རྫོགས་པ་ཆེན་པོ་ལྕེ་བཙུན་སྙིང་ཏིག་གི་དབང་ཆོག་བདུད་རྩིའི་གྲུ་ཆར་བཞུགས་སོ།

From Rangjung Yeshe Wiki Texts
Jump to navigation Jump to search
{{{1}}}

༄། །མཧཱསནྡྷིཨབྷིརསཙིཏྟཾཏིལཀཱབྷིཥིཏབིདྷོམྲྀཏཾནོབྲྀཥྜིཏིསྨ།། །།[1]

༄། །རྫོགས་པ་ཆེན་པོ་ལྕེ་བཙུན་སྙིང་ཏིག་གི་དབང་ཆོག་བདུད་རྩིའི་གྲུ་ཆར་བཞུགས་སོ། །།

༄༅། །ན་མོ་གུ་རུ་མཱུ་ལ་སྱཻ། དུས་གསུམ་རྒྱལ་བའི་གཤེགས་ཤུལ་གསང་ཆེན་ལམ། །རང་གྲོལ་འོད་གསལ་རྫོགས་པ་ཆེན་པོ་ཡི། །གདམས་བཟང་སྣང་མཛད་བརྒྱུད་གསུམ་རིག་འཛིན་གྱི། །ངོ་བོ་དཔལ་མགོན་བླ་མར་གུས་ཕྱག་འཚལ། །མན་ངག་བཅུད་ལྡན་རྡོ་རྗེ་སློབ་དཔོན་གྱིས། །སྣོད་ལྡན་སློབ་མའི་སྒོ་གསུམ་ཆ་མཉམ་རྒྱུ། །རྡོ་རྗེ་བཞི་རུ་སྨིན་བྱེད་བབས་ཟབ་མོ། །དབང་ཆོག་བདུད་རྩིའི་གྲུ་ཆར་འདིར་གསལ་བྱ། །དེ་ལ་འདིར་བི་མ་ལའི་ཟབ་ཏིག་ལྕེ་བཙུན་སྙིང་ཏིག་གི་དབང་བསྐུར་བ་ལ་གསུམ། གང་དུ་བྱ་བའི་གནས། ནམ་བྱ་བའི་དུས། ཇི་ལྟར་བྱ་བའི་རིམ་པའོ། །དང་པོ་གང་དུ་བྱ་བའི་གནས་ནི། རྒྱལ་བས་ཞབས་ཀྱིས་བཅགས་པའི་གནས་བྱིན་ཆེ་བའམ། དཔྱད་ལེགས་མཐུན་རྐྱེན་འཛོམས་ཤིང་བཀྲ་ཤིས་པའི་གནས། དུར་ཁྲོད་དམ༔ རི་རྩེའམ༔ གངས་སྟེང་ངམ༔ མཚོ་གླིང་སོགས་ཤིན་ཏུ་དབེན་ཞིང་ཟིལ་ཆེ་བའི་གནས་སུའོ། །གཉིས་པ་ནམ་བྱ་བའི་དུས་ནི། ཚེས་བཅུ་སོགས་དུས་ཁྱད་པར་ཅན་གྱི་ཚེ༔ གཟའ་སྐར་འཕྲོད་སྤྱོར་བཟང་པོ་འཛོམ་དུས་སུ་བྱ་བ་ལ་འཇུག །གསུམ་པ་ཇི་ལྟར་བྱ་བའི་རིམ་པ་ལའང་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་སྦྱོར་བ་ལ། ས་ཡི་ཆོ་ག་དང་། སྦྱོར་བ་དངོས་གཉིས། ཐོག་མར་དཀྱིལ་འཁོར་བྱ་བའི་ས་ཕྱོགས་མ་དུལ་བ་ཡིན་ན། གཞི་དེ་ཉིད་དུ་གཏོར་མ་དཀར་ཟླུམ་རྒྱན་ལྡན་མཆོད་པ་དང་བཅས་པ་བཤམ། སློབ་དཔོན་བདག་ཉིད་རང་བཞིན་གཞིའི་ཀུན་ཏུ་བཟང་པོ་ལས་བླ་མ་ཧེ་རུ་ཀའི་སྐུར་བཞེངས་པ་ནི། ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བར་གྱུར་པར་བསམ། གཏོར་མ་རྟ་སྔགས་ཀྱིས་བསངས། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿཞེས་མཁའ་ལྡིང་གི་རྒྱ་བཅས་ལན་གསུམ་གྱིས་བརླབས། བྷུ་མི་པ་ཏི་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏོ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདིར། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་གནང་བ་བྱིན་པར་མོས་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་ཀྱིས་ཕྲིན་ལས་བཅོལ། བྷུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪཿས་རང་གནས་སུ་གཤེགས་ལ་གཏོར་མ་གཙང་སར་བསྐྱལ། དེ་ནས་རྡོ་རྗེ་དང་བཅས་པའི་ལག་གཡས་རྩེ་གསུམ་རྒྱ་ས་གཞི་ལ་རེག་སྟེ། རྩ་བའི་སྔགས་བརྒྱའམ་ཉེར་གཅིག་བཟླས་པ་ཀུན་རྫོབ་ཀྱི་སྦྱང་བ་དང་། ཆོས་ཐམས་ཅད་སྟོང་ཉིད་དུ་ཤེས་པས་རང་བཞིན་མེད་པར་རྒྱས་བཏབ་པ་ནི་དོན་དམ་པའི་སྦྱང་པའོ། །གཉིས་པ་སྦྱོར་བ་དངོས་ལའང་ཆོ་གར་མ་གཏོགས་པ་དང་གཏོག་པ་གཉིས། དང་པོ། སྟེགས་བུའི་དབུས་སུ་འོད་ལྔའི་དཀྱིལ་འཁོར་གྱི་སྟེང་དུ་འུམ་པ་ཨ་ཡིས་མཚན་པ༔ དེའི་སྟེང་དུ་བྷནྡྷ་བདུད་རྩིས་གང་བ་དང་༔ རྡོ་རྗེ་སེམས་དཔའི་མེ་ལོང་རྣམས་བརྩེགས་མར་བཤམ༔ གཞན་ཡང་ལྷ་ཡི་ཉེར་སྤྱོད་མཆོད་ཚོགས་རྒྱས་པ་དང་། བདག་གི་ཉེར་སྤྱད། རྡོར་དྲིལ། ཌཱ་མ་རུ། ནས་བཟེད། བྲབ་སྦད་བདུག་གི་རྫས། ནང་མཆོད་རྣམས་འདུ་འོ། །གཉིས་པ་ལའང་ཆོ་གར་གཏོགས་པ་ནི། ཀུན་བཟང་དོན་གྱི་ཕྲིན་ལས་གཞུང་བསྲངས་ཏེ་ཆོ་ག་གཅིག་གི་ཁོངས་སུ་བདག་མདུན་བུམ་གསུམ་ཐོལ་བསྐྱེད་ཀྱིས་བཟླས་པ་གྲུབ་ནས། ལས་བུམ་ནང་དུ་དབང་ཆེན་རྟ་མགྲིན་སྐད་ཅིག་གིས་གསལ་བཏབ་ལ། ཨོཾ་བཛྲ་ཀྲོ་དྷཱ་ཧྱཱ་གྲཱི་ཝ་ཧཱུྃ་ཕཊཿ ཅེས་ཅི་རིགས་པར་བཟླས་མཐར། ལས་བུམ་གྱི་ཁྲོ་བོས་བར་ཆད་ཀྱི་བགེགས་བཟློག་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་འདོད་དོན་གསོལ། བདག་འཇུག་རིག་མེ་དོར་བས་འཐུས་སོ། །རྩ་བའི་གཉིས་པ་གཉིས་ཀྱི་དང་པོ། དམ་ཚིག་བསྲུང་ཞིང་སྒྲུབ་པར་ནུས་ངེས་པའི་སློབ་མ་གཅིག་གམ་གསུམ་མམ། བདུན་ལས་མི་མང་བར་གསུངས་པས་དེ་ལྟར་རམ། ལར་སྣོད་དང་ལྡན་མི་ལྡན་གྱི་ཁྱད་པར་ཤེས་པར་བྱ་དགོས་ལ། གང་ལྟར་ཐོག་མར་ཕྱི་རོལ་དུ་ལས་སློབ་ཀྱིས་ཁྲུས་བྱ། གྲལ་དུ་འཁོད་མ་ཐག །བགེགས་གཏོར་ལས་ཆུས་བསངས་ཏེ། རཾ་ཡཾ་ཁཾ་གིས་སྦྱང་། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་མཁའ་ལྡིང་གི་རྒྱ་བཅས་ལན་གསུམ་བརླབ། སརྦ་བིགྷྣཱཾ་ཨ་ཀརྵ་ཡ་ཛཿས་བགེགས་བཀུག །ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་སྭཱ་ཧཱ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་སེ་གོལ་བཅས་ལན་གསུམ་གྱིས་བསྔོས་ལ། ཨ༔ ཡིད་བྱེད་ལྟར་སྣང་བགེགས་ཀྱི་ཚོགས༔ རང་བཞིན་བདེན་མེད་གཏོར་མ་ལོངས༔ འཁོར་ཡུག་འོད་གསལ་ཕྱག་རྒྱ་ལས༔ མི་འདའ་རྡོ་རྗེའི་མཚམས་བཅད་དོ༔ ཧཱུྃ་ཧཱུྃ་ཨ༔ ཞེས་པས་བགེགས་བསྐྲད་ལ་གཏོར་མ་ཕྱི་རོལ་དུ་དོར། བསྲུང་འཁོར་ནི། བགེགས་རྣམས་ཕར་བསྐྲད་དེ་འོད་ཟེར་ཚུར་འདུས་པ་ལས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་དཔུང་དང་བཅས་པའི་བསྲུང་བའི་འཁོར་ལོ་ཅིས་ཀྱང་མི་ཆོད་མི་ཤིགས་པའི་བདག་ཉིད་ཅན་དུ་གྱུར་པར་བསམ། བཛྲ་ཙཀྲ་རཀྵ་རཀྵ། དེ་ནས་ཆོས་བཤད་པས་མཚམས་སྦྱར་བ་ནི། དེ་ལྟར་ན་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས། དག་པ་ཁྲུས་ནས་མ་བཏོན་པར། །གསང་སྔགས་དབང་གི་སྒོ་མི་དབྱེ། །བྱུར་དང་མི་ཤིས་མ་བསལ་བར། །གསང་སྔགས་དབང་གི་གྲལ་མི་གཏོད། །སྲུང་བའི་འཁོར་ལོ་མ་བསྒོམས་པར། །གསང་སྔགས་དབང་གི་ཆོས་མི་བཤད། །ཅེས་གསུངས་པ་ལྟར་གྲུབ་ཟིན་པ་ལགས། །གཉིས་པ་ཀུན་སློང་བཅོས་ཤིང་ངེས་ཤེས་བསྐྱེད་པ་སོགས་ནི། འོ་ན། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཀུན་བཟང་གདོད་མའི་མགོན་པོའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་དང་པོ་སྨིན་བྱེད་ཀྱི་དབང་ལེགས་པར་གསན་ཏེ། གྲོལ་བྱེད་གདམས་པའི་རིམ་པ་ཚུལ་བཞིན་ཉམས་སུ་བླང་བར་བགྱིའོ་སྙམ་པའི་དམ་བཅའ་བརྟན་པོའི་སྒོ་ནས་མདོ་རྒྱུད་རིན་པོ་ཆེ་རྣམས་ནས་ཇི་སྐད་གསུངས་པ་ལྟར་ཀུན་སློང་དང་ཀུན་སྤྱོད་ཀྱི་རིམ་པ་རྣམས་ཐུགས་ལ་བཅང་སྟེ་གཞན་དུ་མ་ཡེངས་པར་གསན་འཚལ། ད་ལམ་རང་རེ་རྣམས་སྐྱེ་དཀའ་བ་ལྷོ་རྒྱལ་འཛམ་བུའི་གླིང་། ཐོབ་དཀའ་བ་སངས་རྒྱས་སྒྲུབ་པའི་རྟེན་ཁྱད་པར་ཅན་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ། མཇལ་དཀའ་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ། འཕྲད་དཀའ་བ་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་གྲོལ་ཟབ་མོ་དང་། དེ་སྟོན་བྱེད་བླ་མ་རྡོ་རྗེ་སློབ་དཔོན་གྱིས་རྗེས་སུ་བཟུང་བའི་གནས་སྐབས་འདི་ལྟ་བུ་ནི། དཔེར་ན་ཨུ་དུམྦ་རའི་མོ་ཏོག་ལས་ཀྱང་ཆེས་ཆེར་དཀོན་པས་ན། ངེས་ཤེས་དང་བཅས་པའི་དད་པ་ནི་སྔགས་ཀྱི་དངོས་གྲུབ་ཐོབ་བྱེད་ཀྱི་རྒྱུ་མ་ནོར་བ་ཡིན་ཏེ། ཨོ་རྒྱན་རིན་པོ་ཆེས། ད་རེས་ཕུན་ཚོགས་རྐྱེན་ཀུན་འབྱོར་དུས་འདིར། །བརྩོན་འགྲུས་དྲག་པོས་སྲིད་ལས་འདའ་བར་མཛོད། །ཅེས་གསུངས་པ་ལྟར། ཆོས་སྒྲུབ་པའི་མཐུན་རྐྱེན་སྣ་ཚོགས་པའི་རྟེན་འབྲེལ་འཛོམ་པའི་དུས་འདིར་ལེ་ལོ་གསུམ་གྱི་དབང་དུ་མི་གཏང་བར། དལ་ཁོམས་མེད་པའི་བརྩོན་འགྲུས་གསུམ་གྱི་སྒོ་ནས་གདམས་པ་ཉམས་སུ་མ་བླངས་ན། སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པ་སྒྱུ་མའི་དཔེ་བརྒྱད་ཀྱི་རང་བཞིན་ཅན་ཡིན་ལ། ཁྱད་པར་དུ་རང་རེའི་ལུས་སེམས་ཀྱི་ཚོགས་པ་འདི་ཡང་མི་རྟག་པར་ངེས་པར་འཆི་བ། ནམ་འཆི་ཆ་མེད། འཆི་རྐྱེན་ངེས་མེད་ལས་མ་འདས་པས་ན། སྐད་ཅིག་ཀྱང་ཕྱི་བཤོལ་དུ་མ་སོང་བས་ཆོས་ལ་འབད་པ་གལ་ཆེ་སྟེ། ཇི་སྐད་དུ། འདི་ལྟར་སྲིད་པའི་བདེ་སྡུག་མཐོ་དམན་ཀུན། །སྔོན་བསགས་ལས་ལས་གྲུབ་པར་ཐུབ་པས་གསུངས། །ཞེས་གསུངས་པ་ལྟར། ཤི་བའི་དུས་ལས་གང་བྱས་ཀྱི་འབྲས་བུ་ཆུད་མི་ཟ་པས་ན། མི་དགེ་བའི་ལས་ཀྱིས་ངན་སོང་དང་། དགེ་བའི་ལས་ཀྱིས་མཐོ་རིས་སུ་སྐྱེ་བར་འགྱུར་ལ། འགྲོ་བ་གང་དུ་སྐྱེས་ཀྱང་ཟོ་ཆུའི་འཁྱུད་མོ་བཞིན་སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱི་ཡོ་ལང་ཁོ་ན་ལས་མ་འདས་པས། ད་ནི་སྲིད་པའི་སྡུག་བསྔལ་ལས་ཐར་པ་ཞིག་ངེས་པར་དགོས། དེ་ཡང་རང་གཅིག་པུ་ཙམ་ཞི་བདེ་དོན་གཉེར་གྱི་བསམ་པ་མ་ཡིན་པར་ཁམས་གསུམ་གྱི་གནས་སུ་འཁྱམས་ཤིང་སྡུག་བསྔལ་རྒྱུ་འབྲས་གཉིས་ཀྱིས་རྟག་ཏུ་མནར་བའི་མ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཆེད་དུ་ཐེག་པ་ཆེན་པོའི་བློས་ལམ་ལ་ཞུགས་པའི་ཕན་ཡོན་ནི་ཚད་མེད་དེ། ཇི་སྐད་དུ། སེམས་ཅན་ཁམས་ནི་ཚད་མེད་པ། །ཕན་འདོད་དེ་ནི་དེ་འདྲ་འོ། །ཞེས་སོ། །ཐོབ་བྱ་སངས་རྒྱས་ཀྱི་གོ་འཕང་དེ་ཡང་རྒྱུ་མེད་རྐྱེན་མེད་དུ་མི་ཐོབ་པས་ན། རྒྱུ་རྐྱེན་གྱི་གཙོ་བོ་མདོ་སྔགས་ཀྱི་ལམ་གཉིས་ལས། འདི་ནི་གསང་སྔགས་རྡོ་རྗེ་ཐེག་པའི་མྱུར་ལམ་ཁྱད་པར་ཅན་ཡིན་ལ། དེ་ལའང་རྒྱ་གར་འཕགས་པའི་ཡུལ་ན་