Ngb-pt-0890-vol-09-text: Difference between revisions
No edit summary |
m (Move page script moved page /home/ec2-user/Ngb/PT-800-899/ngb-pt-0890-text.docx.wiki to Ngb-pt-0890-vol-09-text) |
Latest revision as of 10:50, 20 March 2020
Front
Body
རྒྱ་གར་སྐད་དུ། ཨུ་པ་སི་ཀ་ཀ་ལ་ཤོ་ན་ཏནྟྲ་ནཱ་མ། བོད་སྐད་དུ། དགེ་བསྙེན་དགྲ་གསང་ནག་པོའི་རྒྱུད་ཅེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དྲག་པོ་ལྕང་ལོ་ཅན་གྱི་གནས་ན། འཁོར་ཚངས་པ་ལ་སོགས་པ་ལྷ་ཆེན་པོ་བརྒྱད་དང་། ཁྱབ་འཇུག་ལ་སོགས་པའི་གཟའ་ཆེན་པོ་བརྒྱད་དང་། འཇོག་པོ་དེ་ལ་སོགས་ཏེ་ཀླུ་ཆེན་པོ་བརྒྱད་དང་། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་དང་། མི་འམ་ཅིའི་རྒྱལ་པོ་རྟ་མགོ་ཅན་དང་། ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་ཟངས་རིས་དང་། བགེགས་ཀྱི་རྒྱལ་པོ་བི་ན་ཡ་ག་དང་། གཞན་ཡང་ལྷ་མ་ཡིན་དྲག་པོ་སེམས་ཅན་ལ་འཚེ་བར་བྱེད་པ། སྲོག་དང་དབུགས་ལ་གནོད་པ་གྲངས་མེད་པས་བསྐོར་ནས་བཞུགས་སོ། །དེ་ནས་འཁོར་གྱི་ནང་ནས་ལྷ་ཚངས་པ་སྟན་ལས་ལངས་ནས། གསང་བདག་ལ་ཕྱག་འཚལ་བསྐོར་བ་བྱས་ནས་འདི་སྐད་ཅེས་ཞུས་སོ། །ཀྱེ་གསང་བའི་བདག་པོ་ལགས། འཇིག་རྟེན་གྱི་ཁམས་ན་ནི་གནོད་སྤྱིན་སེར་སྐྱ་ནག་པོ་ཞེས་བྱ་བ་འདི། འཁོར་བདུད་ཆེན་པོ་བཞིས་བསྐོར་ནས་རོལ་དུ་ལྕགས་ཀྱི་སྤྱང་མོ་མགོ་དགུ་རོལ། སླད་ནས་ཟངས་ཀྱི་འཕར་བ་ལྕེ་བརྒྱད་འབྲེལ་པ། ཀླད་ནས་ལྕགས་ཀྱི་བྱ་་ང་དགུ་ལྡིང་བ། ལས་སུ་སྲོག་གཅོད་ཅིང་ཐོག་དང་སེར་བ་འབེབས་པ། ཟས་སུ་ཤ་ཟ་སྐོམ་དུ་ཁྲག་དྲོན་འཐུང་པ། བློ་བུར་དང་ཡེ་འབྲོག་གིས་སེམས་ཅན་ཐམས་ཅད་ལ་འཚེ་བ་ཅིག་འཇིག་རྟེན་གྱི་ཁམས་འདི་ན་མཚིས་པས། འདི་དབང་དུ་སྡུད་ལ་བསྟན་པ་ལ་གཉེར་དུ་གཏད་དུ་གསོལ། ཞེས་ཞུས་པས། གསང་བའི་བདག་པོས་བཀའ་སྩལ་པ། བསྟན་པ་ལ་རབ་ཏུ་དགའ་བའི་ལྷ་ཚངས་པ་ཆེན་པོ་ཁྱོད་ཀྱིས་དེ་ལྟར་ཞུས་པ་ལེགས་སོ་ཞེས་གསུངས་ནས། ཐུགས་ཞི་བའི་ངང་ལས་སྐུ་དྲག་པོ་ཁྲོས་པའི་ཚུལ་དུ་བསྟན་ཏེ་སྐུ་ཆེ་བའི་ཡན་ལག་རགས་པར་སྤྲུལ་ནས། ལྕགས་ཀྱི་རྡོ་རྗེ་སྲིད་པའི་རྩེ་མོར་གསོར་ཞིང་། ཨ་ལ་ལ་ཡི་སྒྲ་དྲག་པོ་ཕྱུང་བས། སེར་སྐྱ་ནག་པོ་དེ་བདུད་བཞི་དང་བཅས་པ་བརྒྱལ་ལོ། །བརྒྱལ་བ་སངས་པ་དང་། གསང་བདག་ལ་བཏུད་ནས། ཕྱག་འཚལ་ཞིང་འདི་སྐད་ཅེས་གསོལ་ཏོ། །དཔའ་བོ་ཆེན་པོ་ལགས། བདག་ཅག་འབངས་སུ་འཆིས་ལགས་ན། བདག་ཅག་ལ་དབང་བསྐུར་དུ་གསོལ། ལས་ཀྱི་གཉེར་དུ་གཏད་གསོལ། ཟས་ཀྱི་སྐལ་བ་གཏད་དུ་གསོལ། ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་སྒྲོལ་བའི་གིང་དུ་དབང་བསྐུར་ནས་ལག་ཏུ་རྡོ་རྗེ་གཏད། གསང་མཚན་བཛྲ་ས་རྙུ་རུ་བཏགས། ལྕེ་ལ་བདུད་རྩི་བཞག །བསྟན་པ་ལ་གནོད་པའི་མི་རྒོད་ལ་སོགས་ལམ་དུ་ཞུགས་པ་རྣམས་ཀྱི་སྲོག་ཆོད་ཅིག །དེའི་ལོ་ཐོག་ལ་སོགས་པ་ལ་ཐོག་དང་སེར་བ་ཕོབ་ཅིག །ཅེས་བཀའ་བསྒོ་ནས། བསྟན་པ་ནུབ་ནས་ཐར་པ་ཐོབ་པར་ལུང་བསྟན་ཅིང་དབང་བསྐུར་རོ། །དེ་ནས་སེར་སྐྱ་ནག་པོ་འཁོར་བདུད་བཞི་དང་བཅས་པས། གསང་བའི་བདག་པོ་ལ་བཏུད་ནས་བསྟན་པ་ལ་རབ་ཏུ་གནས་སོ། །སེར་སྐྱ་དགྲ་གསང་ནག་པོའི་རྒྱུད་ལས། གླེང་བཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་ཚངས་པས་ཞུས་པ། ཀྱེ་གསང་བའི་བདག་པོ་ལགས། གནོད་སྤྱིན་དྲག་པོ་འདི་དང་པོ་རྒྱུ་ཅི་ལས་གྲུབ་པ་ལགས། ད་ལྟ་ཕ་མའི་ཆོ་བྲང་ཇི་ལྟ་བ་ལགས། མཐུ་དང་སྟོབས་ཇི་ལྟར་མཆིས། ཞེས་ཞུསླ་པས། གསང་བའི་བདག་པོས་བཀའ་སྩལ་པ། ལྷའི་བུ་ཚངས་པ་ཉོན་ཅིག །གནོད་སྦྱིན་དྲག་པོ་འདི་དང་པོ་འཇིག་རྟེན་ཆགས་མ་ཐོག་ནས། ཤར་ཕྱོགས་ཀྱི་གྲོང་ཁྱེར་ར་ལྔ་བྱ་བ་ན། ཕ་ནི་བྲམ་ཟེ་རིག་པའི་བློ་གྲོས་ཞེས་བྱ་བ། མ་ནི་རིགས་ངན་བུ་མོ་ཀུ་ཤའི་མིག་གཉིས་ཀྱི་བུ་རུ་སྐྱེས་ཏེ། མིང་ནི་བྲམ་ཟེའི་བུ་སུ་པ་རི་བྱ་བ་ཡིན་ནོ། །དེ་ཆུང་ངུ་ནས་རིག་པ་དང་ལྡན་པའི་བུ་ཅིག་བྱུང་སྟེ། ཕ་མས་གནང་བ་བྱས་ནས་ལོ་བཅུ་གཉིས་ནས་རབ་ཏུ་བྱུང་ངོ་། །བཅོ་ལ་གནས་པ་ལ་ལས་འདི་འདྲ་སྲིད་པ། ང་འདི་ནས་ཚེ་འཕོས་མ་ཐག་གནོད་སྤྱིན་གདུག་པའི་བུར་སྐྱེས་ནས་མི་མཇེད་ཀྱི་འཇིག་རྟེན་འདི་རུ། ཐོག་མ་མེད་པར་མཐུ་དང་ལྡན་ནས། ལས་སུ་ཐོགས་ན་སེར་བ་འབེབས་ཤིང་། ཟས་སུ་དབུགས་དང་སྲོག་ལ་དབང་བྱེད་པ་ཅིག་ཏུ་གྱུར་ཅིག །ཅེས་དམོད་བཙུགས་ཏེ་ཚེའི་དུས་བྱས་སོ། །དེ་ནས་ཚེ་དུས་བྱས་མ་ཐག་ཏུ་རི་རབ་ཀྱི་ནུབ་བྱང་དུ་ཕ་ནི་ཞེ་སྡང་གི་རང་བཞིན་དམུ་རྗེ་བཙན་པ། མ་ནི་འདོད་ཆགས་ཀྱི་རང་བཞིན་བདུད་མོ་སྨིན་དཀར་མ། དེ་གཉིས་འཁྲིག་པ་སྤྱད་པས་ཟླ་བ་བདུན་ལོན་ནས། སྟག་གི་ལོའི་དགུན་ཟླ་ར་བའི་ཚེས་གཅིག་ལ་ལྕགས་ཀྱི་གྲོད་པ་ཅིག་སྐྱེས་སོ། །གྲོད་བ་དེ་གནམ་ལ་ཕུར་ཞིང་ས་ལ་རྡེགས་པ་ཅིག་བྱུང་ངོ་། །མ་ཡིས་ལྟ་ཡང་མ་ནུས་ཏེ། ཡབ་ཀྱིས་བླངས་ནས་དུག་ཤིང་ན་གྲོ་ཏའི་རྩར་ཁ་ཕྱེ་བལྟས་པས། ལྕགས་མི་རེང་འཇིགས་པའི་ཆ་བྱད་ཅན་ཅིག་འདུག་གོ །ཡབ་ཀྱིས་བླངས་ནས་མིང་གདགས་སྙམ་པས། ཁོ་མ་ཉན་པར་རི་རབ་ཀྱི་ཟུར་ལ་བྲོས་སོ། །རི་རབ་ཆེན་པོ་ཡང་མེ་རུ་འབར་ཏེ་གླིང་བཞི་ཐལ་བར་རློག་པ་དེས་བྱས་སོ། །རི་རབ་ལ་གནས་པའི་ལྷ་མ་སྲིན་དམ་ཅན་རྣམས་ཀྱིས་ཁོ་ལ་བསྟོད་དེ་འབངས་སུ་ཁས་བླངས་སོ། །དུས་དེར་དམུ་བདུད་སེའི་བུ་གཅིག་པ་དང་། གཟའ་བདུད་བི་ནུ་ར་ཛ་དང་། ཀླུ་བདུད་རྒྱ་མཚོ་འཁྲུག་བྱེད་དང་། བཙན་བདུད་ཤུའོ་བསེའི་རལ་པ་ཅན་དང་། དེ་བཞིས་ཀྱང་སྲོག་སྙིང་ཕུལ་ནས་ཁས་བླངས་སོ། །དེ་ནས་འཁོར་བདུད་ཆེན་པོ་བཞི་དང་བཅས་ཏེ་གླིང་བཞི་རུ་འགྲོ་བ་ཡོངས་ལ་གནོད་ཅིང་ཕ་མས་མིང་གདགས་སུ་མ་བཏུབ་བོ། །དེ་ནས་ཕ་མ་ཡིས་དམོད་མོ་བོར་བ། ངེད་ལུས་ཀྱི་སྒྲོམ་བུ་ཕ་མའི་ངག་བཅག་ནས། ཁྱོད་བས་ཀྱང་དབང་ཆེ་བ་ཅིག་མི་མངོན་དབྱིངས་ནས་ཤོག་ལ། ཁྱོད་དེའི་བྲན་བྱེད་པར་ཤོག་ཅིག་པ་སྨོན་ལམ་བཏབ་བོ། །དེའི་དབང་གི་ད་ལྟ་དམ་ལ་བཏགས་ཏེ། ད་ཡང་བསྟན་པ་ལ་གནས་ལ་བཀའི་བྱ་ར་སྔགས་ཀྱི་བསྲུང་མ་སྟེ། དེའི་མཐུ་དང་རྫུ་འཕྲུལ་ནི་བསམ་གྱིས་མི་ཁྱབ་པ་འབྱུང་བ་ཡིན་ནོ། །དགེ་བསྙེན་དགྲ་གསང་ནག་པོའི་རྒྱུད་ལས། སྐྱེ་གནས་དང་ཆོ་འབྲང་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་ཚངས་པས་ཞུས་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །དཀོན་མཆོག་སྐུ་དགྲར་གྱུར་བ་ལ། །འགལ་བྱེད་ཆམ་ལ་དབབ་པའི་ཕྱིར། གིང་ཆེན་གསང་བ་འདི་བསྒྲུབ་ན། །གནས་དང་དུས་རྣམས་ཇི་ལྟར་ལགས། །དཔའ་བོ་ཆེན་པོས་བཤད་དུ་གསོལ། །དཔའ་བོ་ཆེན་པོས་བཀའ་སྩལ་པ། །ཕྱི་རབས་བསྒྲུབ་པ་རྩོམ་པ་ཡིས། སེར་སྐྱ་ནག་པོ་བསྒྲུབ་པའི་ཕྱིར། །ཚངས་པ་ཆེན་པོ་ཁྱོད་ལ་བཤད། །གཞུང་དང་མཐུན་པའི་གནས་ཉིད་ནི། །རི་དབྱིབས་ཨ་སི་ཤི་ལ་འདྲ། །སེང་གེ་གནམ་དུ་མཆོང་བ་འདྲ། །རི་རྩེ་རྡོ་རྗེ་རྩི་དགུ་འདྲ། །རི་མདོག་དམར་ནག་མེ་རིར་འཁྱིལ། །རི་ལོགས་ཁྲ་དང་ཅེ་སྤྱང་གནས། ཁྲར་དུ་ཁ་ལྟས་དྲག་པོའི་རི། །དེ་འདྲའི་གནས་སུ་དུས་དང་བསྟུན། འཇུག་དང་མཆོད་པ་བཟླས་པའི་དུས། །ལས་ཀྱི་མཐའ་བརྟུལ་དབབ་པའི་དུས། །དུས་བཞིའི་སྒྲུབ་ཐབས་ནས་ཀྱང་ཤེས། །འཇུག་དུས་བརྒྱད་དང་བཅོ་ལྔ་ཡིན། །མཆོད་དུས་གཅིག་དང་བཅུ་དྲུག་ཡིན། །བཟླས་དུས་ཉི་ནུབ་སྐྱ་རིངས་ཤར་བ་ཡིན། །དབབ་དུས་ཉི་ཤུ་གཉིས་དང་དགུ། །དགྲ་གསང་ནག་པོའི་རྒྱུད་ལས།གནས་དང་དུས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་ཚངས་པས་ཞུས་པ། །དཔའ་བོ་ཆེན་པོ་གསང་བདག་ལགས། །སེར་སྐྱ་ནག་པོ་འཁོར་བཅས་ཀྱི། །མཐུན་པའི་བསྒྲུབ་རྫས་ཇི་ལྟར་ལགས། །གསང་བའི་བདག་པོས་བཀའ་སྩལ་པ། །ཉོན་ཅིག་ཚངས་པ་ལྷ་ཡི་བུ། །གིང་ཆེན་མཐུན་རྫས་འདི་ལྟ་སྟེ། །སྲིན་མོ་དོར་དཀར་ཤེལ་མདོག་དང་། །ཟངས་མའི་འཁོར་ཁབ་ཟེལ་མེད་དང་། ཁྲེལ་མདོག་དཀར་པོ་ཟེ་དམར་སྙིང་། །བུད་ཤིང་འོམ་བུ་སྨྱུག་མའི་མདའ། །ཡབ་ཡུམ་སྲས་དང་བཙུན་མོ་ཡི། །མཐུན་པའི་རྫས་སུ་བསོག་པར་བྱ། །སྟག་དང་བྱི་བ་ར་ཡི་སྙིང་། །ཉུངས་ཀར་སྐྱེར་པ་གུ་གུལ་དང་། །རྟ་ནག་ར་རོག་ཁྱི་དང་ཁྲག །ལྡོང་རོས་གཅོག་ལ་མུ་ཟི་དང་། །ཛ་ཏི་ཕ་ལ་ཐོག་ལྕགས་དང་། །འགེར་གྱི་སོ་ཐོག་སེར་བའི་ཚད། །དམ་ཅན་བསྒྲུབ་པའི་རྫས་སུ་བསོག །དགྲ་གསང་ནག་པོའི་རྒྱུད་ལས། ཐུན་དང་བསྒྲུབ་རྫས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་ཚངས་པས་ཞུས་པ། འདི་ཡི་མཆོད་རྫས་ཇི་ལྟར་ལགས། །དཔའ་བོ་ཆེན་པོས་བཤད་དུ་གསོལ། །དཔའ་བོ་ཆེན་པོས་བཀའ་སྩལ་པ། །ཅེ་སྤྱང་ཐོད་པ་ཀ་བཱ་ལར། །འབྲུ་སྣ་གསུམ་ལ་བཤོས་གཙང་བྱ། །ཙིསྟའིཁྲག་གིས་ལེགས་པར་བྱུག །དེ་ལ་དོན་སྙིང་སྣ་ལྔས་བསྐོར། །ལག་དང་གཡས་སམ་རྗེ་ངར་གཡོན། །གོ་རོ་ཙ་ནའི་ཚོགས་ཀྱིས་བསྐོར། །དམ་ཅན་མཆོད་པའི་རྫས་སུ་བསོག །བསེ་ཕོར་གས་ཆག་མེད་པ་མྲ །གསེར་སྐྱེམས་རིན་ཆེན་སྣ་ལྔས་གཏམ། །བ་ལུ་དཀར་པོའི་དུད་བས་བདུག །སྤོས་དཀར་ཙིསྟ་ཚིལ་བུའི་གསུར། །ནང་དང་ནུབ་ཏུ་མཆོད་ཕྱིར་བཤམ། །དགྲ་གསང་ནག་པོའི་རྒྱུད་ལས། མཆོད་རྫས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་ཚངས་པས་ཞུས་པ། །ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །དམ་ཅན་རྟེན་པའི་དམ་རྫས་ཅི། །དཔའ་བོ་ཆེན་པོས་བཤད་དུ་གསོལ། །དཔའ་བོ་ཆེན་པོས་བཀའ་སྩལ་པ། །སྐུ་རྟེན་ཐུགས་རྟེན་ཕྱག་རྟེན་དང་། །སྦྱན་རྟེན་ན་བཟའ་བླ་རེ་དང་། །གིང་ཆེན་ཆགས་པའི་རྟེན་དུ་གསོལ། །ཙིཏི་གཡང་གཞི་རྒྱས་པ་ཡི། །སེར་སྐྱ་ཁ་དོག་གསལ་བར་བསྒོམ། །ཀུ་ཀུ་ར་ཙའི་གཡང་གཞི་རྒྱས་པ་ལ། །གཟའ་བདུད་དྲག་པོ་གསལ་བར་འདྲི། །སྐུ་ཡི་རྟེན་དུ་བཅའ་བར་བྱ། །སྦ་ལྕག་དཀར་པོ་ཚིགས་གསུམ་ལ། །ལེ་བརྒན་དར་གྱིས་ལྕག་འབྲས་བཏགས། །དམ་ཅན་ཕྱག་གི་རྟེན་དུ་བཅའ། །བསེ་ཡི་པར་བུ་གས་མེད་དུ། །གསེར་གཡུ་སྦྲམ་བུ་མིག་མེད་རྩལ། །དར་དང་ཟ་འོག་ཁུག་མར་གཞུག །དམ་ཅན་ཐུགས་ཀྱི་རྟེན་དུ་བཅའ། །མདའ་མོ་བྱ་རྒོད་ཡུགས་བཞི་ལ། །གཅན་གཟན་རས་དང་དར་སྣས་བརྒྱན། །ན་བཟའ་སྤྱན་གྱི་རྟེན་དུ་བཅའ། །དཔའ་བོ་ལྕགས་ཀྱི་ཁུག་མ་མྲ །ཕ་ཝང་ལོང་བུ་གས་མེད་རྩལ། །དུང་ཕོར་གས་ཆག་མེད་པ་རུ། །མོ་བཙུན་གཙང་མའི་ནུ་ཞོ་རྩལ། །བླ་རྡོ་བླ་ཆོས་རྟེན་དུ་བཅའ། །དགྲ་གསང་ནག་པོའི་རྒྱུད་ལས། རྟེན་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་ཚངས་པས་ཞུས་པ། ཀྱེ་ཀྱེ་དཔའ་བོ་ཆེན་པོ་ལགས། །འདི་ཡི་རྟ་རུ་ཇི་ལྟར་བཅའ། །དཔའ་བོ་ཆེན་པོས་བཤད་དུ་གསོལ། །དཔའ་བོ་ཆེན་པོས་བཀའ་སྩལ་པ། །རབ་འབྲིང་མཐའ་མ་གང་འགྲུབ་ཀྱང་། །གངས་པོ་ལག་དཀར་གཙོ་བོ་སྟེ། ཁམ་པ་སྨུག་གསུམ་དམུ་བདུད་རྟ། །རོག་པོ་དུང་ལག་གཟའ་བདུད་རྟ། །སྔོན་པོ་སྣ་སྐྱ་ཀླུ་བདུད་རྟ། །དམར་པོ་འགབ་སྐྱ་བཙན་བདུད་རྟ། །དངོས་སུ་ཚོགས་ན་རབ་ཀྱི་རྟ། །གསོབ་ལྔ་ཚོགས་ན་འབྲིང་གི་རྟ། །ཐོད་ལྔ་འམ་སྙིང་ལྔ་ཐ་མའི་རྟ། །ཡང་ན་གངས་པོ་ལག་དཀར་གྱི། །རྒྱལ་མཚན་ལེགས་པར་བརྒྱན་པ་ལ། །དར་སྣ་དང་ནི་གཡེར་ཀས་བརྒྱན། ཁྲར་དུ་ཁ་བསྟན་རྟ་རུ་གཟུགས། །གཙོ་བོ་རྟ་ཡི་འཁོར་དང་མཉེས། །ཕྱི་ཡི་རྟེན་དུ་བཅའ་བ་ནི། །བཤོས་ལྔ་ཁྲག་གིས་དབྱུག་པ་སྟེ། །བྱང་དུ་ཟུར་གསུམ་དམར་པོ་གཞག །མདའ་ལྔ་དར་གྱིས་བརྒྱན་པ་གཟུགས། །དམ་ཅན་ཕྱི་ཡི་རྟེན་དུ་བསོག །སྐྱེས་བུ་དགྲ་གསང་ནག་པོའི་རྒྱུད་ལས། རྟ་དང་རྟེན་གཟུགས་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་ཚངས་པས་ཞུས་པ། །ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །གིང་ཆེན་སེར་སྐྱ་ནག་པོ་ཡི། །ལྟ་སྤྱོད་དམ་ཚིག་ཇི་ལྟར་ལགས། །དཔའ་པོ་ཆེན་པོས་བཤད་དུ་གསོལ། །དཔའ་པོ་ཆེན་པོས་བཀའ་སྩལ་པ། །ཉོན་ཅིག་ཚངས་པ་ལྷ་ཡི་བུ། །དམ་ཅན་འདི་ཡིན་མི་སྨྲ་སྟེ། །རྫས་དང་རྟེན་རྣམས་མི་སྟོན་ནོ། །བདེན་པའི་ཚིག་གིས་མ་བཀྲོལ་བར། །དྲག་པའི་བགེགས་ལ་མི་སྔོའོ། །ཡུག་དང་རྨེ་ཤ་མི་རྟེན་ཅིང་། །དྲག་པོའི་ཧ་ལས་མི་བྱའོ། །ཆོས་རྣམས་དངོས་མེད་སྟོང་པ་ལ། །དངོས་པོའི་ཡུལ་ལས་གཟུང་དུ་མེད། །གིང་ནི་ཆུ་ཟླའི་རང་བཞིན་ཏེ། །རྐྱེན་གྱིས་སྣང་ཡང་སྐྱེ་འགག་མེད། །རང་སེམས་དངོས་མེད་ཡེ་སྟོང་ལ། །ཆུ་ཡི་རྐྱེན་གྱིས་སྟོང་རྒྱུ་མེད། །རང་གི་སེམས་ཀྱི་ཆོ་འཕྲུལ་གྱིས། །གིང་ཆེན་གཞན་ནས་བྱུང་རྒྱུ་མེད། །མ་རྟོགས་དངོས་ཅན་འཛིན་པའི་བློས། །ཕ་ལྟར་བྱམས་པའི་ངོ་བོར་ལྟ། །སྲིང་ལྷར་གདུང་བའི་ཚུལ་དུ་བསྟེན། །དྲན་ལྟར་མངག་པའི་ཚུལ་དུ་བལྟ། །མ་བརྗེད་རྒྱུན་གྱི་མཆོད་པ་འབུལ། །ཡར་ངོ་མར་ངོའི་ཚེས་གཅིག་ལ། །མཆོད་པ་བྱ་བ་དམ་ཚིག་གོ །ཁྲ་དང་ཅེ་སྤྱང་མཐོང་བའི་ཚེ མི་ཡི་ཐོ་ལེ་མི་གདབ་བོ། །སྐྱེས་བུ་དགྲ་གསང་ནག་པོ་འི་རྒྱུད་ལས། ལྟ་སྤྱོད་དམ་ཚིག་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་ཚངས་པས་ཞུས་པ། །ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །གིང་ཆེན་སེར་སྐྱ་ནག་པོ་ཡི། །སྔགས་ཀྱི་རིམ་པ་བསྟན་དུ་གསོལ། །དཔའ་བོ་ཆེན་པོས་བཀའ་སྩལ་པ། །ཉོན་ཅིག་ཚངས་པ་ལྷ་ཡི་བུ། །སྔགས་ནི་རྣམ་པ་བཞི་ཡོད་དོ། །དང་པོ་གསང་མཚན་སྔགས་ནས་དྲང་། །མཚན་མ་སྣ་ཚོགས་ཅིར་ཡང་སྟོན། །གཉིས་པ་སྲོག་སྙིང་མན་ཆད་བགྲང་། །དམ་ཅན་ཉེ་ཞིང་དངོས་གྲུབ་སྟེར། །གསུམ་པ་བསྒྲུབ་པའི་དྲག་སྔགས་བཟླས། །འཁྱག་པ་བྲུག་སུ་རྩིགས་པར་འ༷ གྱུར། །བཞི་པ་འབབ་པའི་སྔཀུས་ལ་འབད། །གང་འདོད་སར་ནི་འབབ་པར་འགྱུར། །བཛྲ་སརྙུ་ས་མ་ཡ་སྐྱེས་མཆོག་བཛྲ་ཐིག་ལེ་རྩལ་ས་རྙུ་ས་མ་ཡ་ཛ་ཛ། བག་ཀྲ༷་ཤི་རི་ནི་ཀྲ་མ་ནི་ས་མ་ཛ་ཛ། བཛྲ་མུ་གར་བ་ཕྲོ་ཕྲོ། བཛྲ་རི་རི་པ་ཤ་ཀ་རི་ཧོ་ཕྲོ་ཕྲོ། སུ་བཛྲ་ནཱ་ག་ཤ་ཤུ་ནཱ་ག་ཁ་དེར་ཕྲོམ་ཕྲོམ། བཛྲ་ཏི་རི་རི་ཤུད་ཏི་བཛྲ་ཤུད་ཏི་ཕྲོམ་ཕྲོམ། བཛྲ་མུ་གར་པ་དུ་དུ། ཕྲོམ་ཧྲིལ་ཧྲིལ་ཕོབ། བཛྲ་ནཱ་ག་རྭ་ཛ། ས་མ་ཡ་ཕྲོམ་ཧྲིལ་ཧྲིལ་ཕོབ། །སུ་རས་ཤག་ཏྲི། ས་རྙུ་ས་མ་ཡ་ཕྲོམ་ཧྲེལ་ཧྲིལ་ཕོབ། །པ་ཤ་མི་སྒྱུ་ར་ཧུ་ལ་ཕྲོམ་ཧྲིལ་ཧྲིལ་ཕོབ། ཤུ་ཏི་རག་ཤ་ཡ་མ་ཤུ་ཏི་ཕྲོམ་ཕྲོམ་ཧྲིལ་ཧྲིལ་ཕོབ། འུར་འུར་ར༷་ར༷་ཐོག་ཐོག །ཆེམ་ཆེམ་ལྷོགས་ལྷོགས། ཤར་ཤར་ཧྲིལ་ཧྲིལ་ཕོབ་ཡ། དྲག་སྔགས་སྤུ་གྲིའི་སོ་དང་འདྲ། །ལྷད་མེད་བཟླས་ན་མེ་མགལ་འཕེན། །སྐྱེས་བུ་དགྲ་གསང་ནག་པོའི་རྒྱུད་ལས། དྲག་པོའི་ལས་ཀྱི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་ཚངས་པས་ཞུས་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །སེར་སྐྱ་ནག་པོ་བསྒྲུབ་པ་ལ། །རྟེན་གྱི་དོང་བུ་མི་འཚལ་ལམ། །དཔའ་བོ་ཆེན་པོས་བཀའ་སྩལ་པ། །རྟེན་གྱི་དོང་བུ་འདི་ལྟ་སྟེ། དྲག་པོ་གནས་ནས་ས་བླང་ལ། །སྟེགས་བུ་འདོམ་གང་གྲུ་བཞིར་བྱ། །སྟེགས་བུའི་སྟེང་དུ་དོང་བུ་བཅའ། ཁྲུ་ཕྱེད་ཚད་ལ་ཟུར་གསུམ་པ། ཁ་ཁྱེར་གསུམ་པའི་རང་བཞིན་ཏེ། །ནང་དུ་རླུ་་ནག་ཚུབ་མ་བྲི། །ལོགས་གཅིག་དུར་སོར་རམས་ཀྱིས་བྱུག །ལོགས་གཅིག་ར་ཁྲག་ལྕོག་མས་བྱུག །ལོགས་གཅིག་ས་དཀར་དུག་སྣ་བྱུག ཁ་ཁྱེར་གསུམ་པ་དཀར་པོས་བྱ། །དེ་མཐར་ཟླུམ་པོ་དཀར་པོ་ལ། །དེ་སྟེངས་ཟླ་གམ་སྨུག་ནག་གསུམ། །ཕྱོགས་བཞིར་འཁོར་ལོ་རྩིབས་བཞི་སྟེ། །འབུར་དུ་བྱས་ལ་མཚོན་གྱིས་བྱུག །དོང་གི་ནང་དུ་བསྒྲུབ་དོན་བྱ། །ཟླ་གམ་གསུམ་ལ་གཏོར་མ་གསུམ། །དཔལ་གཏོར་གཟའ་གཏོར་གྱིང་གཏོར་གསུམ། །རང་རང་མཐུན་པའི་རྫས་ཀྱིས་བྱུག །འཁོར་ལོ་རེ་ལ་བཤོས་བུ་རེ། །མདའ་དང་དར་བཞིས་བརྒྱན་བྱས་ལ། །བྱང་དུ་ཟུར་གསུམ་དམར་པོ་གཞག །ཡབ་ཡུམ་སྲས་དང་བཙུན་མོའི་རྟེན། །དེང་གི་དགྱེར་ལ་འཁོར་བར་གཞག །གཟུངས་ཐག་བཏགས་ལ་བཟླས་པར་བྱ། །དམིགས་པའི་ཡུལ་ཁམས་བསྐྱེད་པའི་དོང་།ཁྲུ་ཕྱེད་ཟུར་གསུམ་རྐྱང་པ་ལ། །ར་ཡི་བློ་དང་ཁྲག་གིས་བྱུག །རྩང་དམར་ཉི་ཤུ་གཅིག་གིས་བསྐོར། །གློ་བ་གཟུགས་ཤིང་རྒྱུ་མས་བསྐོར། །ལིང་ག་སྔོ་ཐོག་ནང་དུ་གཞུག །གནོད་སྤྱིན་བྲིས་པའི་གཡང་བཞི་གཉིས། །དེ་ཡི་གཡས་དང་གཡོན་དུ་གཟུགས། །དེ་རྣམས་ཁྲག་གིས་སྦལ་ལ་གཞག །ཟུར་གསུམ་རྩེ་རུ་ཕུར་པ་གཟུགས། །ཡུལ་ལྷ་སེར་སྲུན་བན་བོན་གཟིར། །ལས་ལ་སྦྱོར་ཀར་ཡུལ་མཐར་མནན། །ཕ་རོལ་ནུས་པ་བརླག་པར་འགྱུར། །གསལ་བ་གསུམ་གྱི་དགོངས་པ་ཡིས། །འཕྲོ་འདུའི་བཟླས་པ་བྱ་བར་གསུངས། །སྐྱེས་བུ་དགྲ་གསང་ནག་པོའི་རྒྱུད་ལས། དོང་བཅའ་ཞིང་རྫས་བསོག་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་ཚངས་པས་ཞུས་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ལྷ་ལ་བསྐྱེད་པ་མི་འཚལ་ལམ། །དཔའ་བོ་ཆེན་པོས་བཤད་དུ་གསོལ། །གསང་བའི་བདག་པོས་བཀའ་སྩལ་པ། །ཉོན་ཅིག་ཚངས་པ་ལྷ་ཡི་བུ། །བདག་ཉིད་གཉེན་པོ་གྱུར་པ་ཡིས། །དེ་ཡི་ཐུགས་ཀར་ཉི་མའི་དལ། །དེ་སྟེངས་གནམ་ལྕགས་རྡོ་རྗེ་བསམ། །རྡོ་རྗེའི་ལྟརྭབར་ཧཱུཾ༷་བསམས་ལ། །ཧཱུཾ༷་ལས་ཡི་གེ་ཏྲི་གཅིག་ཆད། །དོང་གི་ནང་དུ་འཕྲོས་པ་ལས། །དམུ་བདུད་སེར་སྐྱ་ནག་པོར་གྱུར། །ཞལ་གཅིག་ཕྱག་གཉིས་ཁྲོས་པའི་ཚུལ། །རྡོ་རྗེ་རྩེ་དགུ་གཡས་པ་ན། །བདུད་ཞགས་ནག་པོ་གཡོན་ན་འཕེན། །ཆིབས་སུ་ཨ་སིང་ཤི་ལ་ཆིབས། །སྐུ་མདོག་སྨུག་ནག་མེན་ཏྲེ་གསོལ། །སྙན་ནས་འབྲུ་སྒྲ་ཤངས་ནས་རླུད་ནག་ཚུབ། །ལྗགས་ལས་གློག་འགྱུར་ཞལ་ནས་སེར་བ་སྒྱུག །བདུད་པོ་བཞི་ཡིས་བསྐོར་ནས་ཀྱང་། །བཀའ་སྡོད་བྲན་གྱི་ཚུལ་དུ་གནས། །དེ་ནས་སྤྲུལ་པ་གྲངས་མེད་འཕྲོས། །ཞིང་ཁམས་དོང་གི་ཁ་འཁོར་ནས། །ཐོག་དང་སེར་བ་འབེབས་པར་བསམ། །སྐྱེས་བུ་དགྲ་གསང་ནག་པོའི་རྒྱུད་ལས། ལྷ་བསྐྱེད་པ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་ཚངས་པས་ཞུས་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །དབབ་པའི་དུས་སུ་དབབ་པ་དང་། །རྟ་གཞུག་ལས་ལ་ཇི་ལྟར་སྦྱར། །དཔའ་བོ་ཆེན་པོས་བཤད་དུ་གསོལ། །དཔའ་བོ་ཆེན་པོས་བཀའ་སྩལ་པ། །ཉོན་ཅིག་ཚངས་པ་ལྷ་ཡི་བུ། །རྟ་གཞུག་ལས་སྦྱོར་འདི་ལྟེ་སྟེ། །གྲོ་ག་རྒྱ་ཤོག་གང་རུང་ལ། །ཙིསྟའི་ཁྲག་གིས་ཙཀྲ་བྲི། །ལྷ་ཚོགས་མིང་དང་དམོད་པ་སྤེལ། །རྩིབས་དག་མུ་ཁྱུད་དེ་བཞིན་བྲི། །བྱ་རྒོད་སྒྲོས་སྒྲོན་མཐོ་གང་མདའ། །ཙིསྟ་ཁྲག་གིས་ཆུ་རིས་བྲི། །སྟེ་ནས་ཉུངས་ཀར་རྒྱལ་པོས་བསྣུན། །ཙཀྲས་བསྐོར་ལ་རི་རྩེར་མནན། །གནོད་སྤྱིན་འདུས་པ་རྣམས་ཀྱི་གཟེར། །ར་ཡི་སྐད་དུ་སྲོག་སྙིང་བཙལ། །རབས་ཆད་ནག་པོའི་རྐང་གིས་སྦྲེལ། །རི་ཐང་མཚམས་སུ་བསྟབ་ལ་གཞག །ལས་བྱེད་གཟུང་བ་བར་གྱི་གཟེར། །འཁོར་ལོ་གོང་དང་འདྲ་བ་ལ། །ཡུལ་དང་དམོད་པ་སྤེལ་ཞིང་བྲི། །ཙ་ར་གངས་པོའི་ཐོད་པར་རྩལ། །རྫས་དང་གཏོར་མ་དེ་བཞིན་གཞུག །མུ་མའི་དཀྱིལ་དུ་བཏབ་ལ་གཞག །ཕུང་བྱེད་དྲག་པོ་ས་ཡིས་གཟེར། །རྟ་གསུང་བར་དུ་ཁྲག་གི་སྦྲེལ། །བླངས་པས་ནམ་མཁའ་མཐོང་བར་བྱ། །རྩང་གིས་གཞི་མཐའ་འཁོར་བར་བསྐོར། །ཐབས་གསུམ་བླུད་ལ་ཐབས་ཟོར་འཕང་། །དམག་ཟོར་འཕང་ཞིང་ཡུལ་ལྷ་སྲོག །སྟང་སྟབས་བྱ་ཞིང་སེར་སྲུན་གཟིར། །གིང་ལ་དྲིལ་ལ་ཁ་ཡིས་བླང་། །སྐྱེས་བུ་དགྲ་གསང་ནག་པོའི་རྒྱུད་ལས། ལས་ལ་སྦྱར་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་ཚངས་པས་ཞུས་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །ལོང་མེད་གནོད་པའི་དགྲ་བྱུང་ན། །བཙན་ཐབས་ལས་སྒྲུབ་མི་ཚལ་ལམ། །དཔའ་བོ་ཆེན་པོས་བཤད་དུ་གསོལ། །གསང་བའི་བདག་པོས་བཀའ་སྩལ་པ། །ཉོན་ཅིག་ཚངས་པ་ལྷ་ཡི་བུ། །བཙན་ཐབས་ལས་མཆོག་འདི་ལྟ་སྟེ། །བསྒྲུབ་རྫས་གོང་དང་འདྲ་བ་ལ། །ཐུན་རྫས་གཡག་རུ་གཡས་པ་མྲ །དེ་ལ་ཁ་བཙུགས་བཟླས་པ་བྱ། ་་ས་ཀར་རྒྱལ་པོ་སྣུན་ཅིང་བྲབ། །ཙིསྟ་གངས་པོའི་གཡང་གཞི་ལ། །སེར་སྐྱ་ར་ཡི་ཁྲག་གིས་བྲི། །མཆན་ལོགས་གཉིས་སུ་ཡུལ་མཁར་བྲི། །ལྟོ་བར་རྩ་སྔགས་བཟློག་པ་བྲི། །དབབ་སྔགས་བཟློག་པ་ཞག་གཉིས་བཟླས། །བསྙེན་བསྒྲུབ་དྲིལ་བ་ཞག་གསུམ་བཟླས། །ཞག་ལྔའི་ནང་པར་ལས་ལ་སྦྱར། །གནས་སུ་ཐབ་གསུམ་བསྒོལ། །ཐབ་གསུམ་སླད་ལ་ཐོངས་སུ་རྟོག །གཡག་རུའི་ར་ཟོར་གནམ་དུ་འཕང་། །གཡང་གཞི་སེར་སྐྱ་བྲིས་པ་དེ། །ཡུལ་གྱི་དབུས་ཀྱི་གཞི་ལ་སྦ། །དབབ་སྔགས་བཟློག་ཅིང་དྲག་སྔགས་བཟླས། །ཡ་ཕོ་བ་ཧྲི་ལ། ཧྲི་ཧ་ཤ་ཤ།༷ལྷོགས་ལྷོགས། ཆེམ་ཆེམ། ཐོག་ཐོག །ར༷་རེ། འུར་འུརཕོབ་ཧྲིལ་ཧྲིལ། ཏྲི་ཤུ་མ་ཡ་ག་ཏྲ༷་ཤུ་ཕོབ། ཧྲིལ་ཧྲིལ་ཕོབ། ལ་ཧུ་ར་ཀྱི་མི་ཤ་ཡ་ཕོབ། ཧྲིལ་ཧྲིལ་ཕྲོམ་ཕྲོམ། ཡ་མ་ས་རྙུ་ས། ཏྲི་ཤག་རས་སུ་ཕོབ་ཧྲིལ་ཧྲིལ་ཕྲོ་སྐྲོ། དུ་དུ་གར་མུ་བཛྲ་ཏ། ད་ལྟ་ཉིད་དུ་འབེབས་པར་འགྱུར། ཡུལ་ཁམས་ཐམས་ཅད་རླག་པར་ཐེ་ཙོམ་མེད། སྐྱེས་བུ་དགྲ་གསང་ནག་པོའི་རྒྱུད་ལས། བཙན་གསུམ་ཐབས་སུ་བསྲུང་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་ཚངས་པས་ཞུས་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །འགལ་བྱེད་སྐུ་དགྲར་གྱུར་པ་ལ། སྲོག་ལ་གནད་བབ་ཇི་ལྟར་དབབ། །དཔའ་བོ་ཆེན་པོས་བཤད་དུ་གསོལ། །གསང་བའི་བདག་པོས་བཀའ་སྩལ་པ། །ཉོན་ཅིག་ཚངས་པ་ལྷ་ཡི་བུ། །སྲོག་གི་ལས་མཆོག་འདི་ལྟ་སྟེ། །དུས་དང་རྫས་དང་རྟེན་དང་ནི། །དམ་ཚིག་སྟ་དང་ལས་མཐའ་བཏུལ། །གོང་བཞིན་འདི་ལྟར་ཤེས་པར་བྱ། །དོང་གསུམབསོགས་ལ་རྫས་གསུམ་བསོགས། །གཅིག་ཏུ་སྙིང་རྩ་གསུམ།་བཅུག་ལ། །གཅིག་ཏུ་ར་ཕག་ཐོད་པ་སྲ །ལིང་ག་བར་དུ་བཅུག་ལ་གཞག །གཅིག་ཏུ་དུག་སྣའི་བྱ་ཚང་བཅའ། །གུ་གུལ་དད་པས་ལྷ་དང་དབྲལ། །ཐུན་གྱིས་བྲབ་ཅིང་དྲག་སྔགས་བཟླས། །ལས་ཀ་གང་བྱེད་ཅིག་གནས་བཏུད། །དང་པོ་གསང་མཚན་ནས་ཀྱང་དྲང་། །གཉིས་པ་སྲོག་གི་སྙིང་པོ་བཟླས། །གསུམ་པ་སྦས་པའི་དྲག་སྔགས་བཟླས། །བཞི་པ་གང་འདོད་ལས་ལ་དབང་། །ལྔ་པ་དྲིལ་ལ་ལས་ཀ་བརྟུལ། །བཛྲ་ས་རྙུ་ས་མ་ཡ། སྐྱེས་མཆོག་བཛྲ་ཐིག་ལེ་རྩལ། ས་རྙུ་ས་མ་ཡ་ཛུ་ཛུ། བདག་རང་ལྷར་གསལ་དེ་ནས་སྔགས་བདག་གསལ། དེ་ནས་རྫས་བྱིན་གྱིས་བརླབས་ལ་འབུལ། དེ་ནས་སྔགས་བཟླས་ཁྲི་ཚོ་བཅུ་གསུམ། བག་གྲམ་ཤི་རི་ནི། ཀྲ་མ་ནི་ས་མ་ཡ་དུ་ཛ་ཛ། ཕྲ་ན་རྦད་ཐུམ་ཚལ་དགུར་རྦད་ཏི་ས་རྙུ་ས་མ་ཡ། ཙ་མུན་རག་མུན་ཐུམས། ས་དུ་ར་ག་ར་ག །མ་ར་ཡ་བྷ་སྟི། བ་ནི་ས་དུ་ཁ༷་ཁ༷་ཙ་མ་ལ་རྦད་ཏྲི། ས་དུ་ར༷་ར༷། ཕྲ་མ་པྲད། ཤ་ས་ཤ་ས་སུ་དུ་ཕྲག་ཕྲག །སྲིབས་ཤིང་ཀ་མ་རི་ས་དུ་ཐིབས་ཐུབས་ཡང་། སུམ་དམ་ཆོག་པུས་ཆོག །ས་དུ་སྲོག་པ་རྦད་རྦད་རྦད། རྦད་པའི་ཀ་ད་རི་ས་དུ། ཤིག་ཤིག །ཡ༷་ཡ༷་མནན། བསྲེགས་འཕང་གང་ཡང་རུང་བ་བྱ། །དམིགས་པ་དེ་ཡང་ལ་ཧྲི་རྣམས་འཁོར། །དྲག་སྔགས་ལྷད་མེད་དང་འདྲ། །རྒྱལ་བའི་སྐུ་ཡང་འཇིག་པ་ངེས། །སྐྱེས་བུ་དགྲ་གསང་ནག་པོའི་རྒྱུད་ལས། སྲོག་གི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་ཚངས་པས་ཞུས་པ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །གིང་ཆེན་དྲག་པོའི་བསྒྲུབ་པ་ལ། །རྟགས་ཀྱི་རིམ་པ་ཇི་ལྟར་མཆི། དཔའ་བོ་ཆེན་པོས་བཤད་དུ་གསོལ། །གསང་བའི་བདག་པོས་བཀའ་སྩལ་པ། །དང་པོ་སྣ་ཚོགས་ཅིར་ཡང་སྟོན། །བྱིས་པའི་ཚོགས་དང་སྐྱ་ཤར་དང་། །མོན་མངས་ཚོགས་དང་རྟ་དམག་དང་། །བུད་མེད་མང་པོ་གླུ་གར་རྩེ། །གསང་མཚན་དུས་སྟེན་པ་ཡིན། །ལུག་དང་ཆུ་སྔོན་འགྲུབ་པ་དང་། །སྐྱ་ཤར་ཡུར་ཡབ་ཆག་པ་དང་། །བན་དྷི་གནག་ལུག་སྐྱོང་བ་དང་། །ཚངས་པའི་གཞིས་ཆེན་འདེགས་པ་དང་། །བུད་མེད་ཁུས་འདེབས་ཕྱག་བྱེད་དང་། །བྱིས་པ་ཁུས་འདེབས་གནས་ལ་བསྐོར་བ་དང་། །རྟག་ཏུ་ཆུ་ལ་བྱ་བྱེད་དང་། །བསྙེན་པའི་དུས་སུ་འབྱུང་བའོ། །མཚོ་ལ་དར་ཆགས་རླང་པ་འཕྱུར། །ཡུལ་ཁམས་འཁྱག་པས་ཁེངས་པ་དང་། །གངས་ཕྲག་མཐོན་བོར་ཉལ་བ་དང་། །ལུས་ལ་དྲོད་སྐྱེས་ཞེ་སྡང་ལྡན། །ལྕེ་དང་མཆུ་ལ་ཐོར་བུ་འོང་། །བསྒྲུབ་པའི་དུས་སུ་འབྱུང་བའོ། །འབྲུག་གྲག་སྤྲིན་ནག་འཐིབས་པ་དང་། །ཐོག་དང་སེར་བ་དབབ་པ་དང་། །རྟ་དམག་མང་པོ་དར་འཕྱར་དང་། །མོན་ནག་ཟོར་བ་འདར་པ་དང་། །སྐུ་ཡི་རྟེན་གཉིས་འདར་བ་དང་། །རྩང་དང་བླ་ཕུར་འཚོགས་པ་དང་། །ཐུན་དྲག་ལྷག་དང་ཐུན་ཉུང་སྤོ། །ཐུན་ལ་གློག་དང་མེ་སྟག་འོང་། །རང་གི་གནས་སུ་སྐམ་འབྲུག་ལྡིར། །དབབ་པའི་དུས་སུ་འབྱུང་བའོ། །སྐྱ་ཤར་དམར་པོའི་རི་དགས་འདེད། །མོན་པ་རྟ་ཐོགས་རྡེ་ཤིང་གཅོད། །ཅེ་སྤྱང་ལུག་ལ་འདེད་པ་དང་། །རང་གི་བླ་མར་བྱས་ནས་ཀྱང་། །ཅི་འདོད་ཟེར་ནས་འོང་བ་དང་། །རང་གིས་དར་ཆེན་ཕྱར་ནས་ཀྱང་། །དམག་མི་མང་པོས་སྣ་དྲངས་ནས། །ཡུལ་