Ngb-pt-0888-vol-09-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
 

Latest revision as of 10:50, 20 March 2020

Front

Body

ཕུར་ཞེས་བྱ་བ་གནོད་སྤྱིན་གྱི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་རྒྱུད་རྫོགས་སོ།། །། རྒྱ་གར་སྐད་དུ། ལྭ་ཀྟ་སརྦ་རྭ་ཛ་ཧ་ལ་ཛ་ལེ་ཙིཀྟ་གུ་རྒྱ་ཏནྟྲ། བོད་སྐད་དུ། གནོད་སྤྱིན་ཐམས་ཅད་ཀྱི་རྒྱལ་པོ་ཧ་ལ་འབར་བའི་སྙིང་གསང་བའི་རྒྱུད། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཁྲོ་བོ་མི་བཟད་པ་དྲག་པོ་སྤྲུལ་པ། སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་བསྲུང་ཞིང་གདུག་པ་ཅན་འདུལ་བར་དབང་བསྐུར་ཏེ། ལག་ན་རྡོ་རྗེ་གཏད་པ་དེ་རི་མ་ལ་ཡའི་རྩེ་མོ་ན་གནམ་ལྕགས་འབར་བ་ལས་གྲུབ་པའི་ཁང་པ་ན། འཁོར་ལོ་བྱང་ཆུབ་སེམས་དཔའ་དང་། དྲེགས་པ་ཅན་གྱི་སྡེ་བརྒྱད་དཔག་ཏུ་མེད་པ་དང་ལྷན་ཅིག་ཏུ་བཞུགས་པ་ནི་འདི་ལྟ་སྟེ། གནས་དེ་ཡང་སྟོད་གཅན་གཟན་གྱི་རྒྱལ་པོ་སེང་གེའི་འགྲན་སར་གྱུར་པ། སྨད་འདབ་གཤོང་ན་གཅན་གཟན་སྟག་གི་འགྲན་སར་གྱུར་པ། རྩི་ཤིང་དང་། རྩི་ཐོག་དང་། སྨན་དང་། སྡོང་བུ་དང་། ཡལ་གའི་འཁྲུངས་སར་གྱུར་པ། དེ་ན་འདབ་ཆགས་རྣམ་པ་སྣ་ཚོགས་ཐམས་ཅད་དང་། །འཁོར་བ་དང་། ལྡིང་བ་དང་། འཛུམ་པ་དང་། མཛེས་པ་དང་། འཆག་པ་དང་། འཕུར་བ་དང་། འདྲད་པ་དང་། སྐད་སྒྲོག་པ་དང་། འདྲད་ཅིང་རོ་ཟ་བའི་གཅན་གཟན་གྱི་རྣམ་པ་ཀུན་ཀྱང་རྒྱུག་པ་དང་།འཛིན་པ་དང་། བཟུང་བ་དང་། གསོད་པ་དང་། སྤྲུག་པ་དང་། ཚོམས་པ་དང་། ཚོར་བ་དང་། མཛེས་པ་དང་། ང་རོ་སྣ་ཚོགས་འདོན་པ་དེ་དག་གོ །དེ་ལྟ་བུའི་རི་དེའི་རྩེ་མོ་ན་གནམ་ལྕགས་ལས་གྲུབ་པའི་ཁང་པ་འབར་བ་ཡོད་དེ། དེ་ཡང་དབྱིབས་གྲུ་གསུམ་མཐིང་ནག་མེ་འབར་བར་འདུག་པ། ངོས་གསུམ་དུ་ཟླ་གམ་དུ་འདུག་པ་ལ་མེ་འབར་བ། ལོགས་ལ་ཞེ་སྡང་ཅན་སྦྲུལ་སྣ་ཚོགས་ཀྱི་རྒྱན་འཕྱར་བ། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། ཡེ་ཤེས་ལས་