Ngb-pt-0814-vol-09-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
 

Latest revision as of 10:50, 20 March 2020

Front

Body

རྒྱ་གར་སྐད་དུ། བཛྲ་ག་རུ་ཌ་རཀྟ་ནི་ར་མ་ཎ་ནཱ་མ་ཏནྟྲ། བོད་སྐད་དུ། རྡོ་རྗེ་ཁྱུང་ནག་གི་རྒྱུད་རིན་པོ་ཆེའི་སྤྲུལ་པ་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དཔལ་ཕྱག་ན་རྡོ་རྗེ་རྒྱ་མཚོ་ཆེན་པོའི་གྲོང་ཁྱེར་དུ་བྱོན་ནས། ཀྭ་བཱ་ཙི་ཏན་ལས་ལྔའི་གནས་ནས་ཁྱུང་ལྔ་རུ་སྤྲུལ་ཏེ་ཀླུ་རིགས་ལྔ་བཏུལ་ལོ། །དེ་ནས་དཔལ་ཕྱག་ན་རྡོ་རྗེ་སྤྲུལ་པའི་ཁྱུང་དུ་སྦྲུལ་ནས་ཀླུ་ཐམས་ཅད་བརླག་པར་གྱུར་ཏོ། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་རྡོ་རྗེ་གཏུམ་པོ་ལ། །ཁྲོ་བོ་བདུད་རྩི་འཁྱིལ་པས་གསོལ་བ། ཀྱེ་གསང་བའི་བདག་པོ། འགྲོ་བ་སེམས་ཅན་མི་རྣམས་ལ། །གདུག་པ་ཀླུ་ཡིས་འཚེ་བ་ལ། །ཐུགས་རྗེས་རབ་ཏུ་སྐྱབས་སུ་གསོལ། །ཅེས་གསོལ་པས། །དཔལ་ཕྱག་ན་རྡོ་རྗེས་གདུག་པ་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྲོག་ཚིག་གསང་བ་རིན་པོ་ཆེའི་སྔགས་བཀའ་སྩལ་པ། ཨོ་ཙཎྜམ་ཧྭ་རོ་ཥ་ཎ་བཛྲ་ག་རུ་ཧུ༷་ཕཊ། ས་ཀྲ་པུ་མེ་ནཱ་ག་ནན་སྲོག་ཚིག་ནན། རྦད་ལུས་རྡུལ་མྱ་ར་ཡ་ཕཊ། ར༷་ར༷་ཛ་ལ་ཛ་ཤི་ཤི་རྡུལ་བུན་རྦད་སོད། ཅེས་བཀའ་སྩལ་པས། གདུག་པའི་ས་བདག་ཀླུ་གཉན་ཐམས་ཅད་རྡུལ་དུ་བརླག་པར་གྱུར་ཏོ། །ཀླུ་བ་་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་གསོལ་པ། །ས་བདག་ཀླུ་གཉན་གདུག་པ་རྣམས། །འགྲོ་བ་མི་ལ་གནོད་པ་ལ། །ཐུགས་རྗེ་ཆེན་པོས་བསྲུང་དུ་གསོལ། །ཅེས་གསོལ་པ་དང་། གསང་བའི་བདག་པོས་བཀའ་སྩལ་པ། ཀླུ་སེམས་ཅན་མི་ལ་གནོད་པ་བསྲུང་བ་ལ། རྟག་པ་དང་ནི་གསོ་ཐབས་སོ། །རྟག་པ་དང་ནི་རྒྱ་མཚོ་ཆེན་པོའི་ཛི་སླེབ་ན། །དེ་ནི་རབ་ཏུ་སྤང་བར་བྱ། །དུག་བཞི་ལུས་ལ་ཁྲིམས་ནས་སྤངས། །དེ་རྟག་པ་ཡི་མན་ངག་ནི། །གཞན་དག་ཐམས་ཅད་གསོ་བར་བྱ། །ཞེས་གསུངས་སོ། །ཞས་ལན་གྱི་ལེའུ་སྟེ་གསུམ་པའོ།། །།ཡང་གསོལ་པ། རྒྱ་མཚོ་རྫི་རློབ་ཇི་ལྟར་ལགས། །ཞེས་གསོལ་པས། །རྒྱ་མཚོ་རྫི་རློབ་ན་མིག་མདོག་འགྱུར་བའོ། །དེ་མ་ཡིན་པ་སོས་པར་འགྱུར་རོ། །མཁུར་ཚོས་གཉིས་དང་རྐང་མཐིལ་གཉིས་ལ་ཞུགས་ན་དཀའ་ངོ་། །དེ་ཡང་ཤ་རོ་ལ་གསུམ་སྟེ། ཤ་རོ་དང་པགས་རོ་ཀྱི་རོ་གསུམ་མོ། ཁྲ་རོ་ལ་ཡང་གཉིས་སུ་ཤེས་པར་བྱའོ། །ཞེས་གསུངས་སོ། །རྟག་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་གསོ་བ་ལ་གཉིས་ཏེ། སྔགས་ཀྱིས་གསོ་བ་དང་། རྫས་ཀྱིས་གསོ་བའོ། །སྔགས་ནི་སྔ་མའོ། །རྫས་ཀྱི་གསོ་བ་ནི། བདུག་པ་དང་བྱུག་པས་གསོ་བའོ། །བདུག་པ་ནི་ཁྱི་ལུད་དང་། ཤུ་དག་དང་། མི་ཤིའི་སྐྲ་དང་། །གླ་རྩི་དང་།ར་གཤོབ་དང་། སྦྲུ་མ་དང་། རྨ་བྱའི་མདོངས་དང་། བཙན་དུག་བསྲེགས་ལ་ནད་པ་ལ་བདུག་གོ །བྱུག་པ་ནི་དེ་ཚོའི་སྟེང་དུ། ཚིལ་ཆེན་བྱུགས་ནས་སྦྱར་ན་ཚབས་ཆུང་ལ་སོས་པར་འགྱུར་རོ། །གསོ་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ལོག་གནོན་བཤད་པ་ནི། ཐིག་ལེ་འཚོར་ན་ཁྱིའི་སྐུད་པ་ལ་སྔགས་ལན་གསུམ་བཟླས་ལ་བཅིངས། ཨུ་པ་ར་ཙི་ཁ་ཐ༷་ད༷་སྲི་ནན། ཅེས་སོ། །གཉན་གནོད་དང་། པུ་མེ་ཤ་ཀྲ༷་དུ་རིམ་ཡ་ཕཊ། ཅེས་གདགས་སོ། །ས་བདག་གནོན་ན། ས་ཀྲ་མ་ར་ཡ་རྦུད་ནན་རྦད། ཅེས་གདགས་སོ། །རྒྱལ་རིགས་དང་། རྗེ་རིགས་དང་། དམངས་རིགས་དང་། གདོལ་པའི་ཀླུ་གནོད་ན། ནཱ་ག་ཀུ་ལ་ཙི་ར་རྦད་རྦད།ཅེས་གདགས་སོ། དམ་སྲི་གནོད་ན། །ན་ག་མོ་གོ་ནན་ཛ་ཛ་རྦད་ཐུམ་ར་ལ་རྦད། ཅེས་གདགས་སོ། །རྒྱལ་པོ་གནོད་ན། ར་ཙ་ཏྲ༷་རིལ་ཤེལ་ཐུམ་རྦད། ཅེས་གདགས་སོ། །ལོག་ནོན་གྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་སྲོད་ཚང་པས་ནད་པ་ཚབས་ཆུང་ན་ཡང་སྙིང་དབོག །ཚབས་ཆེ་ན་སྲོག་ཚིག་གདགས་སོ། །དམ་ཚིག་བླ་མ་དང་ཡི་དམ་ལྷ་མི་སྤོང་། སྔགས་ཀྱི་བྱིན་རླབས་ཉམས་པས་སྒོག་པ་སྤང་། ཁྱོ་ཁ་ཡིན་ན་འདོད་ཆགས་སྤངས། གཞན་གྱི་ཁ་ཟས་ལ་མཉམ་བྱ་མེད་དོ། །ཞེས་གསུངས་སོ། །དམ་ཚིག་གི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེས། བདུད་རྩི་འཁྱིལ་པ་ལ་བཀའ་སྩལ་པ། རྒྱུད་འདི་ནི་འགྲོ་བ་མི་ལ་ཕན་གདགས་པའི་ཕྱིར་བགྲུང་བའི་རྒྱལ་པོ་ཞེས་བྱ་བར་ཟུང་ཞིག །ཅེས་གསུངས་སོ། ཁུད་ཡོངས་སུ་བཟུང་བའི་ལེའུ་སྟེ་བརྒྱད་པའོ།། །།ཁྱུང་ནག་རིན་པོ་ཆེ་གསངབའིརྒྱུད་རྫོགས་སོ།། །།རྒྱགར་གྱི་མཁན་པོ་བ་སུ་དྷར་དང་། རྡོ་རྗེ་ཡང་དབངགཏེརགྱིསབསྒྱུར་ནས་གཏེར་དུ་སྦས་པའོ། །རྒྱ་རྒྱ་རྒྱ།། །།