གསར་རྙིང་ཞེས་རིས་སུ་བཅད་པ་མེད་ཀྱང་བོད་འདིར་ལོ་ཙཱ་བ་བྱོན་སྔ་ཕྱིའི་དབང་གིས། སྔ་འགྱུར་རྙིང་མ་དང་། ཕྱི་འགྱུར་གསར་མའི་ཐ་སྙད་དུ་གྲགས་པ་ལས། འདི་ནི་སྔ་འགྱུར་རྙིང་མ་ཡིན། དེ་ལའང་། བསྐྱེད་པ་མ་ཧཱ་ཡོ་ག་གཞི་ལྟ་བུ། རྫོགས་པ་ཨ་ནུ་ཡོ་ག་ལམ་ལྟ་བུ། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་འབྲས་བུ་ལྟ་བུ་སྟེ་ནང་རྒྱུད་སྡེ་གསུམ་དུ་བཞུགས་པ་ལས། འདི་ནི་ཕྱི་མ་སྟེ། དེ་ལའང་། སེམས་སྡེ། ཀློང་སྡེ། མན་ངག་སྡེ་དང་གསུམ་དུ་དབྱེ་བ་ལས་འདི་ནི་མན་ངག་སྡེ་ཡིན་ལ། དེ་ལའང་ཡུལ་དང་གདམས་ངག་གི་ཟབ་ཁྱད་ནང་གསེས་སུ་དབྱེ་བ་བཞིར་མཆིས་པའི་ནང་ནས་འདི་ནི་ཡང་གསང་བླ་ན་མེད་པ་མན་ངག་སྙིང་ཏིག་སྟེ། དེ་ལའང་བཀའ་གཏེར་གྱི་ལུགས་གཉིས་སུ་བཞུགས་པ་ལས། འདི་ནི་གཏེར་མའོ། །དེ་ལ་ཡང་གཉིས། སློབ་དཔོན་ཆེན་པོ་པདྨའི་བཀའ་སྲོལ་ལས་བྱུང་བའི་མན་ངག་མཁའ་འགྲོ་སྙིང་ཏིག་ཆེན་མོ་དང་། པཎ་ཆེན་བི་མ་ལའི་བཀའ་སྲོལ་ལས་བྱུང་བའི་མན་ངག་བི་མ་སྙིང་ཏིག་སྟེ། འདི་ནི་ཕྱི་མ་དང་རྗེས་སུ་འབྲེལ་བ། མན་ངག་ཐམས་ཅད་ཀྱི་རྒྱལ་པོ་ཀློང་ལྔའི་ཡི་གེ་དུམ་བུ་གསུམ་པ་ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་སྒོ་ནས་སློབ་མ་རྗེས་སུ་འཛིན་པར་བྱེད་པ་སྟེ། ལོ་རྒྱུས་ཀྱི་སྒོ་ནས་ངེས་ཤེས་སྐྱེད་པ། དབང་གི་སྒོ་ནས་སྨིན་པར་བྱེད་པ་དང་འབྲེལ་བར་གདམས་ངག་གི་སྒོ་ནས་གྲོལ་བར་བྱེད་པ་དང་བཅས་ཡོད་པས། ཐོག་མར་ལོ་རྒྱུས་འཆད་དགོས་པ་ནི། རྒྱུད་ཀློང་གསལ་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཞེས་གསུངས་པས། དེ་ལ་རིང་བརྒྱུད། ཉེ་བརྒྱུད། ཤིན་ཏུ་ཉེ་བརྒྱུད་ཀྱི་ལོ་རྒྱུས་ཁྱད་པར་དུ་དབྱེ་བ་ལས། དང་པོ་རིང་བརྒྱུད་ལ་གསུམ་སྟེ། ཇི་སྐད་དུ། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །དགོངས་པ་རིག་པ་རྣ་བར་བརྒྱུད། །གང་ལ་ཐུག་གི་བར་དུ་འོ། །ཞེས་གསུངས་པ་ལྟར། རྒྱལ་བ་དགོངས་པའི་བརྒྱུད་པ་ནི། གདོད་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོ། རྒྱལ་བ་རྡོ་རྗེ་འཆང་ཆེན་པོ། དཔལ་རྡོ་རྗེ་སེམས་དཔའ། གསང་བདག་ཕྱག་ན་རྡོ་རྗེ་སོགས་དགོངས་ཀློང་འདུ་འབྲལ་མེད་པའི་ཚུལ་གྱིས་བརྒྱུད་པ་དང་། གཉིས་པ་རིག་འཛིན་བརྡའི་བརྒྱུད་པ་ནི། སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེ། སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན། རིག་འཛིན་ཆེན་པོ་ཤྲཱི་སེང་ཧ། པཎ་ཆེན་ཛྙཱ་ན་སཱུ་ཏྲ། པཎ་ཆེན་བི་མ་ལ་མི་ཏྲ་དང་། ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱི་བར་དུ་བརྡའ་བསྟན་པ་ཙམ་གྱིས་རྟོགས་གྲོལ་དུས་མཉམ་དུ་བྱུང་བས་སོ། །གསུམ་པ་གང་ཟག་སྙན་ཁུང་གི་བརྒྱུད་པ་ནི། པཎ་ཆེན་བི་མ་ལ་མི་ཏྲ་བོད་དུ་བྱོན་ནས། མངའ་བདག་རྗེ་འབངས་ལྔ་དང་ཁྱད་པར་དུ་ཉང་ཏིང་འཛིན་བཟང་པོ་ལ་རྗེས་སུ་གདམས། ཉང་གིས་སྙན་བརྒྱུད་རྣམས་སྦས་བློ་གྲོས་དབང་ཕྱུག་ལ་གནང་། དཔེ་རྒྱུད་རྣམས་དབུ་རུ་ཞྭའི་ལྷ་ཁང་དུ་གཏེར་དུ་སྦས། ཕྱིས་ཉང་རང་གི་རྣམ་སྤྲུལ་སྦས་པའི་རྣལ་འབྱོར་པ་ཆེན་པོ་གནས་བརྟན་ལྡང་མ་ལྷུན་གྲུབ་རྒྱལ་མཚན་གྱིས་སྤྱན་དྲངས་ནས་ལྕེ་བཙུན་སེང་གེ་དབང་ཕྱུག་ལ་གནང་བ་ནས་བཟུང་། རིམ་པར་བརྒྱུད་དེ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་ལ་བཀའ་བབས་ཤིང་། དེ་ལས་བདག་ཅག་གི་བླ་མ་དམ་པའི་བར་དུ་བརྒྱུད་པ་བར་མ་ཆད་པར་བྱོན་པ་དང་། གཉིས་པ་ཉེ་བརྒྱུད་ནི། ཀུན་མཁྱེན་ཆེན་པོ་དེ་ཉིད་ལ་པཎ་ཆེན་བི་མ་ལས་བྱིན་གྱིས་བརླབས་ཤིང་དགོངས་པའི་གཏེར་མཛོད་བརྡོལ་བ་ལ་བརྟེན་ནས་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ་སོགས་ཟབ་ཅིང་རྒྱ་ཆེ་བའི་ཤིང་རྟའི་ལམ་སྲོལ་རྨད་དུ་བྱུང་བ་དབྱེ་བར་མཛད་ཅིང་སྨིན་གྲོལ་གྱི་གདམས་པ་བར་མ་ཆད་པར་བཞུགས་པ་ཡང་བརྒྱུད་པའི་ཆུ་བོ་གཅིག་ཏུ་འདྲེས་པ་ལགས། གསུམ་པ་ཤིན་ཏུ་ཉེ་བརྒྱུད་གདམས་ངག་འདི་ཉིད་ཀྱི་དབང་དུ་བྱས་ན། དང་པོ་སྔོན་བྱུང་གི་ལོ་རྒྱུས་ནི། གཞུང་རྩ་བ་ལས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་རྒྱལ་པོ་དང་༔ ཚོར་བའི་རྒྱལ་པོ་དང་༔ འདུ་ཤེས་ཀྱི་རྒྱལ་པོ་དང་༔ འདུ་བྱེད་ཀྱི་རྒྱལ་པོ་དང་༔ རྣམ་པར་ཤེས་པའི་རྒྱལ་པོ་རྣམས་གཅིག་ཏུ་བསྡུས་པའི་ཡེ་ཤེས་ཀྱི་སྐུ་བརྙེས་པ་དཔལ་ཧེ་རུ་ཀ་རྣལ་འབྱོར་གྱི་དབང་ཕྱུག་སིཾ་ཧེ་ཤྭ་ར་དེ་ཉིད༔ པདྨའི་རིགས་མཆོག་གར་གྱི་དབང་པོའི་ཞིང་ཁམས༔ བོད་ཁ་བ་ཅན་གྱི་ལྗོངས༔ ཡུལ་ལ་མིང་དུ་ཆགས་པ་འོ་ཡུག་ཤུག་པའི་གླིང་གི་མགོ༔ བཀྲ་ཤིས་ལ་ཟིལ་ཆེ་བ༔ བྱིན་ཆགས་ལ་རླུང་རིག་དྭངས་པ༔ མཁའ་འགྲོ་ཕྱི་གོང་རྫའི་རྭ་བ་སྨན་ཤིང་ནགས་ཀྱི་ཚལ་ཆེན་པོར་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་རྒྱ་མཚོ་ལ་སྙོམས་པར་ཞུགས་སོ༔ དེའི་ཚེ་དེའི་དུས་ན༔ ལན་གཅིག་སྟོན་ཟླ་ར་བའི་ཚེས་བཅུ་ལ་ཡེ་ཤེས་དང་༔ ལས་དང་༔ འཇིག་རྟེན་གྱི་མཁའ་འགྲོ་མ་སྤྲིན་བཞིན་དུ་གཏིབས་ནས་ཚོགས་ཀྱི་འཁོར་ལོའི་འདུ་བ་རྒྱ་ཆེན་པོ་ལ་ལོངས་སྤྱོད་པའི་ཚེ། ཨོ་རྒྱན་གྱི་ཌཱ་ཀིའི་གཙོ་མོ་དཔལ་གྱི་བློ་གྲོས་མས་རྡོ་རྗེའི་བལྟ་བས་བལྟས་ཏེ༔ ཕྱག་རྣལ་འབྱོར་གྱི་ལུགས་སུ་བཙལ་ནས་འདི་སྐད་ཅེས་གསོལ་ཏོ༔ ཨེ་མ་ཨེ་མ༔ མ་འོངས་པའི་ཚེ་ན་སྙིང་ཏིག་སྙིང་པོའི་རྣལ་འབྱོར་པ་རྣམས་ཀྱིས་ཉམས་ལེན་གྱི་མཐར་ཐུག་གང་ལ་བགྱི༔ ཕྲིན་ལས་ཀྱི་གཞུང་གང་ལྟར་བསྲང་༔ སྙིང་པོའི་མཐར་ཐུག་གང་དུ་ལ་བཟླ་ཞེས་གསོལ་བ་ན༔ ཤྲཱི་ཧེ་རུ་ཀ་སིཾ་ཧེ་ཤྭ་ར་ཉིད་དར་གཅིག་དབྱིངས་ཀ་དག་ཟང་ཐལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་སྐུ་མི་སྣང་བ་འོད་ཀྱི་རང་བཞིན་དུ་གྱུར་ཏོ༔ དེའི་ཚེ་མཁའ་འགྲོ་མ་རྣམས་ཀྱིས་མགྲིན་གཅིག་ཏུ་གདུང་བའི་དབྱངས་ཀྱིས༔ ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀློང་༔ སྟོན་པ་སྒྲོན་མེའི་འོད་ནུབ་ན༔ འཇིག་རྟེན་མུན་པ་གང་གིས་སེལ༔ ཡེ་ཤེས་སྐུ་ཡི་ཉི་མ་ཡིས༔ མ་རིག་འཐིལ་པོ་བསལ་དུ་གསོལ༔ རྡོ་རྗེའི་གསུང་གི་བདུད་རྩི་ཡིས༔ འཁོར་བའི་ཚ་གདུང་བསིལ་བར་མཛོད༔ ཅེས་གསོལ་བ་བཏབ་པས་ལྷུན་གྲུབ་རིག་རྩལ་གྱི་ཏིང་ངེ་འཛིན་ལ་འཕོས་པའི་དེ་མ་ཐག་པར་ཡེ་ཤེས་ཀྱི་སྐུ་མངོན་སུམ་དུ་སྣང་བར་མཛོད་ནས་ཆོས་ཉིད་རྡོ་རྗེའི་རང་སྒྲས་འདི་སྐད་ཅེས་བཀའ་སྩལ་ཏོ༔ ཨེ་མ་ཨེ་མ། མ་འོངས་པ་ཕྱི་མ་ཕྱི་མའི་དུས་ཀྱི་ཚེ་སྙིང་ཏིག་སྙིང་པོའི་དོན་ལ་སྦྱོར་བའི་རྣལ་འབྱོར་པ་རྣམས་ཀྱིས་ཚེ་འདི་ཁོ་ན་ལ་གྲོལ་བར་འདོད་ན་ལྕེ་བཙུན་སིཾ་ཧེ་ཤྭ་ར་བདག་ཉིད་བསྒོམ་པར་བྱའོ༔ ཞེས་གསུངས་པ་དང་། གཉིས་པ་ཕྱིས་འབྱུང་འགྱུར་ལུང་བསྟན་པ་ནི། དེ་ཉིད་ལས། འདི་ནི་མ་འོངས་སྙིགས་མ་ལྔ་ཆེས་བདོ་ཞིང་བོད་ཁམས་ཀླ་ཀློའི་འཇུག་པས་བསྟན་ཞབས་སྡུད་པ་ལ་ཉེ་བ་ན༔ སྙིང་ཏིག་སྙིང་པོའི་དོན་ལ་མོས་པའི་རྣལ་འབྱོར་པ༔ ལྟར་སྣང་ཐ་མལ་བ་རྣམས་དང་ཤིན་ཏུ་མཉམ་པར་སྤྱོད་པ༔ གསང་བ་སུས་ཀྱང་བརྟག་པར་དཀའ་བ༔ ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཉམས་འོག་ཏུ་ཚུད་པས་གང་གིས་ཀྱང་ཟིལ་གྱིས་མི་ནོན་པ༔ སྨིན་མཚམས་སུ་དཔའ་པོའི་རྒྱ་རྟགས་ཀྱིས་སྤྲས་པ༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་བྱིན་གྱིས་བརླབས་པས་ཐུག་ཕྲད་ཤེས་རབ་ཀྱི་གཏེར་བརྡོལ་བ༔ ཁྱད་པར་ངེས་པའི་དོན་ལ་ངེས་ཤེས་རྙེད་ཅིང་བདག་དང་བདག་གི་བཀའ་སྲོལ་ཟོལ་མེད་པ་ཁོ་ན་ལ་མོས་པ་མི་འཕྲོག་པར་བརྟན་པ་འོད་གསལ་སྤྲུལ་པའི་རྡོ་རྗེ་ཞེས་བྱ་བ་དུས་རིང་མོ་ནས་འབྱུང་བར་འགྱུར་བའི་དོན་དུ་བསྟན་ཏོ༔ དེའི་ཕྱིར་དེའི་སླད་དུ༔ རེ་ཞིག་ཡེ་ཤེས་ཀྱི་ངྷཱ་ཀི་མ་རྣམས་ཀྱིས་ཀློང་ལྔའི་ཡི་གེར་ཟུངས་ལ༔ དུས་སུ་བབས་པའི་ཚེ་གང་ཟག་དེའི་རྒྱུད་ལ་བྱིན་གྱིས་བརླབས་པས་སད་པར་གྱིས་ཤིག༔ སྐལ་ལྡན་གཅིག་ཅར་པའི་རིགས་ཅན་འགའ་ཞིག་ལ་ཕན་པར་འགྱུར་རོ༔ ཞེས་པའི་ལུང་བྱང་དང་མཐུན་པར་འཕགས་པ་འཇམ་དཔལ་མི་ཡི་རྒྱལ་པོའི་ཟོལ་དུ་སྤྲུལ་པ། གནམ་ལྷ་བབས་ཀྱི་རྒྱལ་པོ། ས་ལྷུན་གྲུབ་ཀྱི་མངའ་བདག །བོད་མགོ་ནག་གི་རྗེ་བོ། ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་བསྐྱེད་ཀྱི་འབྲས་བུ་དུས་སུ་སྨིན་པ། སྙིགས་དུས་སྐྱེ་རྒུ་ཡོངས་ཀྱི་སྐྱབས་མགོན། རིས་མེད་རྒྱལ་བསྟན་ཡོངས་ཀྱི་མངའ་བདག །སྔ་འགྱུར་བཀའ་བབས་བདུན་གྱི་ཤིང་རྟ་ཆེན་པོ། ས་གསུམ་ན་འགྲན་ཟླ་དང་བྲལ་བ། ཁྱབ་བདག་འཁོར་ལོའི་མགོན་པོ། མཚན་བརྗོད་པར་དཀའ་བ། དོན་གྱི་སླད་དུ་མཚན་ནས་སྨོས་ན། ༧འོད་གསལ་སྤྲུལ་པའི་རྡོ་རྗེའམ་པདྨ་འོད་གསལ་མདོ་སྔགས་གླིང་པ་ཞེས་མཚན་ཙམ་ཐོས་པའང་དོན་དང་ལྡན་པ་དེ་ཉིད་དགུང་གྲངས་ཉེར་བཞིར་སོན་པ་ཆུ་མོ་ཡོས་ཀྱི་ལོའི་སྣྲོན་ཟླ་པའ་ཡར་ཚེས་བརྒྱད་ཀྱི་ཉིན། འོ་ཡུག་གི་མཐིལ། རམ་ལྡིང་མ་དགོན་དང་ཉེ་བར་ཕེབས་པའི་ཚེ། ཐ་མལ་གྱི་སྣང་བ་དབྱིངས་སུ་ཐིམ་པའི་འོད་གསལ་གྱི་སྣང་ཆར། ལྕེ་བཙུན་ཆེན་པོ་འོད་ལུས་སུ་གཤེགས་པའི་གནས་དུས་སྟོན་འཁོར་གྱི་ཚོམ་བུའི་བཀོད་པ་ཇི་ལྟ་བ་བཞིན་གསལ་བར་ཤར་ཞིང་མན་ངག་གི་གཞུང་བཀའ་བསྩལ་པ་ཐུགས་ལ་བཀྲ་ལམ་གྱིས་སད་པ་ལྟར་རྗེས་སུ་དྲན་པའི་གཏེར་ཁ་དང་མཐུན་པར་གཏན་ལ་ཕབ་ཅིང་ཤིན་ཏུ་གསང་བའི་རྒྱས་བཏབ་སྟེ། ཕྱིས་དགུང་གྲངས་སོ་བརྒྱད་དུ་སོན་པ་མེ་མོ་སྦྲུལ་གྱི་ལོར་སྔགས་སྲུང་ཨེ་ཀ་ཛཱ་ཊིས་གསང་སྒོ་དབྱེ་བར་བསྐུལ་པ་ལྟར། འཛམ་གླིང་ཆོས་ཀྱི་ཤིང་རྟ་ཆེན་པོ་འཇམ་མགོན་བློ་གྲོས་མཐའ་ཡས་དང་། འཇིག་རྟེན་དབང་ཕྱུག་དཔལ་ཀརྨ་པ་ཆེན་པོ་ཐེག་མཆོག་རྡོ་རྗེ། སྤྲུལ་པའི་གཏེར་སྟོན་ཆེན་པོ་མཆོག་གྱུར་བདེ་ཆེན་གླིང་པ་སོགས་ལུང་ཟིན་མཁས་གྲུབ་ཀྱི་སྐྱེས་ཆེན་དམ་པ་རྣམས་ལ་རིམ་པར་བསྩལ་ཞིང་། ཕྱིས་སུ་རྗེ་དགུང་གྲངས་ང་དགུར་སོན་པ་ས་ཕོ་སྟག་གི་ལོར་ཐ་སྐར་ཟླ་བའི་ཚེས་བཅོ་ལྔའི་ཉིན་ཁོ་བོ་ཅག་བརྩེ་བས་རྗེས་སུ་བཟུང་སྟེ་སྨིན་གྲོལ་ཚངས་སྤྲུགས་སུ་གནང་བ་ལགས། གཉིས་པ་དབང་གི་སྒོ་ནས་སྨིན་པར་བྱེད་པ་ལ། ཐལ་འགྱུར་ལས། དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་བར་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་པ་དང་། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱ། །ཞེས་དང་། དེ་ནས་རིག་པའི་རྩལ་དབང་བསྐུར། །ཞེས་གསུངས་པ་རྣམས་རིམ་པར་འབྱུང་བས། དེ་ལའང་སློབ་དཔོན་དང་སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱི་བགྱི་བར་འོས་པ་རྣམས་ལེགས་པར་གྲུབ་ཟིན་པ་ལགས། ད་སློབ་མ་ཁྱེད་རང་རྣམས་ཀྱི་ངོས་སྐལ་དཀྱིལ་འཁོར་དུ་འཇུག་པའི་ཆེད་དུ་མཎྜལ་ཕུལ་མཛོད། གསེར་གྱི་མེ་ཏོག་དང་བཅས་པའི་མཎྜལ་ཕུལ་བཅུག་ལ་གསོལ་པ་གདབ་པ་ནི། ཟླ་བ་སྒྲོན་མའི་མདོ་ལས། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་པས། དད་མོས་དང་ལྡན་པའི་ཕྱག་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྙིང་གར་སྦྱོར་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཀྱེ་བླ་མ་འགྲོ་བའི་མགོན༔ བདག་ལ་ཐུགས་རྗེས་དགོངས་སུ་གསོལ༔ དྲི་མེད་བདུད་རྩིའི་ཆར་རྒྱུན་གྱིས༔ ཡེ་ཤེས་སྨིན་ཅིང་བསྐྱེད་དུ་གསོལ༔ གནས་ལུགས་རང་ཞལ་མཐོང་བ་དང་༔ མངོན་སུམ་རིག་པ་བསྟན་དུ་གསོལ༔ ལན་གསུམ་དུ་ཞུའོ༔ དེ་ལ་སློབ་དཔོན་གྱིས༔ ཕྱག་གཡས་རྡོ་རྗེ་དང་བཅས་པས་སྐྱབས་སྦྱིན་གྱི་ཕྱག་རྒྱ་བསྟན་ཏེ། དེ་ལྟར་ཞུ་བའི་དོན་འདི་ལ་གསན་པས་ཁྱབ་སྟེ། ཨེ་མ་རིགས་ཀྱི་བུ༔ རང་བཞིན་ཐེག་མཆོག་རྒྱལ་པོའི་སྒོར་ཞུགས་པ་ལ༔ དམ་ཚིག་གི་གནས་གཅན་འཕྲང་དང་འདྲ་བ་ནི་ཤིན་ཏུ་བསྲུང་བར་དཀའ་ན༔ སྲོག་ལ་བབས་ཀྱང་སྲུང་བར་ནུས་སམ༔ སྒྲུབ་པ་སྙིང་པོར་མི་བྱེད་ན༔ གདམས་ངག་ཆུད་འཛའ་ཞིང་མཁའ་འགྲོ་རྣམས་འཁྲུགས་པར་འགྱུར་བས༔ རྩེ་གཅིག་ཏུ་བསྒྲུབ་པར་བགྱིད་དམ༔ ཞེས་དྲིས་པ་ལ༔ སློབ་མ་རྣམས་ཀྱིས་དམ་ཚིག་གི་གནས་སྙིང་དང་མིག་ལྟར་བསྲུང་། སྒྲུབ་པའི་སྙིང་པོ་གདམས་ངག་ཏུ་དྲིལ་ཏེ་ཉམས་སུ་ལེན་པར་བགྱིའོ་སྙམ་པས་ཁས་བླང་བ་འདིའི་རྗེས་ཟློས་མཛོད། ཨེ་མ་བླ་མ་རིན་པོ་ཆེ༔ ཐེག་མཆོག་རྒྱལ་པོའི་སྒོར་ཞུགས་ནས༔ སྲོག་ལ་བབས་ཀྱང་དམ་ཚིག་སྲུང་༔ སྙིང་པོའི་སྒྲུབ་པ་ཚུལ་བཞིན་བགྱི༔ ཞེས་གསོལ་པ་ལ༔ དམ་ཆུ་སྦྱིན་པ་ནི། དེ་ནས་སྦྱོར་བ་དམ་ལ་གཞག་པར་བྱ་བའི་སླད་དུ་དམ་ཚིག་གི་བདུད་རྩིའི་མནའ་ཆུ་འདི་ཉིད་ལྕེ་ལ་བཞག་པས་རྡོ་རྗེ་སེམས་དཔའི་རྣམ་པར་གྱུར་ནས་སྙིང་དབུས་སུ་ཐིམ་པར་མོས་ཤིག །བཛྲ་ས་མ་ཡ་ཨ་མྲྀ་ཏ་ཋ་ཋ་ཋ༔ ཞེས་པས་དམ་ཚིག་གི་བདུད་རྩི་སྦྱིན༔ དེ་ལྟར་བཏུང་པས་དམ་ཚིག་ཉམས་ན་ཆུ་དེ་ཉིད་སྡིག་པ་མགོ་དགུར་གྱུར་ནས་ཚེ་འདི་ལ་སྙིང་ཁྲག་འཇིབ་ནས་མཐོང་ཆོས་སུ་ཚེ་ཐུང་ཞིང་ནད་མང་བ་དང་མི་འདོད་པ་དུ་མས་མནར་ཞིང་སྲོག་དང་བྲལ། ཕྱི་མ་ན་རཀ་དམྱལ་བའི་གནས་སུ་ལྷུང་ནས་སྡུག་བསྔལ་བཟོད་པར་དཀའ་བ་མྱོང་བར་འགྱུར་ལ། དམ་ཚིག་བསྲུང་ན་ཡེ་ཤེས་སེམས་དཔར་གྱུར་ནས་རྟག་ཏུ་བྱིན་གྱིས་རློབ་ཅིང་འདི་ཕྱིའི་ཕན་བདེ་མ་ལུས་པ་འགྲུབ་ངེས་པའི་ཁེ་ཉེན་ཤིན་ཏུ་ཆེ་བས། དམ་ཚིག་ལས་མི་འདའ་བའི་ཕྱིར་རྡོ་རྗེའི་བྲོ་བོར་བའི་སྔགས་འདིའི་རྗེས་ཟློས་གྱིས་ཤིག །བཛྲ་ས་མ་ཡ་ན་ར་ཀན༔ ཞེས་རྡོ་རྗེའི་བྲོ་བོར་དུ་གཞུག་གོ༔ དེ་ནས་བླ་མས༔ ཨེ་མ་རིགས་ཀྱི་བུ་རྣམས༔ འདི་ལྟར་འདུས་བྱས་ཐམས་ཅད་ནི་མི་རྟག་པ་སྟེ་ཆུའི་ལྦུ་བ་ལྟ་བུའོ༔ འཁོར་བའི་བདེ་བ་ཐམས་ཅད་ནི་འཕྲལ་བདེ་བ་ལྟར་སྣང་ཡང་དོན་ལ་སྡུག་བསྔལ་ཏེ་དུག་གི་འབྲས་བུ་སྨིན་པ་ལྟ་བུའོ༔ རྐྱེན་སྣ་ཚོགས་པ་ཐམས་ཅད་ནི་ཟིན་པའི་དུས་མེད་པ་སྟེ་སྨིག་རྒྱུའི་ཆུ་ལ་བསྙེགས་པ་ལྟ་བུའོ༔ ཚེ་འདིའི་བྱ་བ་ཐམས་ཅད་ནི་རྣམ་པ་ཀུན་དུ་དོན་མེད་པ་སྟེ་གཉིད་ཐུན་གཅིག་གི་རྨི་ལམ་བཟང་ངན་ལྟ་བུའོ༔ ཐར་པ་དམ་པའི་འབྲས་བུ་ནི་ནམ་ཡང་སྡུག་བསྔལ་བར་མི་ལྡོག་སྟེ་འབྲུམ་ནད་བྱང་པའི་སྐྱེས་བུ་ལྟ་བུའོ༔ བླ་མ་དམ་པའི་གདམས་ངག་ནི་ཐར་པའི་ཁང་བཟང་དུ་འཛེགས་པའི་ལམ་སྟེ་ཐེམ་སྐས་བཟང་པོ་ལྟ་བུའོ༔ རྣམ་པར་མི་རྟོག་པའི་བསམ་གཏན་ནི་ཏིང་ངེ་འཛིན་ཐམས་ཅད་སྐྱེ་བའི་གཞི་སྟེ་ཞིང་ས་དུལ་བ་ལྟ་བུའོ༔ ཨེ་མ་རིགས་ཀྱི་བུ༔ དེའི་ཕྱིར་ངེས་འབྱུང་གི་བློ་སྐྱེད༔ ལུས་སེམས་ཁོང་ལྷོད༔ མིག་ཧར་རེ་ཞོག༔ སེམས་རྟོག་མེད་ཀྱི་ངང་དུ་དར་གཅིག་མཉམ་པར་འཇོག་མཛོད༔ ཞེས་དར་གཅིག་གཞག་བཅུག་ལ། དེ་ལ་སེམས་ཟིན་པ་ན༔ སྐྱབས་འགྲོ་དང་སེམས་སྐྱེད༔ སྒྲིབ་སྦྱོང་ཚོགས་གསག་རྣམས་ཀྱི་ཐབས་ཀྱིས་བཟུང་ངོ་༔ ཞེས་གསུངས་པས། ཐོག་མར་སྐྱབས་སུ་འགྲོ་བ་ནི། རང་ལུགས་ལ་ཀུན་རྫོབ་དམིགས་པའི་རྣམ་པ་དང་། དོན་དམ་ཡོངས་ཤེས་ཀྱི་སྐྱབས་སུ་འགྲོ་ཚུལ་གཉིས་ལས། དང་པོ་ཀུན་རྫོབ་དམིགས་པའི་རྣམ་པ་ནི། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་བླ་མ་དང་དབྱེར་མེད་པའི་སློབ་དཔོན་ཆེན་པོ་བི་མ་མི་ཏྲ་སྐུ་མདོག་དཀར་གསལ་ཞབས་སྐྱིལ་ཀྲུང་། ཕྱག་གཉིས་མཉམ་གཞག་གིས་ཐོད་པ་བདུད་རྩིས་བཀང་བ་བསྣམས་པ། དབུ་ལ་སྡེ་སྣོད་གསུམ་ཞྭ། སྐུ་ལ་ནང་དུ་གསང་གོས་སྔོན་པོ་ཕུ་དུང་དཔུང་པའི་ཕྱེད་ཀར་ལྷགས་པ། དེའི་སྟེང་དུ་ཆོས་གོས་རྣམ་གསུམ་གསོལ་བ། འོད་དང་འོད་ཟེར་མུ་མཐའ་མེད་པར་འཕྲོ་བ། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་དམིགས་ལ། བདག་གཞན་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བར་མོས་པ་དང་། གཉིས་པ་དོན་དམ་པར་ཡོངས་ཤེས་ཀྱི་སྐྱབས་སུ་འགྲོ་ཚུལ་ནི། དོན་དམ་པར་ཆོས་ཉིད་ཡེ་གྲོལ་སོར་བཞག་བྱར་མེད་རང་རིག་རང་སྣང་རང་གྲོལ་སྐུ་གསུམ་ཡེ་རྫོགས་ཆེན་པོར་བཞུགས་པ་ལ་ཡིན་ལུགས་ཤེས་པས་ངང་དུ་ལ་བཟླ་བའི་ཚུལ་ཏེ་རང་རང་གི་བློ་དང་འཚམས་པའི་སྒོ་ནས་འདི་ཡི་རྗེས་ཟློས་གནང་བར་ཞུ། ཨ༔ ཀ་དག་གཏིང་གསལ་ཆོས་ཀྱི་སྐུ༔ ལྷུན་གྲུབ་རིག་རྩལ་ལོངས་སྤྱོད་རྫོགས༔ དབྱེར་མེད་ཐུགས་རྗེ་སྤྲུལ་པའི་སྐུར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་པ་ནི། སྤྱིར་ནམ་མཁའི་མཐས་གཏུགས་པའི་མར་གྱུར་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཏེ། བདེ་བ་རྒྱུ་འབྲས་གཉིས་དང་ལྡན་འདོད་ཀྱི་ཚད་མེད་བཞི་སྒོམ་པ་སྨོན་སེམས་དང་། དེའི་རྒྱུ་ལག་ཏུ་བླང་ཞིང་སྒྲུབ་པ་འཇུག་སེམས་ཏེ་ཀུན་རྫོབ་ཀྱི་རྣམ་པ་དང་། དོན་དམ་པར་ཆོས་ཐམས་ཅད་གདོད་ནས་རྣམ་པར་དག་པ་ལ། གློ་བུར་དྲི་མས་བསྒྲིབས་ཏེ་མ་རིག་འཁྲུལ་པའི་གཞན་དབང་དུ་སོང་བའི་སེམས་ཅན་ཐམས་ཅད། ཡེ་གྲོལ་རང་རིག་འོད་གསལ་བདེ་བ་ཆེན་པོའི་དབྱིངས་སུ་ངལ་བསོ་བའི་ཕྱིར་ཤེས་པ་སོ་མ་དེར་འཛིན་བློ་བྲལ་རྒྱ་ཡན་ལྷུག་པར་ཅོག་གེར་འཇོག་པ་ནི་དོན་གྱི་སེམས་བསྐྱེད་དེ་རང་རང་གི་བློ་དང་འཚམས་པའི་སྒོ་ནས་འདི་ཡི་རྗེས་ཟློས་མཛོད། ཧོ༔ གློ་བུར་འཁྲུལ་བའི་འགྲོ་བ་ཀུན༔ གདོད་ནས་རྣམ་དག་དབྱིངས་ཀྱི་ངང་༔ ཡེ་ཤེས་རིག་པས་རང་གྲོལ་ཕྱིར༔ ཅོག་གཞག་ཆེན་པོར་སེམས་བསྐྱེད་དོ༔ ལན་གསུམ། ཚོགས་ཞིང་སྔར་གསལ་བཞིན་པའི་དྲུང་དུ་ཡུལ་དེ་དག་གི་ཡོན་ཏན་རྒྱ་མཚོ་ལྟ་བུ་ལ་གཅིག་ཏུ་གུས་པས་སེམས་ཅན་ཐམས་ཅད་དང་འཇུག་པ་གཅིག་པའི་སྒོ་ནས་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ་ཕྱག་འཚལ་བ་དང་། དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་ཞིང་རབ་འབྱམས་སུ་གང་བར་དམིགས་ཏེ་འབུལ་བ་དང་། སྟོབས་བཞི་ཚང་བའི་སྒོ་ནས་སྡིག་ལྟུང་བཤགས་པ་དང་། སྐྱེ་འཕགས་ཀྱི་དགེ་བ་ལ་ཕྲག་དོག་མེད་པས་རྗེས་སུ་ཡི་རང་བ་དང་། ཐེག་པ་གསུམ་གྱིས་བསྡུས་པའི་ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་བསྐུལ་བ་དང་། གང་སྐུ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པ། དགེ་ཚོགས་རྒྱ་མཚོ་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བ་སྟེ། ཀུན་རྫོབ་དམིགས་པའི་རྣམ་པ་ཅན་དང་། དོན་དམ་པར་འོད་གསལ་རྫོགས་པ་ཆེན་པོ་ཚིག་གིས་མཚོན་པའི་སྒོ་ནས་ངེས་ཤེས་དང་བཅས་པ་སྟེ། རང་རང་གི་བློ་དང་འཚམས་པས་རྗེས་ཟློས་ལན་གསུམ་གནང་བར་ཞུ། ཨ༔ སྣང་བཞི་མཐར་ཕྱིན་བླ་མ་ལ༔ འདུ་འབྲལ་མེད་པར་ཕྱག་འཚལ་ལོ༔ རླུང་སེམས་དག་པའི་མཆོད་སྤྲིན་འབུལ༔ སྡིག་ལྟུང་འདུས་མ་བྱས་པར་བཤགས༔ གཉིས་འཛིན་བྲལ་བས་རྗེས་ཡི་རང་༔ བརྗོད་མེད་ཆོས་འཁོར་བསྐོར་བཞིན་དུ༔ ཡོངས་གྲུབ་ཆེན་པོར་བཞུགས་གསོལ་འདེབས༔ དགེ་ཚོགས་འོད་གསལ་དབྱིངས་སུ་བསྔོ༔ ལན་གསུམ། གཞན་ཡང་འདིའི་སྐབས་སུ་དཔོན་སློབ་གཉིས་ཀའི་རྒྱུད་དག་པ་ཤིན་ཏུ་གལ་ཆེ་བས་སོ་སོའི་གྲལ་ནས་བཞེངས་ཏེ་འགྱོད་སྡོམ་དྲགས་པོའི་སྒོ་ནས་བརྐྱང་ཕྱག་དང་བཅས་ཏེ་ཚུལ་བཞིན་སྒྲུབ་པར་ཞུ། ཞེས་བརྡ་སྦྱར་ལ། ཨཱོཾ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི༔ ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་༔ ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་པའི༔ བདེ་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ༔ བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ༔ ཐུགས་རྗེ་ཐབས་མཁས་རྒྱ་ཆེར་རོལ་པ་ཡི༔ ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས༔ མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད༔ ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ༔ རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན༔ འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པས༔ གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག༔ སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ༔ ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་༔ རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པའི༔ མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད༔ ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ༔ ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི༔ སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས༔ འབྱུང་དང་འབྱུང་གྱུར་ཡབ་ཡུམ་ལྷུན་རྫོགས་རྣམས༔ གསང་ཆེན་རབ་དགྱེས་གཟུགས་ཅན་བདག་ཉིད་མ༔ མཁའ་དབྱིངས་ཀློང་ཡངས་པད་མོ་འཁྱིལ་བ་ལ༔ གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང་༔ མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ༔ ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ༔ འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་ནི༔ བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་༔ བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས༔ རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག༔ རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ༔ གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི༔ ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་དང་༔ མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི༔ ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས༔ དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ༔ རྡོ་རྗེ་གདུང་འཚོབ་རྣལ་འབྱོར་བདག་ཅག་གིས༔ འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ༔ བླ་མེད་བྱང་ཆུབ་གོ་འཕང་ཐོབ་བྱའི་ཕྱིར༔ བསྟན་པ་རྒྱ་མཚོ་སོ་སོའི་འདུལ་ཁྲིམས་དང་༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག༔ འདའ་ཀ་རྡོ་རྗེ་དམ་ཚིག་གཏན་གྱི་གཉེར༔ སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས༔ སྔ་ཕྱིར་མནོས་ཤིང་གཉེར་དུ་སྨྲས་སོ་འཚལ༔ ཡུན་དུ་མི་གཏང་འདའ་བར་མི་བགྱིད་ལ༔ དོན་ལས་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང་༔ གཟོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས༔ ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང་༔ ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ༔ བསྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ༔ ཚོར་དང་མ་ཚོར་མ་རིག་དབང་གིས་ནི༔ སྟོན་པའི་བཀའ་དང་དམ་ལས་འགལ་གྱུར་ཏེ༔ རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་༔ སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱའོ་ཞེས༔ བཀའ་ལས་བྱུང་ཡང་དེ་ལྟར་མ་རྟོགས་ཏེ༔ གསང་སྒོ་འཆོལ་བས་དབྱེ་བསལ་དཀའ་བ་དང་༔ མངོན་ཤེས་ཆུང་བས་སྐྱོན་ཅན་མ་རྟོགས་ཏེ༔ ཉམས་དང་ཚོགས་འདྲེས་ཉམས་པ་བསྐང་བ་དང་༔ ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང་༔ ཉམས་ལ་མི་འཛེམ་ཉམས་པའི་སྐྱོན་ལ་སོགས༔ ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གིས༔ ཉམས་སྒྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ༔ ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་རྣམས༔ རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན༔ བྱམས་པའི་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་༔ གཉིས་མེད་དབྱིངས་སུ་མི་འགྱུར་བདག་བཀོད་དེ༔ མི་དམིགས་བཏང་སྙོམས་ངང་ལ་བཞུགས་ནས་ཀྱང་༔ གཉིས་མེད་དོན་གྱིས་ཚངས་པ་སྩལ་དུ་གསོལ༔ དོན་དམ་དམིགས་མེད་སྤྲོས་ལས་འདས་པ་ལ༔ རྣམ་རྟོག་གང་ཡང་དམིགས་པར་མ་གྱུར་ཏོ༔ ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ན༔ ནོངས་པ་མཆིས་ན་རང་གནོང་བཟོད་པར་གསོལ༔ ན་རཀ་བཤགས་པ་ནི། ཨེ་མ་ཧོ༔ ཕྱོགས་བཅུ་དུས་བཞི་ཀུན་གྱི་བདག་ཉིད་ཆེ༔ བླ་མ་རྒྱལ་བ་ཞི་ཁྲོ་ཡོངས་རྫོགས་དགོངས༔ འདིར་གཤེགས་ཉི་ཟླ་པདྨའི་གདན་ལ་བཞུགས༔ ཉམས་ཆག་ན་རཀ་སྦྱང་ཕྱིར་ཕྱག་མཆོད་བཞེས༔ ཡོན་ཏན་ཕུན་ཚོགས་བླ་མ་རྣམས་ལ་ཕྱག་འཚལ་ལོ༔ དམིགས་མེད་སྤྲོས་བྲལ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ༔ བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལྎ འགྲོ་མགོན་ཅིར་ཡང་སྤྲུལ་པའི་སྐུྎ གནས་ལུགས་མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ༔ ཡང་དག་མངོན་པར་བྱང་ཆུབ་སྐུ་ལྎ ཉོན་མོངས་ཞི་མཛད་ཞི་བའི་ལྷ་ལྎ ལོག་ལྟ་ཚར་གཅོད་ཁྲོ་བོའི་སྐུ་ལྎ ཐབས་མགོན་ཚེ་བདག་འཇམ་དཔལ་སྐུ་ལྎ སྐྱོན་བྲལ་སྒྲ་སྒྲོག་པདྨ་གསུང་ལྎ ཡང་དག་དོན་ལྡན་བཛྲ་ཐུགས་ལ༔ དུག་ལྔ་ནད་སེལ་བདུད་རྩི་སྨན་ལྎ དྲེགས་པ་འཇོམས་མཛད་ཕུར་པའི་ལྷ་ལྎ འབྱུང་བའི་མངའ་བདག་མ་མོའི་ཚོགས་ལྎ ས་དང་ལམ་རྫོགས་རིག་འཛིན་ཚོགས་ལྎ བསྟན་པ་བསྲུང་མཛད་དམ་ཅན་རྣམས་ལྎ དགྲ་བགེགས་འདུལ་མཛད་སྔགས་བདག་ཚོགས་ལ་ཕྱག་འཚལ་ལོ༔ ཧཱུྃ༔ རང་རིག་རང་ཤེས་འཁྲུལ་པ་བྲལ༔ མཉམ་ཉིད་ངང་ལས་ཡེ་ཤེས་ཤར༔ ཀུན་ཏུ་བཟང་པོ་ཡབ་ཡུམ་ལ༔ ཡིད་ཆོས་དག་ཕྱིར་ཕྱག་འཚལ་ལོ༔ མི་རྟོག་དབྱེར་མེད་དགོངས་པ་ལ༔ ཡེ་ཤེས་ལྔ་ཡི་འོད་མདངས་གསལ༔ རིགས་ལྔ་བདེ་བར་གཤེགས་པ་ལ༔ ཉོན་མོངས་དག་ཕྱིརྎ དབྱིངས་ཀྱི་ངང་ལས་སྐྱེད་པའི་རྒྱུ༔ ཡེ་ཤེས་ལྔ་ཡི་གྲོགས་ཤར་བ༔ དབྱིངས་ཀྱི་ཡུམ་ཆེན་ལྔ་རྣམས་ལ༔ འབྱུང་བ་དག་ཕྱིརྎ ཡེ་ཤེས་སྤྲུལ་པ་མང་པོའི་ཚོགས༔ འགྲོ་བའི་དོན་དུ་རང་ཤར་བའི༔ བྱང་ཆུབ་སེམས་དཔའ་བརྒྱད་རྣམས་ལ༔ རྣམ་ཤེས་དག་ཕྱིར་ཕྱག་འཚལ་ལོ༔ ཡེ་ཤེས་ངང་ལས་ཡོན་ཏན་རྫོགས༔ ཅི་འདོད་དངོས་གྲུབ་ཆར་ལྟར་འབེབས༔ མཆོད་པའི་ལྷ་མོ་བརྒྱད་རྣམས་ལ༔ ཡུལ་དུས་དག་ཕྱིརྎ གདུག་པ་འདུལ་མཛད་དཔའ་བོའི་སྐུ༔ བདག་ཏུ་འཛིན་པའི་སྐྱོན་དང་བྲལ༔ ཏ་ཀྲིཏ་སྒོ་བ་བཞི་རྣམས་ལ༔ ལོག་ལྟ་དག་ཕྱིརྎ བྱམས་དང་སྙིང་རྗེ་དགའ་བ་དང་༔ བཏང་སྙོམས་བཞི་ཡིས་འགྲོ་དོན་མཛད༔ སྒོ་སྐྱོང་ཁྲོ་མོ་བཞི་རྣམས་ལ༔ རྟག་ཆད་དག་ཕྱིརྎ རྟོག་པ་དྲུག་ལས་འཁོར་བ་དྲུག༔ མ་རིག་དབང་གིས་བྱུང་བ་རྣམས༔ ཐུགས་རྗེས་འདུལ་མཛད་ཐུབ་དྲུག་ལ༔ འཁྲུལ་པ་དག་ཕྱིར་ཕྱག་འཚལ་ལོ༔ ཧཱུྃ༔ ཀུན་ཏུ་བཟང་པོ་རིག་པའི་རྩལ༔ ཆེ་མཆོག་གཙོ་ལ་ཕྱག་འཚལ་ལོ༔ དུག་ལྔ་མ་སྤངས་མཐར་ཕྱིན་པའི༔ ཧེ་རུ་ཀ་ལྎ དབྱིངས་ལས་སྐུར་བཞེངས་ཐབས་ཤེས་སྦྱོར༔ ཁྲོ་མོ་ཡུམ་ལྎ ཐུགས་ལས་སྤྲུལ་པའི་གསང་ཆེན་མོ༔ ཁྲོ་མོ་བརྒྱད་ལྎ ཟ་བྱེད་མཆེ་གཤོག་ཕོ་ཉ་མོ༔ ཕྲ་མེན་བརྒྱད་ལྎ འགུག་འདྲེན་འཆིང་སྡོམ་དགྱེས་མཛད་མ༔ སྒོ་མ་བཞི་ལྎ འཇིག་རྟེན་ཆ་ལུགས་སྤྲུལ་པ་མོ༔ དབང་ཕྱུག་མ་ལྎ ཧཱུྃ༔ ཡ་མཱནྟ་ཀ་གཤིན་རྗེའི་གཤེད༔ རྔམ་བརྗིད་དྲེགས་པའི་འཁོར་གྱིས་བསྐོར༔ འཇམ་དཔལ་སྐུ་ལ་ཕྱག་འཚལ་ལོ༔ ཧཱུྃ༔ རྟ་མགྲིན་རྒྱལ་པོ་དབང་གི་ལྷ༔ དབང་དྲག་ཐབས་ཀྱི་འཁོར་གྱིས་བསྐོར༔ པདྨ་གསུང་ལྎ ཧཱུྃ༔ དཔལ་ཆེན་བཛྲ་ཧེ་རུ་ཀ༔ རང་སྣང་གསལ་བའི་འཁོར་གྱིས་བསྐོར༔ ཡང་དག་ཐུགས་ལྎ ཧཱུྃ༔ བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ༔ ཞི་ཁྲོ་རབ་འབྱམས་ལྷ་ཡིས་བསྐོར༔ ཡོན་ཏན་རྒྱས་ལ་ཕྱགྎ ཧཱུྃ༔ རྡོ་རྗེ་གཞོན་ནུ་ཕྲིན་ལས་སྐུ༔ ཁྲོ་བཅུ་འབར་པའི་འཁོར་གྱིས་བསྐོར༔ ཕྲིན་ལས་མཛད་ལྎ ཧཱུྃ༔ མངོན་རྫོགས་རྒྱལ་པོ་ཧེ་རུ་ཀ༔ འབྱུང་བ་ལྔ་ལས་གྲུབ་པའི་འཁོར༔ མ་མོའི་ཚོགས་ལྎ ཧཱུྃ༔ རིག་འཛིན་རྡོ་རྗེ་དྲག་པོ་རྩལ༔ ས་དང་ལམ་ལ་གནས་པའི་འཁོར༔ རིག་འཛིན་ཚོགས་ལྎ ཧཱུྃ༔ གསང་བའི་བདག་པོ་གོས་སྔོན་ཅན༔ འཇིག་རྟེན་དྲེགས་པ་རྣམས་ཀྱིས་བསྐོར༔ བསྟན་པ་སྐྱོང་ལྎ ཧཱུྃ༔ སྟོབས་ལྡན་ནག་པོ་མཐུ་རྩལ་ཅན༔ དྲག་སྔགས་བདག་པོ་མང་པོས་བསྐོར༔ དགྲ་བགེག་འདུལ་ལ་ཕྱག་འཚལ་ལོ༔ དེ་ལྟར་རྒྱལ་བ་ཞི་ཁྲོའི་ལྷ༔ གང་གིས་མཚན་ཐོས་ཕྱག་འཚལ་ན༔ དམ་ཚིག་ཉམས་ཆག་ཀུན་བྱང་ནས༔ མཚམས་མེད་ལྔ་ཡི་སྡིག་པ་འདག༔ ན་རཀ་གནས་ཀྱང་དོང་སྤྲུགས་ཏེ༔ རིག་འཛིན་རྒྱལ་བའི་ཞིང་དུ་གྲགས༔ ལས་ཀྱི་རྣམ་པར་སྨིན་པའི་སྐྱོན༔ ངག་ཏུ་མཐོལ་ལ་ཡིད་ཀྱིས་བཤགས༔ སྨྲེ་སྔགས་བཏོན་ལ་གདུང་བས་སྦྱངས༔ མོས་པའི་ཐལ་མོ་སྙིང་གར་སྦྱར༔ དད་པས་བརྐྱང་ཕྱག་བརྡབས་ཏེ་འཚལ༔ ཞི་ཁྲོའི་ལྷ་ཚོགས་མཚན་ནས་བརྗོད༔ རྗེས་སུ་ལུས་ངག་ཚུགས་བཅས་ཏེ༔ རྡོ་རྗེ་སེམས་དཔའ་སྤྱི་བོར་བསྒོམས༔ ན་རཀ་དོང་སྤྲུགས་སྙིང་པོ་བཟླས༔ ཞེས། ཁྱེད་རང་རྣམས་ལུས་དྲང་པོར་སྐྱིལ་ཀྲུང་དང་བཅས་རྡོ་རྗེ་སེམས་དཔའ་སྤྱི་བོར་སྒོམས་ལ་སྟོབས་བཞི་ཚང་བའི་སྒོ་ནས་བདུད་རྩི་འབེབས་སྦྱོང་གི་དམིགས་པ་དང་བཅས། ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་སཏྭ་ཨཱཿ བར་བདུན་ནམ་ཉེར་གཅིག་བརྗོད། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོས་བདག་ཉིད་ཅན། །འགྲོ་བོའི་གཙོ་ལ་བདག་སྐྱབས་མཆི། །བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་རྡོ་རྗེ་སེམས་དཔའ་རང་ཉིད་ལ་ཐིམ་པར་མོས་ལ་སེམས་མ་བཅོས་པའི་ངང་དུ་དར་གཅིག་ཞོག་མཛོད། སླར་བརྐྱང་ཕྱག་བཅས་མཉམ་དུ་གསུང་བར་ཞུ། ཨོཾ༔ ཆོས་ཀྱི་དབྱིངས་ཉིད་སྤྲོས་པ་མེད་པ་ལ༔ བཟང་ངན་གཉིས་སུ་ལྟ་བ་ཡོང་རེ་གོལ༔ དངོས་པོ་མཚན་མར་འཛིན་པ་ཉོན་རེ་མོངས༔ སྤྲོས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ ཀུན་ཏུ་བཟང་པོ་བཟང་ངན་མེད་པ་ལ༔ བཟང་ངན་གཉིས་སུ་ལྟ་བ་ཐང་རེ་ཆད༔ གཙང་དང་སྨེ་བར་འཛིན་པ་སྙིང་རེ་རྗེ༔ བཟང་ངན་མེད་པའི་ཀློང་དུ་བཤགས་པར་བགྱི༔ མཉམ་པ་ཉིད་ལ་ཆེ་ཆུང་མེད་པ་ལ༔ སངས་རྒྱས་སེམས་ཅན་ལྟ་བ་ཡོང་རེ་གོལ༔ ཆེ་ཆུང་གཉིས་སུ་འཛིན་པ་ཉོན་རེ་མོངས༔ མཉམ་ཉིད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ བྱང་ཆུབ་སེམས་ལ་སྐྱེ་ཤི་མེད་པ་ལ༔ འདི་དང་ཕྱི་མར་ལྟ་བ་ཐང་རེ་ཆད༔ སྐྱེ་ཤི་གཉིས་སུ་འཛིན་པ་ཉོན་རེ་མོངས༔ འཆི་མེད་གཡུང་དྲུང་ཀློང་དུ་བཤགས་པར་བགྱི༔ ཐིག་ལེ་ཆེན་པོ་གྲྭ་ཟུར་མེད་པ་ལ༔ གཟུགས་དང་རྫས་སུ་ལྟ་བ་ཡོང་རེ་གོལ༔ གྲྭ་ཟུར་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཀུན་ནས་ཟླུམ་པ་ཐིག་ལེ་ཆེན་པོར་བཤགས༔ དུས་གསུམ་འགྱུར་བ་མེད་པའི་ངང་ཉིད་ལས༔ ཐོག་མ་མཐའ་མར་ལྟ་བ་ཡོང་རེ་གོལ༔ འཕོ་འགྱུར་གཉིས་སུ་འཛིན་པ་ཉོན་རེ་མོངས༔ འགྱུར་བ་མེད་པ་ཐིག་ལེ་ཆེན་པོར་བཤགས༔ རང་བྱུང་ཡེ་ཤེས་བཙལ་དུ་མེད་པ་ལ༔ རྒྱུ་འབྲས་གཉིས་སུ་ལྟ་བ་ཐང་རེ་ཆད༔ རྩོལ་སྒྲུབ་གཉིས་སུ་འཛིན་པ་ཉོན་རེ་མོངས༔ བཙལ་བ་མེད་པའི་རང་བྱུང་ཀློང་དུ་བཤགས༔ རིག་པ་ཡེ་ཤེས་རྟག་ཆད་མེད་པ་ལ༔ རྟག་ཆད་གཉིས་སུ་ལྟ་བ་ཐང་རེ་ཆད༔ ཡོད་དང་མེད་པར་ལྟ་བ་ཉོན་རེ་མོངས༔ རྟག་ཆད་མེད་པའི་ཡེ་ཤེས་ཀློང་དུ་བཤགས༔ ཆོས་དབྱིངས་རྣམ་དག་མཐའ་དབུས་མེད་པ་ལ༔ ཕྱོགས་རིས་མཐའ་དབུས་སྤྲོ་བསྡུ་ཐང་རེ་ཆད༔ མཐའ་དབུས་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཆོས་དབྱིངས་རྣམ་དག་མཐའ་དབུས་མེད་པར་བཤགས༔ གཞལ་ཡས་ཁང་ལ་ཕྱི་ནང་མེད་པ་ལ༔ ཕྱི་དང་ནང་དུ་ལྟ་བ་ཐང་རེ་ཆད༔ ཡངས་དོག་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཡངས་དོག་ཕྱི་ནང་མེད་པའི་ཀློང་དུ་བཤགས༔ ཡུམ་གྱི་མཁའ་དབྱིངས་མཐོ་དམན་མེད་པ་ལ༔ སྟེང་འོག་གཉིས་སུ་ལྟ་བ་ཐང་རེ་ཆད༔ མཐོ་དམན་གཉིས་སུ་འཛིན་པ་ཉོན་རེ་མོངས༔ བྷ་ག་ཡངས་དོག་མེད་པའི་ཀློང་དུ་བཤགས༔ ཆོས་ཀྱི་སྐུ་ལ་དབྱེ་བ་མེད་པ་ལ༔ ཡུལ་དང་སེམས་སུ་ལྟ་བ་ཐང་རེ་ཆད༔ སྣོད་བཅུད་གཉིས་སུ་འཛིན་པ་ཉོན་རེ་མོངས༔ གཉིས་སུ་མེད་པའི་ཡེ་ཤེས་ཀློང་དུ་བཤགས༔ ཅི་མཛད་ཅི་སྤྱོད་ཡབ་ཀྱི་རོལ་པ་ལས༔ རྣམ་རྟོག་སོ་སོར་ལྟ་བ་ཐང་རེ་ཆད༔ མིང་གིས་ལོག་པར་འཛིན་པ་ཉོན་རེ་མོངས༔ རོལ་པ་འཛིན་རྟོག་མེད་པའི་ཀློང་དུ་བཤགས༔ རིག་པའི་ཡེ་ཤེས་ནང་ནས་མ་ཤར་བས༔ མ་རིག་རྨོངས་པའི་བློ་ནི་སྙིང་རེ་རྗེ༔ གཟུགས་མེད་ཆོས་ལ་དངོས་པོ་མཚན་མར་འཛིན༔ ཡེ་ཤེས་རང་བཞིན་ཀློང་དུ་མཐོལ་ལོ་བཤགས༔ སྐྱེ་བ་མེད་པའི་དོན་དེ་མ་རྟོགས་ན༔ གང་ཟག་འཁྲུལ་པའི་བློ་འདི་ཡོང་རེ་སྡུག༔ སྐྱེ་མེད་ཆོས་ལ་ང་དང་བདག་ཏུ་བཟུང་༔ བདེ་ཆེན་སྐྱེ་མེད་ཀློང་དུ་མཐོལ་ལོ་བཤགས༔ ཆོས་ཉིད་དོན་དེ་བློ་ལ་མ་གསལ་བས༔ སྣང་སྲིད་སྒྱུ་མ་ཡིན་པར་མ་ཤེས་ཏེ༔ ཟང་ཟིང་ནོར་ལ་ཆགས་པའི་སེམས་ནི་སྐྱེས༔ ཆོས་ཉིད་སྐྱེ་མེད་ཆགས་པ་མེད་པར་བཤགས༔ འཁོར་བ་རང་བཞིན་མེད་པར་མ་ཤེས་ཏེ༔ དངོས་པོ་མཚན་མའི་ཆོས་ལ་རྟག་པར་འཛིན༔ མི་དགེའི་ལས་ཀྱིས་མཚན་མས་འཇིགས་པར་བྱེད༔ བྱང་ཆུབ་སྐྱོན་བྲལ་ཀློང་དུ་མཐོལ་ལོ་བཤགས༔ མཉམ་པའི་དོན་ལ་མཉམ་པར་མ་རྟོགས་པས༔ གཉེན་བཤེས་འཁྲུལ་བའི་གྲོགས་ལ་རྟག་པར་འཛིན༔ མི་ཤེས་སྐྱེ་བོའི་སེམས་འདི་ཡོང་རེ་གོལ༔ མཉམ་ཉིད་ཆོས་ཀྱི་ཀློང་དུ་མཐོལ་ལོ་བཤགས༔ ཆོས་ཉིད་བདེན་པའི་དོན་དང་མ་འཕྲད་ན༔ བདེན་པའི་དོན་བོར་མི་དགེའི་ལས་ལ་བརྩོན༔ སྟོན་པའི་བཀའ་བོར་མི་ཆོས་གཡེང་བས་བསླུས༔ ཆོས་ཉིད་བདེ་ཆེན་ཀློང་དུ་མཐོལ་ལོ་བཤགས༔ རིག་པའི་ཡེ་ཤེས་རང་སར་མ་གྲོལ་བས༔ རང་རིག་དོན་བོར་གཡེང་བའི་ལས་ལ་བརྩོན༔ འདི་འདྲའི་དོན་མེད་སེམས་ཅན་སྙིང་རེ་རྗེ༔ དབྱེ་བསྲི་མེད་པའི་ཀློང་དུ་བཤགས་པར་བགྱི༔ ཡེ་ཤེས་ལྷ་དང་སྲུང་མ་དམ་ཚིག་ཅན༔ དམ་ཚིག་གཞུང་བཞིན་སྒྲུབ་པའི་རྣལ་འབྱོར་ལ༔ མ་རྟོགས་ལྟ་བའི་གོལ་སྒྲིབ་བྱུང་གྱུར་ན༔ རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ ཡི་གེ་བརྒྱ་པ་བརྗོད་ཅིང་གྲལ་དུ་འཁོད་དེ། ཁྱད་པར་ནང་གི་སྡིག་སྒྲིབ་སྦྱོང་བའི་ཕྱིར། ཁྱེད་རང་རྣམས་ལུས་དྲང་པོར་སྡོད། སེམས་རང་བབས་སུ་ཀློད་ལ་དམིགས་པ་འདི་བཞིན་དུ་མཛོད་ཅིག ཁྱེད་རང་གི་ལུས་ཤ་ཁྲག་ནང་ཁྲོལ་གྱི་རྣམ་པ་གང་ཡང་མེད་པ་སྟོང་པ་ཟང་ཐལ་གུར་ཕུབ་པ་ལྟ་བུ་བསྒོམས་པའི་དབུས་དྲང་པོར་རྩ་གསུམ་པོ་ཀ་བ་བཙུག་པ་ལྟ་བུར་གནས་པའི་ཡར་སྣེ་སྤྱི་བོར་ཚང་བུག་ཏུ་རྒྱ་མཐོངས་ཁ་ཕྱེས་པ་ལྟ་བུ་ཧ་རེར་ཡོད་པ། མར་སྣེ་ལྟེ་འོག་གཉེར་པོ་ཆེའི་ཐད་དུ་རྩ་གསུམ་སྦུབས་གཅིག་ཏུ་སོང་བ་ཡི་གེ་ཆའི་དབྱིབས་ཅན། རོ་རྐྱང་གཉིས་ཡར་སྣེ་ལྟག་པ་ནས་ཐུར་དུ་གུག་པ་སྣ་བུག་གཉིས་སུ་ཟུག་པ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་རྩ་འདབ་སུམ་ཅུ་རྩ་གཉིས། མགྲིན་པ་རོ་འདུས་ཀྱི་འཁོར་ལོར་རྩ་འདབ་བཅུ་དྲུག །སྙིང་གར་དྲན་པ་རྣམ་བཀོད་དུ་རྩ་འདབ་བརྒྱད། ལྟེ་བ་སྲིད་པ་སྐྱེད་བྱེད་ཀྱི་འཁོར་ལོར་རྩ་འདབ་དྲུག་ཅུ་རྩ་བཞི་སོ་སོའི་གྱེས་མཚམས་སུ་རྩ་གསུམ་སྦུབས་གཅིག་ཏུ་སོང་བ་ལས་རྩ་འདབ་རྣམས་གདུགས་ཀྱི་རྩིབས་མ་བརྒྱངས་པ་ལྟ་བུར་གསལ་བའི་ལྟེ་འོག་རྩ་གསུམ་གྱི་འདུས་མདོར་པད་ཟླའི་གདན་གྱི་སྟེང་དུ། བླ་མ་དང་གཉིས་སུ་མེད་པའི་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དམར་པོ་ཚོན་གང་བ་དར་དང་རུས་པ་དང་རིན་པོ་ཆེ་སོགས་ལོངས་སྤྱོད་རྫོགས་པའི་ཆས་ཅན་ཡུམ་སྙེམས་མ་དམར་སྐྱ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། བདེ་ཆེན་ཡེ་ཤེས་ཀྱི་རང་མདངས་རབ་ཏུ་འབར་བའི་དབུས་ན་དགྱེས་ཡེ་རེ་བཞུགས་པར་མོས་པ་མཛོད་ལ། རླུང་རོ་སངས་ཀྱིས་བསལ་བར་ཞུ། སླར་འཇམ་རླུང་ལྟེ་བར་ཁ་སྦྱར་ཏེ་ཚེ་རབས་ནས་བསགས་པའི་སྡིག་ལྟུང་ཚོར་བ་དང་མ་ཚོར་བའི་ལས་ལ་འགྱོད་པ་དྲགས་པོས་རྣམ་པར་སུན་འབྱིན། སླན་ཆད་སྡོམ་སེམས་ཁྱད་པར་ཅན་གྱིས་ཉེས་པ་ལས་བཟློག །བླ་མ་རྡོ་རྗེ་སེམས་དཔའ་ཁྱེད་མཁྱེན་སྡིག་ལྟུང་དག་པ་ཞིག་ཐུགས་རྗེ་མ་ཆུང་སྙམ་པ་རྟེན་གྱི་སྟོབས། ཐབས་ཟབ་མོ་གཉེན་པོ་ཀུན་སྤྱོད་དེ། སྟོབས་བཞི་ཚང་བའི་སྒོ་ནས་ཡི་གེ་བརྒྱ་པ་ཡིད་བཟླས་གནང་བར་ཞུ། ཡི་གེ་བརྒྱ་བ་དང་། ཡང་ཨོཾ་བཛྲ་སཏྭ་ཨཱཿ ཞེས་བརྗོད་པ་དང་ཆབས་ཅིག་དམིགས་པ་འདི་བཞིན་མཛད་པར་ཞུ། དད་པའི་རྣམ་པ་རོ་རྐྱང་གི་རླུང་གིས་བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་ཐུགས་རྒྱུད་བསྐུལ་ཏེ་སྐུ་ལས་ཐུགས་རྗེ་ཡེ་ཤེས་ཀྱི་མེ་ཤིན་ཏུ་ཕྲ་བ་ཉུག་ཉུག་ཏུ་འབར་ཏེ་ལྟེ་བའི་རྩ་འཁོར་གང་། སྙོམ་འཇུག་གི་སྒྲིབ་པ་དང་དེས་བསྐྱེད་པའི་སྡིག་ལྟུང་སྤྱི་དང་ཡོན་ཏན་ཕྲིན་ལས་དང་བཅས་པའི་དམ་ཚིག་ཉམས་ཆག་ཁམས་སྙིགས་མ་དང་བཅས་པ་བསྲེགས་ཤིང་སྦྱངས། ཡར་མཆེད། སྙིང་གི་རྩ་འཁོར་གང་། གཉིད་འཐུག་གི་སྒྲིབ་པ་དང་དེས་བསྐྱེད་པའི་སྡིག་ལྟུང་སྤྱི་དང་ཐུགས་ཀྱི་དམ་ཚིག་ཉམས་ཆག་ཁམས་སྙིགས་མ་དང་བཅས་པ་བསྲེགས་ཤིང་སྦྱངས། ཡར་མཆེད། མགྲིན་པའི་རྩ་འཁོར་གང་། རྨི་ལམ་གྱི་སྒྲིབ་པ་དང་དེས་བསྐྱེད་པའི་སྡིག་ལྟུང་སྤྱི་དང་གསུང་གི་དམ་ཚིག་ཉམས་ཆག་ཁམས་སྙིགས་མ་དང་བཅས་པ་བསྲེགས་ཤིང་སྦྱངས། ཡར་མཆེད། སྤྱི་བོའི་རྩ་འཁོར་གང་། སད་པའི་སྒྲིབ་པ་དང་དེས་བསྐྱེད་པའི་སྡིག་ལྟུང་སྤྱི་དང་སྐུའི་དམ་ཚིག་ཉམས་ཆག་ཁམས་སྙིགས་མ་དང་བཅས་པ་བསྲེགས་ཤིང་སྦྱངས་པས་ལྷག་མེད་དུ་དག་པར་བསམ་ལ་རླུང་བསལ་བར་ཞུ། སེམས་རང་བབས་སུ་ལྷོད་ལ་དར་གཅིག་མཉམ་པར་འཇོག་མཛོད། སླར་ཡང་ནང་གི་ཚོགས་གསག་ཁྱད་པར་ཅན་འབར་འཛག་གི་རྣལ་འབྱོར་འདི་ལྟར། རྩ་གསུམ་འཁོར་ལོ་བཞི་བཅས་སྔར