གྲུབ་པ། སྟེང་གནམ་ལྕགས་འབར་བའི་ཐོག་འབེགས་པ། ཁྲག་གི་བར་ན་གློག་འགྱུ་བ། སྤྲིན་སྣ་དང་། ན་བུན་དང་། ཁ་རླངས་སྣང་བ། དུག་གི་སེར་བ་རྒྱུན་མི་ཆད་པར་འབབ་པདུག་མཚོ་ཁོལ་མའི་ནང་ན་ཆུ་སྲིན་ལ་སོགས་གདུག་པ་ཅན་ཐམས་ཅད་དཀྱིས་གང་བ། ཁྲག་གི་རྦ་གློང་འཁྲུག་པའི་ནང་ནས་བྱུང་བའོ། །དེ་ན་གནས་པའི་དྲེགས་པ་ཅན་ཐམས་ཅད་ནི་གདུག་པ་གསོད་པ་ལ་དགའ་བ། བརྩེ་བ་མེད་པར་ཤ་དང་ཁྲག་ལ་དགའ་བ། ཁྲག་དང་ཤའི་དྲི་ཚོར་ན་སྐད་ཅིག་ཙམ་ལ་གླིང་བཞི་ལ་རྒྱུག་པ། ཉིན་དང་མཚན་དུ་མི་གསོད་པ་ལ་བརྩོན་པ། གཟུགས་མི་སྡུག་པ་སྣ་ཚོགས་ཀྱིས། ཁ་ནས་སྔགས་དུག་དང་འདྲ་བ་འདོན་པའི་གནོད་སྤྱིན་གདུག་པ་ཅན་ཤ་དག་གི་གནས་དང་རྟེན་སར་གྱུར་ཏེ། དེ་དག་ཐམས་ཅད་དཔལ་ཕྱག་ན་རྡོ་རྗེས་སྲོག་ཕྲོགས་ཏེ་བཏུལ་ནས། དམ་ཚིག་བྱིན་དེ་དབང་བསྐུར་ནས་རྡོ་རྗེ་གཏད་དེ་དམ་ལ་བཏགས་ནས། ཐམས་ཅད་རྡོ་རྗེའི་མིང་ཅན་དམ་ཚིག་དང་ལྡན་པས་སངས་རྒྱས་ཀྱི་བསྟན་པ་བསྲུང་ལ་རེམ་པ། དམ་ཉམས་པ་གསོད་པ་ལ་བརྩོན་པ། བསྟན་པ་འཇིག་པའི་ཡུལ་དུ་ཐོག་དང་སེར་བ་འབེབས་ཤིང་ནད་སྣ་ཚོགས་གཏོང་བ་ལ་བརྩོན་པ། སྔགས་པ་དམ་པའི་ཕོ་ཉ་བྱེད་ཅིང་ཉིན་དང་མཚན་དུ་དེ་ལ་བསྲུང་བར་བྱེད་པ། དེ་དག་ཀུན་གསང་སྔགས་རྡོ་རྗེ་ཐེག་པའི་བསྲུང་མར་གྱུར་ཏོ། །གནོད་སྤྱིན་ཐམས་ཅད་ཀྱི་རྒྱལ་པོ་ཧ་ལ་འབར་བའི་གསང་བའི་སྙིང་རྒྱུད་ལས། གླིང་གཞིའི་ལེའུ་སྟེ་དང་པོའོ།། །།དེའི་དུས་ན་གནས་པའི་གནོད་སྤྱིན་ཐམས་ཅད་ཀྱི་རྒྱལ་པོ་ཡཀྟ་འབར་བྱེད་ཅེས་བྱ་བ་ཞེ་སྡང་ཆེ་བ་མཐུ་དང་། ནུས་པ་དང། སྟོབས་དང་། དབང་ཆེ་བ་ཞིག་ཡོད་པ་ལས། དུས་དེར་ཤིན་ཏུ་འདོད་ཆགས་སྐྱེས་ཏེ། རི་དེའི་རྩ་བའི་དུག་མཚོ་ཁོལ་མའི་ནང་ན་ཀླུ་མོ་མིག་གཅིག་མ་ཞེས་བྱ་བ་དང་། རིགས་ཀྱི་སྲིན་མོ་དམར་མོ་ཤམ་སྙིང་འཕྲོག་མ་ཞེས་བྱ་བ་གདུག་པ་དུག་ཅན་འདོད་ཆགས་ཆེ་བ། གསོད་པ་ལ་དགའ་བ། མཐུ་ཆེ་བ། རྫུ་འཕྲུལ་ཆེ་བ། གདུག་པོ་མོ་ཁྱད་པར་དུ་འཕགས་པ་ཞིག་ཡོད་དོ། །དེ་ལ་གནོད་སྤྱིན་གྱི་རྒྱལ་པོ་ཡཀྟ་འབར་བྱེད་