ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་རྣམ་ཐར་ ལེའུ་ལྔ་པ: Difference between revisions

From Rangjung Yeshe Wiki Texts
Jump to navigation Jump to search
m (added Category)
 
(2 intermediate revisions by the same user not shown)
Line 3: Line 3:
===༈ ལེའུ་ལྔ་པ་བསྟན་པ་རྒྱ་གར་དུ་དར་ཞིང་རྒྱས་ཚུལ།===

དེ་ནས་ཡབ་རྒྱལ་པོ་ཧེ་ལུ་བྷ་དྷེ་དང་༔  ཡུམ་བྲམ་ཟེ་མོ་བརྩོན་ལྡན་མ་ཞེས་བྱ་བའི་བུ་ནི༔  རྒྱལ་པོ་དྷ་ཧེ་ན་ཏ་ལོ་ཡིན་ནོ༔  རྒྱལ་པོ་དྷ་ཧེ་ན་ཏ་ལོ་ནི་སྤྲུལ་པའི་སྐུ་དགའ་རབ་དངོས་ཀྱི་འཁོར་ཡིན་ཞིང་དགོངས་པའི་བཅུད་ཀྱང་བླངས༔  འཇམ་དཔལ་བཤེས་གཉེན་ལ་རྫོགས་པར་ཞུས་སོ༔  དེར་འཇམ་དཔལ་བཤེས་གཉེན་གྱིས་དྷ་ཧེ་ན་ཏ་ལོ་ལ་དགོངས་པའི་དོན་དྲིལ་ནས་གསུངས་པ༔  བྱང་ཆུབ་སེམས་ནི་འབྱུང་བ་ཆེན་པོ་ལྔ༔  སྣང་མེད་ཀུན་ལ་ཁྱབ་པས་ནམ་མཁའ་ཡིན༔  སེམས་ལ་སངས་རྒྱས་གྲུབ་པའི་ཡེ་ཤེས་ས༔  རྟོག་པའི་བག་ཆགས་འཁྲུད་པའི་ཡེ་ཤེས་ཆུ༔  གཟུང་འཛིན་མཚན་མ་སྲེག་པའི་ཡེ་ཤེས་མེ༔  མི་བསྐྱོད་གནས་སུ་ཕྱིན་པའི་ཡེ་ཤེས་རླུང་༔  སེམས་ཀྱི་ཆོས་ཉིད་འབྱུང་བ་ལྔར་ཡང་སྣང་༔  སེམས་དང་བྱུང་ས་གཉིས་མེད་གསལ་རྟོགས་ན༔  རང་བྱུང་རང་ཞི་སྒོམ་པ་མ་བཅོས་བཞག༔  ཅེས་གསུངས་སོ༔  དེར་རྒྱལ་པོ་དྷ་ཧེ་ན་ཏ་ལོས་དགོངས་པའི་དོན་ཐུགས་སུ་ཆུད་དེ་རྟོགས་པ་བརྗོད་པ༔  བདག་ནི་དྷ་ཧེན་ཏ་ལོ་སྟེ༔  སེམས་ནི་ནམ་མཁའི་དབྱིངས་དང་འདྲ༔  ནམ་མཁའི་དབྱིངས་ལ་མཐའ་དབུས་མེད༔  མཐའ་དབུས་མེད་པའི་ཆོས་ཉིད་ལ༔  མ་ཡེངས་གནས་པ་སྒོམ་པ་ཡིན༔  ཞེས་གསུངས་སོ༔  སྙིང་པོའི་དོན་མངོན་དུ་གྱུར་ཏེ་ཚེ་ལ་མངའ་བརྙེས་སོ༔  དེ་ལ་རྒྱལ་པོ་དྷ་ཧེ་ན་ཏ་ལོ་དང་༔  ཡུམ་རྒྱལ་མོ་བརྩོན་ལྡན་མ་གཉིས་ཀྱི་སྲས་ཐུ་བོ་རཱ་ཛ་ཧ་ཏིས༔  སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་དགོངས་པའི་བཅུད་བླངས་པ༔  ཡབ་རྒྱལ་པོ་དྷ་ཧེ་ན་ཏ་ལོ་ལ་ཡང་རྫོགས་པར་ཞུས་ཏེ༔  དྷ་ཧེ་ན་ཏ་ལོས་སྲས་ཐུ་བོ་རཱ་ཛ་ཧ་ཏི་ལ་དགོངས་པའི་དོན་དྲིལ་ནས་གསུངས་པ༔  བྱང་ཆུབ་སེམས་ནི་དུས་གསུམ་སངས་རྒྱས་ཏེ༔  འདས་པའི་སངས་རྒྱས་རྣམས་ཀྱང་འདི་ལས་བྱུང་༔  ད་ལྟར་བཞུགས་པའི་སངས་རྒྱས་འདི་ལ་གནས༔  སླད་ནས་འབྱོན་པའི་སངས་རྒྱས་འདི་རུ་རྒྱ༔  དུས་གསུམ་སངས་རྒྱས་དགོངས་པ་རང་སེམས་ཡིན༔  ཞེས་གསུངས་སོ༔  དེར་སྲས་ཐུ་བོ་རཱ་ཛས་དགོངས་པའི་དོན་ཐུགས་སུ་ཆུད་དེ་རྟོགས་པ་བརྗོད་པ༔  བདག་ནི་རྒྱལ་སྲས་ཐུ་བོ་རཱ་ཛ་སྟེ༔  རང་རིག་སྐྱེ་མེད་བྱང་ཆུབ་སེམས་རྟོགས་པས༔  ཀུན་བཟང་རྡོ་རྗེ་སེམས་དཔའི་བརྒྱུད་ཀྱང་འཛིན༔  སངས་རྒྱས་ས་གསུམ་མ་བགྲོད་དུས་གཅིག་ནོན༔  དུས་གསུམ་སངས་རྒྱས་རྣམས་དང་དགོངས་པ་མཉམ༔  ཞེས་གསུངས་སོ༔  དེ་ལ་སྲས་མོ་མེ་ཏོག་གསལ་གྱིས༔  སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེའི་དགོངས་པའི་བཅུད་བླངས་ཤིང་༔  མིང་པོ་ཐུ་བོ་རཱ་ཛ་ལ་རྫོགས་པར་ཞུས་ཏེ༔  ཐུ་བོ་རཱ་ཛ་ཧ་ཏིས་རྟོགས་པའི་དོན་དྲིལ་ནས་གསུངས་པ༔  སེམས་ལ་ཕུང་པོ་མེད་པས་དར་ཞིང་རྒུད་པ་མེད༔  སེམས་ལ་སྐྱེ་ཤི་མེད་པས་བསད་ཅིང་བཅད་དུ་མེད༔  ཐམས་ཅད་སེམས་སུ་འདུས་པས་སེམས་ཉིད་ཆོས་ཀྱི་སྐུ༔  དེ་ལྟར་རྟོགས་ན་སངས་རྒྱས་དགོངས་པ་ཡིན༔  ཞེས་གསུངས་སོ༔  དེར་སྲས་མོ་པ་ནིས་དགོངས་པའི་དོན་ཐུགས་སུ་ཆུད་དེ་རྟོགས་པ་བརྗོད་པ༔  བདག་ནི་སྲས་མོ་མེ་ཏོག་གསལ༔  བྱང་ཆུབ་སེམས་ནི་སྐྱེ་འགག་གཉིས་དང་བྲལ༔  སྐྱེ་འགག་གཉིས་མེད་རང་གི་སེམས་རྟོགས་ན༔  དུས་གསུམ་རྒྱལ་བའི་དགོངས་པ་སེམས་ལ་ལོན༔  རྟོགས་པའི་ཀློང་ན་འདུ་འབྲལ་མེད་པའོ༔  ཞེས་གསུངས་སོ༔  དེ་ལ་ཀླུའི་རྒྱལ་པོ་དགའ་བོ་ཞེས་བྱ་བ༔  བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་གྱིས་ཀླུའི་དོན་མཛད་ཅིང་བཞུགས་པ་ལ༔  མིའི་ཡུལ་ན་བསྟན་པའི་སྙིང་པོ་རྨད་བྱུང་རྫོགས་པ་ཆེན་པོའི་དོན་འདུག་པར་ཤེས་ནས༔  ཕ་གདོལ་པའི་རིགས་ཨ་པར་དྷརྨ་ཛྙཱ་ན་ཞེས་བྱ་བ་དང་༔  ཡུམ་རྒྱ་མཚོ་ཞེས་བྱ་བ་གཉིས་ཀྱི་བུ༔  ཀླུའི་རྒྱལ་པོ་ན་ག་རཱ་ཛ་སཾ་ཏྲི་ཏ་ཞེས་བྱ་བར་བཏགས་སོ༔  དེས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེའི་ཞལ་མཐོང་གསུང་ཐོས༔  སྲས་ཐུ་བོ་རཱ་ཛ་ཧ་ཏི་ལ་སྨིན་པའི་དབང་ཐོབ༔  སྲས་མོ་མེ་ཏོག་གསལ་ལ་དགོངས་པའི་དོན་ཞུས་པས༔  སྲས་མོས་ཀླུའི་རྒྱལ་པོ་ལ་དགོངས་དོན་དྲིལ་ནས་གསུངས་པ༔  ཡུལ་དྲུག་མ་འགགས་བདེ་ཞིང་ཡངས་པར་སྤྱོད༔  ཇི་ལྟར་རོལ་ཀྱང་བྱང་ཆུབ་བོགས་སུ་ཆེ༔  རང་རིག་རྒྱལ་པོའི་དབང་ཐོབ་གདེང་ལྡན་པས༔  ཚོགས་དྲུག་ལྷུག་པར་བཞག་ན་སྒོམ་པ་ཡིན༔  ཞེས་གསུངས་སོ༔  དེར་ཀླུའི་རྒྱལ་པོས་དགོངས་པའི་དོན་ལོངས་ཏེ་རྟོགས་པ་བརྗོད་པ༔  བདག་ནི་ཀླུ་རྒྱལ་དགའ་བོ་སྟེ༔  ཉོན་མོངས་མ་སྤངས་ཡེ་ཤེས་ཆེན་པོ་ལྔ༔  དུག་གསུམ་མ་སྤངས་སྐུ་གསུང་ཐུགས་སུ་རྫོགས༔  འཁོར་བ་མ་སྤངས་བདེ་ཆེན་བྱང་ཆུབ་ལམ༔  དུས་གསུམ་རྒྱལ་བའི་དགོངས་པ་བདག་ལ་ཤར༔  ཞེས་གསུངས་སོ༔  དེ་ལ་ཡབ་རྒྱལ་པོ་སྲིད་སྲུང་ཞེས་བྱ་བའི་བུ་མོ་གནོད་སྦྱིན་མོ་བྱང་ཆུབ་མ་ཞེས་བྱ་བ༔  ཤིན་ཏུ་མཚན་དང་ལྡན་པ་དད་པ་དང་ཤེས་རབ་ཤིན་ཏུ་ཆེ་བ་དེས༔  ཀླུའི་རྒྱལ་པོ་དགའ་བོ་ལ་དགོངས་པའི་དོན་ཞུས་པས་རྫོགས་པར་གནང་སྟེ༔  དགོངས་པའི་དོན་དྲིལ་ནས་གསུངས་པ༔  བྱང་ཆུབ་སེམས་ནི་མི་ནུབ་རྒྱལ་མཚན་ཏེ༔  དུས་གསུམ་འགྱུར་བ་མེད་པས་གཡུང་དྲུང་ཡིན༔  འཁོར་བའི་གཡུལ་ལས་རྒྱལ་བའི་རྒྱལ་མཚན་ཏེ༔  དེ་ལྟར་རྟོགས་ན་རྟོགས་པའི་རྒྱལ་པོ་ཡིན༔  ཞེས་གསུངས་སོ༔  དེར་གནོད་སྦྱིན་མོ་བྱང་ཆུབ་མས་དགོངས་པའི་དོན་ཐུགས་སུ་ཆུད་ནས་རྟོགས་པའི་དོན་བརྗོད་པ༔  བདག་ནི་གནོད་སྦྱིན་བྱང་ཆུབ་མ༔  སེམས་ནི་ཡེ་ནས་སངས་རྒྱས་ལ༔  རང་བྱུང་ཆེན་པོ་བཅོམ་ལྡན་འདས༔  འཁོར་བ་ཡེ་ནས་རྣམ་པར་དག༔  སེམས་ཀྱི་དོན་རྟོགས་སངས་རྒྱས་དགོངས་པ་རྙེད༔  ཅེས་གསུངས་སོ༔  དེ་ལ་ཡབ་དམངས་རིགས་པ་ར་ཧུ་ཏ༔  ཡུམ་དགའ་ལྡན་དྷ་ཧི་ར་གཉིས་ཀྱི་བུ་མོ་སྨད་འཚོང་མ་པ་ར་ནི་ཞེས་བྱ་བ༔  ཤེས་རབ་དང་བློ་ཚད་རྣོ་བ་ཐེག་པ་ཆེན་པོའི་རིགས་སུ་ངེས་པ་དེས༔  གནོད་སྦྱིན་མ་བྱང་ཆུབ་མ་ལ་དགོངས་པའི་དོན་ཞུས་ཏེ་རྫོགས་པར་གནང་ནས༔  དགོངས་པའི་དོན་དྲིལ་ནས་གསུངས་པ༔  སངས་རྒྱས་སེམས་ཅན་ཡེ་ནས་གཉིས་སུ་མེད༔  དེ་ལྟར་རྟོགས་ན་རྟོགས་པ་དམ་པ་སྟེ༔  རང་སེམས་གཉིས་མེད་ཆོས་སྐུར་རབ་རྟོགས་ན༔  དེ་ལ་དགོངས་པ་བྱ་བ་གུད་ན་མེད༔  ཅེས་གསུངས་སོ༔  སྨད་འཚོང་མས་དགོངས་པའི་དོན་ཐུགས་སུ་ཆུད་དེ་རྟོགས་པ་བརྗོད་པ༔  བདག་ནི་སྨད་འཚོང་པ་ར་ནི༔  ལྟ་བའི་རྒྱལ་པོ་བྱང་ཆུབ་སེམས་རྟོགས་པས༔  སེམས་ལ་ཕོ་མོ་མེད་པས་སྦྱོར་ཡང་ཉམ་མི་ང་༔  སེམས་ལ་སྐྱེ་ཤི་མེད་པས་བསྒྲལ་ཡང་འཆི་མི་འགྱུར༔  སྣང་སྲིད་བདུད་རྩི་ཡིན་པས་གཙང་རྨེ་ཡེ་ནས་མེད༔  ཅེས་གསུངས་སོ༔  དེ་ལ་ཡབ་ཁ་ཆེའི་རྒྱལ་པོ་བྷི་བྷི་རཱ་ཧུ་ལ་ཞེས་བྱ་བ་དང་༔  ཡུམ་ཤི་ལ་ཀུ་མཱ་ར་ཞེས་བྱ་བའི་བུ༔  ཁ་ཆེའི་མཁན་པོ་རབ་སྣང་ཞེས་བྱ་བ༔  པཎྜི་ཏ་མཁས་པ་ཕུལ་དུ་ཕྱིན་པ་ཅིག་གིས༔  སྨད་འཚོང་མ་པ་ར་ནི་ལ་དགོངས་པའི་དོན་ཞུས་ཏེ༔  རྫོགས་པར་གནང་ནས་དགོངས་པའི་དོན་དྲིལ་ནས་གསུངས་པ༔  རྒྱུ་ལས་མ་བྱུང་འབྲས་བུ་བྱང་ཆུབ་སེམས༔  ལུས་ལས་མ་བྱུང་མན་ངག་བྱང་ཆུབ་སེམས༔  སེམས་ལས་མ་བྱུང་སངས་རྒྱས་བྱང་ཆུབ་སེམས༔  སྣང་རྒྱུ་མེད་པས་ནམ་མཁའ་བྱང་ཆུབ་སེམས༔  ཁ་དོག་མེད་པས་འདི་ཞེས་དམིགས་སུ་མེད༔  ཅེས་གསུངས་སོ༔  རབ་སྣང་གིས་དགོངས་པའི་དོན་ཐུགས་སུ་ཆུད་དེ་རྟོགས་པ་བརྗོད་པ༔  བདག་ནི་མཁན་པོ་རབ་སྣང་སྟེ༔  སེམས་ཉིད་སྟོང་པ་ཆེན་པོའི་ངང་ལས་ནི༔  སྣང་ཞིང་སྲིད་པའི་ཆོས་རྣམས་ཐམས་ཅད་བྱུང་༔  ཇི་ལྟར་བྱུང་ཡང་སེམས་ལ་བྲི་གང་མེད༔  རང་བྱུང་རང་ཞི་ཆོས་སྐུ་ཆེན་པོར་རྟོགས༔  ཞེས་གསུངས་སོ༔  དེའང་ཨུ་རྒྱན་གྱི་ཡུལ་ན་ཡབ་རྒྱལ་པོ་ཤྲཱི་རཱ་ཛ་ཞེས་བྱ་བ་དང་༔  ཡུམ་གྲགས་ལྡན་མ་ཞེས་བྱ་བའི་བུ༔  ཨུ་རྒྱན་གྱི་མཁན་པོ་མ་ན་ར་ཙ་ཞེས་བྱ་བ༔  ཨུ་རྒྱན་ཐོར་ཅོག་ཅན་ཞེས་བྱ་བའི་ཡུལ་ན༔  རིག་པའི་གནས་ལ་མཁས་པའི་པཎྜི་ཏ་ཆེན་པོར་གྱུར་ནས༔  སྙིང་པོའི་དོན་ལ་མོས་ཏེ་ཁ་ཆེའི་མཁན་པོ་རབ་སྣང་ལ་ཞུས་པས༔  རྫོགས་པར་གནང་སྟེ་དགོངས་པའི་དོན་དྲིལ་ནས་གསུངས་པ༔  སེམས་ཀྱི་རང་བཞིན་ཡེ་ནས་སངས་རྒྱས་ཏེ༔  བསྒོམ་པར་བྱ་བ་དེ་ལས་གུད་ན་མེད༔  བསྒོམ་བྱ་དེ་ལ་རིག་པས་མི་རྟོགས་ཏེ༔  སེམས་ཉིད་དོན་ལས་མ་ཡེངས་སྒོམ་པ་ཡིན༔  ཞེས་གསུངས་སོ༔  དེར་ཨུ་རྒྱན་གྱི་མཁན་པོ་མཧཱ་རཱ་ཛས་དགོངས་པའི་དོན་ཁོང་དུ་ཆུད་དེ་རྟོགས་པ་བརྗོད་པ༔  བདག་ནི་མཧཱ་རཱ་ཛ་སྟེ༔  སེམས་ལ་བསྒོམས་པས་སྒོམ་པའི་ཡུལ་ལས་འདས༔  སེམས་ལ་བལྟས་པས་མཐོང་བ་ཅི་ཡང་མེད༔  མཐོང་མེད་མཐོང་བ་དེ་ནི་མཐོང་བ་ཡིན༔  མཐོང་མེད་དོན་ལ་མ་ཡེངས་སྒོམ་པ་ཡིན༔  ཞེས་གསུངས་སོ༔  དེ་ལ་སྲས་མོ་གོ་མ་དེ་བྱི་ཞེས་བྱ་བ༔  མཚན་དང་ལྡན་པ་སྙིང་པོའི་དོན་ལ་ལྷག་པར་མོས་པ་ཞིག་ཡོད་པ་དེས༔  ཨུ་རྒྱན་གྱི་མཁན་པོ་མཧཱ་རཱ་ཛ་ལ་སྙིང་པོའི་དོན་ཞུས་པས་རྫོགས་པར་གནང་སྟེ༔  དགོངས་པའི་དོན་དྲིལ་ནས་གསུངས་པ༔  དུས་གསུམ་འདུ་འབྲལ་མེད་པ་ཐིག་ལེ་གཅིག་གི་ངང་༔  ལམ་ལ་བགྲོད་དུ་མེད་དེ་རང་གྲོལ་གཅིག་གི་ངང་༔  ཆོས་ཉིད་སྤྱོད་དུ་མེད་དེ་ཚིག་གི་མཐའ་དང་བྲལ༔  མཐའ་བྲལ་རྟོགས་པས་སྒོམ་པའི་ཡུལ་དང་བྲལ༔  ཞེས་གསུངས་སོ༔  དེ་ལ་སྲས་མོ་གོ་མ་དེ་བྱིས་རྟོགས་པའི་དོན་ཐུགས་སུ་ཆུད་དེ་རྟོགས་པ་བརྗོད་པ༔  བདག་ནི་གོ་མ་དེ་བྱི་སྟེ༔  འབྱུང་ལྔ་རིགས་ཀྱི་ཡུམ་ལྔ་ལ༔  ཕུང་པོ་རིགས་ཀྱི་ཡབ་ལྔ་ཡིན༔  ཁམས་དང་སྐྱེ་མཆེད་སེམས་དཔའ་སེམས་མ་ཡིན༔  ཀུན་གཞི་ཀུན་ཏུ་བཟང་པོ་ལ༔  ཡིད་ནི་ཀུན་ཏུ་བཟང་མོ་ཡིན༔  ཡབ་ཡུམ་གཉིས་མེད་དངོས་གྲུབ་ཡིན༔  ཞེས་གསུངས་སོ༔  དེ་ལ་ཡབ་དྲང་སྲོང་བ་ར་ཙ་དང་༔  ཡུམ་གཞོན་ནུ་བདེ་བྱེད་གཉིས་ཀྱི་བུ༔  ཨ་ཙརྻ་ཨཱ་ལོ་ཀེ་ཞེས་བྱ་བ་རྒྱུ་འབྲས་ཀྱི་ཆོས་ལ་མཁྱེན་པ་མཐོ་བ༔  སྙིང་པོའི་དོན་ལ་མཆོག་ཏུ་མོས་ཏེ་སྲས་མོ་གོ་མ་དེ་བྱི་ལ་དགོངས་པའི་དོན་ཞུས་པས་རྫོགས་པར་གནང་སྟེ༔  དགོངས་པའི་དོན་དྲིལ་ནས་གསུངས་པ༔  ས་དང་རྣམ་ཐར་འདོད་ན་བྱང་ཆུབ་ཉིད་ལས་འགྱང་༔  བདེ་བ་ཐོབ་པར་འདོད་པ་སྡུག་བསྔལ་ཆེན་པོ་ཡིན༔  མི་རྟོག་ཐོབ་པར་འདོད་པ་དེ་ཀ་རྟོག་པ་ཡིན༔  དེ་ལྟར་རྟོགས་ན་རྩོལ་མེད་ཆེན་པོར་ཞོག༔  ཅེས་གསུངས་སོ༔  ཨ་ཙརྻ་ཨཱ་ལོ་ཀེས་རྟོགས་པའི་དོན་ཁོང་དུ་ཆུད་དེ་རྟོགས་པ་བརྗོད་པ༔  བདག་ནི་ཨརྻ་ཨཱ་ལོ་ཀེ༔  སྒྲོལ་བ་ཐབས་ལ་མཁས་པས་སྐྱེ་བའི་རྒྱུན་ཡང་བཅད༔  སྦྱོར་བ་ཐབས་ལ་མཁས་པས་འགག་པའི་མཐའ་ཡང་བྲལ༔  ཕྲིན་ལས་ཐབས་ལ་མཁས་པས་བྱ་རྩོལ་མེད་པར་གྲུབ༔  དངོས་གྲུབ་ཐབས་ལ་མཁས་པས་གཞན་ལ་རག་མ་ལས༔  བསྒོམ་པའི་ཐབས་ལ་མཁས་པས་མ་བསྒོམས་ཇི་བཞིན་བཞག༔  ཅེས་གསུངས་སོ༔  དེ་ལ་ཡབ་རྒྱལ་པོ་ག་དུ་དང་༔  ཡུམ་ལ་བའི་སྐྲ་ཅན་ཞེས་བྱ་བའི་བུ༔  ཁྱི་ཡི་རྒྱལ་པོ་སྔ་མ་ཞེས་བྱ་བ༔  དགེ་སློང་རིག་པའི་གནས་ལྔ་ལ་མཁས་པ༔  ཁྱད་པར་དུ་གསང་སྔགས་མཧཱ་ཡོ་གའི་ཏནྟྲ་སྡེ་བཅོ་བརྒྱད་ལ་མཁས་པ་དེ་སྙིང་པོའི་དོན་ལ་མོས་ནས༔  ཨ་ཙརྻ་ཨཱ་ལོ་ཀེ་ལ་ཞུས་པས་རྫོགས་པར་གནང་སྟེ༔  དགོངས་པའི་དོན་དྲིལ་ནས་གསུངས་པ༔  ཡུལ་སེམས་གཉིས་སུ་རྟོགས་ན་རྣམ་རྟོག་ཡིན༔  དེ་གཉིས་གཉིས་མེད་རྟོགས་ན་ཡེ་ཤེས་ཡིན༔  འབྱུང་འཇུག་མེད་པར་གོ་ན་སྒོམ་པ་ཡིན༔  སྣང་ལ་འཛིན་མེད་རང་གྲོལ་དགོངས་པ་ཡིན༔  ཞེས་གསུངས་པས༔  རང་སེམས་སྣང་བ་རང་གྲོལ་དུ་ཐག་ཆོད་པར་གྱུར་ཏོ༔  དེར་ཀུ་ཀུ་རཱ་ཛས་དགོངས་པའི་དོན་ཁོང་དུ་ཆུད་དེ་རྟོགས་པ་བརྗོད་པ༔  བདག་ནི་ཀུ་ཀུ་རཱ་ཛ་སྟེ༔  སེམས་ལ་སྐྱེ་ཤི་མེད་པས་རྡོ་རྗེའི་སེམས༔  རྡོ་རྗེ་སེམས་དཔའི་སྐུ་ནི་ཀུན་ལ་ཁྱབ༔  དེ་ལ་ནམ་མཁའི་དཔེས་ཀྱང་མཚོན་དུ་མེད༔  དེ་ལྟར་རྟོགས་པའི་དོན་ལ་མ་ཡེངས་སྒོམ་པ་ཡིན༔  ཞེས་གསུངས་སོ༔  དེ་ལ་རིག་བྱེད་ཡན་ལག་བདུན་དང་ལྡན་ཞིང་ཡེ་ཤེས་ཀྱི་རྩལ་རྫོགས་པའི་ཕྱིར༔  ཡབ་དྲང་སྲོང་ཀུ་མཱ་ར་དང་ཡུམ་ཛི་ན་གཉིས་ཀྱི་བུ་དྲང་སྲོང་བྷ་ཤཱི་ཏཱ་ཞེས་བྱ་བ་སྙིང་པོའི་དོན་ལ་མོས་ནས༔  ཁྱི་ཡི་རྒྱལ་པོ་ཀུ་ཀུ་རཱ་ཛ་ལ་དགོངས་པའི་དོན་ཞུས་པས་རྫོགས་པར་གནང་སྟེ༔  དགོངས་པའི་དོན་དྲིལ་ནས་གསུངས་པ༔  སྐྱེ་འགག་མེད་པའི་བྱང་ཆུབ་སེམས༔  སྣང་ལ་རང་བཞིན་མེད་པ་ཡིན༔  བསྒོམ་དུ་མེད་པའི་བྱང་ཆུབ་སེམས༔  རྣལ་འབྱོར་བདེ་བར་ཉལ་མོ་བཙུན༔  ཞེས་གསུངས་པས༔  རང་སེམས་རྩོལ་མེད་ཀྱི་དོན་རྟོགས་པར་གྱུར་ཏོ༔  དྲང་སྲོང་བྷ་ཤཱི་ཏས་དགོངས་པའི་དོན་ཁོང་དུ་ཆུད་དེ་རྟོགས་པ་བརྗོད་པ༔  བདག་ནི་དྲང་སྲོང་བྷ་ཤཱི་ཏཱ༔  འབྱུང་ལྔའི་རྩལ་ནི་ནམ་མཁའི་དབྱིངས་སུ་རྫོགས༔  ཐེག་པའི་རྩལ་ནི་ཨ་ཏི་ཡོ་གར་རྫོགས༔  དུས་གསུམ་སངས་རྒྱས་རྩལ་ནི་བྱང་ཆུབ་སེམས་སུ་རྫོགས༔  བྱང་ཆུབ་སེམས་རྟོགས་རྫོགས་ཆེན་སངས་རྒྱས་ཡིན༔  རྩོལ་སྒྲུབ་མེད་པའི་སེམས་ནི་སངས་རྒྱས་ཡིན༔  སེམས་ལ་མཐའ་དབུས་མེད་པས་བརྡལ་བ་ཆེན་པོ་ཡིན༔  སེམས་ལ་སྐྱེ་འགག་མེད་པས་དངོས་གྲུབ་ཆེན་པོ་ཡིན༔  བསྒོམ་པར་བྱ་བའི་ཆོས་ཉིད་དེ་ལས་གུད་ན་མེད༔  ཅེས་གསུངས་སོ༔  དེས་ཆོས་ཐམས་ཅད་ཡུམ་གྱི་མཁའ་ཟབ་མོ་ཡིན་པའི་ཕྱིར༔  སྨད་འཚོང་མ་བདག་ཉིད་མ་ཞེས་བྱ་བ་སྙིང་པོའི་དོན་ལ་མོས་ཏེ༔  དྲང་སྲོང་བྷ་ཤཱི་ཏ་ལ་དགོངས་པའི་དོན་ཞུས་པས་རྫོགས་པར་གནང་སྟེ༔  སྙིང་པོའི་དོན་དྲིལ་ནས་གསུངས་པ༔  ཅི་ཡང་ཡིད་ལ་མི་བྱེད་ན༔  ཤེས་རབ་ཆེན་པོ་རྟོགས་པ་ཡིན༔  གང་ལ་འཛིན་པ་མི་ཞུགས་ན༔  སྒོམ་པ་ཀློང་དུ་ཕེབས་པའི་རྟགས༔  ཞེས་གསུངས་སོ༔  དེར་དགེ་སློང་མ་བདག་ཉིད་མས་སྙིང་པོའི་དོན་ཁོང་དུ་ཆུད་དེ་རང་གི་རྟོགས་པ་བརྗོད་པ༔  བདག་ནི་སྨད་འཚོང་བདག་ཉིད་མ༔  འབྱུང་ལྔ་རིགས་ཀྱི་ཡུམ་ལྔའི་མཁའ༔  དེ་ཉིད་ཀུན་ཏུ་བཟང་མོའི་ཀློང་༔  ཀུན་གཞི་ཀུན་ཏུ་བཟང་མོ་ཡིན༔  དེ་རིག་མཁའ་དབྱིངས་དབྱེར་མེད་རྟོགས༔  བྱང་སེམས་མཁའ་ལ་ཉི་ཤར་འདྲ༔  སེམས་ཉིད་རྟོགས་ན་སྒོམ་ཆེན་ཡིན༔  ཞེས་གསུངས་སོ༔  