Ngb-pt-0940-vol-10-text: Difference between revisions
No edit summary |
m (Move page script moved page /home/ec2-user/Ngb/PT-900-975/ngb-pt-0940-text.docx.wiki to PT-900-975/ngb-pt-0940-vol-10-text) |
Revision as of 07:55, 20 March 2020
Front
Body
ལ་དེ་རྟོག་ན། །དེ་ལ་དེ་ཉིད་གྲུབ་པ་མེད། །ལྷུན་གྱི་གྲུབ་པའི་ཐིག་ལེ། བཅོམ་ལྡན་འདས་ལུང་ཐམས་ཅད་ཀྱི་བདག་ཉིད། །དཔལ་རྡོ་རྗེ་སེམས་དཔས་གསུངས་པ་རྫོགས་སོ།། །།ལྕགས་འབྲེལ་བཞུགས་སོ། ། ༄་། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཆོས་ཉིད་ཀྱི་སྐབས་འཆད་ཏེ། རང་བཞིན་གྱིས་གནས་པའི་དོན་སྟོན་ཏོ། །ཞེས་པ་ནི། ནམ་མཁའི་རང་བཞིན་ནི།དཔེར་ན་ཉུངས་འབྲུ་མར་གྱིས་ཁྱབ་པ་དང་འདྲ་བར་ཀུན་ལ་་བྱབ་པར་གནས་པ་སྟེ། རྡོ་རྗེ་ནི་འདུས་མ་བྱས་པའི་དོན་ཏོ། །སེམས་དཔའ་ནི་སྙིང་པོ་བྱང་ཆུབ་ལ་དགོངས་པ་ངེས་པར་འགྲེལ་ཏེ། ཆེ་བ་རྣམ་པ་ལྔ་དང་ལྡན་པར་བཞུགས་སོ། །ལྔ་གང་ཞེ་ན། མངོན་པའི་སངས་རྒྱས་པའི་ཆེ་བ་དང་། །བདག་ཉིད་ཆེན་པོ་སངས་རྒྱས་པའི་ཆེ་བ་དང་། །ཆོས་ཀྱི་དབྱིངས་སུ་སངས་རྒྱས་པའི་ཆེ་བ་དང་། །དེ་ཡིན་པས་སངས་རྒྱས་པའི་ཆེ་བ་དང་། །ཐམས་ཅད་ནས་ཐམས་ཅད་དུ་སངས་རྒྱས་པ་མེད་པའི་ཆེ་བའོ། །ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །ཞེས་པ་ནི། མ་འདྲེས་པ་དང་ཡོངས་སུ་རྫོགས་པ་ནི། ཆོས་ཀྱི་དབྱིངས་ཏེ། ཀུན་ཏུ་བཟང་པོའོ། །དེ་ཡང་བྱ་བ་ཐམས་ཅད་དང་བྲལ་བའི་ཕྱིར། མི་གནས་པའི་དབྱིངས་ལ་རྣམ་པར་གནས་སོ། །རྣམ་དག་ལམ་ཆེན་ཀུན་སྒྲོལ་ཕྱིར། །ཞེས་པ་ནི། བཙལ་བ་ཐམས་ཅད་དང་བྲལ་བ་ནི་ལམ་ཆེན་པོ་སྟེ། རྣམ་པར་དག་པས་སྒྲོལ་བའི་ཕྱིར་རོ། །མི་སྐྱེ་མི་འགག་ཅིར་མི་དགོངས། །ཞེས་པ་ནི། ཇི་བཞིན་པའི་མཉམ་པ་ཉིད་ལ་དམིགས་པའི་ཡུལ་མེད་པས