Ngb-pt-0824-vol-09-text: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
No edit summary
 
 
(No difference)

Latest revision as of 10:50, 20 March 2020

Front

Body

རྒྱ་གར་སྐད་དུ། ཡཀྟ་རཏྣ་སིདྷི་ཕ་ལ་སྲུརུ་ཙནྟྲ་གུ་རྒྱ་ཧྲི་ད་ཡ་ན་མ་མ་ཧྭ་ཏན་ཏྲ་རྭ་ཛ། བོད་སྐད་དུ། གནོད་སྦྱིན་རིན་པོ་ཆེ་བཟང་པོའི་དངོས་གྲུབ་ཉི་ཟླ་གསང་བའི་སྙིང་པོ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ།བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་གསང་བའི་བདག་པོ་དྲེགས་པ་ཕྱག་ན་རྡོ་རྗེ་ཆེན་པོ་ཉིད། རི་རྒྱལ་ལྷུན་པོའི་རྩེ་མོ་གནོད་སྦྱིན་འདུས་པའི་རྫོང་རྩུབ་འགྱུར་གྱི་ཚལ་ཆེན་པོ་ན། །འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚོགས་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་བའི་ཚོགས་རྣམས་ཐབས་ཅིག་ཏུ་བཞུགས་པ་ནི་འདི་ལྟ་སྟེ། རྡོ་རྗེ་འདུས་པ་དང་། རྡོ་རྗེ་སྟོབས་ཆེན་དང་། རྡོ་རྗེ་ཕུར་བུ་དང་། རྡོ་རྗེ་བེ་ཅོན་དང་། རྡོ་རྗེ་གཏུམ་པོ་དང་། རྡོ་རྗེ་ཁྲོས་པ་དང་། རྡོ་རྗེ་འབེབས་པ་དང་། རྡོ་རྗེ་འཇོམས་པ་ལ་སོགས་པ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཚོགས་དུ་མ་དང་། གཞན་ཡང་དཔལ་ཚངས་པ་དང་། །བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཕྱོགས་སྐྱོང་བཅུ་ལ་སོགས་ཏེ། ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། གནོད་སྤྱིན་གྱི་ཚོགས་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་བ་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་དཔལ་གསང་བའི་བདག་པོས་ལོ་ཀའི་མ་རུངས་པ་ཐམས་ཅད་འདུལ་བའི་ཕྱིར། །བདུད་ཀྱི་དཔུང་ཐམས་ཅད་རྣམ་པར་འཇིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། །ཞབསསྟངས་ཐབས་སུ་བགྲད་དེ་སྤྱན་སྡང་མིག་ཏུ་གཟིགས་ནསརྡོ་རྗེ་ནམ་མཁའ་ལ་གསོར་ཞིང་། ཨོ་ནཱ་ཤ་ཡ་སརྦ་དུ་་ཏ་ཀ་ཧ་མ་ཙ་བྷ་སྨི་ཀུ་རུ་ཧུ༷་ཧུ༷་ཕཊ། ཅེས་གསུངས་པ་ཙམ་གྱིས་བྷ་ག་ཝན་གསང་བའི་བདག་པོའི་ཐུགས་ཁ་ནས་རྡོ་རྗེ་རབ་ཏུ་འབར་བ་མང་པོ་བྱུང་སྟེ། ལོ་ཀའི་མ་རུངས་པ་ཐམས་ཅད་བཏུལ་ཞིང་ཚར་བཅད་ནས་སླར་འདུས་ཏེ། གསང་བའི་བདག་པོ་ཉིད་ཀྱི་དབུའི་གཙུག་ཏུ་ནུབ་པར་གྱུར་ཏོ། །ཡང་དེའི་ཚེ་དེའི་དུས་སུ་ལོ་ཀའི་ལྷ་དང་། ཀླུ་དང་། གནོད་སྤྱིན་སྲིན་པོའི་ཚོགས་ཐམས་ཅད་ཀྱིས་རང་རྟགས་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་སེམས་ཅན་གྱི་འགྲོ་དོན་བྱ་བར་ཁས་བླངསཤིང་དམ་བཅས་སོ། །ཡང་དེའི་ཚེ་གནོད་སྤྱིན་ཨཔ་ར་ཙིསྟ་ཞེས་བྱ་བ་འཁོར་ནོར་ལྷ་ཆེན་པོ་བརྒྱད་དང་བཅས་པ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་གསང་བའི་བདག་པོའི་སྤྱན་སྔར་ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བྷ་ག་ཝན་གསང་བའི་བདག་པོ་ཆེན་པོ། དཔལ་སྲིད་པ་གསུམ་ལས་རྣམ་པར་རྒྱལ་བ་བདག་ཅག་ལ་བསྐྱབ་ཏུ་གསོལ། །བདེ་བར་གཤེགས་པས་བསྐྱབ་ཏུ་གསོལ། ཞེས་བཟླས་ཞིང་འདུད་པའི་ཚུལ་གྱིས་སྤྱན་སྔ་ནས་འཁོད་པར་གྱུར་ཏོ། །དེ་ནས་དེ་ལ་བྷ་ག་ཝན་གསང་བའི་བདག་པོས་བཀའ་སྩལ་པ། ཀྱེ་གནོད་སྤྱིན་ནོར་ལྷའི་ཚོགས་ཐམས་ཅད་ཤིན་ཏུ་ལེགས་པར་ཉོན་ཅིག །མ་འོངས་པའི་དུས་ལྔ་བརྒྱ་པའི་ཐ་མ་ལ། སེམས་ཅན་དབུལ་ཞིང་ཕོངས་པ་དང་། སྡུག་ཅིང་ཕོངས་པ་ཉོན་མོངས་པ་རྣམས་ཀྱི་མགོན་སྐྱབས་གྱིས་ཤིག །དེ་དག་ལ་བཟའ་བ་དང་། བཅའ་བ་དང་། བཏུང་བ་ལ་སོགས་པ་ལོངས་སྤྱོད་ཕུན་སུམ་ཚོགས་པའི་དངོས་གྲུབ་བྱིན་ཅིག །གལ་ཏེ་ཁྱེད་རྣམས་ཀྱིས་ངའི་བཀའ་དང་དམ་ཚིག་ལས་འགལ་བ་བྱས་ན། །སྙིང་ཁྲག་ཁ་ནས་སྒྱུག་ཅིང་མགོ་ཚལ་པ་བརྒྱར་འགས་ཏེ་དམྱལ་བའི་གནས་སུ་སྐྱེ་བར་གྱུར་ཏ་རེ། ཞེས་བཀའ་སྩལ་ནས། སྤྱི་བོར་རྡོ་རྗེ་བཞག་ནས་དམ་ཕོག་གོ །གནོད་སྦྱིན་རིན་པོ་ཆེ་བཟང་པོ་ཉི་ཟླ་གསང་བའི་སྙིང་པོའི་རྒྱུད་ལས། གླེང་བཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་དེའི་ཚེ་གནོད་སྦྱིན་ཨ་པ་ར་ཙིསྟ་འཁོར་ནོར་ལྷ་ཆེན་པོ་བརྒྱད་དང་བཅས་པ། བྷ་ག་ཝན་གསང་བའི་བདག་པོའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཐམས་ཅད་ཀྱིས་ནེ་ལེའི་རྐྱལ་པ་རིན་པོ་ཆེ་སྣ་བདུན་གྱིས་བཀང་པ་རིག་པའི་མེ་ཏོག་ཕྱག་ཏུ་ཕུལ་ནས་མགྲིན་གཅིག་ཏུ་འདི་སྐད་གསོལ་ཏོ། །ཀྱེ་མ་གསང་བདག་རྡོ་རྗེ་འཆང་། །བདག་ཅག་རྣམས་ལ་དགོངས་སུ་གསོལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་མཆོག་་ཏུ་སེམས་བསྐྱེད་ནས། །དེ་བཞིན་བླ་མེད་བྱང་ཆུབ་སེམས། །མཐའ་ཡས་སེམས་ཅན་མ་ལུས་རྣམས། །དབུལ་འཕོངས་སྡུག་བསྔལ་བསལ་བ་དང་། །ཕྱི་རབས་རྣལ་འབྱོར་ཐམས་ཅད་ལ། །འབྱོར་པའི་ལོངས་སྤྱོད་ནོར་རྫས་དང་། །ཕུན་སུམ་ཚོགས་པའི་དངོས་གྲུབ་བཞིན། །འཁོར་དང་རིགས་རྒྱུད་ཐམས་ཅད་སྤེལ། །རྒྱུད་འདི་གང་ན་བཞུགས་པའི་སར། །བདག་ཅག་རྣམས་ཀྱིས་བསྲུང་ཞིང་བསྐྱབ། །མདོར་ན་རྒྱུད་འཆང་རྣལ་འབྱོར་དེ། །གཙུག་གི་ནོར་བུ་རིན་ཆེན་ལྟར། །བདག་གིས་རྟག་ཏུ་སྤྱོ་བོར་བཀུར། །ཅི་བསམ་ལྷུན་གྱིས་གྲུབ་པར་བགྱི། །དེ་ལ་བརྟེན་ནས་སེམས་ཅན་རྣམས། །ཉོན་མོངས་སྡུག་བསྔལ་ཞི་གྱུར་ཅིག །བསོད་ནམས་འགྲོ་བའི་དོན་དུ་བསྔོ། །བླ་མེད་གོ་འཕང་ཐོབ་པར་ཤོག །ཕྱི་རབས་དབུལ་འཕོངས་ཐམས་ཅད་ཀྱི། །སྡུག་བསྔལ་ཞི་བར་བྱ་བའི་ཕྱིར། །ཡིད་བཞིན་ནོར་བུ་ལྟ་བུ་ཡི། །གསང་སྔགས་འདི་ནི་སུས་ཟློས་པ། །དེ་ཡི་མཐུན་འཇུག་བསྒྲུབ་པའི་ཕྱིར། །ང་ཉི་དེ་ཡི་ཕྱི་བཞིན་འབྲང་། །དེ་ཕྱིར་འདི་ལ་བརྩོན་པར་བྱོས། །ཞེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་མཐའ་ཡས་སེམས་ཅན་གྱི་འགྲོ་དོན་བྱ་བའི་ཁས་བླངས་ཤིང་དམ་བཅའ་འོ། །གནོད་སྦྱིན་རིན་པོ་ཆེ་བཟང་པོ་ཉི་ཟླ་གསང་བ་སྙིང་པོའི་རྒྱུད་ལས། ཨ་པ་ར་ཙིལྟིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་གསང་བའི་བདག་པོས། །ནོར་ལྷའི་ཚོགས་རྣམས་ལ་བཀའ་སྩལ་པ། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །སེམས་ཅན་ཉོན་མོངས་བསོད་ནམས་བྲི། །ནད་དང་སྡུག་བསྔལ་འཚེ་བ་མང་། །དེ་དུས་འགྲོ་ལ་ཕན་བྱའི་ཕྱིར། །དབུལ་འཕོངས་འགྲོ་རྣམས་དོན་ཕྱིར་དུ། །ང་ཡིས་ཁྱེད་ལ་བྱིན་གྱིས་བརླབ། །སྲོག་གི་སྙིང་པོ་སྨྲ་བར་གྱིས། །ཞེས་གསུངས་པ་དང་། །གནོད་སྤྱིན་ཨ་པ་ར་ཙིསྟ་འཁོར་ནོར་ལྷ་ཆེན་པོ་བརྒྱད་དང་བཅས་པས་རང་རང་གི་སྙིང་པོ་སྨྲས་པ། ཨོཧྲི་༷་ཛ་ཨ་པ་ར་ཙིསྟ་ཛ་ཛ། ཨོ་མ་ཁི་བྷ་དྲུ་ཡ་གྲྭ་ཧྭ། ཨོ་པྲུ་ར་ན་བྷ་དྲུ་ཡ་གྲྭ་ཧྭ། ཨོ་དྷ་ན་དྭ་ཡ་སྲུ་ཧྭ། ཨོ་བི་བྲ་མ་ན་ཡེ་སྲུ་ཧྭ། ཨོ་ཧི་ལི་མི་ལི་ནི་སྲུ་ཧྭ། ཨོ་པི་ཙི་ཀུཎྜལི་ནི་གྲྭ་ཧྭ། ཨོ་མུ་ཁེ་ན་དྷ་ཡ་གྲྭ་ཧྭ། ཨོ་ཙ་རེན་དྲུ་ཡ་གྲྭ་ཧྭ། ཞེས་ཨ་པ་ར་ཙིཏི་དང་། གངས་པ་བཟང་པོ་དང་། རྣམ་ཐོས་ཀྱི་བུ་དང་། ནོར་སྦྱིན་དང་། སྔོན་པོ་ཀི་ལི་མི་ལི་དང་། དམར་པོ་པི་ཙི་ཀུཎྜལི་དང་། སེར་པོ་མུ་ཁེན་དྷ་དང་། དཀར་པོ་བ་རན་ཏྲ་རྣམས་ཐམས་ཅད་ཀྱིས་རང་རང་གི་སྙིང་པོ་སྨྲས་ནས། མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་གསང་བདག་རྡོ་རྗེ་འཆང་། །བདག་ཅག་རྣམས་ནི་ནོར་གྱི་ལྷ། །མཐའ་ཡས་སེམས་ཅན་མ་ལུས་པའི། །དབུལ་འཕོངས་སྡུག་བསྔལ་ཞི་བྱའི་ཕྱིར། །བཀའ་བཞིན་རྗེས་སུ་བསྒྲུབ་པར་བགྱི། །དེ་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་སྨྲས་ནས་རང་རང་གི་སྟན་ལ་འཁོད་པར་གྱུར་ཏོ། །གནོད་སྦྱིན་རིན་པོ་ཆེ་བཟང་པོ་ཉི་ཟླ་གསང་བ་སྙིང་པའི་རྒྱུད་ལས། སྲོག་གི་སྙིང་པོའི་ཕུལ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་གནོད་སྦྱིན་མོ་ཐམས་ཅད་སྟན་ལས་ལངས་ཏེ། མགྲིན་གཅིག་ཏུ་བྷ་ག་ཝན་གསང་བའི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གསང་བའི་བདག་པོ་ཆེན་པོ། །བདག་ཅག་རྣམས་ཀྱིས་ཀྱང་དཔལ་རྡོ་རྗེ་འཆང་ཁྲོ་བོའི་རྒྱལ་པོ་ཟློས་པ་རྣམས་ཀྱི་བྲན་མོ་དང་བསྙེན་བཀུར་མ་བགྱིས་པའི་ཕྱིར་སྙིང་པོ་འདི་དག་འབུལ་གྱི་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་ཏེ་རང་རང་གི་སྙིང་པོ་སྨྲས་པ། ཨོ་ཤི་རི་ཡསྤྱི་ནི་གྲྭ་ཧྭ། ཨོ་དད་ཏ་ཡེ་གྲྭ་ཧྭ། ཨོ་སུ་བྷ་དྷི་གྲྭ་ཧྭ། ཨོ་གུབ་ཏ་སྟ་ཡེ་གྲྭ་ཧྭ། ཨོ་ཨིབ་བྱ་ཡེ་སྲུ་ཧྭ། ཨོ་སྭ་ར་ཤ་ཏྲེ་གྲྭ་ཧྭ། ཨོ་ཨབྱ་ཡེ་སྲུ་ཧྭ། ཨོ་ཙཎྜཀ་སྟེ་གྲྭ་ཧྭ། ཞེས་རིགས་སྐྱེད་མ་དང་།བཟང་མོ་དང་། རབ་ཏུ་བཟང་