་པ་ཡང་། །འཁོར་བ་རང་བྱུང་ཡེ་ཤེས་པས། །རྟོགས་པའི་མན་ངག་མ་བསྟན་འབྱུང་། །དུས་གསུམ་ཉིད་དུ་སེམས་པ་ཡང་། །དུག་གསུམ་རང་བྱུང་ཡེ་ཤེས་པས། །ཇི་ལྟར་སེམསཔ་དེ་བཞིན་བཟང་། །རང་བྱུང་ཡེ་ཤེས་སྤྱད་པ་ལ། །འཁོར་བ་ངན་སོང་མིང་ཡང་མེད། །སེམས་ཅན་ངང་ལས་སྤང་ལེན་མེད། །རྟོགས་པ་ཀློང་དུ་རང་བྱུང་བས། །རྒྱལ་བ་ཉིད་ཀྱིས་འདི་ལ་བསྔགས། །སེམས་ལ་དྲན་རིག་འབྱུང་བ་ཡང་། །རང་བྱུང་རྒྱལ་པོ་ཡེ་ཤེས་ཡིན། །སེམས་ལ་བྱུང་ཚོར་བྱུང་བ་ཡང་། །རང་བྱུང་རྒྱལ་པོ་ཡེ་ཤེས་ཡིན། །རང་བྱུང་ཡེ་ཤེས་ཆེན་པོ་ནི། །དུས་གསུམ་རྒྱལ་བའི་རྗེ་བཙན་ཏེ། །ལྟ་བ་སྐྱེ་ཤི་མེད་པའི་ཀློང་། །རྟོགས་པ་འདུ་འབྲལ་མེད་པའི་ངང་། །སྤྱོད་པ་བཅོས་མེད་སྙིང་པོར་སྤྱོད། །སྒྲུབ་པ་བཙལ་བ་མེད་པར་བསྒྲུབ། །དོན་གྱི་སྙིང་པོ་ངེས་པའི་ལུང་། །རང་ལ་ཡོད་པས་བདེ་བའི་ཞིང་། ཁུ་ཉིད་དག་པས་ཐར་པའི་གནས། །གཞུང་དང་མཐུན་པས་ངེས་པའི་དོན། །འདི་ལྟར་སེམས་སྤྱོད་གང་ཡིན་པས། །ཅི་ལྟར་སྤྱད་ཀྱངསྤྱད་དུ་ཟད། །རང་བྱུང་ཉིད་ལསམགཏོགསཔ། །ཞེནཅིངཆགསཔ་གང་ཡང་མེད། །འདི་ལྟར་དུས་དང་རྒྱུན་མེད་པར། །མན་ངག་འདི་ལས་མ་ཡེངས་ན། །སེམས་ཀྱི་རང་བྱུང་སྦྱོད་པར་བཤད། དེ་ལ་སེམས་འགྱུར་བ་མེད་པའི་སྙིང་པོར་སྤྱོད་པར་བཤད་པ་ནི། སེམས་ཁ་དོག་དང་དབྱིབས་སུ་འགྱུར་བ་མེད་པས། འགྱུར་བ་མེད་པ་དོན་གྱི་སྙིང་པོ་ཡིན་པས། དཔེར་ན་གསལ་བ་གང་ཡིན་པ་ཉི་མ་ཡིན་ལ། ཉི་མ་གང་ཡིན་པ་གསལ་བ་དང་འདྲ་བར། དུས་མི་འགྱུར་བ་ཐོག་མ་དང་ཐ་མ་མེད་པར་ཤེས་པ་དང་། སྤྱོད་པ་མི་འགྱུར་བ་ཉིན་དང་མཚན་མེད་པར་ཤེས་པ་དང་། སེམས་མི་འགྱུར་བ་སྐྱེ་ཤི་མེད་པར་ཤེས་པ་ཉིད་འགྱུར་བ་མེད་པའི་སྙིང་པོ་ཡིན་ལ། །འགྱུར་མེད་ཀྱི་སྙིང་པོ་ཉིད་དེ་ལྟར་ཤེས་པ་ཡིན་པས། དེ་ནི་འབྱུང་བའི་སྙིང་པོ་ཡིན། །བར་སྣང་མཚོན་གྱི་ཆར་འབབས་ན། །སྐྱེ་ཤི་གཉིས་ཀྱི་མིང་བཏགས་ཀྱང་། །བྱང་ཆུབ་སེམས་ལ་འགྱུར་བ་མེད། །དེ་ནི་སེམས་ཀྱི་སྙིང་པོ་ཡིན། །སེམས་ལ་དངོས་པོ་རྫས་མེད་པས། །ཁ་དོག་དབྱིབས་སུ་འགྱུར་བ་མེད། །སེམས་ལ་བརྟག་པའི་མུ་མེད་པས། །སྐྱེ་ཤི་གཉིས་སུ་འགྱུར་བ་མེད། །སེམས་ལ་བརྟེན་པའི་གནས་མེད་པས། །ཕྱོགས་རིས་གཉིས་སུ་འགྱུར་བ་མེད། །སེམས་ལ་ཆགས་པའི་གཞི་མེད་པས། །སྤང་ལེན་གཉིས་སུ་འགྱུར་བ་མེད། །སེམས་ལ་ང་དང་བདག་མེད་པས། །བཟང་ངན་གཉིས་སུ་འགྱུར་བ་མེད། །སེམས་ལ་རིག་པའི་རྒྱུ་མེད་པས། །རྒྱུ་འབྲས་གཉིས་སུ་འགྱུར་བ་མེད། །སེམས་ལ་འཛིན་པའི་སེམས་མེད་པས། །མཐའ་དབུས་ཆེ་ཆུང་འགྱུར་བ་མེད། །སེམས་ལ་དམིགས་པའི་སེམས་མེད་པས། །ཡངས་དོག་མཐོ་དམན་འགྱུར་བ་མེད། །དེ་ནི་སྙིང་པོ་ངེས་པའི་ལུང་། །འདི་ལྟར་རྟོགས་པའི་རྣལ་འབྱོར་པས། །འགྱུར་མེད་སྙིང་པོར་སྤྱོད་པ་བཟང་། །དེ་ལྟར་དུས་གསུམ་འགྱུར་མེད་པས། །ལྟ་བ་འདི་ལ་གང་གནས་པ། །སེམས་བསྐྱེད་བརྩོན་པ་དོན་དང་ལྡན། །ངང་ཉིད་བཅོས་མེད་སྙིང་པོར་འགྲུབ། །སངས་རྒྱས་རྣལ་འབྱོར་དུས་གསུམ་དུ། །ཀུན་ཏུ་བཟང་པོའི་དགོངས་པ་འཆང་། །གང་ལྟར་སྤྱད་ཀྱང་སྤྱད་དུ་ཟད། །འགྱུར་མེད་སྙིང་པོ་ཡིན་པར་ངེས། །དེ་ལ་སེམས་བཅོས་མེད་ཆོས་ཉིད་ཀྱི་དོན་དུ་སྤྱོད་པ་ནི། ཆོས་རྣམས་ཀྱི་ཆོས་ཉིད་ནི་ཡང་དག་པར་སངས་རྒྱས་ཉིད་ཀྱིས་ཀྱང་བཅོས་པར་དཀའ་ལ་ཀུན་རྫོབ་ཏུ་སེམས་ཀྱང་མ་བསླད་བསླད་དུ་མེད་པས། དེ་བཞིན་དུ་སེམས་ཀྱི་དོན་ཡང་གནས་པས་གཞན་དུབསྟན་པ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་དཔེར་ན་དངོས་པོ་མེད་པ་ལ། གང་གིས་བཟུང་བར་དཀའ་བ་བཞིན། ཆོས་ཉིད་སྟོང་པ་ལ་སྒྲོ་འདོགས་པར་དཀའ་བས། དོན་ཉིད་ཡིན་པར་ཤེས་པར་དཀའ་བ་ལ། མ་བཅོས་པར