དེ་ལ་ནཱ་ག་ཛུ་ན་ཞེས་བྱ་བ་དགེ་སློང་རིག་པའི་གནས་ལྔ་ལ་མཁས་པ༔  སྡེ་སྣོད་གསུམ་གྱི་དོན་ཁོང་དུ་ཆུད་པ༔  འབྲས་བུ་གསང་སྔགས་ཀྱི་ཆོས་ཀྱང་དུ་མ་མཁྱེན་པ་ཞིག་ཡོད་པ་དེས༔  རྩོལ་མེད་རྫོགས་པ་ཆེན་པོའི་དོན་བཙལ་བས༔  དགེ་སློང་བདག་ཉིད་མ་དང་མཇལ་ནས༔  དགོངས་པའི་དོན་ཞུས་པས་རྫོགས་པར་གནང་སྟེ་སྙིང་པོའི་དོན་དྲིལ་ནས་གསུངས་པ༔  བརྟགས་ན་སྟོང་པར་བརྟགས་ཀྱང་འཁྲུལ་པ་ཡིན༔  ཆགས་ན་ལྷ་ལ་ཆགས་ཀྱང་འཆིང་བ་ཡིན༔  རྟོགས་ན་ཆོས་སྐུར་རྟོག་ཀྱང་རྟོག་པ་ཡིན༔  བསྒོམས་ན་མི་རྟོག་བསྒོམས་ཀྱང་མཚན་མ་ཡིན༔  ཞེས་གསུངས་པས༔  དེར་ནཱ་ག་ཛུ་ནས་རྟོགས་པའི་དོན་ཁོང་དུ་ཆུད་དེ་རྟོགས་པ་བརྗོད་པ༔  བདག་ནི་ནཱ་ག་ཛུ་ན་སྟེ༔  སྐྱེ་མེད་ཆོས་ཀྱི་སྐུ་ལ་ཕུང་པོ་མེད་པས་བདེ༔  གསུང་མེད་རིག་པའི་གསུང་ལ་འགག་པ་མེད་པས་བདེ༔  ཐུགས་མེད་ཡེ་ཤེས་ཐུགས་ལ་སྐྱེ་ཤི་མེད་པས་བདེ༔  བྱང་ཆུབ་སེམས་ནི་བདེ་བ་ཆེན་པོར་རྟོགས༔  ཞེས་གསུངས་སོ༔  དེར་ཡབ་གྷུ་ཧེ་ནཱ་ག་ཏ་མ་བྱ་བ་དང་༔  ཡུམ་མ་ནི་ཧེ་ན་ཙ་ར་མ་གཉིས་ཀྱི་བུ་ཁྱིའི་རྒྱལ་པོ་ཕྱི་མ་ཞེས་བྱ་བ༔  ཤིན་ཏུ་དད་པ་དང་ཤེས་རབ་ཆེ་བ་མཁན་པོར་གྱུར་པ༔  རྒྱུ་འབྲས་ཀྱི་ཆོས་མ་ལུས་པར་མཁྱེན་པ་དེས་སྙིང་པོའི་དོན་ལ་མོས་ཏེ༔  ནཱ་ག་ཛུ་ན་ལ་སྙིང་པོའི་དོན་ཞུས་པས་རྫོགས་པར་གནང་སྟེ༔  དགོངས་པའི་དོན་དྲིལ་ནས་གསུངས་པ༔  གཟུང་འཛིན་གཉིས་ཀྱིས་སྟོང་ན་སྟོང་པ་ཡིན༔  མིང་དང་ཐ་སྙད་གྲོལ་ན་རྟོགས་པ་ཡིན༔  དེ་ལ་འཛིན་པ་མེད་ན་སྟོང་ཉིད་ཡིན༔  དེ་ལ་གནས་པ་སྟོང་ཉིད་སྒོམ་པ་ཡིན༔  ཞེས་གསུངས་པས༔  ཁྱིའི་རྒྱལ་པོ་ཕྱི་མས་དགོངས་པའི་དོན་ཁོང་དུ་ཆུད་དེ་རང་གི་རྟོགས་པ་བརྗོད་པ༔  བདག་ནི་མཁན་པོ་དྷ་ཧུ་ན༔  ཕུང་པོ་ལྔ་དང་འབྱུང་བ་ལྔ་ལ་སོགས༔  རིགས་ཀྱི་ཡབ་ཡུམ་ལྷ་དང་ལྷ་མོར་རྟོགས༔  དེ་དག་གཉིས་མེད་ཀུན་གཞི་བྱང་ཆུབ་སེམས༔  སྣང་སྲིད་རྣམ་དག་རྒྱལ་བའི་དཀྱིལ་འཁོར་ཡིན༔  ཞེས་གསུངས་སོ༔  དེས་ཡབ་དྲང་སྲོང་ཧི་ན་དང་ཡུམ་གཙུག་གི་སྒེག་མོ་གཉིས་ཀྱི་བུ་འཇམ་དཔལ་བཤེས་གཉེན་ཕྱི་མ་ཞེས་བྱ་བ༔  རྒྱུ་འབྲས་ཀྱི་ཐེག་པ་ལ་མཁས་པ་སྙིང་པོའི་དོན་ལ་མོས་པ་དེས༔  ཁྱིའི་རྒྱལ་པོ་ཕྱི་མ་ལ་དགོངས་པའི་དོན་ཞུས་པས༔  རྫོགས་པར་གནང་སྟེ་སྙིང་པོའི་དོན་དྲིལ་ནས་གསུངས་པ༔  སེམས་ལ་མིང་དུ་བཏགས་ཀྱང་མིང་གི་ཐ་སྙད་བྲལ༔  སེམས་ལ་དཔེ་རུ་མཚོན་ཡང་མཚོན་པའི་དཔེ་དང་བྲལ༔  གཉིས་མེད་བསམ་འདས་དམིགས་པའི་མཐའ་དང་བྲལ༔  རྟོགས་པའི་ཀློང་ལས་དམིགས་མེད་མ་ཡེངས་སྒོམ་པ་ཡིན༔  ཞེས་གསུངས་པས༔  འཇམ་དཔལ་བཤེས་གཉེན་ཕྱི་མས་དགོངས་པའི་དོན་ཐུགས་སུ་ཆུད་དེ་རྟོགས་པ་བརྗོད་པ༔  བདག་ནི་འཇམ་དཔལ་དཔལ་བཟང་སྟེ༔  རིག་གཉིས་རྒྱུད་ནས་སྦྱངས་པའི་འཕྲོ་དང་ལྡན༔  འདོད་པའི་དོན་གྲུབ་སེམས་ཀྱི་རྩ་བ་ཆོད༔  ད་ལྟ་ཉིད་ནས་འབྲས་བུ་མངོན་སངས་རྒྱས༔  ཉིད་ལས་གཞན་མེད་ཐེ་ཚོམ་ཡིད་གཉིས་བྲལ༔  ཞེས་གསུངས་སོ༔  དེས་ཡབ་དྲང་སྲོང་དྷ་ཧཱི་ལི་ཞེས་བྱ་བ་དང་ཡུམ་བྷ་གུ་ལ་མཚོ་རྒྱལ་བྱ་བ་གཉིས་ཀྱི་བུ༔  ཤིན་ཏུ་མཚན་དང་ལྡན་ཞིང་བློ་གསལ་བ་ཞིག་བྱུང་སྟེ༔  མཚན་ཡང་དེ་ཝ་རཱ་ཛ་ཞེས་བྱ་བར་བཏགས་སོ༔  དེས་སྙིང་པོའི་དོན་བཙལ་བས་འཇམ་དཔལ་དཔལ་བཟང་དང་མཇལ་ནས༔  དགོངས་པའི་དོན་ཞུས་པས་རྫོགས་པར་གནང་སྟེ༔  སྙིང་པོའི་དོན་དྲིལ་ནས་གསུངས་པ༔  ནམ་མཁའི་རྒྱ་ནི་དབུས་དང་མཐའ་མེད་པ༔  དེས་ནི་བྱང་ཆུབ་སེམས་ལ་བསྐྲུན་དུ་མེད༔  མཚོན་དུ་མེད་པའི་བྱང་ཆུབ་སེམས་རྟོགས་ན༔  རྩོལ་མེད་ངང་ལ་བཞག་ན་སྒོམ་པ་ཡིན༔  ཞེས་གསུངས་སོ༔  དེར་ལྷའི་རྒྱལ་པོ་དེ་བ་རཱ་ཛས་དགོངས་པའི་དོན་ཐུགས་སུ་ཆུད་དེ་རྟོགས་པ་བརྗོད་པ༔  བདག་ནི་དེ་ཝ་རཱ་ཛ་སྟེ༔  ལུང་ལས་བཤད་པའི་མན་ངག་བདེ་ཆེན་འདི༔  སེམས་ཀྱི་གཏིང་དུ་བཞག་སྟེ་ཁར་མི་དབྱུང་༔  ཨ་ཏི་ཡོ་ག་ཀུན་བཟང་དགོངས་པའི་དོན༔  རྟོགས་པའི་དོན་ལ་མི་འགྱུར་ཆོས་ཀྱི་སྐུ༔  ཞེས་གསུངས་སོ༔  དེར་བྷུ་ཏ་ཀུག་ཏ་ཞེས་བྱ་བ་དགེ་སློང་རིག་པའི་གནས་ལྔ་ལ་མཁས་པ༔  ཁྱད་པར་གསང་སྔགས་མཧཱ་ཡོ་གའི་དོན་ལ་མཁས་པ་ཞིག་ཡོད་པ་དེས་སྙིང་པོའི་དོན་བཙལ་བས་དེ་ཝ་རཱ་ཛ་དང་མཇལ་ཏེ༔  དགོངས་པའི་དོན་ཞུས་པས་རྫོགས་པར་གནང་ནས༔  སྙིང་པོའི་དོན་དྲིལ་ནས་གསུངས་པ༔  སེམས་ཉིད་འདུ་འབྲལ་མེད་པས་རྟག་པ་ཆེན་པོ་ཡིན༔  སེམས་ལ་རིག་པ་ཤར་བས་རིག་པའི་རྒྱལ་པོ་ཡིན༔  སེམས་ལ་འཁོར་བ་མེད་པས་བདུད་རྩིའི་རྒྱལ་པོ་ཡིན༔  སེམས་ལ་མཐའ་དབུས་མེད་པས་དཀྱིལ་འཁོར་ཆེན་པོ་ཡིན༔  ཞེས་གསུངས་པས༔  བྷུ་ཏ་ཀུག་ཏས་དགོངས་པའི་དོན་ཐུགས་སུ་ཆུད་དེ་རྟོགས་པ་བརྗོད་པ༔  བདག་ནི་བྷུ་ཏ་ཀུག་ཏ་སྟེ༔  རང་སེམས་ཡེ་ནས་སངས་རྒྱས་བདེ་ཆེན་ཏེ༔  རང་རིག་ཀུན་ལ་གསང་བས་གསང་ཆེན་ཡིན༔  རྩོལ་མེད་སངས་རྒྱས་རྟོགས་ནས་སྒོམ་པ་ཡིན༔  སྒོམ་དང་མི་བསྒོམ་བྲལ་བས་སངས་རྒྱས་ཡིན༔  ཞེས་གསུངས་སོ༔  དེ་ལ་ཡབ་རྒྱལ་པོ་གྲུབ་བྱེད་ཅེས་བྱ་བ་དང་༔  ཡུམ་ནན་ཏ་ཀ་ཞེས་བྱ་བ་གཉིས་ཀྱི་བུ༔  ཤྲཱི་སིང་ཧ་པྲ་པ་ཏ་ཞེས་བྱ་བ༔  པཎྜི་ཏ་ལྔ་བརྒྱ་ལ་རིག་པ་སྦྱངས་པ༔  རིག་པའི་གནས་ལྔ་ལ་མཁས་པའི་དགེ་སློང་ཆེན་པོ་དེས༔  སྙིང་པོའི་དོན་ལ་མོས་ནས༔  བྷུ་ཏ་ཀུག་ཏ་ལ་སྙིང་པོའི་དོན་ཞུས་པས་རྫོགས་པར་གནང་སྟེ༔  བཅུད་དྲིལ་ནས་གསུངས་པ༔  སྣང་བ་མེད་པའི་སེམས་ཉིད་ནི༔  སྣང་བའི་ཆོས་ལ་རྟག་པར་བཞུགས༔  འགྱུར་མེད་སེམས་ཀྱི་རྩད་ཆོད་ནས༔  སངས་རྒྱས་གཞན་ནས་བསྒྲུབ་ཏུ་མེད༔  ཅེས་གསུངས་པས༔  ཤྲཱི་སིང་ཧས་སྙིང་པོའི་དོན་ཁོང་དུ་ཆུད་དེ་རྟོགས་པ་བརྗོད་པ༔  བདག་ནི་ཤྲཱི་སིང་ཧ་སྟེ༔  མཚན་མའི་མཐའ་ལས་འདས་པའི་བྱང་ཆུབ་སེམས༔  མངོན་སུམ་མི་གནས་སྣང་སྲིད་ཀུན་ལ་ཁྱབ༔  ཐ་སྙད་བྲལ་བས་རང་རིག་ཡེ་ཤེས་གསལ༔  དངོས་སུ་རྡོ་རྗེ་སེམས་དཔའ་མཚོན་དུ་མེད༔  ཅེས་གསུངས་སོ༔  དེ་ལ་ཡང་ཡབ་ལྕམ་ཁ་ཞེས་བྱ་བ་དང་༔  ཡུམ་སྨད་འཚོང་མ་པ་ཧུ་ཏི་བྱ་བ་གཉིས་ཀྱི་བུ་མོ༔  དགེ་སློང་མ་ཀུན་དགའ་མོ་ཞེས་བྱ་བ་རིག་པའི་གནས་ལྔ་ལ་མཁས་པ་སྙིང་པོའི་དོན་ལ་མོས་པ་དེས་འདུན་པ་ཆེན་པོས་བཙལ་བས༔  ཤྲཱི་སིང་ཧ་དང་མཇལ་ནས་དགོངས་པའི་དོན་ཞུས་པས་རྫོགས་པར་གནང་སྟེ༔  དགོངས་པའི་དོན་དྲིལ་ནས་གསུངས་པ༔  བྱ་བ་བཏང་བའི་སེམས་བཞིན་དུ༔  ཇི་ལྟར་གནས་པ་དེ་བཞིན་ཞོག༔  དེ་ལྟར་གནས་པའི་སྟོབས་ལྡན་ན༔  སངས་རྒྱས་དགོངས་པ་ཡིན་པར་ངེས༔  ཞེས་གསུངས་པས༔  དགེ་སློང་མ་ཀུན་དགའ་མོས་དོན་ཁོང་དུ་ཆུད་དེ་རང་གི་རྟོགས་པ་བརྗོད་པ༔  བདག་ནི་དགེ་སློང་ཀུན་དགའ་མོ༔  དཔེར་ན་ཆུ་བོ་ཆེན་པོ་ལ༔  ཆུ་བྲན་ཐམས་ཅད་འདུས་པ་ལྟར༔  ཐེག་པ་རིམ་དགུ་བསྟན་པ་ཡང་༔  རྫོགས་པ་ཆེན་པོ་ཉིད་དུ་འདུས༔  ཞེས་གསུངས་སོ༔  དེ་ལ་ཡབ་རྒྱལ་པོ་དྷ་ཧེ་ན་ཙ་དུ་དང་༔  ཡུམ་སིང་ཧ་ཤཱི་པི་ཏི་ཀ་བྱ་བ་གཉིས་ཀྱི་བུ་དགེ་སློང་ཆེན་པོ་བི་མ་ལ་མི་ཏྲ་བྱ་བ་ནི༔  རིག་པའི་གནས་ལྔ་ལ་མཁས་པ་སྙིང་པོའི་དོན་ལ་མོས་པས༔  ཤྲཱི་སིང་ཧ་དང་མཇལ་ནས་དགོངས་པའི་དོན་ཞུས་པས་རྫོགས་པར་གནང་སྟེ༔  སྙིང་པོའི་དོན་དྲིལ་ནས་གསུངས་པ༔  དུག་ལྔ་མ་སྤངས་ཡེ་ཤེས་ཆེན་པོ་ལྔ༔  འཁོར་བ་མ་སྤངས་ཡེ་ནས་རྣམ་དག་ཅིང་༔  སངས་རྒྱས་རང་སེམས་ཡིན་པའི་དོན་རྟོགས་ན༔  རྟོགས་པའི་དོན་ལས་སྒོམ་པ་གཞན་ན་མེད༔  ཅེས་གསུངས་པས༔  བི་མ་ལ་མི་ཏྲས་དགོངས་པའི་དོན་རྟོགས་ནས༔  རང་གི་རྟོགས་པ་བརྗོད་པ༔  ཆོས་ཉིད་བསམ་དུ་མེད་པས་ནམ་མཁའ་འདྲ༔  སེམས་ཉིད་ནམ་མཁའ་བསམ་པ་ཀུན་དང་བྲལ༔  བསམ་དུ་མེད་པའི་བྱང་ཆུབ་སེམས་ཉིད་ལ༔  ཆོས་ཉིད་བསྒོམས་པས་རྙེད་པར་མི་འགྱུར་ཏེ༔  མ་བསྒོམས་པར་ཡང་ཡེ་ནས་གཏོར་བྲལ་མེད༔  མ་བསམ་མཉམ་པའི་དོན་ཉིད་སྒོམ་པ་ཡིན༔  ཞེས་གསུངས་སོ༔  དེ་རྣམས་ཀྱིས་གདུང་རབས་སྤྱིའི་ལོ་རྒྱུས་བསྟན་པའོ༔  དེ་ནས་ཡང་གདུང་རབས་རྣམས་ཀྱི་དགོངས་པའི་དོན་བརྗོད་པ་ནི༔  རྒྱལ་པོ་དྷ་ཧེ་ན་ཏ་ལོའི་གསང་མཚན་དབང་ཕྱུག་རྒྱལ་པོའི་གཏེར༔  དེས་རྟོགས་པ་བརྗོད་པའི་དོན་མཐར་ཕྱིན་ཏེ་ཙན་དན་གྱི་ནགས་ཚལ་ལ༔  ནམ་གྱི་དགུང་ལ་དགོངས་པའི་རྡོ་རྗེའི་མགུར་གསུངས་པ༔  ཧཱུྂ༔  འགྱུར་བ་མེད་པའི་ཆོས་སྐུ་ནི༔  ཀུན་གཞི་མ་བཅོས་བྱང་ཆུབ་སེམས༔  གཟུང་འཛིན་རྣམ་རྟོག་ཡུལ་ལས་འདས༔  སེམས་ཀྱི་རང་བཞིན་ནམ་མཁའ་འདྲ༔  མི་བསམ་མི་ཡེངས་མ་བཅོས་བཞག༔  བསྒོམ་དུ་མེད་པ་ཆོས་ཀྱི་དབྱིངས༔  བསྒོམ་དུ་རྡུལ་ཙམ་མེད་པར་འཁུམས༔  བདག་འདྲ་དྷ་ཧེ་ཏ་ལོའི་ང་རྒྱལ་ཆག༔  སེམས་དང་ཆོས་གཉིས་འབྱེད་པའི་བློ་རྟོག་ཞིག༔  སྒྱུ་མའི་ཕུང་པོ་འདི་ལྟར་བདག་བསྙིལ་ཏེ༔  ཀུན་བཟང་ཐུགས་ཀྱི་དགོངས་པ་བདག་ལ་ཤར༔  ཞེས་གསུངས་སོ༔  སྲས་ཐུ་བོ་རཱ་ཛའི་གསང་མཚན་རྡོ་རྗེ་ཐུ་བོའི་གཏེར་དེས་རྟོགས་པའི་དོན་མཐར་ཕྱིན་ཏེ༔  ཙན་དན་གོར་ཤི་ཥའི་ཁང་བུར་ནམ་གྱི་དགུང་སྟོད་ལ་མགུར་གསུངས་པ༔  ཧཱུྂ༔  ཀུན་གཞི་ཡེ་ནས་མ་བཅོས་ཇི་བཞིན་དབྱིངས༔  རང་བྱུང་ཡེ་ཤེས་མཁའ་མཉམ་ཆེན་པོའི་ངང་༔  ཚིག་དང་སྒྲ་ལས་འདས་པའི་ཀུན་ཏུ་བཟང་༔  རྣམ་རྟོག་བྲལ་བའི་ཀུན་གཞི་བྱང་ཆུབ་སེམས༔  ཆོས་ཉིད་བྱང་ཆུབ་སེམས་ལ་འགྱུར་བ་མེད༔  དེ་ལས་སྒོམ་པ་གུད་ན་མེད་པར་འཁུམས༔  སྒྱུ་མའི་ཕུང་པོ་ད་ལྟ་བསྙིལ་བའི་ཕྱིར༔  ཀུན་བཟང་ཐུགས་ཀྱི་དགོངས་པ་བདག་ལ་ཤར༔  ཞེས་གསུངས་སོ༔  སྲས་མོ་མེ་ཏོག་གསལ་གྱི་གསང་མཚན་རྡོ་རྗེ་གྲུབ་མོའི་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ཏེ༔  མེ་ཏོག་ཀུ་མུ་ཏའི་ཚལ་དུ་མགུར་གསུངས་པ༔  ཧཱུྂ༔  ཀུན་གཞི་ཡེ་ནས་གཉིས་མེད་བྱང་ཆུབ་སེམས༔  རྒྱུ་དང་རྐྱེན་གྱིས་མ་སྐྱེས་འཇིག་འདྲལ་མེད༔  རང་བྱུང་ལྷུན་གྱིས་གྲུབ་པའི་བཅོམ་ལྡན་འདས༔  གཟུང་འཛིན་འདས་པ་རྡོ་རྗེ་སེམས་དཔའི་ཐུགས༔  བཅོས་བསླད་མེད་པས་རྡོར་སེམས་དགོངས་པ་ཡིན༔  བདག་གི་དགོངས་པ་འདི་ལས་མེད་པར་འཁུམས༔  སྒྱུ་མའི་ཕུང་པོ་ད་ལྟ་བསྙིལ་བའི་ཕྱིར༔  ཀུན་བཟང་ཐུགས་ཀྱི་གཏེར་ཆེན་བདག་ལ་བབས༔  ཞེས་གསུངས་སོ༔  ཀླུ་རྒྱལ་ཇོག་པོའི་གསང་མཚན་རྡོ་རྗེ་གསང་བའི་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ནས༔  རྒྱ་མཚོའི་གླིང་དུ་སྐྱ་རེངས་ཤར་ཙ་ན་རྡོ་རྗེའི་མགུར་གསུངས་པ༔  ཧཱུྂ༔  མཐའ་དབུས་གཉིས་མེད་ནམ་མཁའ་འདྲ་བའི་ཐུགས༔  སྨྲ་བསམ་ཡུལ་ལས་འདས་པ་ཆོས་ཀྱི་སྐུ༔  སྣང་སྲིད་སྐྱེ་འགྲོ་ཡེ་ནས་རྣམ་པར་དག༔  རྣམ་པར་གྲོལ་བའི་ལམ་མཆོག་གཞན་མེད་པས༔  དུས་གསུམ་བདེ་གཤེགས་རྒྱལ་བའི་དགོངས་པ་ནི༔  གཞན་ནས་མི་བཙལ་འདི་ལས་མེད་པར་འཁུམས༔  བདག་གི་ཕུང་པོ་གདོས་བཅས་འདི་ནི་བསྙིལ་བའི་ཕྱིར༔  ཀུན་བཟང་དབྱེ་བ་མེད་པའི་ས་ལ་ཕྱིན༔  ཞེས་གསུངས་སོ༔  ཁྱིའི་རྒྱལ་པོ་ཀུ་ཀུ་རཱ་ཛའི་གསང་མཚན་རྡོ་རྗེ་ཐུགས་མཆོག་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ནས༔  རྒྱ་མཚོའི་གླིང་དུ་སྐྱ་རེངས་གཉིས་པ་ཤར་ཙ་ན་གསུངས་པ༔  ཧཱུྂ༔  ཡེ་ནས་ལྷུན་གྲུབ་ཀུན་ཏུ་བཟང་པོའི་ཀློང་༔  གསལ་ལ་མི་རྟོག་སྤྲོས་བྲལ་བྱང་ཆུབ་སེམས༔  མི་འགྱུར་མི་དམིགས་ཆོས་ཀྱི་དབྱིངས་ཉིད་ལས༔  རིག་པ་མི་འགྱུར་མ་བསླད་མཉམ་བཞག་ནས༔  ཅི་ལའང་མི་སྤྱོད་གང་ལའང་མི་སེམས་ཏེ༔  ཀུན་གཞི་མི་འགྱུར་ཆོས་ཉིད་བདེ་བ་ཆེ༔  མ་ཡེངས་སྒོམ་པ་འདི་ལས་མེད་པར་འཁུམས༔  རེ་དོགས་མེད་པར་བདག་ཉིད་སངས་རྒྱས་ཡིན༔  ཞེས་གསུངས་སོ༔  ནཱ་ག་ཛུ་ནའི་གསང་མཚན་རྡོ་རྗེ་རྩལ་འདུས་པའི་ཆུ་བོའི་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ཏེ་རྒྱན་ཕྱག་གསལ་བའི་གནས་སུ་སྐྱ་རེངས་གསུམ་པ་ཤར་བའི་དུས་སུ་གསུངས་པ༔  ཧཱུྂ༔  སྣང་བ་ཐམས་ཅད་ཡེ་ནས་དབྱིངས་ཆེན་ལ༔  རིག་པ་འཕོ་འགྱུར་མེད་པའི་དུར་བཏབ་ནས༔  དབྱིངས་ཉིད་མི་འགྱུར་རྟོག་པས་མ་བསླད་པར༔  མ་ཡེངས་མི་བསྒོམ་མཁའ་ལྟར་དག་པ་ལ༔  མ་བཅོས་ངང་གིས་གསལ་བ་སྒོམ་པ་ཡིན༔  དེ་ལས་སྒོམ་པ་གུད་ན་མེད་པར་འཁུམས༔  བདག་ནི་ཕུང་པོ་འདི་ལ་བརྟེན་ནས་སུ༔  ཀུན་བཟང་དབྱེ་བ་མེད་པའི་ས་ལ་མཆིས༔  ཞེས་གསུངས་སོ༔  ཀུ་ཀུ་རཱ་ཛ་ཕྱི་མའི་གསང་མཚན་རྡོ་རྗེ་ཡང་དག་གྲུབ་པའི་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ནས༔  རྒྱ་མཚོའི་གླིང་དུ་དམར་རེངས་དང་པོ་ཤར་དུས་སུ་གསུངས་པ༔  ཧཱུྂ༔  བྱང་ཆུབ་སེམས་ནི་འབྱུང་བ་ལྔ་ཡིན་ཏེ༔  མ་བཅོས་རང་བཞིན་གསལ་བ་མཁའ་ལྟར་དག༔  འགྲོ་བའི་གཟུང་འཛིན་བསྲེགས་པས་མེ་ལྟར་འབར༔  དམིགས་མེད་གཡོ་འགུལ་བྱེད་པས་རླུང་ལྟར་སྣང་༔  གཟུང་འཛིན་དྲི་མ་དག་པས་ཆུ་ལྟར་དག༔  ཅིས་ཀྱང་བསྐྱོད་དུ་མེད་པས་ས་ལྟར་གནས༔  འབྱུང་ཆེན་འདུས་པའི་རང་བྱུང་བྱང་ཆུབ་སེམས༔  འདི་ལ་བསྒོམ་པ་རྡུལ་ཙམ་མེད་པར་འཁུམས༔  མ་རིག་མཚན་མའི་རྟོག་པ་འདི་བཀྲོལ་ནས༔  རྩོལ་མེད་བདེ་ཆེན་ས་ལ་བདག་གིས་ཕྱིན༔  ཞེས་གསུངས་སོ༔  གནོད་སྦྱིན་མོ་བྱང་ཆུབ་མའི་གསང་མཚན་ལྷ་མོ་རབ་འབར་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ཏེ་རྒྱ་མཚོའི་གླིང་ལ་དམར་རེངས་གཉིས་པ་ཤར་བའི་དུས་སུ་གསུངས་པ༔  ཧཱུྂ༔  ཆོས་དབྱིངས་བྱང་ཆུབ་སེམས་ལ་ལྟ་ཞིང་མཆིས༔  ལྟ་བའི་སེམས་མེད་ཡོངས་ལ་གསལ་བར་སྣང་༔  ཅིས་ཀྱང་མ་བསླད་གང་གིས་བཅོས་སུ་མེད༔  མ་བཅོས་བྱང་ཆུབ་སེམས་ཀྱི་དོན་རྟོགས་པས༔  ལྟ་དང་ལྟ་བར་བྱ་བ་གཉིས་ལས་གྲོལ༔  འདི་ལས་གཞན་དུ་སྒོམ་དུ་མེད་པར་འཁུམས༔  བག་ཆགས་འཛིན་པའི་རྟོག་པ་དེས་གྲོལ་ཏེ༔  རང་བྱུང་རྩོལ་མེད་ལྷུན་གྲུབ་དགོངས་པ་རྙེད༔  ཅེས་གསུངས་སོ༔  སྨད་འཚོང་མ་བདག་ཉིད་མའི་གསང་མཚན་རྡོ་རྗེ་ལྷུན་གྲུབ་ཐོགས་མེད་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ནས་ཤིང་ན་ལ་བྱི་ས་ནའི་རྩར་དམར་རེངས་གསུམ་པ་ཤར་བའི་དུས་སུ་རྟོགས་པ་མཐར་ཕྱིན་པའི་དོན་གསུངས་པ༔  ཧཱུྂ༔  ཆོས་ཉིད་བྱང་ཆུབ་སེམས་ལ་བསྟན་དུ་མེད༔  སེམས་ལས་ལོགས་ན་སངས་རྒྱས་མི་རྙེད་དེ༔  སེམས་ཀྱི་རང་བཞིན་ཡེ་ནས་སངས་རྒྱས་ཡིན༔  རང་བྱུང་མ་བཙལ་བྱང་ཆུབ་སྙིང་པོ་ལ༔  ཏིང་འཛིན་མ་བསྒོམས་ངང་གིས་གསལ་བ་ལ༔  སངས་རྒྱས་དགོངས་པ་གུད་ན་མེད་པར་འཁུམས༔  རྣམ་རྟོག་ཕུང་པོའི་མདུད་པ་རང་གྲོལ་ཏེ༔  གཉིས་མེད་བདེ་ཆེན་སྙིང་པོའི་ཉི་ཤར་རོ༔  ཞེས་གསུངས་སོ༔  འཇམ་དཔལ་བཤེས་གཉེན་ཕྱི་མའི་གསང་མཚན་རྡོ་རྗེ་དགྱེས་རབ་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ནས༔  ཤིང་ནྱ་གྲོ་ཏའི་རྩར་སྲོད་ཀྱི་ཐུན་ལ་བཞེངས་ནས་རྡོ་རྗེའི་མགུར་གསུངས་པ༔  ཧཱུྂ༔  ཀུན་གཞི་ཆོས་ཉིད་ཡངས་པ་ལ༔  ཡེ་ཤེས་ཉི་མ་རང་ཤར་བས༔  ཤར་བའི་དུས་ན་ཤར་ནུབ་མེད༔  སངས་རྒྱས་གཞན་ནས་བཙལ་དུ་མེད༔  དེ་ཉིད་བཅོས་སུ་མེད་པ་ནི༔  སངས་རྒྱས་དགོངས་པ་ཡིན་པར་འཁུམས༔  བྱང་ཆུབ་སེམས་ཀྱི་བདུད་རྩི་མྱོང་༔  མྱོང་བས་ཡེ་ཤེས་རྡོ་རྗེ་འོ༔  ཞེས་གསུངས་སོ༔  ཨ་ཙརྻ་ཨཱ་ལོ་ཀེའི་གསང་མཚན་རྡོ་རྗེ་འགྱུར་མེད་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ནས༔  དཔག་བསམ་ལྗོན་ཤིང་གི་རྩར་ཐོ་རངས་ཁ་གསུངས་པ༔  ཧཱུྂ༔  བྱང་ཆུབ་སེམས་ནི་སྐྱེ་མེད་ནམ་མཁའི་ཀློང་༔  སྐྱེ་འགག་གཉིས་མེད་རང་བཞིན་གནས་པ་ལ༔  རང་རིག་གཉིས་མེད་རྟོགས་པའི་ཉི་མ་ཤར༔  ཕྱི་ནང་མཐའ་དབུས་མེད་པར་གསལ་བར་སྣང་༔  དུས་གསུམ་སངས་རྒྱས་རྣམས་ཀྱི་དགོངས་པ་ཡང་༔  འདི་ལས་གཞན་ན་མེད་པར་བདག་གིས་འཁུམས༔  ཟག་མེད་མི་འགྱུར་སེམས་ཀྱི་བདུད་རྩི་ཡིས༔  འཁོར་བའི་གཅོང་འབྱིན་སྐྱེ་མེད་ཆོས་སྐུའོ༔  ཞེས་གསུངས་སོ༔  ཨུ་རྒྱན་གྱི་མཁན་པོ་མཧཱ་རཱ་ཛའི་གསང་མཚན་རྡོ་རྗེ་ལེགས་ལྡན་གྲུབ་པའི་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ཏེ༔  རིན་པོ་ཆེའི་གླིང་དུ་ནམ་ཕྱེད་ཡོལ་ལ་གསུངས་པ༔  ཧཱུྂ༔  སེམས་ཉིད་སངས་རྒྱས་ཡིན་པ་ལ༔  སེམས་ལས་ལོགས་ན་སངས་རྒྱས་མེད༔  སེམས་ཉིད་ཡེ་ནས་སངས་རྒྱས་ལས༔  རྟོག་པ་མི་འགྱུར་རྡོ་རྗེའི་གདེང་༔  དུས་གསུམ་སངས་རྒྱས་མ་ལུས་ལ༔  དགོངས་པ་འདི་ལས་མེད་པར་འཁུམས༔  ཆོས་ཉིད་ནམ་མཁའ་ཆེན་པོ་ལ༔  རྣལ་འབྱོར་རིག་པའི་ཁྱུང་ཆེན་ལྡིང་༔  ཞེས་གསུངས་སོ༔  དྲང་སྲོང་བྷ་ཤཱི་ཏའི་གསང་མཚན་རྡོ་རྗེ་དགྱེས་པའི་ཆེ་མཆོག་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ནས་ནྱ་གྲོ་ཏའི་དགོན་པར་ནམ་ཕྱེད་ཡོལ་ཙམ་ན་རྡོ་རྗེའི་གུར་གསུངས་པ༔  ཧཱུྂ༔  མཁའ་ལ་གཟའ་སྐར་ཀུན་འཕྱོ་བ༔  གདོད་ནས་དག་པའི་ནམ་མཁའ་བསྐྱོད་མི་བྱེད༔  བྱང་ཆུབ་སེམས་ལ་མཚན་རྟོག་ཅི་ཡང་སྣང་༔  སེམས་ཉིད་རྣམ་དག་དབྱིངས་ལས་འགྱུར་བ་མེད༔  དེ་ལྟར་རྟོགས་པའི་ཡེ་ཤེས་ཉི་ཤར་བས༔  སངས་རྒྱས་རྣམས་དང་དགོངས་པ་གཅིག་པར་འཁུམས༔  དེ་རྟོགས་ཡེ་ཤེས་རིག་པའི་རླུང་ཆེན་གྱིས༔  རྣམ་རྟོག་རྡུལ་ཕྲན་གཉིས་མེད་དབྱིངས་སུ་ཕྱགས༔  ཞེས་གསུངས་སོ༔  སྲས་མོ་གོ་མ་དེ་བྱིའི་གསང་མཚན་རྡོ་རྗེ་གསང་བའི་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ནས་གསུངས་པ༔  ཧཱུྂ༔  དུས་གསུམ་སངས་རྒྱས་དགོངས་པ་ཡི་གེ་ཨ༔  ཨ་ཡི་རང་བཞིན་ཡེ་ནས་དངོས་པོ་མེད༔  བདེ་གཤེགས་ཀུན་གྱི་འབྱུང་གནས་ཡི་གེ་ཨ༔  ཨ་ཡི་དངོས་གཞི་ཡེ་ནས་བྱང་ཆུབ་སེམས༔  སྐྱེ་མེད་མི་དམིགས་ཡེ་ཤེས་རང་བྱུང་ལས༔  མ་བཅོས་མ་ཡེངས་མཉམ་པར་བཞག་པའོ༔  དགོངས་པའི་དོན་ལ་འདི་ལས་མེད་པར་འཁུམས༔  སྐྱེ་མེད་བྱང་ཆུབ་གདོད་ནས་སངས་རྒྱས་པའོ༔  ཞེས་གསུངས་སོ༔  ཁ་ཆེ་རབ་སྣང་གི་གསང་མཚན་རྡོ་རྗེ་རང་བྱུང་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ནས༔  ཙན་དན་གྱི་སྡོང་པོའི་རྩར་ནམ་ཕྱེད་ཡོལ་ལ་རྡོ་རྗེའི་མགུར་གསུངས་པ༔  ཧཱུྂ༔  བྱང་ཆུབ་སེམས་ནི་ཡེ་ནས་ཆོས་ཀྱི་སྐུ༔  དམིགས་མེད་མཁའ་ལྟར་དག་པས་ཁྱབ་པར་སྣང་༔  སྣང་བ་མ་ལུས་སྟོང་པ་ཆེན་པོ་སྟེ༔  སྣང་བ་ཐམས་ཅད་སྟོང་པའི་རང་བཞིན་ཡིན༔  སྣང་དང་སྟོང་པ་གཉིས་མེད་དོན་རྟོགས་ན༔  གཏོར་བྲལ་མེད་པ་མ་ཡེངས་དགོངས་པ་སྟེ༔  ཆོས་ཉིད་བྱང་ཆུབ་སེམས་ཀྱི་བདུད་རྩི་ཡིས༔  ཁམས་གསུམ་འཁོར་བའི་ནད་སོས་རྣམ་པར་དག༔  ཅེས་གསུངས་སོ༔  ལྷའི་རྒྱལ་པོའི་གསང་མཚན་རྡོ་རྗེ་རྫོགས་དབང་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ནས༔  གྲོང་ཁྱེར་དཔལ་ཡོན་ཅན་དུ་སྲོད་ཀྱི་དུས་སུ་མགུར་གསུངས་པ༔  ཧཱུྂ༔  སྣང་སྲིད་ཆོས་ཀུན་བྱང་ཆུབ་སེམས་རྟོགས་ན༔  སྣང་བ་ཐམས་ཅད་ཡེ་ནས་ཀུན་ཏུ་བཟང་༔  ཡང་དག་ཉིད་དུ་འདི་ལྟར་བསྒོམ་བྱ་སྟེ༔  སྣང་བ་རྣམ་དག་བདུད་རྩི་སྐུ་གསུང་ཐུགས༔  སྐྱེ་མེད་དོན་རྟོགས་མ་ཡེངས་བཞག་པ་ལས༔  སྒོམ་དང་མི་བསྒོམ་གཉིས་ཀྱི་མཐའ་ལས་འདས༔  ཡང་དག་དོན་ལ་མི་འདའ་སྒོམ་པ་སྟེ༔  སྐྱེ་མེད་ཀློང་ལས་ཡེ་ཤེས་ཆེན་པོ་ཤར༔  ཞེས་གསུངས་སོ༔  བྷུ་ཏ་ཀུག་ཏའི་གསང་མཚན་རྡོ་རྗེ་གྲུབ་མཆོག་སྨྲ་བའི་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ནས་བདེ་བའི་གནས་སུ་གསུངས་པ༔  ཧཱུྂ༔  ཆོས་རྣམས་རང་བཞིན་མ་བཅོས་བྱང་ཆུབ་སེམས༔  མ་བཅོས་ཡེ་ནས་ཀུན་ཏུ་བཟང་པོ་ལ༔  རང་བྱུང་རང་སྣང་འགྱུར་བ་མེད་པའི་ངང་༔  འགྱུར་མེད་རང་བྱུང་བྱང་ཆུབ་སེམས་རྟོགས་ན༔  རྟོག་པའི་ཚོགས་རྣམས་རང་བྱུང་རང་ཞི་སྟེ༔  དེ་ལ་གཉེན་པོ་མི་བསྟེན་སྒོམ་པར་འཁུམས༔  གཉིས་མེད་སེམས་སུ་མ་གྱུར་གང་ཡང་མེད༔  སངས་རྒྱས་བྱ་བ་དེ་ཡིན་བཙལ་མི་དགོས༔  ཞེས་གསུངས་སོ༔  ཤྲཱི་སིང་ཧའི་གསང་མཚན་རྡོ་རྗེ་ཐུགས་མཆོག་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ནས་བསམ་གཏན་གྱི་ཁང་བུར་ཚོགས་འཁོར་གྱི་དུས་སུ་གསུངས་པ༔  ཧཱུྂ༔  ཇི་ལྟར་བསམས་ཀྱང་བསྒོམ་དུ་མེད༔  ཇི་ལྟར་སྨྲས་ཀྱང་སྤྱད་དུ་མེད༔  ཡེ་ཤེས་ཆེན་པོའི་དབྱིངས་ཉིད་ལ༔  རྒྱུ་རྐྱེན་མེད་པར་འོད་གསལ་བས༔  གཉིས་མེད་བསམ་བྲལ་ཡེ་ཤེས་ལ༔  ཡེངས་པ་མེད་པར་མཉམ་པར་བཞག༔  དགོངས་པ་འདི་ལས་མེད་པར་འཁུམས༔  དེ་ནི་རྣལ་འབྱོར་དབང་ཕྱུག་ཆེ༔  ཞེས་གསུངས་སོ༔  དེ་རྣམས་གདུང་རབས་ཀྱི་མགུར་བརྒྱད་པའོ༔  དེ་ཡར་བཅད་སེམས་ཕྱོགས་སྤྱིའི་ལོ་རྒྱུས་སོ༔  ཁྱད་པར་དུ་བརྒྱུད་པ་ཀེའུ་ཚང་དང་པོ་ན་སྤྲུལ་སྐུ་དགའ་རབ་རྡོ་རྗེདང་༔  བར་པ་ན་འཇམ་དཔལ་བཤེས་གཉེན༔  མཐའ་མ་ན་ཤྲཱི་སིང་ཧ་སྟེ༔  བརྒྱུད་པའི་རིམ་པ་གསུམ་ནས་བཻ་རོ་ཙ་ན་ལ་བརྒྱུད་པའང་ཡོད༔  ཡང་སྤྲུལ་སྐུ་དགའ་རབ་རྡོ་རྗེ༔  དེ་ལ་འཇམ་དཔལ་བཤེས་གཉེན༔  དེ་ལ་རྒྱལ་པོ་དྷ་ཧེ་ན་ཏ་ལོ་ལ་སོགས་པ་བདུན་གྱིས་ཞུས༔  དེ་བདུན་ཀ་ལ་ཤྲཱི་སིང་ཧས་ཞུས༔  དེ་ནས་བཻ་རོ་ཙ་ན་ལ་བརྒྱུད་པའང་ཡོད༔  གདུང་རབས་རྣམས་ལ་གོ་རིམ་ངེས་པ་མེད༔  བརྒྱུད་པའི་བཀའ་བབས་རེ་ལ་བརྒྱུད་ལུགས་རེ་རེ་ཡོད་དོ༔  དེ་ལས་ཁྱད་པར་དུ་འཕགས་པ་ཤན་འབྱེད་བྲམ་ཟེའི་སྐོར་དང་༔  ལ་ཟློ་བ་རྒྱལ་པོའི་སྐོར༔  རང་གྲོལ་མངོན་སུམ་དུ་སྟོན་པ་མན་ངག་གི་སྐོར་དང་གསུམ་ལས༔  འདིར་ཁྱད་པར་དུ་ཕྱི་མ་མན་ངག་གི་སྐོར་ནི༔  རྒྱལ་བ་དགོངས་པས་བརྒྱུད་ནས༔  དགའ་རབ་རྡོ་རྗེའི་ཡན་ཆོད་ནི༔  འདིའི་གཞུང་དང་མཐུན་པར་གོང་དུ་བསྟན་ནོ༔  དེ་ལ་རིག་འཛིན་རིག་པས་བརྒྱུད་པ་ནི༔  རྒྱ་གར་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་༔  མཚོ་ཀུ་ཏྲའི་འགྲམ༔  དུར་ཁྲོད་གསེར་གླིང་ཧེ་ཆེན་བརྡལ་བའི་འདབ༔  རྡོ་རྗེ་གླིང་ཕུག་གི་གནས༔  རང་བྱུང་ལྷུན་གྱིས་གྲུབ་པའི་ཕོ་བྲང་ན༔  སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ཞེས་བྱ་བ༔  རྩོལ་མེད་རང་བྱུང་གི་བསྟན་པ་སྒྲོག་ཅིང་བཞུགས་པ་ལ༔  བྲམ་ཟེ་དཔལ་ལྡན་བདེ་སྐྱོང་སྙིང་པོའི་བུ༔  བྲམ་ཟེ་སྙིང་པོ་གྲུབ་པ་ཞེས་བྱ་བ༔  དགེ་སློང་རིག་པའི་གནས་ལྔ་ལ་མཁས་པ༔  རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་ཐུགས་སུ་ཆུད་པ་དེ་ལྟ་བུ་ཞིག་ཡོད་པ་ལ༔  དེ་འཇམ་དཔལ་གྱི་སྤྲུལ་པ་ཡིན་ཏེ༔  དེ་ལ་ལྷས་ལུང་བསྟན་པ༔  དབུལ་པོ་རང་གཏེར་རྙེད་འདོད་ན༔  རྡོ་རྗེ་གླིང་ཕུག་གནས་རི་ན༔  ཡང་སྤྲུལ་གང་ཟག་ཐུགས་སྲས་ལ༔  ལྡེ་མིག་ལོངས་ལ་རང་གཏེར་སྤྱོད༔  ཅེས་ལུང་བསྟན་ཏོ༔  དེར་སྙིང་པོ་གྲུབ་པ་སྙིང་པོའི་དོན་ལ་མོས་ཤིང་༔  དགའ་བ་དང་ལྷག་པའི་བསམ་པས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་ཕྱག་འཚལ་གསོལ་བ་བཏབ་ནས་ཕྱིན་པས༔  ངམ་ཤོད་གླིང་གི་དུར་ཁྲོད་མཁའ་འགྲོའི་གླིང་དུ་བསླེབས་པ་ལས༔  པུ་ཏྲ་གསུམ་གྱིས་བརྡའ་བསྟན་བྱིན་གྱིས་བརླབས་པས༔  རྡོ་རྗེ་གླིང་ཕུག་ཏུ་དེ་མ་ཐོག་ལ་བརྟོལ་བར་གྱུར་ཏོ༔  རིན་པོ་ཆེ་ལ་སོགས་པའི་མཆོད་པ་སྣ་ཚོགས་ཕུལ༔  ཕྱག་དང་སྐོར་བ་བྱས་ཏེ་གསོལ་བ་བཏབ་ནས་སྙིང་པོའི་དོན་ཞུས་པས༔  དང་པོ་སེམས་སྡེའི་སྐོར་ལ༔  སེམས་སྡེ་རྩ་བའི་རྒྱུད་བཅོ་བརྒྱད་ཡན་ལག་གི་རྒྱུད་དང་བཅས་པ༔  དབང་མན་ངག་ལ་སོགས་པ་རྫོགས་པར་གནང་ངོ་༔  ཀློང་སྡེའི་སྐོར་ལ༔  རྒྱུད་མན་ངག་ལ་སོགས་པ་གནང་ངོ་༔  དེ་ལ་སོགས་ཏེ་ཨ་ཏི་ཡོ་གའི་རྒྱུད་དང་མན་ངག་དབང་དང་བཅས་པ་རྣམས་རྫོགས་པར་གནང་ངོ་༔  དེས་ཀྱང་ཐུགས་མ་ཚིམས་པར་ཕྱག་དང་སྐོར་བ་བྱས༔  རིན་པོ་ཆེ་ལ་སོགས་མེ་ཏོག་ཕུལ་ནས་ཞུས་པ༔  ཨེ་མ་ཧོཿ རྒྱལ་སར་བཏོན་ལ་དབང་རྣམས་བསྐུར༔  དབུལ་པོ་རང་གཏེར་ལག་ཏུ་གཏད༔  ངེས་པར་གཏད་ཀྱིས་གུས་པར་ལོངས༔  རྒྱལ་སྲས་ཞེས་ཚངས་པའི་དབྱངས་སུ་བརྡས་གསུངས་ཏེ༔  རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར༔  རང་གྲོལ་མངོན་སུམ་དུ་བརྡའ་སྤྲད་ནས༔  ཕྱི་ལྟར་དུ་འཇམ་དཔལ་བཤེས་གཉེན་དུ་མིང་བཏགས༔  ནང་ལྟར་དབང་གི་དུས་སུ་གསང་མཚན་རྡོ་རྗེ་གསལ་མཛད་རྩལ་དུ་བཏགས་སོ༔  དེར་གནས་ལུགས་གཙོར་སྟོན་པ་ཡེ་ཤེས་རྫོགས་པ་རྩ་བའི་རྒྱུད་ལྔ་དང་༔  ཀུན་འདུས་རིན་པོ་ཆེ་འོད་ཀྱི་རྒྱུད་དང་༔  ཀློང་དགུའི་རྒྱུད་ལ་སོགས་པ་ཡན་ལག་གི་རྒྱུད་ཉི་ཤུ་རྩ་ལྔ་དང་༔  སྤྲུལ་པའི་སྐུ་དགའ་རབ་ཀྱི་དགོངས་པའི་བཅུད་ཕྱུང་བ་རིན་པོ་ཆེའི་གཏེར་གཏད་པ་དང་༔  ཀློང་དགུ་ལ་སོགས་པ་བཀའི་མན་ངག་ཕྲན་བུ་བཅོ་བརྒྱད་དང་༔  རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་ལ་སོགས་པ་དབང་གི་ཆུ་བོ་བདུན་དང་༔  གསང་བདག་དང་མ་མོ་གསུམ་གྱིས་རྩོལ་མེད་ཀྱི་བསྟན་པ་སྐྱོང་བར་དབང་བསྐུར་ནས་རྫོགས་པར་གནང་ངོ་༔  དེར་དགའ་རབ་ཀྱིས་གཉེར་གཏད་པ་ནི༔  ཐ་སྙད་ཟེར་སྤངས་དོན་དྲིལ་ནས༔  འཇམ་དཔལ་བྱིན་རླབས་བུ་ལ་གཏད༔  རིགས་མཐུན་སྐལ་ལྡན་འགའ་འགའ་ལ༔  རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ༔  རང་གྲོལ་མན་ངག་སྐབས་ཕྱེ་ལ༔  ཐམས་ཅད་ཕྱོགས་དྲིལ་རྒྱས་བཏབ་སྟེ༔  རྣམ་རྟོག་སྤྲོས་པ་ཐིག་ལེས་བཅད༔  ཆེ་ལྔས་ཁྱད་པར་འཕགས་ཏེ་བཀྲོལ༔  གཏེར་ཆེན་གཏད་དོ་སྐྱེས་ལེགས་ཆོངས༔  ཞེས་གསུངས་ནས༔  རྒྱ་གསུམ་དང་བཅས་ནས་གཏད་དོ༔  དེར་འཇམ་དཔལ་བཤེས་གཉེན་གྱིས་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་ལ་རང་གྲོལ་མངོན་སུམ་དུ་ངོ་འཕྲོད༔  རང་བྱུང་བདུད་རྩིའི་བཅུད་ལོངས༔  རང་སེམས་རིན་ཆེན་གཏེར་རྙེད༔  བསྟན་པ་ཐམས་ཅད་ཐུགས་ལ་རྫོགས་ནས༔  རང་གི་རྟོགས་ཤིང་སྤྲུལ་པའི་སྐུ་ལ་དྲིལ་བའི་ཚིག་གཏང་རག་ཏུ་བརྗོད་པ་ནི༔  བདག་ཅག་ཐོག་མའི་དུས་མཐའ་ནས༔  རང་གཏེར་ཡིད་བཞིན་ནོར་བུ་བྲལ༔  དམ་པ་མཆོག་གི་རང་གཏེར་གསལ༔  དབུལ་སེལ་བདེ་ལྡན་བཀའ་དྲིན་ཆེ༔  ཞེས་གསུངས་སོ༔  དེར་འཇམ་དཔལ་བཤེས་གཉེན་གྱིས༔  ཨུ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་༔  རྡོ་རྗེ་གླིང་ཕུག་གི་ཉེ་འཁོར་ན་བཀྲ་ཤིས་རང་བྱུང་གི་གནས༔  ཤིང་དྲ་བ་གཙུག་དགུ་བཀོད་པའི་ཚལ༔  གནོད་སྦྱིན་མང་པོ་འདུ་བའི་ས༔  གསེར་གྱི་བྲག་ཕུག་ཡུ་བ་ཅན་ཞེས་བྱ་བར་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་མཇལ་བའི་སྤྲུལ་སྐུ་དགའ་རབ་རྡོ་རྗེས་ཞབས་ཀྱིས་བཅགས་པ༔  མཁའ་འགྲོ་མ་དཔག་ཏུ་མེད་པ་འདུ་བའི་གནས་དེར༔  མཁའ་འགྲོ་མའི་ལོ་བརྒྱ་བཅུར་གནས་པའི་བཅུད་ལ་ཞུགས་པས༔  རྩོལ་མེད་བདེ་བ་ཆེན་པོའི་ས་ནོན་ཏེ་མཐར་ཕྱིན་པར་གྱུར་ཏོ༔  དེ་ཙམ་ན་སུམ་ཅུ་རྩ་གསུམ་ན༔  ལྷའི་རྒྱལ་པོ་བདུད་རྩི་སྨན་གྱི་སྒོ་ནས་སོར་ཆུད་པ༔  ཚེ་ལ་དབང་བའི་རིག་འཛིན་ཐོབ་པ་ཞིག་ཡོད་པས༔  དེས་རང་གི་མངོན་པར་ཤེས་པས་མིའི་ཡུལ་ན་སྙིང་པོ་རྣལ་མའི་དོན༔  རྩོལ་མེད་ཨ་ཏི་ཡོ་ག་འདུག་པར་མཁྱེན་ནས་མི་ཡུལ་དུ་བྱོན་ཏེ༔  ཡབ་ཤཱཀྱའི་རིགས་དྷརྨཱ་ཤྲཱི་ཞེས་བྱ་བའི་སྲས་སུ་སྐུ་འཁྲུངས་ཏེ༔  བུ་ལ་ལྷའི་མཚན་ལྟས་ཐམས་ཅད་ཚང་བ་ཅིག་བྱུང་སྟེ༔  མིང་ཡང་རྒྱལ་སྲས་ལྷའི་བུ་ཞེས་བྱ་བར་མཚན་ཡང་བཏགས་སོ༔  དེས་སྙིང་པོ་རྣལ་མའི་དོན་རང་བྱུང་རྩོལ་མེད་རྫོགས་པ་ཆེན་པོའི་དོན་འཚོལ་དུ་ཕྱིན་པས༔  རང་གི་ལྷའི་སྤྱན་གྱིས་ཀྱང་གཟིགས༔  སློབ་དཔོན་འཇམ་དཔལ་བཤེས་གཉེན་ཞེས་བྱ་བ༔  སྤྲུལ་པའི་སྐུ་དགའ་རབ་ཀྱིས་སྨིན་པར་མཛད་པ་ཞིག་གསེར་གྱི་བྲག་ཕུག་ཡུ་བ་ཅན་བྱ་བ་ན་ཡོད་པར་ཐོས་ནས་དེར་བྱོན་པས༔  སྤྲུལ་སྐུ་དགའ་རབ་རྡོ་རྗེ་དང་༔  འཇམ་དཔལ་བཤེས་གཉེན་གཉིས་ཀ་དང་མཇལ༔  དགའ་རབ་ཀྱིས་བྱིན་གྱིས་བརླབས་ནས༔  འཇམ་དཔལ་བཤེས་གཉེན་དང་འབྲེལ་བ་ཡོད་པས༔  སྙིང་པོའི་དོན་ལོངས་པར་ལུང་བསྟན༔  དེར་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་ཁྱེའུ་ཆུང་ཟུར་ཕུད་ཅན་ཅིག་ཏུ་བཞུགས་པ་ལ༔  ལྷའི་བུས་ལྷའི་ནོར་བུ་རིན་པོ་ཆེ་ལ་སོགས་པའི་མཆོད་པ་དང་༔  འདོད་ཡོན་དུ་མས་མཆོད་དེ་ཉིན་གསུམ་དུ་ཕྱག་དང་སྐོར་བ་བྱས་ནས་ཞུས་པ༔  ལྷ་གནས་སུམ་ཅུ་རྩ་གསུམ་དུ༔  བདུད་རྩི་སྨན་ལ་སོར་ཆུད་དེ༔  སྙིང་པོའི་དོན་ལ་རྩལ་མ་འབྱོངས༔  བྱམས་པས་ཉི་ཟེར་ཞགས་པས་བཟུང་༔  ཞེས་གསོལ་བ་བཏབ་པས༔  དང་པོ་རྩོལ་མེད་ཨ་ཏིའི་བསྟན་པ་སྤྱིར་མང་དུ་གནང་བ་ལ༔  དེས་ཐུགས་མ་ཚིམས་ནས་ཡང་གསོལ་བ་བཏབ་པ༔  ད་ལྟ་ཉིད་དུ་མངོན་སུམ་དུ་རྩོལ་བ་མེད་པར་སངས་རྒྱས་པ་ཞིག་ཞུ་ཞེས་གསོལ་པས༔  རྒྱལ་ཐབས་སྤྱི་བླུགས་སུ་དབང་བསྐུར༔  རང་གྲོལ་མངོན་སུམ་དུ་ངོ་སྤྲད༔  སྙིང་པོ་རྣལ་མའི་བཅུད་རང་གི་གཏེར་གཏད་དེ༔  ཕྱི་ལྟར་བདུད་རྩི་ཆོས་ཀྱི་རྒྱལ་པོར་མིང་བཏགས༔  ནང་ལྟར་དབང་གི་དུས་སུ་རྡོ་རྗེ་གཏེར་ཆེན་རྩལ་དུ་གསང་མཚན་བཏགས༔  རྒྱུད་དབང་མན་ངག་ཀུན་རྫོགས་པར་གནང་ནས་རྒྱ་གསུམ་དང་བཅས་ཏེ་གཏད་དོ༔  བསྐུལ་མ་རྐྱེན་གྱིས་མན་ངག་ནི༔  སངས་རྒྱས་མི་རྙེད་ཕྱིར་ཡང་བསྒོམས་པས་མི་རྙེད་དེ༔  སེམས་ཀྱི་སྤྱོད་ཡུལ་ཤེས་པ་དེ་དག་ཆོས་རྣམས་ཀུན་ནི་ཆོས་ཉིད་ཡིན༔  