Ngb-pt-0875-vol-09-text: Difference between revisions
No edit summary |
m (Move page script moved page /home/ec2-user/Ngb/PT-800-899/ngb-pt-0875-text.docx.wiki to Ngb-pt-0875-vol-09-text) |
Latest revision as of 10:50, 20 March 2020
Front
Body
རྒྱ་གར་སྐད་དུ། བཛྲ་ཀྲི་ཡི་ཨུ་ཀྲ་ན་བི་རད་ན་ལྷི་ཨི་ཀ་ཙཀྲ་ཏན་ཏྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་རིན་པོ་ཆེ་བརྩེགས་པ་འཁོར་ལོ་གཟེར་གྱི་རྒྱུད། །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་ནས་གསང་བའི་བདག་པོ་ཡིས། །བརྡ་ཡིས་གཙོ་ལ་གསོལ་བ་བཏབ། །གཙོ་བོས་བརྡ་དོན་བཀའ་སྩལ་པ། །བརྡ་སྐལ་རྡོ་རྗེ་དྲག་པོ་ཆེ། །ཞབྲུལ་འཁོར་སྐྲུ་གྲི་འདྲ་བ་ཡང་། །དེ་ཉིད་རྣམ་པ་བཞི་ཡིས་གྲུབ། །སྔགས་དང་རྫས་དང་རྟགས། །སྔགས་ཀྱི་དེ་ཁོ་ན། །འཁོར་ལོ་རྣམ་པ་གཉིས་སུ་ཤེས། །མན་ངག་འཁོར་ལོ་བསྟན་པ་དང་། །བཅོས་མ་བརྙན་མའི་འཁོར་ལོ་གཉིས། །མན་ངག་འཁོར་ལོ་རྣམ་པ་དགུ། །གནས་པའི་འཁོར་ལོ་མི་འགྱུར་འཁོར། །ཡང་རྣམ་གསུམ་ནི་དངས་མ་ཡིན། །ཕྱི་མོ་འཁོར་ལོ་འགྱུར་འཁོར་ལོ། །སྒྱུར་བའི་འཁོར་ལོ་དངས་མ་སྐྱེད། །དྲག་པོ་འཁོར་ལོ་གཅོད་འཁོར་ལོ། །སྤོ་བའི་འཁོར་ལོ་དངས་མ་གཅོད། །དེ་དགུ་གསུམ་གསུམ་རྩིས་དང་སྦྱར། །མན་ངག་འཁོར་ལོ་བསྟན་པ་ཡིན། །དམ་ཚིག་རྗེས་དྲན་རང་དབང་མེད། །དངས་སྐྱེད་རྣམ་ཤེས་རྗེས་སུ་མཐུན། །སྔགས་ཀྱི་དེ་ཉིད་དེ་ལས་གཉིས། །ཕོ་དང་མོ་རུ་བསྟན་པ་ཡིན། །དེ་ལས་བསེ་དུང་ལྕགས་གསུམ་དབྱེ། །སྔགས་ཀྱི་རྒྱ་རུ་ངས་ལུང་བསྟན། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་རིན་པོ་ཆེ་བརྩེགས་པ་འཁོར་ལོ་གཟེར་གྱི་རྒྱུད་ལས། སྔགས་ཀྱི་དེ་ཉིད་བསྟན་པའི་ལེའུ་སྟེ་དང་པོའོ།། །།གཉིས་པ་རྫས་ཀྱི་དེ་ཁོ་ན། །བསྟན་དང་མཆོག་དང་བསྐང་བ་གསུམ། །བསྡུས་པ་རྣམ་གྲངས་བཅོ་རྒྱད་ཤེས། །གཙན་དུག་འཁར་ནག་ཧ་ལ་གནག །རྨ་བྱ་གླང་ཆེན་མཆིན་པ་དང་། །ར་དུག་ཆེན་པོ་ད་རུ་ར། །ས་དུག་རྣམ་པ་གསུམ་རྣམས་ནི། །ཚ་བ་སྐྱེད་པའི་རྫས་སུ་བསྟན། །ལུས་ལ་བཅང་ན་བསྲུང་བར་འགྱུར། །དངོས་གྲུབ་རྫས་ནི་གང་རྟེན་རྫས། །ཏིལ་ནག་རྫས་དང་ཏིལ་དཀར་རྫས། །གུར་ཀུམ་རྫས་དང་ཙན་དན་དམར། །ལས་བཞི་དངོས་གྲུབ་རྫས་སུ་ཤེས། །གདུག་པ་གཞིལ་བ་དངོས་གྲུབ་རྫས། །བཀྲ་ཤིས་རྫས་ཀྱིས་གཞིལ་བར་བྱ། །བསད་པ་གདུག་པའི་ཁྲག་རྣམས་དང་། །སྲིན་རྡོ་མགར་བའི་སོ་རྡོག་སོགས། །ཐུན་གྱི་རྫས་རྣམས་ཀུན་གྱིས་གསད། །སྐྱ་ཟོར་འཕང་བའི་ལས་རྣམས་བྱ། །བསྲུང་བའི་རྫས་ནི་རིན་ཆེན་དང་། །སྨན་དང་འབྲུ་དང་སྙིང་པོ་སྤོས། །དུག་སེལ་བརྒྱ་རྩ་བརྒྱད་ཀྱི་རྫས། །ལུས་ལ་བཅང་ཞིང་དུད་པས་བདུགས། །ཤ་རི་ར༷་དང་བཅས་པས་བསྲུང་། །དེ་ལྟར་བསྲུང་བའི་རྫས་རྣམས་ཀྱིས། །འཁྲུལ་འཁོར་གནོད་པ་སེལ་ནུས་ན། །དུག་ཆེན་བཅོ་བརྒྱད་སྨོས་ཅི་དགོས། །གཉན་པོ་རྫས་བསྡུས་བརྒྱ་བརྒྱད་དེ། །སྟོབས་སྐྱེད་རྫས་གསུམ་དེ་བཞིན་ནོ། །སྟོབས་སྐྱེད་བྱས་ན་བྱིན་ཆེན་འབྱུང་། །རྡོ་རྗེ་གཙུག་ལག་འཁོར་ལོ་ངན་སྔགས་རིན་པོ་ཆེ་བརྩེགས་པ་འཁོར་ལོ་གཟེར་གྱི་རྒྱུད་ལས། རྫས་ཀྱི་དེ་ཁོ་ན་ཉིད་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།གསུམ་པ་དུས་ཀྱི་དེ་ཁོ་ན། །ཕོ་མོ་གཉིས་སུ་བསྟན་པ་སྟེ། །ཕོ་དུས་རྣམ་པ་བཞི་ཉིད་ནི། །བསྒྲུབ་དུས་འགྱུར་དུས་གདབ་པའི་དུས། །དཀྲུག་པའི་དུས་སུ་བསྟན་པ་ཡིན། །མོ་དུས་རྣམ་པ་བཞི་ཉིད་ནི། །མ་དང་སྲིན་མོ་བྲན་དང་སྲིང་། །སྤྱི་དང་རང་རང་ཁྱད་པར་གྱི། །དམ་ཚིག་དག་ལ་གནས་པ་སྟེ། །དང་པོ་སྙིང་རྗེ་བྱམས་མི་འབྲལ། །པར་པ་བསྒྲུབ་ལ་ཆགས་སེམས་མེད། །ཐ་མ་ཡེ་ཤེས་ལས་སུ་དབྱེ། །དེ་ནས་ཞེ་སྡང་རྩེ་གཅིག་པའོ། །ཏིང་འཛིན་བཞི་དང་དྲག་སྔགས་བཞི། །རྒྱུད་དུས་སྙིང་བཞི་བཟུང་ལ་སྒྲུབ། ཁྱད་པར་དུས་མི་འགྱུར་བ་གཅེས། །རྡོ་རྗེ་གཙུག་ལག་དྲག་པོ་རྨི་ལམ་དུ། །འབྱུང་བར་མི་འགྱུར་འགྲུབ་མི་འགྱུར། །བྱུང་ན་བཅད་བྱ་དངོས་གྲུབ་བླང་། །མ་བྱུང་སྤོགས་པར་འབྱུང་དཀྲུག་བྱ། །འཁོར་བ་རུ་ལོག་རྟགས་བསྟན་པ། །སྤྱི་ཚུགས་ཕོ་མོ་མ་ནིང་གསུམ། །དམག་ཏུ་བྱུང་དང་སྐྱང་བ་ར་བྱུང་དང་། །ཕོ་རུ་བྱུང་ན་བསྙེན་སྦྱོར་བྱ། །མོ་རུ་བྱུང་ན་སྒྲུབ་སྦྱོར་སྡེབ། །མ་ནིང་བྱུང་ན་ལས་སྦྱོར་བསྡེབ། །དམག་ཏུ་བྱུང་ན་ལས་ལྔ་བརྩམས། །འཕྲེད་ལ་བྱུང་ན་ལས་བཞི་སྦྱར། །མགོ་མེད་བྱུང་ན་སྟོབས་སྐྱེད་རྟགས། །མགོ་མང་བྱུང་ན་མཐུ་སོགས་སྦྱར། །བདུན་གྱི་བར་དུ་ཤེས་པར་བྱ། ཁ་དོག་རིགས་དང་བསྟུན་ལ་རྟག །སྡུད་མ་ཤེས་ན་ཀུན་ཡང་རུང་། །རིགས་རྣམས་བརྟག་བཟློག་བསྐང་བར་བྱ། །དལ་དྲག་བྲིང་བསྡིགས་སྦྱར་ལ་བཟློག །རྣ་བར་སྒྲ་ལ་རུ་ལོག་བདུན། །སྣ་རུ་གཤིན་དྲི་རུ་ལོག་བདུན། །ཡིད་ལ་རྨི་ལམ་རུ་ལོག་བདུན། །དེ་དག་བྱུང་ནས་ཟློག་པའི་ཚེ། །རི་རྩེ་ཆུ་འདྲེན་གྱེན་སོགས་འདྲེན། །དམག་རྣམས་སྤྱི་བོས་ཕྱིར་འཁྱེད་དང་། ཁེང་བུ་ཁ་ཞབས་དཔག་བསམ་བཟློག །སྣལ་མར་བྱུང་དང་མགོ་སྟོན་འབྱུང་། །དེ་ལྟར་བྱུང་ནས་རབ་སྒྲུབ་བརྩམས། །རང་ལ་གཞན་འབྱུང་རྟགས་ཏེ་བསྟན། །མི་ལྡོག་ངེས་པའི་འཁོར་ལོ་བསྐོར། །དྲེགས་པ་གདུག་པ་གཞིལ་བར་བྱ། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་རིན་པོ་ཆེ་བརྩེགས་པ་འཁོར་ལོ་གཟེར་གྱི་རྒྱུད་ལས། རྟགས་ཀྱི་དེ་ཁོ་ན་ཉིད་བསྟན་པའི་ལེའུ་སྟེ་བཞི་པའོ།། །།རྒྱ་མཚོ་གླིང་གི་རིན་ཆེན་ལྟར། །ཀུན་ལ་འབྱུང་འགྱུར་ངོ་མཚར་མེད། །དཀོན་པར་གྱུར་ནས་སྔགས་པ་བརྗོད། །དེས་ན་རྒྱ་ཡིས་གདབ་པར་བྱ། །རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་རིན་པོ་ཆེ་རྩེགས་པ་འཁོར་ལོ་འཛིན་པ་གཟེར་གྱི་རྒྱུད་ལས། རྒྱུད་རིན་པོ་ཆེ་དང་འདྲ་བར་གདམས་པའི་ལེའུ་སྟེ་ལྔ་པའོ།། །།རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་རིན་པོ་ཆེ་བརྩེགས་པ་འཁོར་ལོ་གཟེར་གྱི་རྒྱུད་རྫོགས་སོ།། །།ཐི་རྒྱ། ནི་རྒྱ། སུ་རྒྱ། མན་ངག་དོན་འགྲོལ་གྱི་རྒྱུད་རྫོགས་སོ།།རྒྱ་གར་སྐད་དུ། བཛྲ་ཀྲི་ཡི་ཨུ་ཀྲ་ན་བི་ཨག་ནེ་ཛི་ཧ་མ་ལེ་ཙཀྲ་ནཱ་མ་ཏནྟྲ་རྭ་ཛ། བོད་སྐད་དུ། རྡོ་རྗེ་གཙུག་ལག་དྲག་པོ་ངན་སྔགས་མེ་ལྕེ་འཕྲེང་བའི་འཁོར་ལོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ།