ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ།

From Rangjung Yeshe Wiki Texts
Jump to navigation Jump to search
{{{1}}}

༄༅། །རྒྱ་གར་སྐད་དུ། དྷརྨ་དྷརྨ་ཏཱ་བི་བྷཾ་ག་ཏ། བོད་སྐད་དུ། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ། [1]

༈ འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ༈ །གང་ཕྱིར་ཤེས་ནས་འགའ་ཞིག་སྤང་བྱ་ཞིང་། །གཞན་དགའ་དགའ་ཞིག་མངོན་སུམ་བྱ་བའི་ཕྱིར། །དེས་ན་དེ་དག་མཚན་ཉིད་ལས་རྣམ་དབྱེ། །བྱེད་པར་འདོད་ནས་བསྟན་བཅོས་འདི་མཛད་དོ། ༈ །འདི་དག་ཐམས་ཅད་ནི་གཉིས་ཀྱིས་བསྡུས་ཏེ། ཆོས་དང་ཆོས་ཉིད་ཀྱིས་སོ། །ཆོས་ཀྱིས་ཉེ་བར་མཚོན་པ་ནི་འཁོར་བའོ། །ཆོས་ཉིད་ཀྱིས་ཉེ་བར་མཚོན་པ་ནི་ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པའོ། ༈ །གཉིས་དང་བརྗོད་པ་ཇི་ལྟར་སྣང་བ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ནི་ཆོས་ཀྱི་མཚན་ཉིད་དེ། མེད་པ་སྣང་བ་ནི་ཡང་དག་པ་མ་ཡིན་པའོ། །ཀུན་ཏུ་རྟོག་པ་ནི་ཐམས་ཅད་དུ་དོན་མེད་པར་རྟོག་པ་ཙམ་མོ། ༈ །གཟུང་བ་དང་། འཛིན་པ་དང་། རྗོད་པ་དང་། བརྗོད་པར་བྱ་བའི་ཁྱད་པར་མེད་པའི་དེ་བཞིན་ཉིད་ནི་ཆོས་ཉིད་ཀྱི་མཚན་ཉིད་དོ། ༈ །མེད་པ་སྣང་བའི་ཕྱིར་འཁྲུལ་པ་ནི་ཀུན་ནས་ཉོན་མོངས་པའི་རྒྱུ་སྟེ། སྒྱུ་མའི་གླང་པོ་ཆེ་ལ་སོགས་པ་མཐོང་བ་བཞིན་ནོ། །ཡོད་པ་མི་མཐོང་བས་ཀྱང་ངོ་། །མེད་པ་དང་སྣང་བ་དག་ལས་གང་ཡང་རུང་བ་ཞིག་མེད་ན་འཁྲུལ་པ་དང་མ་འཁྲུལ་པ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་རྗེས་སུ་འཇུག་པར་མི་འགྱུར་རོ། ༈ །གཉིས་པོ་དག་གཅིག་པ་དང་ཐ་དད་པ་མ་ཡིན་ཏེ། ཡོད་པ་དང་མེད་པའི་ཁྱད་པར་དང་ཁྱད་པར་མེད་པའི་ཕྱིར་རོ། ༈ །རྣམ་པ་དྲུག་གིས་ཆོས་རྟོགས་པ་གོང་ན་མེད་པ་ཡིན་ཏེ། མཚན་ཉིད་དང་གྲུབ་པ་དང་། གཅིག་པ་དང་། ཐ་དད་པ་མ་ཡིན་པ་དང་། ཀུན་ཏུ་གནས་པ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པ་དང་། གཟུང་བ་དང་འཛིན་པར་སྣང་བ་དངོས་པོ་མེད་པར་འཇུག་པའོ། །མཚན་ཉིད་དང་། གྲུབ་པ་དང་། གཅིག་པ་དང་། ཐ་དད་པ་མ་ཡིན་པ་རྣམས་ནི་ཇི་ལྟར་མདོར་བསྟན་པ་བཞིན་ནོ། ༈ །གང་གང་ན་འཁོར་བར་བྱེད་པ་དེ་ནི་ཀུན་ཏུ་གནས་པ་སྟེ། སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ནོ། །སྣོད་ཀྱི་འཇིག་རྟེན་ནི་ཐུན་མོང་བ་བཞིན་ཉིད་དུ་རྣམ་པར་རིག་པའོ། །སེམས་ཅན་གྱི་འཇིག་རྟེན་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའོ། ༈ །སྐྱེ་བ་དང་། ཐ་སྙད་དང་། རྗེས་སུ་གཟུང་བ་དང་། ཚར་གཅད་པ་དང་། ཡོན་ཏན་དང་། སྐྱོན་ཕན་ཚུན་བྱེད་པའི་ཕྱིར་ཕན་ཚུན་བདག་པོ་ཉིད་ཀྱི་ནི་ཐུན་མོང་བའོ། ༈ །གནས་དང་། རྣམ་པར་རིག་པ་དང་། ལས་དང་བདེ་བ་དང་། སྡུག་བསྔལ་བ་དང་། འཆི་འཕོ་དང་། སྐྱེ་བ་དང་། བཅིངས་པ་དང་། གྲོལ་བ་ནི་ཐུན་མོང་མ་ཡིན་པ་ཉིད་ཀྱིས་ན་ཐུན་མོང་མ་ཡིན་པའོ། ༈ །ཐུན་མོང་དུ་ཕྱི་རོལ་དུ་གཟུང་བར་སྣང་བ་ཉིད་ནི་འཛིན་པའི་ཤེས་པ་ཉིད་ཡིན་གྱི། ཤེས་པ་ལས་ལོགས་ཤིག་ན་དོན་མེད་དེ། ཐུན་མོང་ཉིད་ཀྱི་ཕྱིར་རོ། ༈ །ཐུན་མོང་མ་ཡིན་པའི་གཟུང་བའི་རྣམ་པར་ཤེས་པའི་དོན་གཞན་གྱི་སེམས་ལ་སོགས་པ་ནི་མཉམ་པར་གཞག་པ་དང་། མཉམ་པར་མ་བཞག་པའི་འཛིན་པའི་རྣམ་པར་རིག་པའི་ཡང་ཕན་ཚུན་ཡུལ་མ་ཡིན་ཏེ། མཉམ་པར་མ་བཞག་པ་ལ་ནི་རང་གི་རྣམ་པར་རྟོག་པ་རབ་ཏུ་སྣང་བའི་ཕྱིར་རོ། །མཉམ་པར་གཞག་པ་ཡང་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ལ་དེའི་གཟུགས་བརྙན་རབ་ཏུ་སྣང་བའི་ཕྱིར་རོ། ༈ །གཟུང་བར་སྣང་བ་མེད་ན་འཛིན་པར་སྣང་བ་མེད་པར་ཡང་རབ་ཏུ་གྲུབ་བོ། །དེས་ན་གཟུང་བ་དང་འཛིན་པར་སྣང་བ་མེད་པར་རྟོག་པར་རབ་ཏུ་གྲུབ་བོ། །ཐོག་མ་མེད་པའི་ཀུན་ནས་སློང་བ་རབ་ཏུ་གྲུབ་པའི་ཕྱིར་གཉིས་མ་གྲུབ་པར་རབ་ཏུ་གྲུབ་པའི་ཕྱིར་རོ། ༈ །རྣམ་པ་དྲུག་གིས་ཆོས་ཉིད་ཀྱི་རྟོགས་པ་གོང་ན་མེད་པ་ཡིན་ཏེ། མཚན་ཉིད་དང་། ཀུན་ཏུ་གནས་པ་དང་། ངེས་པར་འབྱེད་པ་དང་། རེག་པ་དང་། རྗེས་སུ་དྲན་པ་དང་། དེའི་བདག་ཉིད་དུ་ཉེ་བར་འགྲོ་བར་དེ་རབ་ཏུ་རྟོགས་པའོ། ༈ །མཚན་ཉིད་ནི་མདོར་བསྟན་པ་བཞིན་ནོ། ༈ །ཀུན་ཏུ་གནས་པའི་ཆོས་ཐམས་ཅད་དང་། མདོ་སྡེ་གསུང་རབ་ཡན་ལག་བཅུ་གཉིས་ཐམས་ཅད་ཀྱི་ཚིག་གི་ཚོགས་སོ། ༈ །ངེས་པར་འབྱེད་པ་ནི་ཐེག་པ་ཆེན་པོའི་མདོ་སྡེ་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པས་བསྡུས་པའི་སྦྱོར་བའི་ལམ་ཐམས་ཅད་དོ། ༈ །རེག་པ་ནི་ཡང་དག་པའི་ལྟ་བ་ཐོབ་པའི་ཕྱིར་མཐོང་བའི་ལམ་གྱིས་དེ་བཞིན་ཉིད་རབ་ཏུ་རྟོགས་ཤིང་ཉམས་སུ་མྱོང་བ་སྟེ། མངོན་སུམ་ཉིད་དུ་སྦྱོར་བས་སོ། ༈ །རྗེས་སུ་དྲན་པ་ནི་ཇི་ལྟར་རེག་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱིས་བསྡུས་པ་དེའི་དྲི་མ་སེལ་བའི་བསྒོམ་པའི་ལམ་ཐམས་ཅད་དོ། ༈ །དེའི་བདག་ཉིད་དུ་ཉེ་བར་འགྲོ་བ་ནི་དེ་བཞིན་ཉིད་དྲི་མ་མེད་པར་གྱུར་པ་ལས་རྣམ་པ་ཐམས་ཅད་དུ་དེ་བཞིན་ཉིད་ཙམ་སྣང་བ་སྟེ། དེ་ནི་གནས་ཡོངས་སུ་གྱུར་པའི་ཡོངས་སུ་གྲུབ་པའོ། ༈ །རྣམ་པ་བཅུ་རྣམས་ཀྱིས་གནས་ཡོངས་སུ་གྱུར་པ་རྟོགས་པ་ནི་གོང་ན་མེད་པ་སྟེ། ངོ་བོ་དང་། དངོས་པོ་དང་། གང་ཟག་དང་། ཁྱད་པར་དང་། དགོས་པ་དང་། གནས་དང་། ཡིད་ལ་བྱེད་པ་དང་། སྦྱོར་བ་དང་། ཉེས་དམིགས་དང་། ཕན་ཡོན་ལ་རབ་ཏུ་རྟོགས་པའོ། ༈ །ངོ་བོ་རྟོགས་པ་ནི་དེ་བཞིན་ཉིད་དྲི་མ་མེད་པ་ལ་གློ་བུར་གྱི་ཉོན་མོངས་པ་དང་དེ་བཞིན་ཉིད་མི་སྣང་བ་དང་སྣང་བའོ། །དངོས་པོ་རྟོགས་པ་ནི་ཐུན་མོང་གི་སྣོད་ཀྱི་རྣམ་པར་རིག་པ་དེ་བཞིན་ཉིད་དུ་གྱུར་པ་དང་། མདོ་སྡེའི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་དུ་གྱུར་པ་དང་། ཐུན་མོང་མ་ཡིན་པའི་སེམས་ཅན་གྱི་ཁམས་ཀྱི་རྣམ་པར་རིག་པ་དེ་བཞིན་ཉིད་དུ་གྱུར་པའོ། ༈ །གང་ཟག་རྟོགས་པ་ནི་དང་པོ་གཉིས་དེ་བཞིན་ཉིད་དུ་གྱུར་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉིད་ཀྱིའོ། །ཕྱི་མ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡང་ངོ་། ༈ །ཁྱད་པར་རྟོགས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་ཁྱད་པར་དང་། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་ཁྱད་པར་དང་། སྤྲུལ་པའི་སྐུ་ཐོབ་པའི་ཁྱད་པར་ཀྱང་ཡིན་ཏེ། མཐོང་བ་དང་། སྟོན་པ་དང་། འབྱོར་པ་བརྙེས་པའི་ཁྱད་པར་གྱི་ཕྱིར་རོ། ༈ །དགོས་པ་རྟོགས་པ་ནི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་དང་། ཐེག་པ་ཆེན་པོ་སྟོན་པ་ལ་དམིགས་པའི་ཁྱད་པར་གྱི་དང་། ས་བཅུ་ལ་རབ་ཏུ་སྦྱོར་བའི་ཁྱད་པར་གྱི་ཕྱིར་རོ། ༈ །གནས་རྟོགས་པ་ནི། རྣམ་པ་དྲུག་གིས་རྣམ་པར་མི་རྟོག་པའི་ཡེ་ཤེས་རྟོགས་པའི་ཕྱིར་རོ། །རྣམ་པ་དྲུག་གིས་རྟོགས་པ་ཉིད་ནི་དམིགས་པ་ལས་དང་། མཚན་མ་ཡོངས་སུ་སྤངས་པ་ལས་དང་། ཡང་དག་པར་སྦྱོར་བ་ལས་དང་། མཚན་ཉིད་ཀྱི་ཕྱིར་དང་། ཕན་ཡོན་གྱི་ཕྱིར་དང་། ཡོངས་སུ་ཤེས་པའི་ཕྱིར་རོ། ༈ །རྣམ་པ་བཞིས་དམིགས་པ་རྟོགས་པ་སྟེ། ཐེག་པ་ཆེན་པོ་སྟོན་པ་དང་། དེ་ལ་མོས་པ་དང་། ངེས་པ་དང་། ཚོགས་ཡོངས་སུ་རྫོགས་པ་རྣམས་ཀྱིས་སོ། ༈ །རྣམ་པ་བཞིས་མཚན་མ་སྤོང་བ་རྟོགས་པ་སྟེ། མི་མཐུན་པའི་ཕྱོགས་དང་། གཉེན་པོའི་ཕྱོགས་དང་། དེ་བཞིན་ཉིད་དང་། རྟོགས་པའི་ཆོས་ཀྱི་མཚན་མ་ཡོངས་སུ་སྤོང་བ་ལས་ཏེ། རགས་པ་དང་། འབྲིང་པོ་དང་། ཕྲ་བ་དང་། རིང་དུ་རྗེས་སུ་འགྲོ་བའི་མཚན་མ་ཡོངས་སུ་སྤོང་བ་རྣམ་གྲངས་ཇི་ལྟ་བ་བཞིན་དུ་འདིས་ཡང་དག་པར་བསྟན་པ་ཡིན་ནོ། ༈ །ཡང་དག་པར་སྦྱོར་བ་རྟོགས་པ་ལ་ཡང་རྣམ་པ་བཞི་སྟེ། དམིགས་པའི་སྦྱོར་བ་ལས་དང་། མི་དམིགས་པའི་སྦྱོར་བ་ལས་དང་། དམིགས་པ་མི་དམིགས་པ་ཉིད་དུ་སྦྱོར་བ་ལས་དང་། མི་དམིགས་པ་དམིགས་པར་སྦྱོར་བ་ལས་སོ། ༈ །མཚན་ཉིད་རྟོགས་པ་ལ་ཡང་རྣམ་པ་གསུམ་སྟེ། ཆོས་ཉིད་ལ་རབ་ཏུ་གནས་པའི་ཕྱིར་ནི་གཉིས་སུ་མེད་པ་བརྗོད་པ་དང་བྲལ་བའི་ཆོས་ཉིད་ལ་རབ་ཏུ་གནས་པའི་ཕྱིར་རོ། ༈ །སྣང་བ་མེད་པའི་ཕྱིར་ནི་གཉིས་དང་། ཇི་ལྟར་བརྗོད་པ་དང་། དབང་པོ་དང་། ཡུལ་དང་། རྣམ་པར་རིག་པ་དང་། སྣོད་ཀྱི་འཇིག་རྟེན་རྣམས་སུ་སྣང་བ་མེད་པའི་ཕྱིར་རོ། །དེ་རྣམས་ཀྱིས་ནི་གཟུགས་མེད་པ། བསྟན་དུ་མེད་པ། གནས་མེད་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། རྟེན་མེད་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ་ཞེས་ཇི་ལྟར་མདོ་ལས་གསུངས་པའི་མཚན་ཉིད་དེ་གསལ་བར་བསྟན་པ་ཡིན་ནོ། ༈ །སྣང་བའི་ཕྱིར་ནི་ནམ་མཁའི་དཀྱིལ་ལྟར་ཆོས་ཐམས་ཅད་མཐོང་བའི་ཕྱིར་དང་། སྒྱུ་མ་ལ་སོགས་པ་ལྟར་འདུ་བྱེད་ཐམས་ཅད་མཐོང་བའི་ཕྱིར་རོ། ༈ །ཕན་ཡོན་རྟོགས་པ་ནི་རྣམ་པ་བཞི་སྟེ། ཆོས་ཀྱི་སྐུ་རྫོགས་པར་རབ་ཏུ་ཐོབ་པའི་ཕྱིར་དང་། གོང་ན་མེད་པའི་བདེ་བའི་གནས་པ་རབ་ཏུ་ཐོབ་པའི་ཕྱིར་དང་། སྟོན་པའི་འབྱོར་པ་རབ་ཏུ་ཐོབ་པའི་ཕྱིར་རོ། ༈ །ཡོངས་སུ་ཤེས་པ་ལས་རྟོགས་པ་ཡང་རྣམ་པ་བཞི་སྟེ། གཉེན་པོ་ཡོངས་སུ་ཤེས་པའི་ཕྱིར་དང་། མཚན་ཉིད་ཡོངས་སུ་ཤེས་པའི་ཕྱིར་དང་། ཁྱད་པར་ཡོངས་སུ་ཤེས་པའི་ཕྱིར་དང་། ལས་ཡོངས་སུ་ཤེས་པའི་ཕྱིར་རོ། ༈ །དེ་ལ་གཉེན་པོ་ཡོངས་སུ་ཤེས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ཆོས་དང་། གང་ཟག་དང་། གྱུར་པ་དང་། ཐ་དད་པ་དང་། སྐུར་པ་ལྔ་མི་བདེ་བའི་ངོ་བོ་ལས་ཞེན་པའི་གཉེན་པོའོ། ༈ །མཚན་ཉིད་ཡོངས་སུ་ཤེས་པ་ནི། ཡིད་ལ་བྱེད་པ་མེད་པ་དང་། ཡང་དག་པར་འདས་པ་དང་། ཉེ་བར་ཞི་བ་དང་། ངོ་བོའི་དོན་དང་། བཀྲ་བར་འཛིན་པ་ལྔ་སྤངས་པ་ནི་རང་གི་མཚན་ཉིད་དོ། ༈ །ཁྱད་པར་ཡོངས་སུ་ཤེས་པ་ནི་རྟོག་པ་མེད་པ་དང་། ཕྱོགས་གཅིག་པ་མ་ཡིན་པ་ཉིད་དང་། གནས་པ་མེད་པ་ཉིད་དང་། གཏན་དུ་བ་ཉིད་དང་གཏན་མེད་པ་རྣམ་པ་ལྔའི་ཁྱད་པར་གྱི་ཕྱིར་རོ། ༈ །ལས་ཡོངས་སུ་ཤེས་པ་ནི། རྣམ་པར་རྟོག་པ་རིང་དུ་བྱེད་པ་དང་། བླ་ན་མེད་པའི་བདེ་བའི་སྦྱིན་པ་དང་། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་དང་བྲལ་བར་སྦྱོར་བ་དང་། དེའི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་ཤེས་བྱའི་རྣམ་པ་ཐམས་ཅད་ལ་འཇུག་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་ཡོངས་སུ་སྨིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟེར་བར་བྱེད་པའི་རྣམ་པ་ལྔ་ནི་ལས་ཀྱི་ཁྱད་པར་རོ། ༈ །ཡིད་ལ་བྱེད་པ་རྟོགས་པ་ནི། ཇི་སྐད་དུ། བྱང་ཆུབ་སེམས་དཔའ་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་རྟོགས་པར་འདོད་པ་དེ་འདི་ལྟར་ཡིད་ལ་བྱེད་པ། དེ་བཞིན་ཉིད་མི་ཤེས་པ་ཐོག་མ་མེད་པའི་དུས་ཅན་ལས་ཏེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ས་བོན་ཐམས་ཅད་པ་སྟེ། མི་བདེན་པ་གཉིས་སུ་སྣང་བའི་རྒྱུ་དང་། དེ་ལ་རྟེན་པ་ཐ་དད་པ་ཡང་ཡིན་ཏེ། དེ་ལ་རྒྱུ་དང་འབྲས་བུར་བཅས་པ་སྣང་དུ་ཟིན་ཀྱང་མི་བདེན་པ་ཡིན་ནོ། །དེ་ལྟར་སྣང་བས་ཀྱང་དེའི་ཆོས་ཉིད་ནི་སྣང་བ་མེད་ལ། དེ་སྣང་བ་མེད་པ་ལས་ཀྱང་ཆོས་ཉིད་སྣང་བ་ཡིན་ནོ། །ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན། བྱང་ཆུབ་སེམས་དཔའ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྟོགས་པ་ཡིན་ནོ། །དེ་ལྟར་ཉེ་བར་དམིགས་པ་ལས་རྣམ་པར་རིག་པ་ཙམ་ལ་ཉེ་བར་དམིགས་པ་རྟོགས་པར་བྱེད་དོ། །རྣམ་པར་རིག་པ་ཙམ་ལ་ཉེ་བར་དམིགས་པ་ལས་དོན་ཐམས་ཅད་དམིགས་པ་མེད་པར་རྟོགས་པར་བྱེད་དོ། །དོན་ཐམས་ཅད་དམིགས་པ་མེད་པ་ལས་རྣམ་པར་རིག་པ་ཙམ་ཡང་མི་དམིགས་པར་རྟོགས་པར་བྱེད་དོ། །དེ་མི་དམིགས་པ་ལས་གཉི་ག་ཁྱད་པར་དམིགས་པར་རྟོགས་པར་བྱེད་པ་ཡིན་ནོ། །དེར་གང་ཡང་གཉིས་དམིགས་པ་མེད་པ་དེ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ཡུལ་མེད་ཅིང་། དམིགས་པ་མེད་པ་ཡིན་ཏེ། མཚན་མ་ཐམས་ཅད་མི་དམིགས་པས་ཉེ་བར་མཚོན་པ་ཉིད་ཀྱི་ཕྱིར་རོ། ༈ །སྦྱོར་བས་རྟོགས་པ་ནི་རྣམ་པ་བཞི་སྟེ། མོས་པས་སྤྱོད་པའི་ས་ལ་མོས་པས་སྦྱོར་བའི་ཕྱིར་དང་། དེ་ཉིད་ངེས་པར་འབྱེད་པའི་གནས་སྐབས་སོ། །ས་དང་པོ་ལ་སོ་སོར་རིག་པར་སྦྱོར་བའི་ཕྱིར་དང་། དེ་ཉིད་ནི་རེག་པའི་གནས་སྐབས་སོ། །རྣམ་པར་མ་དག་པའི་ས་དྲུག་ལ་སྒོམ་པ་ལ་རབ་ཏུ་སྦྱོར་བའི་ཕྱིར་དང་། ཡོངས་སུ་དག་པ་གསུམ་པོ་ལ་ཡང་ངོ་། །དེ་ཉིད་ནི་རྗེས་སུ་དྲན་པའི་གནས་སྐབས་སོ། །སངས་རྒྱས་ཀྱི་ས་ལ་མཐར་ཕྱིན་པ་ལ་སྦྱོར་བའི་ཡང་ཕྱིར་ཏེ། ལྷུན་གྱིས་གྲུབ་པར་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་འཆད་པའི་ཕྱིར་རོ། །དེ་ཉིད་ནི་དེའི་བདག་ཉིད་དུ་ཉེ་བར་འགྲོ་བའི་གནས་སྐབས་སོ། ༈ །ཉེས་དམིགས་རྟོགས་པ་ནི། གནས་སྐབས་སུ་གྱུར་པ་མེད་ནའོ། །ཉེས་དམིགས་རྣམ་པ་བཞི་སྟེ། ཉོན་མོངས་པ་མི་འཇུག་པའི་རྟེན་མེད་པའི་ཉེས་དམིགས་དང་། ལམ་འཇུག་པའི་རྟེན་མེད་པའི་ཉེས་དམིགས་དང་། གང་ཟག་མྱ་ངན་ལས་འདས་པར་ཐ་སྙད་གཞག་པའི་རྟེན་མེད་པའི་ཉེས་དམིགས་དང་། བྱང་ཆུབ་རྣམ་པ་གསུམ་གྱི་ཁྱད་པར་གྱི་ཐ་སྙད་གཞག་པའི་རྟེན་མེད་པའི་ཉེས་དམིགས་སོ། ༈ །དེ་དག་ལས་བཟློག་པ་ལ་བརྟེན་ནས་གནས་ཡོངས་སུ་གྱུར་པ་ཡོད་པ་ལ། ཕན་ཡོན་རྣམ་པ་བཞི་ཉིད་དུ་རིག་པའོ། །དེ་དག་ཉིད་ནི་གནས་གྱུར་པ་ཇི་ལྟ་བར་རྟོགས་པ་རྣམ་པ་བཅུར་རིག་པར་བྱའོ། ༈ །མེད་པའི་ཆོས་སྣང་བ་ནི། །དཔེར་ན་སྒྱུ་མ་དང་རྨི་ལམ་ལ་སོགས་པ་བཞིན་ནོ། ༈ །གནས་གྱུར་པའི་དཔེ་ནི། ནམ་མཁའ་དང་གསེར་དང་ཆུ་ལ་སོགས་པ་བཞིན་ནོ།། ༈ །།ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་འཕགས་པ་བྱམས་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜྻི་ཏ་ཤཱནྟི་བྷ་དྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལས། སླད་ཀྱིས་ཁ་ཆེའི་མཁན་པོ་པཎྜྻི་ཏ་པར་ཧེ་ཏ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགའ་རྡོར་གྱིས་ཐུགས་དམས་ཐོ་ལིང་གི་གཙུག་ལག་ཁང་དུ་བཅོས་ཤིང་གཏན་ལ་ཕབ་པ།། །།མངྒ་ལཾ།། །།

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net