རྣམ་བྲལ་གང་ལའང་མཆོག་དང་མཐའ་མ་མེད་པར་ལམ་མཆོག་འདི་བསྒོམ་མོ༔  འདུ་བྱེད་མ་སྐྱེས་ཆོས་ཀུན་བྱུང་མེད་ཤིན་ཏུ་མྱ་ངན་འདས༔  བསྒོམ་པའི་ཞེས་པ་ལ་སོགས་པ་གསུངས་སོ༔  དེར་བདུད་རྩི་ཆོས་ཀྱི་རྒྱལ་པོས་རང་གྲོལ་མངོན་སུམ་དུ་ངོ་འཕྲོད༔  རང་གི་སེམས་ཉིད་ཀྱི་གཏེར་རྙེད༔  སྙིང་པོ་རྣལ་མའི་བཅུད་ལོངས༔  རྩོལ་མེད་བདེ་ཆེན་གྱི་ས་ལ་གནས་པར་གྱུར་ཏོ༔  དེར་ལྷའི་རྒྱལ་པོས་དྲིན་ལན་བརྗོད་ཅིང་རྟོགས་པ་ཕུལ་བ་ནི༔  རྩོལ་བས་ཡིད་དབྱུང་རྩོལ་བས་བཙལ༔  ཨེ་མ་ཧོ་རང་གྲོལ་སྐུ་དྲིན་ཆེ༔  རྩོལ་བཅས་འདོད་ཉིད་རྩོལ་དང་བྲལ༔  རྩོལ་བཅས་རང་གྲོལ་སྐུ་དྲིན་ཆེ༔  ཞེས་པ་ལ་སོགས་པ་གཏང་རག་ཕུལ་ལོ༔  དེར་བདུད་རྩི་ཆོས་ཀྱི་རྒྱལ་པོས་བཀྲ་ཤིས་དཔལ་དང་ལྡན་པའི་གནས༔  རང་བཞིན་གྱིས་མཁའ་འགྲོ་འདུ་ཞིང་བྱིན་གྱིས་བརླབས་པའི་ས༔  ཟ་མ་ཏོག་གི་བསིལ་ཁང་དུ་ལོ་བརྒྱད་ཅུ་རྩ་བདུན་དུ་རྩོལ་མེད་བདེ་བ་ཆེན་པོའི་དོན་ལ་མཉམ་པར་ཞུགས་པས་མཐར་ཕྱིན་ཏོ༔  དེ་ལ་འོ་མ་མཚོའི་གླིང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་བརྒྱན་པའི་གླིང་ན༔  ཀླུའི་རྒྱལ་པོ་དགའ་བོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་དེས༔  ཀླུའི་དོན་མཛད་ཅིང་བཞུགས་པ་ལས༔  མིའི་ཡུལ་ན་རྩོལ་མེད་རྫོགས་པ་ཆེན་པོའི་དོན་ཨ་ཏི་ཡོ་ག་འདུག་པ་ཀླུ་རྒྱལ་རང་གི་མངོན་པར་ཤེས་པས་མཁྱེན་ནས༔  ཐུགས་དགྱེས་ཏེ་མིའི་ཡུལ་དུ་གདོལ་པའི་རིགས་ལས་ཡབ་ཨ་བརྡྷ་ཛྙཱ་ན་ཞེས་བྱ་བ་དང་༔  ཡུམ་རྒྱ་མཚོ་མ་ཞེས་བྱ་བའི་སྲས་སུ་འཁྲུངས་ཏེ༔  སྐྱེ་བ་སྔ་མའི་ལས་ཀྱིས་སྦྲུལ་མགོའི་གདེངས་ཀ་ལྔ་པ་ཞིག་བྱུང་ངོ་༔  དེ་ལ་ཕ་མ་གཉིས་སྐྲག་ནས་དུར་ཁྲོད་དུ་བསྐྱལ་བས༔  པུ་ཏྲས་ལུང་བསྟན་པ༔  སྙིང་པོའི་དོན་ལ་ཐུགས་ཕངས་པའི་སྤྲུལ་པ་ཡིན་གྱིས༔  ལས་ཀྱིས་འབྲེལ་བའི་ཕ་མ་ཡིན་པས་གསོས་ཤིག་ཅེས་ལུང་བསྟན་ཏོ༔  དེར་ཕ་མས་བདེན་སྙམ་ནས་བསོས་སོ༔  མིང་ནཱ་ག་ར་ཛ་སཾ་ཀྲི་ཏ་ཞེས་བཏགས་སོ༔  ཁྱེའུ་དེ་ཤིན་ཏུ་སྐྱེད་ཆེ་ཞིང་མྱུར་དུ་ཚར་ཏེ་བློ་གྲོས་དང་ལྡན་པ་ཅིག་བྱུང་ངོ་༔  དེས་སྙིང་པོ་རྣལ་མའི་དོན་བཙལ་བས་རྒྱལ་པོ་ཧསྟི་དང་མཇལ་ནས༔  སྨིན་པའི་དབང་ཐོབ་ནས་སྣོད་དུ་རུང་བར་བྱས༔  སྲས་མོ་མེ་ཏོག་གསལ་གྱིས་ནམ་མཁའ་ཆེ་ལ་སོགས་པ་སེམས་ཕྱོགས་ཀྱི་ཆོས་མང་དུ་གནང་སྟེ༔  དེས་ཀྱང་ཐུགས་མ་ཚིམས་ནས༔  རྡོ་རྗེ་གླིང་ཕུག་ན་སྤྲུལ་པའི་སྐུ་དགའ་རབ་དང་འཇམ་དཔལ་བཤེས་གཉེན་བཞུགས་པ་མཁྱེན་ཏེ་བྱོན་པས༔  དགའ་རབ་དང་འཇམ་དཔལ་བཤེས་གཉེན་གཉིས་ཀ་དང་ཞལ་མཇལ་ཏེ་བྱིན་གྱིས་བརླབས་བརྡའ་བསྟན༔  ཟ་མ་ཏོག་གི་བསིལ་ཁང་ན་བདུད་རྩི་ཆོས་ཀྱི་རྒྱལ་པོ་ཡོད་ཀྱིས༔  དེ་རུ་འབྲེལ་བ་ཡོད་པས་སོང་ཞིག༔  དེར་སྙིང་པོའི་དོན་རྟོགས་པར་འགྱུར་རོ་ཞེས་ལུང་བསྟན་ཏོ༔  དེར་ཕྱིན་པས་ཟ་མ་ཏོག་གི་བསིལ་ཁང་ན་བདུད་རྩི་ཆོས་ཀྱི་རྒྱལ་པོ་དང་མཇལ་ཏེ༔  དེར་ཕྱག་དང་སྐོར་བ་བྱས་རིན་པོ་ཆེ་འབར་བ་གཅིག་ཕུལ༔  གདུག་པའི་སེམས་ཀྱིས་བྱོལ་སོང་ལུས་སུ་སྨིན༔  བསོད་ནམས་ལས་ཀྱིས་ཡོན་ཏན་དཔག་མེད་ཀྱང་༔  སྙིང་པོའི་དོན་སྩོལ་ཐུགས་རྗེའི་ཞགས་པས་བཟུང་༔  ཞེས་བརྗོད་པས༔  དང་པོ་རྩོལ་མེད་རྫོགས་པ་ཆེན་པོའི་རྒྱུད་དང་མན་ངག་སྤྱིར་མང་དུ་གནང་༔  དེ་ནས་ཡང་ཞུས་པ༔  རང་གྲོལ་སྙིང་པོའི་དོན་རྩོལ་བ་མེད་པ་མངོན་སུམ་དུ་ངོ་སྤྲད་དུ་གསོལ༔  ཞེས་གསོལ་བ་བཏབ་པས༔  གསེར་སྣོད་སེང་གེའི་འོ་མ་ལྟར༔  རིགས་ལ་རྒྱུད་རྟགས་སྙིང་པོ་སྨིན༔  གདུག་སེམས་སྤངས་པ་སྙིང་པོའི་དོན༔  སྤྱན་ལྔས་མ་གཟིགས་དེ་ཉིད་རྟོགས༔  ཞེས་པ་ལ་སོགས་པའི་ཚིག་གི་བརྡའ་བསྟན་ཏེ༔  རྒྱལ་ཐབས་སྤྱི་བླུགས་ལ་སོགས་པ་དབང་ཐམས་ཅད་རྫོགས་པར་བསྐུར༔  རང་གྲོལ་མངོན་སུམ་དུ་བརྡའ་སྤྲོད༔  ཕྱི་ལྟར་ཀླུ་རྒྱལ་དགེ་བ་དཔལ་འབར་ཞེས་པར་གསང་མཚན་བཏགས༔  ནང་ལྟར་ཡོན་ཏན་སྙིང་པོ་རྩལ་ཞེས་བྱ་བར་བཏགས་ནས༔  རྒྱུད་དང་དབང་དང་མན་ངག་དང་བདུད་རྩིའི་ཆུ་རྒྱུན་ཆེ་མཆོག་རྒྱན་གྱི་འཁོར་ལོ་དང་ཐམས་ཅད་རྫོགས་པར་གནང་ནས་རྒྱ་གསུམ་དང་བཅས་ཏེ་གཏད་དོ༔  དེ་ནས་ལྷའི་རྒྱལ་པོས་བསྐུལ་བ་ནི༔  རང་གྲོལ་བརྡའ་སྤྲད་སྐབས་ཕྱེ་ལ༔  ཕྱོགས་བྲལ་ཕྱག་རྒྱས་བརྡའ་དོན་དྲིལ༔  སྤྲོས་བཅས་ཁྱད་པར་འཕགས་པ་འདི༔  རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ༔  ཞེས་སོགས་བརྗོད་དེ་བསྐུལ་བས༔  དེར་ཀླུ་རྒྱལ་དགེ་བ་དཔལ་འབར་གྱིས་རང་གྲོལ་མངོན་སུམ་དུ་ངོ་འཕྲོད༔  སྙིང་པོ་རྣལ་མའི་དོན་གྱི་བཅུད་ལོངས༔  བཀའ་བརྒྱུད་དགོངས་པའི་དོན་རྟོགས་ཏེ༔  རང་གི་རྟོགས་པ་དང་ལྷའི་རྒྱལ་པོ་ལ་དྲིན་དྲན་པའི་ཚིག་ནི༔  ཆེ་མཆོག་རང་སེམས་རིན་པོ་ཆེ༔  གདུག་པའི་འདམ་ཁྲོད་ནང་དུ་འཁྱམས༔  གདོད་ནས་མ་བྲལ་ཤུགས་ལ་ཡལ༔  གཏེར་ཆེན་རང་གཏད་ངོ་མཚར་ཆེ༔  ཞེས་སོགས་གཏང་རག་ཕུལ་ལོ༔  དེར་གྷ་གྷ་རྒྱ་མཚོའི་གླིང་ནས་ཁ་སརྤ་ཎིའི་རང་བྱུང་ལོ་སྟོང་དུ་རང་བྱུང་བདུད་རྩི་མཉམ་པའི་བཅུད་ལ་བཞུགས་པས་མཐར་ཕྱིན་ཏོ༔  དེ་ལ་རི་རབ་ཀྱི་བྱང་ཕྱོགས་ན་གནོད་སྦྱིན་མོ་བྱང་ཆུབ་མ་ཞེས་བྱ་བ༔  རི་རབ་ཀྱི་ལྕོག་བཞི་ལ་གནས་པའི་གནོད་སྦྱིན་ལག་ན་རྡོ་རྗེའི་སྲིང་མོ་ཀྲི་ཡའི་སྒོ་ནས་རིག་འཛིན་ཐོབ་པ་ཞིག་ཡོད་པས༔  རང་གི་ནུས་མཐུ་དང་ལོངས་སྤྱོད་ལ་སྐྱོ་བ་སྐྱེས་ནས༔  མིའི་ཡུལ་ན་སྙིང་པོ་རྣལ་མའི་དོན་ཨ་ཏི་ཡོ་ག་འདུག་པ་རང་གི་མངོན་ཤེས་ཀྱིས་གཟིགས་ནས༔  དེར་མིའི་ཡུལ་དུ་རྒྱལ་པོ་སྲིད་སྲུང་ཞེས་པའི་སྲས་མོར་སྐུ་འཁྲུངས་ཏེ༔  རྒྱལ་པོ་ལ་སྲས་མེད་པར་སྲས་མོ་ཞིག་འཁྲུངས་སོ་ཞེས་རྫུན་བྱས་ཏེ༔  ངའི་འདི་ཤིན་ཏུ་གཅེས་པས་མས་ཀྱང་བཙའ་བར་མི་གནང་ཞེས་གསུངས་ཏེ༔  མཁར་དགུ་ཐོག་གི་རྩེ་མོར་སྲས་གསོ་མི་གཉིས་དང་བཅས་ནས་སྲས་བསོས་སོ༔  དེར་བྷ་ག་ལའི་ལོ་ཉེར་བཞི་ལོན་ནས་སྐྱེས་པའི་ཆས་སུ་བཅུག་ཏེ་རྒྱལ་སར་བཏོན་པ་ལ༔  ལྷས་ཚིགས་སུ་བཅད་པ་དང་བཅས་ནས་ལུང་བསྟན་པ༔  སྙིང་པོའི་དོན་ལ་གནས་སྨོན་ནས༔  བཅུ་གཉིས་ལོ་རུ་སྲིད་ཙམ་བཟུང་༔  གནོད་སྦྱིན་གྲགས་ལྡན་བུར་ཞོག་ལ༔  རང་གི་སྨོན་ལམ་དེ་མཐར་ཕྱུང་༔  ཞེས་གསུངས་པས༔  དེར་གནོད་སྦྱིན་མོས་མིང་པོ་གནོད་སྦྱིན་གྲགས་ལྡན་གྱི་བུ་བྱང་ཆུབ་མ་ཅི་འདྲ་བ་ཞིག་བོས་ཏེ༔  རྒྱལ་སྲིད་དེ་ལ་གཏད་ནས་དེས་རྒྱལ་སྲིད་བཟུང་བ་ལ༔  མིའི་ཆ་བྱད་མི་འདྲ་ནས་བོད་དུ་སྤྱུགས་པས་བོད་མི་འཕེལ་བར་གྲགས་སོ༔  དེར་གནོད་སྦྱིན་མོ་བྱང་ཆུབ་མས་བྱང་ཆུབ་བསམ་གཏན་གླིང་ཨུ་རྒྱན་ཐོར་ཅོག་ཅན་དུ་དགའ་རབ་དང་འཇམ་དཔལ་བཤེས་གཉེན་ལ༔  སྙིང་པོའི་དོན་ཞུ་རུ་ཕྱིན་པས་ཞལ་མཇལ་བྱིན་གྱིས་བརླབས་ཏེ་ལུང་བསྟན་པ༔  ཀླུའི་རྒྱལ་པོ་ལ་རང་གཏེར་ལོངས་ལ་སྤྱོད་ཅིག་ཅེས་གསུངས་སོ༔  ཡང་ཡི་དམ་ལྷས་ཀྱང་མཐུན་པར་ལུང་བསྟན་ཏོ༔  དེ་ནས་ཆུ་བོ་གྷ་གྷ་རྒྱ་མཚོའི་གླིང་ལ་ཀླུ་རྒྱལ་དགའ་བོ་དང་མཇལ་ནས༔  རིན་པོ་ཆེ་སྣ་ཚོགས་པའི་མཆོད་པ་ཕུལ་ཕྱག་དང་སྐོར་བ་མང་དུ་མཛད་དེ༔  རང་གི་ལུས་ཀྱི་རིན་པོ་ཆེའི་རྒྱན་སྣ་ཚོགས་པ་རྣམས་ཀྱང་ཕུལ་ཏེ་ཞུས་པ༔  ཉོན་མོངས་དབང་ཆེ་གནོད་སྦྱིན་མོ་ལུས་ཐོབ༔  མོས་པ་རྩོལ་བ་དྲག་པོས་ལྷ་ཞལ་འཁུམས༔  སྨོན་པའི་མཐུ་འཆང་བླ་མའི་སྤྱན་སྔར་མཆིས༔  སྙིང་པོའི་དོན་གསོལ་ཐུགས་རྗེའི་ལྕགས་ཀྱུས་བཟུང་༔  ཞེས་ཞུས་པས༔  དང་པོ་ཨ་ཏིའི་རྒྱུད་དང་མན་ངག་སྤྱིར་མང་དུ་གནང་༔  ཐ་མ་ལ་བསྒྱུར་བ་གསུམ་གྱིས་བདེ་ཆེན་ཐིག་ལེའི་མན་ངག་བསྟན༔  རྒྱལ་ཐབས་སྤྱི་བླུགས་སུ་དབང་བསྐུར༔  རང་གྲོལ་མངོན་སུམ་དུ་ངོ་སྤྲོད༔  དྲན་པ་རྐྱེན་གྱི་མན་ངག་གིས་བརྡའ་བཀྲོལ་ནས༔  དབང་གི་དུས་སུ་གསང་མཚན་རྡོ་རྗེ་ཐིག་ལེ་རྩལ་དུ་བཏགས་སོ༔  རྒྱུད་དབང་མན་ངག་ཐམས་ཅད་གཉེར་གཏད༔  བརྡའ་ཕྱག་རྒྱ་གསུམ་དང་བཅས་ནས་གནང་སྟེ་གཏད་དོ༔  དེར་བསྐུལ་བའི་རྐྱེན་གྱི་མན་ངག་ནི༔  ལུང་བཅུད་རྫོགས་པའི་ཐིག་ལེ་ཅན༔  རང་ལུས་རྟོགས་པའི་ཡེ་ཤེས་ཏེ༔  དེ་བཞིན་ཡེ་ཤེས་གདམས་བཞི་ཅན༔  རྒྱུ་རྐྱེན་བྲལ་བས་དངོས་གྲུབ་མེད༔  ཅེས་སོགས་ཚིག་གིས་བསྐུལ་ལོ༔  དེར་གནོད་སྦྱིན་མོས་རང་གྲོལ་མངོན་སུམ་དུ་ངོ་འཕྲོད༔  རང་བྱུང་བདེ་བ་བཅུད་རྒྱས༔  རྩོལ་མེད་སྙིང་པོའི་དོན་རྟོགས་ཏེ༔  དེ་རང་གི་རྟོགས་པ་དང་རྗེ་ལ་དྲིན་དྲན་པའི་ཚིག་བརྗོད་པ་ནི༔  ཨེ་མ་ཧོཿ རྒྱུ་དང་རྩོལ་བས་བཅོས་ཐང་ཆད༔  འདོད་སྟེར་གྲགས་སེམས་ཉིད་མ་ནོར༔  བརྡའ་དོན་རྒྱུད་བཀྲོལ་སྐུ་དྲིན་ཆེ༔  ཐམས་ཅད་མ་ནོར་བྱང་ཆུབ་སེམས༔  ཞེས་སོགས་ཚིག་གིས་གཏང་རག་ཕུལ་ལོ༔  དེར་བྱིན་གྱིས་བརླབས་ཤིང་བཀྲ་ཤིས་པ་ནོར་བུ་རིན་པོ་ཆེ་ལྟར་དགོས་འདོད་ཕུན་སུམ་ཚོགས་པའི་གནས༔  དངོས་གྲུབ་རིན་པོ་ཆེའི་ཁང་བུ་ཞེས་བྱ་བར་ཨུ་རྒྱན་གྱི་ལོ་ལྔ་བཅུ་ཐམ་པར་དགོངས་པ་མཉམ་པའི་བཅུད་ལ་ཞུགས་པས་མཐར་ཕྱིན་ཏོ༔  དེ་ཡར་བཅད་རིག་འཛིན་རིག་པས་བརྒྱུད་ཚུལ་ལོ༔  དེ་ལ་གསུམ་པ་གང་ཟག་སྙན་ནས་སྙན་དུ་བརྒྱུད་པ་ནི༔  ཡབ་རྒྱལ་པོ་ཁ་དུང་ཞེས་བྱ་བའི་སྲས༔  དགེ་སློང་ཆེན་པོ་ཀུ་ཀུ་རཱ་ཛ་ཞེས་བྱ་བ༔  རྒྱལ་པོ་ཆེན་པོ་ཨིནྡྲ་བོ་དྷིའི་མཆོད་གནས༔  རིག་པའི་གནས་ལྔ་ལ་མཁས་པ་ཕུལ་དུ་གྱུར་པ༔  ཁྱད་པར་མཧཱ་ཡོ་གའི་ཏནྟྲ་སྡེ་ཆེན་པོ་བཅོ་བརྒྱད་ལ་མཁས་པ་ཞིག་བཞུགས་པ་ལ༔  ཡི་དམ་གྱི་ལྷ་རྡོ་རྗེ་སེམས་དཔས་ཚིགས་སུ་བཅད་དེ་གསུངས་པ༔  མཛེས་མའི་འདོད་པས་ངོམས་པ་ཉུང་༔  ས་གསུམ་སེམས་དཔའི་སྲིད་ལ་ཆོངས༔  ཕྱོགས་འཛིན་ཐོང་ལ་སྙིང་པོ་ལོངས༔  ཞེས་སྙིང་པོའི་དོན་ལོངས་ཤིག་པར་ལུང་བསྟན༔  དེར་ཀུ་ཀུ་རཱ་ཛས་རྡོ་རྗེ་གླིང་ཕུག་ན༔  སྤྲུལ་སྐུ་དགའ་རབ་རྡོ་རྗེ་བཞུགས་པར་རིག་ནས༔  དེར་ཕྱིན་པས་སྤྲུལ་སྐུ་དང་མཇལ་ནས་བྱིན་གྱིས་བརླབས་ཏེ༔  འཇམ་དཔལ་གྱིས་ལུང་བསྟན་པ༔  དོན་དམ་རིན་ཆེན་ཁང་བུ་ན༔  གནོད་སྦྱིན་རིགས་ཅན་བྱང་ཆུབ་མོ༔  འབིགས་པ་མཐར་ཕྱིན་དེ་ལོངས་ཤིག༔  གཞུ་བཀང་བ་ཡི་མདའ་རྩེ་ནི༔  ཞེས་སོགས་གསུངས་ཏེ་ལུང་བསྟན་ནོ༔  དེར་དོན་གྲུབ་རིན་པོ་ཆེའི་ཁང་བུར་ཕྱིན་ཏེ༔  གནོད་སྦྱིན་མོ་བྱང་ཆུབ་མ་དང་མཇལ་ནས༔  ཕྱག་དང་སྐོར་བ་བྱས་གསེར་ལ་སོགས་པའི་རིན་པོ་ཆེའི་མེ་ཏོག་གཏོར་ཏེ་ཞུས་པས༔  དང་པོ་ཨ་ཏི་ཡོ་གའི་རྒྱུད་མན་ངག་མང་དུ་གནང་ཡང་ཐུགས་མ་ཚིམས་ནས༔  མཆོད་པ་ཕུལ་གསོལ་བ་བཏབ་སྟེ་ཞུས་པ༔  ཐ་མ་རྒྱལ་ཐབས་སྤྱི་བླུགས་རྫོགས་པའི་དབང་བསྐུར༔  རང་གྲོལ་མངོན་སུམ་དུ་ངོ་སྤྲད་དེ༔  གསང་མཚན་རྡོ་རྗེ་ཐུགས་མཆོག་རྩལ་ཞེས་བཏགས་སོ༔  དེར་རྒྱུད་དང་མན་ངག་ཐམས་ཅད་དྲི་མེད་གསང་སྒྲོན་གྱི་གཉེར་དང་བཅས་ཏེ་ཐམས་ཅད་རྫོགས་པར་གནང་ནས༔  རྒྱ་གསུམ་དང་སྲུང་མ་དང་བཅས་ཏེ་གཏད་དོ༔  དེར་བསྐུལ་མ་རྐྱེན་གྱི་མན་ངག་ནི༔  གཉིས་མེད་གཉིས་སུ་མེད་མིན་ཞིང་༔  དགོངས་པ་མི་རྟོག་ཕྱོགས་མ་ཞེན༔  རིག་དོན་སོ་ལས་མ་འདས་ན༔  གཉིས་བཅས་གཉིས་མེད་ལྷུག་པར་ཞོག༔  ཅེས་པ་ལ་སོགས་པ་བསྐུལ་ཏོ༔  དེར་ཀུ་ཀུ་རཱ་ཛ་རང་གྲོལ་མངོན་སུམ་དུ་ངོ་འཕྲོད༔  ཕྱོགས་འཛིན་རྟོག་པའི་རྒྱ་ཞིག༔  ཕྱོགས་མེད་རང་གྲོལ་གྱི་བཅུད་ལོངས་ནས༔  རང་གི་རྟོགས་པའི་དོན་དང་བླ་མའི་དྲིན་ཆེ་བའི་ཚིག་བརྗོད་པ༔  ཨེ་མ་ཧོཿ བདེ་ཆེན་རི་ཁྲོད་དཔལ་ལྡན་མ༔  བཅོམ་ལྡན་འདས་མས་བྱིན་བརླབས་བདག༔  རིགས་དང་མཐུན་པའི་ལས་སྤྱད་པས༔  བདེ་ཆེན་ལས་འཕགས་དོན་གྲོལ་དྲིན༔  ཞེས་སོགས་ཀྱིས་གཏང་རག་ཕུལ་ལོ༔  དེས་དོན་གྲུབ་བཀྲ་ཤིས་ཁང་བུར་བྷ་ག་ལའི་ལོ་བརྒྱ་རྩ་ལྔར་དགོངས་པ་མཉམ་པའི་བཅུད་ལ་ཞུགས་ཏེ་མཐར་ཕྱིན་པར་གྱུར་ཏོ༔  དེ་ལ་སིང་ག་ལའི་ཡུལ་ན་རྒྱལ་པོ་གྲུ་ཞེར་ཞེས་བྱ་བའི་སྲས༔  ཤྲཱི་སིང་ཧ་ཞེས་བྱ་བ་པཎྜི་ཏ་ལྔ་བརྒྱ་ལ་རིག་པ་སྦྱངས་པ༔  རིག་པའི་གནས་ལྔ་ལ་མཁས་པ་ཕུལ་དུ་ཕྱིན་པ༔  རྒྱུད་འཇམ་དཔལ་བཤེས་གཉེན་ལ་སོགས་པ་མཁས་པ་གོང་མ་ལ་རྩོལ་མེད་ཨ་ཏིའི་དོན་མང་དུ་ཞུས་པ་ཞིག་བཞུགས་པ་ལ༔  ཀུ་ཀུ་རཱ་ཛས་རྟོགས་པའི་དོན་མཐར་ཕྱིན་ནས་སྙིང་པོའི་དོན་བཙལ་བས༔  ཚེ་སྟོད་ལ་རྒྱལ་པོ་དེ་བ་རཱ་ཛ་དང་ཕྲད་ནས་ཨ་ཏིའི་གདམས་པ་འགའ་བཤད་པ་ལས༔  རྒྱལ་པོའི་རིགས་ཀྱིས་དྲེགས་ནས་གདམས་ངག་མ་རྫོགས་པར་གཏད་རྒྱ་མ་ཐོབ་བོ༔  ཚེ་སྨད་ལ་ཤྲཱི་སིང་ཧ་དང་མཇལ་ནས་ལས་ཅན་དུ་གཟིགས་ནས་བསྐུལ་བ༔  ཀྱེ་ཧོ་སྐྱེས་བུ་སྦྱངས་པ་ཅན༔  རང་གཞན་དོན་ལ་གནས་འདོད་ན༔  རིན་ཆེན་གླིང་དུ་ནོར་བུ་ལོངས༔  དབུལ་བ་སེལ་ནུས་འགའ་ཡོད་དམ༔  ཞེས་སོགས་ཚིག་གིས་བསྐུལ་བས༔  ཤྲཱི་སིང་ཧས་ཚིག་དེ་ལ་སྤྲོ་བ་ཆེར་སྐྱེས་ཏེ༔  ཕྱག་འཚལ་སྐོར་བ་བྱས་ནས་ཞུས་པས༔  དེར་དྷ་ཧེ་ནའི་འདུ་ཁང་བར་པར་གསལ་བྱེད་རིན་པོ་ཆེ་འབར་བའི་དལ་བཞེངས་ཏེ༔  རྒྱལ་ཐབས་སྤྱི་བླུགས་རྫོགས་པའི་དབང་བསྐུར༔  རང་གྲོལ་མངོན་སུམ་དུ་ངོ་སྤྲོད༔  གསང་མཚན་རྡོ་རྗེ་དཔལ་མཆོག་རྩལ་དུ་བཏགས༔  རྒྱུད་མན་ངག་དང་བཅས་པ་རྣམས་ཉི་མའི་སྙིང་པོ་འོད་དང་ལྡན་པ་གཉེར་དུ་གདམས་ཏེ༔  ཐམས་ཅད་རྫོགས་པར་གནང་ནས་རྒྱ་གསུམ་དང་བཅས་ཏེ་གཏད་དོ༔  དེས་བླ་མས་བསྐུལ་བ་རྐྱེན་གྱི་མན་ངག་ནི༔  རང་གསལ་ངང་ལ་ཕྱོགས་མེད་ལྟོས༔  མ་ནོར་བཅོས་མེད་རང་སར་ཞོག༔  སྒོ་གསུམ་མ་བཅིངས་བག་ཡངས་སྤྱོད༔  རྒྱན་དང་བཅས་པའི་ལུས་ལ་ལྟོས༔  ཞེས་པ་ལ་སོགས་པ་གསུངས་སོ༔  དེར་དཔལ་ལྡན་ཤྲཱི་སིང་ཧས་རང་གྲོལ་མངོན་སུམ་དུ་ངོ་འཕྲོད༔  རྩོལ་མེད་ཨ་ཏིའི་དོན་གཏིང་ཕྱིན་པར་རྟོགས་ནས༔  དགོངས་པ་ནམ་མཁའ་ལྟར་ཕྱོགས་རིས་མེད་པར་མཉམ་པའི་དོན་ཁོང་དུ་ཆུད་དེ༔  རང་གི་རྟོགས་པ་དང་བླ་མའི་སྐུ་དྲིན་བརྗོད་པ་ནི༔  ཏིང་འཛིན་སྒོམ་པས་གདམས་ངག་གསལ༔  བླང་དོར་སྤྱོད་པས་བག་ཡངས་གྲོལ༔  འདོད་བཅས་ལྟ་བས་གཉིས་ཕྱོགས་བྲལ༔  བདག་ཉིད་རྒྱན་བཅས་སྐུ་དྲིན་ཆེ༔  ཞེས་སོགས་གཏང་རག་ཕུལ་ལོ༔  དེར་ཤྲཱི་སིང་ཧས་རྟོགས་པའི་དོན་མཐར་ཕྱིན་ཏེ༔  སྤྲུལ་སྐུ་དགའ་རབ་ལ་སོགས་པ་གོང་མ་ཐམས་ཅད་དང་མཇལ༔  དགོངས་པ་གཉིས་སུ་མེད་པར་གྱུར་ཏེ་རྩོལ་མེད་ཨ་ཏིའི་བསྟན་པ་ཐམས་ཅད་ཐུགས་ལ་རྫོགས་པར་བཞུགས་སོ༔  དེ་ནས་དྷ་ཧེ་ནའི་འདུ་ཁང་དུ་དགོངས་པ་མཉམ་པའི་དོན་ལ་ཞུགས་ནས༔  ཆོས་གྲྭའི་ཆེན་པོའི་སློབ་དཔོན་ཡང་མཛད་དོ༔  དེ་ནི་རང་གྲོལ་མངོན་སུམ་དུ་སྟོན་པ་མན་ངག་གི་ལོ་རྒྱུས་སོ༔  བཻ་རོ་ཙ་ནའི་རྣམ་ཐར་འདྲ་འབག་ཆེན་མོ་ལས༔  བསྟན་པ་རྒྱ་གར་དུ་དར་ཞིང་རྒྱས་པའི་སྐབས་ཏེ་ལེའུ་ལྔ་པའོ༔     
དེ་ནས་ཡབ་རྒྱལ་པོ་ཧེ་ལུ་བྷ་དྷེ་དང་༔  ཡུམ་བྲམ་ཟེ་མོ་བརྩོན་ལྡན་མ་ཞེས་བྱ་བའི་བུ་ནི༔  རྒྱལ་པོ་དྷ་ཧེ་ན་ཏ་ལོ་ཡིན་ནོ༔  རྒྱལ་པོ་དྷ་ཧེ་ན་ཏ་ལོ་ནི་སྤྲུལ་པའི་སྐུ་དགའ་རབ་དངོས་ཀྱི་འཁོར་ཡིན་ཞིང་དགོངས་པའི་བཅུད་ཀྱང་བླངས༔  འཇམ་དཔལ་བཤེས་གཉེན་ལ་རྫོགས་པར་ཞུས་སོ༔  དེར་འཇམ་དཔལ་བཤེས་གཉེན་གྱིས་དྷ་ཧེ་ན་ཏ་ལོ་ལ་དགོངས་པའི་དོན་དྲིལ་ནས་གསུངས་པ༔  བྱང་ཆུབ་སེམས་ནི་འབྱུང་བ་ཆེན་པོ་ལྔ༔  སྣང་མེད་ཀུན་ལ་ཁྱབ་པས་ནམ་མཁའ་ཡིན༔  སེམས་ལ་སངས་རྒྱས་གྲུབ་པའི་ཡེ་ཤེས་ས༔  རྟོག་པའི་བག་ཆགས་འཁྲུད་པའི་ཡེ་ཤེས་ཆུ༔  གཟུང་འཛིན་མཚན་མ་སྲེག་པའི་ཡེ་ཤེས་མེ༔  མི་བསྐྱོད་གནས་སུ་ཕྱིན་པའི་ཡེ་ཤེས་རླུང་༔  སེམས་ཀྱི་ཆོས་ཉིད་འབྱུང་བ་ལྔར་ཡང་སྣང་༔  སེམས་དང་བྱུང་ས་གཉིས་མེད་གསལ་རྟོགས་ན༔  རང་བྱུང་རང་ཞི་སྒོམ་པ་མ་བཅོས་བཞག༔  ཅེས་གསུངས་སོ༔  དེར་རྒྱལ་པོ་དྷ་ཧེ་ན་ཏ་ལོས་དགོངས་པའི་དོན་ཐུགས་སུ་ཆུད་དེ་རྟོགས་པ་བརྗོད་པ༔  བདག་ནི་དྷ་ཧེན་ཏ་ལོ་སྟེ༔  སེམས་ནི་ནམ་མཁའི་དབྱིངས་དང་འདྲ༔  ནམ་མཁའི་དབྱིངས་ལ་མཐའ་དབུས་མེད༔  མཐའ་དབུས་མེད་པའི་ཆོས་ཉིད་ལ༔  མ་ཡེངས་གནས་པ་སྒོམ་པ་ཡིན༔  ཞེས་གསུངས་སོ༔  སྙིང་པོའི་དོན་མངོན་དུ་གྱུར་ཏེ་ཚེ་ལ་མངའ་བརྙེས་སོ༔  དེ་ལ་རྒྱལ་པོ་དྷ་ཧེ་ན་ཏ་ལོ་དང་༔  ཡུམ་རྒྱལ་མོ་བརྩོན་ལྡན་མ་གཉིས་ཀྱི་སྲས་ཐུ་བོ་རཱ་ཛ་ཧ་ཏིས༔  སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་དགོངས་པའི་བཅུད་བླངས་པ༔  ཡབ་རྒྱལ་པོ་དྷ་ཧེ་ན་ཏ་ལོ་ལ་ཡང་རྫོགས་པར་ཞུས་ཏེ༔  དྷ་ཧེ་ན་ཏ་ལོས་སྲས་ཐུ་བོ་རཱ་ཛ་ཧ་ཏི་ལ་དགོངས་པའི་དོན་དྲིལ་ནས་གསུངས་པ༔  བྱང་ཆུབ་སེམས་ནི་དུས་གསུམ་སངས་རྒྱས་ཏེ༔  འདས་པའི་སངས་རྒྱས་རྣམས་ཀྱང་འདི་ལས་བྱུང་༔  ད་ལྟར་བཞུགས་པའི་སངས་རྒྱས་འདི་ལ་གནས༔  སླད་ནས་འབྱོན་པའི་སངས་རྒྱས་འདི་རུ་རྒྱ༔  དུས་གསུམ་སངས་རྒྱས་དགོངས་པ་རང་སེམས་ཡིན༔  ཞེས་གསུངས་སོ༔  དེར་སྲས་ཐུ་བོ་རཱ་ཛས་དགོངས་པའི་དོན་ཐུགས་སུ་ཆུད་དེ་རྟོགས་པ་བརྗོད་པ༔  བདག་ནི་རྒྱལ་སྲས་ཐུ་བོ་རཱ་ཛ་སྟེ༔  རང་རིག་སྐྱེ་མེད་བྱང་ཆུབ་སེམས་རྟོགས་པས༔  ཀུན་བཟང་རྡོ་རྗེ་སེམས་དཔའི་བརྒྱུད་ཀྱང་འཛིན༔  སངས་རྒྱས་ས་གསུམ་མ་བགྲོད་དུས་གཅིག་ནོན༔  དུས་གསུམ་སངས་རྒྱས་རྣམས་དང་དགོངས་པ་མཉམ༔  ཞེས་གསུངས་སོ༔  དེ་ལ་སྲས་མོ་མེ་ཏོག་གསལ་གྱིས༔  སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེའི་དགོངས་པའི་བཅུད་བླངས་ཤིང་༔  མིང་པོ་ཐུ་བོ་རཱ་ཛ་ལ་རྫོགས་པར་ཞུས་ཏེ༔  ཐུ་བོ་རཱ་ཛ་ཧ་ཏིས་རྟོགས་པའི་དོན་དྲིལ་ནས་གསུངས་པ༔  སེམས་ལ་ཕུང་པོ་མེད་པས་དར་ཞིང་རྒུད་པ་མེད༔  སེམས་ལ་སྐྱེ་ཤི་མེད་པས་བསད་ཅིང་བཅད་དུ་མེད༔  ཐམས་ཅད་སེམས་སུ་འདུས་པས་སེམས་ཉིད་ཆོས་ཀྱི་སྐུ༔  དེ་ལྟར་རྟོགས་ན་སངས་རྒྱས་དགོངས་པ་ཡིན༔  ཞེས་གསུངས་སོ༔  དེར་སྲས་མོ་པ་ནིས་དགོངས་པའི་དོན་ཐུགས་སུ་ཆུད་དེ་རྟོགས་པ་བརྗོད་པ༔  བདག་ནི་སྲས་མོ་མེ་ཏོག་གསལ༔  བྱང་ཆུབ་སེམས་ནི་སྐྱེ་འགག་གཉིས་དང་བྲལ༔  སྐྱེ་འགག་གཉིས་མེད་རང་གི་སེམས་རྟོགས་ན༔  དུས་གསུམ་རྒྱལ་བའི་དགོངས་པ་སེམས་ལ་ལོན༔  རྟོགས་པའི་ཀློང་ན་འདུ་འབྲལ་མེད་པའོ༔  ཞེས་གསུངས་སོ༔  དེ་ལ་ཀླུའི་རྒྱལ་པོ་དགའ་བོ་ཞེས་བྱ་བ༔  བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་གྱིས་ཀླུའི་དོན་མཛད་ཅིང་བཞུགས་པ་ལ༔  མིའི་ཡུལ་ན་བསྟན་པའི་སྙིང་པོ་རྨད་བྱུང་རྫོགས་པ་ཆེན་པོའི་དོན་འདུག་པར་ཤེས་ནས༔  ཕ་གདོལ་པའི་རིགས་ཨ་པར་དྷརྨ་ཛྙཱ་ན་ཞེས་བྱ་བ་དང་༔  ཡུམ་རྒྱ་མཚོ་ཞེས་བྱ་བ་གཉིས་ཀྱི་བུ༔  ཀླུའི་རྒྱལ་པོ་ན་ག་རཱ་ཛ་སཾ་ཏྲི་ཏ་ཞེས་བྱ་བར་བཏགས་སོ༔  དེས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེའི་ཞལ་མཐོང་གསུང་ཐོས༔  སྲས་ཐུ་བོ་རཱ་ཛ་ཧ་ཏི་ལ་སྨིན་པའི་དབང་ཐོབ༔  སྲས་མོ་མེ་ཏོག་གསལ་ལ་དགོངས་པའི་དོན་ཞུས་པས༔  སྲས་མོས་ཀླུའི་རྒྱལ་པོ་ལ་དགོངས་དོན་དྲིལ་ནས་གསུངས་པ༔  ཡུལ་དྲུག་མ་འགགས་བདེ་ཞིང་ཡངས་པར་སྤྱོད༔  ཇི་ལྟར་རོལ་ཀྱང་བྱང་ཆུབ་བོགས་སུ་ཆེ༔  རང་རིག་རྒྱལ་པོའི་དབང་ཐོབ་གདེང་ལྡན་པས༔  ཚོགས་དྲུག་ལྷུག་པར་བཞག་ན་སྒོམ་པ་ཡིན༔  ཞེས་གསུངས་སོ༔  དེར་ཀླུའི་རྒྱལ་པོས་དགོངས་པའི་དོན་ལོངས་ཏེ་རྟོགས་པ་བརྗོད་པ༔  བདག་ནི་ཀླུ་རྒྱལ་དགའ་བོ་སྟེ༔  ཉོན་མོངས་མ་སྤངས་ཡེ་ཤེས་ཆེན་པོ་ལྔ༔  དུག་གསུམ་མ་སྤངས་སྐུ་གསུང་ཐུགས་སུ་རྫོགས༔  འཁོར་བ་མ་སྤངས་བདེ་ཆེན་བྱང་ཆུབ་ལམ༔  དུས་གསུམ་རྒྱལ་བའི་དགོངས་པ་བདག་ལ་ཤར༔  ཞེས་གསུངས་སོ༔  དེ་ལ་ཡབ་རྒྱལ་པོ་སྲིད་སྲུང་ཞེས་བྱ་བའི་བུ་མོ་གནོད་སྦྱིན་མོ་བྱང་ཆུབ་མ་ཞེས་བྱ་བ༔  ཤིན་ཏུ་མཚན་དང་ལྡན་པ་དད་པ་དང་ཤེས་རབ་ཤིན་ཏུ་ཆེ་བ་དེས༔  ཀླུའི་རྒྱལ་པོ་དགའ་བོ་ལ་དགོངས་པའི་དོན་ཞུས་པས་རྫོགས་པར་གནང་སྟེ༔  དགོངས་པའི་དོན་དྲིལ་ནས་གསུངས་པ༔  བྱང་ཆུབ་སེམས་ནི་མི་ནུབ་རྒྱལ་མཚན་ཏེ༔  དུས་གསུམ་འགྱུར་བ་མེད་པས་གཡུང་དྲུང་ཡིན༔  འཁོར་བའི་གཡུལ་ལས་རྒྱལ་བའི་རྒྱལ་མཚན་ཏེ༔  དེ་ལྟར་རྟོགས་ན་རྟོགས་པའི་རྒྱལ་པོ་ཡིན༔  ཞེས་གསུངས་སོ༔  དེར་གནོད་སྦྱིན་མོ་བྱང་ཆུབ་མས་དགོངས་པའི་དོན་ཐུགས་སུ་ཆུད་ནས་རྟོགས་པའི་དོན་བརྗོད་པ༔  བདག་ནི་གནོད་སྦྱིན་བྱང་ཆུབ་མ༔  སེམས་ནི་ཡེ་ནས་སངས་རྒྱས་ལ༔  རང་བྱུང་ཆེན་པོ་བཅོམ་ལྡན་འདས༔  འཁོར་བ་ཡེ་ནས་རྣམ་པར་དག༔  སེམས་ཀྱི་དོན་རྟོགས་སངས་རྒྱས་དགོངས་པ་རྙེད༔  ཅེས་གསུངས་སོ༔  དེ་ལ་ཡབ་དམངས་རིགས་པ་ར་ཧུ་ཏ༔  ཡུམ་དགའ་ལྡན་དྷ་ཧི་ར་གཉིས་ཀྱི་བུ་མོ་སྨད་འཚོང་མ་པ་ར་ནི་ཞེས་བྱ་བ༔  ཤེས་རབ་དང་བློ་ཚད་རྣོ་བ་ཐེག་པ་ཆེན་པོའི་རིགས་སུ་ངེས་པ་དེས༔  གནོད་སྦྱིན་མ་བྱང་ཆུབ་མ་ལ་དགོངས་པའི་དོན་ཞུས་ཏེ་རྫོགས་པར་གནང་ནས༔  དགོངས་པའི་དོན་དྲིལ་ནས་གསུངས་པ༔  སངས་རྒྱས་སེམས་ཅན་ཡེ་ནས་གཉིས་སུ་མེད༔  དེ་ལྟར་རྟོགས་ན་རྟོགས་པ་དམ་པ་སྟེ༔  རང་སེམས་གཉིས་མེད་ཆོས་སྐུར་རབ་རྟོགས་ན༔  དེ་ལ་དགོངས་པ་བྱ་བ་གུད་ན་མེད༔  ཅེས་གསུངས་སོ༔  སྨད་འཚོང་མས་དགོངས་པའི་དོན་ཐུགས་སུ་ཆུད་དེ་རྟོགས་པ་བརྗོད་པ༔  བདག་ནི་སྨད་འཚོང་པ་ར་ནི༔  ལྟ་བའི་རྒྱལ་པོ་བྱང་ཆུབ་སེམས་རྟོགས་པས༔  སེམས་ལ་ཕོ་མོ་མེད་པས་སྦྱོར་ཡང་ཉམ་མི་ང་༔  སེམས་ལ་སྐྱེ་ཤི་མེད་པས་བསྒྲལ་ཡང་འཆི་མི་འགྱུར༔  སྣང་སྲིད་བདུད་རྩི་ཡིན་པས་གཙང་རྨེ་ཡེ་ནས་མེད༔  ཅེས་གསུངས་སོ༔  དེ་ལ་ཡབ་ཁ་ཆེའི་རྒྱལ་པོ་བྷི་བྷི་རཱ་ཧུ་ལ་ཞེས་བྱ་བ་དང་༔  ཡུམ་ཤི་ལ་ཀུ་མཱ་ར་ཞེས་བྱ་བའི་བུ༔  ཁ་ཆེའི་མཁན་པོ་རབ་སྣང་ཞེས་བྱ་བ༔  པཎྜི་ཏ་མཁས་པ་ཕུལ་དུ་ཕྱིན་པ་ཅིག་གིས༔  སྨད་འཚོང་མ་པ་ར་ནི་ལ་དགོངས་པའི་དོན་ཞུས་ཏེ༔  རྫོགས་པར་གནང་ནས་དགོངས་པའི་དོན་དྲིལ་ནས་གསུངས་པ༔  རྒྱུ་ལས་མ་བྱུང་འབྲས་བུ་བྱང་ཆུབ་སེམས༔  ལུས་ལས་མ་བྱུང་མན་ངག་བྱང་ཆུབ་སེམས༔  སེམས་ལས་མ་བྱུང་སངས་རྒྱས་བྱང་ཆུབ་སེམས༔  སྣང་རྒྱུ་མེད་པས་ནམ་མཁའ་བྱང་ཆུབ་སེམས༔  ཁ་དོག་མེད་པས་འདི་ཞེས་དམིགས་སུ་མེད༔  ཅེས་གསུངས་སོ༔  རབ་སྣང་གིས་དགོངས་པའི་དོན་ཐུགས་སུ་ཆུད་དེ་རྟོགས་པ་བརྗོད་པ༔  བདག་ནི་མཁན་པོ་རབ་སྣང་སྟེ༔  སེམས་ཉིད་སྟོང་པ་ཆེན་པོའི་ངང་ལས་ནི༔  སྣང་ཞིང་སྲིད་པའི་ཆོས་རྣམས་ཐམས་ཅད་བྱུང་༔  ཇི་ལྟར་བྱུང་ཡང་སེམས་ལ་བྲི་གང་མེད༔  རང་བྱུང་རང་ཞི་ཆོས་སྐུ་ཆེན་པོར་རྟོགས༔  ཞེས་གསུངས་སོ༔  དེའང་ཨུ་རྒྱན་གྱི་ཡུལ་ན་ཡབ་རྒྱལ་པོ་ཤྲཱི་རཱ་ཛ་ཞེས་བྱ་བ་དང་༔  ཡུམ་གྲགས་ལྡན་མ་ཞེས་བྱ་བའི་བུ༔  ཨུ་རྒྱན་གྱི་མཁན་པོ་མ་ན་ར་ཙ་ཞེས་བྱ་བ༔  ཨུ་རྒྱན་ཐོར་ཅོག་ཅན་ཞེས་བྱ་བའི་ཡུལ་ན༔  རིག་པའི་གནས་ལ་མཁས་པའི་པཎྜི་ཏ་ཆེན་པོར་གྱུར་ནས༔  སྙིང་པོའི་དོན་ལ་མོས་ཏེ་ཁ་ཆེའི་མཁན་པོ་རབ་སྣང་ལ་ཞུས་པས༔  རྫོགས་པར་གནང་སྟེ་དགོངས་པའི་དོན་དྲིལ་ནས་གསུངས་པ༔  སེམས་ཀྱི་རང་བཞིན་ཡེ་ནས་སངས་རྒྱས་ཏེ༔  བསྒོམ་པར་བྱ་བ་དེ་ལས་གུད་ན་མེད༔  བསྒོམ་བྱ་དེ་ལ་རིག་པས་མི་རྟོགས་ཏེ༔  སེམས་ཉིད་དོན་ལས་མ་ཡེངས་སྒོམ་པ་ཡིན༔  ཞེས་གསུངས་སོ༔  དེར་ཨུ་རྒྱན་གྱི་མཁན་པོ་མཧཱ་རཱ་ཛས་དགོངས་པའི་དོན་ཁོང་དུ་ཆུད་དེ་རྟོགས་པ་བརྗོད་པ༔  བདག་ནི་མཧཱ་རཱ་ཛ་སྟེ༔  སེམས་ལ་བསྒོམས་པས་སྒོམ་པའི་ཡུལ་ལས་འདས༔  སེམས་ལ་བལྟས་པས་མཐོང་བ་ཅི་ཡང་མེད༔  མཐོང་མེད་མཐོང་བ་དེ་ནི་མཐོང་བ་ཡིན༔  མཐོང་མེད་དོན་ལ་མ་ཡེངས་སྒོམ་པ་ཡིན༔  ཞེས་གསུངས་སོ༔   
 
དེ་ལ་སྲས་མོ་གོ་མ་དེ་བྱི་ཞེས་བྱ་བ༔  མཚན་དང་ལྡན་པ་སྙིང་པོའི་དོན་ལ་ལྷག་པར་མོས་པ་ཞིག་ཡོད་པ་དེས༔  ཨུ་རྒྱན་གྱི་མཁན་པོ་མཧཱ་རཱ་ཛ་ལ་སྙིང་པོའི་དོན་ཞུས་པས་རྫོགས་པར་གནང་སྟེ༔  དགོངས་པའི་དོན་དྲིལ་ནས་གསུངས་པ༔  དུས་གསུམ་འདུ་འབྲལ་མེད་པ་ཐིག་ལེ་གཅིག་གི་ངང་༔  ལམ་ལ་བགྲོད་དུ་མེད་དེ་རང་གྲོལ་གཅིག་གི་ངང་༔  ཆོས་ཉིད་སྤྱོད་དུ་མེད་དེ་ཚིག་གི་མཐའ་དང་བྲལ༔  མཐའ་བྲལ་རྟོགས་པས་སྒོམ་པའི་ཡུལ་དང་བྲལ༔  ཞེས་གསུངས་སོ༔  དེ་ལ་སྲས་མོ་གོ་མ་དེ་བྱིས་རྟོགས་པའི་དོན་ཐུགས་སུ་ཆུད་དེ་རྟོགས་པ་བརྗོད་པ༔  བདག་ནི་གོ་མ་དེ་བྱི་སྟེ༔  འབྱུང་ལྔ་རིགས་ཀྱི་ཡུམ་ལྔ་ལ༔  ཕུང་པོ་རིགས་ཀྱི་ཡབ་ལྔ་ཡིན༔  ཁམས་དང་སྐྱེ་མཆེད་སེམས་དཔའ་སེམས་མ་ཡིན༔  ཀུན་གཞི་ཀུན་ཏུ་བཟང་པོ་ལ༔  ཡིད་ནི་ཀུན་ཏུ་བཟང་མོ་ཡིན༔  ཡབ་ཡུམ་གཉིས་མེད་དངོས་གྲུབ་ཡིན༔  ཞེས་གསུངས་སོ༔  དེ་ལ་ཡབ་དྲང་སྲོང་བ་ར་ཙ་དང་༔  ཡུམ་གཞོན་ནུ་བདེ་བྱེད་གཉིས་ཀྱི་བུ༔  ཨ་ཙརྻ་ཨཱ་ལོ་ཀེ་ཞེས་བྱ་བ་རྒྱུ་འབྲས་ཀྱི་ཆོས་ལ་མཁྱེན་པ་མཐོ་བ༔  སྙིང་པོའི་དོན་ལ་མཆོག་ཏུ་མོས་ཏེ་སྲས་མོ་གོ་མ་དེ་བྱི་ལ་དགོངས་པའི་དོན་ཞུས་པས་རྫོགས་པར་གནང་སྟེ༔  དགོངས་པའི་དོན་དྲིལ་ནས་གསུངས་པ༔  ས་དང་རྣམ་ཐར་འདོད་ན་བྱང་ཆུབ་ཉིད་ལས་འགྱང་༔  བདེ་བ་ཐོབ་པར་འདོད་པ་སྡུག་བསྔལ་ཆེན་པོ་ཡིན༔  མི་རྟོག་ཐོབ་པར་འདོད་པ་དེ་ཀ་རྟོག་པ་ཡིན༔  དེ་ལྟར་རྟོགས་ན་རྩོལ་མེད་ཆེན་པོར་ཞོག༔  ཅེས་གསུངས་སོ༔  ཨ་ཙརྻ་ཨཱ་ལོ་ཀེས་རྟོགས་པའི་དོན་ཁོང་དུ་ཆུད་དེ་རྟོགས་པ་བརྗོད་པ༔  བདག་ནི་ཨརྻ་ཨཱ་ལོ་ཀེ༔  སྒྲོལ་བ་ཐབས་ལ་མཁས་པས་སྐྱེ་བའི་རྒྱུན་ཡང་བཅད༔  སྦྱོར་བ་ཐབས་ལ་མཁས་པས་འགག་པའི་མཐའ་ཡང་བྲལ༔  ཕྲིན་ལས་ཐབས་ལ་མཁས་པས་བྱ་རྩོལ་མེད་པར་གྲུབ༔  དངོས་གྲུབ་ཐབས་ལ་མཁས་པས་གཞན་ལ་རག་མ་ལས༔  བསྒོམ་པའི་ཐབས་ལ་མཁས་པས་མ་བསྒོམས་ཇི་བཞིན་བཞག༔  ཅེས་གསུངས་སོ༔  དེ་ལ་ཡབ་རྒྱལ་པོ་ག་དུ་དང་༔  ཡུམ་ལ་བའི་སྐྲ་ཅན་ཞེས་བྱ་བའི་བུ༔  ཁྱི་ཡི་རྒྱལ་པོ་སྔ་མ་ཞེས་བྱ་བ༔  དགེ་སློང་རིག་པའི་གནས་ལྔ་ལ་མཁས་པ༔  ཁྱད་པར་དུ་གསང་སྔགས་མཧཱ་ཡོ་གའི་ཏནྟྲ་སྡེ་བཅོ་བརྒྱད་ལ་མཁས་པ་དེ་སྙིང་པོའི་དོན་ལ་མོས་ནས༔  ཨ་ཙརྻ་ཨཱ་ལོ་ཀེ་ལ་ཞུས་པས་རྫོགས་པར་གནང་སྟེ༔  དགོངས་པའི་དོན་དྲིལ་ནས་གསུངས་པ༔  ཡུལ་སེམས་གཉིས་སུ་རྟོགས་ན་རྣམ་རྟོག་ཡིན༔  དེ་གཉིས་གཉིས་མེད་རྟོགས་ན་ཡེ་ཤེས་ཡིན༔  འབྱུང་འཇུག་མེད་པར་གོ་ན་སྒོམ་པ་ཡིན༔  སྣང་ལ་འཛིན་མེད་རང་གྲོལ་དགོངས་པ་ཡིན༔  ཞེས་གསུངས་པས༔  རང་སེམས་སྣང་བ་རང་གྲོལ་དུ་ཐག་ཆོད་པར་གྱུར་ཏོ༔  དེར་ཀུ་ཀུ་རཱ་ཛས་དགོངས་པའི་དོན་ཁོང་དུ་ཆུད་དེ་རྟོགས་པ་བརྗོད་པ༔  བདག་ནི་ཀུ་ཀུ་རཱ་ཛ་སྟེ༔  སེམས་ལ་སྐྱེ་ཤི་མེད་པས་རྡོ་རྗེའི་སེམས༔  རྡོ་རྗེ་སེམས་དཔའི་སྐུ་ནི་ཀུན་ལ་ཁྱབ༔  དེ་ལ་ནམ་མཁའི་དཔེས་ཀྱང་མཚོན་དུ་མེད༔  དེ་ལྟར་རྟོགས་པའི་དོན་ལ་མ་ཡེངས་སྒོམ་པ་ཡིན༔  ཞེས་གསུངས་སོ༔   
 
དེ་ལ་རིག་བྱེད་ཡན་ལག་བདུན་དང་ལྡན་ཞིང་ཡེ་ཤེས་ཀྱི་རྩལ་རྫོགས་པའི་ཕྱིར༔  ཡབ་དྲང་སྲོང་ཀུ་མཱ་ར་དང་ཡུམ་ཛི་ན་གཉིས་ཀྱི་བུ་དྲང་སྲོང་བྷ་ཤཱི་ཏཱ་ཞེས་བྱ་བ་སྙིང་པོའི་དོན་ལ་མོས་ནས༔  ཁྱི་ཡི་རྒྱལ་པོ་ཀུ་ཀུ་རཱ་ཛ་ལ་དགོངས་པའི་དོན་ཞུས་པས་རྫོགས་པར་གནང་སྟེ༔  དགོངས་པའི་དོན་དྲིལ་ནས་གསུངས་པ༔  སྐྱེ་འགག་མེད་པའི་བྱང་ཆུབ་སེམས༔  སྣང་ལ་རང་བཞིན་མེད་པ་ཡིན༔  བསྒོམ་དུ་མེད་པའི་བྱང་ཆུབ་སེམས༔  རྣལ་འབྱོར་བདེ་བར་ཉལ་མོ་བཙུན༔  ཞེས་གསུངས་པས༔  རང་སེམས་རྩོལ་མེད་ཀྱི་དོན་རྟོགས་པར་གྱུར་ཏོ༔  དྲང་སྲོང་བྷ་ཤཱི་ཏས་དགོངས་པའི་དོན་ཁོང་དུ་ཆུད་དེ་རྟོགས་པ་བརྗོད་པ༔  བདག་ནི་དྲང་སྲོང་བྷ་ཤཱི་ཏཱ༔  འབྱུང་ལྔའི་རྩལ་ནི་ནམ་མཁའི་དབྱིངས་སུ་རྫོགས༔  ཐེག་པའི་རྩལ་ནི་ཨ་ཏི་ཡོ་གར་རྫོགས༔  དུས་གསུམ་སངས་རྒྱས་རྩལ་ནི་བྱང་ཆུབ་སེམས་སུ་རྫོགས༔  བྱང་ཆུབ་སེམས་རྟོགས་རྫོགས་ཆེན་སངས་རྒྱས་ཡིན༔  རྩོལ་སྒྲུབ་མེད་པའི་སེམས་ནི་སངས་རྒྱས་ཡིན༔  སེམས་ལ་མཐའ་དབུས་མེད་པས་བརྡལ་བ་ཆེན་པོ་ཡིན༔  སེམས་ལ་སྐྱེ་འགག་མེད་པས་དངོས་གྲུབ་ཆེན་པོ་ཡིན༔  བསྒོམ་པར་བྱ་བའི་ཆོས་ཉིད་དེ་ལས་གུད་ན་མེད༔  ཅེས་གསུངས་སོ༔  དེས་ཆོས་ཐམས་ཅད་ཡུམ་གྱི་མཁའ་ཟབ་མོ་ཡིན་པའི་ཕྱིར༔  སྨད་འཚོང་མ་བདག་ཉིད་མ་ཞེས་བྱ་བ་སྙིང་པོའི་དོན་ལ་མོས་ཏེ༔  དྲང་སྲོང་བྷ་ཤཱི་ཏ་ལ་དགོངས་པའི་དོན་ཞུས་པས་རྫོགས་པར་གནང་སྟེ༔  སྙིང་པོའི་དོན་དྲིལ་ནས་གསུངས་པ༔  ཅི་ཡང་ཡིད་ལ་མི་བྱེད་ན༔  ཤེས་རབ་ཆེན་པོ་རྟོགས་པ་ཡིན༔  གང་ལ་འཛིན་པ་མི་ཞུགས་ན༔  སྒོམ་པ་ཀློང་དུ་ཕེབས་པའི་རྟགས༔  ཞེས་གསུངས་སོ༔  དེར་དགེ་སློང་མ་བདག་ཉིད་མས་སྙིང་པོའི་དོན་ཁོང་དུ་ཆུད་དེ་རང་གི་རྟོགས་པ་བརྗོད་པ༔  བདག་ནི་སྨད་འཚོང་བདག་ཉིད་མ༔  འབྱུང་ལྔ་རིགས་ཀྱི་ཡུམ་ལྔའི་མཁའ༔  དེ་ཉིད་ཀུན་ཏུ་བཟང་མོའི་ཀློང་༔  ཀུན་གཞི་ཀུན་ཏུ་བཟང་མོ་ཡིན༔  དེ་རིག་མཁའ་དབྱིངས་དབྱེར་མེད་རྟོགས༔  བྱང་སེམས་མཁའ་ལ་ཉི་ཤར་འདྲ༔  སེམས་ཉིད་རྟོགས་ན་སྒོམ་ཆེན་ཡིན༔  ཞེས་གསུངས་སོ༔  དེ་ལ་ནཱ་ག་ཛུ་ན་ཞེས་བྱ་བ་དགེ་སློང་རིག་པའི་གནས་ལྔ་ལ་མཁས་པ༔  སྡེ་སྣོད་གསུམ་གྱི་དོན་ཁོང་དུ་ཆུད་པ༔  འབྲས་བུ་གསང་སྔགས་ཀྱི་ཆོས་ཀྱང་དུ་མ་མཁྱེན་པ་ཞིག་ཡོད་པ་དེས༔  རྩོལ་མེད་རྫོགས་པ་ཆེན་པོའི་དོན་བཙལ་བས༔  དགེ་སློང་བདག་ཉིད་མ་དང་མཇལ་ནས༔  དགོངས་པའི་དོན་ཞུས་པས་རྫོགས་པར་གནང་སྟེ་སྙིང་པོའི་དོན་དྲིལ་ནས་གསུངས་པ༔  བརྟགས་ན་སྟོང་པར་བརྟགས་ཀྱང་འཁྲུལ་པ་ཡིན༔  ཆགས་ན་ལྷ་ལ་ཆགས་ཀྱང་འཆིང་བ་ཡིན༔  རྟོགས་ན་ཆོས་སྐུར་རྟོག་ཀྱང་རྟོག་པ་ཡིན༔  བསྒོམས་ན་མི་རྟོག་བསྒོམས་ཀྱང་མཚན་མ་ཡིན༔  ཞེས་གསུངས་པས༔  དེར་ནཱ་ག་ཛུ་ནས་རྟོགས་པའི་དོན་ཁོང་དུ་ཆུད་དེ་རྟོགས་པ་བརྗོད་པ༔  བདག་ནི་ནཱ་ག་ཛུ་ན་སྟེ༔  སྐྱེ་མེད་ཆོས་ཀྱི་སྐུ་ལ་ཕུང་པོ་མེད་པས་བདེ༔  གསུང་མེད་རིག་པའི་གསུང་ལ་འགག་པ་མེད་པས་བདེ༔  ཐུགས་མེད་ཡེ་ཤེས་ཐུགས་ལ་སྐྱེ་ཤི་མེད་པས་བདེ༔  བྱང་ཆུབ་སེམས་ནི་བདེ་བ་ཆེན་པོར་རྟོགས༔  ཞེས་གསུངས་སོ༔  དེར་ཡབ་གྷུ་ཧེ་ནཱ་ག་ཏ་མ་བྱ་བ་དང་༔  ཡུམ་མ་ནི་ཧེ་ན་ཙ་ར་མ་གཉིས་ཀྱི་བུ་ཁྱིའི་རྒྱལ་པོ་ཕྱི་མ་ཞེས་བྱ་བ༔  ཤིན་ཏུ་དད་པ་དང་ཤེས་རབ་ཆེ་བ་མཁན་པོར་གྱུར་པ༔  རྒྱུ་འབྲས་ཀྱི་ཆོས་མ་ལུས་པར་མཁྱེན་པ་དེས་སྙིང་པོའི་དོན་ལ་མོས་ཏེ༔  ནཱ་ག་ཛུ་ན་ལ་སྙིང་པོའི་དོན་ཞུས་པས་རྫོགས་པར་གནང་སྟེ༔  དགོངས་པའི་དོན་དྲིལ་ནས་གསུངས་པ༔  གཟུང་འཛིན་གཉིས་ཀྱིས་སྟོང་ན་སྟོང་པ་ཡིན༔  མིང་དང་ཐ་སྙད་གྲོལ་ན་རྟོགས་པ་ཡིན༔  དེ་ལ་འཛིན་པ་མེད་ན་སྟོང་ཉིད་ཡིན༔  དེ་ལ་གནས་པ་སྟོང་ཉིད་སྒོམ་པ་ཡིན༔  ཞེས་གསུངས་པས༔  ཁྱིའི་རྒྱལ་པོ་ཕྱི་མས་དགོངས་པའི་དོན་ཁོང་དུ་ཆུད་དེ་རང་གི་རྟོགས་པ་བརྗོད་པ༔  བདག་ནི་མཁན་པོ་དྷ་ཧུ་ན༔  ཕུང་པོ་ལྔ་དང་འབྱུང་བ་ལྔ་ལ་སོགས༔  རིགས་ཀྱི་ཡབ་ཡུམ་ལྷ་དང་ལྷ་མོར་རྟོགས༔  དེ་དག་གཉིས་མེད་ཀུན་གཞི་བྱང་ཆུབ་སེམས༔  སྣང་སྲིད་རྣམ་དག་རྒྱལ་བའི་དཀྱིལ་འཁོར་ཡིན༔  ཞེས་གསུངས་སོ༔  དེས་ཡབ་དྲང་སྲོང་ཧི་ན་དང་ཡུམ་གཙུག་གི་སྒེག་མོ་གཉིས་ཀྱི་བུ་འཇམ་དཔལ་བཤེས་གཉེན་ཕྱི་མ་ཞེས་བྱ་བ༔  རྒྱུ་འབྲས་ཀྱི་ཐེག་པ་ལ་མཁས་པ་སྙིང་པོའི་དོན་ལ་མོས་པ་དེས༔  ཁྱིའི་རྒྱལ་པོ་ཕྱི་མ་ལ་དགོངས་པའི་དོན་ཞུས་པས༔  རྫོགས་པར་གནང་སྟེ་སྙིང་པོའི་དོན་དྲིལ་ནས་གསུངས་པ༔  སེམས་ལ་མིང་དུ་བཏགས་ཀྱང་མིང་གི་ཐ་སྙད་བྲལ༔  སེམས་ལ་དཔེ་རུ་མཚོན་ཡང་མཚོན་པའི་དཔེ་དང་བྲལ༔  གཉིས་མེད་བསམ་འདས་དམིགས་པའི་མཐའ་དང་བྲལ༔  རྟོགས་པའི་ཀློང་ལས་དམིགས་མེད་མ་ཡེངས་སྒོམ་པ་ཡིན༔  ཞེས་གསུངས་པས༔  འཇམ་དཔལ་བཤེས་གཉེན་ཕྱི་མས་དགོངས་པའི་དོན་ཐུགས་སུ་ཆུད་དེ་རྟོགས་པ་བརྗོད་པ༔  བདག་ནི་འཇམ་དཔལ་དཔལ་བཟང་སྟེ༔  རིག་གཉིས་རྒྱུད་ནས་སྦྱངས་པའི་འཕྲོ་དང་ལྡན༔  འདོད་པའི་དོན་གྲུབ་སེམས་ཀྱི་རྩ་བ་ཆོད༔  ད་ལྟ་ཉིད་ནས་འབྲས་བུ་མངོན་སངས་རྒྱས༔  ཉིད་ལས་གཞན་མེད་ཐེ་ཚོམ་ཡིད་གཉིས་བྲལ༔  ཞེས་གསུངས་སོ༔  དེས་ཡབ་དྲང་སྲོང་དྷ་ཧཱི་ལི་ཞེས་བྱ་བ་དང་ཡུམ་བྷ་གུ་ལ་མཚོ་རྒྱལ་བྱ་བ་གཉིས་ཀྱི་བུ༔  ཤིན་ཏུ་མཚན་དང་ལྡན་ཞིང་བློ་གསལ་བ་ཞིག་བྱུང་སྟེ༔  མཚན་ཡང་དེ་ཝ་རཱ་ཛ་ཞེས་བྱ་བར་བཏགས་སོ༔  དེས་སྙིང་པོའི་དོན་བཙལ་བས་འཇམ་དཔལ་དཔལ་བཟང་དང་མཇལ་ནས༔  དགོངས་པའི་དོན་ཞུས་པས་རྫོགས་པར་གནང་སྟེ༔  སྙིང་པོའི་དོན་དྲིལ་ནས་གསུངས་པ༔  ནམ་མཁའི་རྒྱ་ནི་དབུས་དང་མཐའ་མེད་པ༔  དེས་ནི་བྱང་ཆུབ་སེམས་ལ་བསྐྲུན་དུ་མེད༔  མཚོན་དུ་མེད་པའི་བྱང་ཆུབ་སེམས་རྟོགས་ན༔  རྩོལ་མེད་ངང་ལ་བཞག་ན་སྒོམ་པ་ཡིན༔  ཞེས་གསུངས་སོ༔  དེར་ལྷའི་རྒྱལ་པོ་དེ་བ་རཱ་ཛས་དགོངས་པའི་དོན་ཐུགས་སུ་ཆུད་དེ་རྟོགས་པ་བརྗོད་པ༔  བདག་ནི་དེ་ཝ་རཱ་ཛ་སྟེ༔  ལུང་ལས་བཤད་པའི་མན་ངག་བདེ་ཆེན་འདི༔  སེམས་ཀྱི་གཏིང་དུ་བཞག་སྟེ་ཁར་མི་དབྱུང་༔  ཨ་ཏི་ཡོ་ག་ཀུན་བཟང་དགོངས་པའི་དོན༔  རྟོགས་པའི་དོན་ལ་མི་འགྱུར་ཆོས་ཀྱི་སྐུ༔  ཞེས་གསུངས་སོ༔  དེར་བྷུ་ཏ་ཀུག་ཏ་ཞེས་བྱ་བ་དགེ་སློང་རིག་པའི་གནས་ལྔ་ལ་མཁས་པ༔  ཁྱད་པར་གསང་སྔགས་མཧཱ་ཡོ་གའི་དོན་ལ་མཁས་པ་ཞིག་ཡོད་པ་དེས་སྙིང་པོའི་དོན་བཙལ་བས་དེ་ཝ་རཱ་ཛ་དང་མཇལ་ཏེ༔  དགོངས་པའི་དོན་ཞུས་པས་རྫོགས་པར་གནང་ནས༔  སྙིང་པོའི་དོན་དྲིལ་ནས་གསུངས་པ༔  སེམས་ཉིད་འདུ་འབྲལ་མེད་པས་རྟག་པ་ཆེན་པོ་ཡིན༔  སེམས་ལ་རིག་པ་ཤར་བས་རིག་པའི་རྒྱལ་པོ་ཡིན༔  སེམས་ལ་འཁོར་བ་མེད་པས་བདུད་རྩིའི་རྒྱལ་པོ་ཡིན༔  སེམས་ལ་མཐའ་དབུས་མེད་པས་དཀྱིལ་འཁོར་ཆེན་པོ་ཡིན༔  ཞེས་གསུངས་པས༔  བྷུ་ཏ་ཀུག་ཏས་དགོངས་པའི་དོན་ཐུགས་སུ་ཆུད་དེ་རྟོགས་པ་བརྗོད་པ༔  བདག་ནི་བྷུ་ཏ་ཀུག་ཏ་སྟེ༔  རང་སེམས་ཡེ་ནས་སངས་རྒྱས་བདེ་ཆེན་ཏེ༔  རང་རིག་ཀུན་ལ་གསང་བས་གསང་ཆེན་ཡིན༔  རྩོལ་མེད་སངས་རྒྱས་རྟོགས་ནས་སྒོམ་པ་ཡིན༔  སྒོམ་དང་མི་བསྒོམ་བྲལ་བས་སངས་རྒྱས་ཡིན༔  ཞེས་གསུངས་སོ༔  དེ་ལ་ཡབ་རྒྱལ་པོ་གྲུབ་བྱེད་ཅེས་བྱ་བ་དང་༔  ཡུམ་ནན་ཏ་ཀ་ཞེས་བྱ་བ་གཉིས་ཀྱི་བུ༔  ཤྲཱི་སིང་ཧ་པྲ་པ་ཏ་ཞེས་བྱ་བ༔  པཎྜི་ཏ་ལྔ་བརྒྱ་ལ་རིག་པ་སྦྱངས་པ༔  རིག་པའི་གནས་ལྔ་ལ་མཁས་པའི་དགེ་སློང་ཆེན་པོ་དེས༔  སྙིང་པོའི་དོན་ལ་མོས་ནས༔  བྷུ་ཏ་ཀུག་ཏ་ལ་སྙིང་པོའི་དོན་ཞུས་པས་རྫོགས་པར་གནང་སྟེ༔  བཅུད་དྲིལ་ནས་གསུངས་པ༔  སྣང་བ་མེད་པའི་སེམས་ཉིད་ནི༔  སྣང་བའི་ཆོས་ལ་རྟག་པར་བཞུགས༔  འགྱུར་མེད་སེམས་ཀྱི་རྩད་ཆོད་ནས༔  སངས་རྒྱས་གཞན་ནས་བསྒྲུབ་ཏུ་མེད༔  ཅེས་གསུངས་པས༔  ཤྲཱི་སིང་ཧས་སྙིང་པོའི་དོན་ཁོང་དུ་ཆུད་དེ་རྟོགས་པ་བརྗོད་པ༔  བདག་ནི་ཤྲཱི་སིང་ཧ་སྟེ༔  མཚན་མའི་མཐའ་ལས་འདས་པའི་བྱང་ཆུབ་སེམས༔  མངོན་སུམ་མི་གནས་སྣང་སྲིད་ཀུན་ལ་ཁྱབ༔  ཐ་སྙད་བྲལ་བས་རང་རིག་ཡེ་ཤེས་གསལ༔  དངོས་སུ་རྡོ་རྗེ་སེམས་དཔའ་མཚོན་དུ་མེད༔  ཅེས་གསུངས་སོ༔   
 
དེ་ལ་ཡང་ཡབ་ལྕམ་ཁ་ཞེས་བྱ་བ་དང་༔  ཡུམ་སྨད་འཚོང་མ་པ་ཧུ་ཏི་བྱ་བ་གཉིས་ཀྱི་བུ་མོ༔  དགེ་སློང་མ་ཀུན་དགའ་མོ་ཞེས་བྱ་བ་རིག་པའི་གནས་ལྔ་ལ་མཁས་པ་སྙིང་པོའི་དོན་ལ་མོས་པ་དེས་འདུན་པ་ཆེན་པོས་བཙལ་བས༔  ཤྲཱི་སིང་ཧ་དང་མཇལ་ནས་དགོངས་པའི་དོན་ཞུས་པས་རྫོགས་པར་གནང་སྟེ༔  དགོངས་པའི་དོན་དྲིལ་ནས་གསུངས་པ༔  བྱ་བ་བཏང་བའི་སེམས་བཞིན་དུ༔  ཇི་ལྟར་གནས་པ་དེ་བཞིན་ཞོག༔  དེ་ལྟར་གནས་པའི་སྟོབས་ལྡན་ན༔  སངས་རྒྱས་དགོངས་པ་ཡིན་པར་ངེས༔  ཞེས་གསུངས་པས༔  དགེ་སློང་མ་ཀུན་དགའ་མོས་དོན་ཁོང་དུ་ཆུད་དེ་རང་གི་རྟོགས་པ་བརྗོད་པ༔  བདག་ནི་དགེ་སློང་ཀུན་དགའ་མོ༔  དཔེར་ན་ཆུ་བོ་ཆེན་པོ་ལ༔  ཆུ་བྲན་ཐམས་ཅད་འདུས་པ་ལྟར༔  ཐེག་པ་རིམ་དགུ་བསྟན་པ་ཡང་༔  རྫོགས་པ་ཆེན་པོ་ཉིད་དུ་འདུས༔  ཞེས་གསུངས་སོ༔  དེ་ལ་ཡབ་རྒྱལ་པོ་དྷ་ཧེ་ན་ཙ་དུ་དང་༔  ཡུམ་སིང་ཧ་ཤཱི་པི་ཏི་ཀ་བྱ་བ་གཉིས་ཀྱི་བུ་དགེ་སློང་ཆེན་པོ་བི་མ་ལ་མི་ཏྲ་བྱ་བ་ནི༔  རིག་པའི་གནས་ལྔ་ལ་མཁས་པ་སྙིང་པོའི་དོན་ལ་མོས་པས༔  ཤྲཱི་སིང་ཧ་དང་མཇལ་ནས་དགོངས་པའི་དོན་ཞུས་པས་རྫོགས་པར་གནང་སྟེ༔  སྙིང་པོའི་དོན་དྲིལ་ནས་གསུངས་པ༔  དུག་ལྔ་མ་སྤངས་ཡེ་ཤེས་ཆེན་པོ་ལྔ༔  འཁོར་བ་མ་སྤངས་ཡེ་ནས་རྣམ་དག་ཅིང་༔  སངས་རྒྱས་རང་སེམས་ཡིན་པའི་དོན་རྟོགས་ན༔  རྟོགས་པའི་དོན་ལས་སྒོམ་པ་གཞན་ན་མེད༔  ཅེས་གསུངས་པས༔  བི་མ་ལ་མི་ཏྲས་དགོངས་པའི་དོན་རྟོགས་ནས༔  རང་གི་རྟོགས་པ་བརྗོད་པ༔  ཆོས་ཉིད་བསམ་དུ་མེད་པས་ནམ་མཁའ་འདྲ༔  སེམས་ཉིད་ནམ་མཁའ་བསམ་པ་ཀུན་དང་བྲལ༔  བསམ་དུ་མེད་པའི་བྱང་ཆུབ་སེམས་ཉིད་ལ༔  ཆོས་ཉིད་བསྒོམས་པས་རྙེད་པར་མི་འགྱུར་ཏེ༔  མ་བསྒོམས་པར་ཡང་ཡེ་ནས་གཏོར་བྲལ་མེད༔  མ་བསམ་མཉམ་པའི་དོན་ཉིད་སྒོམ་པ་ཡིན༔  ཞེས་གསུངས་སོ༔  དེ་རྣམས་ཀྱིས་གདུང་རབས་སྤྱིའི་ལོ་རྒྱུས་བསྟན་པའོ༔  དེ་ནས་ཡང་གདུང་རབས་རྣམས་ཀྱི་དགོངས་པའི་དོན་བརྗོད་པ་ནི༔  རྒྱལ་པོ་དྷ་ཧེ་ན་ཏ་ལོའི་གསང་མཚན་དབང་ཕྱུག་རྒྱལ་པོའི་གཏེར༔  དེས་རྟོགས་པ་བརྗོད་པའི་དོན་མཐར་ཕྱིན་ཏེ་ཙན་དན་གྱི་ནགས་ཚལ་ལ༔  ནམ་གྱི་དགུང་ལ་དགོངས་པའི་རྡོ་རྗེའི་མགུར་གསུངས་པ༔  ཧཱུྂ༔  འགྱུར་བ་མེད་པའི་ཆོས་སྐུ་ནི༔  ཀུན་གཞི་མ་བཅོས་བྱང་ཆུབ་སེམས༔  གཟུང་འཛིན་རྣམ་རྟོག་ཡུལ་ལས་འདས༔  སེམས་ཀྱི་རང་བཞིན་ནམ་མཁའ་འདྲ༔  མི་བསམ་མི་ཡེངས་མ་བཅོས་བཞག༔  བསྒོམ་དུ་མེད་པ་ཆོས་ཀྱི་དབྱིངས༔  བསྒོམ་དུ་རྡུལ་ཙམ་མེད་པར་འཁུམས༔  བདག་འདྲ་དྷ་ཧེ་ཏ་ལོའི་ང་རྒྱལ་ཆག༔  སེམས་དང་ཆོས་གཉིས་འབྱེད་པའི་བློ་རྟོག་ཞིག༔  སྒྱུ་མའི་ཕུང་པོ་འདི་ལྟར་བདག་བསྙིལ་ཏེ༔  ཀུན་བཟང་ཐུགས་ཀྱི་དགོངས་པ་བདག་ལ་ཤར༔  ཞེས་གསུངས་སོ༔  སྲས་ཐུ་བོ་རཱ་ཛའི་གསང་མཚན་རྡོ་རྗེ་ཐུ་བོའི་གཏེར་དེས་རྟོགས་པའི་དོན་མཐར་ཕྱིན་ཏེ༔  ཙན་དན་གོར་ཤི་ཥའི་ཁང་བུར་ནམ་གྱི་དགུང་སྟོད་ལ་མགུར་གསུངས་པ༔  ཧཱུྂ༔  ཀུན་གཞི་ཡེ་ནས་མ་བཅོས་ཇི་བཞིན་དབྱིངས༔  རང་བྱུང་ཡེ་ཤེས་མཁའ་མཉམ་ཆེན་པོའི་ངང་༔  ཚིག་དང་སྒྲ་ལས་འདས་པའི་ཀུན་ཏུ་བཟང་༔  རྣམ་རྟོག་བྲལ་བའི་ཀུན་གཞི་བྱང་ཆུབ་སེམས༔  ཆོས་ཉིད་བྱང་ཆུབ་སེམས་ལ་འགྱུར་བ་མེད༔  དེ་ལས་སྒོམ་པ་གུད་ན་མེད་པར་འཁུམས༔  སྒྱུ་མའི་ཕུང་པོ་ད་ལྟ་བསྙིལ་བའི་ཕྱིར༔  ཀུན་བཟང་ཐུགས་ཀྱི་དགོངས་པ་བདག་ལ་ཤར༔  ཞེས་གསུངས་སོ༔  སྲས་མོ་མེ་ཏོག་གསལ་གྱི་གསང་མཚན་རྡོ་རྗེ་གྲུབ་མོའི་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ཏེ༔  མེ་ཏོག་ཀུ་མུ་ཏའི་ཚལ་དུ་མགུར་གསུངས་པ༔  ཧཱུྂ༔  ཀུན་གཞི་ཡེ་ནས་གཉིས་མེད་བྱང་ཆུབ་སེམས༔  རྒྱུ་དང་རྐྱེན་གྱིས་མ་སྐྱེས་འཇིག་འདྲལ་མེད༔  རང་བྱུང་ལྷུན་གྱིས་གྲུབ་པའི་བཅོམ་ལྡན་འདས༔  གཟུང་འཛིན་འདས་པ་རྡོ་རྗེ་སེམས་དཔའི་ཐུགས༔  བཅོས་བསླད་མེད་པས་རྡོར་སེམས་དགོངས་པ་ཡིན༔  བདག་གི་དགོངས་པ་འདི་ལས་མེད་པར་འཁུམས༔  སྒྱུ་མའི་ཕུང་པོ་ད་ལྟ་བསྙིལ་བའི་ཕྱིར༔  ཀུན་བཟང་ཐུགས་ཀྱི་གཏེར་ཆེན་བདག་ལ་བབས༔  ཞེས་གསུངས་སོ༔  ཀླུ་རྒྱལ་ཇོག་པོའི་གསང་མཚན་རྡོ་རྗེ་གསང་བའི་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ནས༔  རྒྱ་མཚོའི་གླིང་དུ་སྐྱ་རེངས་ཤར་ཙ་ན་རྡོ་རྗེའི་མགུར་གསུངས་པ༔  ཧཱུྂ༔  མཐའ་དབུས་གཉིས་མེད་ནམ་མཁའ་འདྲ་བའི་ཐུགས༔  སྨྲ་བསམ་ཡུལ་ལས་འདས་པ་ཆོས་ཀྱི་སྐུ༔  སྣང་སྲིད་སྐྱེ་འགྲོ་ཡེ་ནས་རྣམ་པར་དག༔  རྣམ་པར་གྲོལ་བའི་ལམ་མཆོག་གཞན་མེད་པས༔  དུས་གསུམ་བདེ་གཤེགས་རྒྱལ་བའི་དགོངས་པ་ནི༔  གཞན་ནས་མི་བཙལ་འདི་ལས་མེད་པར་འཁུམས༔  བདག་གི་ཕུང་པོ་གདོས་བཅས་འདི་ནི་བསྙིལ་བའི་ཕྱིར༔  ཀུན་བཟང་དབྱེ་བ་མེད་པའི་ས་ལ་ཕྱིན༔  ཞེས་གསུངས་སོ༔  ཁྱིའི་རྒྱལ་པོ་ཀུ་ཀུ་རཱ་ཛའི་གསང་མཚན་རྡོ་རྗེ་ཐུགས་མཆོག་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ནས༔  རྒྱ་མཚོའི་གླིང་དུ་སྐྱ་རེངས་གཉིས་པ་ཤར་ཙ་ན་གསུངས་པ༔  ཧཱུྂ༔  ཡེ་ནས་ལྷུན་གྲུབ་ཀུན་ཏུ་བཟང་པོའི་ཀློང་༔  གསལ་ལ་མི་རྟོག་སྤྲོས་བྲལ་བྱང་ཆུབ་སེམས༔  མི་འགྱུར་མི་དམིགས་ཆོས་ཀྱི་དབྱིངས་ཉིད་ལས༔  རིག་པ་མི་འགྱུར་མ་བསླད་མཉམ་བཞག་ནས༔  ཅི་ལའང་མི་སྤྱོད་གང་ལའང་མི་སེམས་ཏེ༔  ཀུན་གཞི་མི་འགྱུར་ཆོས་ཉིད་བདེ་བ་ཆེ༔  མ་ཡེངས་སྒོམ་པ་འདི་ལས་མེད་པར་འཁུམས༔  རེ་དོགས་མེད་པར་བདག་ཉིད་སངས་རྒྱས་ཡིན༔  ཞེས་གསུངས་སོ༔  ནཱ་ག་ཛུ་ནའི་གསང་མཚན་རྡོ་རྗེ་རྩལ་འདུས་པའི་ཆུ་བོའི་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ཏེ་རྒྱན་ཕྱག་གསལ་བའི་གནས་སུ་སྐྱ་རེངས་གསུམ་པ་ཤར་བའི་དུས་སུ་གསུངས་པ༔  ཧཱུྂ༔  སྣང་བ་ཐམས་ཅད་ཡེ་ནས་དབྱིངས་ཆེན་ལ༔  རིག་པ་འཕོ་འགྱུར་མེད་པའི་དུར་བཏབ་ནས༔  དབྱིངས་ཉིད་མི་འགྱུར་རྟོག་པས་མ་བསླད་པར༔  མ་ཡེངས་མི་བསྒོམ་མཁའ་ལྟར་དག་པ་ལ༔  མ་བཅོས་ངང་གིས་གསལ་བ་སྒོམ་པ་ཡིན༔  དེ་ལས་སྒོམ་པ་གུད་ན་མེད་པར་འཁུམས༔  བདག་ནི་ཕུང་པོ་འདི་ལ་བརྟེན་ནས་སུ༔  ཀུན་བཟང་དབྱེ་བ་མེད་པའི་ས་ལ་མཆིས༔  ཞེས་གསུངས་སོ༔  ཀུ་ཀུ་རཱ་ཛ་ཕྱི་མའི་གསང་མཚན་རྡོ་རྗེ་ཡང་དག་གྲུབ་པའི་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ནས༔  རྒྱ་མཚོའི་གླིང་དུ་དམར་རེངས་དང་པོ་ཤར་དུས་སུ་གསུངས་པ༔  ཧཱུྂ༔  བྱང་ཆུབ་སེམས་ནི་འབྱུང་བ་ལྔ་ཡིན་ཏེ༔  མ་བཅོས་རང་བཞིན་གསལ་བ་མཁའ་ལྟར་དག༔  འགྲོ་བའི་གཟུང་འཛིན་བསྲེགས་པས་མེ་ལྟར་འབར༔  དམིགས་མེད་གཡོ་འགུལ་བྱེད་པས་རླུང་ལྟར་སྣང་༔  གཟུང་འཛིན་དྲི་མ་དག་པས་ཆུ་ལྟར་དག༔  ཅིས་ཀྱང་བསྐྱོད་དུ་མེད་པས་ས་ལྟར་གནས༔  འབྱུང་ཆེན་འདུས་པའི་རང་བྱུང་བྱང་ཆུབ་སེམས༔  འདི་ལ་བསྒོམ་པ་རྡུལ་ཙམ་མེད་པར་འཁུམས༔  མ་རིག་མཚན་མའི་རྟོག་པ་འདི་བཀྲོལ་ནས༔  རྩོལ་མེད་བདེ་ཆེན་ས་ལ་བདག་གིས་ཕྱིན༔  ཞེས་གསུངས་སོ༔  གནོད་སྦྱིན་མོ་བྱང་ཆུབ་མའི་གསང་མཚན་ལྷ་མོ་རབ་འབར་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ཏེ་རྒྱ་མཚོའི་གླིང་ལ་དམར་རེངས་གཉིས་པ་ཤར་བའི་དུས་སུ་གསུངས་པ༔  ཧཱུྂ༔  ཆོས་དབྱིངས་བྱང་ཆུབ་སེམས་ལ་ལྟ་ཞིང་མཆིས༔  ལྟ་བའི་སེམས་མེད་ཡོངས་ལ་གསལ་བར་སྣང་༔  ཅིས་ཀྱང་མ་བསླད་གང་གིས་བཅོས་སུ་མེད༔  མ་བཅོས་བྱང་ཆུབ་སེམས་ཀྱི་དོན་རྟོགས་པས༔  ལྟ་དང་ལྟ་བར་བྱ་བ་གཉིས་ལས་གྲོལ༔  འདི་ལས་གཞན་དུ་སྒོམ་དུ་མེད་པར་འཁུམས༔  བག་ཆགས་འཛིན་པའི་རྟོག་པ་དེས་གྲོལ་ཏེ༔  རང་བྱུང་རྩོལ་མེད་ལྷུན་གྲུབ་དགོངས་པ་རྙེད༔  ཅེས་གསུངས་སོ༔  སྨད་འཚོང་མ་བདག་ཉིད་མའི་གསང་མཚན་རྡོ་རྗེ་ལྷུན་གྲུབ་ཐོགས་མེད་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ནས་ཤིང་ན་ལ་བྱི་ས་ནའི་རྩར་དམར་རེངས་གསུམ་པ་ཤར་བའི་དུས་སུ་རྟོགས་པ་མཐར་ཕྱིན་པའི་དོན་གསུངས་པ༔  ཧཱུྂ༔  ཆོས་ཉིད་བྱང་ཆུབ་སེམས་ལ་བསྟན་དུ་མེད༔  སེམས་ལས་ལོགས་ན་སངས་རྒྱས་མི་རྙེད་དེ༔  སེམས་ཀྱི་རང་བཞིན་ཡེ་ནས་སངས་རྒྱས་ཡིན༔  རང་བྱུང་མ་བཙལ་བྱང་ཆུབ་སྙིང་པོ་ལ༔  ཏིང་འཛིན་མ་བསྒོམས་ངང་གིས་གསལ་བ་ལ༔  སངས་རྒྱས་དགོངས་པ་གུད་ན་མེད་པར་འཁུམས༔  རྣམ་རྟོག་ཕུང་པོའི་མདུད་པ་རང་གྲོལ་ཏེ༔  གཉིས་མེད་བདེ་ཆེན་སྙིང་པོའི་ཉི་ཤར་རོ༔  ཞེས་གསུངས་སོ༔  འཇམ་དཔལ་བཤེས་གཉེན་ཕྱི་མའི་གསང་མཚན་རྡོ་རྗེ་དགྱེས་རབ་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ནས༔  ཤིང་ནྱ་གྲོ་ཏའི་རྩར་སྲོད་ཀྱི་ཐུན་ལ་བཞེངས་ནས་རྡོ་རྗེའི་མགུར་གསུངས་པ༔  ཧཱུྂ༔  ཀུན་གཞི་ཆོས་ཉིད་ཡངས་པ་ལ༔  