ཅེས་བྱ་བ་དེས། གནོད་སྦྱིན་རྐང་པ་བརྒྱད་པ་ཞེས་བྱ་བ་མགྱོགས་པ་དེ་ཕོ་ཉར་བརྫངས་ནས། །དེས་དེ་ལ་སྨྲས་པ། ཁོ་ན་རེའུ་ཅག་གཉིས་ལས་དབང་ཆེ་ཞིང་གཟི་བརྗེད་ནུས་པ་ཆེ་བ་འཇིག་རྟེན་འདི་ན་མེད་ན། འོ་སྐོལ་གཉིས་སྲིད་པའི་འཁྲིག་མ་ཅིག་སྤྱད་ན་མི་རུང་ངམ་ཞེས་མངགས་པ་དང་། ཀླུའི་སྲིན་མོ་ན་རེ། འུ་འུ་ཅག་གཉིས་ལས་ཞེ་སྡང་དང་འདོད་ཆགས་ཆེ་ལ་གདུག་པ་ཅན་འཇིག་རྟེན་འདི་ན་མེད་པས་ཕྲད་དུ་མི་བཏུབ་བོ། །ཕྲད་ནས་སྲིད་པ་སྨིན་ན་སྐྱེ་འགྲོ་མ་ལུས་པ་ཟོས་ཏེ་འགྲོ་བའི་བུ་ཅིག་འོང་བས། སྐད་ཅིག་ཀྱང་འུ་ཅག་གཉིས་མི་ཕྲད་པའི་ཐབས་མེད་དོ་ཞེས་ལན་བདུན་གསོལ་བ་དང་། ཡཀྟ་འབར་བྱེད་ཤིན་ཏུ་འདོད་ཆགས་སྐྱེས་དེ་འཁྲུགས་ནས་ཅང་མ་གནང་ངོ་། །དེ་སྐད་ཅིག་གིས་དེར་ཕྱིན་ཏོ། །དེ་ནས་དེ་གཉིས་ལྷོ་ཕྱོགས་དུག་ཆུ་ཁོལ་མའི་མཚོ་འགྲམ་དུ་ཉིན་ཞག་གསུམ་དུ་འདོད་ཆགས་སྤྱད་དེ། སོ་སོར་ཚིམ་ནས་རང་རང་གི་གནས་སུ་དོང་ངོ་། །དེར་སྲིན་མོ་ ལུས་མི་བདེ་སྟེ། ཟླ་བ་བདུན་འོ།ན་ཙམ་ན་དུག་ཆུའི་འགྲམ་དུ་སོང་བས། མངལ་ནས་ལྕགས་ཀྱི་སྒོ་ང་ཁ་དང་མིག་དགུ་པ་ཅིག་སྐྱེས་ཤིང་བཙས་སོ། །སྐྱེས་ནས་དེས་མའི་ཤ་འབྲབ་ཅིང་ཕའི་སྙིང་རྗེ་འཛག་པར་བྱས་ཏེ། ཡར་ནམ་མཁའི་མཐོངས་སུ་འགྲོ་ནས་མི་ཐུབ་ལ། མར་ས་རིམ་པ་དགུའི་འོག་ཏུ་མི་ཐུབ་ཅིང་སྐད་འབྱིན་ཏོ། །དེ་ཕ་མས་གསོས་སེམས་ཅན་ཐམས་ཅད་སྐྲག་པར་གྱུར་ཏོ། །དེ་ནས་མས་ཡཀྟ་འབབ་བྱེད་ལ་གསོལ་པ། འུ་འུ་ཅག་གཉིས་ཀྱི་སྲིད་པའི་ཕྲུག་གུ་འདི་བསྒྲལ་བར་མ་གྱུར་ན། སྲིད་པ་སྟོངས་པར་བྱེད་ཅིང་ཟ་བར་བྱེད་པ་ཅིག་འོང་བས། འདིས་ཐམས་ཅད་ཕུང་བར་བྱེད་པར་གྱུར་ཏ་རེ་ཞེས་སྨྲས་པས། ཕ་ཡཀྟ་འབར་བྱེད་ན་རེ། འུ་འུ་ཅག་གཉིས་ལ་འདི་ལ་གཞན་གྱི་བྱ་ཐབས་མེད་པས། གནམ་ལྕགས་འབར་བའི་ཡང་ཐོག་ན་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་བཞུགས་པས། དེ་སྤྱན་དྲངས་ལ་གདུལ་ལོ་། །ཞེས་སྨྲས་པས། མ་སྲིན་མོ་ཡང་ཐབས་དེ་ལ་དད་ཅིང་དགའ་བར་གྱུར་ཏོ། །དེ་གཉིས་སྒོ་ང་དེ་ལྕགས་ཀྱི