་དེ་དང་མཐུན་པར་སྤྱོད་པ་ནི། བཅོས་པ་མེད་པ་ཆོས་ཉིད་ཀྱི་ངང་དུ་སྤྱོད་པ་སྟེ། དེ་ལ་འདི་སྐད་ཅེས་བཤད་པར་བྱའོ། །སེམས་ཉིད་མ་སྐྱེས་ཆོས་ཉིད་ནི། །ཚིག་དང་ཡི་གེ་ཀུན་སྤངས་པས། །འདི་འདྲའི་སེམས་ནི་བརྟག་པར་དཀའ། །སེམས་ཀྱི་མཚན་ཉིད་དེ་བཞིན་ལ། །རང་བཞིན་བཅོས་པ་མེད་པ་ཡིས། །དེ་ནི་ཆོས་ཉིད་ཡིན་ཞེས་བྱ། །རང་བཞིན་མ་སྐྱེས་གང་ཤེས་པ། །དེ་ནི་ཆོས་ཉིད་སྤྱོད་པ་ཡིན། །ཅི་ལྟར་བཟོ་མཁས་ཚུལ་ཤེས་ཀྱང་། །སེམས་ཉིད་བཅོས་པར་ཡོངས་མ་གསུངས། །ཚིག་དང་ཡི་གེར་མ་བཅོས་པ། །དེ་ནི་སྐྱེ་འགག་མེད་པའི་དབྱིངས། །རངབཞིན་དུ་ནི་བཟང་པོ་ཞིག །ངེས་པར་ཡང་དག་བསྟན་པར་བྱའོ། །མ་བཅོས་པ་ཡི་ཆོས་ཉིད་ལ། །སངས་རྒྱས་ཐམས་ཅད་ཀུན་འབྱུང་བ། །བྱུང་ཙམ་ཉིད་ནས་བཅོས་སུ་མེད། །དཔེར་ན་ནམམཁའི་མཚན་ཉིད་ལ། །འཇའ་ཚོན་གཟུགས་བརྙན་སྣང་བ་ཡང་། །སྣང་ཙམ་ཉིད་ནས་རང་བཞིན་མེད། །དེ་བཞིན་བཅོས་པ་མེད་པ་ཡིས། །སྐྱེ་དང་འགག་སྤངས་ཆོས་ཉིད་དབྱིངས། །གཉིས་མེད་སོ་སོ་མ་ཡིན་པས། །སྐྱེ་བ་མེད་ལས་སྤྲོས་པ་མེད། །རང་བཞིན་མེད་པས་འཛིན་པ་མེད། །འཕོ་འགྱུར་མེད་པས་ཡུམ་གྱི་ཀློང་། །དེ་ལ་སྐྱེ་དང་འགག་སྤངས་པའི། །ཀུན་ལ་རོལ་པས་ཡུམ་གྱི་དབྱིངས། །ཡབ་ཡུམ་གཉིས་མེད་སོ་སོ་མིན། །དེ་བཞིན་བཅོས་མེད་ཆོས་ཉིད་དེ། །སུས་ཀྱང་བཅོས་མེད་བཅོས་མི་འགྱུར། །འདི་ལྟར་རྟགས་པའི་རྣལ་འབྱོར་པས། །བཅོས་མེད་ཆོས་སུ་སྤྱོད་པ་དེ། །དེ་ལྟར་ཉིན་དང་མཚན་མེད་པར། །མན་ངག་འདི་ལ་གང་གནས་པ། །སེམས་སྤྱོད་སྤྱོད་པ་དོན་དང་ལྡན། །ངེས་པ་ཉིད་དུ་བསྒྲུབ་པ་སྟེ། །དེ་ནི་རྟག་ཏུ་ངེས་པ་ཡིན། །མན་ངག་ཀློང་ལ་གནས་པའོ། །དེ་ལ་སེམས་བཙལ་བ་མེད་པའི་ཡེ་ཤེས་སུ་སྤྱོད་པ་ནི། །སེམས་ཀྱི་མཚན་ཉིད་ཡེ་ནས་ཡེ་ཤེས་ཀྱི་དོན་དང་ལྡན་པ་སྟེ། །དེ་ལ་རྒྱུ་རྐྱེན་རྟེན་འབྲེལ་གྱིས་བཙལ་བ་མེད་དེ། རང་གི་རང་བཞིན་གྱི་སྙིང་པོ་མན་ངག་གི་དོན་དང་ལྡན་པས། །ཐམས་ཅད་དུ་ལེགས་པ་འབྱུང་བའི་རང་བཞིན་པས། དེ་ལྟ་བུའི་དོན་ཤེས་ཤིང་རྟོགས་པ་དང་ལྡན་པར་སྤྱོད་པ་ནི། བཙལ་བ་མེད་པའི་ཡེ་ཤེས་སུ་སྤྱོད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་རིག་གར་ཡང་མ་ལུས་པར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར། དགོས་པ་འབྱུང་བས། མན་ངག་དང་ལྡན་པའི་དགོས་པ་ཉིད་ནི་རིག་པ་གསལ་བ་ནང་ནས་ཤར་བས། བཙལ་བ་མེད་པར་སྤྱོད་པ་ཡིན་པས། དེ་ལ་འདི་སྐད་ཅེས་བཤད་པར་བྱའོ། །བཙལ་བ་མེད་པའི་སེམས་ཉིད་ནི། །ཆོས་ཀྱི་སྐུ་ཡི་གདེང་ཆེན་ཏེ། །མ་གཡོས་པ་ཡི་དབྱིངས་ཉིད་ལ། །མ་བཅོས་པ་ཡི་ཆོས་ཉིད་གསལ། །མ་བཙལ་པ་ཡིཡེཤེས་ཤར། །ཤར་བས་སངས་རྒྱས་ཐམས་ཅད་ཐོབ། །སངས་རྒྱས་ཐོབ་པས་སེམས་ཅན་ཟད། །ཉི་མ་ཤར་བས་མུན་པ་ནུབ། །རིག་པ་གསལ་བས་མུན་པ་སྟོངས། །ཡེ་ཤེས་གསལ་བས་འཁོར་བ་དྭངས། །དེ་ལ་སུས་ཀྱང་བཙལ་བ་མེད། །བཙལ་མེད་སྙིང་པོར་ཤར་བ་ལས། །རྒྱུ་འབྲས་ཅན་དུ་དེ་མ་བསྟན། །བཅོས་པ་མེད་པར་ཤེས་པ་ལས། །གཉེན་པོ་ཅན་དུ་དེ་མ་བསྟན། །འགྱུར་བ་མེད་པའི་ཤེས་པ་ལས། །འཆི་འཕོ་ཅན་དུ་དེ་མ་བསྟན། །མ་གཡོས་པ་ཡི་ཤེས་པ་ལས། །འཛིན་རྟོག་ཅན་དུ་དེ་མ་བསྟན། །མཉམ་པ་ཉིད་ཀྱི་ཤེས་པ་ལས། །ཆེ་ཆུང་ཅན་དུ་དེ་མ་བསྟན། །ཀུན་ཏུ་བཟང་པོའི་ཤེས་པ་ལ། །གཙང་སྨེ་ཅན་དུ་དེ་མ་བསྟན། །མཐའ་དབུས་མེད་པའི་ཤེས་པ་ལ། །ཕྱོགས་རིས་ཅན་དུ་དེ་མ་བསྟན། །དེ་ལྟར་ཤེས་པས་སེམས་ཤེས་ལ། །སེམས་ཤེས་པས་ནི་མ་བཙལ་བ མ་བཙལ་བས་ནི་ཡེ་ཤེས་ཆེ། །ཡེ་ཤེས་དེ་ཞེས་སྤྱོད་པ་ཡིན། །ཐིག་ལེ་ཆེན་པོ་བཙལ་བ་མེད། །སྟོང་པ་ཆེན་པོ་བཙལ་བ་མེད། །སྐྱེ་འགག་མེད་པས་བཙལ་བ་མེད། །མ་གཡོས་ཆོས་ཉིད་བཙལ་བ་མེད། །དེ་ལྟར་ཤེས་པའི་སེམས་ཅན་ནི། །དེ་ནི་སྤྱོད་པ་དོན་དང་ལྡན། །འདི་ལྟར་རྟོགས་པ་བཙལ་བ་མེད། །བཙལ་བ་ཉིད་ན་བཙལ་བ་མེད། །འདི་ལྟར་རྟོགས་པ་སྦྱོད་པ་ཡིན། །སྤྱོད་པ་ཉིད་ན་སྤྱོད་པ་མེད། །འདི་ལྟར་བརྩོན་པ་དོན་དང་ལྡན། །ཡེངས་མེད་བརྩོན་པ་དོན་དང་ལྡན། །འདི་ལྟར་རྟོགས་པའི་རྣལ་འབྱོར་པ། །བཙལ་བ་མེད་པར་སུས་སྤྱོད་པ། །བརྩོན་པ་དོན་ལྡན་ཡིན་ཞེས་བྱ། །དེ་ཉིད་སངས་རྒྱས་ཉིད་དུ་བསྟན། །བཅོམ་ལྡན་འདས་ཀྱིས་ཡང་ལུང་བསྟན། །མན་ངག་ངེས་པ་ཉིད་ལུང་བསྟན། །འདི་ལྟར་སྤྱོད་པ་ཐར་པ་སྟེ། །ཐར་པ་ཉིད་ན་མ་ཐར་གནས། །དེ་ཕྱིར་བཙལ་བ་མེད་པའོ། །བཙལ་བ་མེད་པར་བཤད་པ་ཡང་། །ལུས་དང་གནས་ལ་བཙལ་བ་དང་། །འདུ་འཛི་གཡེང་བས་བཙལ་བ་དང་། །སྡུག་བསྔལ་ཕྱོགས་རིས་བཙལ་བ་དང་། །གཞན་ནས་གཞན་དུ་བཙལ་བ་མེད། །དེ་བཞིན་དེ་ལ་དེ་བཞིན་བཙལ། །མན་ངག་དེ་ལ་ཉིང་ཁུར་བཙལ། །འགྱུར་མེད་དེ་ལ་ཀློང་དུ་བཙལ། །བཅོས་མེད་དེ་ལ་སྤྲོས་མེད་བཙལ། །ཡིན་པའི་དོན་ལ་ངེས་པར་བཙལ། །གནས་པའི་དོན་ལ་བརྟགས་པར་བཙལ། ཁོགོས་པའི་དོན་ལ་སྤྱོད་པར་བཙལ། །དེ་ནི་བཙལ་བ་མེད་པ་ཡིས། །ཡེ་ཤེས་སྤྱོད་པ་ཡིན་ཞེས་བྱ། །དེ་ལ་སེམས་ཀྱི་ལྟ་བ་གང་དང་ལྡན་ན་དོན་དང་ལྡན་པ་ནི། །སེམས་ཀྱི་ལྟ་བ་ཡེངས་པ་མེད་པ་དང་། །སེམས་ཀྱི་ལྟ་བ་འགྱུར་བ་མེད་པ་དང་། །སེམས་ཀྱི་ལྟ་བ་བཅོས་སུ་མེད་པ་སྟེ། །དེ་ལ་སེམས་ཀྱི་ལྟ་བ་མ་ཡེངས་པ་ནི། །གཉེན་པོས་བཅོས་པ་མ་ཡིན། རང་གི་རང་བཞིན་གྱིས་མ་ཡེངས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཅི་ལྟར་སྤྱད་པ་བདེ་བ་ཆེན་པོའི་ཀློང་ཡིན་པས། ཡེངས་པ་མེད་པའོ། །སེམས་ཀྱི་ལྟ་བ་འགྱུར་བ་མེད་པ་ནི། རང་བཞིན་མི་གཡོ་བ་ལ་ཚིག་དང་ཡི་གེས་གཞན་དུ་བསྟན་པར་དཀའ་བས་གཅིག་ཀྱང་མི་འགྱུར་བའི་དོན་ནོ། །སེམས་ཀྱི་ལྟ་བ་བཅོས་པ་མེད་པ་ནི། །དཔེར་ན་ནམ་མཁའ་ལ་ཆ་ཤས་སུ་བགོས་ཤིང་བཅོས་པས་ཚི་ཆད་པ་དང་འདྲ་བར་ཀུན་གཞི་བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡེ་ནས་ཁྱབ་ཅིང་གདལ་བ་ཆེན་པོ་གྲུབ་ཟིན་པ་ལ། ཚིག་དང་ཡི་གེས་འཆོས་པར་དཀའ་བའི་དོན་དེ་ལ་འདི་སྐད་ཅེས་བཤད་པར་བྱའོ། །རང་སེམས་མེད་པའི་སྔོན་རོལ་ན། །སངས་རྒྱས་བྱང་ཆུབ་ཡོད་མ་ཡིན། །དུས་གསུམ་རྗེ་བཙན་བྱང་ཆུབ་སེམས། །གཞན་ལ་ཕན་འདོགས་ནུས་པའི་མཐུ། །རང་ལ་གནས་མེད་གོམས་པའི་གདེང་། །གཞི་བཞག་དོན་གྱི་སྙིང་པོར་བལྟའོ། །སྤྱོད་པ་ཐམས་ཅད་ཀྱི་རྒྱལ་པོ་བརྩོན་པ་དོན་ལྡན་གྱི་རྒྱུད་ལས། སེམས་ཀྱི་སྤྱོད་པ་གང་ལྟར་སྤྱོད་ཅིང་ལྟ་བའི་ལེའུ་སྟེ་གསུམ་པའོ།། །།དེནས་བཅོམ་ལྡན་འདས་ཀྱིས་ཐབས་ཀྱི་སྤྱོད་པ་གང་ལྷར་སྤྱོད་ཅིང་ལྟ་བ་གང་དང་ལྡན་ན་འདི་ཆེད་དུ་བརྗོད་དོ། །ཐབས་ཀྱིས་སྤྱོད་པ་གང་ཡིན་པ། །རྡོ་རྗེ་སེམས་དཔས་ཉན་པར་གྱིས། ངེས་པར་ལུང་འདི་བསྟན་པར་བྱའོ། །དེ་ལ་ཐབས་ཀྱིས་སྤྱོད་པ་རྣམ་པ་གསུམ་སྟེ། ཀུན་རྫོབ་དངོས་པོའི་ཆོས་ལ་ཐབས་ཀྱིས་སྤྱོད་པ་དང་། ཉོན་མོངས་པ་ནང་གི་ཆོས་ལ་ཐབས་ཀྱིས་སྦྱོད་པ་དང་། བདེ་བ་ཆེན་པོ་ཡུམ་གྱི་བྷ་ག་ལ་གཉིས་སུ་མེད་པར་ཐབས་ཀྱིས་སྤྱོད་པའོ། །དེ་ལ་ཀུན་རྫོབ་དངོས་པོའི་ཆོས་ལ་ཐབས་ཀྱིས་སྤྱོད་པ་ནི། གནམ་རི་དང་ས་བྲག་རྩི་ཤིང་དང་ནགས་ཚལ་ལ་སོགས་པ། ཇི་སྲིད་རྫས་སུ་ཡོད་པ་ཐམས་ཅད་དང་། འབྱུང་བ་ཆེན་པོ་ལ་སོགས་པར་བསྐྱེད་ཅིང་སྙོམས་པ་ཐམས་ཅད་སྐྱོན་དུ་བལྟས་ནས་སྤང་བ་མ་ཡིན། དེ་ཉིད་ཐམས་ཅད་ཀྱི་སྤྱོད་པ་སྟེ། དཔེར་ན་སྐྱེས་བུ་དཔའ་རྩལ་དང་ལྡན་ཞིང་ཐབས་ལ་མཁས་པས་སྡང་བའི་ཕྱོགས་ཐམས་ཅད་ཐབས་ཀྱིས་བཏུལ་ནས་ཡོན་ཏན་དུ་སྣང་བ་འདྲ་བར་ཐབས་མཁས་པའི་སྤྱོད་པས་མཚན་མ་རྫས་སུ་སྣང་བ་ཐམས་ཅད་སྒྱུ་མ་ཡིན་པ་དང་། རང་བཞིན་མ་གྲུབ་པས་གཉིས་སུ་མེད་པ་དང་། མ་སྐྱེས་པས་གང་ལ་སྤྱད་ཀྱང་ཡོན་ཏན་ལས་སྐྱོན་མེད་དེ། སྒྱུ་མ་ལྟར་ཤེས་ཤིང་མ་སྐྱེས་པར་གོ་བས་སྲོག་གཅོད་པ་ཡང་ཡོན་ཏན་ལས་སྐྱོན་མེད་དེ། རང་བཞིན་མེད་པར་ཤེས་ལ། མཉམ་པ་ཉིད་དུ་གོ་བས་མ་བྱིན་པ་བླངས་པ་ཡང་ཡོན་ཏན་ལས་སྐྱོན་མེད་དེ་གཉིས་སུ་མེད་པ་ཤེས་ལ། ཐ་མི་དད་པས་མི་ཚངས་པར་སྤྱད་ཀྱང་ཡོན་ཏན་ལས་སྐྱོན་མེད་དེ། དེ་དོན་ལས་སོ་མ་གསོགས་སུ་མི་སྟོན། མན་ངག་སྤྱི་ལྡིངས་སུ་སྟོན་པ་ཐབས་ཀྱིས་སྤྱོད་པའོ། །དེ་ལ་ཕྱོགས་ཆའི་རིས་སུ་མ་ཕྱེ། བདག་མེད་ཀྱི་ཤེས་རབ་ཏུ་བརྡལ་བས་ཀྱང་ཐབས་ཀྱིས་སྤྱོད་པའོ། །དེ་ལ་བཟང་ངན་གྱི་སྤྱོད་པར་མ་ཕྱེ། རང་བྱུང་གི་ལོངས་སྦྱོད་དུ་མཛད་པས་ཀྱང་ཐབས་ཀྱིས་སྤྱོད་པ་སྟེ། དེ་ལ་འདི་སྐད་ཅེས་བཤད་པར་བྱའོ། །སྣང་སྲིད་མཚན་མའི་རྫས་རྣམས་ཀུན། །མ་རིག་རྨོངས་པའི་བློ་རྣམས་ཀྱིས། །ཡོད་པ་ཉིད་དུ་སྣང་བ་སྟེ། །ཐབས་ལ་མཁས་པའི་རྣལ་འབྱོར་པས། །རང་བཞིན་མེད་པར་འདྲིས་པར་སྦྱོད། །རྒྱུ་འབྲས་མཚན་མའི་ཆགས་སེམས་ལ། །གང་ཟག་འཁྲུལ་པས་རྟོག་པ་ཆགས། །མཁས་པས་ཡེ་ནས་དངོས་མེད་རྟོགས། །འབྱུང་བ་མ་སྐྱེས་ཡུམ་གྱི་ཀློང་། །འགྱུར་མེད་སྙིང་པོ་ཡིན་པར་སྟོན། །སྤྱོད་པའི་རྒྱལ་པོ་འདི་ལས་བྱུང་། །ལུས་ཀྱི་སྤྱོད་༄༅ པས་ཐམས་ཅད་བསྒྲལ། །སེམས་ཅན་ཐམས་ཅད་བསྒྲལ་བ་ནི། །རྒྱལ་བ་མཉེས་ཏེ་སྲས་སུ་སྐྱེ། །གཙང་སྨེ་མེད་པར་ཟ་བ་ནི། །རྒྱལ་བ་མཉེས་ཏེ་སྲས་སུ་སྐྱེ། །སྤང་ལེན་མེད་པར་སྦྱོར་བ་ནི། །རྒྱལ་བ་མཉེས་ཏེ་སྲས་སུ་སྐྱེ། །བཟང་ངན་མེད་པར་སྤྱོད་པ་ནི། །རྒྱལ་བ་མཉེས་ཏེ་སྲས་སུ་སྐྱེ། །ཐབས་ཀྱི་སྤྱོད་པས་མ་སྤྱད་ན། །སྤང་བ་ཉིད་ཀྱང་འཁོར་བའི་རྒྱུ། །ཐབས་ཀྱི་སྤྱོད་པས་སྤྱད་པ་ནི། །བདག་པོ་ཞིང་ལ་ལོངས་སྤྱོད་འདྲ། །གང་ཞིག་དེ་དང་མི་ལྡན་ན། །རང་ནོར་སྤྱད་ཀྱང་མ་བྱིན་བླངས། །ཐབས་ལ་མཁས་པའི་སྤྱོད་པས་ནི། །འབྱུང་བའི་ཆོས་ཉིད་ཡུམ་དུ་སྤྱོད། །སྣང་སྲིད་ཀུན་ཏུ་བཟང་མོར་སྤྱོད། །ཡུལ་ནི་ཆོས་ཀྱི་དབྱིངས་སུ་སྤྱོད། །ལུས་ནི་ཕྱག་རྒྱ་ཆེན་པོར་སྤྱོད། །ཕུང་པོ་རྣམ་གྲོལ་ཞིང་དུ་སྤྱོད། །དུག་གསུམ་སྐུ་གསུང་ཐུགས་སུ་སྤྱོད། །དོན་དམ་ཉིད་དུ་མ་སྐྱེས་པས། །ཐབས་ཀྱིས་སྤྱད་ཀྱང་གོལ་ས་མེད། །མ་ཆགས་རྟོག་པ་མེད་པར་སྤྱོད། །དོན་དང་མཐུན་ཞིང་འགལ་མེད་པའོ། །དེ་ལ་ཉོན་མོངས་པ་ནང་གི་ཆོས་ལ་ཐབས་ཀྱིས་སྤྱོད་པ་ནི། །དཔེར་ན་ཉི་མའི་དཀྱིལ་འཁོར་ལ་མུན་པ་ངང་གིས་མི་གནས་པ་བཞིན་དུ། །མཁས་པའི་སྤྱོད་པ་ལ་ཉོན་མོངས་པ་ངང་གིས་མི་གནས་ཏེ། །ཐབས་ཀྱིས་སྤྱོད་པས་འདོད་ཆགས་ཆོས་ཉིད་དག་པའི་རྒྱན་དུ་སྤྱོད། །ཞེ་སྡང་ཐུགས་རྗེ་ཆེན་པོའི་ཞིང་དུ་སྤྱོད། །གཏི་མུག་མ་སྐྱེས་པའི་དབྱིངས་སུ་སྤྱོད། །ང་རྒྱལ་ཆེ་བའི་ཡོན་ཏན་གྱི་མཆོག་ཏུ་སྤྱོད། །ཕྲག་དོག་རྣམ་པར་རྟོག་པ་མི་གནས་པར་སྤྱོད། །དཔེར་ན་དེ་བཞིན་གཤེགས་པའི་སྐུ་ལ་གང་ལྟར་བལྷས་པས་ལེགས་པ་བཞིན། །ཐབས་མཁས་པའི་སྤྱོད་པས་ཇི་ལྟར་བལྟས་པ་ལེགས་པའི་ཞིང་ཡིན་པས། །དེ་ལ་འདི་སྐད་ཅེས་བཤད་པར་བྱའོ། །ཉོན་མོངས་རྒྱུ་རྣམས་ཐམས་ཅད་ཀུན། །ཐབས་ཀྱིས་སྤྱོད་པའི་ཞིང་ཡིན་པས། །དེ་ལ་མི་སྤང་སྤྱད་པར་བྱ། །གཏི་མུག་ཐབས་ཀྱིས་མ་སྤྱད་ན། །དེ་བཞིན་རིགས་ཀྱི་སྐུ་མི་འགྲུབ། །ཞེ་སྡང་ཐབས་ཀྱིས་མ་སྤྱད་ན། །རྡོ་རྗེའི་རིགས་ཀྱི་སྐུ་མི་འགྲུབ། །ང་རྒྱལ་ཐབས་ཀྱིས་མ་སྤྱད་ན། །རིན་ཆེན་རིགས་ཀྱི་སྐུ་མི་འགྲུབ། །འདོད་ཆགས་ཐབས་ཀྱིས་མ་སྤྱད་ན། །པདྨའི་རིགས་ཀྱི་སྐུ་མི་འགྲུབ། །ཕྲག་དོག་ཐབས་ཀྱིས་མ་སྤྱད་ན། །ལས་ཀྱི་རིགས་ཀྱི་སྐུ་མི་འགྲུབ། །ཉོན་མོངས་ལྔ་པོ་ཐབས་སུ་མཉམ། །རིགས་ཀྱི་སྐུ་ལྔ་སྤྱོད་པར་འདུས། །ཉོན་མོངས་ལྔ་པོ་སྒྱུ་མར་སྦྱད། །རིགས་ཀྱི་སྐུ་ལྔ་གཉིས་མེད་ཐབས། །ཉོན་མོངས་ལྔ་པོ་ཡེ་ནས་དག །རིགས་ཀྱི་སྐུ་ལྔ་གདོད་ནས་བྱུང་། །ཉོན་མོངས་ལྔ་པོ་ནམ་མཁའི་ཁམས། །རིགས་ཀྱི་སྐུ་ལྔ་གཟའ་སྐར་ཚུལ། །ཉོན་མོངས་ལྔ་པོ་རྒྱ་མཚོ་བཞིན། །རིགས་ཀྱི་སྐུ་ལྔ་ཉི་ཟླ་ལྟར། །རྒྱ་མཚོ་ཆུ་ཟླ་དབྱེར་མེད་མཉམ། །དོན་ལ་གཉིས་མེད་ཐབས་སྤྱོད་པས། །ཉོན་མོངས་ཆོས་ལ་ཐབས་ཀྱིས་སྤྱོད། །མན་ངག་དོན་འདི་སུས་སྤྱོད་པ། །དུས་དྲུག་ཉིན་དང་མཚན་མེད་པར། །ཕྲིན་ལས་ཆོ་༄༅ བར་མ་ཆགས་པས། །བརྩོན་པ་དོན་དང་ལྡན་ཞེས་བྱའོ། །དེ་ལ་བདེ་ཆེན་ཡུམ་གྱི་བྷ་ག་ལ་གཉིས་སུ་མེད་པར་ཐབས་ཀྱིས་སྤྱོད་པ་ནི། ཐམས་ཅད་དུ་བདེ་བའི་ལོངས་སྤྱོད་དེ། དཔེར་ན་གསེར་གྱི་གླིང་ལ་རྡོ་བཙལ་གྱིས་མི་རྙེད་ལ། འདོད་ཆགས་ཀྱི་དགའ་བ་བསྟར་ན་གང་ལ་ཡང་མི་དགའ་བ་དང་མི་བདེ་བ་མེད་པ་བཞིན། ཆོས་ཉིད་བདེ་བ་ཆེན་པོའི་དོན་མན་ངག་ལ། འཁོར་བའི་སྐྱོན་དང་ཟུག་རྔུ་བཙལ་གྱིས་མི་རྙེད་ལ། ཆོས་ཉིད་དགའ་བདེ་སེམས་ཀྱི་རོ་སྙོམས་སུ་བསྟར་ནས། དགའ་བའི་ལོངས་སྤྱོད་མ་ཡིན་པ་དང་། བདེ་བའི་ལོངས་སྤྱོད་གང་ཡང་མ་ཡིན་པ་གང་ཡང་མེད་པར་ཤེས་པས། དེ་ཉིད་བློའི་ཆགས་པར་བྱ་བའི་ཡུལ་དུ་གྱུར་པ་ཡིན་པས་ཡུམ་གྱི་བྷ་ག་ཡིན་ལ། དེ་གཉིས་སུ་མེད་པར་སྤྱོད་པ་ནི་ཐབས་ཏེ། དུས་ཐམས་ཅད་དུ་སྩོལ་བ་དང་མ་བྲལ་བས། གཉིས་སུ་མེད་པའི་རོལ་པ་རྒྱུན་མ་ཆད་པ། བྲལ་ན་བྲལ་ཏེ་ལེགས་པས།བཙལ་མེད་ཀྱི་དགའ་བ་དེ་ལ་ཞུགས། སེམས་ཀྱིས་ཐམས་ཅད་དུ་དྲན་རིག་སྐྱེས་པས། དུས་གསུམ་རིག་པའི་དབྱིངས་ལོན་པས། འདུ་འབྲལ་མེད་པའི་གཟུགས་སུ་རྒྱུན་མ་ཆད། དྲན་རིག་མ་སྐྱེས་ན་མ་སྐྱེས་སུ་ཟད་དེ། དྲན་མེད་ཤེས་རབ་ཀྱི་ཀློང་ན། འཛིན་མེད་ཐབས་ཀྱི་རྒྱལ་པོ། །འགྱུར་མེད་དགའ་བ་དེའི་ཀློང་ན་བཞུགས་པས། དེ་ལ་འདི་སྐད་ཅེས་བཤད་པར་བྱའོ། །བཙལ་བ་གཉིས་སུ་མེད་པ་ནི། །ཡབ་ཡུམ་གཉིས་སུ་སྦྱོད་པ་སྟེ། །དོན་འདི་རྟོགས་ཤིང་ཤིན་ཏུ་བདེའོ། །དབྱིངས་ལ་སྦྱོར་བ་ཡུམ་ཞེས་བྱའོ། །ཐབས་ལ་སྤྱོད་པས་ཡབ་ཅེས་བྱའོ། །ཉམས་སུ་ལོན་པས་བྱང་ཆུབ་སེམས། །བློ་ལ་བསྟར་བས་དགྱེས་པའི་རོ། །གང་ཡིན་པ་ཡི་ཆོས་རྣམས་ལ། །དེ་ཡི་ཤེས་པ་དེ་བཞུགས་པས། །བདེ་བ་ཆེན་པོ་ཐབས་སུ་སྦྱོད། །མུ་མཐའ་མེད་པའི་སྤྱོད་པ་ལ། །དེ་ཡི་རྩོལ་བ་དེ་ཞུགས་པས། །བདེ་བ་ཆེན་པོའི་ཐབས་སུ་སྤྱོད། །མ་སྤངས་པ་ཡི་རྒྱུ་རྣམས་ལ། །རོལ་པ་ཆེན་པོའི་ཐབས་ཞུགས་པས། །བདེ་བ་ཆེན་པོའི་ཐབས་སུ་སྤྱོད། །གཉིས་སུ་མེད་པས་དགའ་ཞེས་བྱའོ། །གསལ་བ་དགའ་བས་བདེ་ཞེས་བྱ། །ཆགས་པར་བྱ་བ་ཡུམ་ཞེས་བྱ། །དམིགས་པར་བྱ་བས་ཡབ་ཅེས་བྱའོ། །གནས་པར་བྱ་བ་བྷ་གའོ། །དགའ་བདེ་སྐྱེས་པས་བྷ་གའོ། །སྤྱད་པར་བྱ་བས་བྷ་གའོ། །རྡོ་རྗེ་སེམས་དཔའི་དགའ་བའོ། །ཀུན་ཏུ་བཟང་པོའི་བདེ་བའོ། །མཉམ་པ་ཉིད་ཀྱི་སྤྱོད་པའོ། །སྐྱེ་འགག་མེད་པའི་ཕྲིན་ལས་སོ། །རྣལ་འབྱོར་ཐུགས་ཀྱི་དགོངས་པའོ། །སངས་རྒྱས་རྣམས་ཀྱི་མཛད་སྤྱོད་དོ། །འདི་ལྟར་མན་ངག་དོན་འཆང་བ། །ཐབས་ཀྱི་སྤྱོད་པ་དམ་པ་འཆང་། །འདི་ལྟར་ཐམས་ཅད་དུ་གནས་པ། །བརྩོན་པ་དོན་དང་ལྡན་པའོ། །ཐབས་ཀྱི་སྤྱོད་པ་ཡིན་ཞེས་བྱའོ། །དེ་ལ་ལྟ་བ་གང་དང་ལྡན་པ་ནི། །ལྟ་བ་ཐོག་མ་ཉིད་ནས་ལྟ་བ་ལ། །དེ་ཇི་ལྟར་དུ་ཡིན་པ་དེ་བཞིན་དུ་ལྟ་བའོ། །དེ་ཡང་གང་ཞེ་ན། དེ་ཡང་ཐོག་མ་ཉིད་ནས་རང་བཞིན་མེད་པ་མ་སྐྱེས་པ་ཡིན་པས་དེ་བཞིན་དུ་བལྟ་བ་དང་། ཐོག་མ་ཉིད་ནས་མ་གཡོས་བཞིན་གཉིས་སུ་མེད་པ་དེ་བཞིན་དུ་ལྟ་བ་དང་། ཐོག་མ་ཉིད་ནས་མ་བཅོས་ཤིང་མི་འགྱུར་བ་དེ་བཞིན་དུ་ལྟའོ། །དེ་ནས་དེ་ལ་འདི་སྐད་ཅེས་བཤད་པར་བྱའོ། །ཡེ་ནས་བཅོས་པ་མེད་པ་ཡི། །རང་བྱུང་སྙིང་པོ་ཡིན་པ་ལ། །དེ་བཞིན་བཙལ་བ་མེད་པ་ཡིས། །དེ་བཞིན་གཡོས་པ་མེད་པར་བཞག །དེ་བཞིན་ཆོས་ཉིད་ཡིན་ཤེས་ན། །གཞན་དུ་ཆོས་ཉིད་བཏགས་མི་དགོས། །མ་བཅོས་པ་ཡི་མན་ངག་ལ། །དེ་ལ་གོམས་པའི་གདེང་ཆེན་དུ། །ངེས་པར་ལུང་བསྟན་བཤད་པར་བྱའོ། །དེས་ནི་ཡིད་ཆེས་ལ་བཟླས་སོ། །སྤྱོད་པ་ཐམས་ཅད་ཀྱི་རྒྱལ་པོ་བརྩོན་པ་དོན་ལྡན་གྱི་རྒྱུད་ལས། ཐབས་ཀྱི་སྤྱོད་པ་གང་ལྟར་སྤྱོད་ཅིང་ལྟ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། རྡོ་རྗེ་སེམས་དཔས་ཤིན་ཏུ་གདུང་བའི་མཆི་མས་ངུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་སེམས་དཔའི་ཐུགས་ངལ་བསང་བའི་ཕྱིར། འདི་སྐད་ཅེས་བཀའ་སྩལ་ཏོ། །འགྲོ་ལ་ཕན་པའི་གཙོ་ཆེན་གྱིས། །གདུང་བ་སྐྱེ་བར་ཤིན་ཏུ་ལེགས། །གང་ཞིག་མཉན་པར་བརྩོན་པ་ནི། །ལེགས་འོང་བུ་ལ་བཤད་པར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔས་གསོལ་པ། སངས་རྒྱས་ཐམས་ཅད་སྤྱོད་པས་སངས་རྒྱས་ན། སེམས་ཅན་སྤྱོད་པས་དེ་ལྟར་མ་རྟོགས་པ་ཤིན་ཏུ་འགྱོད་དོ། །ལུས་ཀྱི་སྤྱོད་པ་རོལ་པ་གཉིས་སུ་མེད་པའི་ཐབས་དང་ཤེས་རབ་ཡིན་པ་ལ། སེམས་ཅན་གྱིས་དེ་ལྟར་མ་རིག་པ་ཤིན་ཏུ་འགྱོད་དོ། །སེམས་ཅན་གྱིས་སྤྱོད་པ་ཅི་བསམས་ཤིང་དྲན་པ་ཐམས་ཅད་ཡེ་ཤེས་ངང་གིས་རོལ་པ་ལགས་པ་དེ། མ་རྟོགས་པ་ཤིན་ཏུ་འགྱོད་དོ། །སེམས་ཅན་ཐམས་ཅད་ཀྱིས་ལུས་ཀྱི་སྤྱོད་པ་མ་ཤེས་པས་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་ནས། ཐབས་དང་ཤེས་རབ་ནུབ་པར་གྱུར་པ་དང་། ངག་གི་སྤྱོད་པ་མ་ཤེས་པས་ལྕེ་ལ་ཞིང་རྨོ་བ་ལ་སོགས་པ་སྡུག་བསྔལ་ཉམས་སུ་མྱོང་ནས། ཆོས་ཉིད་སྐྱེ་བ་མེད་པའི་དོན་ནུབ་པར་གྱུར་པ་དང་། སེམས་ཀྱི་སྤྱོད་པ་མ་ཤེས་པས་ཉོན་མོངས་པ་ཁ་ལོ་བསྒྱུར་བས། སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་ནས། རིག་པའི་ཡེ་ཤེས་ནུབ་པར་འགྱུར་བ་དང་། ཐབས་ཀྱི་སྤྱོད་པ་མ་ཤེས་པས། འཇིག་ཚོགས་ཀྱི་དབྱེན་སྤྱོས་པས། སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་ནས། སངས་རྒྱས་ཀྱི་དགོངས་སྤྱོད་དང་བྲལ་བར་གྱུར་པའི་སེམས་ཅན་གླེན་པ་རྣམས་ལ། ཐབས་མཁས་པའི་ལྟ་བའི་རྒྱལ་པོ་སྤྱོད་པ་འདི་ལྟ་བུ་མངའ་བ་དེ། སེམས་ཅན་གྱིས་དེ་ལྷ་བུ་མ་འཚལ་བ་དེ་ནི་ཇི་ལྟ་བུ་ལགས། སེམས་ཅན་གནས་པ་ཡང་སྤྱོད་པ། འཁོར་བར་འཁྱམས་པ་ཡང་སྤྱོད་པ། །ཉོན་མོངས་ཤིང་ཉམ་ཐག་པ་ཡང་སྤྱོད་པ། འདི་ལྟར་གསུངས་ན་དེ་ཉིད་བདེ་བ་ཡང་དག་པ་ལས་སྐྱོན་དུ་མ་སོང་བ་དེ། སེམས་ཅན་གྱིས་དེ་ལྟར་མ་འཚལ་བར་དེ་ཇི་ལྟ་བུ་ལགས། སངས་རྒྱས་ཀྱི་ཐུགས་ཡང་དག་པའི་ཡེ་ཤེས་བཙལ་བ་མེད་པའི་སྙིང་པོ་དེ། སེམས་ཀྱི་སྤྱོད་པ་དང་སྐྱོན་ཉིད་ལས་བྱུང་བ་ལས། སེམས་ཅན་གྱིས་མ་འཚལ་བ་དེ་ཇི་ལྟ་བུ་ཞིག་ལགས། ཆོས་ཀྱི་སྒོ་བཀའ་ཅི་སྙེད་པ་གསུངས་པ་ཡང་། འཁོར་བ་ཉིད་ན་དེ་ཉིད་བྱང་ཆུབ་ཀྱི་ཆོས་སུ་གསུངས་པ་དེ། སེམས་ཅན་རྣམས་ཀྱིས་ཆོས་དེ་བཞིན་དུ་མ་འཚལ་བ་དེ་ཅི་ལྟ་བུ་ཞིག་ལགས། དེ་དག་ནི་ཇི་ལྟ་བུ་ཞིག་ལགས། དེས་བདག་ནི་ཤིན་ཏུ་མཆི་མ་དཀུའོ་ཞེས་ངུས་སོ། །དེ་བཞིན་དུ་རིགས་ལྔ་ཀུན་ཀྱང་ངུས་སོ། །རྣམ་པར་སྣང་མཛད་ཀྱིས་སེམས་རྟག་ཆད་གཉིས་སུ་ལྟ་བ་ལ་ངུས་སོ། །རིན་པོ་ཆེའི་རིགས་ཀྱི་སངས་རྒྱས་ཀྱིས་སེམས་བཟང་ངན་གཉིས་སུ་ལྟ་བ་ལ་ངུས་སོ། །པདྨའི་རིགས་ཀྱི་སངས་རྒྱས་ཀྱིས་སེམས་གཙང་སྨེ་གཉིས་སུ་ལྟ་བ་ལ་ངུས་སོ། །ལས་ཀྱི་རིགས་ཀྱི་སངས་རྒྱས་རྣམས་ཀྱིས་སེམས་སྤང་ལེན་གཉིས་སུ་ལྟ་བ་ལ་ངུས་སོ། །རིགས་ཀྱི་ཡུམ་རྣམས་ཀྱིས་ཀྱང་། སེམས་ཅན་རྣམས་ཐབས་ལ་མི་མཁས་པ་ལ་ངུས་སོ། །སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་རྣམས་ཀྱིས་ལམ་མ་ཤེས་པ་ལ་ངུས་སོ། །དེ་ལྟར་ངུས་ཙམ་ཉིད་ན། རྡོ་རྗེ་སེམས་དཔའ་ལ་སོགས་པ་རིགས་ལྔའི་སངས་རྒྱས་ཡབ་ཡུམ་དང་། བྱང་ཆུབ་སེམས་དཔའ་ལ་སོགས་པ་གང་ཡང་མེད་ཅིང་གང་གིས་ཀྱང་མ་ངུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མ་གསུངས་པར་བཀའ་སྩལ་པ། རྡོ་རྗེ་སེམས་དཔའསེམས་ཅན་གྱི་སྦྱོད་པས། སྡུག་བསྔལ་གྱི་ཁ་བརྒྱུད་པ་ནི། དཔེར་ན་སྨན་གྱི་སྒྲོརབཏང་མི་ཤེས་པས། སྨན་དུ་སྦྱར་ཡང་དུག་ཏུ་འགྱུར་ལ། སྨན་གྱི་སྦྱོར་ཐབས་ལ་མཁས་པས། དུག་སྦྱར་ཡང་ནད་འཇིལ་བའི་མཐུ་སྟོབས་ཡོད་པ་བཞིན་དུ། སྤྱོད་པའི་རྒྱལ་པོ་འདི་མ་ཐོས་པས་ནི། སངས་རྒྱས་ཀྱི་སྤྱོད་པ་བཙལ་ཡང་སྡུག་བསྔལ་གྱིགཏན་ཞིང་དུ་འགྱུར་ལ། རྒྱུད་ཀྱི་རྒྱལ་པོ་འདི་ཐོས་པས་ནི་སྡུག་བསྔལ་ཞིང་སྤྱད་ཀྱང་ཐར་པ་བདེ་བ་ཆེན་པོ་སངས་རྒྱས་ཀྱི་མཛད་སྤྱོད་དུ་འགྱུར་རོ། །རྡོ་རྗེ་སེམས་དཔའ་སེམས་ཅན་གྱི་སྤྱོད་པས་འཁོར་ཞིང་འ་ས་པ་ལ་རྒྱུད་འདི་གསུངས་ན་འཁོར་བ་ཉིད་བདེ་བ་ཡང་དག་པར་འཀྱུར་བ་ནི། དཔེར་ན་ཟས་སྤྱོད་མ་ལེགས་པས་ནད་དུ་འགྱུར། འཆི་བར་འཀྱུར་ལ། དེ་ཉིད་སྤྱོད་པ་ལེགས་པས་གཟི་མདངས་བཀྲག་དང་ལྡན་པབཞིན་དུ་རྒྱུད་འདི་མ་རྟོགས་ཤིང་མ་གོ་བས། སེམས་ཅན་འཁོར་བར་འ་ས་ལ། རྒྱུད་འདི་རྟོགས་ཤིང་གོ་ན། འཁོར་བ་ཉིད་བདེ་བའི་རོར་བསྟར་པར་འགྱུར་རོ། །རྡོ་རྗེ་སེམས་དཔའ་སངས་རྒྱས་ཀྱི་ཐུགས་ཡང་དག་པའི་ཡེ་ཤེས་བཙལ་བ་མེད་པའི་སྙིང་པོ་ཉིད་སེམས་ཀྱི་སྤྱོད་པ་དང་སྐྱོན་ལས་བྱུང་བ། སེམས་ཅན་གྱི་ངོ་མ་ཤེས་པས་ནི། དཔེར་ན་རྒྱལ་རིགས་སམ། བྲམ་ཟེའི་རིགས་སམ། ཁྱིམ་བདག་གི་རིགས་ལྟ་བུ་གཞོན་པ་ལ། བརྡའ་དང་། རྩེད་མོ་དང་། གཞོན་ནུའི་རོལ་པ་ལ་སོགས་པ་བུས་པ་དེ་ཉིད་རང་ལ་ཚང་བར་ཡོད་ཀྱང་། འཚོ་བའི་མ་མ་དང་། རྩེ་གྲོགས་ལ་སོགས་པ་རྣམས་ཀྱིས་མ་བསྟན་ན། དེ་ལྟར་ངོ་མི་ཤེས་ལ། བསྟན་ན་ངོ་ཤེས་པ་བཞིན། དོན་གོང་མ་འདི་དག་སེམས་ཀྱི་སྐྱོན་ཉིད་ཡིན་པ་དེ། ལུང་ངེས་པ་འདི་མ་བསྟན་ན་དེ་བཞིན་དུ་མི་ཤེས་ཤིང་མི་རྟོགས་པ། ལུང་འདི་དག་བསྟན་ན་སྐྱོན་ཡང་ཡང་དག་པའི་ལུང་དུ་འགྱུར་རོ། །རྡོ་རྗེ་སེམས་དཔའ་ཆོས་ཀྱི་སྒོ་སེམས་ཅན་ཉིད་ལས་བྱུང་བ་ནི། དཔེར་ན་ནམ་མཁའ་ལ་ཆར་པ་བབ་པ་དེ་ཉིད་མཚོ་ཉིད་ལས་བྱུང་ཞིང་དེ་ཉིད་དུ་འབབས་པ་བཞིན་གནས་ཀྱང་། ཤེས་པ་དག་པས་དེ་བཞིན་རྟོགས་ལ། ཤེས་པ་མ་དག་པས་དེ་བཞིན་དུ་མི་ཤེས་པ་བཞིན། ཆོས་ཀྱི་སྒོ་མོ་བསམ་གྱིས་མི་ཁྱབ་པར་གསུངས་པ་ཡང་། སེམས་ཅན་གྱི་རྒྱུ་གཉིས་ཉོན་མོངས་པ་དང་། འཁོར་བ་ཉིད་ཀྱིས་གསུངས་ལ། ཡིན་ཡང་དེ་ཉིད་ཡིན་ལ། འབྲས་བུ་དེ་ཉིད་གཞན་དུ་བཙལ་དུ་མེད་པའི་དོན། རྒྱུད་འདི་བློ་ལ་འདྲིས་པ་རྣམས་ཀྱིས་དེ་བཞིན་དུ་ཤེས་པ་ལས། འདི་བློ་ལ་མ་འདྲིས་པ་རྣམས་ཀྱིས་དེ་བཞིན་དུ་མི་ཤེས་པས། འདི་བློ་ལ་མ་འདྲིས་པ་རྣམས་ཀྱིས་རྟོགས་པར་དཀའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་སྤྱོད་པ་ཉིད་དུ་གནས་པ་དང་། གནས་པ་ཉིད་དུ་གནས་པ་མེད་པའི་དོན་མ་རྟོགས་པས། དེ་ལ་འདི་སྐད་ཅེས་བཤད་པར་བྱའོ། །ཀུན་ནས་གསང་བའི་མན་ངག་ནི། གནས་པ་ཉིད་ཀྱིས་མ་རྟོགས་ཏེ། །འཇིག་རྟེན་ཁམས་ན་འཕྱན་ཞིང་ཉེན། །ཡང་གསང་ངེས་པའི་ཐེག་པ་འདི། །རང་ཉིད་ཡིན་པས་བརྟགས་པའི་རྒྱུ། །ཞེས་བྱ་སྟེ། དེ་བས་ན་རྡོ་རྗེ་སེམས་དཔའ་སེམས་ཅན་གྱི་ཉོན་མོངས་པ་མེད་པའི་དངོས་གྲུབ་ནི། བདེ་བར་གཤེགས་པ་ལ་ཡང་མི་མངའོ། །སེམས་ཅན་གྱི་སྐྱོན་མེད་པའི་ཡོནཏན་ནི། བདེ་བར་གཤེགས་པས་ཀྱང་མ་བཤད་དོ། །སེམས་ཅན་གྱི་སྤྱོད་པ་ཆོས་ཉིད་ཡིན་པ་ལས། དེ་ལས་གཞན་པའི་ཆོས་ནི་སྟོན་པས་ཀྱང་མ་གསུངས་སོ། །འཁོར་བ་མྱ་ངན་ལས་འདས་པ་ཡིན་པ་ལས། གཞན་དུ་མྱ་ངན་ལས་འདས་པ་མ་བསྟན་ཏོ། །སེམས་ཅན་གྱི་ཅི་བྱས་ཅི་སྤྱད་པ་ཉིད། རྣམ་པར་དག་པའི་སངས་རྒྱས་ཀྱི་མཛད་སྦྱོད་ཡིན་པ་ལས། གཞན་དུ་སངས་རྒྱས་ཀྱི་མཛད་སྤྱོད་མ་བྱུང་ངོ་། །རྒྱུ་ཉིད་གདོད་མ་ནས་དག་པའི་འབྲས་བུ་ཡིན་པ་ལས། བཙལ་བ་དང་བཅོས་པའི་འཕོ་འཇུག་གི་རང་རིག་པའི་བློང་ནས་མ་ཕྱེའོ། །དེ་ལྟ་བུའི་དོན་སེམས་ཅན་ལ་རང་ལ་རང་ཆས་སུ་ཡོད་ན་འགྱོད་པའི་རྒྱུ་ཅི་ཡོད། ཅེས་བཀའ་སྩལ་པས། རྡོ་རྗེ་སེམས་དཔའ་མྱ་ངན་ལས་འདས་པར་གྱུར་ཏོ། །སྤྱོད་པ་ཐམས་ཅད་ཀྱི་རྒྱལ་པོ་བརྩོན་པ་དོན་ལྡན་གྱི་རྒྱུད་ལས། རྡོ་རྗེ་སེམས་དཔའ་མྱ་ངན་ལས་འདས་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཁོར་བ་མྱ་ངན་ལས་འདས་པར་བསྟན་པའི་རྒྱུད་འདི། མ་བསླད་པའི་ཡོན་ཏན་ཁྱད་དུ་ཆེ་བས་ཆེ་བ་དང་། མ་བཙལ་བའི་མཐུ་དཔག་ཏུ་མེད་པ་དང་། མ་བསྒྲུབས་པའི་དངོས་གྲུབ་ཤིན་ཏུ་བརྗོད་ཀྱིས་མི་ལངས་པ་དང་།མ་གསུངས་པའི་ཆོས་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་རྒྱུད་འདི་ནི། ཉན་ཐོས་དང་ཐེག་པ་དམན་པ་རྣམས་ཀྱིས་རྟོགས་པ་ལྟ་ཅི་སྨོས་ཀྱི། མིང་ཙམ་ཡང་ཐོས་པར་མི་འགྱུར་ལ། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་།འདིའི་ཡོན་ཏན་བརྗོད་ཀྱིས་མི་ལངས་པ་ལགས་ཏེ། ནམ་མཁའ་ལ་ཆ་ཤས་སུ་ཕྱེ་ཞིང་བསྔོ་བར་རུང་གི་འདིའི་ཡོན་ཏན་བརྗོད་པར་མི་ནུས་སོ། །འབྱུང་བ་ཐམས་ཅད་ནི་འབྲུའི་ཉག་མ་ཙམ་ནས་བགྲང་བར་ནུས་པར་ཟད་ཀྱི། འདིའི་ཡོན་ཏན་བགྲང་བ་ལས་འདས་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདིའི་དོན་ནི་གྲངས་སམ་མུ་མཐའ་དཔག་ཏུ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་རྒྱུད་འདི་ཡང་སུས་ཐོབ་པ་སྟོན་པ་ཉིད་དོ། །སྟོན་པ་ཉིད་ཀྱང་རྒྱུད་འདིའོ། །ཀུན་ཏུ་བཟང་པོ་ཡང་རྒྱུད་འདིའོ། །འདི་ཡིད་ལ་དྲན་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ཡེ་ཤེས་སོ། །གོང་དུ་བསྟན་པ་ལྟར་དཀོན་པ་ཉིད་ཀྱི་དཔེ་ནི། ཨུ་དུམ་ཝ་ར་དང་འདྲའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང་། རྡོ་རྗེ་སེམས་དཔའ་ལེགས་སོ་ལེགས་སོ། །རྒྱུད་འདི་ང་ཀུན་ཏུ་བཟང་པོས་དུས་གསུམ་དུ་དགོངས་པ་ཉིད་ཡིན་ནོ། །ངའི་དགོངས་པ་ཉིད་འདིར་བསྟན་པ་ཡིན་པས། རྒྱུད་འདི་ཡང་རིམ་གྱི་སྣང་བ་ལས། ཀུན་ཏུ་རྒྱས་པར་མ་བསྟན་ཏེ་ཡང་དག་པའི་མན་ངག་ངེས་པར་འདོད་པ་དང་། དོན་མན་ངག་འདི་དང་ཕྲད་ན་ཟང་ཟིང་ཡོན་དང་གྲོགས་ཚེགས་ལ་མི་བལྟ་བའི་རྣལ་འབྱོར་པ་འགའ་ཞིག་སྲིད་པ་དག་ལ་བསྟན་པར་བྱའོ། །གང་ཞིག་སྣོད་དང་མི་ལྡན་པ་རྣམས་ལ་ནི། དམུས་ལོང་ལ་བཞིན་མཐོང་དུ་མི་བ་་པའི་དཔེ་བཞིན། མན་ངག་བསྟན་ཀྱང་གོ་ཞིང་རྟོགས་པ་མི་ནུས་པ་ཡིན་པས། དེ་བས་ཤིན་ཏུ་གསང་བར་བསྟན་པའོ། །རྡོ་རྗེ་སེམས་དཔའ་རྒྱུད་འདིའི་མིང་ཙམ་འཛིན་པའམ་ཡང་ཐ་ན་ཚིག་འབྲུ་གཅིག་ཙམ་ཡང་། ཁ་རྟན་དུ་འདོད་ན་མན་ངག་གི་དངོས་གྲུབ་ཐོབ་པ་ཡིན་པས། །དེ་ལ་ནི་གོལ་བ་མེད་དོ། །དེ་སྐད་ཅེས་སུས་ཀྱང་མ་གསུངས་པར་བཀའ་སྩལ་པས། རྡོ་རྗེ་སེམས་དཔའ་དེ་དང་མི་གཉིས་གཅིག་པའི་གང་ཟག་རྣལ་འབྱོར་པ་རྣམས་ཀྱིས་རྒྱུད་འདིའི་དོན་རྟོགས་པར་གྱུར་ཏོ། །སྤྱོད་པ་ཐམས་ཅད་ཀྱི་རྒྱལ་པོ་བརྩོན་པ་དོན་ལྡན་གྱི་རྒྱུད་ལས། ཡོན་ཏན་རང་རྒྱུད་གཏད་པའི་ལེའུ་སྟེ་དྲུག་པའོ།། །།སྤྱོད་པ་ཐམས་ཅད་ཀྱི་རྒྱལ་པོ་བརྩོན་པ་དོན་ལྡན་གྱི་རྒྱུད་ལས་གསུངས་པ་མེད་པའི་མཛོད། སེམས་ཀྱི་འབྲས་བུ་མཆོག་ས་མ་ཏི་རྫོགས་སོ།། །།བརའདིརདམཚིགརྒྱལཔོདམཚིགབཀོདཔའིརྒྱུདལཛུད།