ཡེ་ཤེས་ཉི་མ་རང་ཤར་བས༔  ཤར་བའི་དུས་ན་ཤར་ནུབ་མེད༔  སངས་རྒྱས་གཞན་ནས་བཙལ་དུ་མེད༔  དེ་ཉིད་བཅོས་སུ་མེད་པ་ནི༔  སངས་རྒྱས་དགོངས་པ་ཡིན་པར་འཁུམས༔  བྱང་ཆུབ་སེམས་ཀྱི་བདུད་རྩི་མྱོང་༔  མྱོང་བས་ཡེ་ཤེས་རྡོ་རྗེ་འོ༔  ཞེས་གསུངས་སོ༔  ཨ་ཙརྻ་ཨཱ་ལོ་ཀེའི་གསང་མཚན་རྡོ་རྗེ་འགྱུར་མེད་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ནས༔  དཔག་བསམ་ལྗོན་ཤིང་གི་རྩར་ཐོ་རངས་ཁ་གསུངས་པ༔  ཧཱུྂ༔  བྱང་ཆུབ་སེམས་ནི་སྐྱེ་མེད་ནམ་མཁའི་ཀློང་༔  སྐྱེ་འགག་གཉིས་མེད་རང་བཞིན་གནས་པ་ལ༔  རང་རིག་གཉིས་མེད་རྟོགས་པའི་ཉི་མ་ཤར༔  ཕྱི་ནང་མཐའ་དབུས་མེད་པར་གསལ་བར་སྣང་༔  དུས་གསུམ་སངས་རྒྱས་རྣམས་ཀྱི་དགོངས་པ་ཡང་༔  འདི་ལས་གཞན་ན་མེད་པར་བདག་གིས་འཁུམས༔  ཟག་མེད་མི་འགྱུར་སེམས་ཀྱི་བདུད་རྩི་ཡིས༔  འཁོར་བའི་གཅོང་འབྱིན་སྐྱེ་མེད་ཆོས་སྐུའོ༔  ཞེས་གསུངས་སོ༔  ཨུ་རྒྱན་གྱི་མཁན་པོ་མཧཱ་རཱ་ཛའི་གསང་མཚན་རྡོ་རྗེ་ལེགས་ལྡན་གྲུབ་པའི་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ཏེ༔  རིན་པོ་ཆེའི་གླིང་དུ་ནམ་ཕྱེད་ཡོལ་ལ་གསུངས་པ༔  ཧཱུྂ༔  སེམས་ཉིད་སངས་རྒྱས་ཡིན་པ་ལ༔  སེམས་ལས་ལོགས་ན་སངས་རྒྱས་མེད༔  སེམས་ཉིད་ཡེ་ནས་སངས་རྒྱས་ལས༔  རྟོག་པ་མི་འགྱུར་རྡོ་རྗེའི་གདེང་༔  དུས་གསུམ་སངས་རྒྱས་མ་ལུས་ལ༔  དགོངས་པ་འདི་ལས་མེད་པར་འཁུམས༔  ཆོས་ཉིད་ནམ་མཁའ་ཆེན་པོ་ལ༔  རྣལ་འབྱོར་རིག་པའི་ཁྱུང་ཆེན་ལྡིང་༔  ཞེས་གསུངས་སོ༔  དྲང་སྲོང་བྷ་ཤཱི་ཏའི་གསང་མཚན་རྡོ་རྗེ་དགྱེས་པའི་ཆེ་མཆོག་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ནས་ནྱ་གྲོ་ཏའི་དགོན་པར་ནམ་ཕྱེད་ཡོལ་ཙམ་ན་རྡོ་རྗེའི་གུར་གསུངས་པ༔  ཧཱུྂ༔  མཁའ་ལ་གཟའ་སྐར་ཀུན་འཕྱོ་བ༔  གདོད་ནས་དག་པའི་ནམ་མཁའ་བསྐྱོད་མི་བྱེད༔  བྱང་ཆུབ་སེམས་ལ་མཚན་རྟོག་ཅི་ཡང་སྣང་༔  སེམས་ཉིད་རྣམ་དག་དབྱིངས་ལས་འགྱུར་བ་མེད༔  དེ་ལྟར་རྟོགས་པའི་ཡེ་ཤེས་ཉི་ཤར་བས༔  སངས་རྒྱས་རྣམས་དང་དགོངས་པ་གཅིག་པར་འཁུམས༔  དེ་རྟོགས་ཡེ་ཤེས་རིག་པའི་རླུང་ཆེན་གྱིས༔  རྣམ་རྟོག་རྡུལ་ཕྲན་གཉིས་མེད་དབྱིངས་སུ་ཕྱགས༔  ཞེས་གསུངས་སོ༔  སྲས་མོ་གོ་མ་དེ་བྱིའི་གསང་མཚན་རྡོ་རྗེ་གསང་བའི་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ནས་གསུངས་པ༔  ཧཱུྂ༔  དུས་གསུམ་སངས་རྒྱས་དགོངས་པ་ཡི་གེ་ཨ༔  ཨ་ཡི་རང་བཞིན་ཡེ་ནས་དངོས་པོ་མེད༔  བདེ་གཤེགས་ཀུན་གྱི་འབྱུང་གནས་ཡི་གེ་ཨ༔  ཨ་ཡི་དངོས་གཞི་ཡེ་ནས་བྱང་ཆུབ་སེམས༔  སྐྱེ་མེད་མི་དམིགས་ཡེ་ཤེས་རང་བྱུང་ལས༔  མ་བཅོས་མ་ཡེངས་མཉམ་པར་བཞག་པའོ༔  དགོངས་པའི་དོན་ལ་འདི་ལས་མེད་པར་འཁུམས༔  སྐྱེ་མེད་བྱང་ཆུབ་གདོད་ནས་སངས་རྒྱས་པའོ༔  ཞེས་གསུངས་སོ༔  ཁ་ཆེ་རབ་སྣང་གི་གསང་མཚན་རྡོ་རྗེ་རང་བྱུང་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ནས༔  ཙན་དན་གྱི་སྡོང་པོའི་རྩར་ནམ་ཕྱེད་ཡོལ་ལ་རྡོ་རྗེའི་མགུར་གསུངས་པ༔  ཧཱུྂ༔  བྱང་ཆུབ་སེམས་ནི་ཡེ་ནས་ཆོས་ཀྱི་སྐུ༔  དམིགས་མེད་མཁའ་ལྟར་དག་པས་ཁྱབ་པར་སྣང་༔  སྣང་བ་མ་ལུས་སྟོང་པ་ཆེན་པོ་སྟེ༔  སྣང་བ་ཐམས་ཅད་སྟོང་པའི་རང་བཞིན་ཡིན༔  སྣང་དང་སྟོང་པ་གཉིས་མེད་དོན་རྟོགས་ན༔  གཏོར་བྲལ་མེད་པ་མ་ཡེངས་དགོངས་པ་སྟེ༔  ཆོས་ཉིད་བྱང་ཆུབ་སེམས་ཀྱི་བདུད་རྩི་ཡིས༔  ཁམས་གསུམ་འཁོར་བའི་ནད་སོས་རྣམ་པར་དག༔  ཅེས་གསུངས་སོ༔  ལྷའི་རྒྱལ་པོའི་གསང་མཚན་རྡོ་རྗེ་རྫོགས་དབང་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ནས༔  གྲོང་ཁྱེར་དཔལ་ཡོན་ཅན་དུ་སྲོད་ཀྱི་དུས་སུ་མགུར་གསུངས་པ༔  ཧཱུྂ༔  སྣང་སྲིད་ཆོས་ཀུན་བྱང་ཆུབ་སེམས་རྟོགས་ན༔  སྣང་བ་ཐམས་ཅད་ཡེ་ནས་ཀུན་ཏུ་བཟང་༔  ཡང་དག་ཉིད་དུ་འདི་ལྟར་བསྒོམ་བྱ་སྟེ༔  སྣང་བ་རྣམ་དག་བདུད་རྩི་སྐུ་གསུང་ཐུགས༔  སྐྱེ་མེད་དོན་རྟོགས་མ་ཡེངས་བཞག་པ་ལས༔  སྒོམ་དང་མི་བསྒོམ་གཉིས་ཀྱི་མཐའ་ལས་འདས༔  ཡང་དག་དོན་ལ་མི་འདའ་སྒོམ་པ་སྟེ༔  སྐྱེ་མེད་ཀློང་ལས་ཡེ་ཤེས་ཆེན་པོ་ཤར༔  ཞེས་གསུངས་སོ༔  བྷུ་ཏ་ཀུག་ཏའི་གསང་མཚན་རྡོ་རྗེ་གྲུབ་མཆོག་སྨྲ་བའི་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ནས་བདེ་བའི་གནས་སུ་གསུངས་པ༔  ཧཱུྂ༔  ཆོས་རྣམས་རང་བཞིན་མ་བཅོས་བྱང་ཆུབ་སེམས༔  མ་བཅོས་ཡེ་ནས་ཀུན་ཏུ་བཟང་པོ་ལ༔  རང་བྱུང་རང་སྣང་འགྱུར་བ་མེད་པའི་ངང་༔  འགྱུར་མེད་རང་བྱུང་བྱང་ཆུབ་སེམས་རྟོགས་ན༔  རྟོག་པའི་ཚོགས་རྣམས་རང་བྱུང་རང་ཞི་སྟེ༔  དེ་ལ་གཉེན་པོ་མི་བསྟེན་སྒོམ་པར་འཁུམས༔  གཉིས་མེད་སེམས་སུ་མ་གྱུར་གང་ཡང་མེད༔  སངས་རྒྱས་བྱ་བ་དེ་ཡིན་བཙལ་མི་དགོས༔  ཞེས་གསུངས་སོ༔  ཤྲཱི་སིང་ཧའི་གསང་མཚན་རྡོ་རྗེ་ཐུགས་མཆོག་གཏེར༔  དེས་རྟོགས་པའི་དོན་མཐར་ཕྱིན་ནས་བསམ་གཏན་གྱི་ཁང་བུར་ཚོགས་འཁོར་གྱི་དུས་སུ་གསུངས་པ༔  ཧཱུྂ༔  ཇི་ལྟར་བསམས་ཀྱང་བསྒོམ་དུ་མེད༔  ཇི་ལྟར་སྨྲས་ཀྱང་སྤྱད་དུ་མེད༔  ཡེ་ཤེས་ཆེན་པོའི་དབྱིངས་ཉིད་ལ༔  རྒྱུ་རྐྱེན་མེད་པར་འོད་གསལ་བས༔  གཉིས་མེད་བསམ་བྲལ་ཡེ་ཤེས་ལ༔  ཡེངས་པ་མེད་པར་མཉམ་པར་བཞག༔  དགོངས་པ་འདི་ལས་མེད་པར་འཁུམས༔  དེ་ནི་རྣལ་འབྱོར་དབང་ཕྱུག་ཆེ༔  ཞེས་གསུངས་སོ༔  དེ་རྣམས་གདུང་རབས་ཀྱི་མགུར་བརྒྱད་པའོ༔  དེ་ཡར་བཅད་སེམས་ཕྱོགས་སྤྱིའི་ལོ་རྒྱུས་སོ༔  ཁྱད་པར་དུ་བརྒྱུད་པ་ཀེའུ་ཚང་དང་པོ་ན་སྤྲུལ་སྐུ་དགའ་རབ་རྡོ་རྗེདང་༔  བར་པ་ན་འཇམ་དཔལ་བཤེས་གཉེན༔  མཐའ་མ་ན་ཤྲཱི་སིང་ཧ་སྟེ༔  བརྒྱུད་པའི་རིམ་པ་གསུམ་ནས་བཻ་རོ་ཙ་ན་ལ་བརྒྱུད་པའང་ཡོད༔  ཡང་སྤྲུལ་སྐུ་དགའ་རབ་རྡོ་རྗེ༔  དེ་ལ་འཇམ་དཔལ་བཤེས་གཉེན༔  དེ་ལ་རྒྱལ་པོ་དྷ་ཧེ་ན་ཏ་ལོ་ལ་སོགས་པ་བདུན་གྱིས་ཞུས༔  དེ་བདུན་ཀ་ལ་ཤྲཱི་སིང་ཧས་ཞུས༔  དེ་ནས་བཻ་རོ་ཙ་ན་ལ་བརྒྱུད་པའང་ཡོད༔  གདུང་རབས་རྣམས་ལ་གོ་རིམ་ངེས་པ་མེད༔  བརྒྱུད་པའི་བཀའ་བབས་རེ་ལ་བརྒྱུད་ལུགས་རེ་རེ་ཡོད་དོ༔  དེ་ལས་ཁྱད་པར་དུ་འཕགས་པ་ཤན་འབྱེད་བྲམ་ཟེའི་སྐོར་དང་༔  ལ་ཟློ་བ་རྒྱལ་པོའི་སྐོར༔  རང་གྲོལ་མངོན་སུམ་དུ་སྟོན་པ་མན་ངག་གི་སྐོར་དང་གསུམ་ལས༔  འདིར་ཁྱད་པར་དུ་ཕྱི་མ་མན་ངག་གི་སྐོར་ནི༔  རྒྱལ་བ་དགོངས་པས་བརྒྱུད་ནས༔  དགའ་རབ་རྡོ་རྗེའི་ཡན་ཆོད་ནི༔  འདིའི་གཞུང་དང་མཐུན་པར་གོང་དུ་བསྟན་ནོ༔  དེ་ལ་རིག་འཛིན་རིག་པས་བརྒྱུད་པ་ནི༔  རྒྱ་གར་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་༔  མཚོ་ཀུ་ཏྲའི་འགྲམ༔  དུར་ཁྲོད་གསེར་གླིང་ཧེ་ཆེན་བརྡལ་བའི་འདབ༔  རྡོ་རྗེ་གླིང་ཕུག་གི་གནས༔  རང་བྱུང་ལྷུན་གྱིས་གྲུབ་པའི་ཕོ་བྲང་ན༔  སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ཞེས་བྱ་བ༔  རྩོལ་མེད་རང་བྱུང་གི་བསྟན་པ་སྒྲོག་ཅིང་བཞུགས་པ་ལ༔  བྲམ་ཟེ་དཔལ་ལྡན་བདེ་སྐྱོང་སྙིང་པོའི་བུ༔  བྲམ་ཟེ་སྙིང་པོ་གྲུབ་པ་ཞེས་བྱ་བ༔  དགེ་སློང་རིག་པའི་གནས་ལྔ་ལ་མཁས་པ༔  རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་ཐུགས་སུ་ཆུད་པ་དེ་ལྟ་བུ་ཞིག་ཡོད་པ་ལ༔  དེ་འཇམ་དཔལ་གྱི་སྤྲུལ་པ་ཡིན་ཏེ༔  དེ་ལ་ལྷས་ལུང་བསྟན་པ༔  དབུལ་པོ་རང་གཏེར་རྙེད་འདོད་ན༔  རྡོ་རྗེ་གླིང་ཕུག་གནས་རི་ན༔  ཡང་སྤྲུལ་གང་ཟག་ཐུགས་སྲས་ལ༔  ལྡེ་མིག་ལོངས་ལ་རང་གཏེར་སྤྱོད༔  ཅེས་ལུང་བསྟན་ཏོ༔  དེར་སྙིང་པོ་གྲུབ་པ་སྙིང་པོའི་དོན་ལ་མོས་ཤིང་༔  དགའ་བ་དང་ལྷག་པའི་བསམ་པས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་ཕྱག་འཚལ་གསོལ་བ་བཏབ་ནས་ཕྱིན་པས༔  ངམ་ཤོད་གླིང་གི་དུར་ཁྲོད་མཁའ་འགྲོའི་གླིང་དུ་བསླེབས་པ་ལས༔  པུ་ཏྲ་གསུམ་གྱིས་བརྡའ་བསྟན་བྱིན་གྱིས་བརླབས་པས༔  རྡོ་རྗེ་གླིང་ཕུག་ཏུ་དེ་མ་ཐོག་ལ་བརྟོལ་བར་གྱུར་ཏོ༔  རིན་པོ་ཆེ་ལ་སོགས་པའི་མཆོད་པ་སྣ་ཚོགས་ཕུལ༔  ཕྱག་དང་སྐོར་བ་བྱས་ཏེ་གསོལ་བ་བཏབ་ནས་སྙིང་པོའི་དོན་ཞུས་པས༔  དང་པོ་སེམས་སྡེའི་སྐོར་ལ༔  སེམས་སྡེ་རྩ་བའི་རྒྱུད་བཅོ་བརྒྱད་ཡན་ལག་གི་རྒྱུད་དང་བཅས་པ༔  དབང་མན་ངག་ལ་སོགས་པ་རྫོགས་པར་གནང་ངོ་༔  ཀློང་སྡེའི་སྐོར་ལ༔  རྒྱུད་མན་ངག་ལ་སོགས་པ་གནང་ངོ་༔  དེ་ལ་སོགས་ཏེ་ཨ་ཏི་ཡོ་གའི་རྒྱུད་དང་མན་ངག་དབང་དང་བཅས་པ་རྣམས་རྫོགས་པར་གནང་ངོ་༔  དེས་ཀྱང་ཐུགས་མ་ཚིམས་པར་ཕྱག་དང་སྐོར་བ་བྱས༔  རིན་པོ་ཆེ་ལ་སོགས་མེ་ཏོག་ཕུལ་ནས་ཞུས་པ༔  ཨེ་མ་ཧོཿ རྒྱལ་སར་བཏོན་ལ་དབང་རྣམས་བསྐུར༔  དབུལ་པོ་རང་གཏེར་ལག་ཏུ་གཏད༔  ངེས་པར་གཏད་ཀྱིས་གུས་པར་ལོངས༔  རྒྱལ་སྲས་ཞེས་ཚངས་པའི་དབྱངས་སུ་བརྡས་གསུངས་ཏེ༔  རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར༔  རང་གྲོལ་མངོན་སུམ་དུ་བརྡའ་སྤྲད་ནས༔  ཕྱི་ལྟར་དུ་འཇམ་དཔལ་བཤེས་གཉེན་དུ་མིང་བཏགས༔  ནང་ལྟར་དབང་གི་དུས་སུ་གསང་མཚན་རྡོ་རྗེ་གསལ་མཛད་རྩལ་དུ་བཏགས་སོ༔  དེར་གནས་ལུགས་གཙོར་སྟོན་པ་ཡེ་ཤེས་རྫོགས་པ་རྩ་བའི་རྒྱུད་ལྔ་དང་༔  ཀུན་འདུས་རིན་པོ་ཆེ་འོད་ཀྱི་རྒྱུད་དང་༔  ཀློང་དགུའི་རྒྱུད་ལ་སོགས་པ་ཡན་ལག་གི་རྒྱུད་ཉི་ཤུ་རྩ་ལྔ་དང་༔  སྤྲུལ་པའི་སྐུ་དགའ་རབ་ཀྱི་དགོངས་པའི་བཅུད་ཕྱུང་བ་རིན་པོ་ཆེའི་གཏེར་གཏད་པ་དང་༔  ཀློང་དགུ་ལ་སོགས་པ་བཀའི་མན་ངག་ཕྲན་བུ་བཅོ་བརྒྱད་དང་༔  རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་ལ་སོགས་པ་དབང་གི་ཆུ་བོ་བདུན་དང་༔  གསང་བདག་དང་མ་མོ་གསུམ་གྱིས་རྩོལ་མེད་ཀྱི་བསྟན་པ་སྐྱོང་བར་དབང་བསྐུར་ནས་རྫོགས་པར་གནང་ངོ་༔  དེར་དགའ་རབ་ཀྱིས་གཉེར་གཏད་པ་ནི༔  ཐ་སྙད་ཟེར་སྤངས་དོན་དྲིལ་ནས༔  འཇམ་དཔལ་བྱིན་རླབས་བུ་ལ་གཏད༔  རིགས་མཐུན་སྐལ་ལྡན་འགའ་འགའ་ལ༔  རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ༔  རང་གྲོལ་མན་ངག་སྐབས་ཕྱེ་ལ༔  ཐམས་ཅད་ཕྱོགས་དྲིལ་རྒྱས་བཏབ་སྟེ༔  རྣམ་རྟོག་སྤྲོས་པ་ཐིག་ལེས་བཅད༔  ཆེ་ལྔས་ཁྱད་པར་འཕགས་ཏེ་བཀྲོལ༔  གཏེར་ཆེན་གཏད་དོ་སྐྱེས་ལེགས་ཆོངས༔  ཞེས་གསུངས་ནས༔  རྒྱ་གསུམ་དང་བཅས་ནས་གཏད་དོ༔  དེར་འཇམ་དཔལ་བཤེས་གཉེན་གྱིས་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་ལ་རང་གྲོལ་མངོན་སུམ་དུ་ངོ་འཕྲོད༔  རང་བྱུང་བདུད་རྩིའི་བཅུད་ལོངས༔  རང་སེམས་རིན་ཆེན་གཏེར་རྙེད༔  བསྟན་པ་ཐམས་ཅད་ཐུགས་ལ་རྫོགས་ནས༔  རང་གི་རྟོགས་ཤིང་སྤྲུལ་པའི་སྐུ་ལ་དྲིལ་བའི་ཚིག་གཏང་རག་ཏུ་བརྗོད་པ་ནི༔  བདག་ཅག་ཐོག་མའི་དུས་མཐའ་ནས༔  རང་གཏེར་ཡིད་བཞིན་ནོར་བུ་བྲལ༔  དམ་པ་མཆོག་གི་རང་གཏེར་གསལ༔  དབུལ་སེལ་བདེ་ལྡན་བཀའ་དྲིན་ཆེ༔  ཞེས་གསུངས་སོ༔  དེར་འཇམ་དཔལ་བཤེས་གཉེན་གྱིས༔  ཨུ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་༔  རྡོ་རྗེ་གླིང་ཕུག་གི་ཉེ་འཁོར་ན་བཀྲ་ཤིས་རང་བྱུང་གི་གནས༔  ཤིང་དྲ་བ་གཙུག་དགུ་བཀོད་པའི་ཚལ༔  གནོད་སྦྱིན་མང་པོ་འདུ་བའི་ས༔  གསེར་གྱི་བྲག་ཕུག་ཡུ་བ་ཅན་ཞེས་བྱ་བར་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་མཇལ་བའི་སྤྲུལ་སྐུ་དགའ་རབ་རྡོ་རྗེས་ཞབས་ཀྱིས་བཅགས་པ༔  མཁའ་འགྲོ་མ་དཔག་ཏུ་མེད་པ་འདུ་བའི་གནས་དེར༔  མཁའ་འགྲོ་མའི་ལོ་བརྒྱ་བཅུར་གནས་པའི་བཅུད་ལ་ཞུགས་པས༔  རྩོལ་མེད་བདེ་བ་ཆེན་པོའི་ས་ནོན་ཏེ་མཐར་ཕྱིན་པར་གྱུར་ཏོ༔  དེ་ཙམ་ན་སུམ་ཅུ་རྩ་གསུམ་ན༔  ལྷའི་རྒྱལ་པོ་བདུད་རྩི་སྨན་གྱི་སྒོ་ནས་སོར་ཆུད་པ༔  ཚེ་ལ་དབང་བའི་རིག་འཛིན་ཐོབ་པ་ཞིག་ཡོད་པས༔  དེས་རང་གི་མངོན་པར་ཤེས་པས་མིའི་ཡུལ་ན་སྙིང་པོ་རྣལ་མའི་དོན༔  རྩོལ་མེད་ཨ་ཏི་ཡོ་ག་འདུག་པར་མཁྱེན་ནས་མི་ཡུལ་དུ་བྱོན་ཏེ༔  ཡབ་ཤཱཀྱའི་རིགས་དྷརྨཱ་ཤྲཱི་ཞེས་བྱ་བའི་སྲས་སུ་སྐུ་འཁྲུངས་ཏེ༔  བུ་ལ་ལྷའི་མཚན་ལྟས་ཐམས་ཅད་ཚང་བ་ཅིག་བྱུང་སྟེ༔  མིང་ཡང་རྒྱལ་སྲས་ལྷའི་བུ་ཞེས་བྱ་བར་མཚན་ཡང་བཏགས་སོ༔  དེས་སྙིང་པོ་རྣལ་མའི་དོན་རང་བྱུང་རྩོལ་མེད་རྫོགས་པ་ཆེན་པོའི་དོན་འཚོལ་དུ་ཕྱིན་པས༔  རང་གི་ལྷའི་སྤྱན་གྱིས་ཀྱང་གཟིགས༔  སློབ་དཔོན་འཇམ་དཔལ་བཤེས་གཉེན་ཞེས་བྱ་བ༔  སྤྲུལ་པའི་སྐུ་དགའ་རབ་ཀྱིས་སྨིན་པར་མཛད་པ་ཞིག་གསེར་གྱི་བྲག་ཕུག་ཡུ་བ་ཅན་བྱ་བ་ན་ཡོད་པར་ཐོས་ནས་དེར་བྱོན་པས༔  སྤྲུལ་སྐུ་དགའ་རབ་རྡོ་རྗེ་དང་༔  འཇམ་དཔལ་བཤེས་གཉེན་གཉིས་ཀ་དང་མཇལ༔  དགའ་རབ་ཀྱིས་བྱིན་གྱིས་བརླབས་ནས༔  འཇམ་དཔལ་བཤེས་གཉེན་དང་འབྲེལ་བ་ཡོད་པས༔  སྙིང་པོའི་དོན་ལོངས་པར་ལུང་བསྟན༔  དེར་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་ཁྱེའུ་ཆུང་ཟུར་ཕུད་ཅན་ཅིག་ཏུ་བཞུགས་པ་ལ༔  ལྷའི་བུས་ལྷའི་ནོར་བུ་རིན་པོ་ཆེ་ལ་སོགས་པའི་མཆོད་པ་དང་༔  འདོད་ཡོན་དུ་མས་མཆོད་དེ་ཉིན་གསུམ་དུ་ཕྱག་དང་སྐོར་བ་བྱས་ནས་ཞུས་པ༔  ལྷ་གནས་སུམ་ཅུ་རྩ་གསུམ་དུ༔  བདུད་རྩི་སྨན་ལ་སོར་ཆུད་དེ༔  སྙིང་པོའི་དོན་ལ་རྩལ་མ་འབྱོངས༔  བྱམས་པས་ཉི་ཟེར་ཞགས་པས་བཟུང་༔  ཞེས་གསོལ་བ་བཏབ་པས༔  དང་པོ་རྩོལ་མེད་ཨ་ཏིའི་བསྟན་པ་སྤྱིར་མང་དུ་གནང་བ་ལ༔  དེས་ཐུགས་མ་ཚིམས་ནས་ཡང་གསོལ་བ་བཏབ་པ༔  ད་ལྟ་ཉིད་དུ་མངོན་སུམ་དུ་རྩོལ་བ་མེད་པར་སངས་རྒྱས་པ་ཞིག་ཞུ་ཞེས་གསོལ་པས༔  རྒྱལ་ཐབས་སྤྱི་བླུགས་སུ་དབང་བསྐུར༔  རང་གྲོལ་མངོན་སུམ་དུ་ངོ་སྤྲད༔  སྙིང་པོ་རྣལ་མའི་བཅུད་རང་གི་གཏེར་གཏད་དེ༔  ཕྱི་ལྟར་བདུད་རྩི་ཆོས་ཀྱི་རྒྱལ་པོར་མིང་བཏགས༔  ནང་ལྟར་དབང་གི་དུས་སུ་རྡོ་རྗེ་གཏེར་ཆེན་རྩལ་དུ་གསང་མཚན་བཏགས༔  རྒྱུད་དབང་མན་ངག་ཀུན་རྫོགས་པར་གནང་ནས་རྒྱ་གསུམ་དང་བཅས་ཏེ་གཏད་དོ༔  བསྐུལ་མ་རྐྱེན་གྱིས་མན་ངག་ནི༔  སངས་རྒྱས་མི་རྙེད་ཕྱིར་ཡང་བསྒོམས་པས་མི་རྙེད་དེ༔  སེམས་ཀྱི་སྤྱོད་ཡུལ་ཤེས་པ་དེ་དག་ཆོས་རྣམས་ཀུན་ནི་ཆོས་ཉིད་ཡིན༔  རྣམ་བྲལ་གང་ལའང་མཆོག་དང་མཐའ་མ་མེད་པར་ལམ་མཆོག་འདི་བསྒོམ་མོ༔  འདུ་བྱེད་མ་སྐྱེས་ཆོས་ཀུན་བྱུང་མེད་ཤིན་ཏུ་མྱ་ངན་འདས༔  བསྒོམ་པའི་ཞེས་པ་ལ་སོགས་པ་གསུངས་སོ༔  དེར་བདུད་རྩི་ཆོས་ཀྱི་རྒྱལ་པོས་རང་གྲོལ་མངོན་སུམ་དུ་ངོ་འཕྲོད༔  རང་གི་སེམས་ཉིད་ཀྱི་གཏེར་རྙེད༔  