་ཐག་ལ་བཏགས་ཏེ་སྐད་ཅིག་གིས་ཐག་ལ་བཏགས་ཏེ་སྐད་ཅིག་གི་གནམ་ལྕགས་འབར་བའི་ཁང་པར་ཕྱིན་ཏོ། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་བྱས་ཤིང་བསྐོར་ནས་སྡུག་བསྔལ་བའི་སྒྲས་བདག་ཅག་གཉིས་འདི་ལྟ་བུའི་སྲིད་པའི་ཕྲུག་གུ་གཅིག་སྲིད་པས། ཁྱེད་ཀྱིས་འདི་འདུལ་བར་ཞུ་ཞེས་སྨྲས་པས། དཔལ་ཕྱག་ན་རྡོ་རྗེ་ཐུགས་རྗེ་ཆེར་སྐྱེས་ནས་གསུངས་པ། ཁྱེད་གཉིས་མ་འཇིགས་ཤིག །ཅེས་དབུགས་བཏོན་ནས། འདི་ངས་བཏུལ་ལ་སངས་རྒྱས་ཀྱི་བསྟན་པ་ལ་དགོད་ཅིང་བསྟན་པ་བསྲུང་བའི་བསྲུང་མར་བྱའོ་ཞེས་བཀའ་སྩལ་ཏོ། །དེ་ནས་དཔལ་ཕྱག་ན་རྡོ་རྗེ་སྤྱན་དྲངས་ཏེ་བྱོན་པས། སྒོ་ང་དེ་ནི་ནམ་མཁའ་ལ་འཕར་ཏེ་འདར་ཞིང་སྤྲུལ་ལ་སྐད་སྣ་ཚོགས་འདོན་ནོ། །དེ་ནས་དཔལ་ཕྱག་ན་རྡོ་རྗེས་གནོད་སྤྱིན་གདུག་པ་ཅན་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ། དགོངས་པ་མཛད་ནས་ཞལ་ནས། ཨོ་བཛྲ་ཙཎྜ་མཧྭ་རོ་ཥ་ཎ་ཧཱུཾ༷་ཕཊ། ཅེས་གསུངས་ཏེ། ཕྱག་ན་གནས་པའི་རྡོ་རྗེ་དེ་སྒོ་ང་ལ་བརྒྱབ་པས། དེ་མ་ཐག་ཏུ་མདུན་དུ་ལྷུང་སྟེ་གས་པའི་ནང་ནས་མིའི་ལུས་ལ་མཇུག་མ་སྦྲུལ་དུ་འདུག་པ། སྟོད་ལྕགས་ཀྱི་སྡིག་པ་མགོ་དགུ་པ་ཁ་གདངས་ཤིང་མཆེ་བ་གཙིགས་པ། མིག་དང་སྣ་ནས་ནད་སྣ་ཚོགས་འཐུལ་བ། ཁ་ནས་ལྕེ་འདྲིལ་བ། མྱ་ར་ཡ་ཞེས་སྒྲོག་པ་ཅིག་སྤྱན་སྔར་འདྲད་ཀྱིས་བྱུང་ངོ་། །སྒོ་ང་དེའི་སྤྲིས་མ་ལས་གྱུར་པ་ནི། འཇིག་རྟེན་གྱི་ལྷ་འདྲེ་ཐམས་ཅད་དུ་གྱུར་ཏོ། །དེ་ཁ་འདར་ཞིང་བརྒྱལ་ལོ། །བརྒྱལ་བ་སངས་པ་དང་། བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ། འདི་སྐད་ཅེས་གསོལ་ཏོ། །ཀྱེ། བཅོམ་ལྡན་དྲག་པོ་མཐུ་བོ་ཆེ། ཁྱོད་ཀྱི་འབངས་སུ་བདག་མཆིའོ། །འབངས་ལ་ཐུགས་རྗེ་མ་ཆུངས་ཤིག །དམཚིགའཚལ་དང་ནན་ཏན་མཛོད། །ཅེས་ཞུས་པ་དང་། དེནས་དཔལ་ཕྱག་ན་རྡོ་རྗེས་གནོད་སྦྱིན་གདུག་པ་ཅན་དམ་ཚིག་ལ་གནསཔ་ཞེས་བྱ་བའིཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་ལ་དབང་བསྐུར་དེ་དམ་ཚིག་ལ་བཏགས་ནས་ལག་ཏུ་རྡོ་རྗེ་གཏད་དེ། མིང་ཡང་རྡོ་རྗེ་གནོད་སྦྱིན་ཧལ་འབར་བ་ཞེས་བྱབར་བཏགས་སོ། །དེ་ཕྱི་རབས་ཀྱི་རྣལ་འབྱོར་པ་སངས་རྒྱས་ཀྱི་བསྟན་པ་བསྲུང་བ་མ་ཐུབ་པ་རྣམས་ཀྱི་སྲུངས་མ་དང་ལས་མཁན་དུ་བསྐོསཏེ། དེས་ཀྱང་བཅོམ་ལྡན་འདསཀྱི་སྦྱན་སྔརམནས་བོར་ཁསབླངསསོ། །དེ་ནསགནོདསྤྱིན་གྱི་རྒྱལ་པོ་རྡོ་རྗེ་ཧ་ལ་འབར་བ་དེས། དཔལ་ཕྱག་ན་རྡོ་རྗེའི་ཞབས་ལ་མགོ་བས་ཕྱག་བྱས་ཏེ་ཐལ་མོསྦྱར་ནས་གསོལ་པ། བཅོམ་ལྡན་འདས་ཀྱིས་བདག་གིས་སྲོག་གི་སྙིང་པོ་དུག་དང་འདྲབ། མཚོན་དང་འདྲ་བ། མདའད་་འདྲབ་འདི་བཞེས་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་དང་། བཅོམལྡན་འདས་ཀྱིས་བཀའ་སྩལཔ། དྲེགས་པ་དམཚིགཅན་དེའི་དུས་ལ་བབ་ཀྱིས། སྲོག་གི་སྙིང་པོ་དེ་མེ་ཏོག་ཏུ་ཕུལ་ཅིག་དང་ངས་བྱིན་གྱིས་བརླབས་ཟིན་ཏོ། ཞེས་གསུངས་སོ། །དེ་ནས་དེས་སྨྲས་པ། ཧྲིང་ཧྲིང་ཨ་ལ་ལ། ཁང་སོ་མ་ཏི་ལྷི་ཏ་ཨི་དུ་ཛ། དེ་ནི་བདག་གི་སྲོག་ནས་འབོད་པའི་སྙིང་པོ་ལགས་སོ། །བདག་རྦད་པའི་སྙིང་པོ་ནི། སྒྲི་མ་སྒྲི་མ་ཧྭ་ལ་ཧྭ་ལ། ཡ༷་ཡ༷་ཙེ་ཙེ་ལ་ཡ་སྒྲི་མ་ཏ། རྦད་མྱ་ར་ཡ་སྤུ་རུ་ཏི་ཙེ་ཨ་པ་ལེ་མུ་ར་ཡ་མུ་ར་ཡ་རྡུ་ཙེ་རྡུ་ཙེ་མུ་ར་ཡ། རྦད་པུ་རྦད་པུ་མྱ་ར་ཡ། དེ་ནི་བདག་གི་སེམས་ཅན་གསོད་པའི་སྔགས་ལགས་ཏེ། གནོད་སྤྱིན་གྱི་སྐད་དེ་རིག་པ་གཞན་དང་མི་འདྲ་བ་ལགས་སོ། །ཞེས་གསོལ་ཏོ། །དེ་ནས་ཕ་མ་རང་གིས་ཀྱང་ཕྱག་བྱས་ཏེ་གསོལ་པ། བདག་ཅག་གི་ཀྱང་འདིའི་གྲོགས་བགྱི་ཞིང་བུ་བཞིན་དུ་བགྱིའོ་ཞེས་གསོལ་ནས། སྙིང་པོ་ཕུལ་ལོ། །བཛྲ་ཡཀྟ་ཛ་ལ༷་དྷ༷་དྷ༷་བཱ་ར་ཡ། ཕའི་སྙིང་པོ་ལགས་སོ། །བཛྲ་རྭག་མོ་ནཱ་ག་བྷ་ཏེ་བྷ་ཏོ་ལི་ལི་རྦུད། མའི་སྙིང་པོ་ལགས་སོ། ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་ལེགས་སོ་མ་འོངས་པའི། །དུས་སུ་སངས་རྒྱས་བསྟན་པ་བསྲུངས། །རྣལ་འབྱོར་དམ་པའི་བྱ་བ་གྱིས། །དམ་ཉམས་བསྟན་ལ་གནོད་ཀུན་སོད། །གཉིས་མེད་ཆོས་ཉིད་སེམས་ལ་བསྒོམ། །དགེ་བཅུ་བྱ་ཞིང་སྡིག་པ་སྤང་། །དམ་ལ་གནས་ཤིང་རང་སེམས་ཐུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན་ཁྱེད། །ཅག་དམ་ལས་མ་འདའ་ཞིག །གལ་ཏེ་དམ་ལས་འདས་གྱུར་ན། །རྡོ་རྗེས་མགོ་འགས་སྙིང་ཁྲག་ནི། །ཡད་དེ་ཟད་བྱས་དམྱལ་བར་འགྲོ། །ཨོ་བཛྲ་ཙན་ཊ་ཕ་མ་ཡ་དྷ་རྙུས་ཀྭ་སྙི་མ་ས་ཏི་ཧྲི་དྷ་ཛ་ཧ་ཧཱུཾ༷་ཕཊ། ཁྱེད་ནི་སྔགས་དེས་གཅུན་པར་བྱེད། །ཡི་ཏྲི་དྷ་ཏས་མ་མ་ཀ་ལི་ཡཀྟ་བྷ༷་ཏི་ཧ་ཡ་ཛ་ལ༷་སུ་ཏྲི་བྷ་ཧེ་ཧཱུཾ༷་ཕཊ། དེས་ནི་ཆོ་འཕྲུལ་ཞི་བྱེད་པའོ། །དེ་ནས་འཁོར་ན་གནོད་སྤྱིན་བྱེ་བ་ཕྲག་བརྒྱས་འདི་སྐད་ཕུལ་ལོ། །ཨོ་གྲྭ་ཧྭ་ཡཀྟ་ཆེ་དྷ་བེ་ར་ནས་ཏ༷་ཙིསྟ་ཛི་ཝ་ས་ཧ་ཧཱུཾ༷་ཕཊ། བདག་ཅག་གིས་ཀྱང་དེ་བཞིན་བགྱི། །ཀུན་གྱིས་མགྲིན་གཅིག་གསོལ་བ་ནི། །ཉིད་ཀྱིས་གསུངས་པ་བཞིན་དུ་བགྱི། །མ་བགྱིས་ཉིད་ཀྱི་བཀའ་ཆད་ཤོག །རྡོ་རྗེ་དམྱལ་བར་འགྲོ་བར་ཤོག །ཅེས་དམ་བཅས་སོ། །གནོད་སྤྱིན་གྱི་རྒྱལ་པོ་ཧ་ལ་འབར་བའི་གསང་བའི་སྙིང་རྒྱུད་ལས། དམ་ཚིག་ལ་བཏགས་པའི་གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་ཕྱག་རྡོར་གྱིས་དེ་བསྒྲུབ་པའི་ཐབས་བཀའ་སྩལ་པ། ཉོན་ཅིག་གདུག་པའི་ཚོགས་རྣམས་ཉོན། །མ་འོངས་རྣལ་འབྱོར་པའི་དོན་དུ། ཁྱོད་ཀྱི་བསྒྲུབ་པ་འདི་ལྟར་བྱ། །གནས་ནི་རི་ནག་སོག་པོ་གདོང་། ཁྲོས་འདྲ་དྲེད་མོ་ལངས་འདྲ་འམ། །སྲིན་མོ་རལ་པ་གསིགས་འདྲར་བསྔགས། །དམ་རྫས་ར་དང་ཁྱི་དང་གླང་། །རྟ་ནག་མི་ནག་ལྔ་ཡི་སྙིང་། །དེ་ལྔའི་ཁྲག་དང་ཐུན་རྫས་དྲག །ཞི་བྱེད་སྤྲེའུའི་སྙིང་རྨ་བྱའི་སྒྲོ། ཁྱོད་དང་བདག་གི་གཏོར་མ་དང་། །བདུད་རྩི་ཆང་བཅ་་གཅེས་པ་ཡིན། །དུར་ཁྲོད་ས་ལས་གྲུ་གསུམ་ནི། །ཉིས་བརྩེགས་ནག་པོ་ལྷོ་ནུབ་ལྟ། །ཟླ་གམ་དམར་པོ་གསུམ་ལྡན་པས། །དེ་ལ་མེ་རི་སྦར་ཁབ་ནི། །ཐལ་ཆེན་དུར་ཁྲོད་སོལ་བར་བྱུག །དབུས་སུ་མོན་ནག་ཐོད་པ་སྲ ཁྲག་དུག་སྣ་ཚོགས་ཐུན་བཅའ་འོ། །རང་གི་སྐྲ་བཤིག་སྟན་བཏིང་ལ། །བདག་ཉིད་ཕྱག་ན་རྡོ་རྗེར་འཇིགས་མེད། །བསྟན་ཐོད་ནང་ལིང་ག་དེར་ཁྱོད་དོ། །དམ་རྫས་སྤྱིན་ཞིང་སྔགས་གསུམ་བཟླས། །ཐུན་ལ་བྲབ་ཅིང་དེ་གསང་གསོས། །སྔགས་དབལ་མི་བཟོད་རྫས་གསུམ་བྱ། །ཆོ་འཕྲུལ་ཆེན་ན་ཞི་བྱེད་བྱ། །དེ་དུས་རྟགས་ནི་འདི་ལྟ་སྟེ། །ཧོར་ཆེན་མཁའ་ལ་རྒྱུག་སྐད་དང་། །མོན་པ་བདུད་ནི་འབོད་པ་དང་། །མིག་དམར་གར་བྱེད་སྲིན་རྡོ་དང་། །བདུད་རྡོ་ནག་པོ་འཕེན་པ་འོང་། །དངོས་སུ་བྱུང་ན་རབ་ཡིན་ནོ། །དེ་དུས་དགྲ་བོའི་ཡུལ་དུ་ཡང་། །ཕུ་རུ་བྲག་གི་གཡའ་བྲལ་ཞིང་། །མདའ་ནས་སྔར་མེད་ཚུལ་ནག་ལྗང་། །བར་དུ་རྒྱ་མཚོ་འཁྲུག་པ་ཡིན། །དགྲ་རྣམས་ཙོ་པུར་རང་འགྱེལ་དང་། ཁྲག་སྒྱུག་ཚ་རིམས་འབྲུམ་ནག་དང་། །ནད་དང་མི་ནད་སྣ་ཚོགས་འབྱུང་། །དེ་དག་མྱུར་འོང་དགོངས་པ་བསྒྲིམ། །གཏོར་མ་དམ་རྫས་དེ་ལ་སྤྱིན། ཁྲག་འཕང་ལིང་ག་འོག་ཏུ་མནན། །དེ་ནི་བུ་ཉིད་རྐྱང་བསྒྲུབ་སྟེ། །མུ་སྟེགས་དགོད་ལྟར་བསྒྲུབ་འདོད་ན། །མགོ་དང་གཞུག་མེད་གསུམ་པོ་དྲིལ། །ཞེས་སྡང་ཆེ་བྱ་ལྷ་ཡང་མེད། །ཞག་ནི་བདུན་གསུམ་ཆོས་མི་བྱ། །མྱུར་ལ་མཐུ་ཆེ་ཁུ་ལྡོག་ཆེ། །གཡུང་སྟེ་སངས་རྒྱས་ཞི་ལྟར་བསྒྲུབ། ཁེས་ལ་ཡུན་རིང་སྙིང་རྗེ་དང་། །ཆོས་ལ་འབར་བར་བྱ་བ་ཡིན། །མགོ་གཞུག་བསྙེན་པ་བསྒྲུབ་པ་དང་། །བསད་པ་ལས་སྦྱར་གསུམ་དུ་བསྒྲུབ། །ལྷར་བཅས་སྔགས་བཟླས་ལེགས་པ་ཡིན། །ཆོ་འཕྲུལ་ཆེ་ན་ཞི་སྔགས་བྱ། །མ་གྲུབ་ཤིང་ས་ལ་སོགས་གྱིས། །གནོད་སྦྱིན་ཐམས་ཅད་ཀྱི་རྒྱལ་པོ་ཧ་ལ་འབར་བའི་གསང་བའི་སྙིང་གི་ལེན་བླ་རྡོ་བཅང་། །མི་ནག་པགས་པ་གདན་དུ་གདིང་། །རལ་པའི་ཁུར་བུ་མགོ་ལ་བསྐུར། །གོས་ནག་གྱོན་ཅིང་མདའ་ནག་གཡབ། །མོན་དང་རིགས་ངན་མི་སྨད་དེ། །མི་ཤ་ཟ་ཞིང་ཆང་ཆེན་བཏུང་། །མ་མར་ཆེ་དང་དུད་པ་བཏང་། །ཐོད་པའི་རྔ་བརྡུང་དར་ནག་ཐོད། །ར་སོགས་ནག་པོའི་རྔ་མི་བརྡེག །དེ་དག་དམ་ཚིག་ཡིན་པར་གསུངས། །སེར་བ་འདོད་ན་སྦག་རྐྱང་ལ། །བསྙེན་པ་ལ་ནི་ཕྲོམ་རེ་བརྟགས། །མོན་དང་ཁྱི་ཐོད་ནང་དུ་བཅས། །སྔགས་བཅུག་འོད་ཤ་པ་ཏ་དང་། །ཨ་བེ་ཤ་ཨ་གདགས་པར་བྱ། །ཕུར་པ་ཡུལ་ལྷ་ཀླུ་ལ་གདབ། །ཐོད་པ་སྔོར་གཞུག་ཐབ་ཟོར་བྱ། །འབྱུང་པོའི་ཉི་མ་ལ་གཏད་ན། །ས་འོག་འབིག་པའི་སེར་ཆེན་འབབ། །མ་གྲུབ་ལན་གསུམ་སྤོགས་པར་བྱ། །དེས་ཀྱང་མ་གྲུབ་ཤི་ས་བསྟན། །སྡིག་པ་མགོ་དགུའི་ཐབ་ནང་དུ། །སྦས་ཀྱང་སྐུ་བཅུག་ཕུར་བས་གཟེར། །དྲག་པོའི་ལས་ལ་གཅུན་སྔགས་གདགས། །བདག་ཉིད་ཁྲོ་བོའི་ཞབས་འོག་གཟིར། །དྲུག་བྲལ་བསྡིགས་པས་རྟགས་འོང་སྟེ། །གསོལ་ལ་ལས་ལ་གོང་བཞིན་གཏང་། །མ་གྲུབ་ཕུར་གདབ་སྐུ་བསྲེགས་ལ། །ཐ་མའི་ལས་སུ་གསུངས་པའོ། །ཟོར་དང་ཐུན་ནི་འཁོར་འདས་བསྔགས། །སྲོག་གསེར་གཉིས་ལ་རབ་ཏུ་བསྔགས། །གནོད་སྤྱིན་གྱི་རྒྱལ་པོ་ཧ་ལ་འབར་བའི་སྙིང་གི་གསང་བའི་རྒྱུད་ལས། གདམས་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དེ་རྣམས་རབ་ཏུ་དགའ་ནས། བཅོམ་ལྡན་འདས་ལ་འདི་སྐད་བསྟོད་དོ། །སྟོབས་པོ་ཆེ་ལ་དྲག་ཤུལ་ཆེ། །རིག་སྔགས་རྒྱལ་པོ་དགེ་བ་པོ། །གདུལ་དཀའ་མཐའ་དག་འདུལ་མཛད་པ། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་བསྟོད། །ལྕང་འོ་་ཅན་གྱི་གནས་མཆོག་ན། །རིག་སྔགས་གསང་སྔགས་བདག་པོ་སྟེ། །འོ་ག་འདྲེན་གདོན་ཚོགས་འཇོམས་མཛད་པ། །བཅོམ་ལྡན་དགྱེས་མཛད་དེ། །རྡོ་རྗེ་གསོར་ནས་འདི་སྐད་གསུངས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་འཛིན་པ་སྤྲུལ་སྐུ་ངའི། །དམ་ལ་ཁྱེད་ཀུན་གནས་ཆོས་ཉོན། ཁྱོད་ནི་གཟའ་དག་སྒྲ་གཅན་འཛིན། །དབང་ཕྱུག་ཆེན་པོ་ཞེས་ཀྱང་གྲགས། །དུག་ཆེན་འབར་བའི་མིང་ཅན་ཁྱོད། །འདིར་མནོས་བསྟན་བསྲུང་ལ་འབོད། །རྒྱུད་འདི་གང་ནས་དེ་རུ་སོང་། །བསྟན་འཇིག་མ་ཡིན་ཀུན་གནོད་སྤོང་། །སྙིང་དང་འདྲ་བའི་གསང་རྒྱུད་འདི། ཁྱེད་ལ་འདི་གཏད་གསང་ལ་སྟོན། །དེ་ཡིས་སྦ་ཞིང་ཅིག་ལ་སྟོན། །ཅེས་གསུངས་སོ། །གནོད་སྦྱིན་ཐམས་ཅད་ཀྱི་རྒྱལ་པོ་ཧ་ལ་འབར་བའི་སྙིང་གསང་བའི་རྒྱུད་ལས། མཐར་ཕྱིན་པའི་ལེའུ་སྟེ་དྲུག་པའོ།། །།གནོད་སྦྱིན་ཐམས་ཅད་ཀྱི་རྒྱལ་པོ་ཧ་ལ་འབར་བའི་སྙིང་གསང་བའི་རྒྱུད་རྫོགས་སོ།། མཁན་པོ་ད་ན་དྷ་ལ་དང་། འོ་་ཙ་བ་ཙྭ་ནས་བསྒྱུར་བའོ།། །།