མོ་དང་། །སྦས་མ་དང་། རབ་ཏུ་སྦས་མ་དང་། ལྷ་མོ་དང་། དབྱང་ཅན་མ་དང་། འཕགས་མ་དང་། ཟླ་ཤེལ་ཅན་ནོ་ཞེས་རང་རང་གི་སྙིང་པོ་སྨྲས་པ་དང་། བཅོམ་ལྡན་འདས་གསང་བའི་བདག་པོས་དེ་དག་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ་ལེགས་སོ་ལེགས་སོ། །ཁྱེད་རྣམས་ཀྱིས་མ་འོངས་པའི་ཚེ་མ་འོངས་པའི་དུས་ན། རྣལ་འབྱོར་སྒྲུབ་པ་པོ་རྣམས་ཀྱི་བསྙེན་བཀུར་མ་བྱས་པའི་ཕྱིར། རང་རང་གི་སྙིང་པོ་སྨྲས་པ་ནི་ཤིན་ཏུ་རབ་ཏུ་ལེགས་སོ་ཞེས་གནང་བ་མཛད་དོ། །གནོད་སྦྱིན་རིན་པོ་ཆེ་བཟང་པོ་ཉི་ཟླ་གསང་བའི་སྙིང་པོའི་རྒྱུད་ལས། གནོད་སྤྱིན་མོ་རྣམས་ཀྱིས་སྲོག་གི་སྙིང་པོ་ཕུལ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་གསང་བའི་བདག་པོ་ལ། གནོད་སྤྱིན་མོ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས་གསང་བའི་བདག་པོ་ཆེན་པོ། བདག་ཅག་རྣམས་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་ཐ་མ་ལ། སེམས་ཅན་རྣམས་ཀྱི་དོན་དང་། སྒྲུབ་པ་པོ་ལ་བསྙེན་བཀུར་མ་བགྱིས་ན། བདག་ཅག་རིགས་དང་རྒྱུད་དུ་བཅས་པ་ཐམས་ཅད་ཕུང་ཞིང་བརླག་པར་གྱུར། དམ་པའི་ཆོས་སྤོང་བར་གྱུར། དེ་བཞིན་གཤེགས་པ་ཐམས་ཅད་སྨད་པར་གྱུར། བཅོམ་ལྡན་འདས་དཔལ་གསང་བའི་བདག་པོ་ཁྲོ་བོ་ཆེན་པོའི་རྡོ་རྗེས་སྤྱི་བོ་ཁོས་ཤིག །ལན་བརྒྱ་རྣམ་པར་ཤིག་ཅིག ་གོ་ནས་མྱུར་བ་ཉིད་དུ་སེམས་ཅན་དམྱལ་བའི་གནས་སུ་སྐྱེ་བར་གྱུར་ཅིག །ཅེས་རང་དམ་རང་གིས་བཅས་ཤིང་ཁས་བླངས་སོ། །གནོད་སྤྱིན་རིན་པོ་ཆེ་བཟང་པོ་ཉི་ཟླ་གསང་བའི་སྙིང་པོའི་རྒྱུད་ལས་གནོད་སྤྱིན་མོ་རྣམས་རང་དམ་རང་གིས་བཅས་ཤིང་བྲོ་དོར་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དེའི་ཚེ་འདུས་པའི་འཁོར་རྣམས་ཀྱི་ནང་ནས་རྡོ་རྗེ་འདུས་པ་ཆེན་པོ་སྟན་ལས་ལངས་ཏེ། གསང་བའི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས་གསང་བའི་བདག་པོ་ཆེན་པོ། གནོད་སྤྱིན་ནོར་ལྷའི་རྒྱལ་པོ་ཨ་པ་ར་ཙིཏི་ཞེས་བགྱི་བ་དེ་ལྟར་མཐུ་དང་རྫུ་འཕྲུལ་ཆེ་བ་འདི་རྒྱུ་ཅི་ལས་བྱུང་། རྐྱེན་ཅི་ལས་གྱུར། །ཕ་དང་མ་ནི་གང་ལགས། རིགས་ནི་ཅིའི་རིགས།རུས་ནི་ཅིའི་རུས། འདི་སྒྲུབ་ན་ཚུལ་ཅི་ལྟར་སྒྲུབ། གྲུབ་པའི་རྟགས་དང་ཕན་ཡོན་ཇི་ལྟར་འབྱུང་། བདག་ཅག་རྣམས་ལ་བསྟན་དུ་གསོལ། །ཞེས་གསོལ་ཏེ་རང་གི་སྟན་ལ་འཁོད་དོ། །གནོད་སྤྱིན་རིན་པོ་ཆེ་བཟང་པོ་ཉི་ཟླ་གསང་བའི་སྙིང་པོའི་རྒྱུད་ལས། ཞུས་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་གསང་བའི་བདག་པོས། རྡོ་རྗེ་འདུས་པའི་འཁོར་རྣམས་ལ་བཀའ་སྩལ་པ། ཨེ་མ་ཧོ། རྡོ་རྗེ་འདུས་པ་ང་ལ་ཉོན། །ཁྱོད་ཀྱིས་ཞུས་པ་ཤིན་ཏུ་ལེགས། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །ཁྱོད་ལ་ང་ཡིས་བཤད་པར་བྱ། །གནོད་སྤྱིན་རྒྱལ་པོ་ནོར་གྱི་ལྷ། ཨ་པ་ར་ཞེས་བྱ་བ་འདི། །བསྐལ་པ་བཟང་པོ་འདས་པའི་ཚེ། །སངས་རྒྱས་རིན་ཆེན་སྙིང་པོ་ལ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །གྲངས་མེད་གསུམ་དུ་ཚོགས་བསགས་པས། །ད་ལྟ་མི་ཟད་ནོར་གྱི་ལྷ། །མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ། །སྣ་ཚོགས་ཅིཛཡང་སྐུ་སྤྲུལ་ཅིང་། །སེམས་ཅན་རྣམས་ཀྱི་དོན་ལ་བརྩོན། །མི་ཟད་ནེ་ལེའི་རྐྱལ་པ་ནས། །ནོར་དང་ལོངས་སྤྱོད་སྤྱིན་པ་འགྱེད། །དེ་ཕྱིར་མཚན་ཡང་སངས་རྒྱས་ཀྱིས། །གཞན་གྱིས་མི་ཐུབ་ཅེས་བྱར་བཏགས། ཁྲེས་སོ། །གནོད་སྦྱིན་རིན་པོ་ཆེ་བཟང་པོ་ཉི་ཟླ་གསང་བ་སྙིང་པོའི་རྒྱུད་ལས། གནོད་སྦྱིན་ནོར་ལྷ་ཇི་ལྟར་གྱུར་པའི་རྒྱུ་མཚན་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་གནོད་སྦྱིན་ནོར་ལྟ་ཡི། །ཆོ་འབྲང་ང་ཡིས་བཤད་པར་བྱ། །ཕ་ནི་ཞེ་སྡང་ལྷ་མ་ཡིན། །དུས་ནི་སྒྲ་གཅན་འཛིན་ཞེས་བྱ། །མ་ནི་འདོད་ཆགས་ལྷ་ཡི་རིགས། །ལྷ་མོ་ཨུ་མ་དེ་བ་ཡིན། ། རུས་ནི་ང་རྒྱལ་འབྱུང་པོ་སྟེ། ངིགས་ནི་ཕྲག་དོག་གནོད་སྦྱིན་རིགས། །རྫུ་འཕྲུལ་གཟི་བརྗིད་ཕུན་སུམ་ཚོགས། །སྟོབས་ཆེན་ནོར་ལྷ་མངའ་ཐང་སྒྱུར། །རྒྱལ་བའི་སྲས་པོ་ཕོངས་པའི་མགོན། །ཨ་པ་ར་ཞེས་བྱ་བར་གྲགས། ཁྲེས་གསུངས་སོ། །གནོད་སྤྱིན་རིན་པོ་ཆེ་བཟང་པོ་ཉི་ཟླ་གསང་བ་སྙིང་པོའི་རྒྱུད་ལས། ཕ་དང་། མ་དང་། རུས་དང་། རིགས་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ནོར་བདག་སྒྲུབ་པར་འདོད་པ་ཡིས། །བསྒྲུབ་ཚུལ་རྣམ་པ་བཞི་རུ་ངེས། །ཡང་ན་བཅུ་གཅིག་ཚུལ་དུ་སྦྱར། །བསྙེན་དང་བསྒྲུབ་དང་ལས་སྦྱོར་རོ། །དང་པོ་དག་ལ་རྣམ་པ་གསུམ། །མཁས་པས་ཤེས་ན་དངོས་གྲུབ་ཉེ། །བར་མ་དག་ནི་སྒྲུབ་པའི་ཐབས། །གནས་དང་་།ཀྱིལ་འཁོར་དག་བྱེད་དང་། །བསྒྲུབ་རྫས་མཆོད་རྫས་རིམ་པར་སྦྱར། །མཚམས་དང་བཤགས་སྦྱང་ཆོ་ག་བྱ། །བསྐྱེད་དང་སྤྱན་དྲང་བསྟིམ་པ་དང་། །མཆོད་དང་བསྟོད་པའི་རིམ་པ་བཤད། །བསྒྲུབ་པའི་ཡན་ལག་རྫོགས་པ་ན། །གནོད་སྦྱིན་བྲན་དུ་འཁོལ་བར་འགྱུར། །ཞེས་སོ། །གནོད་སྦྱིན་རིན་པོ་ཆེ་བཟང་པོ་ཉི་ཟླ་གསང་བ་སྙིང་པོའི་རྒྱུད་ལས། བསྙེན་པ་བསྒྲུབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་རྣལ་འབྱོར་བསྒྲུབ་པ་པོས། །མི་གཙང་དམ་ཚིག་བསྲུང་བར་བྱ། །བསྒྲུབ་པ་ཆེན་པོ་དུས་དག་ཏུ། །རྩ་སྔགས་རྣམ་པ་གསུམ་དུ་དྲིལ། །ཕྱི་ནང་མཆོད་པ་རྒྱས་པར་དབུལ། །རྟ་གཏོར་བྱིན་བརླབ་ཁས་ཀྱང་བླང་། །གསང་མཆོད་དུད་པ་རྒྱུན་མི་གཅད། །པདྨ་ཕྱག་རྒྱ་བཅས་ཏེ་བསྟན། །མི་ཡུལ་མི་འཁྱིས་མི་སྨྲ་བར། །རྒྱུན་ཆད་མེད་པ་ཆུ་བོའི་གཞུང་། །སྒོ་གསུམ་རྩེ་གཅིག་རྣལ་འབྱོར་པས། །ཡི་དམ་ཆེ་བའི་ང་རྒྱལ་བསྐྱེད། །སྒོ་དགུ་སྐྱེ་མཆེད་བྱིན་གྱིས་བརླབས། །ཏིང་འཛིན་རྣམ་གསུམ་རིམ་པ་ལྟར། །དགུ་ལ་དགུ་གསུམ་ཉི་ཤུ་བདུན། །མཁས་པས་དེ་ཉིད་ཤེས་པར་བྱ། །ཞེས་སོ། །གནོད་སྤྱིན་རིན་པོ་ཆེ་ཉི་ཟླ་གསང་བ་སྙིང་པོའི་རྒྱུད་ལས། བསྒྲུབ་པ་ཆེན་པོ་མན་ངག་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་གྲུབ་རྟགས་བསྟན་པར་བྱ། །སྤྱིར་ན་ནོར་ལྷའི་གྲུབ་རྟགས་ལ། །རྣམ་པ་གསུམ་དུ་ཤེས་པར་བྱ། །རྨི་ལམ་མཐོང་སྣང་ཐ་མ་ཡིན། །བསྒྲུབ་རྫས་མཐོང་སྣང་འབྲིང་པོ་ཡིན། །དམ་ལ་བྱོན་ན་མཆོག་ཡིན་ནོ། །སྤྱིར་ན་རྫུ་འཕྲུལ་བསམ་མི་ཁྱབ། །མཚན་མ་ཅིར་ཡང་སྟོན་པ་ཡིན། །བརྗོད་པར་མི་ནུས་ནོར་ལྷའི་རྟགས། །ཁོ་ཡི་རྟགས་ལ་ངེས་པ་མེད། །རེས་འགའ་སྤྲུལ་པ་སྣ་ཚོགས་འགྱེད། །རེས་འགའ་མཚན་མ་ཅིར་ཡང་སྟོན། །རེས་འགའ་གཟུགས་བྱད་སྣ་ཚོགས་སྟོན། །རེ་འགའ་སྒྲ་སྐད་སྣ་ཚོགས་བྱིན། །རེས་འགའ་ཁྲོ་ཚིག་ཤེས་པ་འཕྱོག །རེས་འགའ་ཉམས་འཇིགས་ལུས་པོ་འདར། །རེས་འགས་སྐྲག་ཅིང་སྐྱི་ཡང་གཡའ། །ཁོ་ཡི་རྟགས་ལ་ངེས་པ་མེད། །བྱུང་བའི་དུས་སུ་དངོས་གྲུབ་བླང་། །ཞེས་སོ། །གནོད་སྒྱིན་རིན་པོ་ཆེ་བཟང་པོ་ཉི་ཟླ་གསང་བ་སྙིང་པོའི་རྒྱུད་ལས། བསྒྲུབ་རྟགས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་རྣལ་འབྱོར་སྒྲུབ་པ་པོས། །གྲུབ་པའི་རྟགས་མཐོང་དངོས་གྲུབ་བླང་། །དམ་ལ་བྱོན་ནས་མཚན་ཉིད་བརྟགས། །དམའ་དབབ་རྣོལ་གྱིས་གཅོད་པར་བྱ། །ཕྱག་རྒྱས་བཟུང་ལ་ཟིལ་གྱིས་གནན། །རྡོ་རྗེ་རྩེ་གཅིག་ཕྱག་རྒྱ་བསྟན། །སེམས་བསྐྱེད་དམ་བཅའ་དྲན་དུ་གཞུག །རིན་ཆེན་ཕྱག་རྒྱས་གཏོར་མ་བྱིན། །པདྨའི་ཕྱག་རྒྱས་དངོས་གྲུབ་བླང་། །དམ་མདར་ཆད་བྱ་ཐེམས་བཟུང་ལ། །མནའ་བསྒག་གང་འདོད་ལས་བཅོལ་ཞེས། །དཔའ་བོ་ང་ཡིས་བཤད་པ་ཡིན། །ཞེས་སོ། །གནོད་སྤྱིན་རིན་པོ་ཆེ་ཉི་ཟླ་གསང་བའི་སྙིང་པོའི་རྒྱུད་ལས། །མན་ངག་ལས་ཀྱི་རིམ་པ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་སྤོགས་པའི་མན་ངག་བསྟན། །གལ་ཏེ་གྲུབ་པར་མ་གྱུར་ན། །ལན་གསུམ་བར་དུ་བསྐྱར་བར་བྱ། །དམ་ཚིག་སྔགས་བཟླས་བཀའ་ནན་བྱ། །དམ་བསྒྲག་དམ་དཔོག་དམ་ཚིག་བསྐུལ། །དེས་ཀྱང་གྲུབ་པར་མ་གྱུར་ན། །དམ་ཚིག་ཆད་པ་གཅད་པར་བྱ། །མ་ཉིན་གཟིར་བའི་མན་ངག་གིས། །ཨར་ལ་གཏད་ཅིང་ཤི་ས་བསྟན། །ལོངས་སྤྱོད་ཐོབ་པར་ཐེ་ཚོམ་མེད། །ཅེས་སོ། །གནོད་སྦྱིན་རིན་པོ་ཆེ་བཟང་པོ་ཉི་ཟླ་གསང་བ་སྙིང་པོའི་རྒྱུད་ལས། སྤོགས་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དང་པོ་རྣལ་འབྱོར་སྣོད་ལྡན་གྱིས། །བསྒྲུབ་པར་བྱ་བའི་ཡན་ལག་ནི། །འགྲོ་དོན་རྫོགས་པར་འདོད་པ་ལ། །གཞན་དོན་སྐྱབས་འགྲོ་སེམས་སྐྱེད་གཅེས། །ནོར་ལྷ་ཤིན་ཏུ་གདུག་རྩུབ་ཆེ། །ཡིད་བཞིན་ནོར་བུའི་མན་ངག་གིས། །ཡེ་ཤེས་ལྷབསྙེན་ཤིན་ཏུ་