སྙིང་པོ་རྣལ་མའི་བཅུད་ལོངས༔  རྩོལ་མེད་བདེ་ཆེན་གྱི་ས་ལ་གནས་པར་གྱུར་ཏོ༔  དེར་ལྷའི་རྒྱལ་པོས་དྲིན་ལན་བརྗོད་ཅིང་རྟོགས་པ་ཕུལ་བ་ནི༔  རྩོལ་བས་ཡིད་དབྱུང་རྩོལ་བས་བཙལ༔  ཨེ་མ་ཧོ་རང་གྲོལ་སྐུ་དྲིན་ཆེ༔  རྩོལ་བཅས་འདོད་ཉིད་རྩོལ་དང་བྲལ༔  རྩོལ་བཅས་རང་གྲོལ་སྐུ་དྲིན་ཆེ༔  ཞེས་པ་ལ་སོགས་པ་གཏང་རག་ཕུལ་ལོ༔  དེར་བདུད་རྩི་ཆོས་ཀྱི་རྒྱལ་པོས་བཀྲ་ཤིས་དཔལ་དང་ལྡན་པའི་གནས༔  རང་བཞིན་གྱིས་མཁའ་འགྲོ་འདུ་ཞིང་བྱིན་གྱིས་བརླབས་པའི་ས༔  ཟ་མ་ཏོག་གི་བསིལ་ཁང་དུ་ལོ་བརྒྱད་ཅུ་རྩ་བདུན་དུ་རྩོལ་མེད་བདེ་བ་ཆེན་པོའི་དོན་ལ་མཉམ་པར་ཞུགས་པས་མཐར་ཕྱིན་ཏོ༔  དེ་ལ་འོ་མ་མཚོའི་གླིང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་བརྒྱན་པའི་གླིང་ན༔  ཀླུའི་རྒྱལ་པོ་དགའ་བོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་དེས༔  ཀླུའི་དོན་མཛད་ཅིང་བཞུགས་པ་ལས༔  མིའི་ཡུལ་ན་རྩོལ་མེད་རྫོགས་པ་ཆེན་པོའི་དོན་ཨ་ཏི་ཡོ་ག་འདུག་པ་ཀླུ་རྒྱལ་རང་གི་མངོན་པར་ཤེས་པས་མཁྱེན་ནས༔  ཐུགས་དགྱེས་ཏེ་མིའི་ཡུལ་དུ་གདོལ་པའི་རིགས་ལས་ཡབ་ཨ་བརྡྷ་ཛྙཱ་ན་ཞེས་བྱ་བ་དང་༔  ཡུམ་རྒྱ་མཚོ་མ་ཞེས་བྱ་བའི་སྲས་སུ་འཁྲུངས་ཏེ༔  སྐྱེ་བ་སྔ་མའི་ལས་ཀྱིས་སྦྲུལ་མགོའི་གདེངས་ཀ་ལྔ་པ་ཞིག་བྱུང་ངོ་༔  དེ་ལ་ཕ་མ་གཉིས་སྐྲག་ནས་དུར་ཁྲོད་དུ་བསྐྱལ་བས༔  པུ་ཏྲས་ལུང་བསྟན་པ༔  སྙིང་པོའི་དོན་ལ་ཐུགས་ཕངས་པའི་སྤྲུལ་པ་ཡིན་གྱིས༔  ལས་ཀྱིས་འབྲེལ་བའི་ཕ་མ་ཡིན་པས་གསོས་ཤིག་ཅེས་ལུང་བསྟན་ཏོ༔  དེར་ཕ་མས་བདེན་སྙམ་ནས་བསོས་སོ༔  མིང་ནཱ་ག་ར་ཛ་སཾ་ཀྲི་ཏ་ཞེས་བཏགས་སོ༔  ཁྱེའུ་དེ་ཤིན་ཏུ་སྐྱེད་ཆེ་ཞིང་མྱུར་དུ་ཚར་ཏེ་བློ་གྲོས་དང་ལྡན་པ་ཅིག་བྱུང་ངོ་༔  དེས་སྙིང་པོ་རྣལ་མའི་དོན་བཙལ་བས་རྒྱལ་པོ་ཧསྟི་དང་མཇལ་ནས༔  སྨིན་པའི་དབང་ཐོབ་ནས་སྣོད་དུ་རུང་བར་བྱས༔  སྲས་མོ་མེ་ཏོག་གསལ་གྱིས་ནམ་མཁའ་ཆེ་ལ་སོགས་པ་སེམས་ཕྱོགས་ཀྱི་ཆོས་མང་དུ་གནང་སྟེ༔  དེས་ཀྱང་ཐུགས་མ་ཚིམས་ནས༔  རྡོ་རྗེ་གླིང་ཕུག་ན་སྤྲུལ་པའི་སྐུ་དགའ་རབ་དང་འཇམ་དཔལ་བཤེས་གཉེན་བཞུགས་པ་མཁྱེན་ཏེ་བྱོན་པས༔  དགའ་རབ་དང་འཇམ་དཔལ་བཤེས་གཉེན་གཉིས་ཀ་དང་ཞལ་མཇལ་ཏེ་བྱིན་གྱིས་བརླབས་བརྡའ་བསྟན༔  ཟ་མ་ཏོག་གི་བསིལ་ཁང་ན་བདུད་རྩི་ཆོས་ཀྱི་རྒྱལ་པོ་ཡོད་ཀྱིས༔  དེ་རུ་འབྲེལ་བ་ཡོད་པས་སོང་ཞིག༔  དེར་སྙིང་པོའི་དོན་རྟོགས་པར་འགྱུར་རོ་ཞེས་ལུང་བསྟན་ཏོ༔  དེར་ཕྱིན་པས་ཟ་མ་ཏོག་གི་བསིལ་ཁང་ན་བདུད་རྩི་ཆོས་ཀྱི་རྒྱལ་པོ་དང་མཇལ་ཏེ༔  དེར་ཕྱག་དང་སྐོར་བ་བྱས་རིན་པོ་ཆེ་འབར་བ་གཅིག་ཕུལ༔  གདུག་པའི་སེམས་ཀྱིས་བྱོལ་སོང་ལུས་སུ་སྨིན༔  བསོད་ནམས་ལས་ཀྱིས་ཡོན་ཏན་དཔག་མེད་ཀྱང་༔  སྙིང་པོའི་དོན་སྩོལ་ཐུགས་རྗེའི་ཞགས་པས་བཟུང་༔  ཞེས་བརྗོད་པས༔  དང་པོ་རྩོལ་མེད་རྫོགས་པ་ཆེན་པོའི་རྒྱུད་དང་མན་ངག་སྤྱིར་མང་དུ་གནང་༔  དེ་ནས་ཡང་ཞུས་པ༔  རང་གྲོལ་སྙིང་པོའི་དོན་རྩོལ་བ་མེད་པ་མངོན་སུམ་དུ་ངོ་སྤྲད་དུ་གསོལ༔  ཞེས་གསོལ་བ་བཏབ་པས༔  གསེར་སྣོད་སེང་གེའི་འོ་མ་ལྟར༔  རིགས་ལ་རྒྱུད་རྟགས་སྙིང་པོ་སྨིན༔  གདུག་སེམས་སྤངས་པ་སྙིང་པོའི་དོན༔  སྤྱན་ལྔས་མ་གཟིགས་དེ་ཉིད་རྟོགས༔  ཞེས་པ་ལ་སོགས་པའི་ཚིག་གི་བརྡའ་བསྟན་ཏེ༔  རྒྱལ་ཐབས་སྤྱི་བླུགས་ལ་སོགས་པ་དབང་ཐམས་ཅད་རྫོགས་པར་བསྐུར༔  རང་གྲོལ་མངོན་སུམ་དུ་བརྡའ་སྤྲོད༔  ཕྱི་ལྟར་ཀླུ་རྒྱལ་དགེ་བ་དཔལ་འབར་ཞེས་པར་གསང་མཚན་བཏགས༔  ནང་ལྟར་ཡོན་ཏན་སྙིང་པོ་རྩལ་ཞེས་བྱ་བར་བཏགས་ནས༔  རྒྱུད་དང་དབང་དང་མན་ངག་དང་བདུད་རྩིའི་ཆུ་རྒྱུན་ཆེ་མཆོག་རྒྱན་གྱི་འཁོར་ལོ་དང་ཐམས་ཅད་རྫོགས་པར་གནང་ནས་རྒྱ་གསུམ་དང་བཅས་ཏེ་གཏད་དོ༔  དེ་ནས་ལྷའི་རྒྱལ་པོས་བསྐུལ་བ་ནི༔  རང་གྲོལ་བརྡའ་སྤྲད་སྐབས་ཕྱེ་ལ༔  ཕྱོགས་བྲལ་ཕྱག་རྒྱས་བརྡའ་དོན་དྲིལ༔  སྤྲོས་བཅས་ཁྱད་པར་འཕགས་པ་འདི༔  རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ༔  ཞེས་སོགས་བརྗོད་དེ་བསྐུལ་བས༔  དེར་ཀླུ་རྒྱལ་དགེ་བ་དཔལ་འབར་གྱིས་རང་གྲོལ་མངོན་སུམ་དུ་ངོ་འཕྲོད༔  སྙིང་པོ་རྣལ་མའི་དོན་གྱི་བཅུད་ལོངས༔  བཀའ་བརྒྱུད་དགོངས་པའི་དོན་རྟོགས་ཏེ༔  རང་གི་རྟོགས་པ་དང་ལྷའི་རྒྱལ་པོ་ལ་དྲིན་དྲན་པའི་ཚིག་ནི༔  ཆེ་མཆོག་རང་སེམས་རིན་པོ་ཆེ༔  གདུག་པའི་འདམ་ཁྲོད་ནང་དུ་འཁྱམས༔  གདོད་ནས་མ་བྲལ་ཤུགས་ལ་ཡལ༔  གཏེར་ཆེན་རང་གཏད་ངོ་མཚར་ཆེ༔  ཞེས་སོགས་གཏང་རག་ཕུལ་ལོ༔  དེར་གྷ་གྷ་རྒྱ་མཚོའི་གླིང་ནས་ཁ་སརྤ་ཎིའི་རང་བྱུང་ལོ་སྟོང་དུ་རང་བྱུང་བདུད་རྩི་མཉམ་པའི་བཅུད་ལ་བཞུགས་པས་མཐར་ཕྱིན་ཏོ༔  དེ་ལ་རི་རབ་ཀྱི་བྱང་ཕྱོགས་ན་གནོད་སྦྱིན་མོ་བྱང་ཆུབ་མ་ཞེས་བྱ་བ༔  རི་རབ་ཀྱི་ལྕོག་བཞི་ལ་གནས་པའི་གནོད་སྦྱིན་ལག་ན་རྡོ་རྗེའི་སྲིང་མོ་ཀྲི་ཡའི་སྒོ་ནས་རིག་འཛིན་ཐོབ་པ་ཞིག་ཡོད་པས༔  རང་གི་ནུས་མཐུ་དང་ལོངས་སྤྱོད་ལ་སྐྱོ་བ་སྐྱེས་ནས༔  མིའི་ཡུལ་ན་སྙིང་པོ་རྣལ་མའི་དོན་ཨ་ཏི་ཡོ་ག་འདུག་པ་རང་གི་མངོན་ཤེས་ཀྱིས་གཟིགས་ནས༔  དེར་མིའི་ཡུལ་དུ་རྒྱལ་པོ་སྲིད་སྲུང་ཞེས་པའི་སྲས་མོར་སྐུ་འཁྲུངས་ཏེ༔  རྒྱལ་པོ་ལ་སྲས་མེད་པར་སྲས་མོ་ཞིག་འཁྲུངས་སོ་ཞེས་རྫུན་བྱས་ཏེ༔  ངའི་འདི་ཤིན་ཏུ་གཅེས་པས་མས་ཀྱང་བཙའ་བར་མི་གནང་ཞེས་གསུངས་ཏེ༔  མཁར་དགུ་ཐོག་གི་རྩེ་མོར་སྲས་གསོ་མི་གཉིས་དང་བཅས་ནས་སྲས་བསོས་སོ༔  དེར་བྷ་ག་ལའི་ལོ་ཉེར་བཞི་ལོན་ནས་སྐྱེས་པའི་ཆས་སུ་བཅུག་ཏེ་རྒྱལ་སར་བཏོན་པ་ལ༔  ལྷས་ཚིགས་སུ་བཅད་པ་དང་བཅས་ནས་ལུང་བསྟན་པ༔  སྙིང་པོའི་དོན་ལ་གནས་སྨོན་ནས༔  བཅུ་གཉིས་ལོ་རུ་སྲིད་ཙམ་བཟུང་༔  གནོད་སྦྱིན་གྲགས་ལྡན་བུར་ཞོག་ལ༔  རང་གི་སྨོན་ལམ་དེ་མཐར་ཕྱུང་༔  ཞེས་གསུངས་པས༔  དེར་གནོད་སྦྱིན་མོས་མིང་པོ་གནོད་སྦྱིན་གྲགས་ལྡན་གྱི་བུ་བྱང་ཆུབ་མ་ཅི་འདྲ་བ་ཞིག་བོས་ཏེ༔  རྒྱལ་སྲིད་དེ་ལ་གཏད་ནས་དེས་རྒྱལ་སྲིད་བཟུང་བ་ལ༔  མིའི་ཆ་བྱད་མི་འདྲ་ནས་བོད་དུ་སྤྱུགས་པས་བོད་མི་འཕེལ་བར་གྲགས་སོ༔  དེར་གནོད་སྦྱིན་མོ་བྱང་ཆུབ་མས་བྱང་ཆུབ་བསམ་གཏན་གླིང་ཨུ་རྒྱན་ཐོར་ཅོག་ཅན་དུ་དགའ་རབ་དང་འཇམ་དཔལ་བཤེས་གཉེན་ལ༔  སྙིང་པོའི་དོན་ཞུ་རུ་ཕྱིན་པས་ཞལ་མཇལ་བྱིན་གྱིས་བརླབས་ཏེ་ལུང་བསྟན་པ༔  ཀླུའི་རྒྱལ་པོ་ལ་རང་གཏེར་ལོངས་ལ་སྤྱོད་ཅིག་ཅེས་གསུངས་སོ༔  ཡང་ཡི་དམ་ལྷས་ཀྱང་མཐུན་པར་ལུང་བསྟན་ཏོ༔  དེ་ནས་ཆུ་བོ་གྷ་གྷ་རྒྱ་མཚོའི་གླིང་ལ་ཀླུ་རྒྱལ་དགའ་བོ་དང་མཇལ་ནས༔  རིན་པོ་ཆེ་སྣ་ཚོགས་པའི་མཆོད་པ་ཕུལ་ཕྱག་དང་སྐོར་བ་མང་དུ་མཛད་དེ༔  རང་གི་ལུས་ཀྱི་རིན་པོ་ཆེའི་རྒྱན་སྣ་ཚོགས་པ་རྣམས་ཀྱང་ཕུལ་ཏེ་ཞུས་པ༔  ཉོན་མོངས་དབང་ཆེ་གནོད་སྦྱིན་མོ་ལུས་ཐོབ༔  མོས་པ་རྩོལ་བ་དྲག་པོས་ལྷ་ཞལ་འཁུམས༔  སྨོན་པའི་མཐུ་འཆང་བླ་མའི་སྤྱན་སྔར་མཆིས༔  སྙིང་པོའི་དོན་གསོལ་ཐུགས་རྗེའི་ལྕགས་ཀྱུས་བཟུང་༔  ཞེས་ཞུས་པས༔  དང་པོ་ཨ་ཏིའི་རྒྱུད་དང་མན་ངག་སྤྱིར་མང་དུ་གནང་༔  ཐ་མ་ལ་བསྒྱུར་བ་གསུམ་གྱིས་བདེ་ཆེན་ཐིག་ལེའི་མན་ངག་བསྟན༔  རྒྱལ་ཐབས་སྤྱི་བླུགས་སུ་དབང་བསྐུར༔  རང་གྲོལ་མངོན་སུམ་དུ་ངོ་སྤྲོད༔  དྲན་པ་རྐྱེན་གྱི་མན་ངག་གིས་བརྡའ་བཀྲོལ་ནས༔  དབང་གི་དུས་སུ་གསང་མཚན་རྡོ་རྗེ་ཐིག་ལེ་རྩལ་དུ་བཏགས་སོ༔  རྒྱུད་དབང་མན་ངག་ཐམས་ཅད་གཉེར་གཏད༔  བརྡའ་ཕྱག་རྒྱ་གསུམ་དང་བཅས་ནས་གནང་སྟེ་གཏད་དོ༔  དེར་བསྐུལ་བའི་རྐྱེན་གྱི་མན་ངག་ནི༔  ལུང་བཅུད་རྫོགས་པའི་ཐིག་ལེ་ཅན༔  རང་ལུས་རྟོགས་པའི་ཡེ་ཤེས་ཏེ༔  དེ་བཞིན་ཡེ་ཤེས་གདམས་བཞི་ཅན༔  རྒྱུ་རྐྱེན་བྲལ་བས་དངོས་གྲུབ་མེད༔  ཅེས་སོགས་ཚིག་གིས་བསྐུལ་ལོ༔  དེར་གནོད་སྦྱིན་མོས་རང་གྲོལ་མངོན་སུམ་དུ་ངོ་འཕྲོད༔  རང་བྱུང་བདེ་བ་བཅུད་རྒྱས༔  རྩོལ་མེད་སྙིང་པོའི་དོན་རྟོགས་ཏེ༔  དེ་རང་གི་རྟོགས་པ་དང་རྗེ་ལ་དྲིན་དྲན་པའི་ཚིག་བརྗོད་པ་ནི༔  ཨེ་མ་ཧོཿ རྒྱུ་དང་རྩོལ་བས་བཅོས་ཐང་ཆད༔  འདོད་སྟེར་གྲགས་སེམས་ཉིད་མ་ནོར༔  བརྡའ་དོན་རྒྱུད་བཀྲོལ་སྐུ་དྲིན་ཆེ༔  ཐམས་ཅད་མ་ནོར་བྱང་ཆུབ་སེམས༔  ཞེས་སོགས་ཚིག་གིས་གཏང་རག་ཕུལ་ལོ༔  དེར་བྱིན་གྱིས་བརླབས་ཤིང་བཀྲ་ཤིས་པ་ནོར་བུ་རིན་པོ་ཆེ་ལྟར་དགོས་འདོད་ཕུན་སུམ་ཚོགས་པའི་གནས༔  དངོས་གྲུབ་རིན་པོ་ཆེའི་ཁང་བུ་ཞེས་བྱ་བར་ཨུ་རྒྱན་གྱི་ལོ་ལྔ་བཅུ་ཐམ་པར་དགོངས་པ་མཉམ་པའི་བཅུད་ལ་ཞུགས་པས་མཐར་ཕྱིན་ཏོ༔  དེ་ཡར་བཅད་རིག་འཛིན་རིག་པས་བརྒྱུད་ཚུལ་ལོ༔  དེ་ལ་གསུམ་པ་གང་ཟག་སྙན་ནས་སྙན་དུ་བརྒྱུད་པ་ནི༔  ཡབ་རྒྱལ་པོ་ཁ་དུང་ཞེས་བྱ་བའི་སྲས༔  དགེ་སློང་ཆེན་པོ་ཀུ་ཀུ་རཱ་ཛ་ཞེས་བྱ་བ༔  རྒྱལ་པོ་ཆེན་པོ་ཨིནྡྲ་བོ་དྷིའི་མཆོད་གནས༔  རིག་པའི་གནས་ལྔ་ལ་མཁས་པ་ཕུལ་དུ་གྱུར་པ༔  ཁྱད་པར་མཧཱ་ཡོ་གའི་ཏནྟྲ་སྡེ་ཆེན་པོ་བཅོ་བརྒྱད་ལ་མཁས་པ་ཞིག་བཞུགས་པ་ལ༔  ཡི་དམ་གྱི་ལྷ་རྡོ་རྗེ་སེམས་དཔས་ཚིགས་སུ་བཅད་དེ་གསུངས་པ༔  མཛེས་མའི་འདོད་པས་ངོམས་པ་ཉུང་༔  ས་གསུམ་སེམས་དཔའི་སྲིད་ལ་ཆོངས༔  ཕྱོགས་འཛིན་ཐོང་ལ་སྙིང་པོ་ལོངས༔  ཞེས་སྙིང་པོའི་དོན་ལོངས་ཤིག་པར་ལུང་བསྟན༔  དེར་ཀུ་ཀུ་རཱ་ཛས་རྡོ་རྗེ་གླིང་ཕུག་ན༔  སྤྲུལ་སྐུ་དགའ་རབ་རྡོ་རྗེ་བཞུགས་པར་རིག་ནས༔  དེར་ཕྱིན་པས་སྤྲུལ་སྐུ་དང་མཇལ་ནས་བྱིན་གྱིས་བརླབས་ཏེ༔  འཇམ་དཔལ་གྱིས་ལུང་བསྟན་པ༔  དོན་དམ་རིན་ཆེན་ཁང་བུ་ན༔  གནོད་སྦྱིན་རིགས་ཅན་བྱང་ཆུབ་མོ༔  འབིགས་པ་མཐར་ཕྱིན་དེ་ལོངས་ཤིག༔  གཞུ་བཀང་བ་ཡི་མདའ་རྩེ་ནི༔  ཞེས་སོགས་གསུངས་ཏེ་ལུང་བསྟན་ནོ༔  དེར་དོན་གྲུབ་རིན་པོ་ཆེའི་ཁང་བུར་ཕྱིན་ཏེ༔  གནོད་སྦྱིན་མོ་བྱང་ཆུབ་མ་དང་མཇལ་ནས༔  ཕྱག་དང་སྐོར་བ་བྱས་གསེར་ལ་སོགས་པའི་རིན་པོ་ཆེའི་མེ་ཏོག་གཏོར་ཏེ་ཞུས་པས༔  དང་པོ་ཨ་ཏི་ཡོ་གའི་རྒྱུད་མན་ངག་མང་དུ་གནང་ཡང་ཐུགས་མ་ཚིམས་ནས༔  མཆོད་པ་ཕུལ་གསོལ་བ་བཏབ་སྟེ་ཞུས་པ༔  ཐ་མ་རྒྱལ་ཐབས་སྤྱི་བླུགས་རྫོགས་པའི་དབང་བསྐུར༔  རང་གྲོལ་མངོན་སུམ་དུ་ངོ་སྤྲད་དེ༔  གསང་མཚན་རྡོ་རྗེ་ཐུགས་མཆོག་རྩལ་ཞེས་བཏགས་སོ༔  དེར་རྒྱུད་དང་མན་ངག་ཐམས་ཅད་དྲི་མེད་གསང་སྒྲོན་གྱི་གཉེར་དང་བཅས་ཏེ་ཐམས་ཅད་རྫོགས་པར་གནང་ནས༔  རྒྱ་གསུམ་དང་སྲུང་མ་དང་བཅས་ཏེ་གཏད་དོ༔  དེར་བསྐུལ་མ་རྐྱེན་གྱི་མན་ངག་ནི༔  གཉིས་མེད་གཉིས་སུ་མེད་མིན་ཞིང་༔  དགོངས་པ་མི་རྟོག་ཕྱོགས་མ་ཞེན༔  རིག་དོན་སོ་ལས་མ་འདས་ན༔  གཉིས་བཅས་གཉིས་མེད་ལྷུག་པར་ཞོག༔  ཅེས་པ་ལ་སོགས་པ་བསྐུལ་ཏོ༔  དེར་ཀུ་ཀུ་རཱ་ཛ་རང་གྲོལ་མངོན་སུམ་དུ་ངོ་འཕྲོད༔  ཕྱོགས་འཛིན་རྟོག་པའི་རྒྱ་ཞིག༔  ཕྱོགས་མེད་རང་གྲོལ་གྱི་བཅུད་ལོངས་ནས༔  རང་གི་རྟོགས་པའི་དོན་དང་བླ་མའི་དྲིན་ཆེ་བའི་ཚིག་བརྗོད་པ༔  ཨེ་མ་ཧོཿ བདེ་ཆེན་རི་ཁྲོད་དཔལ་ལྡན་མ༔  བཅོམ་ལྡན་འདས་མས་བྱིན་བརླབས་བདག༔  རིགས་དང་མཐུན་པའི་ལས་སྤྱད་པས༔  བདེ་ཆེན་ལས་འཕགས་དོན་གྲོལ་དྲིན༔  ཞེས་སོགས་ཀྱིས་གཏང་རག་ཕུལ་ལོ༔  དེས་དོན་གྲུབ་བཀྲ་ཤིས་ཁང་བུར་བྷ་ག་ལའི་ལོ་བརྒྱ་རྩ་ལྔར་དགོངས་པ་མཉམ་པའི་བཅུད་ལ་ཞུགས་ཏེ་མཐར་ཕྱིན་པར་གྱུར་ཏོ༔  དེ་ལ་སིང་ག་ལའི་ཡུལ་ན་རྒྱལ་པོ་གྲུ་ཞེར་ཞེས་བྱ་བའི་སྲས༔  ཤྲཱི་སིང་ཧ་ཞེས་བྱ་བ་པཎྜི་ཏ་ལྔ་བརྒྱ་ལ་རིག་པ་སྦྱངས་པ༔  རིག་པའི་གནས་ལྔ་ལ་མཁས་པ་ཕུལ་དུ་ཕྱིན་པ༔  རྒྱུད་འཇམ་དཔལ་བཤེས་གཉེན་ལ་སོགས་པ་མཁས་པ་གོང་མ་ལ་རྩོལ་མེད་ཨ་ཏིའི་དོན་མང་དུ་ཞུས་པ་ཞིག་བཞུགས་པ་ལ༔  ཀུ་ཀུ་རཱ་ཛས་རྟོགས་པའི་དོན་མཐར་ཕྱིན་ནས་སྙིང་པོའི་དོན་བཙལ་བས༔  ཚེ་སྟོད་ལ་རྒྱལ་པོ་དེ་བ་རཱ་ཛ་དང་ཕྲད་ནས་ཨ་ཏིའི་གདམས་པ་འགའ་བཤད་པ་ལས༔  རྒྱལ་པོའི་རིགས་ཀྱིས་དྲེགས་ནས་གདམས་ངག་མ་རྫོགས་པར་གཏད་རྒྱ་མ་ཐོབ་བོ༔  ཚེ་སྨད་ལ་ཤྲཱི་སིང་ཧ་དང་མཇལ་ནས་ལས་ཅན་དུ་གཟིགས་ནས་བསྐུལ་བ༔  ཀྱེ་ཧོ་སྐྱེས་བུ་སྦྱངས་པ་ཅན༔  རང་གཞན་དོན་ལ་གནས་འདོད་ན༔  རིན་ཆེན་གླིང་དུ་ནོར་བུ་ལོངས༔  དབུལ་བ་སེལ་ནུས་འགའ་ཡོད་དམ༔  ཞེས་སོགས་ཚིག་གིས་བསྐུལ་བས༔  ཤྲཱི་སིང་ཧས་ཚིག་དེ་ལ་སྤྲོ་བ་ཆེར་སྐྱེས་ཏེ༔  ཕྱག་འཚལ་སྐོར་བ་བྱས་ནས་ཞུས་པས༔  དེར་དྷ་ཧེ་ནའི་འདུ་ཁང་བར་པར་གསལ་བྱེད་རིན་པོ་ཆེ་འབར་བའི་དལ་བཞེངས་ཏེ༔  རྒྱལ་ཐབས་སྤྱི་བླུགས་རྫོགས་པའི་དབང་བསྐུར༔  རང་གྲོལ་མངོན་སུམ་དུ་ངོ་སྤྲོད༔  གསང་མཚན་རྡོ་རྗེ་དཔལ་མཆོག་རྩལ་དུ་བཏགས༔  རྒྱུད་མན་ངག་དང་བཅས་པ་རྣམས་ཉི་མའི་སྙིང་པོ་འོད་དང་ལྡན་པ་གཉེར་དུ་གདམས་ཏེ༔  ཐམས་ཅད་རྫོགས་པར་གནང་ནས་རྒྱ་གསུམ་དང་བཅས་ཏེ་གཏད་དོ༔  དེས་བླ་མས་བསྐུལ་བ་རྐྱེན་གྱི་མན་ངག་ནི༔  རང་གསལ་ངང་ལ་ཕྱོགས་མེད་ལྟོས༔  མ་ནོར་བཅོས་མེད་རང་སར་ཞོག༔  སྒོ་གསུམ་མ་བཅིངས་བག་ཡངས་སྤྱོད༔  རྒྱན་དང་བཅས་པའི་ལུས་ལ་ལྟོས༔  ཞེས་པ་ལ་སོགས་པ་གསུངས་སོ༔  དེར་དཔལ་ལྡན་ཤྲཱི་སིང་ཧས་རང་གྲོལ་མངོན་སུམ་དུ་ངོ་འཕྲོད༔  རྩོལ་མེད་ཨ་ཏིའི་དོན་གཏིང་ཕྱིན་པར་རྟོགས་ནས༔  དགོངས་པ་ནམ་མཁའ་ལྟར་ཕྱོགས་རིས་མེད་པར་མཉམ་པའི་དོན་ཁོང་དུ་ཆུད་དེ༔  རང་གི་རྟོགས་པ་དང་བླ་མའི་སྐུ་དྲིན་བརྗོད་པ་ནི༔  ཏིང་འཛིན་སྒོམ་པས་གདམས་ངག་གསལ༔  བླང་དོར་སྤྱོད་པས་བག་ཡངས་གྲོལ༔  འདོད་བཅས་ལྟ་བས་གཉིས་ཕྱོགས་བྲལ༔  བདག་ཉིད་རྒྱན་བཅས་སྐུ་དྲིན་ཆེ༔  ཞེས་སོགས་གཏང་རག་ཕུལ་ལོ༔  དེར་ཤྲཱི་སིང་ཧས་རྟོགས་པའི་དོན་མཐར་ཕྱིན་ཏེ༔  སྤྲུལ་སྐུ་དགའ་རབ་ལ་སོགས་པ་གོང་མ་ཐམས་ཅད་དང་མཇལ༔  དགོངས་པ་གཉིས་སུ་མེད་པར་གྱུར་ཏེ་རྩོལ་མེད་ཨ་ཏིའི་བསྟན་པ་ཐམས་ཅད་ཐུགས་ལ་རྫོགས་པར་བཞུགས་སོ༔  དེ་ནས་དྷ་ཧེ་ནའི་འདུ་ཁང་དུ་དགོངས་པ་མཉམ་པའི་དོན་ལ་ཞུགས་ནས༔  ཆོས་གྲྭའི་ཆེན་པོའི་སློབ་དཔོན་ཡང་མཛད་དོ༔  དེ་ནི་རང་གྲོལ་མངོན་སུམ་དུ་སྟོན་པ་མན་ངག་གི་ལོ་རྒྱུས་སོ༔   
 
བཻ་རོ་ཙ་ནའི་རྣམ་ཐར་འདྲ་འབག་ཆེན་མོ་ལས༔  བསྟན་པ་རྒྱ་གར་དུ་དར་ཞིང་རྒྱས་པའི་སྐབས་ཏེ་ལེའུ་ལྔ་པའོ༔     
</div>
</div>
[[Category:Vairotsana Namthar]]

Latest revision as of 05:57, 27 July 2010

༈ ལེའུ་ལྔ་པ་བསྟན་པ་རྒྱ་གར་དུ་དར་ཞིང་རྒྱས་ཚུལ།