Ngb-pt-0352-vol-04-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྒྱ་གར་སྐད་དུ། མ་མ་ཏན་ཏྲ་ཙེ་ཏྭ་མརྒེ་ནཱ་མ། བོད་སྐད་དུ། མ་མོ་ལམ་རྒྱུད་ལུང་ཞེས་བྱ་བ། ཡུམ་མུ་ཁ་ལེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོསཔའིདུསགཅིགན། བཅོམ་ལྡན་འདསདེབཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་། ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་ཏེ། དེའི་ཚེ་ནམ་མཁའ་ལས་སྒྲ་ཆེན་པོ་སྣ་ཚོགས་པ་དང་གཟུགས་སྣ་ཚོགས་པ་བྱུང་སྟེ། འཇིག་རྟེན་གྱི་མུ་ཁ་ལེ་ལ་སོགས་པ་ལས་ལ་གནས་པའི་མཁའ་འགྲོ་མའི་ཚོགས་ཐམས་ཅད་དང་། རིག་པ་ཏིང་ངེ་འཛིན་གྱི་མུ་ཁ་ལེ་ལ་སོགས་པའི་རྩ་ལ་གནས་པའི་མཁའ་འགྲོ་མ་ཐམས་ཅད་དང་། ཡེ་ཤེས་ཀྱི་མུ་ཁ་ལེ་ལ་སོགས་པའི་འབྲས་བུ་ལ་གནས་པའི་མཁའ་འགྲོ་མ་ཐམས་ཅད་དང་། འཕགས་པ་སྤྱན་རས་གཟིགས་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཀུན་དགའ་བོ་ལ་སོགས་པ་ཉན་ཐོས་དང་རང་རྒྱལ་བ་ཐམས་ཅད་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་སོགས་ཏེ་ལྷ་ཐམས་ཅད་དང་། སྒྲ་གཅན་ལ་སོགས་ལྷ་མ་ཡིན་ཐམས་ཅད་དང་། ཉི་མ་ལ་སོགས་པ་གཟའ་ཐམས་ཅད་དང་། སྨིན་དྲུག་ལ་སོགས་པ་སྐར་མ་ཐམས་ཅད་དང་། ཧ་རི་ཀ་སོགས་ཏེ་གནོད་སྤྱིན་ཐམས་ཅད་དང་། ལང་ཀ་མགྲིན་བཅུ་ལ་སོགས་ཏེ་སྲིན་པོ་ཐམས་ཅད་དང་། གཞན་ཡང་ལྷ་མ་སྲིན་སྡེ་བརྒྱད་དང་། ལྷ་འདྲེས་གཉན་བཅུ་ལས་ཀྱི་རྫུ་འཕྲུལ་གྱི་མཐུ་དང་ལྡན་པ་ཐམས་ཅད་སྒྲ་དང་གཟུགས་དེས་བསྐུལ་ནས་ཡུམ་ཆེན་མོ་མུ་ཁ་ལེ་དང་། ཡབ་མངོན་རྫོགས་ལྷའི་ཐད་དུ་འདུས་པར་གྱུར་ཏོ། །དེ་ནས་འཇིག་རྟེན་པ་ཀུན་གྱི་ཡབ་དང་ཡུམ་གྱི་སྐུ་མདོག་དང་རྒྱན་ལ་སོགས་པ་དེ་དག་གིས་འཇིགས་ཤིང་སྐྲག་སྟེ་འདར་ཞིང་དངངས་བཞིན་དུ་འཁོད་དོ། །ལྷ་དང་བྱང་ཆུབ་སེམས་དཔའ་རྣམས་ནི། ཡབ་དང་ཡུམ་ལ་ངོ་མཚར་ཆེར་སྐྱེས་ཏེ། ལྷ་ལ་སོགས་པའི་མཆོད་པ་སྣ་ཚོགས་པས་མཆོད་དེ། ཀུན་གྱིས་བསྐོར་བ་ལན་གསུམ་བྱས་ནས་གནས་སོ། །དེ་ནས་ཡང་ནམ་མཁའ་ལས་སེམས་ཅན་མ་མོ་འདུལ་བ་སྤྱི་མཐུན་གྱི་སྨོན་ལམ་དང་། ལས་དང་ཏ་ཐུ་ག་ཏའི་ཐུགས་རྗེའི་སྤྲུལ་པའི་ངང་ཉིད་ཀྱིས་སྒྲ་ཆེན་པོ་སྣ་ཚོགས་བྱུང་ནས། ཡབ་མངོན་རྫོགས་ལྷ་ཡི་རྒྱལ་པོ་བསྐུལ་ལོ། །དེའི་ཚེ་འཇིག་རྟེན་འདིར་ཡངས་ཆེར་གཡོས་ཏེ་སེམས་ཅན་ལོང་བས་གཟུགས་མཐོང་བ་ལ་སོགས་བཀྲ་ཤིས་པ་སྣ་ཚོགས་ཀྱང་བྱུང་ངོ་། །དེ་ནས་ཡབ་ཀྱིས་ཡུམ་ལ་སེམས་ཅན་གྱི་དུག་གསུམ་རྣམ་པར་སྦྱར་བ་ཞེས་བྱ་བའི་བསྐོར་བ་ལན་གསུམ་བྱས་ཏེ། ཧ་ཧ་དང་ཧེ་ཧེ་ལ་སོགས་པའི་རོལ་པའི་གསུང་དང་ཡུམ་ཆེན་མོ་མུ་ཁ་ལེ་ལ་གསོལ་པ། མ་མོས་འདུལ་བའི་སེམས་ཅན་ལ། །མ་མོའི་སྲིད་པ་བཀའ་སྩལ་ན། །མ་མོས་འདུལ་བའི་སེམས་ཅན་ལ། །མ་མོ་བགྲོད་པའི་ལམ་དང་ཡང་། །དེ་བཞིན་མ་མོ་བརྟེན་པ་ཡིས། །མ་མོ་ཐོབ་པའི་འབྲས་བུ་དང་། །ས་དང་ལམ་དང་འབྲས་བུ་ཡིན། །རྟགས་དང་ཚད་དང་ངོ་བོ་དང་། །དེ་ཡིས་སྤང་བའི་རྣམ་རྟོག་དང་། །དེ་ལ་བར་དུ་གཅོད་པའི་བདུད། །མ་མོ་ལ་འཇུག་གང་ཟག་དང་། །འདི་རྣམས་ཁྱོད་ཀྱིས་བཤད་དུ་གསོལ། །དེ་ནས་ཡུམ་ཆེན་མོས་གནས་དེར་འདུས་པའི་འཁོར་དེ་དག་ལ་འདི་སྐད་ཅེས་གསུངས་སོ། །གསང་བ་ལས་ཀྱང་ཆེར་གསང་ཤིན་ཏུ་གསང་བའི་ཡང་གསང་བ། ཟབ་པ་རབ་ཏུ་ཟབ་པ་ཀུན་ཏུ་ཟབ་པ་ཟབ་པའི་ཡང་ཟབ་པ། ཕྲ་བ་ཀུན་ཏུ་ཕྲ་བ། ཀུན་ནས་ཕྲ་བའི་ཡང་ཕྲ་བ་དང་། གྲོལ་བ་ཡེ་ནས་གྲོལ་བ། ངེས་པར་གྲོལ་བའི་ཡང་གྲོལ་བ་སྟེ། གསང་སྔགས་མ་མོའི་དབང་བཞིན་དང་། བཅུ་དྲུག་གི་རང་བཞིན་གྱི་མ་མོ་བཞི་དང་། བཅུ་དྲུག་ལ་སོགས་པ་དང་། ང་ཡིས་བཤད་ཀྱི་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག གལ་ཏེ་ངས་གསང་སྔགས་མ་མོ་བཤད་དམ་ཤེས་སམ། ལེ་ལོ་འམ་གྲགས་པའམ། སྙོམས་ལས་ལ་སོགས་པས་ཚུལམ་ཡིན་པར་བཤད་ན་མཁའ་འགྲོ་ཁྲོས་པའི་བར་ཆོད་ཅེས་བྱ་སྟེ། ང་ཡི་མགོ་ཚལ་པ་བརྒྱ་དང་སྙིང་དུམ་བུ་སྟོང་དང་། ལྕེ་དུས་ཀྱི་མེས་ཚིག་སྟེ་ཤི་ནས་ན་རག་ཏུ་འཚེད་པར་འགྱུར་ལ། དེ་བཞིན་དུ་ཁྱད་ཀྱང་ངའི་བཀའ་གནང་པ་ཐོབ་པར་བྱ་བའི་ཕྱིར་བིཌརུ་ལ་སོགས་པའི་མེ་ཏོག་དབུལ་བ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསག་པའི་ཕྱིར་གླེང་གཞི་དང་། གཞུང་དང་། རྗེས་སུ་ཡི་རང་བའི་ཚོགས་ཀྱི་འཁོར་ལོ་བསྐོར་བ་དང་བར་གཅོད་ཉེར་བར་ཞི་བ་དང་། གནས་སྐབས་ཀྱི་དམ་ཚིག་ཉམས་པ་བསྐང་བའི་ཕྱིར། གཏོར་མ་དང་མཎྜལ་ཚུལ་བཞིན་དུབྱས་ཏེ་ལུས་ཙོག་པུར་འདུག་ནས། སེམས་མ་ཡེངས་པར་རྣ་བ་གཏད་དེ།ངག་བསྒྲིམས་ཏེ་ཉོན་ལ། དེ་ལྟར་མཉན་ཞིང་གོ་བས་དགའ་བ་དང་སྒྲུབ་པ་ལྷུར་བྱས་ན་དངོས་གྲུབ་ཐམས་ཅད་འབྱུང་བར་ངེས་པའོ། །ཁྱོད་ཀྱིས་དེ་ལྟར་མ་བྱས་ན་གོང་གི་མཁའ་འགྲོ་ཁྲོས་པའི་ཆད་པས་མགོ་ཚལ་པ་བརྒྱ་དང་། སྙིང་དུམ་བུ་སྟོང་དང་། ལུས་སེམས་གཞན་དུས་ཀྱི་མེས་ཚིག་སྟེ་ན་རག་ཏུ་སྲེག་པརའགྱུར་རོ་ཞེས་གསུངས་ནས། ཐམས་ཅད་སྣོད་དུ་རུང་བ་ཞེས་བྱ་བའི་དབང་བསྐུར་ནས། ལམ་རྣམ་པར་དབྱེ་བ་ཞེས་བྱ་བའི་ཏིང་ངེ་འཛིནལ་སྙོམས་པར་བཞུགས་སོ། །དེ་ནས་ཏིང་ངེ་འཛིན་དེའི་མཐུས་ལམ་དབུའི་གཙུག་ནས། མ་མོའི་ལུས་ཀྱི་དབང་གི་ལམ་རྣམ་པར་སྤྱོད་པ་ཞེས་བྱ་བའི་སྒྲ་དང་འོདཟེར་དཀར་པོ་བྱུང་ངོ་། །དེ་བཞིན་དུ་མགྲིན་པའི་གླིང་བུ་གསེརགྱི་བུམ་པ་ལས་ངག་གི་དབང་གི་ལམ་རྣམ་པར་སྤྱོད་པ་ཞེས་བྱ་བའི་འོད་ཟེར་དམར་པོདམར་པོ་འདྲ་བ་སྒྲ་དང་བཅས་པ་བྱུང་ངོ་། །ཐུགས་ཀའི་དཔལ་གྱིབེའུ་ལས་སེམས་ཀྱི་དབང་གི་ལམ་རྣམ་པར་འབྱེད་པཞེས་བྱ་བའི་འོད་ཟེར་ཁ་དོག་ནག་པོ་ནག་པོ་འདྲ་བར་སྒྲ་དང་བཅས་པ་བྱུང་ངོ་། །སྐུའི་ལྟེ་བ་ལས་ཀྱང་ཡེ་ཤེས་ཀྱི་དབང་གི་ལམ་རྣམ་པར་འབྱེད་པ་ཞེས་བྱ་བའི་འོདཟེར་དམར་སེར་དམར་སེར་འདྲ་བ་བྱུང་ཏེ་མ་མོའིལམ་ལ་སོགས་པ་བཀའ་སྩལ་པ། ཉོན་ཅིག་སྐལ་ལྡན་དད་པ་ཅན། །ལས་དང་སྨོན་ལམ་མཐུ་བཙན་པའི། །བརྟན་པའི་སེམས་ལྡན་བརྟུལ་ཞུགས་ཅན། །ཕ་རོལ་ཕྱིན་བཅུ་ལ་སོགས་པའི། །ཐུན་མོངས་བསྲུང་བྱའི་ཚུལ་ཁྲིམས་ལྡན། །ཁྱད་པར་གསང་སྔགས་མ་མོ་ཡི། །བསྲུང་བའི་དམ་ཚིག་ལྡན་པ་ཡིས། །བགྲོད་པའི་ལམ་ནི་འདི་ལྟར་ཡིན། །སྐུ་ཡི་ལམ་དང་འབྲེལ་པ་ཡི། །མ་མོ་བསྐྱེད་པའི་རིམ་པ་སྟེ། །དེ་ཡང་རེ་ཞིག་རྣམ་པ་བཞི། །གསང་བ་གཟུགས་བརྙན་གྱི་བསྐྱེད་དང་། །ཆེར་གསང་དག་པ་སྐྱེད་པའི་བསྐྱེད། ཁོ༑ན་ཏུ་གསང་བ་རང་བཞིན་གྱིས། །དག་པའི་མ་མོ་ལམ་ཡིན་ཏེ། །གསང་བའི་ཡང་དག་གསང་བ་ནི། །གསང་བ་བསྐྱེད་པའི་དཀྱིལ་འཁོར་ཡིན། །དེ་ཡང་འདི་ལྟར་ཤེས་པར་བྱ། །གནས་བཞིར་ས་ལ་བྱས་པ་ཡི། ཁྲར་ཕྱོགས་འཁོར་ལོའི་རྩིབས་སྟེང་སོགས། །རང་བཞིན་མ་མོ་ཐ་དད་པ། །དེ་ལ་བསྒོམ་བསྒྲུབ་བཟླས་པ་ནི། །རང་གི་གཟུགས་བརྙན་ཡིན་པས་ན། །གཟུགས་བརྙན་དམ་པས་བསྐྱེད་པ་སྟེ། །འདི་ཡིས་རྣམ་རྟོག་རགས་པ་འགེགས། །སྨན་མོ་ལྔ་བཅུའི་རང་བཞིན་ཏེ། །ཚོགས་ཀྱི་ལམ་ཞེས་དེ་ལ་གྲགས། །བསྐྱེད་པ་དག་པའི་དཀྱིལ་འཁོར་ནི། །རང་གི་ལུས་ཀྱི་གནས་རྣམས་སུ། །མ་མོ་རང་རང་ས་བོན་ལས། །མ་མོ་རང་རང་སྐུར་བསྐྱེད་དེ། །ལུས་ནི་འདོམ་གང་གྲུ་བཞི་སྟེ། །གཡས་གཡོན་སྟེང་འོག་སྒོ་ལ་སོགས། །བདུད་རྩི་ལྔ་དང་མཚོན་སྣ་ལྔ། །ཡང་ན་ཁ་དོག་རྣམ་པ་ལྔ། །ཀ་བ་བརྒྱད་ནི་རྐང་བརྒྱད་དེ། །རྒྱུས་པ་ཐིག་གི རངབཞིན ཡིན། །ཉིང་ལག་དུར་ཁྲོད་རང་བཞིན་ལ། །ཡན་ལག་དེ་བཞིན་རྒྱན་དུ་༄༅། ཁེས། །ཡི་གེ་ལས་བསྐྱེད་བསྐྱེད་པར་གྲགས། །འདི་ཡིས་གཟུགས་བརྙན་རྣམ་རྟོག་འཇོམས། །མ་མོ་བཅུ་བཞིའི་རང་བཞིན་ཏེ། །སྦྱོར་བའི་ལམ་གྱི་ཆ་གཉིས་ཏེ། །དྲོད་དང་རྩེ་མོ་ཡིན་པར་འདོད། །རང་བཞིན་དག་པའི་བསྐྱེད་པ་ནི། །རང་གི་ལུས་ཀྱི་གནས་རྣམས་སུ། །རང་གི་སྣང་བའི་དག་པ་ལས། །རང་གི་ཁམས་དང་ཕུང་པོ་དང་། །འབྱུང་བ་རྣམ་པ་འགགས་པ་དང་། །མ་མོ་སྐུ་ཡི་སྣང་བར་གསལ། །ཕུང་པོ་ལ་སོགས་དག་པ་ན། །མ་མོ་དག་པའི་དཀྱིལ་འཁོར་ཡིན། །མ་མོ་ཡེ་ནས་རང་བཞིན་གནས། །དེ་ལ་རང་བཞིན་བསྐྱེད་པར་གྲགས། །གོང་གི་བསྐྱེད་པའི་དག་པ་ལ། །ཕུང་པོ་ལ་སོགས་རིམ་དེ་ལ། །རང་རང་མིང་གི་ཡི་གེར་བསམ། །དེ་ལ་མ་མོ་མཁས་པར་འདོད། །འདི་ནི་དབྱིངས་ཀྱི་ཡུམ་དྲུག་སྟེ། །སྦྱོར་བའི་ལམ་གྱི་ཆ་གཉིས་ཏེ། །བཟོད་པ་དང་ནི་ཆོས་ཀྱི་མཆོག །དེ་ནས་གསང་བའི་བསྐྱེད་པ་ནི། །རང་གི་ཙིསྟའི་གཞལ་ཡས་སུ། །མ་མོ་བདུན་ཅུ་རྩ་བརྒྱད་སྣང་། །རང་བཞིན་དག་པའི་དཀྱིལ་འཁོར་འཛོམ། །མུ་ཁ་ལེ་ཡི་རང་བཞིན་ཏེ། །མཐོང་བའི་ལམ་གྱི་བདག་ཉིད་ཡིན། །དེ་ལྟར་ལམ་གསུམ་བགྲོད་པ་ནི། །མ་མོ་བསྐྱེད་པའི་རིམ་པ་ཡིན། །དེ་ལྟར་གྱུར་པ་གང་ལ་ཡང་། །མཁས་པས་འདི་ལྟར་ཤེས་པར་བྱ། །ཚོགས་ཀྱི་ལམ་ལ་ལམ་བཞི་སྟེ། །ཏིང་ངེ་འཛིན་ལ་སོགས་པས་ནི། །རང་གསལ་ཡེ་ཤེས་ལ་སྦྱོར་བས། །ཚོགསཀྱིལམགྱིསྦྱོར་ལམ་ཡིན། །རྣམ་རྟོག་གང་གིས་མ་བསྐྱོད་པ། །ཚོགས་ཀྱི་བར་ཆད་མེད་པའི་ལམ། །རང་གསལ་ཡེ་ཤེས་ཟངས་ཀར་སྐྱེས། །ཚོགས་ཀྱི་གྲོལ་ལམ་ཡིན་པར་འདོད། །གང་ལས་ཡེ་ཤེས་ཁྱད་པར་འཕགས། །ཚོགས་་ཀྱི་ཁྱད་པར་ལམ་དུ་འདོད། །སྦྱོར་ལམ་མཐོང་ལམ་དེ་བཞིན་ནོ། །དེ་ལྟར་བསྐྱེད་པའི་རིམ་དེ་ཡང་། །འདི་ལྟར་མཁས་པས་ཤེས་པར་བྱ། །སེམས་ཅན་རང་སེམས་གོལ་བ་ལས། །ཐེག་པའི་རིམ་པ་དུ་མ་དང་། །སྣང་བ་དུ་མར་རང་སེམས་སྣང་། །མུ་སྟེགས་ཅན་ལ་ཆད་པ་དང་། །རྟག་པའི་རང་བཞིན་རང་སེམས་སྣང་། །ཉན་ཐོས་འདི་ལྟར་སྣང་བ་ལ། །ཕྲ་རབ་རྡུལ་དུ་རང་སེམས་སྣང་། །རང་རྒྱལ་རྟེན་ཅིང་འབྲེལ་པ་སྲ །རང་སེམས་གོལ་བར་སྣང་བ་ཡིས། །ཐེག་ཆེན་འབྱུང་བཞི་རྒྱུ་འབྲས་ཀྱིས། །སྒྱུ་མའི་སྣོད་བཅུད་སྣང་བར་འདོད། །ཀྲི་ཡ་དང་ནི་ཡོ་ག་གཉིས། །ཏིང་འཛིན་སྔགས་དང་ཕྱག་རྒྱ་ལས། །ལྷ་དང་གཞལ་ཡས་ཁང་པར་འདོད། །ཐབས་དང་ཆེ་བའི་བདེ་བའི་ཆ་གཉིས་ཏེ། །དེ་ལྟར་མུ་སྟེགས་ཅན་ལྟ་ནས། །གསང་སྔགས་ཐབས་ཀྱི་འདོད་པའི་བར ངེས་པར་རང་སེམས་གོལ་བ་སྟེ། ཁྲེས་རབ་རྣལ་འབྱོར་མ་མོ་ཡིས། །རང་སེམས་གོལ་ས་ལས་གྲོལ་བ། །སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང། །རིན ཆེན སྣ ལྔལསགྲུབ་པའི། །ཁང་པ་བརྩེགས་པ་གཉིས་འགྱུར་ཅན། །གསལ་ཞིང་དག་ལརངབཞིན མེད། །རངབཞིན ལྷུནགྲུབ ཡེ ནས་གསལ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་དང་ཡང་དག་ལྡན། །དུར་ཁྲོད་བརྒྱད་དང་ཤིང་བརྒྱད་དང། ཕྱོགས་སྐྱོང་བརྒྱད་དང་ཀླུ་བརྒྱད་དང་། ཆར་པ་སྤྲིན་བརྒྱད་དེ་བཞིན་ཏེ། །དྲ་བ་དྲ་བ་ཕྱེད་པ་དང་། །ཁ་ཁྱེར་དང་ནི་ལྷ་མོ་ལྔ། །གཞན་ཡང་རྒྱན་གྱི་རྣམས་པ་ཀུན། །རྫོགས་པར་རང་གི་སེམས་སྣང་བ། །འདི་ནི་ཤེས་རབ་མ་མོའོ། །སྣོད་ཀྱི་སྣང་བ་དག་པ་སྟེ། །དཔེར་ན་སྦྲུལ་གྱི་སྣང་བ་ལ། །ཐག་པའི་སྣང་བར་སྣང་བ་བཞིན། །ངམ་གློགས་གཡང་སར་སྣང་བ་ལས། །གཞལ་ཡས་ཁང་དུ་སྣང་བར་འདོད། །དེ་བཞིན་བཅ་ཀྱི་སེམས་ཅན་ཀྱང་། །རྒྱལ་རིགས་མུ་ཁ་ལེ་ར་སྣང་། །བྲམ་ཟེའི་རིགས་ནི་མ་མོ་དྲུག །རྗེ་རིགས་མ་མོ་བཅུ་བཞི་ལ། །དམངས་རིགས་སྨན་མོའི་རིགས་སུ་སྣང་། །རྒྱལ་རིགས་ལ་སོགས་བུ་དང་ཚ། །མུ་ཁ་ལེ་ལ་སོགས་པ་ཡི། །རང་རང་ཐུགས་ཀྱི་ཉི་མ་ལས། །ཡེ་ཤེས་སེམས་མ་ཏིང་འཛིན་སེམས། །མ་མོ་གཉིས་སུ་སྣང་བ་ན། །རང་སེམས་མ་མོར་གྱུར་པ་སྟེ། །དེ་ཚེ་བཅུད་ཀྱི་སྣང་བ་དག །དེ་ལྟར་སྣང་བ་མ་དག་པས། །ཚིག་ཏུ་སྣ་ཚོགས་སྨྲ་བྱེད་པ། །འདི་ནི་རང་དམ་རང་གིས་འདས། །མཐོང་བའི་ཆོས་ལ་དམྱལ་སོགས་འཚེད། །དཔེར་ན་ཆུ་ཡི་སྒྲ་ཙམ་གྱི། །སྐོམ་པའི་གདུང་བ་སེལ་བ་མོད། །དེ་བཞིན་སྒྲ་དང་ཐ་སྙད་ཀྱིས། །དངོས་པོའི་དེ་ཉིད་རྟོགས་མ་ཡིན། །དེ་ལྟར་སྣོད་བཅུད་དག་པ་ཡང་། །ངེས་པར་ཀུན་ལ་སྣང་བ་མིན། །གཞལ་ཡས་ཁང་གི་མཚན་ཉིད་ཀྱང་། །ཇི་ལྟར་གནས་པར་ཤེས་གྱུར་ཅིང་། །རྒྱན་ལ་སོགས་པའི་མཚན་ཉིད་ཀྱང་། །ཇི་ལྟར་ཤེས་པ་དེ་ལྟར་ཡང་། །ཕུང་པོ་ཁམས་ལ་སོགས་པ་ཡི། །དག་པ་སྒྱུ་མའི་རང་བཞིན་ཅན། །སྣང་ལ་རང་བཞིན་མེད་པ་ལ། །གསལ་ལ་རྟོག་པ་མེད་པ་མྲ ཁོ།ས་པ་དག་ལ་མ་མོར་སྣང་། །དེ་ཡང་སེམས་གནས་རིམ་པ་ལ། །མ་བརྟེན་སྣང་བར་མི་འགྱུར་ཏེ། །སྒོམ་པའི་ཐུན་དང་མཚམས་དང་ཡང་། །བྱིང་བ་དང་ནི་རྒོད་པ་དང་། །སེམས་ཀྱི་སྒྲ་རྣམས་ཤེས་བྱ་བ། །དེ་ཙམ་སེམས་ཀྱི་གནས་ས་བཙལ། །དེ་ལྟར་མ་བྱས་རང་ཉོན་མོངས། །འདི་དང་ཕྱི་མ་འབྲས་བུ་མེད། །མན་ངག་ཐབས་ཀྱི་ཡན་ལག་རྫོགས། །རང་སེམས་ངེས་པར་མ་མོར་སྣང་། །དེ་ཚེ་སངས་རྒྱས་སེམས་ཅན་མེད། །འཁོར་དང་མྱ་ངན་འདས་པ་མེད། །མ་མོ་རྫོགས་པ་དེ་བཞིན་ཏེ། །རྫོགས་ཆེན་བྱ་བྲལ་རྫོགས་པ་ལས། །མ་མོ་བསྙེད་པ་ཇི་བཞིན་དུ། །ཐབས་དང་མན་ངག་མཁས་པས་སྦྱར། །དེ་ལྟར་གཟུགས་བརྙན་ལ་སོགས་པ། །དབང་པོ་རབ་འབྲིང་རིམ་པར་གསུངས། །དེ་ནས་བསྐྱེད་པའི་བྱེད་པ་ཡང་། །སྐྱེ་གནས་ཀྱི་ནི་རྣམ་པ་བཞི། །རྨོབ་དང་ཡུམ་གྱི་མཁའ་ལས་ནི། །སྦྱོར་བའི་བྱང་སེམས་དཀར་དམར་ལས། །གཟུགས་བརྙན་མ་མོའི་སྐུ་བསྐྱེད་པ། །གཟུགས་བརྙན་གྱིས་ནི་མངལ་སྐྱེས་ཡིན། །ཡི་གེ་ལས་ནི་མ་མོར་གྱུར། །གཟུགས་བརྙན་གྱིས་ནི་དྲོད་སྐྱེས་ཡིན། །ཡི་གེ་ལས་ནི་ཕྱག་མཚན་ཏེ། །ཕྱག་མཚན་ལས་ནི་མ་མོའི་སྐུ། །སྒོང་སྐྱེས་ཚུལ་གྱིས་མ་མོའི་སྐུའོ། །སྐད་ཅིག་ལས་ནི་མ་མོའི་སྐུ། །བརྫུས་སྐྱེས་ཚུལ་གྱི་མ་མོ་ཡིན། །སྐྱེ་བ་རྣམ་བཞི་འཁོར་བ་སྟེ། །འཁོར་བའི་རྒྱུད་འདི་གཅད་པའི་ཕྱིར། །མ་མོ་སྐྱེ་བ་རྣམ་བཞིར་གསུངས། །སྲིད་པ་བར་དོར་ལས་དང་པོ། །ལྷ་དང་དམྱལ་བ་རྒྱུན་གཅད་ཕྱིར། །མ་མོ་བརྫུས་སྐྱེས་གསུངས་པ་ཡིན། །མི་དང་དུད་འགྲོ་ཕལ་ཆེར་དང་། །ཚངས་པའི་སྒོ་ང་ལུགས་བཅུག་ལ། གནོད་སྦྱིན་ཕལ་ཆེར་རྒྱུན་བཅད་ཕྱིར། །མ་མོ་མངལ་ནས་བསྐྱེད་པ་བསྟན། །བྱ་དང་ཟེར་མོ་ལ་སོགས་པ། །དེ་བཞིན་ཚངས་པའི་སྒོང་ང་དག །རྒྱུན་གཅོད་མ་མོའི་སྒོང་སྐྱེས་གསུངས། ཁེག་དང་སྲོ་མ་སྲིན་བུ་སོགས། །རྒྱུད་གཅད་མ་མོའི་དྲོད་སྐྱེས་བསྟན། །དེ་ལྟར་སྐྱེ་བ་རྣམ་བཞི་ཡང་། །བརྫུས་སྐྱེས་མ་མོ་མུ་ཁ་ལེ། །ཡང་ནི་མ་མོ་དྲོད་གཤེར་ལས། །བཅུ་བཞི་མ་མོ་སྒོང་སྐྱེས་ལས། །ལྔ་བཅུ་མངལ་ནས་སྐྱེ་བར་འདོད། །འདི་ཡང་དབང་པོ་རབ་འབྲིང་ལ། །རབ་ཀྱིས་ཕྱི་དང་ནང་གཉིས་བསྒོམ། །འབྲིང་གིས་ནང་གི་ལྷ་རྣམས་བསྒོམ། །ཐ་མ་དབུས་ཀྱི་ཡབ་ཡུམ་ལ། །དེ་ནས་སྐུ་ཡི་ཆ་ནས་ནི། །ཐ་མ་སྤྱན་ལ་སེམས་གཏད་ཏེ། །དེ་ལ་སེམས་གནས་རྟགས་བྱུང་ན། །ཟླ་བ་ཚེས་ནས་འཕེལ་བ་བཞིན། །ནང་ནས་ཕྱི་རུ་རྫོགས་པར་བསྒོམ། །བརྫུས་སྐྱེས་ལ་སོགས་ཀུན་ལ་ཁྱབ། །དེ་ལྟར་མ་མོའི་བསྒོམས་པ་ལ། །སེམས་བཟུང་ཡན་ལག་བསམ་མི་ཁྱབ། །དེ་ལྟར་མ་མོའི་ལམ་གསུམ་ལས། །མ་མོ་བཞི་པོའི་ལམ་བྱུང་སྟེ། །ཟབ་པ་མ་མོའི་རྩ་ཡིན་ཏེ། །རབ་ཏུ་ཟབ་པ་རླུད་ཡིན་ལ། །ཀུན་ཏུ་ཟབ་པ་ཐིག་ལེ་ཡིན། །ཟབ་པའི་ཟབ་པ་བྱང་ཆུབ་སེམས། །དེ་དག་རྫོགས་པའི་རིམ་པ་ཡི། །མུ་ཁ་ལེ་ལ་སོགས་པ་ཡིན། །བསྒོམ་པའི་ལམ་དུ་ཤེས་པར་བྱ། །དེ་དག་རིམ་པར་དབྱེ་བར་བྱ། །དང་པོ་རྩ་ལ་རྣམ་པ་བཞི། །སྙིགས་མའི་རྩ་ནི་དངས་མ་དག །བདུན་ཅུ་རྩ་གཉིས་ཡིན་པ་སྟེ། །བརྒྱ་དང་ཉི་ཤུ་དྭངས་མའི་རྩ། །དྭངས་མ་ལ་ནི་དངས་མའི་རྩ། །སུམ་ཅུ་རྩ་གཉིས་ཡིན་པར་འདོད། །སྙིང་པོའི་རྩ་ནི་རྣམ་པ་གསུམ། །དེ་ཡང་མ་མོའི་རིགས་བཞི་ཡིན། །སྙིགས་མའི་རྩ་ལ་བད་མཁྲིས་གནས། །དྭངས་མའི་རྩ་ན་རྐང་དང་ཚིལ། དྭངས་མའི་དྭངས་མ་བྱང་ཆུབ་སེམས། །སྙིང་པོའི་རྩ་ན་སྐུ་གསུང་ཐུགས། །དཔེར་ན་ཤིང་གི་མྱུ་གུ་ལས། །སྡོང་པོ་ཡན་ལག་ལ་སོགས་སྐྱེས། །དེ་བཞིན་སྙིང་པོའི་རྩ་ལས་ནི། །འཁོར་ལོ་དང་ནི་ཐིག་ལེ་ཆགས། །ལྟེ་བར་ཡེ་ཤེས་ཐིག་ལེ་ནི། །གཤོམ་མེད་ཨ༷་གི་རྣམ་པ་ལས། །འཁོར་ལོ་དྲུག་ཅུ་རྩ་བཞིར་ཆགས། །ཐབས་དང་ཤེས་རབ་དངས་མ་ལས