་སྐྱེ་བ་མེད་དེ། དེ་བཞིན་དུ་བཟུང་བ་དང་འཛིན་པའི་མཐའ་སྤངས་པས།ཡུལ་གང་ལ་ཡང་མི་གནས་པའི་ཕྱིར། ཅིར་ཡང་མི་དགོངས་པ་ཡིན་ནོ། །བྱམས་པས་དོན་ཉིད་རྣམ་སྦྱང་ཕྱིར། །ཞེས་པ་ནི། བདག་དང་སེམས་ཅན་དུ་མ་མཐོང་བ་ནི། །བྱམས་པ་ཆེན་པོའི་དོན་ཏོ། །ཕྱི་ནང་གི་ཡུལ་ཐམས་ཅད་མི་དམིགས་པས་རྣམ་པར་སྦྱངས་ཏེ། དེ་མངོན་སུམ་དུ་བྱ་བའི་ཆོས་ཐམས་ཅད་དང་བྲལ་བས། ཆོས་ཐམས་ཅད་ལ་མི་གནས་པ་ནི། སྙིང་རྗེ་ཆེན་པོའོ། །གང་ལྟར་ཡང་བདག་དང་གཞན་གྱི་དོན་དུ་མི་དམིགས་པས། །སྙིང་རྗེ་ཆེན་པོ་ཅིར་མི་མཛད། །ཅེས་གསུངས་པ་ཡིན་ནོ། །ཆེ་བས་ཆེ་བའི་ཟབ་མོ་ཡི། །ཞེས་པ་ནི། ཆེ་བ་ནི་ཆོས་ཉིད་དོ། །ཆེ་བའི་ཆེ་བ་ནི་སེམས་ཅན་ཐམས་ཅད། ཟབ་མོ་བྱང་ཆུབ་ཀྱི་ཞིང་ཡིན་པས་སོ། །དེ་ཡང་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་ཀྱི་སྙིང་པོ་ཡིན་པ་དང་། ཡོན་ཏན་རྒྱ་མཚོ་ལ་ལེགས་པ་དང་། །ས་ཡི་རིམ་པ་ལ་སྩོགས་པར་སྒྲོས་མི་འདོགས་པའི་ཕྱིར་ན། །ཡོན་ཏན་ཅིར་ཡང་བསྔགས་པ་མེད། །ཅེས་འབྱུང་བ་ཡིན་ནོ། །དོན་རྣམས་ཇི་བཞིན་མི་སྐྱེད་དེ། །ཞེས་པ་ནི། ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བ་ལ། བྱ་བ་དང་ཐ་སྙད་དེ། ཇི་བཞིན་པ་ལ་མི་གནས་པའི་ཕྱིར། བྱ་བའི་ཡུལ་ཐམས་ཅད་དང་བྲལ་བའོ། །བྱ་བ་མེད་པས་གྲོལ་བས་སྒྲོལ། །ཞེས་པ་ནི། ཞི་བ་ཆེན་པོ་ལ་བྱ་བ་མེད་དེ། ཅིའི་ཕྱིར། འགྲོ་བ་ཐམས་ཅད་ཞི་བའི་རང་བཞིན་ཡིན་པས་ན། རང་ལས་འབྱུང་བའི་མཐུ་དེས་གྲོལ་ལ། ཐོབ་པ་མེད་པའི་དབྱིངས་མངོན་སུམ་དུ་གྱུར་པས་གྲོལ་བ་ཡིན་ནོ། །རང་འབྱུང་ཡེ་ཤེས་རྩལ་མེད་པས། ཞེས་པ་ནི། གཞན་གྱི་མཐུ་ལ་མི་བརྟེན་ཅིང་རང་ལས་འབྱུང་བས་རྩོལ་བ་མེད་པའོ། །གྲོལ་ནས་གྲོལ་པའི་ལམ་ཡང་སྟོན། །ཞེས་པ་ནི། དེ་ལྟར་རིག་པའི་རྒྱལ་པོ་རང་དབང་དུ་གྱུར་བ་ན་གྲོལ་བ་སྟེ། མངོན་སུམ་པའི་ཆོས་ཉིད་དེས་གྲོལ་བ་ཉིད་དུ་སྣང་བའི་ཕྱིར་རོ། །ཆོས་ཉིད་ཀྱི་སྐབས་རྫོགས་སོ།། །།སྐབས་དང་པོའོ། །ད་ནི་རང་བཞིན་གྱིས་གནས་པའི་སྐབས་འཆད་ཏེ། ཇི་ལྟར་སེམས་ཅན་ཐམས་ཅད་ལ་སངས་རྒྱས་རང་བཞིན་གྱིས་གནས་པའི་དོན་སྟོན་ཏོ། །འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །ཞེས་པ་ནི། འབྱུང་བ་ལྔ་པོ་ནི་ཆེན་པོ་ལྔ་སྟེ། ཇི་ལྟར་ཞེ་ན། ས་རྡོ་རྗེ་དང་། ཆུ་རྡོ་རྗེ་དང་། མེ་རྡོ་རྗེ་དང་། རླུད་རྡོ་རྗེ་དང་། ནམ་མཁའ་རྡོ་རྗེ། དེ་ལ་ནམ་མཁའ་རྡོ་རྗེ་ནི་ཆོས་ཉིད་སྣང་བ་སྟོན་པའི་སངས་རྒྱས་སོ། །ས་རྡོ་རྗེ་ནི་ཆོས་ཉིད་ཡེ་ནས་གནས་གཟུངས་འཛིན་པའི་སངས་རྒྱས་སོ། །མེ་རྡོ་རྗེ་ནི་ཆོས་ཉིད་རིན་པོ་ཆེའི་སངས་རྒྱས་ཀྱི་རང་བཞིན་ནོ། །ཆུ་རྡོ་རྗེ་ནི་ཆོས་ཉིད་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཆེན་པོས་བརླན་པར་མཛད་པའི་སངས་རྒྱས་སོ། །རླུད་རྡོ་རྗེ་ནི་གཏི་མུག་ཆེན་པོས་ཁེབས་པའི་སེམས་ཅན་རྣམས་ལ། ཤེས་རབ་ཆེན་པོས་སྐྱོད་སྟེ། འོད་པ་ཆེན་པོ་ལས་སྒྲོལ་བའི་སངས་རྒྱས་སོ། །དེ་ལྟར་འབྱུང་བ་ཆེན་པོ་ལྔ་པོ་འདི་ཡང་།སངས་རྒྱས་རྣམས་ཀྱི་སྐུ་དང་། གསུང་དང་། ཐུགས་སོ། །འགྲོ་བ་ཁལ་གྱི་ནི་ལུས་དང་ངག་དང་ཡིད་གསུམ་སྟེ། ཆུབ་པར་གནས་པས་འབྱུང་བ་ཆེན་པོ་བཅོམ་ལྡན་འདས་སོ། །འགྲོ་བ་ཀུན་ལ་རང་བཞིན་གནས།ཞེས་འབྱུང་བ་ཡིན་ནོ། །དེ་ལ་ཕྱིན་ཅི་ལོག་ཏུ་བསླང་པས་ཁྲིད་ཀྱང་། གཞན་ལས་མི་འབྱུང་གི །རང་གི་རིག་པ་ལས་བྱང་ཆུབ་འབྱུང་བས་ན། བྱིན་ཅི་ལོག་ཏུ་རྣམ་བརྟགས་ཀྱང་། །གྲོལ་བ་རང་འབྱུང་གཞན་ལས་མེན། ཅེས་འབྱུང་བ་ཡིན་ནོ། །སྐབས་གཉིས་པའོ།། །།ད་ནི་རང་བཞིན་གྱིས་ཆེ་བ་ལ་གནས་པའི་སྐབས་འཆད་སྟེ། དེ་ཡང་ཡོངས་སུ་རྫོགས་པ་དང་། གཞན་གྱི་དབང་ལས་མི་འགྱུར་བ་དང་། རང་བཞིན་གྱིས་ཆེ་བ་ལ་གནས་པའི་དོན་སྟོན་ཏོ། །ཆེ་བའི་ཡེ་ཤེས་རྙེད་དཀའ་བ། ཞེས་པ་ནི། སངས་རྒྱས་ཀྱི་ཆོས་ཉིད་ནི། ཤིན་ཏུ་ཟབ་ཅིང་འཕྲ་ལ་རྟོགས་པར་དཀའ་སྟེ། མི་སྙེད་པའི་རྙེད་པར་དཀའ་་བ་ལ་སྒྱུ་མར་གནས་པས།མངོན་སུམ་རྙེད་པ་ནི་ཤིན་ཏུ་དཀའ་བའི་ཕྱིར་རོ། ཁེས་རབ་ཐབས་ལ་བརྟེན་པས་འགྲུབ། ཅེས་འབྱུང་བ་ནི། མི་དམིགས་པའི་ཀླུང་ལས་ཆོས་ཉིད་ཀྱི་རང་བཞིན་དུ་འཆར་བ་ནི་ཤེས་རབ། དེ་ལས་ཀུན་ཏུ་བཟང་༄༅ པོའི། ལོངས་སྤྱོད་རྫོགས་པར་སྦྱོར་བས་ཐབས་ཡིན་ཏེ། །མཉམ་པ་ཉིད་དུ་བདག་མང་པའི་བདེ་བ་ལ་དུས་གསུམ་དུ་གནས་པས་འགྲུབ་པ་ཡིན་ཏེ། དེ་ལྟར་སྒྱུར་མའི་སྤྱོད་པས། དེ་ལ་མིང་ཙམ་དུ་གནས་ཤིང་སྦྱོར་གྱིས་ཀྱང་། །རང་བཞིན་གྱི་ཡེ་ཤེས་བདེ་བ་ཆེན་པོ། །རང་གི་རིག་པ་ལས་འབྱུང་བའི་ཕྱིར། །མིང་ཙམ་གཞན་ལ་བརྟེན་འདྲ་ཡང་། །མངོན་སུམ་བདེ་བ་རང་ལས་བྱུང་། །ཞེས་གསུངས་པ་ཡིན་ནོ། །སྐབས་གསུམ་པའོ།། །།ད་ནི་བཙལ་བ་དང་བྲལ་བའི་སྐབས་འཆད་ཏེ། རྩོལ་བའི་སྒྲིབ་པས་ཉིད་དུ་གྱུར་པའི་དོན་སྟོན་ཏོ། །ཆོ་འཕྲུལ་ཆེན་པོས་དཀའ་བ་མིན། །ཞེས་པ་ནི། ཇི་བཞིན་པ་ལ་མི་གཡོ་བར་གནས་པ་ནི་ཆོ་འཕྲུལ་ལོ། །ཡོན་ཏན་ཀུན་དང་སྟོབས་ཀྱི་རྣམས། །ཞེས་འབྱུང་བ་ནི། ཡོན་ཏན་ནི་སངས་རྒྱས་རྣམས་ཀྱི་ཆེ་བ། སྟོབས་དང་མ་འདྲེས་པ་དང་། གཟུངས་དང་། རྣམ་པར་ཐར་པ། སྒྱུ་མར་མིང་དུའང་གྲགས་པའི་རྣམས་ལ་དམིགས་པ་སྟེ་སྒྲིབ་པའོ། །མི་དམིགས་པའི་ཤེས་རབ་ལ་བརྟེན་པས། རང་གི་ཡེ་ཤེས་ཀྱི་མར་མེ་འབྱུང་བས། དེ་བཞིན་དུ་རྟོགས་པའི་མཐུས། །སྒྱུ་མའི་འཇིག་རྟེན་སྦྱོང་བ་དང་། སྒྱུ་མར་སྟོན་པ་དང་། བདེ་བ་དང་སྡུག་བསྔལ་དུ་སྣང་བ་རྣམས་ཞི་བར་སྟོན་པའི་ཐབས་དེར་འཆར་བར་མཛད་པས་ན། ཇི་བཞིན་རྟོགས་པ་ཕྲ་བ་ལས། །དེ་མ་ཐག་ཏུ་་ང་ལས་བྱུང་། །ཞེས་གསུངས་པ་ཡིན་ནོ། །ཕྲ་བ་ནི་དམིགས་པའི་ཡུལ་མ་ཡིན་ཏེ། ནམ་མཁའི་རང་བཞིན་ནོ། །སྣང་བ་