ཁམས་བཅོམ་ཞིང་རྨི་བ་ནི། །སྲོག་ལ་གནད་ལ་ཕེབས་པའོ། །སྐྱེས་བུ་དགྲ་གསང་ནག་པོའི་རྒྱུད་ལས། རྟགས་དང་མཚན་མ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཡང་ཚངས་པས་ཞུས་པ། །ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །གལ་ཏེ་ལས་རྣམས་མ་གྲུབ་ན། །འཁུ་ལྡོག་བྱུང་ན་ཇི་ལྟར་གཟིར། །དཔའ་བོ་ཆེན་པོས་བཤད་དུ་གསོལ། །གསང་བའི་བདག་པོས་བཀའ་སྩལ་པ། །ཉོན་ཅིག་ཚངས་པ་ལྷ་ཡི་བུ། །མ་གྲུབ་འཁུ་ལྡོག་བྱེད་གྱུར་ན། །གནད་ལ་བོར་ཞིང་ཤི་ས་བསྟན། །ཙིསྟ་ལྕེ་ཡིས་སྤགས་པ་ལ། །སེར་སྐྱ་ལྕོག་ལ་དམར་པོས་བྲི། །སྲོག་སྙིང་ཟློག་ལ་ལྟ་བར་བྲི། །དུག་དང་གུ་གུལ་ནག་པོས་བྱུག །རང་གི་འོག་ཏུ་དོང་བྲུས་ལ། །བུ་མེད་ཞབས་མས་དྲིལ་ལ་བཞག །རྡོ་རྗེ་རྒྱ་གྲམ་ཁ་བཅད་ལ། །བདག་ཉིད་བཛྲ་བཱ་ཁིར་བསྒོམ། །དབུ་ཡི་རྒྱན་དུ་བྱ་ཁྱུང་བསྐྱེད། །དེ་ཡི་སྙིང་ཁར་ཉི་དལ་བསམ། །དེ་སྟེངས་རྡོ་རྗེ་རྩེ་ལྔ་བསམ། །རྡོ་རྗེའི་ལྟེ་བར་ཛ་དམར་བསམ། །ཛ་ལས་འོད་ཕྲོས་ལྕགས་ཀྱུར་གྱུར། །གིང་ཆེན་རང་དབང་མེད་པར་བཀུག །རྟེན་གྱི་གཟུགས་བརྙན་དེ་ལ་གཏིམ། ཁེན་ཏུ་འདར་ཞིང་བྲེད་པར་བསམ། །དེ་ལས་གཞོལ་བའི་ལས་རྣམས་བསྒོམ། །སྲོག་སྙིང་བཟློག་པ་གཞུག་གསུམ་བྱ། །ཞག་གསུམ་ནུབ་མོ་འབྲུབ་ཁུང་དུ། །རྒྱ་ཚིལ་མེ་བཏང་གུ་གུལ་བསྲེག །གཟུགས་ལ་བདུག་ཅིང་སྔགས་ལྡོག་བཟླས། །ཛ་ཛ་དུ་ས་ཡ་མ་ནི་མ་དགྲག་ནི་རི་ཤི་ཀྲམ་པ་ག །དེ་ནས་སྨན་དང་བདུད་རྩིས་གསོ། །བདུད་རྩིས་མཆོད་ལ་གདགས། །དེས་ནི་ལས་རྣམས་གྲུབ་པར་འགྱུར། །སྐྱེས་བུ་དགྲ་གསང་ནག་པོའི་རྒྱུད་ལས། གནད་ལ་བོར་ཞིང་ཤི་ས་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་ཚངས་པས་ཞུས་པ། །ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །གིང་ཆེན་སེར་སྐྱ་ནག་པོ་ལ། །ལྟས་ངན་གཏང་ཐབས་མ་མཆིས་སམ། །དཔའ་བོ་ཆེན་པོས་བཤད་དུ་གསོལ། །གསང་བའི་བདག་པོས་བཀའ་སྩལ་པ། །ཉོན་ཅིག་ཚངས་པ་ལྷ་ཡི་བུ། །ལྟས་ངན་གཏང་ཐབས་ཆོ་འཕྲུལ་ནི། །བ་བླ་བ་དང་ལྷང་ཚེ་དང་། །གླ་བའི་ཀླད་པ་སྐར་པུ་སྙིང་། །དེ་བཞིན་ཝ་དང་འུག་པ་དང་། །སྤྲེའུ་བྱ་རོགས་ལ་སོགས་པའི། །གང་འདོད་གཟུགས་སུ་བྱས་ནས་ནི། །མཎྜལ་ཁ་རུ་གཞག་པར་བྱ། །མཆོད་ཅིང་བསྟོད་ལ་བསྐུལ་བ་དང་། །རྩ་སྔགས་གཤམ་སྔགས་འདི་བཟླས། ཧོ་ལང་ཀ་རི་ཤེའུ་རེང་འུ་རུ་མ། གོ་རི་བར་ཤིའུ་རེའུ་ཧཱུཾ༷། སྐྱེས་ཏོ་རེ་ཤེའུ་ཧཱུཾ༷། ཙིལྟི་རི་དམ། ཤེའུ་རེའུ་བུ་ཧཱུཾ༷། འབུམ་བཟླས་སྐར་མ་སྤོ་ལ་ནི། །དགྲ་བོའི་ཁང་པའི་རྩ་རུ་སྦ། །སེམས་ཅན་སེམས་ཅན་གཟུགས་སུ་སྣང་། །བ་བླས་འཇིག་རྟེན་འོད་ཀྱིས་ཁེང་། །ཞག་ལྔ་དག་ཏུ་བསྒྲུབ་པར་བྱ། །ལྷད་མེད་བཟླས་ན་འགྲུབ་པས་སླ། །དགྲ་གསང་ནག་པོའི་རྒྱུད་ལས། ལྟས་ངན་གཏང་བའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་ཚངས་པས་ཞུས་པ།ཀྱེ་ཀྱེ་གསང་བའི་བདག་པོ་ལགས། གིང་ཆེན་སེར་སྐྱ་ནག་པོ་ལ། །མངོན་ཤེས་སྒྲུབ་ཐབས་མ་མཆིས་སམ། །དཔའ་བོ་ཆེན་པོས་བཤད་དུ་གསོལ། །གསང་བའི་བདག་པོས་བཀའ་སྩལ་པ། །ཉོན་ཅིག་ཚངས་པ་ལྷ་ཡི་བུ། །མངོན་ཤེས་སྒྲུབ་ཐབས་འདི་ལྟར་བྱ། །ལེགས་ཕྱིང་གྲུ་བཞིའི་སྟེང་དག་ཏུ། །སོ་བ་བྲེ་གང་བཞག་པར་བྱ། །དེ་སྟེང་བཤོས་བུ་ཁྲུ་གང་བཞག་པར་བྱ། །ལྷོ་སྨྱུག་ཚིགས་གསུམ་དག་དང་ནི། །དར་སྣ་བཏགས་ལ་ཞག་ལྔ་འགྲུབ། །སྔགས་ཟློས་དར་གྱིས་གཡབ་མོ་བྱ། །རྟག་ཏུ་ཕུད་དང་བཤོས་བུས་མཆོད། །རབ་ཏུ་གསང་བའི་སྔགས་འདི་བཟླས། །བཛྲ་ས་རྙུ་ས་མ་ཡ་མ་ཏི་ཨུ་ཤ་ཁ་ལ་རོ་རི་ཏི་ཧི་སྨ་ཕ་ར་ཧཱུཾ༷་ཧཱུཾ༷་ཛ་ཛ།ཞེས་སྔགས་དག་གི་ཐ་མ་ལ། །བཤོས་བུ་གཏང་ལ་གསེར་སྐྱེམས་གཏང་། །ལྷད་མེད་བཟླས་ན་ཁམས་གསུམ་གསལ། །རྟག་ཏུ་བཟླས་ན་དངོས་གྲུབ་སྟེར། །དགྲ་གསང་ནག་པོའི་རྒྱུད་ལས། མིག་མཐོང་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཡང་ཚངས་པས་ཞུས་པ། །ཀྱེ་ཀྱེ་གསང་བའི་བདག་པོ་ལགས། །དགེ་བསྙེན་སེར་སྐྱ་ནག་པོ་ནི། །གནད་ནས་བསྐུལ་བ་མི་འཚལ་ལམ། །དཔའ་བོ་ཆེན་པོས་བཤད་དུ་གསོལ། །གསང་བའི་བདག་པོས་བཀའ་སྩལ་པ། །ཉོན་ཅིག་ཚངས་པ་ལྷ་ཡི་བུ། །གནད་ནས་བསྐུལ་བ་འདི་ལྟ་སྟེ། །དམར་གྱི་མཆོདཔཙིསྟའིགསུར། །པགས་པའི་རྒྱལ་མཚན་དབང་པོ་ལྔ། །བཤོས་དང་མདའ་དར་བརྒྱད་པའོ། །ཐུགས་དམ་གནད་ནས་འདི་སྐད་བསྐུལ། །ཧཱུཾ༷། བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །རླུད་ནག་ཚུབ་མར་འབར་བའི་དཀྱིལ་འཁོར་ནས། །གནོད་སྤྱིན་གཟའ་བདུད་ཆེན་པོ་ནི། །ཆིབས་སུ་ཀུ་ར་རོག་པོ་ཆིབས། །སྐུ་ལ་དར་ནག་བེར་ཆེན་གསོལ། །དབུ་ལ་གནམ་ལྕགས་ཟོར་བ་སྐྱེས། །དཔྲལ་ནས་འོད་ཆེན་དམར་དུ་ཁྱུག །གཡས་ན་གནམ་ལྕགས་ཟོར་བ་བསྣམས། །གཡོན་ན་ཐོག་གི་འཁོར་ལོ་བསྐོར། །སྙན་ནས་བསྐལ་བའི་འབྲུག་ཆེན་ལྡིར། །གཟེ་མ་བསྐལ་པའི་ཐོག་ཆེན་སྒྲོགས། ཁྲངས་ནས་རླུད་གི་བུ་ཡུག་འ་། །ལྗགས་ནས་གློག་དམར་ཁྱུགས་སེ་ཁྱུགས། །ཞལ་ནས་ཁྲག་གི་སེར་པ་སྒྱུག །ས་ལ་རླུད་དང་ཚུབ་དམར་རྒྱུ། །བར་སྣང་ཁམས་སུ་སྤྲིན་ནག་སྡུད། །འབྱུང་བ་ཚང་གྲང་འཐབ་ཏུ་ཆུག །ལོ་ལ་ནད་ཀྱི་སེར་བ་ཕོབ། །ནུབ་ཕྱོགས་སྟོང་གི་འཇིག་རྟེན་ནས། །རླུད་ནག་ཚུབ་པའི་དཀྱིལ་འཁོར་ནས། །གནོད་སྤྱིན་ཀླུ་བདུད་ཆེན་པོ་ནི། །ཆིབས་སུ་ཀླུ་ར་རོག་པོ་ཆིབས། །སྐུ་ལ་དར་སྔོན་བེར་ཆེན་གསོལ། །དབུ་ལ་དངུལ་གྱི་ཟོར་བ་སྐྱེས། །དཔྲལ་ནས་འོད་ཆེན་དམར་དུ་ཁྱུག །གཡས་ན་གནམ་ལྕགས་ཟོར་བ་བསྣམས། །གཡོན་ན་ཐོག་གི་འཁོར་ལོ་བསྐོར། །སྙན་ནས་བསྐལ་པའི་འབྲུག་ཆེན་ལྡིར་། །གཟའ་མ་དྲག་པོའི་ཐོག་ཆེན་ལྡིར། ཁྲངས་ནས་རླུད་ནག་ཚུབ་མར་འཅོ། །ལྗགས་ལས་གློག་དམར་ཁྱུགས་སེ་ཁྱུགས། །ཞལ་ནས་ཁྲག་གི་སེར་བ་སྒྱུག །ས་ལ་རླུད་དང་ཚུབ་མར་རྫུ། །འབྱུང་བ་ཚ་དང་གྲང་དུ་དཀྲུག །ལོ་ལ་ནད་ཀྱི་སེར་བ་ཕོབ། ཁྱེད་ཀྱི་འཕྲིན་ལས་དུས་ལ་འབབ། །ཅེས་བསྐུལ་ལོ། །སྐྱེས་བུ་དགྲ་གསང་ནག་པོའི་རྒྱུད་ལས། ཐུགས་དམ་གནད་ནས་བསྐུལ་བ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་གསང་བའི་བདག་པོས་འཁོར་རྣམས་ལ་རྒྱུད་གཏད་པ་དང་། ང་ཡིས་གཏད་པའི་དགྲ་གསང་ནག་པོའི་རྒྱུད། །རིགས་ཀྱི་ཁྲོ་བོས་གསུངས་པ་ཡིན། །ལས་ཀྱི་ཁོ་བོ་བརྒྱད་པ་ཡིན། །སེར་སྐྱ་ལས་ཀྱི་མཐར་ཐུག་ཡིན། །ཉམས་པའི་སྲོག་རྩ་དམར་ལེན་ཡིན། །དྲག་པོ་ལས་ཀྱི་མེ་དབལ་ཡིན། །སྐྱེན་ཐང་གནམ་ས་ཞབྲུག་བྱེད་ཡིན། །དྲག་པོ་ལས་ཀྱི་མཐར་ཐུག་ཡིན། །མན་ངག་ཀུན་གྱི་ཏྲི་ཀ་ཡིན། །ལྷ་སྲིན་ཀུན་གྱི་དམག་དཔོན་ཡིན། །བཀའ་དང་བསྟན་པ་སྤྱི་ཡི་བྱ་ར་ཡིན། །རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ་ཡིན། །རིགས་འཛིན་ཡོངས་ཀྱི་སྲོག་ཤིང་ཡིན། །སྐྱེས་བུ་དགྲ་གསང་ནག་པོའི་རྒྱུད། །ལྷ་ཚངས་པའི་བུ་ཁྱོད་ལ་གཏད་ཀྱིས་ཟུང་ཞིག །འདི་འབྱུང་བའི་དུས་ནི་དུས་ཀྱི་སྙིགས་མ་དར་བའི་ཚེ ང་ཡི་འཁོར་དགེ་འདུན་གྱི་གནས་དང་། འབྲོག་དགོན་པ་ན་གནས་པའི་བསྒྲུབ་པ་པོ་རྣལ་འབྱོར་ཕོ་མོ་རྣམས་ཀྱི་སྲོག་དང་། ལུས་དང་ལོངས་སྤྱོད་ལ་འཚེ་བར་བྱེད་པ་འབྱུང་བའི་དུས་སུ། དབེན་གནས་དང་། གཙུག་ལག་ཁང་དང་། ཆོས་འཁོར་མཐའ་ནས་ཉམས་པའི་དུས་སུ། དམ་མེད་ཀྱི་གང་ཟག་སློབ་དཔོན་སྤོང་བ་དང་། བསྟན་པ་གཤིག་པ་དང་། དཀོན་མཆོག་གི་དབུ་འཕང་སྨོད་པ་དང་། གྱིང་ཆེན་རབ་ཏུ་གཏུམ་པའི་ལྷ་ཚོགས་རྣམས་ཀྱིས་དམ་ཚིག་མཆོད་པས་སྙིང་ལ་མེ་ཆེན་སྤོར་ཅིག །རྒྱུད་འདི་བཟུང་ལ་བཀའི་བྱ་ར་མཛོད་ཅིག །ཅེས་གསུངས་ནས་རྒྱུད་རབ་ཏུ་གཏད་དོ། །དེ་ནས་ལྷ་ཚངས་པ་ལ་སོགས་པ་དྲག་པོའི་ལྷ་ཚོགས་རྣམས་ཡི་རངས་ནས། གསང་བའི་བདག་པོ་ལ་མངོན་པར་བསྟོད་དོ། །འཁོར་ལ་རྒྱུད་གཏད་པའི་ལེའུ་སྟེ་ཉི་ཤུ་པའོ།། །།སྐྱེས་བུ་དགྲ་གསང་ནག་པོའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།རྒྱ་ནག་གི་ཨ་ནག་པོ་ལ་སེར་རྒྱང་གིས་དངོས་སུ་རྒྱུད་དང་སྒྲུབ་ཐབས་བྱིན་ནོ།། །། རྒྱ་གར་སྐད་དུ། ས་མུན་ཏྲ་དུ་མ་ཤ་ཏྲུ༷་ཧ་ར་ཏནྟྲ་ནཱ་མ། བོད་སྐད་དུ། མོན་པ་ཕུང་བྱེད་ནོར་སྲུངས་ཀྱི་རྒྱུད་ཅེས་བྱ་བ། དཔལ་