གཅེས། །གནོད་སྤྱིན་གཏེར་བདག་དྲེགས་པ་ཆེ། །ལག་ན་རྡོ་རྗེའི་མན་ངག་གིས། །ལས་ངག་བསྙེན་པ་ཤིན་ཏུ་གཅེས། །དེ་ནས་བསྒྲུབ་པའི་དུས་དག་ཏུ། །རྟེན་དང་བཅའ་ལུགས་ཤིན་ཏུ་གཅེས། །སྐུ་གཟུགས་སྲོག་གི་འཁོར་ལོ་ལ། །དབང་བསྐུར་རབ་གནས་ཤིན་ཏུ་གཅེས། །ནོར་ལྷའི་བསྙེན་བསྒྲུབ་དུས་དག་ཏུ། །མཆོད་བསྟོད་འཕྲིན་ལས་ཤིན་ཏུ་གཅེས། །རྩ་སྔགས་སྲོག་སྙིང་ཤམ་བུ་ལ། །དངོས་གྲུབ་ཤམ་བུ་ཤིན་ཏུ་གཅེས། །བསྒྲུབ་པ་ཆེན་པོའི་དུས་དག་ཏུ། །མི་སེམས་བསྐུལ་བ་ཤིན་ཏུ་གཅེས། །བསྒྲུབ་རྟགས་མཚན་མ་མཐོང་བའི་ཚེ། །དངོས་གྲུབ་བླང་བ་ཤིན་ཏུ་གཅེས། །བསྙེན་བསྒྲུབ་ལས་ཁའི་དུས་དག་ཏུ། །དམ་ཚིག་བསྲུང་བ་ཤིན་ཏུ་གཅེས། །གནོད་སྦྱིན་ཤིན་ཏུ་མི་བསྲུན་པས། །བླ་སྲོག་གཟུང་བ་ཤིན་ཏུ་གཅེས། །ལས་རྣམས་འགོར་ཞིང་འཁུ་ལྡོག་ཆེ། །དམ་ཚིག་གཟིར་སྔགས་ཤིན་ཏུ་གཅེས། །གཏེར་བདག་འདོད་ཡོན་དག་ལ་དགེས། །དུས་གཏོར་མཆོད་པ་ཤིན་ཏུ་གཅེས། །ཞེས་གསུངས་སོ། །གནོད་སྤྱིན་རིན་པོ་ཆེ་ཉི་ཟླ་གསང་བ་སྙིང་པོའི་རྒྱུད་ལས། གཅེས་པ་བསྡུས་པའི་མན་ངག་གི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་གསང་བའི་བདག་པོས་རྒྱུད་ཡོངས་སུ་བཟུང་བ་འདི་བཀའ་སྩལ་ལོ། །ཨེ་མ་ངོ་མཚར་རྨད་དུ་བྱུང་། །རྒྱུད་ཀྱི་ཡོན་ཏན་བསམ་མི་ཁྱབ། །ནོར་ལྷའི་ནུས་པ་བརྗོད་མི་ལང་། །ཐམས་ཅད་དབང་དུ་འདུས་པ་ནས། །དབང་ཆེན་དབང་ཕྱུག་འཁོར་ལོས་སྒྱུར། །འདི་བསྒྲུབ་ཡོན་ཏན་བསམ་མི་ཁྱབ། །ལྷ་འདྲེ་མི་གསུམ་དབང་དུ་འདུས། །ཁམས་གསུམ་འཁོར་བའི་འཇིག་རྟེན་ན། །དབང་དུ་མི་འདུ་གང་ཡང་མེད། །དཔེར་ན་ནམ་ལ་དབྱར་གྱི་དུས། ཁྲ་རུས་དག་ལ་སྦྲང་འདུ་བཞིན། །མི་ནོར་ཐམས་ཅད་དབང་དུ་འདུ། །སེམས་ཅན་ཀུན་གྱི་ཡིད་ཀྱང་འཕྲོག །ཐམས་ཅད་དགའ་ཞིང་དང་བ་སྐྱེ། །ཀུན་གྱི་སྙིང་དང་ཡིད་དུ་འོང་། །བཟའ་བཏུང་ནོར་དང་ལོངས་སྤྱོད་རྣམས། །རྣལ་འབྱོར་པ་ལ་ཐམས་ཅད་འདུ། །བསོད་ནམས་རི་རྒྱལ་ལྷུན་པོ་འདྲ། །ཚེ་ཡང་བསྐལ་པ་བདུན་དུ་ཐུབ། །གཟི་བརྗིད་ཉི་མའི་འོད་དང་མཉམ། །ལྷ་མོ་ཀླུ་མོ་གནོད་སྤྱིན་མོ། །མི་ལ་སོགས་པའི་བུ་མོ་རྣམས། །བདག་ལ་ཤིན་ཏུ་ཆགས་པར་འགྱུར། །མཁའ་འགྲོ་མ་ཚོགས་ཐམས་ཅད་ཀྱང་། །བུ་གཅིག་པཡིམབཞིནབྱམས། །ལྷ་ཀླུ་གནོད་སྒྱིན་འབྱུང་པོ་ཡང་། །གཙུག་གི་ནོར་བུ་རིན་ཆེན་ལྟར། །བདག་ལ་རྟག་ཏུ་སྤྱི་བོས་འཁུར། །བདུད་དང་སྲིན་པོ་ལ་སོགས་པའི། །འཇིག་རྟེན་དྲེགས་པའི་ལྷ་འདྲེ་ཡང་། །བྲན་བཞིན་ཅི་བཅོལ་ལས་རྣམས་བྱེད། །དེ་ཕྱིར་རྟག་ཏུ་བརྩོན་པར་བྱ། །ཞེས་གསུངས་སོ། །གནོད་སྤྱིན་རིན་པོ་ཆེ་ཉི་ཟླ་གསང་བ་སྙིང་པོའི་རྒྱུད་ལས། རྒྱུད་ཀྱི་ཆེ་བའི་ཕན་ཡོན་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་གསང་བའི་བདག་པོས། རྡོ་རྗེ་འདུས་པ་ལ་སོགས་པའི་འཁོར་རྣམས