Ngb-pt-0857-vol-09-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། བ་ཐརྦ་ནས་ཞག་སམ། བོད་སྐད་དུ། ཤིས་བསྟན་པ་དཔལ་སྲོག་གི་འཁོར་ལོའི་སྡོམ་པའི་རྒྱུད་ཅེས་བྱ་བ། ལྷ་མཆོག་མཛེས་པའི་སྐུ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །ལྷ་མཆོག་ཡ་མན་ཏ་ཀ་ལ། འཁོར་གྱི་མ་མོ་རིགས་བཞིས་བསྐོར་བ་ནི། གཙོ་བོ་ཉིད་དེ་གནོད་སྤྱིན་ཚུལ། །གར་བྱས་སྒེག་པས་རབ་ཏུ་བརྗིད། །དུར་ཁྲོད་ཆས་ནི་རབ་ཏུ་ལྡན། །སྐུ་གསུང་ཐུགས་སྡན་ཐམས་ཅད་འདུས་པ་མ་མོའི་སྲོག །རྩ་བའི་འཁོར་ལོ་བསྡུས་ཏེ་ཐམས་ཅད་གསང་བའི་གནས་སུ་བསྒྲལ། །དུག་གསུམ་མ་སྤངས་རང་བཞིན་གནས་སུ་དག །རྣམ་ཤེས་འཆི་མེད་ཀེང་རུས་གཞལ་ཡས་ཁང་། །ཤ་ཁྲག་རི་ལྟར་སྤུངས་ནས་གདན་དུ་བཏིང་། །ཧཱུཾ༷་གི་གླུ་དབྱངས་ཕྱོགས་བཅུར་ཕཊ་ཀྱིས་སྤྲོས། །ཧཱུཾ༷་དང་ཛ་ཡིས་ཐུགས་ཁར་སླར་ཡང་བསྡུས། །བྱང་ཆུབ་སེམས་ཀྱི་ཐིག་ལེ་འོད་དུ་གསལ། །གཡས་སུ་ཀུན་ཏུ་བཟང་མོ་གསལ། །ཚུལ་དང་ཆ་བྱད་བསྟན་པ་ནི། །དབུ་གསུམ་ཕྱག་དྲུག་ཞབས་བཞིའོ། །གཡས་གཡོན་དང་པོ་གཉིས་ན་བན་དྷ་དྲིལ་བུ་འབར། །ཕྱག་བཞི་ཤན་པ་བཞི་རྣམས་འཛིན། །འོད་འབར་གསལ་འཕྲོའི་སྦྱོར་བ་ལས། །ར་མ་ཏྲག་དང་རྩ་བཞི་སྤྲོས། །ར་ལས་སྤྲུལ་པའི་མ་མོ་འདུས། །ཐམས་ཅད་འདུས་པའི་ངོ་བོ་ལས། །གནོད་སྦྱིན་ཆེན་པོ་སྐུ་ལས་ནི། །གཡོན་ནས་མགོ་དགུ་རལ་གཅིག་འཁྲིལ། །མ་ལས་དབྱིངས་ཀྱི་མ་མོ་འདུས། །ཐམས་ཅད་འདུས་པའི་རྩེ་མོ་སྟེ། །མདུན་ན་ཨེ་ཀ་ཛ་ཏི་འཁྱིལ། །ཙ་ལས་ལས་བྱེད་མ་མོ་ཐམས་ཅད་འདུས། །ཐམས་ཅད་འདུས་པའི་གཙོ་མོ་ནི། །གདུག་བྱེད་ནག་མོ་གནམ་ལུགས་ཟོར་བ་གདོང་། །དེ་བཞིན་དུ་རྒྱབ་ནས་