མེད་པའི་ཆོས་ཉིད་ནི། །མ་བཙལ་བཞག་བས་བསྒོམས་པ་ཡིན། །ཞེས་འབྱུང་བ་ནི། ཆོས་ཉིད་ནི། གདོང་ནས་མ་གསུངས་པས། རྒྱུའི་རང་བཞིན་དང་། རྐྱེན་གྱི་རང་བཞིན་མེད་པའི་ཕྱིར། སྣང་བ་མེད་པ་ཡིན་ན། བྱ་བ་མེད་པའི་ཆོས་རྣམས་ལ་བྱེད་པར་རྩོལ་བ་ནི། སྡུག་བསྔལ་ཆེན་པོའི་རྒྱ་མཚོ་མཐའ་མེད་པ་ལ་འབོག་པ་སྟེ། དེ་ནི་ཤིན་ཏུ་དགལ་བར་དཀའོ། །དེ་བས་ན་ཆོས་ཇི་བཞིན་པ་ལ་གནས་ནས། མཉམ་པ་ཉིད་ཀྱི་རྒྱན་གྱིས་བཞག་ཅིང་། ཀུན་ཏུ་བཟང་པོ་རོལ་པ་ལ། མི་ཉམས་པར་གནས་པ་ནི་བསྒོམ་པ་ཆེན་པོའོ། །དེ་དང་དེར་ནི་རྣམ་བརྩལ་ན། །དེ་ལས་དེ་བཞིན་དེ་མི་འབྱུང་། །ཞེས་པ་ནི། དེ་ནི་བཞིན་ཉིད་དོ། །དེ་དང་དེར་བརྩལ་བ་ནི། ནམ་མཁའ་ཁང་པ་འབུབས་པ་དང་འདྲ་སྟེ། །ཕྱིན་ཅི་ལོག་ཏུ་གྱུར་པས་ན། །དེ་ལས་དེ་བཞིན་དེ་མི་འབྱུང་ཞེས་གསུངས་པ་ཡིན་ནོ། །སྐབས་བཞི་པའོ།། །།ད་ནི་བརྗོད་པ་དང་བྲལ་བའི་སྐབས་འཆད་སྟེ་བྱང་ཆུབ་སེམས་ཀྱི་རང་བཞིན་མི་བརྗོད་པས་ན་ཐ་སྙད་ཐམས་ཅད་བྲལ་བའི་དོན་སྟོན་ཏོ། །མཆོག་ཏུ་གསང་བའི་ཆོས་འདི་ནི། །ཞེས་པ་ནི། ཅིར་ཡང་མི་དམིགས་བས་རང་བཞིན་མེད། མཚན་མ་ཐམས་ཅད་དང་བྲལ་བས་གཟའ་བའི་ཡུལ་མེད་དེ། བརྗོད་དུ་མེད་པའི་ཕྱིར། ཕལ་གྱིས་མི་གཏོགས་པས་གསང་བ་ཆེན་པོ་ཡིན་ནོ། །དེ་བཞིན་དུ་ཚིག་གི་འབྲུ་ཐམས་ཅད་དང་བྲལ་ཏེ། ཆོས་ཉིད་དུ་གནས་ཤིང་། ནམ་མཁའི་རྒྱ་དང་འདྲ་བར་གྱུར་པས་ན། །བདག་དང་གཞན་དུ་མི་འགྲུབ་སྟེ། བསྙད་པའི་རྒྱུ་མེད་ཅིང་ཐོས་པར་གྱུར་པའི་མཐུ་མི་འབྱུང་བས་ན། རྣ་དབང་གཞན་ལས་ཐོས་མི་འགྱུར། །དེ་བཞིན་ལྕེའི་དབང་པོས་ཀྱང་། །དེ་ལ་བརྗོད་དུ་རྡུལ་ཙམ་མེད། །ཞེས་འབྱུང་བ་ཡིན་ནོ། །སྐབས་ལྔ་པའོ།། །།ད་ནི་འགྲོ་བ་ལས་ཀྱིས་མི་འཁོལ་བའི་སྐབས་འཆད་དེ། བྱང་ཆུབ་སེམས་ཀྱི་རང་བཞིན་ལ་གཞན་གྱིས་མི་འཁོལ་བའི་དོན་སྟོན་ཏོ། །འགྲོ་བའི་སྡུག་བསྔལ་བྱང་ཆུབ་སེམས། །ཀུན་ཏུ་ཆུབ་པས་རྣམ་པར་རོལ། །ཞེས་འབྱུང་བ་ནི། འགྲོ་བ་ཐམས་ཅད་ཀྱི་རྒྱུ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་ནོ། །བསླད་པས་ན་སྡུག་བསྔལ་ཡང་ཡིན་ནོ། །དེ་ལ་ཡང་བདེ་བས་ཀུན་ཏུ་ཆུབ་པ་དང་། སྡུག་བསྔལ་གིས་གཡེན་སྤྱོད་དེ། འཁོར་བ་ན་རྩེད་མོ་དང་འདྲ་བར་གནས་ཏེ།ཆོས་ཐམས་ཅད་ལ་རང་བཞིན་ཀུན་ཏུ་ཆུབ་བར་རོལ་ལོ། །དེ་ལ་ཡང་བདག་མེད་པ་དང་། མཉམ་པ་ཉིད་ལ་མི་བསྐྱོད་པར་གནས་པའི་བདེ་བ་ལེན་པས་ན། དེ་ལ་བསྐྱོད་པ་མེད་བཞིན་དུ། །ནམ་མཁའི་མཐའ་དང་མཉམ་པར་གནས། །ཞེས་འབྱུང་བ་ཡིན་ནོ། །ཁྱད་པར་ཅིར་ཡང་མཚུངས་པ་ལ། །ལས་སོ་ཞེས་ནི་རྣམ་པར་བརྟགས། །ཞེས་པ་ནི། ལས་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཏུ་མཐོང་བའི་མིང་བླ་དགས་ཏེ། དེ་ཡང་ཡོད་པ་མ་ཡིན་ནོ། །སེམས་ཅན་བྱང་ཆུབ་ཀྱི་ཞིང་ལ་ཀུན་ཏུ་བཟང་པོའི་བདེ་བས་མཚུངས་པར་གནས་ཏེ། ལས་ཀྱིས་མི་འཁོར་རོ། །དེ་ཡང་ཅིའི་ཕྱིར་ཞེ་ན། མ་ལྟོས་པའི་ཕྱོར་རོ། །གལ་ཏེ་ལས་ཀྱི་མཐུ་བཙན་ཞིང་རྡོ་རྗེ་དང་འདྲ་བ་ཡིན་ན་ནི། ལས་ནི་སྔ་ལ་སེམས་ཅན་ནི་འཆི་བས་འགྲོ་བ་ལས་ཀྱི་དབང་གིས་འཁོར་ཞེས་བྱ་བའི་དབང་དུ་འགྱུར་ཏེ། གྲོལ་ཐར་བ་མདའ་བར་འགྱུར་རོ། །དེ་ལ་སེམས་ཅན་ནི་སྔ་ལ། ལས་ནི་འཆི་བའི་ཕྱིར།ལས་ཉིད་བྱང་ཆུབ་ཀྱི་རང་བཞིན་ཏེ། ཉོན་མོངས་པའི་དབང་དུ་མི་འགྱུར་བའི་ཕྱིར། ཅི་སྟེ་དེ་ལྟའི་དབང་འགྱུར་ན། །རང་འབྱུང་ཡེ་ཤེས་ཡོད་མ་ཡིན། །ཅེས་འབྱུང་བ་ཡིན་ནོ། །རྒྱུ་ཉིད་རྡོ་རྗེ་རྐྱེན་དང་འདྲ། །ཞེས་པ་ནི། རྒྱུ་ནི་མི་གནས་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ལས་མི་སྐྱེ་བའི་ཆོས་ཀུན་ཏུ་བཟང་པོའི་རྣམ་པར་རོལ་པའི་འབྱུང་བས་ན་རྐྱེན་ཡིན་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་མི་སྐྱེ་བའི་ཆོས་ཆེན་པོའི་མཐུ་དང་ལྡན་པའི་ཕྱིར་རོ། །མ་བསྒྲུབས་པར་གྲུབ་པའི་བྱང་ཆུབ་ཆེན་པོའི་སྙིང་པོ་ལས་མི་གཡོ་བས་ན། མ་སྐྱེས་པས་ན་འཇིག་པ་མེད། །གདོད་ནས་སྙིང་པོ་བྱང་ཆུབ་ལ། །ཞེས་བསྟན་པ་སྟེ། དེ་ལ་ཡང་དོན་དམ་པའི་བཙལ་པ་དང་། །འདུས་མ་བྱས་ཀྱི་རེ་བ་ཐམས་ཅད་དང་བྲལ་བའི་ཕྱིར། ཆོས་ཀྱི་གནས་ཆེན་པོར་འགྱུར་ཏེ། མཉམ་པ་ཉིད་ལ་གནས་པས་ན། །བཙལ་བའི་བསམ་པས་དབྱིངས་མི་བསྐྱོད། །ཅེས་འབྱུང་བ་ཡིན་ནོ། །སྐབས་དྲུག་པའོ།། །། ད་ནི་བཙལ་སེམས་དང་བྲལ་བའི་སྐབས་འཆད་ཏེ། རེ་བ་འཇོག་པ་དང་སྨོན་ལམ་གནས་དང་། སྐྱེ་བ་ཁྱད་པར་གྱུར་པའི་དོན་སྟོན་ཏོ། །ཡོན་ཏན་ཆེན་པོའི་བསམ་གཏན་ནི། །ཞེས་པ་ནི། འཇིག་རྟེན་འདིའི་ཉོན་མོངས་པས་ཟིན་པ་ལ་སེམས་ཀྱི་རང་དབང་བདེ་བ་སྐད་ཅིག་མས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པས། བསམ་གཏན་ཆེན་པོའི་གནས་སུ་བཟུང་ནས་སྤྱོད་པ་རྣམས་སོ། །བསམ་གཏན་ཉིད་པས་བསམ་དུ་མེད། །ཞེས་པ་ནི། བདེབ་ང་གནས་སུ་བགྲོད་པ་ནི་བསམ་གཏན་ཏེ། གང་དེ་ལ་འགོག་པའི་ཡུལ་དེ་བསམ་དུ་མེད་པ་ལྟར། །མ་བསམས་མ་སྦྱངས་ཆོས་ཉིད་བཞིན། །ཞེས་པ་ནི། མ་བསམས་པའི་ཆ་དང་། མ་སྦྱངས་པའི་ཆ་གཉིས་ཀ །རྣམ་པར་རྟོག་པའི་མཐུས་འཁྲུལ་བའི་ཤེས་པ་སྐྱེ་སྟེ། །སྐྱོན་ཡིན་པའི་ཕྱིར། རྣམ་རྟོག་ཉིད་ལས་ཡེ་ཤེས་སྐྱེ། ཞེས་འབྱུང་བ་ཡིན་ཏེ། བགྲོད་ཅིང་སྦྱོང་བ་ལ་མི་ལྟོས་པར་རིག་པས་ཇི་བཞིན་བའི་ཡེ་ཤེས་རང་ལས་འབྱུང་བར་འགྱུར་རོ། །འཕྲ་བའི་སྒོ་མོར་མིང་བཏགས་ནས། །ཞེས་པ་ནི། ཡུལ་མེད་པ་ལ་ཡོད་པར་རྟོགས་པ་ནི་འཕྲ་བའི་སྒོ་མོའོ། །སེམས་ཀྱི་དབེན་པས་ལམ་འཚོལ་ཞིང་། །ཞེས་པ་ནི། འཁྲུལ་པའི་དབང་གིས་འདྲ་བས་སེམས་བསླང་སྟེ། དབེན་ཞིང་དགོན་པ་ལ་ཆགས་ཤིང་ལམ་དུ་མཐོང་བས། དགོན་པའི་རྒྱུད་དུ་དབེན་འཛིན་ཏེ། །བརྟགས་ན་རྣམ་པར་རྟོག་འགྱུར་