་ལ་བཀའ་སྩལ་པ། ཨེ་མ་ཧོ། ང་ཡི་རྒྱུད་ཀྱི་རྒྱལ་པོ་འདི། །ཨུ་དུམ་འབར་བའི་མེ་ཏོག་ལྟར། །འཇིག་རྟེན་ཁམས་ན་ཤིན་ཏུ་དཀོན། །སྣོད་དང་ལྡན་ལ་བསྟན་གྱུར་ན། །འཛམ་གླིང་ཉི་མ་ཤར་བ་འདྲ། །སྣོད་མེད་རྣམས་ལ་བསྟན་བྱས་ན། །གནོད་སྤྱིན་ཡཀྟའི་ཚོགས་རྣམས་ཀྱིས། །དུས་མིན་པར་ནི་སྲོག་ཟད་སྐེམ། །དེ་ཕྱིར་གསང་ཞིང་སྤྱད་པར་བྱ། །ཞེས་བཀའ་སྩལ་ཏོ། །གནོད་སྤྱིན་རིན་པོ་ཆེ་ཉི་ཟླ་གསང་བ་སྙིང་པོའི་རྒྱུད་ལས། རྒྱུད་བཅས་ཐབས་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་རྡོ་རྗེ་འདུས་པ་ཆེན་པོས། བཅོམ་ལྡན་འདས་གསང་བའི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས་གསང་བའི་བདག་པོ་ཆེན་པོ། རྒྱུད་འདིའི་མཚན་ནི་གང་ལགས། འདི་བཟུང་ན་ཇི་ལྟར་བཟུང་བར་བགྱི། བདག་ཅག་རྣམས་ལ་བསྟན་དུ་གསོལ། ཞེས་གསོལ་བ་དང་། གསང་བའི་བདག་པོས་བཀའ་སྩལ་པ། རྡོ་རྗེ་འདུས་པ་ཆེན་པོ་རྒྱུད་འདི་རྗེས་སུ་སྒྲུབ་པའི་རྣལ་འབྱོར་པ་རྣམས་ལ་སྦྱིན་པའི་གཏེར་ཆེན་འབྱུང་བའི་ཕྱིར། གནོད་སྤྱིན་ནོར་ལྷའི་རྒྱུད་ཅེས་བྱ་བར་ཟུང་ཞིག །དགོས་འདོད་ཐམས་ཅད་འབྱུང་བའི་ཕྱིར། དངོས་གྲུབ་རིན་ཆེན་བཟང་པོའི་རྒྱུད་ཅེས་བྱ་བར་ཟུང་ཞིག །ཕོངས་པ་རྣམས་ཀྱི་མགོན་སྐྱབས་སུ་གྱུར་པའི་ཕྱིར། ཉི་ཟླ་གསང་བ་ སྙིང་པོའི་རྒྱུད་ཅེས་བྱ་བར་ཡང་ཟུང་ཞིག །ཅེས་བཀའ་སྩལ་ཏོ། །གནོད་སྤྱིན་རིན་པོ་ཆེ་བཟང་པོ་ཉི་ཟླ་གསང་བ་སྙིང་པོའི་རྒྱུད་ལས། རྒྱུད་ཀྱི་མཚན་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་རྡོ་རྗེ་འདུས་པ་ཆེན་པོ་ལ་སོགས་པའི་འཁོར་རྣམས་ཡི་རང་ནས་འདི་སྐད་ཅེས་བཅོམ་ལྡན་འདས་གསང་བའི་བདག་པོ་ལ་བསྟོད་དོ། །ཀྱེ་མ་གསང་བདག་རྡོ་རྗེ་འཆང་། །དུག་གསུམ་ནད་སེལ་སྨན་པའི་གཙོ། །འཆི་བདག་བདུད་འཇོམས་ལྷ་ཡི་ལྷ། །དགོས་འདོད་སྐོང་བའི་རིན་པོ་ཆེ། །མ་རིག་མུན་སེལ་ཉི་ཟླའི་ཟེར། །ཁམས་གསུམ་འཁོར་བའི་གཉེན་གཅིག་པོ། །བཅོམ་ལྡན་མཐུ་སྟོབས་གསང་བའི་བདག །རྡོ་རྗེ་འཆང་ལ་ཕྱག་འཚལ་འདུད། །ཅེས་བསྟོད་དོ། །གནོད་སྤྱིན་རིན་པོ་ཆེ་བཟང་པོ་ཉི་ཟླ་གསང་བ་སྙིང་པོའི་རྒྱུད་ལས། འདུས་པའི་འཁོར་རྣམས་རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།གནོད་སྤྱིན་རིན་པོ་ཆེ་བཟང་པོ་ཉི་ཟླ་གསང་བ་སྙིང་པོའི་རྒྱུད་ཅེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བ་སུ་དྷ་ར་མཁས་པ་ནོར་འཛིན་དང་། བོད་ཀྱི་ལོ་ཙ་བ་སྣུབས་སངས་རྒྱས་རིན་པོ་ཆེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོརྒྱ་གར་སྐད་དུ། ཡཀྟ་ཨ་པ་ར་ཙིཀྟ་ཙིསྟ་གི་ཧུ་བྱུ་ཏི་ཏན་ཏྲ། བོད་སྐད་དུ། གནོད་སྤྱིན་གཞན་གྱིས་མི་ཐུབ་པ་སྲོག་རྩ་མངོན་དུ་ཕྱུང་བ་ཞེས་བྱ་བའི་རྒྱུད། བཅོམ་ལྡན་འདས་གསང་བའི་བདག་པོ་