འཁྱིལ་ཏེ་རབ་ཏུ་འཁོད་དོ། །སྐུའི་དཀྱིལ་འཁོར་བསྐྱེད་པའི་སྐབས་ཏེ་ལེའུ་དང་པོའོ།། །།དེ་ནས་མ་མོ་རིགས་བཞི་དམ་དུ་བསྡུས་ཏེ་ཐུགས་དམ་ལ་གནས་པར་བྱ་བའི་ཕྱིར། །རྫས་བཟའ་ཞིང་ཤི་ས་བསྟན་པ་ཞེས་བྱ་བ་འདི་གསུངས་སོ། །གནོད་སྤྱིན་སྟོབས་ལྡན་ནག་པོའི་སྐུ། །ཞལ་གཅིག་ཕྱག་གཉིས་ཞབས་ཀྱང་གཉིས། །ཞབས་གཉིས་ཞིང་ཆེན་བསྣོལ་བའི་གདན་ལ་བཞུགས། །ཞལ་གྱི་འབྲི་གུ་གྱེན་དུ་མཛེས། །མཆེ་བ་བཞི་ནི་བསྣོལ་མར་གཙིགས། །སྐུ་ལ་མཐིབ་བེར་ནག་པོ་གསོལ། །རལ་པ་ཁམ་ནག་གྱེན་དུ་བརྫེས། །སྐུ་སྟོད་ཞིང་གི་གཡང་གཞིས་བརྒྱན། །སྐུ་སྨད་ཆུ་སྲིན་གཡང་གཞིས་ཀླུབས། །ལྷ་སྲིན་སྡེ་བརྒྱད་དབང་དུ་སྡུད་པའི་ཕྱིར། ཁྲ༷་གྱི་རི་མོ་བདུན་པ་རྣམས། །དེ་དག་ཐམས་ཅད་དགའ་བ་སྟོན་པའི་ཕྱིར། །གཡོན་ན་གའུའི་ཕོར་པ་བསྣམས། །དེ་ཡང་ཐམས་ཅད་མཐུན་པའི་རྫས་དང་ལྡན་པར་བསམ། །སྦྲུལ་གྱི་ཆུན་པོས་ཕྱག་ཞབས་གདུག་གུར་བརྒྱན། །ཐོད་པ་སྐམ་རློན་ཚར་གསུམ་དབུ་ཡི་རྒྱན། །དེ་ཡི་སྐུ་ལ་མ་མོ་རྣམས། །གསལ་བར་བསྐྱེད་ཏེ་རྫས་རྣམས་བཏུང་། །དང་པོ་གནོད་སྒྱིན་སྙིང་པོ་འདི། །དྲན་པ་ཙམ་གྱི་མ་༄༅ མོ་ཐམས་ཅད་འདུ། །བྲན་བཞིན་དུ་ནི་རྟག་ཏུ་གནས། །དཔེར་ན་མི་རྣམས་སྟོན་པ་ཡིས། །རྣམ་ཤེས་གཞན་གྱི་དབང་དུ་འགྱུར། །ཇི་ལྟར་མཐུན་པའི་དཔེ་མེད་པས། །སྨོན་པའི་ཐ་སྙད་བཏགས་པས་བདེན། །རྣལ་འབྱོར་མ་མོའི་དོན་རྟོགས་པས། །མ་ནོར་རྩ་བའི་ཡི་གེ་རྣམས། །རྟག་ཏུ་རྣལ་འབྱོར་དྲན་པར་བསྐྱེད། །དེ་ཡིས་དགོས་པ་འགྲུབ་པར་ངེས། །རྒྱུད་འདིའི་དོན་རྣམས་རྟོགས་པ་དང་། །མ་མོ་འཁུ་དང་ལྡོག་པ་ཡང་། །བུ་གཅིག་པོ་ལ་མ་བྱམས་ལྟར། །རྟག་ཏུ་རྣལ་འབྱོར་དོན་སྤྱོད་འགྱུར། །ལོངས་སྤྱོད་ནོར་རྣམས་འཕེལ་བ་དང་། །ཚེ་རིང་རྒྱུད་ཀྱང་འཕེལ་བར་འགྱུར། །དགུ་པ་ལེགས་པའི་བློ་གྲོས་ས་ཡང་ཐོབ། །བཅུ་པ་དོན་ལ་འཇུག་པར་འགྱུར། །རུ་ཉལ་ནོར་པ་མེད་པ་ཡིས། །སྲོག་སྙིང་ཙམ་ཞིག་ཟིན་པ་དེས། །མ་མོས་རྣལ་འབྱོར་དབང་དུ་བྱས། །རྟོག་གེ་སྤྱོད་པའི་སྒྱུ་མ་མཁན། །དེ་ཡི་འདི་སྐད་དགོས་ཟེར་བྱིས་པ་དང་འདྲ་བས་བསླུས། །དེ་ནས་སྲོག་ཆགས་ཀུན་བསད་པས། །ཚེ་འདི་དག་ཏུ་ལུས་མནར་ནས། །འབྲས་བུ་ངན་སོང་གསུམ་དུ་གདོན་མི་ཟ། །དེ་ཕྱིར་དྲག་སྔགས་ཁྱད་པར་འདིས། །འབྲས་བུ་ཆུད་མི་ཟ་ཞིང་ཐམས་ཅད་དོན་ཀུན་འགྲུབ། །ཅེས་གནོད་སྤྱིན་གྱི་དྲག་སྔགས་འདིས། །མ་མོ་ཐམས་ཅད་དབང་དུ་བསྡུའོ། །ཨོ་འབུར་ཁུང་ཙེ་འབུར། རྗེའུ་འབུར། མཧྭ་པདྨ་བྱི་གེ་མོ། །མ་མ་ཀྲོ་དྷ་སྨྱོ་སྨྱོ། མ་མོ་ཐམས་ཅད་དབང་དུ་བསྡུ་བའི་སྐབས་ཏེ་ལེའུ་གཉིས་པའོ།། །།དེ་ནས་དམ་ཚིག་བསྲུང་བ་ཞེས་བྱ་བ་འདི་གསུངས་སོ། །མ་མོ་ཐམས་ཅད་ཀྱི་དམ་ཚིག་བསྟན་པ། རྩ་བ་སྐུ་གསུངས་ཐུགས་ཀྱི་དམ་ཚིག་ནི །སྤྱིའི་གྲོགས་རྫས་དང་མན་ངག་ཁྱད་པར་དང་།ལྟ་སྤྱོད་སོ་སོར་ཁྱད་པར་བསྟན། །ཐམས་ཅད་སྤྱི་རྫས་འདི་རྣམས་སོ། །ཙ་མོ་ཉ་དང་མཆོག་ཆེན་མེ། །མྱོས་བྱེད་གླང་དང་རྐང་མ་སྦྲུལ། ཁོ༑ག་མེད་རྟ་དང་ལྐུགས་པ་ལུག །གཅན་གཟན་སྟག་དང་སེང་གེའོ། །འདོད་ཆགས་བྱ་དང་གཏི་མུག་ཕག །ཚེ་མོ་ར་དང་བྱི་བ་རྣམས། །དེ་རྣམས་གསོག་པ་སོ་སོའི་སྒྲུབ་རྫས་ཡིན། །རྫས་ཀྱི་ཁྱད་པར་མཆོག་ཡིན་པས། །དང་དུ་བླ་བའི་དམ་ཚིག་གོ །དྲག་པོའི་རྫས་རྣམས་བསྟན་པ་ནི། །སྣ་ཚོགས་དུག་དང་མངལ་ཁྲག་དང་། །སྨེ་བའི་སྐྲ་དང་རྨིག་བའི་རྐང་རྗེས་མཚན་མའོ། །ལྕགས་ཕྱེ་ཟང་ཕྱེ་ཚེར་མའི་ཤིང་། །ཏིལ་ནག་བྲ་འོ་སྲན་མའོ། །རྡོ་ཕྱེ་བི་ག་སྐྱེ་ཚེ་ཤངས་ཚེ་དང་། །གུ་གུལ་དཀར་ནག་དུད་པའི་མཚོན། །རྩང་དང་ཉུངས་ཀར་ཕུར་པ་རྣམས། །དྲག་པོའི་རྗེས་སུ་བསྟན་པ་ཡིན། །ལས་ཀྱི་སྦྱོར་ཀའི་རྫས་བསྟན་པ། །དྲག་པོའི་སྤྱིན་སྲེགས་མནན་པ་དང་། །ཐུན་དང་དབབ་པ་གཉིས་ཡིན་ཏེ། །གཉིས་ཀ་ལ་ཡང་སྦྱོར་བ་སྟེ། །ཆ་ཤས་དྲག་པོའི་རྫས་ལ་ཆེ། །རྫས་ཁྱད་པར་ཅན་བཏང་བ་དང་དམ་ཚིག་གི་སྐབས་ཏེ་ལེའུ་སྟེ་གསུམ་པའོ།། །།དེ་ནས་མན་ངག་ཁྱད་པར་ཅན་གྱི་དམ་ཚིག་འདི་གསུངས་སོ། །རུ་ཉལ་མ་ནོར་རྩ་བའི་སྔགས། །དེ་ལ་བོད་ཡིག་ལྔ་ཡི་སེལ། །ཅ་ཆ་ཇ་ཞ་ཟ། ཞུགས་པར་གྱུར་ན་རྩ་བའི་དམ་ཚིག་ཉམས། །འ་ནི་ཀུན་ལ་ཁྱབ་པ་ཡིན། །དེ་བཞིན་སྲོག་གི་སྙིང་པོ་ལ། །དེ་ལྔའི་སེལ་ཞུགས་འཁོར་ལ་གཟན། །སྐུ་ཡི་དམ་ཚིག་ཉམས་པའོ། །ཡི་གེ་འཁྲུལ་དང་བླ་འོག་ནོར། །བླང་དོར་དག་ཏུ་གྱུར་པ་ནི། །གསུང་གི་དམ་ཚིག་ཉམས་པའོ། །མན་ངག་ཟབ་མོའི་དོན་མ་རྟོགས། །སྦྱོར་བ་དྲག་པོའི་འཁྲུལ་པས་ནི། །དེ་དོག་མེད་དེ་དམ་ཚིག་ཉམས། །དེ་ཕྱིར་མན་ངག་ཟབ་མོའི་དོན། །རྒྱུད་ལུང་མན་ངག་ཡིག་ཆུང་བརྟག །ཅེས་མན་ངག་ཁྱད་པར་ཅན་གྱི་དམ་ཚིག་བསྟན་པའི་སྐབས་སྟེ་ལེའུ་བཞི་པའོ།། །།དེ་ནས་ལྟ་བ་ཁྱད་པར་ཅན་བསྟན་པ་འདི་གསུངས་སོ། །ལྟ་བ་ཐེག་ཆེན་ཡང་དག་ནི། །སོམ་ཉི་མེད་ན་ཀུན་གྱིས་བགྲོད། །ཐེག་པའི་དོན་དང་མི་འགལ་བར། །མཚན་མེད་རྟག་ཏུ་ཐམས་ཅད་འདུ། །སྙིང་རྗེས་ཟིན་པར་རྟོགས་བསྒྲལ་ན། །ཐབས་མཆོག་འབྲས་བུ་བླ་མེད་དོན། །བསྒྲལ་ཞེས་བྱ་བའི་ཐ་སྙད་མེད། །ལྟ་བ་དེ་ཉིད་དམ་ཚིག་སྟེ། །ཐབས་དང་ཤེས་རབ་འབྲེལ་བའི་དོན། །དེ་ཉིད་དམ་ཚིག་ཡིན་པར་བཤད། །ལྟ་བ་ཁྱད་པར་ཅན་གྱི་དམ་ཚིག་བསྟན་པའི་སྐབས་ཏེ་ལེའུ་སྟེ་ལྔ་པའོ།། །ཐོ་་ །།དེ་ནས་སྤྱོད་པའི་ཁྱད་པར་བསྟན་པ་ནི། །མ་དང་སྲིང་མོ་བྱི་མོ་ལ། །བརྩོན་འགྲུས་སྦྱོར་བའི་བརྟུལ་ཞུགས་དང་། །ལེ་ལོ་བཏང་སྙོམས་མི་བྱེད་དང་། །གཞུང་དང་མཐུན་པར་ལུས་ཀྱི་སྤྱོད་པ་བྱེད། །གཞི་མཐུན་རོ་ལ་དགའ་བའི་སྤྱོད་པ་དང་། །གཙང་སྨེ་མེད་པར་དམ་རྫས་ལྔ་ལ་སྤྱོད། །རང་གི་བུད་མེད་མ་ཡིན་པ། །གཞན་དུ་འདོད་ལོག་སྤྱོད་མི་བྱ། །སྤྱོད་པའི་དམ་ཚིག་ཡིན་པར་བཤད། །གཞན་དང་མཐུན་པའི་དོན་སྤྱོད་པས། །དེ་དང་མཐུན་ཕྱིར་བླ་མ་བཀུར། །བླ་མའི་སྟན་ལ་མི་འདུག་གྲིབ་ལ་ཡང་མི་འགོམ། །ཕྱོགས་ཆ་ཅན་དུ་ཤིན་ཏུ་གུས། །བླ་མ་མི་གནས་འོག་རིལ་ཏུ། །གང་ན་འདུག་པའི་ས་ཕྱོགས་སུ། །ཡིད་ཀྱིས་བསྐོར་བྱས་ངག་གིས་མཚོན་བྱས་ཏེ། །ལུས་ཀྱིས་གུས་བྱས་ཤིན་ཏུ་ཕྱག་འཚལ་ལོ། །བླ་མ་གནས་པའི་ས་ཕྱོགས་སུ། །སྐྱིལ་ཀྲུང་མི་བཅའ་འཕྲེད་ཉལ་རྡོག་བརྐྱང་མི་བྱའོ། །མཆིལ་མ་མི་དོར་ཕྱེད་ཀྲུང་འདུག །སྦྱོད་པའི་དམ་ཚིག་ཡིན་པར་བཤད། །ཅེས་པས་སྤྱོད་པའི་ཁྱད་པར་བསྟན་པའི་སྐབས་ཏེ་ལེའུ་དྲུག་པའོ།། །། ་་མ་ནཇ་་་ དེ་ནས་ཐེབས་ལྡོག་བསྟན་པ་ཞེས་བྱ་བ་འདི་གསུངས་སོ། །ཐེབས་ལ་རྣམ་པ་གཉིས་ཡིན་ཏེ། །མ་ནོར་བརྩིས་ན་ཐེབས་པ་ཡིན། །མཚན་མ་བསྟན་ན་ཐེབས་པ་ཡིན། །བཞི་དང་བརྒྱད་དང་བཅུ་གཅིག་དང་། །བཅོ་ལྔ་དང་ནི་བཅོ་བརྒྱད་དང་། །རྩ་གཉིས་རྩ་ལྔ་རྩ་དགུ་བརྩིས་པ་ནི། ཁྱབ་འཇུག་རྒྱུ་བའི་དུས་བརྒྱད་དོ། །གཟའ་བདུད་རྒྱུ་དང་གདོང་ཚུགས་བྱ། ཁུལ་ནས་ཐུན་ནི་བྲབ་པར་བྱ། །དེ་ཉིད་ཀྱིས་ནི་བྱ་བ་མིན། །གཙོར་ནི་ཐུན་དང་དབབ་པ་ལ། །དེ་བཞིན་ཤེས་པར་ང་ཡིས་བཤད། །ཀླུ་རུ་སྤྲུལ་ནས་རྒྱུ་བ་ལ། །ཆུ་མིག་ལས་བྱ་བར་བཤད། །མ་མོ་དང་ནི་སོ་སོ་ཡི། །ཇི་ལྟར་མཐུན་པ་བཞིན་དུ་བྱ། །ཚེས་གྲངས་དུས་ཚོད་མ་ནོར་བརྩི་བ་གཅེས། །ཉི་མ་ཤིས་པར་བརྩི་བ་ནི། །གྲུབ་པ་སྤྲེལ་ནི་བསྒྲུབ་པའི་དུས། །འཇིག་པ་སྟག་ནི་བསད་པའི་དུས། །མི་མཐུན་ཕག་ནི་མནན་པའི་དུས། །མི་འཕྲོག་པ་ནི་སྦྲུལ་ཡིན་ཏེ། །དྲག་པོའི་སྤྱིན་སྲེག་བྱ་བར་བཤད། །གཞན་ཡང་དགྲ་གཤེད་བརྩི་པ་གཅེས། །སྦྱོར་བ་ཟབ་ན་ལས་ཁ་གཅེས། །ལྡོག་པ་རྣམ་པ་གཉིས་ཡིན་ཏེ། །དུས་ཚོད་འགྲུས་དང་རླུད་གིས་ལྡོག །ཅེས་གསུངས་སོ། །ཐེབས་སྡོག་ནག་པོ་བསྟན་པའི་སྐབས་ཏེ་ལེའུ་བདུན་པའོ།། །།དཔལ་ཡ་མན་ཏ་ཀ་གནོད་སྤྱིན་སྟོབས་ལྡན་ཞེས་བྱ་བ། །ཡ་མན་ཏ་ཀ་ཁྲོ་བོ་འབུར་ཁུང་ནག་པོར་སྤྲུལ་པ་ཞེས་བྱ་བས་དེ་སྐད་བཀའ་སྩལ་པས། །འཁོར་རྣམས་ཡི་རང་པར་གྱུར་ཏོ། ཁེ་ས་བསྟན་པ་དཔལ་སྲོག་གི་འཁོར་ལོ་སྡོམ་པའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱིས། །འགལ་བ་ཆན་ལ་དབབ་པ་དང་། །ཆོས་སྐོར་མི་བཙུན་རྒྱལ་ཁྲིམས་ཞིག་པའི་ཚེ། །སྐད་རིགས་མི་གཅིག་མཐའ་ཡི་རྒྱ་གར་རྣམས། །རྒྱལ་བའི་བཀའ་ལ་དྲི་མ་མེད་པ་ཡི། །བདུད་རྩིའམ་ནི་ཡིད་བཞིན་ནོར་བུ་འདྲ། །བསྟན་ནས་ངན་སྤྱད་བྱས་ན་སྙན་དངགས་དང་། །ཡིད་ལ་བྱུང་ནས་ཡི་གེར་བྲིས་པ་དེ། །བོད་ཀྱི་གསེར་འདོད་ཕྱིར་ན་ཟོང་དུ་བྱས། །སྐད་རིགས་མི་མཐུན་མཐའ་ཡི་རྒྱ་གར་རྣམས། །ཕུ་ཆུ་བྲུག་གམ་ལྷོ་ཡི་བྱ་བྲན་བཞིན། །བོད་ཀྱི་རྒྱལ་ཁམས་ཁེངས་ཏེ་མང་པོ་འབྱུང་། །རྒྱ་གར་བོད་ཀྱི་དགེ་སློང་ཡང་། །རྒྱལ་བའི་བཀའ་ནི་དྲི་མ་མེད་པའི་ཆོས། །ཚོང་སྣ་བྱེད་པའི་ལོ་ཙ་བ་རྣམས་ཀྱང་། །ས་དང་ཕ་རོལ་ཕྱིན་ལ་བློ་མ་འབྱོངས། །ཆོས་སྐད་མི་ཤེས་དོན་སྒྲ་མི་འགྱུར། །འཕྲལ་སྐད་ཙམ་ཅིག་ཤེས་པས་ལོ་ཙ་བྱས། །ཚོང་འདུས་འོ་མ་བཞིན་དུ་དམ་ཆོས་བསླད། །གནུབས་བན་འཁྱམ་པོ་བདག་འདྲ་དེ་ལ་ཡིད་མ་ཆེས། །རྒྱལ་ཁྲིམས་ཉམས་ཤིང་བོད་ཀྱི་སྤྱིན་དམ་ཉམས། །མི་བདེ་ལོག་ལྟའི་ངག་ལུས་སྣ་ཚོགས་ཀྱང་། །གསང་སྔགས་འཆོལ་པར་སྤྱོད་པའི་སྐྱོན་ལས་བྱུང་། །དེ་ཕྱིར་བན་ཆུང་སངས་རྒྱས་ཡེ་ཤེས་བདག །རྙེད་པར་དཀའ་བའི་ལུས་སྲོག་འདི་མ་ཕངས། །རྒྱ་དང་བལ་པོའི་ཡུལ་དུ་དཀའ་བ་ལན་སྤྱད། །བདག་གིས་མཁས་པ་བཅུ་གསུམ་ཞལ་མཐོང་སྟེ། །སྐད་སྣ་བདུན་དང་མི་འགལ་གདམ་ངག་གཉིས། །ལུས་ངག་ཡིད་གསུམ་སྒོ་ནས་དད་པས་བསྒྱུར་བ་འདི། །རྒྱལ་བའི་བཀའ་འཛིན་བྱེད་པའི་སྣོད་མེད་པས། །ལན་ཅིག་ས་ཡི་གཏེར་དུ་མཆིས། །སྐལ་མཆོག་ཡང་རབ་ཅིག་དང་འཕྲད་པར་སྨོན། །འདི་དཔལ་ཡ་མན་ཏ་ཀ་གནོད་སྤྱིན་སྟོབས་ལྡན་འབུར་ཁུང་ནག་པོར་སྤྲུལ་པའི་སྒྲུབ་ཐབས་ཡིན་ཏེ། །འདི་ལ་བརྟེན་པའི་སྒྲུབ་ཐབས་ལྟར་བྱས་ན། །མ་མོ་ཐམས་ཅད་དབང་མེད་དུ་བྲན་དུ་འཁོལ་བར་འགྱུར་རོ། །འདི་ལ་ལེའུ་བརྒྱད་ཡོད་པ་ལ། །ལྷུ་རུས་ལེའུ་བདུན་པ་སྲིད་པ་འཁོར་ལོའི་ལེའུ་ཆུ་དུན་ཅིག་གུད་དུ་བྱས་གདའ་སྟེ། ལེའུ་བདུན་པ་གུད་དུ་བྱས་ཏེ། རྒྱུད་འདིའི་ལེའུ་བདུན་པར་གདའ་འོ། ཁོ་བོས་ཀྱང་མ་སྦྱར་བར་གུད་དུ་བྲིས་པའོ། །མ་མོ་ཙམ་སྒྲུབ་པ་ལ་ཕན། ཁྱད་པར་སྔགས་གསུངས་ལ་ཕན་ནོ། །ཆ་རྐྱེན་ནོ། ་་ཟ་་རྒྱ་གར་སྐད་དུ། བོད་སྐད་དུ། ཀུ་མ་ར་ཛ་སྐུ་མངོན་དུ་དབྱུང་བ་ཆེ་མཆོག་འཇིགས་བྱེད་ངན་སྔགས་ཀྱི་རྒྱུད་ཅེས་བྱ་བ། འཇིག་རྟེན་ཐར་བྱེད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་