་ལྟར་ལ། ཁྱད་པར་ནི་དབུ་མའི་ཡར་སྣར་ཐབས་བདེ་བ་ཆེན་པོའི་རང་བཞིན་ཧྃ་ཡིག་དཀར་པོ་མགོ་ཐུར་བསྟན་ན་དཱ་སུམ་འཁྱོག་ཅན་བདེ་བའི་བདུད་རྩི་དངུལ་ཆུའི་ཐིགས་པ་ལྟར་འཛག་ལ་ཁད་པ་གསལ་ཐོབ། ཡང་སྔར་ལྟར་རླུང་གི་རྐྱེན་གྱིས་བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུ་ལས་གཏུམ་མོའི་མེ་ཤིན་ཏུ་ཕྲ་བ་རྟ་རྔ་བརྒྱར་གཤགས་པ་ཙམ་ཉུག་ཉུག་ཏུ་འབར་ཏེ་ཧྃ་ཡིག་ལ་ཕོག་ལ་ཁད་ཀྱིས་བདུད་རྩིའི་རྒྱུན་དྲངས་ཏེ་མེས་བྲོས་དེད་ཀྱི་ཚུལ་དུ་རིམ་པར། སྤྱི་བོའི་རྩ་འཁོར་གྱི་དབུས་ན་བླ་མ་སྐུ་རྡོ་རྗེ་རྣམ་སྣང་ཡབ་ཡུམ་དཀར་པོ་དང་། རྩ་འདབ་ཀྱི་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་སུམ་ཅུ་རྩ་གཉིས་ཀྱིས་མཚོན་དཔའ་བོ་མཁའ་འགྲོའི་ཚོགས་བསམ་གྱིས་མི་ཁྱབ་པ་གསལ་བ་ལ་བདེ་ཆེན་དགའ་བའི་ཡེ་ཤེས་ཀྱི་མཆོད་པ་ཕུལ། སྣང་སྟོང་ཟུང་འཇུག་གི་ཚོགས་རྫོགྃས། བུམ་དབང་ཐོབ། ལུས་ཀྱི་ལས་དང་སྐུ་ཡི་ཉམས་ཆག་སྦྱངྃས། བསྐྱེད་རིམ་གྱི་ཡེ་ཤེས་སྨིནྃ། སྐུ་རྡོ་རྗེ་སྤྲུལ་སྐུ་མངོན་དུ་གྱུར་པའི་སྐལ་པ་རྒྱུད་ལ་བཞག་པར་བསམ། དེའི་འགྲེས། མགྲིན་པར་བླ་མ་གསུང་རྡོ་རྗེ་སྣང་མཐའ་ཡབ་ཡུམ་དམར་པོ་དང་། པདྨ་མཁའ་འགྲོ་ཡབ་ཡུམ་བཅུ་དྲུག་སོགས་གསལ་བ་ལ་བདེ་ཆེན་མཆོག་ཏུ་དགའ་བའི་ཡེ་ཤེས་ཀྱི་མཆོད་པ་ཕུལ། གསལ་སྟོང་ཟུང་འཇུག་གི་ཚོགས་རྫོགསྃ། གསང་དབང་ཐོབ། ངག་གི་ལས་དང་གསུང་གི་ཉམས་ཆག་སྦྱངྃས། རླུང་དང་གཏུམ་མོའི་ཡེ་ཤེས་སྨིནྃ། གསུང་རྡོ་རྗེ་ལོངས་སྐུ་མངོན་དུ་གྱུར་པའི་སྐལ་པ་རྒྱུད་ལ་བཞག་པར་བསམ། ཡང་སྙིང་གར་བླ་མ་ཐུགས་རྡོ་རྗེ་མི་བསྐྱོད་པ་ཡབ་ཡུམ་མཐིང་ག་དང་། རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་བརྒྱད་སོགས་གསལ་བ་ལ་བདེ་ཆེན་ཁྱད་དགའི་ཡེ་ཤེས་ཀྱི་མཆོད་པ་ཕུལ། བདེ་སྟོང་ཟུང་འཇུག་གི་ཚོགས་རྫོགྃས། ཤེར་དབང་ཐོབ། ཡིད་ཀྱི་ལས་དང་ཐུགས་ཀྱི་ཉམས་ཆག་སྦྱངྃས། མཚོན་བྱེད་དཔེའི་ཡེ་ཤེས་སྨིནྃ། ཐུགས་རྡོ་རྗེ་ཆོས་སྐུ་མངོན་དུ་གྱུར་པའི་སྐལ་པ་རྒྱུད་ལ་བཞག་པར་བསམ། ཡང་ལྟེ་བར་བླ་མ་ཡེ་ཤེས་རྡོ་རྗེ་རིན་འབྱུང་ཡབ་ཡུམ་སེར་པོ་དང་། རིན་ཆེན་མཁའ་འགྲོ་ཡབ་ཡུམ་དྲུག་ཅུ་རྩ་བཞི་སོགས་གསལ་བ་ལ་བདེ་ཆེན་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཀྱི་མཆོད་པ་ཕུལ། རིག་སྟོང་ཟུང་འཇུག་གི་ཚོགས་རྫོགསྃ། ཚིག་དབང་ཐོབ། ཀུན་གཞིའི་ལས་དང་ཡོན་ཏན་ཕྲིན་ལས་དང་བཅས་པའི་ཉམས་ཆག་སྦྱངྃས། དབྱིངས་རིག་ཟུང་འཇུག་གི་ཡེ་ཤེས་སྨིནྃ། ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་མངོན་དུ་གྱུར་པའི་སྐལ་པ་རྒྱུད་ལ་བཞག་པར་བསམ་མོ། །མཐར་བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་གང་། སྦྱོར་མཚམས་ནས་བྱུང་། རང་གི་ལུས་ཀྱི་ནང་ཐམས་ཅད་བདུད་རྩིས་མེར་གྱིས་གང་། བདེ་སྟོང་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་བསམས་ལ་སྔགས་འདིའི་རྗེས་ཟློས་གྱིས། མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་ཧྃ༔ ཞེས་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ང་འོ་ཞེས་པའི་སྔགས་དོན་དང་འབྲེལ་བའི་རང་གི་སྒོ་གསུམ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་གྱུར་པའི་གསལ་དག་བརྟན་གསུམ་གྱི་ང་རྒྱལ་བཟུང་ལ། མཐར་བདེ་སྟོང་ཟུང་འཇུག་གི་ངང་ལ་དར་གཅིག་འཇོག་མཛོད། གཉིས་པ་བྱིན་དབབ་པ་ནི། དེ་ནས་བྱིན་དབབ་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཆོས་ཐམས་ཅད་གསལ་སྟོང་ནམ་མཁའ་ལྟ་བུའི་ངང་ལས་རིག་རྩལ་སྣང་སྲིད་ཐམས་ཅད་དུར་ཁྲོད་རོལ་པའི་ཞིང་ཁམས་ཆེན་པོར་གྱུར་པའི་དབུས་སུ། ཁྱེད་རང་རྣམས་གནས་པའི་གོ་སར་སེང་གེ་དང་པདྨ་ཉི་མའི་ཁྲིའི་སྟེང་དུ་གཉུག་མའི་ལྷ་དང་བླ་མ་དབྱེར་མེད་པའི་ངོ་བོ་སིཾ་ཧེ་ཤྭ་ར་རྣལ་འབྱོར་སྤྱོད་པ་ཁྲོ་འཛུམ་སྒེག་པའི་ཉམས་ཅན་ཁ་དོག་དམར་སྨུག་མཉམ་གཞག་དང་སྐྱིལ་ཀྲུང་ཅན། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། སྐུ་ལུས་ཀྱི་ཆ་ཐམས་ཅད་རྩ་གསུམ་རྒྱལ་བ་རབ་འབྱམས་ཏིལ་གོང་ཁ་ཕྱེས་པ་ལྟ་བུས་གང་བ། བ་སྤུའི་ཁུང་བུ་ཐམས་ཅད་ནས་རྡོ་རྗེ་ཡེ་ཤེས་ཀྱི་མེ་ཁྲོ་ཆུང་གི་ཚོགས་དང་བཅས་པ་འཕྲོ་བས་བདུད་དང་ལོག་པར་འདྲེན་པ་ཐམས་ཅད་སྲེག་པར་མཛད་པ། འཁོར་དུ་བརྒྱུད་གསུམ་གྱི་བླ་མ་དང་དཔའ་བོ་དང་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ། སྨིན་མཚམས་སུ་ཆོས་འབྱུང་དཀར་པོ་རྩ་བ་ཕྲ་བ་དབུ་མ་ལ་ཟུག་ཅིང་། ཁ་གདེངས་གཡེལ་བའི་ཟུར་གཅིག་གྱེན་ལ་བསྟན་པའི་ནང་དུ་བདེ་ཆེན་ཐིག་ལེ་དགའ་བ་འཁྱིལ་བ་དཀར་པོ་འོད་ཀྱི་རྣམ་པ་གཡོན་བསྐོར་དུ་དྲག་ཏུ་འཁོར་བ། དེའི་ཐད་ཀའི་ནམ་མཁར་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་བི་མ་ལ་མི་ཏྲ་དཀར་གསལ་ཤངས་རྩེར་སྐྱེ་མེད་ཡི་གེ་ཨ་དཀར་པོས་མཚན་པ། ཕྱག་མཉམ་གཞག་བདུད་རྩིའི་ཐོད་ཞལ་བསྣམས་པ། དར་སྔོན་པོའི་སྟོད་གཡོགས་དང་ཆོས་གོས་གསོལ་ཞིང་། དབུ་ལ་སྡེ་སྣོད་གསུམ་མཚོན་གྱི་པཎ་ཞུ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་དགྱེས་ཡེ་རེ་བཞུགས་པ། སྣང་སྲིད་ཐམས་ཅད་འཇའ་ཟེར་ཐིག་ལེ་མེར་མེར་ཤིག་ཤིག་གཡོ་བ་ཞིག་གསལ་ཐོབ། སླར་སློབ་དཔོན་ལ་བཱི་མ་ལ་དང་སིཾ་ཧེ་ཤྭ་ར་དབྱེར་མེད་པ་རིགས་ཀུན་འདུས་པའི་ཁྱབ་བདག་ཆེན་པོ་དངོས་ཡིན་སྙམ་པའི་མོས་གུས་དུང་བ་ཞིག་བྱས་པའི་རྐྱེན་གྱིས། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཁྱེད་རང་རྣམས་དང་བཅས་པའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་ཅིང་གཞལ་དུ་མེད་པ་འཕྲོས། རང་བཞིན་ཆོས་ཀྱི་དབྱིངས་སྐུ་གསུམ་དག་པའི་ཞིང་རབ་འབྱམས་ན་བཞུགས་པའི་བརྒྱུད་གསུམ་རྩ་གསུམ་རྒྱ་མཚོའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཏེ་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་བསམ་གྱིས་མི་ཁྱབ་པ་ནམ་མཁའ་བར་སྣང་གང་བ་སྤྱན་དྲངས་ཏེ། མཚོ་ཆེན་པོ་ལ་ཁ་ཆར་བབ་པ་ལྟར་ཁྱེད་རང་རྣམས་ཀྱི་སྒོ་གསུམ་དུ་སིབ་སིབ་ཐིམ་པས་དབྱེར་མེད་དུ་གྱུར་པར་མོས་ཤིག །ཤ་ཆེན་གྱི་སྤོས་བསྲེག༔ ཐོད་པའི་རྔ་སྒྲས་བསྐུལ་ཏེ། དབྱངས་དང་བཅས་པས། ཨ༔ ངོ་བོ་ཆོས་སྐུའི་གཞལ་ཡས་ནས༔ ཀ་དག་བླ་མ་གཤེགས་སུ་གསོལ༔ རང་གྲོལ་ཆེན་པོར་བྱིན་ཕོབས་ལ༔ འཁྲུལ་པ་དག་པའི་དབང་མཆོག་སྐུར༔ རང་བཞིན་ལོངས་སྐུའི་ཞིང་ཁམས་ནས༔ ལྷུན་གྲུབ་བླ་མ་གཤེགས་སུ་གསོལ༔ རིག་རྩལ་ཆེན་པོར་བྱིན་ཕོབས་ལ༔ ཡེ་ཤེས་རྒྱས་པའི་དབང་མཆོག་སྐུར༔ ཐུགས་རྗེ་སྤྲུལ་སྐུའི་དཀྱིལ་འཁོར་ནས༔ དབྱེར་མེད་བླ་མ་གཤེགས་སུ་གསོལ༔ སྣང་སྲིད་གཞིར་བཞེངས་བྱིན་ཕོབས་ལ༔ འཇའ་ལུས་རྡོ་རྗེའི་དབང་མཆོག་སྐུར༔ ཧཱུྃ་ཧཱུྃ༔ ཡུལ་གྱི་མིང་ནི་བདེ་བ་ཆེ༔ མཁའ་འགྲོ་གསང་བའི་གནས་མཆོག་ནས༔ གདོད་མའི་མགོན་པོ་ཧེ་རུ་ཀ༔ སིཾ་ཧེ་ཤྭ་ར་གཤེགས་སུ་གསོལ༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ན༔ བྱིན་གྱིས་བརླབ་ཕྱིར་གནས་འདིར་དགོངས༔ གློ་བུར་འཁྲུལ་པའི་བར་ཆད་སོལ༔ འདུ་འབྲལ་མེད་པར་དབང་སྐུར་ཅིག༔ ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧཱུྃ་ཧཱུྃ༔ ཞེས་སྤྱན་དྲངས། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔གིས་བྱིན་བསྡུས་ནས། མཐར་མདུན་མཁར་བཞུགས་པའི་བི་མ་ལ་དང་། བརྒྱུད་པའི་བླ་མ་རྣམས་ཀྱང་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་པས་བྱིན་རླབས་ཀྱི་ཟིལ་འབར༔ སྣང་བ་བདེ་ཆེན་དུ་ཤར༔ ཤེས་པ་གཏད་མེད་ཟང་ཐལ་གྱི་ཉམས་སྐྱེས་པར་བསམ༔ ཏིཥྛ་བཛྲ་ས་མ་ཡས་དབྱེར་མེད་དུ་བྱས། དེ་བརྟན་པར་བྱ་བའི་སླད་དུ། འོ་མ་དང་བཅས་པའི་དྲིའི་ཐིག་ལེ་གནས་གསུམ་དུ་རེག་སྟེ༔ ཨོཾ་ཨཱཿཧཱུྃ༔ ཞེས་བརྟན་པར་བྱའོ༔ དེ་ཡན་ཆད་ཀྱིས་འཇུག་པའི་ཆོས་སོ། །གཉིས་པ་དབང་དངོས་ལ་དྲུག་ལས། །དང་པོ་སྤྲོས་བཅས་བུམ་པའི་དབང་བསྐུར་བ་ནི། སླར་སློབ་དཔོན་ལ་མོས་གུས་གདུང་གདུང་བ་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ཕྱག་རྒྱ་བཞིའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཡེ་ཤེས་པ་ནམ་མཁའ་གང་བ་སྤྱན་དྲང་བར་མོས་ལ། བཛྲ་ས་མཱ་ཛཿས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས། ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པའི་རྩེ་ལ་སྒེག་སོགས་ལྷ་མོ་རྣམས་ཀྱིས་མཆོད་པའི་ཚོགས་རབ་འབྱམས་ཐོགས་ཏེ་ལྷ་ཚོགས་རྣམས་མཆོད་པར་མོས་ལ། ཨརྒྷཾ་ནས་ཤབྡའི་བར་གྱིས་ཕྱག་རྒྱ་དང་བཅས་པས་མཆོད་ཅིང་། ཕུང་ཁམས་དག་པ་གཤེགས་པ་གཤེགས་མའི་གདན། །དབང་ཡུལ་དག་པ་སེམས་དཔའ་སེམས་མའི་གདན། །ཡན་ལག་དག་པ་ཁྲོ་བོ་ཁྲོ་མོའི་གདན། །གདན་གསུམ་ཚང་བའི་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་རིགས་ལྔའི་སྤྱི་ཕྱག་དང་བཅས་བསྟོད། དེ་ནས་རྡོ་རྗེ་སྨིན་མཚམས་སུ་བཏེགས་ཏེ། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་འདི་ལའང་བསྩལ་དུ་གསོལ། །ཞེས་གསོལ་བས་གཤེགས་པ་རྣམས་ཀྱིས་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་དབང་བསྐུར། སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད། སེམས་མ་རྣམས་ཀྱིས་གླུ་གར་དང་བཅས་ཏེ་མེ་ཏོག་འཐོར། ཁྲོ་བོ་རྣམས་ཀྱིས་བགེགས་སྐྲད། ཀུན་ཀྱང་དབང་གི་བྱ་བ་ལ་དགྱེས་པར་གྱུར། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་སྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །མེ་ཏོག་འཐོར་ཏེ། དབང་ལྷ་རྣམས་དང་སློབ་དཔོན་ལྷན་ཅིག་པའི་ཕྱག་ན་རིན་པོ་ཆེའི་བུམ་པ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ་ཡོ་བའི་ཚུལ་གྱིས་ཐོགས་ཏེ་དབང་བསྐུར་བའི་མོས་པ་མཛོད། ཨོཾ༔ ཀ་དག་དབྱིངས་ཀྱི་བུམ་པ་ན༔ ལྷུན་གྲུབ་རིག་པའི་ལྷ་ཚོགས་བཞུགས༔ ཟུང་འཇུག་བདུད་རྩིའི་དབང་བསྐུར་བས༔ སྒོ་གསུམ་གཟུང་འཛིན་དག་པར་ཤོག༔ དབྱངས་གསལ་དང་རྟེན་འབྲེལ་སྙིང་པོ་བརྗོད༔ བུམ་ཆུ་ངག་ཏུ་བླུད་ཅིང་གནས་བཞིར་གཏོར་ལ་ཁྲུས་བྱ༔ འོ་རིགས་ཀྱི་བུ་རྣམས། ཕྱི་གཟུང་བའི་ཡུལ་འོད་ཕུང་དུ་དྭངས༔ ནང་འཛིན་པའི་སེམས་བདེ་ཆེན་དུ་གྲོལ༔ རྩ་གནས་ཐམས་ཅད་དབྱངས་དང་གསལ་བྱེད་ཀྱི་ཡི་གེས་ཤིགས་སེ་གང་བར་མོས་ཤིག ཁྱད་པར་གྱི་བྱིན་རླབས་གུད་དུ་སྦས་པ་ནི། དེའི་རྗེས་འབྲེལ་དུ། སློབ་དཔོན་གྱི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་ཟླ་བ་ཤར་བ་ལྟ་བུ་དང་། རང་འདྲའི་སྐུ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་གི་དཔྲལ་བར་ཐིམ། ལུས་དང་རྩས་བསྐྱེད་པའི་སྒྲིབ་པ་དག །སྤྲོས་བཅས་བུམ་པའི་དབང་ཐོབ། སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་བསྒོམ་པ་ལ་དབང་། ས་བརྒྱད་པ་ནོན། འབྲས་བུ་སྐུ་ལྔ་ཐོབ་པའི་སྐལ་པ་ཅན་དུ་བྱས་པར་མོས་པ་མཛོད། ཨོཾ་ངར་དང་ལྡན་པར་བརྗོད། སྤོས་རོལ་དང་བཅས་པས་བྱིན་དབབ། གཡས་རྡོ་རྗེ་དང་བཅས་པའི་ཕྱག་རྒྱ་སློབ་མ་ལ་གཏད། ཨོཾ་ཨོཾ་ཨོཾ༔ ཞེས་མི་ལྡོག་པར་རྒྱས་གདབ་བོ༔ དེ་ནས་གཉིས་པ་སྤྲོས་མེད་གསང་བ་བདུད་རྩིའི་དབང་ནི། སློབ་དཔོན་དཀྱིལ་འཁོར་གྱི་བདག་ཉིད་ཆེན་པོར་གསལ་བ་རང་སྣང་གི་ཤེས་རབ་མ་དང་མཉམ་པར་སྦྱོར་བའི་མཁའ་གསང་ནས། བདེ་བའི་སྒྲ་དང་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ཡབ་ཀྱི་ཞལ་དུ་ཞུགས། ཐུགས་ཀར་རྗེས་ཆགས་ཀྱི་མེས་ཞུ་བ་བདེ་བ་ཆེན་པོའི་ངོ་བོར་གྱུར་པ་ཡབ་ཀྱི་རྡོ་རྗེ་ནས༔ ཡུམ་གྱི་མཁའ་གསང་དུ་བབས་པ་ཐོད་པའི་བདུད་རྩི་དང་མཉམ་པར་སྦྱར་ཏེ། ཁྱེད་རང་རྣམས་ཀྱི་ལྗགས་ཐོག་ཏུ་ཕུལ་བ་ལ་བརྟེན་ནས་ཉོན་རླུང་ཆ་དང་བཅས་པ་དག །བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་གྱུར་པའི་མོས་པ་མཛོད། ཨཱཿ རྩ་རླུང་བྱང་སེམས་བྷནྡྷ་རུ༔ བདེ་ཆེན་ཡེ་ཤེས་བདུད་རྩིས་གཏམས། ཁྱབ་བརྡལ་ཆེན་པོའི་དབང་བསྐུར་བས༔ མཚན་མའི་རྟོག་པ་རང་གྲོལ་ཤོག༔ དབྱངས་གསལ་དང་༔ ཨཱཿཨཱཿཨཱཿ ཞེས་བརྗོད་ལ་བདུད་རྩི་བྱིན་པས༔ བདུད་རྩིས་དྭངས་མ་སྤྱི་བོའི་འཁོར་ལོའི་དབུས་ཀྱི་ཐིག་ལེ་སྟོང་པའི་སྒྲོན་མ་ལ་ཐིམ༔ དེ་ལས་བདུད་རྩི་ཆེར་འཕེལ་བས་རྩ་གནས་ཐམས་ཅད་ཁྱབ་པས་བདེ་གསལ་རྣམ་པར་མི་རྟོག་པའི་ཉམས་སྐྱེས་པར་བསམ་ལ༔ རླུང་བུམ་པ་ཅན་འཛིན་དུ་བཅུག་ལ་དྲག་ཏུ་གཅུན་ནོ༔ མཐར་རྩ་གནས་ཀྱི་ཡི་གེ་རྣམས་ཀྱང་འོད་གསལ་གྱི་ངང་དུ་ཐིམ་པས་མཚན་མའི་རྟོག་པ་ཐམས་ཅད་དབྱིངས་སུ་ནུབ་པར་བསམ་ལ་དར་གཅིག་མཉམ་པར་འཇོག་མཛོད། དེ་རྟེན་བྱེད་དུ། སློབ་དཔོན་གྱི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཆར་གའི་ཟེར་ཐག་ལྟ་བུ་དང་ཨཱ་ལི་ཀཱ་ལིའི་ཕྲེང་བ་དཔག་ཏུ་མེད་པ་ལུ་གུ་རྒྱུད་དུ་བྱུང་། ཁྱེད་རང་གི་མགྲིན་པར་ཐིམ། ངག་དང་རླུང་གི་སྒྲིབ་པ་དག །སྤྲོས་མེད་གསང་བའི་དབང་ཐོབ། སྐྱེ་མེད་རང་བྱུང་རྡོ་རྗེའི་བཟླས་པ་ལ་དབང་། ས་བཅུ་གཅིག་པ་ནོན། འབྲས་བུ་གསུང་ལྔ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའི་མོས་པ་མཛོད། ཨཱཿ ཞེས་སྤོས་རོལ་དང་བཅས་བྱིན་དབབ། ཨཱཿཨཱཿཨཱཿ ཞེས་རྒྱས་གདབ་པོ། །དེ་ནས་གསུམ་པ་ཤིན་ཏུ་སྤྲོས་པ་མེད་པ་བརྡ་ཡི་དབང་ན་ི། སློབ་མ་རྣམས་ཀྱི་ལུས་རྡོ་རྗེ་རྩེ་ལྔ་མེ་འོད་འབར་བར་བསྒོམས་ལ་རྡོ་རྗེའི་འདུག་སྟངས་བྱེད་དུ་གཞུག་ལང་འདུག་གཉིས་ལས་འདིར་འདུག་པ་ཕྱག་སྲོལ་ཡིན་མཆན་ལ། ངག་ཏུ་ཧཱུྃ་གི་གླུ་བླང་ཞིང་སྣང་སྲིད་ཐམས་ཅད་ཧཱུྃ་གི་གཟུགས་དང་སྒྲས་གང་བར་བསམ༔ ཡིད་དུས་གསུམ་གྱི་སྤྲོས་པ་བཅད་ལ་མཉམ་པར་འཇོག་མཛོད། ཅེས་བརྡ་སྤྲད་ལ་བླ་སློབ་རྣམས་ཀྱིས་ཧཱུྃ་སྒྲ་བརྗོད་ཅིང་། མཐར་སེམས་མ་བཅོས་པའི་ངང་ལ་དར་གཅིག་མཉམ་པར་འཇོག་མཛོད། སླར་བླ་མས་ཕཊ྄ཿ ཅེས་དྲག་ཏུ་བརྗོད་པས་ཉམས་དེ་ལས་སད་པ་ན༔ རིགས་དྲུག་གི་འགྲོ་བ་ཐམས་ཅད་ཀྱི་ལུས་ཀྱི་རྣམ་འགྱུར༔ ངག་གི་སྒྲ་སྐད༔ སེམས་ཀྱི་བདེ་སྡུག་ཐམས་ཅད་ཝལ་གྱིས་ཡིད་ལ་བྱས་ཏེ་སྐྱེ་འགག་གནས་གསུམ་དང་བྲལ་བའི་དབྱིངས་སུ་ངལ་བསོའོ༔ ཞེས་གསུངས་པས། ཁྱེད་རང་རྣམས་ཀྱིས་དམྱལ་བ་ཚ་གྲང་དང་བཅད་གཏུབ་སོགས་ཀྱི་སྡུག་བསྔལ། ཡི་དྭགས་བཀྲེས་སྐོམ་སོགས་ཀྱི་སྡུག་བསྔལ། དུད་འགྲོ་གླེན་ལྐུགས་བཀོལ་སྤྱོད་སོགས་ཀྱི་སྡུག་བསྔལ། མི་སྐྱེ་རྒ་ན་འཆི་སོགས་ཀྱི་བདེ་སྡུག །ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ། ལྷ་འཆི་འཕོ་ལྟུང་བ་སོགས་སོ་སོའི་ལུས་ཀྱི་རྣམ་འགྱུར། ངག་གི་སྒྲ་སྐད། སེམས་ཀྱི་བདེ་སྡུག་ཐམས་ཅད་ཡུད་ཙམ་ལ་སྒོ་གསུམ་གྱིས་མྱོང་བའི་མོས་པ་ཡིད་ལ་གྱིས་ཤིག །ཅེས་བརྡ་སྤྲད་ལ་བསམ་དུ་གཞུག །མཐར་དེ་ཐམས་ཅད་དབྱིངས་ལས་བྱུང་ཞིང་དབྱིངས་སུ་ཐིམ་པ་ཡིན་པར་ཤེས་པའི་ངང་ལ་དར་གཅིག་མཉམ་པར་འཇོག་མཛོད། དེ་ནས་རྡོ་རྗེ་སེམས་དཔའི་མེ་ལོང་ལ་འཇའ་ཚོན་འཕྲོ་བ་བསྟན་ཏེ༔ ཧཱུྃ༔ མ་སྐྱེས་སྟོང་པ་ཤེལ་ལྟ་བུ༔ མ་འགགས་གསལ་བ་འཇའ་ཚོན་བཞིན༔ དབྱེར་མེད་རིག་པའི་སྙིང་པོ་ཅན༔ འོད་གསལ་ངེས་དོན་རྟོགས་པར་གྱིས༔ ཨཨ༔ ཞེས་ངོ་སྤྲད༔ འོ། རིགས་ཀྱི་བུ་ཉོན་ཅིག །ཆོས་ཉིད་གཤིས་ཀྱི་གནས་ལུགས་སྐྱེ་མེད་ཀ་དག་སྤྲོས་བྲལ་འདུས་མ་བྱས་པའི་རང་གདངས་འགག་མེད་དུ་གསལ་བ་སྐུ་དང་ཐིག་ལེ་སྟེ་དབྱེར་མེད་རིག་པའི་སྙིང་པོ་ཅན་དུ་ཡེ་ནས་རང་ཆས་སུ་བཞུགས་པའི་བརྡ་རྡོ་རྗེ་སེམས་དཔའི་མེ་ལོང་གིས་མཚོན་པའི་དོན་གོ་བར་གྱིས་ཤིག །མི་འགྱུར་བའི་གཟེར་གདབ་པའི་ཕྱིར༔ ལུས་དྲང་པོར་བསྲང་༔ རླུང་རྩོལ་མེད་དུ་བཞག༔ མིག་བར་སྣང་དུ་ཧར་རེ་བལྟ༔ སེམས་ད་ལྟའི་ཤེས་པ་སྐད་ཅིག་མའི་ངང་དུ་འཛིན་མེད་ལྷུག་པར་དར་གཅིག་འཇོག་མཛོད༔ དེ་བརྟན་བྱེད་དུ། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་མཐིང་ཞུན་གྱི་དྭངས་མ་ལྟ་བུ་དང་། ཨ་ཡིག་མཐིང་གསལ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་གི་སྙིང་གར་ཐིམ། ཡིད་དང་ཐིག་ལེའི་སྒྲིབ་པ་དག །ཤིན་ཏུ་སྤྲོས་མེད་ཤེར་དབང་ཐོབ། བདེ་ཆེན་འོད་གསལ་གྱི་ཡེ་ཤེས་བསྒོམ་པ་ལ་དབང་། ས་བཅུ་གསུམ་པ་ནོན། འབྲས་བུ་ཐུགས་ལྔ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའི་མོས་པ་མཛོད། ཨཱཿ ཞེས་སྤོས་རོལ་དང་བཅས་བྱིན་དབབ། ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་རྒྱས་གདབ་བོ༔ བཞི་པ་རབ་ཏུ་སྤྲོས་མེད་དོན་གྱི་དབང་ནི༔ དཔོན་སློབ་ཐམས་ཅད་ལུས་གཅེར་བུར་ཕྱུང་སྟོད་གཡོགས་བསལ་བ་ཕྱག་བཞེས་ཡིན། མཆན། སློབ་དཔོན་མཉམ་གཞག་སྐྱིལ་ཀྲུང་དྲང་པོར་དགོངས་པ་ལ་གནས་པའི་ཐུགས་ཀར་ཨ་ཡིག་མཐིང་གསལ་མར་མེ་ལྟར་འབར་བ་ལ་སེམས་གཟུང་དུ་གཞུག༔ །ཟིན་པ་ན་ཧཱུྃ་ཧཱུྃ་ཧཱུྃ་ ཞེས་དྲག་པོས་བྱིན་དབབ༔ ཉམས་སྐྱེསཔ་ན་ཕཊ྄་ཅེས་འཕྲོ་བཅད་ལ་མ་བཅོས་པའི་ངང་དུ་ཀློད༔ དེའི་ཚེ་སེམས་ཉིད་སྟོང་པ༔ གསལ་བ༔ རིག་པའི་སྙིང་པོ་ཅན་དུ་མཐོང་བ་ནི་སྐུ་གསུམ་གྱི་དཀྱིལ་འཁོར་དུ་གཞུག་པའོ༔ ལྔ་པ་ལྷུན་གྲུབ་སྣང་བཞི་ནི་བཞུགས་སྟངས་དང་ལྟ་སྟངས་གསུམ་གྱི་རྟེན་འབྲེལ་ལ་བརྟེན་དགོས་པས། དང་པོ་ཆོས་སྐུའི་བཞུགས་སྟངས་སེང་གེ་ཁྱི་ཚུགས་ནི། ལུས་ཙོག་བུའི་རྐང་མཐིལ་གཉིས་མདུན་དུ་སྤྲད། ལུས་ཀྱི་ཆ་བསྲང་། མགོ་རྩལ་མཇིང་པ་ལ་བསྐུར། ལག་སོར་གཉིས་ནང་དུ་སྒོང་ཏེ་རྐང་མཐིལ་སྤྲད་པའི་ལོང་མོ་གཉིས་ཀྱི་ནང་ཐད་དྲང་དུ་བཙུགས་པའོ། །གཉིས་པ་ལོངས་སྐུའི་བཞུགས་སྟངས་གླང་པོ་ཆེ་ཉལ་བ་ལྟ་བུ་ནི། ལུས་ཁ་སྦུབས་སུ་བྱས་ལ་པུས་མོ་གཉིས་བྲང་ལ་སྦྱར། གྲུ་མོ་གཉིས་ས་ལ་བཙུགས། ཐལ་མོ་གཉིས་ཀྱིས་ཨོལ་གོང་བཏེག །རྐང་པའི་ཕྱི་རྟིང་གཉིས་འཕོང་ལ་སྤྱར། སོར་མོ་ཕྱིར་འཕུལ་ཏེ་བསྐུམ་པའོ། །གསུམ་པ་སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ལྟ་བུ་ནི། ལུས་ཙོག་བུར་འདུག །རྐང་མཐིལ་གཉིས་ས་ལ་ཕབ། སྒལ་ཚིག་དྲང་པོར་བསྲང་། པུས་མོ་གཉིས་བྲང་ལ་སྦྱར། སྒྱུ་ཞབས་ཡིད་ཙམ་འཐེན་ནས་སྒལ་པར་བཅལ། ལག་པ་རེ་མིག་ལྟར་བསྣོལ་ནས་པུས་མོར་བཀབ། དེ་ནས་མཆན་ཁུང་དུ་རེག །གྲུ་མོ་གཉིས་པུས་མོའི་སྟེང་དུ་བཞག་སྟེ་ལག་སོར་སྒོང་བས་ལྐོག་མ་བཏེག་པ་རྣམས་སོ། །བཞུགས་སྟངས་རྣམས་བླ་མས་དལ་བུས་བརྗོད་དེ་སློབ་མས་དེ་དག་མི་ནོར་བ་ལག་ལེན་དུ་ཐེབ་ངེས་དགོས་སོ། །ངག་རླུང་ཤིན་ཏུ་དལ་བར་བརྟེན༔ མིག་གཟིགས་སྟངས་གསུམ་གྱིས་དབྱིངས་ལ་གཟིར༔ ཞེས་གསུངས་པའི་དོན་ཆོས་སྐུའི་གཟིགས་སྟངས་གྱེན། ལོངས་སྐུའི་གཟིགས་སྟངས་ཟུར། སྤྲུལ་སྐུའི་གཟིགས་སྟངས་ཐུར་དུ་ཕབས་ཏེ་བལྟ་བ་རྣམས་ཡིན་ནོ། །དེ་ལྟ་བུའི་བཞུགས་སྟངས་གཟིགས་སྟངས་རླུང་གནད་དང་བཅས་པས། དབྱིངས་རིག་དབྱེར་མེད་དུ་མཉམ་པར་འཇོག་མཛོད༔ ཅེས་བརྡ་སྤྲད་དོ། །དྲུག་པ་དེ་ལྟར་གནད་གསུམ་ལ་བརྟེན་ཏེ་ཉམས་སུ་བླང་ན་སྣང་བཞི་མཐར་ཕྱིན་པར་ངེས་པ་རྡོ་རྗེའི་ཚིག་འདི་ལ་གསན་པར་ཞུ། སློབ་དཔོན་གྱིས་དགོངས་པ་མི་གཡོ་བའི་ངང་ནས༔ ཨ༔ སྐུ་གསུམ་བཞུགས་སྟངས་གཟིགས་སྟངས་ཀྱིས༔ དབང་པོའི་མཆོག་ནི་དབྱིངས་ལ་གཟིར༔ མངོན་སུམ་མཐོང་བ་གོང་འཕེལ་ནས༔ ཚད་ཕེབས་ཟད་སར་ཕྱིན་པར་འགྱུར༔ ཞེས་ངོ་སྤྲད༔ དེ་བརྟན་བྱེད་དུ་སློབ་དཔོན་གྱི་གནས་གསུམ་ཀ་ནས་འོད་ཟེར་འཇའ་ཚོན་ཤར་བ་ལྟ་བུ་དང་། ཙིཏྟ་རིན་པོ་ཆེའི་སྦུབས་ནས་འོད་ལྔའི་གོང་བུ་ཚོན་གང་བ་བྱུང་། ཁྱེད་རང་གི་གནས་གསུམ་དང་། སྙིང་དབུས་སུ་ཐིམ། ཆ་མཉམ་ཡེ་ཤེས་ཀྱི་སྒྲིབ་པ་དག །རབ་ཏུ་སྤྲོས་མེད་བཞི་པ་ཐོབ། ཀ་དག་ལྷུན་གྲུབ་ཟུང་འཇུག་བསྒོམ་པ་ལ་དབང་། ཡེ་ཤེས་བླ་མའི་ས་ནོན། འབྲས་བུ་ཡོན་ཏན་དང་ཕྲིན་ལས་ལྔ་ལྔ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའི་མོས་པ་མཛོད། ཨ་ཨ་ཨ༔ ཞེས་མི་ལྡོག་པར་རྒྱས་གདབ་བོ༔ དེ་ནས་སྤྲོ་བ་བསྐྱེད་ཅིང་སྨོན་ལམ་གདབ་པ་འདི་ལ་གསན་པས་ཁྱབ་སྟེ། སློབ་དཔོན་གྱི་ཕྱག་གཡས་རྡོ་རྗེ་དང་བཅས་སྐྱབས་སྦྱིན་གྱི་ཕྱག་རྒྱ་སློབ་མ་ལ་གཏད་ཏེ། ལྕེ་བཙུན་སིཾ་ཧེ་ཤྭ་རའི་ཞལ་ནས་འདས་རྗེས་འབྱུང་འགྱུར་སྨོན་ལམ་གྱི་མགུར་མ་ཐོས་པས་གྲོལ་བ་འདི་ཉིད་ལ་སེམས་གཏོད་ལ་དེ་ལྟར་འགྱུར་བའི་སྨོན་འདུན་བཟང་པོ་གྱིས། ཞེས་དབྱངས་དང་བཅས། ཨེ་མ་སྨྱོན་པ་སེང་དབང་ང་༔ ལས་ཀྱི་རླུང་ཟད་ཡེ་ཤེས་རྒྱས༔ མ་རིག་སྒོ་ངའི་སྦུབས་ལས་གྲོལ༔ རང་རིག་འོད་གསལ་སྦུབས་སུ་ཞུགས༔ སྒོ་གསུམ་གྱི་འཁྲུལ་པ་ཞིག་ཙ་ན༔ འཁྲུལ་གཞི་ཐམས་ཅད་ཡ་རེ་ཆ༔ འཁྲུལ་སྣང་གི་མདུད་པ་ཆོད་ཙ་ན༔ སེམས་འཛིན་ཟེར་བ་ཐང་རེ་ཆད༔ འཁྲུལ་པ་ཡེ་ཤེས་སུ་ཤར་ཙ་ན༔ དག་སྣང་ཐམས་ཅད་བསླུ་བའི་ཆོས༔ ཐམས་ཅད་དབྱིངས་སུ་ཐིམ་ཙ་ན༔ ཅི་ཡང་མ་ཡིན་ཅིར་ཡང་འཆར༔ ཨེ་མ་ཨེ་མ་དམ་པའི་སྐུ་དྲིན་ལགས༔ ཨེ་མ་འདའ་ཀའི་ཚིག་འདི་སྙིང་པོའི་དོན༔ སྙིང་ཕྱུང་ལག་མཐིལ་བཞག་པ་འདི་ལས་མེད༔ ཚིག་གི་ཐ་མ་དུས་མཐར་སྣང་བར་ཤོག༔ ཟག་པ་རང་ཟད་འབྱུང་བ་རང་སར་དེངས༔ དྲན་པ་རང་གྲོལ་ཟང་ཐལ་འོད་ཀྱི་ལུས༔ སེང་གེ་དབང་ཕྱུག་ཉིད་དང་མཉམ་པར་ཤོག༔ ཅེས་བརྗོད་ལ་མེ་ཏོག་འཐོར། རྩ་བའི་གསུམ་པ་རྗེས་ཀྱི་རིམ་པ་ལ། སྲུང་མའི་བཀའ་གཏད་དང་། དབང་དང་། ཆོ་གའི་རྗེས་རིམ་གསུམ་གྱི། དང་པོ་སྲུང་མའི་བཀའ་གཏད་པ་ནི། ཁྱེད་རང་རྣམས་གཉུག་མ་དོན་གྱི་ཧེ་རུ་ཀའི་ང་རྒྱལ་ལ་གནས་པར་མཛོད། ཅེས་བརྡ་སྤྲད་ལ། དེ་ནས་བཀའ་སྲུང་གི་གཏོར་མ་ལ་དཔལ་འབར་རམ་སྤོས་ཐུར་བཙུག་ལ་ཆོས་སྐྱོང་འཁོར་བཅས་སུ་གསལ་བ་སློབ་མའི་ལག་ཏུ་གཏད་ལ། ཨ༔ དབྱིངས་ལས་ཡེ་ཤེས་རང་ཤར་བའི༔ ཨེ་ཀ་ཛཱ་ཊི་རལ་གཅིག་མ༔ འོད་གསལ་རིག་པ་ཟང་ཐལ་སྐུ༔ ཁྱབ་འཇུག་ཆེན་པོ་སྒྲ་གཅན་འཛིན༔ ཟུང་འཇུག་དྭངས་མའི་ཐིག་ལེ་འཛིན༔ རྡོ་རྗེ་དགྲ་འདུལ་ལེགས་པ་རྩལ༔ ཐུགས་རྗེའི་ཚོ་འཕྲུལ་བསམ་ཡས་པ༔ འབུམ་ཕྲག་དྲེགས་པའི་སྡེ་ཚོགས་ཀུན༔ དགོངས་བརྡ་སྙན་ནས་བརྒྱུད་པ་ཡི༔ རྒྱལ་བ་རིག་འཛིན་རྣལ་འབྱོར་དབང་༔ ཇི་སྙེད་འདུས་པའི་ཚོགས་ཆེན་དང་༔ འཁོར་འདས་ཟིལ་གནོན་ཧེ་རུ་ཀ༔ དཔལ་ཆེན་སིཾ་ཧེ་ཤྭ་ར་ཡིས༔ ཇི་ལྟར་བཀའ་བསྒོས་དམ་བཞག་བཞིན༔ དུར་ཁྲོད་རོལ་པའི་གནས་འདིར་སྤྱོན༔ ཁམས་ལྔ་དག་པའི་སྨན་ཕུད་དང་༔ འབྱུང་ལྔའི་དྭངས་མ་བ་ལིཾ་ཏ༔ དུག་ལྔ་བསྒྲལ་པའི་དམར་ཆེན་པོ༔ དཔལ་གྱི་ཕམ་ཕབ་ཆེན་པོར་བཞེས༔ དམ་ལྡན་རྡོ་རྗེའི་སློབ་མ་ལ། ལུས་དང་གྲིབ་མ་བཞིན་དུ་འགྲོགས། ཐེག་མཆོག་ལམ་དུ་ཞུགས་པ་ལ༔ གློ་བུར་བདུད་བཞིའི་བར་ཆད་ཟློག༔ འཁོར་འདས་རུ་ཤན་དབྱེ་བའི་ཚེ༔ གཟུང་འཛིན་འཁྲུལ་པའི་ས་བོན་སྒྲོལ༔ རིག་པ་ཀ་དག་བལྟ་བ་ལ༔ ཡིད་བྱེད་མཚན་མའི་རྟོག་པ་སྲུངས༔ རིག་རྩལ་མངོན་སུམ་སྣང་བའི་ཚེ༔ རླུང་སེམས་འགྱུ་བ་དབྱིངས་སུ་ནོན༔ མཐར་ཐུག་གཞི་དབྱིངས་གཉུག་མའི་ཀློང་༔ གཞི་སྣང་རིག་པའི་ཕྲིན་ལས་སྒྲུབས༔ ས་མ་ཡ་ཧོ༔ ཞེས་དང་སྦྲོ་ན་ཚིག་ལྷུག་པས་བཀའ་བསྒོ་བ་ནི། ཨོཾ་ཨཱཿཧཱུྃ། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་འཆང་ཆེན། སྤྲུལ་སྐུ་རྡོ་རྗེ་སེམས་དཔའ། གསང་བདག་ཕྱག་ན་རྡོ་རྗེ། རིག་འཛིན་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། མཁས་པ་ཤྲཱི་སིཾ་ཧ། པཎ་ཆེན་ཛྙཱ་ན་སུ་ཏྲ། སློབ་དཔོན་བི་མ་མི་ཏྲ། ཉང་བན་ཏིང་འཛིན་བཟང་པོ། ལྡང་མ་ལྷུན་གྲུབ་རྒྱལ་མཚན། ལྕེ་བཙུན་སེང་གེ་དབང་ཕྱུག །ཀུན་མཁྱེན་དྲི་མེད་འོད་ཟེར། བདག་ཅག་གི་དཔལ་མགོན་བླ་མ་དམ་པ་འོད་གསལ་སྤྲུལ་པའི་རྡོ་རྗེ་ལ་སོགས་རིག་འཛིན་བླ་མ་དམ་པ་རྣམས་ཀྱིས་བཀའ་དང་ཐ་ཚིག་ལ་བཞག་པའི། རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ། ཟབ་མོ་བཀའ་གཏེར་གྱི་དྲོད་འཛིན། འབུམ་ཕྲག་མཁའ་འགྲོ་ཡོངས་ཀྱི་གཙོ་མོ་དཔལ་ལྡན་སྔགས་སྲུང་ཨེ་ཀ་ཛཱ་ཊི། དྲེགས་པ་སྡེ་བརྒྱད་ཡོངས་ཀྱི་སྤྱི་རྗེ། སྐྱེ་འགྲོའི་སྲོག་གི་བདག་པོ་གཟའ་བདུད་རཱ་ཧུ་ལ། འཛམ་གླིང་སྲིད་པའི་བདག་པོ། སྒྲོལ་གིང་ཆེན་པོ་རྡོ་རྗེ་དགྲ་འདུལ་ལེགས་པ་རྩལ་ལ་སོགས། སྙིང་ཏིག་བཀའ་གཏེར་གྱི་བཀའ་སྲུང་བསྟན་སྲུང་། གཏེར་སྲུང་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས། སྲུང་བ་དང་། སྐྱོབ་པ་དང་། ནད་དང་གདོན་བགེགས་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང་། ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་རྒྱས་པ་དང་། རླུང་སེམས་སྣང་བ། སྣང་སྲིད་དབང་དུ་སྡུད་པ་དང་། ཕས་ཀྱི་རྒོལ་བ་དང་། ལྟ་ལོག་བསམ་སྦྱོར་ངན་པའི་སྡེ་ཚོགས་ཐམས་ཅད་ཚར་གཅོད་པ་དང་བཟློག་པའི་ཕྲིན་ལས་མཛད་དུ་གསོལ། མདོར་ན་སྙིང་ཏིག་སྙིང་པོའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་དམ་པ་སྐད་ཅིག་ལ་གཡེལ་བ་མེད་པར་མཛད་དུ་གསོལ། ཆོས་སྐྱོང་འཁོར་བཅས་ཀྱིས་དེ་དེ་བཞིན་དུ་ཞལ་གྱིས་བཞེས་པར་བསམ་མོ། །གཏོར་མ་རང་གནས་སུ་བཞག་གོ །དེ་ལྟར་ལེགས་པར་གྲུབ་འཕྲལ། བཀྲ་ཤིས་པར་བྱ་བའི་སླད་དུ། ནམ་མཁའ་གང་བའི་རྒྱལ་བ་སྲས་བཅས་བརྒྱུད་གསུམ་རིག་འཛིན་མཁའ་འགྲོ་རྒྱ་མཚོ་བླ་མ་དང་ཆབས་ཅིག་ཏུ་བཀྲ་ཤིས་པའི་གླུ་དབྱངས་དང་བཅས་པས་མེ་ཏོག་མནྡ་ར་བའི་ཆར་ཆེན་པོ་ཕྱོགས་ཀུན་ཏུ་བསྙིལ་ནས་དགེ་ལེགས་ཀྱི་སྣང་བ་ཆེན་པོ་རབ་ཏུ་རྒྱས་པར་བྱས་པའི་མོས་པ་མཛོད་ཅིག །ཅེས་བརྡ་སྦྱར་ཏེ་བཀྲ་ཤིས་ཅི་རིགས་བརྗོད་པར་བྱའོ། །གཉིས་པ་དབང་གི་རྗེས་ཀྱི་རིམ་པ་ནི། སྤྲོ་ན་སྤྱི་དང་བྱེ་བྲག་གི་དམ་ཚིག་གི་རྣམ་བཞག་རྒྱས་བསྡུས་འཚམས་ཕས་སྐབས་དབྱེ། མི་སྤྲོ་ན། དེ་ལྟར་སྨིན་གྲོལ་རིམ་ཅན་ལ་མ་ལྟོས་པར་འདི་ནི་གདམས་ངག་དབང་གི་ལུགས་སུ་གདབ་པ་ཞེས་བྱ་སྟེ་སྨིན་གྲོལ་གཉིས་ཟུང་འཇུག་ཏུ་ཐོབ་པ་ཡིན་པས། ཞལ་གྱིས་བཞེས་པའི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས་གནང་བར་ཞུ། རྩ་བ་སྐུ་གསུང་ཐུགས་མཆོག་དང་། །ཡན་ལག་དམ་ཚིག་ཉི་ཤུ་ལྔ། །མེད་དང་གཅིག་པུ་ཕྱལ་བ་སོགས། །ཆོ་ག་བཞིན་དུ་བསྲུང་བར་བགྱི། །ལན་གསུམ། སླར་ཡང་དབང་ཐོབ་པའི་གཏང་རག་གི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས་ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་ཡོངས་སུ་འབུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམས་པས་འདིའི་རྗེས་ཟློས་མཛད་པར་ཞུ། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། ཁྱོད་ལ་བདག་ཀྱང་ཡོངས་སུ་འབུལ། སློབ་མར་བཟུང་སྟེ་སྤྱད་པར་གསོལ། །དགེ་ཚོགས་བསྔོ་བ་སྤྱི་ལྟར་བྱའོ། །ཀློང་གསལ་ལས། དགའ་སྟོན་བར་ཆད་སེལ་བ་དང་། །ཡོན་ཏན་ཀུན་རྫོགས་འགྲུབ་པར་འགྱུར། །ཞེས་དང་། ཐལ་འགྱུར་ལས། འཁོར་དང་ལོངས་སྤྱོད་རྣམས་ཀྱི་རྟེན། །ལུས་ངག་སྤྱོད་པས་མཉེས་པ་ཡིན། །བླ་མ་སངས་རྒྱས་མཉམ་སྦྱོར་བསྟེན། །བསྟེན་པ་དེ་ལ་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། །ཡོན་ཏན་དཔག་ཏུ་མེད་པ་འཐོབ། །ཅེས་གསུངས་པ་ལྟར། ཡོན་གྱིས་མཉེས་པར་བྱ་བ་དང་། ཚོགས་ཀྱི་རྫས་ལ་ལོངས་སྤྱད་ཅིང་རྡོ་རྗེ་གླུ་བླང་ཞིང་སྨོན་ལམ་རྒྱ་ཆེར་གདབ་བོ། གསུམ་པ་ཆོ་གའི་རྗེས་རིམ་ནི། ལྷག་མ་སོགས་ཆོ་གའི་བྱ་བ་རྣམས་མཐར་ཆགས་སུ་གྲུབ་པར་བྱའོ། །རྣམ་དག་དབང་བཞིའི་བདུད་རྩིའི་ཆར་བཟང་པོས། །གློ་བུར་ཁམས་ཀྱི་དྲི་མ་ཀུན་སྤྱངས་ནས། །རྒྱུ་བཞི་རྡོ་རྗེའི་ས་བོན་གསོས་ཐེབས་ཏེ། །སྐུ་དང་ཡེ་ཤེས་དམ་པ་མྱུར་སྨིན་ཤོག །ཅེས་ཁོ་བོ་ཅག་རྗེས་སུ་བཟུང་བའི་སྐབས་སུ་གསག་སྦྱོང་སོགས་བཞེད་སྲོལ་ཇི་ལྟ་བ་འཁྲུལ་མེད་བཀླག་ཆོག་བགྱིས་པ་ལ་སླར་རང་བློར་བསྟུན་ཏེ་རིག་འཛིན་སྣ་ཚོགས་རང་གྲོལ་པས་ལྷག་བསམ་དྲི་མ་མེད་པས་སྦྱར་བ་རྣམ་པ་ཀུན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།

View PDF Chetsun 15

Notes

  1. Sechen