ཕྲ་མོའི་དྭངས་མ་དྲུག་ཅུ་བཞི། །སྤྲུལ་པའི་སྐུ་ཡི་ཚུལ་ཅན་གནས། །སྙིང་གར་གཤོམ་མེད་ཧུ༷་གི་ཚུལ། །འབྱུང་བའི་དྭངས་མ་ལྔ་འདུས་ཚུལ། །དེ་ལས་འདབ་བརྒྱད་འཁོར་ལོའི་ཚུལ། །རྣམ་ཤེས་དྭངས་མ་བརྒྱད་ཀྱི་དངོས༷། །ཆོས་ཀྱི་སྐུ་ཡི་ཚུལ་ཅན་ནོ། །མགྲིན་པར་ཨ༷་གི་རང་བཞིན་ལས། །ཕུང་པོ་ལྔ་ཡི་དྭངས་མ་འདུས། །དེ་ལས་འདབ་མ་བཅུ་དྲུག་ཚུལ། །རོ་ཡི་དྭངས་མ་བཅུ་དྲུག་འདུས། །ལོངས་སྤྱོད་རྫོགས་པའི་སྐུ་ཡི་ཚུལ། །སྤྱི་བོར་ཨོ་གྱི་རྣམ་པ་ལ། །བྱང་སེམས་དཀར་དམར་རྣམ་པ་ལས། །བད་མཁྲིས་དྭངས་མ་སུམ་ཅུ་གཉིས། །བདེ་བ་ཆེན་པོའི་སྐུ་ཡི་ཚུལ། །འཁོར་ལོ་བཞི་ལ་སྐུ་བཞི་གནས། །དེ་ལྟར་རྩ་རྣམས་འཁོར་ལོ་རྣམས། ཁྲེས་ན་རྩ་དང་འཁོར་ལོ་ལ། །རང་སེམས་གནས་ཏེ་བསྐྱེད་རིམ་འགགས། །རྩ་ཡི་བསྒོམ་པའི་ལམ་དུ་འདོད། །རླུ་་ནི་རིགས་གཅིག་རིགས་གཉིས་གསུམ། །རིགས་བཞི་ནས་བཟུང་ཉི་ཁྲིའི་བར། །རྩ་ཡི་ལམ་བྱུང་སྣ་རུ་བགྲང་། །དགག་པ་ལ་ཡང་རྩ་རུ་ཤེས་པ་སྟེ། །རྫོགས་པའི་རིམ་པ་འདི་དག་ལ། །བླ་མའི་མན་ངག་མ་རྙེད་ན། །སེམས་གནས་རྙེད་པར་མི་འགྱུར་རོ། །དེ་ལྟར་རྩ་དང་རླུད་ལ་ཡང་། །དབང་པོ་རབ་འབྲིང་ཕྱེ་བ་ཡིས། །ཉིན་མཚན་བསྒོམ་པ་བསམ་མི་ཁྱབ། །ཐིག་ལེ་ཧུ༷་ལས་ཙིསྟར་གྱུར། །སྙིང་ནི་རྩེ་བཟློག་མགྲིན་པ་ན། །སྲོག་གི་སྐར་ཁུང་ཁ་ཕྱེ་ནས། །དེར་དམིགས་ཐིག་ལེའི་རྣལ་འབྱོར་ཡིན། །གསང་བའི་རྡོ་རྗེ་པདྨ་ཡི། །བྷ་གའམ་ནི་ཟེ་འབྲུ་ལ། །བྱང་སེམས་དཀར་དམར་སྒོམ་བྱེད་པ། །བྱང་ཆུབ་སེམས་ཀྱི་སྒོམ་ལམ་ཡིན། །རྩ་ནས་བྱང་ཆུབ་སེམས་ཀྱི་བར། །དེ་དག་ཀུན་གྱི་མཚན་ཉིད་ཀྱང་། །མཁས་པས་ཤེས་པར་བྱ་བ་སྟེ། །མཚན་ཉིད་ངེས་ཚིག་ལས་དང་ཚུལ། །དབྱེ་བ་ལ་སོགས་རྣམ་པ་བཅུ། །མཚན་ཉིད་རྒྱས་པར་ཤེས་པར་བྱ། །དེ་དག་སྒོམ་པའི་ལམ་ཡིན་ཏེ། །རྩ་ནི་སྒོམ་པའི་སྦྱོར་ལམ་ཡིན། །རླུད་ནི་སྒོམ་པའི་བར་ཆད་མེད། །ཐིག་ལེ་རྣམ་པར་གྲོལ་བ་སྟེ། །བྱང་སེམས་ཁྱད་པར་ལམ་ཡིན་པས། །མཁས་པས་རྫོགས་ལ་ནན་ཏན་བྱ། །རྫོགས་པ་ལས་སུ་རུང་བ་ན། །དེ་ལ་བསྐྱེད་པ་དགག་སྒྲུབ་མེད། །རང་སེམས་རྫོགས་པར་སྣང་ཙམ་ན། །བསྐྱེད་པའི་མ་མོ་མིང་ཡང་མེད། །དེ་ཕྱིར་བསྐྱེད་པ་གོལ་ས་ཡིན། །རྫོགས་པའི་ལམ་གྱི་ཚུལ་ལ་ཡང་། །སྐྱེ་བ་བཞི་ཡི་རིམ་པར་སྦྱར། །རྩ་དང་རླུད་གི་ཐིག་ལེ་ལས། །ཡེ་ཤེ་རྒྱན་གྱི་རྣམ་པ་སྟེ། །རྩ་ནི་རྩི་སྐྱ་ལྷ་བུ་ལ། །ཡི་གེ་ཟིལ་པ་ལྷ་བུར་གནས། །ལྟེ་བར་ཀ་ཡི་སྡེ་ཚན་ལ། །སྤྱི་བོ་དང་ནི་མགྲིན་པ་མྲ །ཨ་ཡི་སྡེ་ཚན་རྣམ་པར་གནས། །སྙིང་གར་ཨ་གཅིག་གཞན་མ་ཀ །ལྟེ་བར་ཤེས་རབ་ངོ་བོ་ལས། །སྙིང་གར་ཐབས་ཀྱི་སྦྱོར་བས་བརྒྱན། །མགྲིན་པ་ཡུམ་གྱི་རང་བཞིན་ལ། །སྤྱི་བོར་ཡབ་ཀྱི་རྒྱན་གྱིས་བརྒྱན། །ཐབས་དང་ཤེས་རབ་ཁ་སྦྱོར་ལས། །མ་མོ་རང་གསལ་ཡེ་ཤེས་ཆ། །ཡབ་དང་ཡུམ་གྱི་ཁ་སྦྱར་བ། །མ་མོ་ལྷུན་གྲུབ་ཆོས་ཀྱི་ཆ། །སྙིགས་མའི་རྩ་རྣམས་འགྲོ་འདོད་ཀྱི། །རྩ་བ་འཇོངས་མོ་ལྟ་བུ་ལ། །སྦོམ་ཕྲ་བད་མཁྲིས་རྩ་ལས་ཤེས། །བརྒྱ་དང་ཉི་ཤུ་དར་དཀར་གྱི། །སྐུད་པ་ཙམ་དུ་ངེས་པ་ཡིན། །དབྱིབས་ནི་པདྨ་འཁོར་ལོ་འདྲ། །སུམ་ཅུ་རྩ་གཉིས་དར་དཀར་གྱི། །རྩ་བ་ཕྲ་སྟེ་རིང་ཐུང་ཡང་། །སོར་གཉིས་མཁས་པས་ཤེས་པར་བྱ། །སྙིང་བོའི་རྩ་ནི་ཡུངས་ཀར་ཙམ། །ཚངས་པའི་བུ་ག་ནས་སོར་གཉིས། །སྐྱེས་ནས་སྣ་རྩེའི་བར་དུ་གནས། །དབུ་མ་ཤིང་གི་རྣམ་པ་ལ། །གཡས་གཡོན་སྦྲུལ་གྱི་རྣམ་པར་གནས། །གོ་རོ་ཙ་ན་དབུས་ན་གནས། །མགྲིན་པའི་གླིང་དུ་ནས་དེ་བཞིན། །སྒལ་ཚིགས་དབྱུག་པ་ལ་བརྟེན་གནས། །འདི་དག་གནས་པའི་ཚུལ་རྣམས་ཀྱང་། །སངས་རྒྱས་སྒོམ་ཏེ་མ་མཛད་ལ། །སེམས་ཅན་སྒྲིན་ཏེ་མ་བཅོས་པས། །རང་བཞིན་གནས་ཏེ་མ་མོར་འདོད། །རང་བཞིན་མ་མོའི་དོན་རྟོགས་ནས། །བསྐྱེད་པའི་མ་མོ་གོལ་དང་སྒྲིབ། །རླུད་ལ་སོགས་པ་ཀུན་ལ་སྦྱར། །དེ་དག་སྒོམ་ལམ་ཡིན་པར་བཤད། །དེ་ནས་འབྲས་བུའི་ལམ་བཤད་དེ། །སྒོམ་ལམ་ངག་དབང་རང་བཞིན་ལས། །འབྲས་ལམ་སེམས་ཀྱི་ངོ་བོ་ཐོབ། །ཕྲ་བ་དང་པོའི་བདེ་བ་སྟེ། །ཀུན་ཏུ་ཕྲ་བ་མཆོག་གི་བདེ། །ཀུན་ནས་ཕྲ་བ་བདེ་བྲལ་བདེ། །ཕྲ་བའི་ཕྲ་བ་ལྷན་ཅིག་བདེ། །འདི་དག་འབྲས་བུའི་ལམ་ཡིན་ཏེ། །དང་པོ་བདེ་བ་མུ་ཁ་ལེ། །གཉིས་པ་གཡང་ས་མ་མོ་དྲུག །གསུམ་པ་མ་མོ་བཅུ་བཞི་སྟེ། །བཞི་པ་ལྔ་བཅུ་ཡིན་པར་འདོད། །འདོད་ཆགས་ཆེན་པོ་གཅིག་ཉིད་ལ། །བདེ་བའི་བྱེ་བྲག་བཞི་རུ་བྱུང་། །རྡོ་རྗེའི་རྩ་བར་ཕྱིན་པ་ལ། །དང་པོའི་བདེ་བར་འདོད་པ་ཡིན། །རྡོ་རྗེའི་སྐེད་པར་ཕྱིན་པ་ལས། །མཆོག་གི་བདེ་བར་འདོད་པ་ཡིན། །བྷ་གའི་ནང་དུ་གཉིས་པ་དང་། །གསུམ་པ་བསྐྱོད་པའི་བདེ་བ་ཡིན། །མ་མོའི་རང་བཞིན་དེ་ཤེས་ན། །ཟབ་མོའི་མ་མོའི་གོལ་ས་སྟེ། །དེ་ལ་གནས་པ་ཡོད་མ་ཡིན། ཇི་ལྟར་སྣང་ཞིང་སྲིད་པ་ནས། །རྡོ་རྗེ་པདྨ་སྦྱོད་པའི་བར། །ཐམས་ཅད་མ་མོར་རང་གསལ་ཏེ། །དེ་ལྟར་རྟོགས་ན་དངོས་གྲུབ་ཉེ། །རང་གསལ་མ་མོ་མ་རྟོགས་པས། །མ་མོར་སྨྲ་བ་ཐང་རེ་ཆད། །མ་མོར་སྤྱོད་པ་སྙིང་རེ་རྗེ། །དེ་ལ་སེམས་གནས་རིམ་པ་ཡང་། །བདེ་བ་དང་པོ་ནས་བཟུང་ནས། །རིམ་གྱི་རང་སེམས་བདེ་བ་སྲ །གནས་ཀྱི་བར་དུ་གོམས་པར་བསླབ། །གོམས་ནས་རང་སེམས་བདེ་བ་སྟེ། །བདེ་ལམ་མ་མོ་ཡིན་པར་ངེས། །མཚན་མའི་རྣམ་རྟོག་དེ་ལ་མེད། །རྣམ་རྟོག་གསུམ་ལས་གྲོལ་བས་ན། དེ་ལས་གྲོལ་བའི་མ་མོར་འདོད། །འཇིག་རྟེན་ཆགས་པ་ལ་སོགས་པ། །སྤོང་བའི་སེམས་བཅུ་དེ་ལ་ཡོད། །དེ་དག་འབྲས་བུའི་ལམ་ལ་ཡང་། །སྦྱོར་ལམ་ལ་སོགས་གོང་དང་འདྲ། །མ་མོ་ལམ་རྒྱུད་ལུང་ལས། །སྔོན་དུ་འགྲོ་བའི་ལམ་བསྟན་པའི་ལེའུ་སྟེ་དང་པའོ།། །།དེ་ན་དྲུག་པ་རྣམ་གྲོལ་ལམ། །གྲོལ་བ་མེ་ལོང་ཡེ་ཤེས་ཏེ། །དག་ཅིང་གསལ་ལ་རྙོག་པ་མེད། །ཡེ་ན་གྲོལ་བ་མཉམ་པ་ཉིད། །བླང་དང་དོར་བའི་ཆོ་རྣམས་མེད། །ངེས་པར་གྲོལ་བ་སོ་སོར་རྟོགས། །གོལ་དང་དངོས་ཀྱི་ཆོས་རྣམས་ནི། །སོ་སོར་རྟོགས་པའི་ངེ་པའོ། །གྲོལ་བའི་གྲོལ་བ་དག་པ་ན། །བྱ་བ་ནན་ཏན་ཡེ་ཤེས་ཏེ། །ཆོས་དབྱིངས་ཡེ་ཤེས་བྱ་བ་ཡིན། །དེ་ལ་ནན་ཏན་ཡེ་ཤེས་ཡིན། །དེ་ལྟར་ཡེ་ཤེས་ལྔ་ཡི་ངང་། །གྲོལ་བའི་མ་མོ་ཡིན་པར་གསུངས། །ཆུ་ནི་ཡེ་ནས་དངས་པ་ལས། །གློ་བུར་རྙོག་མས་དངས་མ་ཡིན། །དེ་བཞིན་རང་གི་སེམས་ཉིད་ཀྱང་། །ཡེ་ནས་གྲོལ་བའི་རང་བཞིན་པས། །གྲོལ་བའི་མ་མོ་ཡིན་པར་བཤད། །དེ་ལྟར་གྲོལ་བའི་མ་མོ་ལ། །བླང་བར་བྱ་བ་ཡེ་ནས་མེད། །དོར་བའང་ཡེ་ནས་ཡོད་མ་ཡིན། །བླང་དོར་མེད་པའི་ངོ་བོ་སྟེ། །མ་བཅོས་རང་བཞིན་ལྷུན་གྱིས་གྲུབ། །བྱ་བཙལ་བྲལ་བའི་སྟོང་པ་ཉིད། །མ་མོ་ཀུན་གྱི་ཡང་རྗེ་མོ། །འདི་ལས་སྐུ་ལ་སོགས་པར་སྣང་། །སྣང་ཙམ་ཉིད་ན་སྣང་བ་མེད། །སྣང་ན་མེད་ལས་སྣང་བ་མཚར། །སྐྱེ་བ་མེད་ལས་སྐྱེས་པ་མེད། །དེ་ལྟའི་མ་མོ་གྲོལ་ལམ་ལ། །མཁས་པས་དང་པོ་བླ་མ་ལས། །མན་ངག་བཙལ་ཏེ་གཏན་ལ་དབབ། །དེ་ནས་མོས་པ་ཡིད་ལ་བྱ། །མོས་པའི་ཡིད་ནི་རྣམ་རྟོག་སྟེ། །འདི་ཉིད་འགགས་པས་འདི་ཉིད་ཐོབ། །འདི་ཉིད་རྟོག་བྲལ་ལྷུན་གྱིས་གྲུབ། །མ་མོ་ལྷུན་གྱིས་གྲུབ་པའི་སྐུ། །འདི་ཐོབ་བྱ་བའི་འབྲས་བུ་མེད། །འདི་རྟོགས་རྟོགས་པའི་བྱ་བ་མེད། །འདི་དག་མ་མོའི་རང་གནས་ཡིན། །དེ་ལ་ཡིད་ཆེས་ནན་ཏན་གྱིས། །མ་མོ་ལམ་རྒྱུད་ལུང་ལས། གྲོལ་བའི་ལམ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་མ་མོའི་ས་བསྟན་པ། །རྣམ་རྟོག་ལ་ཀྱིས་མི་ཤིགས་པའི། །ཕྱིར་ན་མ་མོའི་་ཞེ་བྱ། །དེ་ནི་ས་ཡི་མཚན་ཉིད་དེ། །འཇིག་རྟེན་འདས་པའི་ཡོན་ཏན་ཀུན། །བརྟེན་མིན་སྐྱེ་བའི་ཕྱི་རིམ་མམ། །ཡང་ན་གོང་མ་གོང་མ་ཡིས། །མཚན་ཉིད་བརྟེན་པའི་ཕྱིར་ན་ནི། །ས་ཡི་མཚན་ཉིད་ལས་བྱུང་བས། །བརྟན་པས་ས་ཡི་ལས་སུ་གསུངས། །སྲ་བ་ས་ཡི་མཚན་ཉིད་དེ། །དེ་ལྷར་སྐྱེས་བུས་ཤེས་གྱུར་ན། །མ་མོའི་ས་ལ་མཁས་པ་ཡིན། །ས་ལ་མཁས་པར་མ་འོངས་ན། །བརྟན་དང་སྲ་བར་མི་འགྱུར་ཏེ། །དེ་ལྟར་ས་ལ་མི་གནས་པར། །མ་མོ་སྒྲུབ་པ་སྙིང་རེ་རྗེ། །རེ་ཞིག་ས་ལ་རྣམ་པ་གསུམ། །འཇིག་རྟེན་རིག་འཛིན་ས་དང་ཡང་། །མ་མོ་བྱ་བྲལ་རྫོགས་པའི་ས། །འཇིག་རྟེན་འདས་པའི་རིག་འཛིན་ས། །དེ་ལྟར་ས་ནི་རྣམ་པ་གསུམ། །བཅུ་བདུན་ས་ཡི་རང་བཞིན་འདོད། །འཇིག་རྟེན་རིག་འཛིན་ས་ལ་གཉིས། །ཚོགས་ཀྱི་རིག་འཛིན་ས་དང་ཡང་། སྦྱོར་བ་རིག་འཛིན་ས་དང་གཉིས། རང་གི་སེམས་ཀྱི་ཆ་གཉིས་ཏེ། །སེམས་ནི་སྣ་ཚོགས་བག་ཆགས་ཏེ། །བག་ཆགས་དག་ནི་སེམས་ཀྱི་ཆ། །བེམ་པོ་མ་ཡིན་སེམས་སུ་འདོད། །ཡེ་ཤེས་ཆ་གཉིས་ས་གཉིས་ཡིན། །འཇིག་རྟེན་འདས་པའི་རིག་འཛིན་ས། །བཅུ་པོའི་རང་བཞིན་ངེས་པ་སྟེ། །རབ་ཏུ་དགའ་དང་དྲི་མ་མེད། །འོད་བྱེད་པ་དང་འོད་འཕྲོ་དང་། །སྦྱང་དཀའ་དྲུག་པ་རིང་དུ་སོང་། །བདུན་པ་མི་གཡོ་ལེགས་པའིབློ། །དེབཞིནདགུདངབཅུ་པའི་བར། །རིག་འཛིན་ས་བཅུཡིན་པར་གསུངས། །བྱ་བྲལ་རྫོགས་པའི་ས་ལྔ་སྟེ། །མི་འགྱུར་ཆོས་ཉིད་དབྱིངས་ཀྱི་ས། །དང་པོ་ས་ཡིརངབཞིནནི། །མེལོང་ཡེ་ཤེས་དག་པའི་ས། །བྱ་བྲལ་རྫོགས་པའི་ས་གཉིས་སོ། །བླང་དོར་བྲལ་བ་མཉམ་པའི་ས། །གསུམ་པ་ཡིན་ཏེ་གོལ་དང་དངོས། །སོ་སོ་རྟོགས་པ་ས་བཞི་ཡིན། །བྱ་བ་ནན་ཏན་སྲ་ཞིང་བརྟན། །ལྔ་པ་ས་ཡི་རང་བཞིན་ཡིན། །དེ་ལྷར་ལྔ་དང་བཅུ་དང་གཉིས། །ས་ཡི་རང་བཞིན་དེ་དག་ཀྱང་། །ཐ་དད་ཡོད་པ་མ་ཡིན་ཏེ། །རང་སེམས་དག་པའི་ཆ་ལས་ནི། །ས་ཡི་རིམ་པ་འབྱུང་འགྱུར་ཏེ། །རང་སེམས་དག་པའི་ཆ་མེད་པར། །ས་ཡི་རང་བཞིན་གང་འདོད་པ། །དེ་ནི་དམུ་ཅོར་སྨྲ་བ་ཡིན། །ས་དང་སེམས་སུ་དབྱེ་བ་ཡང་། །ནམ་ཡང་ཡོད་པ་མ་ཡིན་ནོ། ཁྲེས་ཤིང་རིག་པའི་ཕྱིར་ན་སེམས། །སྲ་ཞིང་བརྟན་པའི་ཕྱིར་ན་ས། །འགྲོ་ཞིང་བགྲོད་པའི་ཕྱིར་ན་ལམ། །དེ་ཙམ་དེ་ཡི་ཆ་ལ་ནི། །ས་དང་ལམ་གྱི་ཐ་སྙད་བཏགས། །དོན་དམ་གང་ཡང་ཡོད་མ་ཡིན། །ཡོད་ན་གོང་མ་འབྱུང་མི་འགྱུར། །འོག་མ་ཉིད་ཀྱང་དེ་བཞིན་ནོ། །དེ་དག་ས་ཡི་རིམ་པའོ མ་མོ་ལམ་རྒྱུད་ལུང་ལས།མ་མོའི་ས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དག་རབ་བཤད་པ། །མ་མོའི་འབྲས་བུའི་རིམ་པ་ཡང་། །རྣམ་པ་ལྔ་རུ་དབྱེ་བ་ལས། །ཚོགས་ལམ་དབང་གི་འབྲས་བུ་སྟེ། །སྦྱོར་ལམ་ཚོགས་ཀྱི་འབྲས་བུ་ཡིན། །མཐོང་ལམ་སྦྱོར་བའི་འབྲས་བུ་ཡིན། །སྒོམ་ལམ་མཐོང་བའི་འབྲས་བུ་ལ། །སྒོམ་པའི་འབྲས་བུ་འབྲས་བུའི་ལམ། །འབྲས་བུའི་ལམ་གྱི་འབྲས་བུ་ནི། །བྱ་བྲལ་རྫོགས་པ་ཡིན་པར་འདོད། །འདི་ནི་ལམ་གྱི་འབྲས་བུ་སྟེ། །སྔ་མ་རྒྱུ་སྟེ་ཕྱི་མ་ལམ། །འབྲས་བུ་ཡིན་པར་ཐམས་ཅད་འདོད། །ལམ་འབྲས་རྒྱུ་འབྲས་ཇི་བཞིན་དུ། །ས་ཡི་རྒྱུ་འབྲས་དེ་བཞིན་ཏེ། །མཚན་ཉིད་འབྲས་བུ་བཞི་བཅུ་གཉིས། འབྲས་བུ་འདི་དག་ཐམས་ཅད་ཀྱང་། །རང་གི་སེམས་ཀྱི་ཆ་ཡིན་ཏེ། །སེམས་ལས་གཞན་པའི་རྒྱུ་འབྲས་ནི། །གང་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་འབྲས་བུ་འདོད་པས་ཀྱང་། །སེམས་ཀྱི་མན་ངག་བཙལ་བར་བྱ། །སེམས་ཀྱི་མན་ངག་རྙེད་གྱུར་ན། །འབྲས་བུ་ཐ་སྙད་བཏགས་པ་ཙམ སེམས་ལས་གཞན་པ་གང་ཡང་མེད། །དེ་ལྟར་སེམས་རྟོགས་འབྲས་བུ་ནི། །ཐོབ་བྱ་ནམ་ཡང་ཡོད་མ་ཡིན། །ཐོབ་བྱ་མེད་པའི་འབྲས་བུ་ནི། །རང་རིག་རང་གསལ་ཡེ་ནས་གྲུབ། །འདི་ནི་འབྲས་རབ་རང་བཞིན་དག །དག་པ་མེད་ལས་དག་པའི་ཚུལ། །སྐྱེ་བ་མེད་ལས་སྐྱེས་པའི་ཚུལ། །སྣང་བ་མེད་ལས་སྣང་བའི་ཚུལ། །ཚུལ་ལ་བཏགས་ནས་འབྲས་བུར་བཏགས། །བཏགས་པ་ཡོད་པ་མ་ཡིན་ཏེ། །མན་ངག་ཅན་གྱིས་ཤེས་པར་བྱ། །མ་མོའི་འབྲས་བུ་བསྟན་པ་སྟེ། །དེ་ལས་གཞན་པའི་སྨྲ་བ་དག །བུད་མེད་ཚུལ་ལས་གྲུབ་པ་ཡིས། །མ་མོའི་གཟུགས་ལ་མ་མོར་འདོད། །རྐྱན་ལ་སོགས་པ་དེ་བཞིན་འདོད། །དེ་ནི་མི་ཤེས་མུན་པས་བསྒྲིབས། །གཟུགས་ནི་མ་མོ་མ་ཡིན་ཏེ། །ཐམས་ཅད་སེམས་སུརངབཞིནཕྱིར། །གཟུགས་ཀྱི་མ་མོ་གོལ་བ་ཡིན། །གཟུགས་ནི་སེམས་ཀྱི་སྣང་བ་སྟེ། །དཔེར་ན་བྱད་ཀྱི་གཟུགས་བརྙན་བཞིན། །དེ་ལྟར་རྒྱུ་འབྲས་གང་འདོད་ཀྱང་། །སེམས་ཀྱི་རྩ་བ་བྱང་ཆུབ་སེམས། །སྐྱེ་མེད་སྟོང་པའི་རྩ་བ་བཙལ། །རྩ་བ་རྙེད་ན་རྩེ་མོ་ཉམས། །འབྲས་ཐོབ་འབྲས་བུའི་ཁྱད་པར་འབྱུང་། །འབྱུང་བ་མེད་ལས་བྱུང་བ་མཚར། །ཐོབ་པ་མེད་ལས་ཐོབ་པ་མཚར། །རིག་པ་མེད་ལས་རང་རིག་མཚར། །གསལ་བ་མེད་ལས་རང་གསལ་མཚར། །དེ་ལྟའི་འབྲས་རབ་དམ་པ་འདི། །འབྲས་ཐོབ་འབྲས་བུའི་ནང་ན་ཐོབ། །མ་མོ་ལམ་རྒྱུད་ལུང་ལས། མ་མོའི་འབྲས་བུ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་དག་རབ་བཤད་པ། །ས་དང་ལམ་གྱི་ངོ་བོ་ནི། །དྲན་པ་ཉེར་གཞག་བཞི་དང་ཡང་། །སྤོང་བ་བཞི་དང་རྫུའཕྲུལ་གྱི། །རྐང་པ་བཞི་དང་ཚོགས་ལམ་གྱི། །མཚན་ཉིད་ཡིན་པར་འདོད་པའོ། །ངོ་བོ་སེམས་ཀྱི་རང་བཞིན་ཡིན། །དེ་ཡང་འདི་ལྟར་ཤེས་པར་བྱ། །ལུས་དྲན་ཉེ་བར་གཞག་པ་ཡང་། །མ་མོ་ལུས་དྲན་ཉེར་གཞག་སྟེ། །མི་བརྗེད་ཕྱིར་ན་དྲན་པ་སྟེ། །ཀུན་ལ་ཚུལ་འདི་ཤེས་པར་བྱ། །སྦྱོར་བའི་ལམ་གྱི་མཚན་ཉིད་བཅུ། །དབང་པོ་ལྔ་དང་སྟོབས་ལྔ་སྟེ། །ངོ་བོ་སེམས་ལས་གཞན་མ་ཡིན། །མཐོང་བའི་ལམ་ལ་བདུན་ཡིན་ལ། །བསྒོམ་པའི་ལམ་ཡང་ལྔ་ཡིན་ཏེ། །འབྲས་བུ་ལམ་གྱི་མཚན་ཉིད་ནི། །གསུམ་དུ་མཁས་པས་ཤེས་པར་བྱ། །བྱ་བྲལ་རྫོགས་པའི་མཚན་ཉིད་ནི། །སྟོང་པ་མ་བཅོས་ལྷུན་གྲུབ་ཡིན། །མ་མོའི་མཚན་ཉིད་རྟོགས་པ་ལ། །མཚན་མ་མི་འབྱུང་གང་ཡང་མེད། །དཔེར་ན་མེ་ལས་དུ་བ་བཞིན། །དུ་བས་མཚོན་པའི་མེ་དང་ནི། །མཚན་མས་མཚན་པའི་མཚན་ཉིད་དང་། །གོལ་ས་གང་ཡང་ཡོད་མ་ཡིན། །དེ་བས་དང་པོའི་མཚན་ཉིད་ལ། །མཁས་པས་ནན་ཏན་བྱ་བ་ཡིན། །མཚན་ཉིད་ལས་ནི་མཚན་མ་འབྱུང་། །མཚན་མའི་སྒོ་ནས་མཚན་ཉིད་ལ། །གནས་པ་ཡིན་པར་རྟོགས་པ་སྐྱེ། །རྟོགས་པས་སྒྲོ་དང་སྐུར་པ་སྤོང་། །སྤངས་པས་ངན་འགྲོ་སྲིད་ལམ་སྒྲོལ། །མཚན་མ་མེད་པའི་མཚན་ཉིད་ནི། །པི་ལུ་ར་དང་པི་ཐ་ར། །མུ་སྟེགས་པ་ཡི་སྒྲུབ་པ་ཡིན། །མཚན་ཉིད་དབྱེ་བ་དེ་ལྟར་ཏེ། །སྤྱི་ཡི་མཚན་ཉིད་འདི་ལྷར་ཡིན། །མ་ནུ་ས་རའི་དོན་མ་རྟོགས། །རང་སེམས་གོལ་བའི་སྣང་བ་ལས། །སྒྱུ་མ་རང་གསལ་ཡུལ་ལ་རོལ། །རང་རང་སྒྱུ་མར་སྣང་བ་ལ། །གོང་མ་གོང་མས་གཞལ་བ་ན། །འོག་མ་འོག་མས་མེད་པར་སྣང་། །མེད་པ་སྣང་དུ་མི་རུང་སྟེ། །གོལ་བས་ཡོད་པ་ལྟ་བུར་སྣང་། །སྨིག་རྒྱུ་འཛིན་པའི་ཤེས་པ་བཞིན། །མེད་པ་སྣང་བས་ངོ་མཚར་ཏེ། །གྲོལ་བ་ཤེས་པས་ངོ་མཚར་རོ། །གོལ་བའི་ངོ་མཚར་དམན་པ་ནི། །ལས་ཀྱི་ཆོ་འབྲུལ་ངོ་མཚར་ཏེ། །གོལ་བ་ཁྱད་པར་ངོ་མཚར་ཆེ། །བླ་མའི་མན་ངག་ངོ་མཚར་ཆེ མ་མོ་བསྐྱེད་དང་རྫོགས་པ་དང་། །རྫོགས་ཆེན་ཡང་ནི་གོལ་བ་སྟེ། །ཏིང་འཛིན་ཆོ་འཕྲུལ་ངོ་མཚར་ཆེ། །ཏིང་འཛིན་ཆོ་འཕྲུལ་ངོ་མཚར་ཅན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །སྣང་སྟེ་མེད་པ་ཁོ་ནའོ། །དེ་ལྟར་མེད་པའི་ཏིང་འཛིན་ལ། །བསྒོམ་དང་བཟླས་པས་ཅི་ཞིག་བྱ། །མེད་པས་ཡོངས་གྲུབ་འགྱུར་བ་ན། །བླ་མའི་མན་ངག་ཅི་ལ་དགོས། །དེ་དག་རིག་པ་བདེན་མོད་ཀྱིས། །རེ་ཞིག་འདི་ལྟར་ཤེས་པར་བྱ། །མེད་པ་གསུང་པ་གཉིས་པ་ལ། །རེ་ཞིག་ཡོད་པ་གཉིས་པ་ཡིན། །གོལ་བ་དངོས་པོ་གཉིས་པ་ལ། །དངོས་པོའི་གནས་པ་བཞི་པ་སྟེ། །གོལ་བའི་དངོས་པོར་མི་འགྱུར་ཞིང་། །མེད་པས་ཡོད་པར་མི་འགྱུར་ཀྱང་། །མཛུབ་མོས་ཟླ་བ་སྟོན་པ་ལྟར། །ཡོད་པའི་མཚན་ཉིད་ཚོལ་བ་ལྟར། །མེད་པ་ཐབས་ཀྱི་ཡན་ལག་ཡིན། །དངོས་པོའི་གནས་ཐབས་ཚོལ་བ་ལས། །གོལ་བ་ཐབས་ཀྱི་བྱེ་བྲག་ཡིན། །དཔེར་ན་སྭ་ལུའི་ས་བོན་ལས། །སྭ་ལུའི་འབྲས་བུ་འབྱུང་བ་ལ། །ས་གཞི་དང་ནི་ལུད་དང་ཆུ། །རྨོད་པ་ལ་སོགས་རིམ་པ་ཀུན། །སྭ་ལུའི་འབྲས་བུར་མི་འགྱུར་ཏེ། །སྭ་ལུའི་རྒྱུ་ལ་ས་ལུ་ཡི། །འབྲས་བུ་འབྱུང་བའི་ཐབས་སུ་སྣང་། །དེ་བཞིན་རྟོག་བཅས་གསུམ་པ་ཡང་། །བཞི་པོ་རྟོགས་མེད་འབྱུང་བའི་རྟགས། །ཡིན་པར་འདས་པའི་སངས་རྒྱས་གསུངས། །ཇི་ལྟར་སྣང་བའི་རྣམ་རྟོག་འདི། །སྐྱེ་བའི་རིམ་པ་མ་བཀག་པར། །རྣམ་རྟོག་མྱོས་པའི་སེམས་འདི་ཡིས། །སྟོང་པ་ལྷུན་གྲུབ་ཇི་ལྟར་རྟོགས། །དེ་ཕྱིར་བསྐྱེད་པ་མེད་པ་ཡོད། །ཡོད་པ་ཟབ་པ་མ་ཡིན་ཏེ། །དོན་བྱེད་མི་ནུས་མེད་དང་འདྲ། །མེད་པས་དམན་པ་མ་ཡིན་ཏེ། །དོན་བྱེད་ཕྱིར་ན་ཡོད་ཀྱང་འདྲ། །བསྐྱེད་པའི་རྣམ་རྟོག་ཕྲ་བ་འདི། །རྫོགས་པའི་རིམ་པས་མ་བསལ་བར། །སྐྱེ་མེད་རྟོགས་པར་མི་འགྱུར་ཏེ། །བསྐྱེད་པའི་རྟོགས་པས་ཉམས་ཕྱིར་རོ། །རྫོགས་དང་རྫོགས་ཆེན་དེ་བཞིན་ཏེ། །རྣམ་རྟོག་རླུད་འདི་མ་འགགས་པར། །ཡེ་ཤེས་མེ་འདི་འབར་མི་འཀྱུར། །ཡེ་ཤེས་མེ་འདི་མ་འབར་ན། །མ་རིག་མུན་སེལ་མི་འགྱུར་ཏེ། །མ་རིག་མུན་པ་མ་བསལ་བར། །རང་རིག་རང་གསལ་རང་ལས་འབྱུང་། །རང་རིག་རང་གིས་མ་གསལ་བར། །སྐུ་ལ་སོགས་པའི་ཐ་སྙད་མེད། །དཔེར་ན་བུ་གའི་རླུད་མ་བཀག །མར་མེ་འབར་བར་མི་འགྱུར་ལ། །མར་མེ་འབར་བར་མ་གྱུར་ན། །མུན་པ་བསལ་བར་མི་འགྱུར་རོ། །བསྐྱེད་པའི་རིམ་པར་མི་གནས་ཀྱང་། །སྤྱིན་པའི་ཚོགས་ལ་འབད་དེ་བསླབ། །དེ་ཡིས་རང་སེམས་སྨིན་པར་འགྱུར། །སྨིན་པས་རྣམ་རྟོག་ཉེར་ཞི་ནས། །བསྐྱེད་པའི་རིམ་པར་ལེགས་གནས་འགྱུར། །ལམ་གྱི་ངོ་བོ་དེ་ལྟ་བུ། །གང་གིས་མི་ཤེས་དམུ་ཅོར་དུ། །ཐབས་དང་བྲལ་བའི་སྟོང་པ་ནི། །ནམ་མཁའི་གོས་ཅན་འདོད་པ་ཡིན། །མ་མོ་ལམ་རྒྱུད་ལུང་ལས། ལམ་གྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་མ་མོའི་་དང་ལམ། །འབྲ་བུའི་རྟགས་ནི་བཤད་པར་བྱ། །སྦྱིན་དང་ཚུལ་ཁྲིམ་ལ་སོགས་ཀྱིས། །ས་ཡི་མཚན་ཉིད་དེ་དག་ལ། །འཁོར་གསུམ་རྣམ་པར་དག་པ་སོགས། །ས་བ་་རྟགས་སུ་ཤེས་པར་བྱ། །བྱམས་དང་སྙིང་རྗེ་དང་པོའི་རྟགས། །དགའ་དང་བཏང་སྙོམས་འཇིག་རྟེན་གྱི། །རིག་འཛིན་ས་ནི་གཉིས་པའི་རྟགས། །གསེར་གྱི་ས་གཞི་མནན་ན་ནེམ། །བཏེགས་ན་འབར་བ་ལ་སོགས་པ། །བྱ་བྲལ་ལྷུན་གྲུབ་ས་ཡི་རྟགས། །དེ་ལྟར་ས་ཡི་རྟགས་བསྟན་ནས། །འབྲས་བུའི་རྟགས་ནི་འདི་ལྟ་སྟེ། །དང་པོར་སྣང་བ་འགགས་པ་ལས། །བསྐྱེད་པའི་རིམ་པ་གང་སྣང་བ། །མ་མོ་བསྐྱེད་པའི་རྟགས་ཡིན་ཏེ། །བསྐྱེད་པ་ལ་སོགས་སྣང་བ་འགགས། །རྫོགས་པའི་ཚུལ་དུ་གང་སྣང་བ། །དེ་ནི་མ་མོའི་འབྲས་བུའི་རྟགས། །རྟོགས་པའི་སྣང་བ་ལ་སོགས་འགགས། །རྫོགས་པ་ཆེན་པོར་གང་སྣང་བ། །རྫོགས་པ་ཆེན་པོའི་འབྲས་བུའི་རྟགས། །བླང་དོར་གང་ཡང་མེད་པ་སྟེ། །བྱ་བྲལ་རྫོགས་པའི་འབྲས་བུའི་རྟགས། །དེ་ལྟར་འབྲས་བུའི་རྟགས་བཤད་ནས། །ལམ་གྱི་རྟགས་ནི་འདི་ལྟར་ཏེ། །དང་པོ་ཚོགས་ཀྱི་ལམ་རྟགས་ཀྱང་། །ཐུན་མོང་བརྒྱད་དང་ཐུན་མོང་མིན། །བཞི་ནི་ངེས་པར་སྐྱེ་བ་སྟེ། །ཚོགས་ཀྱི་ལམ་ལ་ཡེ་གནས་ན། །ལུས་ལ་ཕྱི་ནང་སྲིན་འབུ་མེད། །སྐྲ་དཀར་མེད་དེ་མཐོན་མཐིང་འདྲ། །གཉེར་མ་མེད་དེ་ལོ་བརྒྱ་ཐུབ། །ཁམས་ཀྱི་ཟས་བྲལ་གཉིད་མེད་སོགས། །ཐུན་མོང་རྟགས་བརྒྱད་འབྱུང་བའོ། །ལུས་ལ་དྲོད་དང་རྡུལ་ལ་སོགས། །ཐུན་མོང་མ་ཡིན་རྟགས་རྣམས་འཛིང། །དེབཞིནསྦྱོརབའིལམ་རྟགས་ནི། །ཐུན་མོང་བརྒྱད་དང་ཐུན་མོང་མིན། །བཞི་སྟེ་བཅུ་གཉིས་ངེས་པར་འབྱུང་། །མཐོང་ལམ་ཐུན་མོང་རྟགས་རྣམས་དང་། །ཐུན་མོང་མ་ཡིན་རྟགས་རྣམས་ནི། །མཐོང་བའི་ལམ་གྱི་མཚན་ཉིད་བཞིན། །ཇི་ལྟར་འཇིག་རྟེན་སྣང་བ་བཞི། །དང་པོ་སྤྲིན་གྱི་རྣམ་པ་ལ། །གཉིས་པ་དུ་བ་ལྟ་བུ་སྟེ། །གསུམ་པ་གློག་གི་རྣམ་པ་ལ། །བཞི་པ་མར་མེ་ལྟ་བུར་སྣང་། །དེ་རྣམས་མཐོང་བའི་ལམ་རྟགས་སོ། །ཐུན་མོང་རྟགས་རྣམས་ཀུན་ལ་སྦྱར། །དེ་ནས་སྒོམ་པའི་ལམ་རྣམས་ནི། །བསྒོམ་པ་ལམ་གྱི་མཚན་ཉིད་ནི། །ཇི་ལྟར་བསྒོམ་པ་གནས་གྱུར་པ། །ལམ་གྱི་མཚན་ཉིད་དེ་ཉིད་དུ། །ཇི་ལྟར་འཇིག་རྟེན་གྲགས་པ་སྣང་། །དང་པོར་སྤྲིན་གྱི་རྣམ་པ་སྟེ། །གཉིས་པ་དུ་བ་ལྟ་བུ་ལ། །གསུམ་པ་གློག་གི་རྣམ་པ་ལ། །བཞི་པ་མར་མེ་ལྟ་བུར་སྣང་། །དེ་ནི་སྒོམ་པའི་ལམ་རྟགས་སོ། །དེ་ནས་འབྲས་བུའི་ལམ་རྟགས་ཀྱང་། །རེ་ཞིག་འདི་ལྟར་ཤེས་པར་བྱ། །འབྲས་བུ་ལམ་གྱི་མཚན་ཉིད་ལ། །སེམས་ནི་ངེས་པར་གནས་པས་ན། །འབྲས་བུ་ལམ་གྱི་ངོ་བོ་སྲ །ཕྱི་དང་ནང་དུ་སྣང་བ་མཐོང་། །དང་པོར་སྤྲིན་གྱི་རྣམ་པར་མཐོང་། །གཉིས་པ་དུ་བ་ལྟ་བུ་སྟེ། །གསུམ་པ་སྲིན་བུ་མེ་ཁྱེར་ལ། །བཞི་པ་མར་མེ་ལྟ་བུ་སྟེ། །དོན་དང་འབྲེལ་པའི་རྟགས་ཡིན་ནོ། །བྱ་བྲལ་རྫོགས་པའི་ལམ་རྟགས་ནི། །ཇི་ལྟར་འདི་ལྟར་སྣང་བ་ཀུན། །བྱ་བྲལ་ལམ་གྱི་མཚན་ཉིད་དེ། །སྟོང་པ་ནམ་མཁའ་ལྟ་བུར་ང་། །དེ་ལྟར་རྒྱུད་ན་བྱ་བྲལ་རྫོགས། །དངོས་པོར་སྨྲས་པ་ཡོད་མ་ཡིན། །དངོས་པོར་འདོད་པས་དངོས་མ་གྲུབ། །དངོས་མེད་དངོས་པོའི་དངོས་སྟོབས་ཡིན། །མཚན་མ་སྟོང་པར་སྣང་བའི་ཚེ། །ཕྱི་དང་ནང་གི་ཆོས་རྣམས་ཀུན། །སྟོང་པ་ཉིད་དུ་གྱུར་རམ་ཅི། །འགྲོ་བ་རོལ་པ་རྣམ་འཇིག་ཅིང་། །འཁོར་བའི་དོང་སྤྲུག་འགྱུར་རམ་ཅི། །དེ་ནི་དེ་ལྷར་མ་ཡིན་ཏེ། །ཕྱི་དང་ནང་དུ་སྣང་བ་ཡང་། །རང་གི་སེམས་ཀྱི་སྣང་བ་སྟེ། །སྣང་བ་ལོགས་ན་ཡོད་མ་ཡིན། །དཔེར་ན་སྐར་ཁུང་ཁང་པ་དང་། །ར་བ་ལ་སོགས་སྣང་བ་ཡང་། །ཐབ་ཀྱི་མེ་ཡི་སྣང་བ་སྟེ། །མེ་ཉིད་མེད་པར་གྱུར་པ་ན། །མེ་ཡི་སྣང་བ་མེད་པར་འགྱུར། །ཇི་སྲིད་མེ་ནི་ཡོད་པར་མྲ །མེ་ཡི་སྣང་བ་ཡོད་པར་འགྱུར། །དེ་ཕྱིར་རང་སེམས་རྟོག་པས་སྟོང་། །ཕྱི་ནང་དངོས་པོ་དེ་བཞིན་སྟོང་། །རང་སེམས་སྟོང་པར་མ་གྱུར་ན། །ཕྱི་ནང་སྟོང་པར་མི་འགྱུར་རོ། །རང་སེམས་སྟོང་པར་གྱུར་པའི་ཚེ། །ཕྱི་དང་ནང་དུ་སྣང་བ་ཡི། །རང་གི་རྟོག་པས་སྟོང་པ་ལས། །ཆད་ལྟའི་སྟོང་པ་དེ་མ་ཡིན། །རང་གི་རྟོག་པས་སྟོང་པའི་ཕྱིར། །ཕྱི་ནང་ཆོས་ནི་མེད་པ་ཡིན། །ཕྱི་ནང་ཆོས་རྣམས་ཡོད་ཀྱང་མེད་པའི་ཕྱིར། །འགྲོ་བའི་རོལ་པ་མི་འཇིག་ཅིང་། །འཁོར་བ་དོང་སྤྲུག་མི་འགྱུར་རོ། །དཔེར་ན་མིག་གིས་གཟུགས་ལ་བལྟས། །དེ་ནི་གཟུགས་སུ་སྣང་བ་སྟེ། །མིག་གཟུགས་གཟུགས་ཀྱི་སྣང་བས་སྟོང་།།གཟུགས་ཀྱི་སྣང་བས་སྟོང་པ་ལས། །ཕྱི་ནང་གཟུགས་མེད་མ་ཡིན་ནོ། །དེ་བཞིན་རང་སེམས་རྟོགས་པས་སྟོང་། །ཕྱི་ནང་ཆོས་ནི་མེད་མ་ཡིན། །འདི་ནི་མཚན་ཉིད་རྒྱལ་པོ་ཡིན། །རང་སེམས་མར་མེ་ལྟར་སྣང་སོགས། །དངོས་པོའི་མཚན་མར་གསུངས་པ་ཡིན། །སྐུ་ལ་སོགས་པ་སྣ་ཚོགས་འབྱུང་། །མངོན་པར་ཤེས་པ་དྲུག་སྐྱེས་ཏེ། །སྔོན་གྱི་གནས་ནི་ཤེས་པ་དང་། །གཞན་གྱི་སེམས་ཀྱང་ཤེས་པ་དང་། །འཆི་འཕོ་དང་ནི་སྐྱེ་བ་དང་། །རྫུ་འཕྲུལ་གྱི་ནི་མངོན་ཤེས་དང་། །གཞན་ཡང་མངོན་པར་ཤེས་པ་ཡང་། མིག་གིས་འཇིག་རྟེན་གཟུགས་རྣམས་ནི། །སྐད་ཅིག་གཅིག་ལ་མཐོང་བ་དང་། རྣ་བས་སྒྲ་ནི་སྣ་ཚོགས་ཐོས། །སྣ་ཡིས་སྣ་ཚོགས་དྲི་ཚོར་ཞིང་། །ལྕེ་ཡིས་སྣ་ཚོགས་རོ་མྱོང་ཞིང་། ལུས་ཀྱི་རེག་བྱ་རྟོགས་པར་འགྱུར། །དེ་དག་རྟགས་ཀྱི་རིམ་པའོ། །མ་མོའི་རྒྱུད་ལུང་ལས། མ་མོའི་རྟགས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ལྟར་མ་མོའི་རྟགས་བསྟན་པ། །ལམ་ཐོབ་པ་ཡི་ཚད་བཤད་པ། །མཉམ་གཞག་དང་ནི་རྗེས་ཐོབ་སྟེ། །རྗེས་ཐོབ་འགྲོ་དང་ཟ་དང་ཉལ། །ཀུན་ཏུ་བཟང་མོའི་གཟུགས་བརྙན་གྱིས། །བསྐྱེད་པའི་རིམ་པའི་སྣང་བ་སྟེ། །ཚོགས་ཀྱི་ལམ་གྱི་མཐར་ཕྱིན་ཚད། །དེ་བཞིན་དག་པས་བསྐྱེད་པ་ལ། །འགྲོ་འདུག་ལ་སོགས་ལ་སེམས་པ། །སྤྱོར་བའི་ལམ་གྱི་མཐར་ཕྱིན་ཚད། །དེ་ལས་སེམས་ཀྱི་ཁྱད་འཕགས་ཏེ། །དག་པ་རང་བཞིན་བསྐྱེད་པ་ལ། །ཉིན་མཚན་རྟག་ཏུ་སེམས་གནས་པ། །སྦྱོར་ལམ་ཆ་གཉིས་མཐར་ཕྱིན་ཚད། །ཡིན་པ་ཉིད་དུ་ཐེ་ཚོམ་མེད། །བསྐྱེདཔཙིཀྟའིདཀྱིལའཁོར་ལ། །ལོ་དང་བསྐལ་པར་སེམས་གནས་པ། །མཐོང་བའི་ལམ་གྱི་མཐར་ཕྱིན་ཚད། །རྩ་དང་རླུད་སོགས་ངོ་བོ་སྲ །རྟག་ཏུ་མི་འགྱུར་སེམས་གནས་པ། །སྒོམ་པའི་ལམ་གྱི་མཐར་ཕྱིན་ཚད། །ཡིན་པ་ཉིད་དུ་རྣམ་པར་འདོད། །རང་སེམས་རྟག་ཏུ་གང་གནས་པ། །འབྲས་བུ་ལམ་གྱི་མཐར་ཕྱིན་ཚད། །ཡིན་པ་ཉིད་དུ་ཐེ་ཚོམ་མེད། །བྱ་བྲལ་རྫོགས་པའི་ངོ་བོ་སྲ །ཇི་སྲིད་འཁོར་བ་སྟོངས་ཀྱི་བར། །ཡེ་ཤེས་ངང་དུ་གནས་པ་དེ། །བྱ་བྲལ་རྫོགས་པའི་མཐར་ཕྱིན་ཚད། །ཡིན་པ་ཉིད་དུ་ཤེས་པར་བྱ། །དེ་ལྟར་ཚད་དང་མི་ལྡན་པས། །རང་འདོད་བསམ་པ་སྣ་ཚོགས་ཀྱིས། །ལས་ལ་སོགས་པ་ཁས་འཆེས་ཤིང་། །སྒྲོ་དང་སྐུར་པའི་མཐའ་ལ་གནས། །འདི་ནི་ལོག་ལྟ་མ་རུངས་པ། །མཐོང་བའི་ཆོས་ལ་དམྱལ་སོགས་འཚེད། །དེ་བས་ལམ་དང་ལམ་གྱི་ཚད། །མན་ངག་ཅན་ལ་ཤེས་པར་བྱ། །མན་ངག་ཡོད་ན་བསམ་གཏན་བྱ། །མེད་ན་འབད་མེད་བཟླས་སོགས་བྱ། །ཐ་མལ་པ་ཡི་སྤྱོད་པ་ལ། །སྐད་ཅིག་གནས་པར་མ་གསུངས་སོ། །དཔེར་ན་རྒྱལ་པོའི་རྒྱལ་བུ་ཡང་། །རྒྱལ་བུའི་བྱ་བ་ཁོ་ན་ལས། །རིགས་ངན་བྱ་བ་སྤངས་ནས་གནས། །འདི་བཞིན་མ་མོའི་ལམ་འདི་ནི། །འཇིག་རྟེན་ལམ་གཞན་བགྲོད་མ་ཡིན། །ལམ་གཞན་བགྲོད་དང་སྐྱེ་བ་མེད། །དེ་བས་འབད་པ་ཐམས་ཅད་ཀྱིས། །མ་མོའི་ལམ་ལ་ནན་ཏན་བྱ། །དེ་བས་རང་ལ་ལམ་རྣམས་སྐྱེས། །སྐྱེས་ཚུལ་ཚད་དུ་ཕྱིན་པ་དང་། །འབྲས་བུ་རང་བྱུང་ཐོབ་པར་འགྱུར། །རང་བྱུང་སངས་རྒྱས་མཚན་ཉིད་དེ། དེ་བས་མ་མོ་ལ་སོགས་སངས་རྒྱས་དང་། ཐ་དད་མེད་པས་གང་ཡང་མེད། །དེ་ནི་མཐར་ཕྱིན་འབྲས་བུའི་ཚད། །ཡིན་ཏེ་རྟོགས་ལ་སོགས་པ་ཀུན། །བརྟན་དང་སྲ་བའི་ས་ཡི་ཡང་། །མཐར་ཕྱིན་པ་ཡི་ཚད་ཡིན་ནོ། །སྟོང་པ་ནམ་མཁའ་ལྟ་བུར་སྣང་། །མཚན་མ་མཐར་ཕྱན་པ་ཡ་ཚད། །ཡིན་ནོ་དེ་ལྟར་ནན་ཏན་གྱིས། །དེ་དག་མཐར་ཕྱིན་པ་ཡི་ཡིན། །མ་མོ་ལམ་རྒྱུད་ལུང་ལས། །མཐར་ཕྱིན་པའི་ཚད་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ན་ཡང་དག་རབ་བཤད་པ། །དེ་ཡི་སྤངས་པའི་རྣམ་རྟོགས་ཀྱང་། །འདི་ལྟར་ཤེས་པར་བྱ་བ་སྟེ། །མཐོང་བའི་ལམ་ལས་སྤང་བ་ནི། །ཇི་ལྟར་འཇིག་རྟེན་གྲགས་པ་དང་། །མདོ་སྡེཀྲི་ཡ་ཡོ་ག་དང་། །གཉི་ག་རྒྱུ་དང་ཐབས་ཀྱི་ནི། །ལམ་རྣམས་འདི་ལྟར་རྣམ་རྟོག་སྟེ། །དེ་དག་སྤངས་ནས་མ་མོ་ཡི། །མཐོང་བའི་ལམ་ན་གང་གནས་པ། །སྤོང་བ་དང་པོ་ཡིན་པར་ངེས མ་མོ་མཐོང་བའི་ལམ་པ་ཡི། །མཉམ་གཞག་རྗེས་ཐོབ་མ་ལུས་པ། །སྦྱོར་བའི་ལམ་གྱི་རྣམ་རྟོག་སྟེ། །རྣམ་རྟོག་དེ་ཉིད་སྤངས་ནས་ཀྱང་། །སྦྱོར་བའི་ལམ་ཉིད་ཉམས་སུ་བླངས། །ཐུན་མོང་རྣམ་རྟོག་འོག་མ་བཞིན། །དེ་ནི་སྩོར་ལས་སྤང་བྱའོ། །སྦྱོར་བའི་ལམ་གྱི་མཚན་ཉིད་གང་། །མཐོང་བའི་ལམ་པའི་རྣམ་རྟོག་ལས། །མཐོང་བའི་ལམ་པས་དེ་ཉིད་སྤང་། །རྣམ་་ག་གཉིས་པས་ཐུན་མོང་ ། །ཐུན་མོང་ཡིན་ཕྱིར་གཉིས་ཀ་སྤང་། །མཐོང་བའེ་ལམ་གྱི་མཚན་ཉིད་གང་། །་མ་པའི་ལམ་པའི་རྣམ་རྟོག་ཡིན། །རྟོགས་པ་ཡིན་ཕྱིར་དེ་ཉིད་སྤང་། །རྣམ་རྟོག་གསུམ་ནི་ཐུན་མོང་ལ། །གསུམ་པོ་དེ་ཉིད་སྤང་བར་གསུང་། །སྒོམ་པའི་ལམ་གྱི་མཚན་ཉིད་གང་། །འབྲས་བུའི་ལམ་གྱི་རྣམ་རྟོག་སྟེ། །འབྲས་བུའི་ལམ་པས་དེ་ཉིད་སྤང་། །འབྲས་བུའི་ལམ་སྤོང་ཐུན་མོང་བཞི། །སྤང་བ་རུ་ནི་སངས་རྒྱས་གསུངས། འབྲས་བུའི་ལམ་གྱི་མཚན་ཉིད་ནི། །བྱ་བྲལ་རྫོགས་པའི་རྣམ་རྟོག་ཡིན། །བྱ་བྲལ་རྫོགས་པའི་དེ་ཉིད་སྤོང་། །ཐུན་མོང་ལྔ་ཡང་དེ་བཞིན་ནོ། །སྤང་བར་བྱ་བའི་རྣམ་རྟོག་ཀྱང་། །ཡོད་ནས་སྤང་ངམ་མེད་ནས་སྤོང་། །གོང་མས་འོག་མ་ཇི་ལྟར་སྤོང་། །དེ་ལྟར་འདི་དག་ཤེས་པར་བྱ། །རྣམ་པར་རྟོག་པའི་ངོ་བོ་ཡང་། །ཡེ་ནས་ཡོད་པ་མ་ཡིན་ཏེ། །དཔེར་ན་འཇིག་རྟེན་གྲགས་པ་ཡང་། །ཀ་བ་བརྩིགས་པ་རེ་རྡེ་སོགས། །ཕྱི་རུ་སྣང་བ་དེ་དག་དང་། །སྐྱེས་པ་བུད་མེད་མ་ནིང་སོགས། །ནང་དུ་སྣང་བ་དེ་དག་ནི། །ཚོགས་ཀྱི་ལམ་པའི་རྣམ་རྟོག་ལས། །དེ་དག་ཡེ་ནས་ཡོད་མ་ཡིན། །རང་སེམས་གོལ་བའི་སྣང་བ་སྟེ། །སེམས་དང་མེད་དེ་གོལ་ནས་སེམས། །གོལ་ས་སད་ན་སེམས་མེད་སྟེ། །སྣང་བ་ཡེ་ནས་ཡོད་མ་ཡིན། །དེ་ལྟར་མེད་པར་རྟོགས་པ་ལ། །སྤོང་བའི་ཐ་སྙད་བཏགས་པ་སྟེ། །སྤང་བ་དངོས་སུ་མ་ཡིན་ནོ། །མེད་ལ་རྟོགས་ནས་སྤོང་ཡོད་ན། །མེད་པ་སྤོང་དུ་མི་འདོད་སྟེ། །གཉིས་ཀ་དངོས་པོ་ཡིན་པའི་ཕྱིར། །མེད་པ་ལ་ཡང་སྤང་བ་མེད། །མེད་ལས་ཡོད་པ་ལྟར་སྣང་བ། །དེ་དག་རྟོགས་པ་ལ་སྤོང་ཞེས། །རྣམ་པར་འདྲེན་པ་རྣམས་ཀྱིས་གསུངས། །མཐོང་བས་བསྐྱེད་པའི་རིམ་པ་ཡང་། །སྦྱོར་བའི་ལམ་པའི་རྣམ་རྟོག་ལ། །ཚོགས་ཀྱི་བསྐྱེད་པའི་རིམ་དེ་ཡང་། །དངོས་སུ་ཡོད་པ་མ་ཡིན་ཏེ། །རང་སེམས་སྣང་བ་དག་པ་ལས། །བསྐྱེད་པའི་མ་མོ་སྐུ་ལྟར་སྣང་། །སྣང་སྟེ་སྣང་ལ་རང་བཞིན་མེད། །མེད་པ་དངོས་སུ་སྤང་བ་མེད། མེད་པ་རྟོགས་ལ་སྤོང་ཞེས་བཏགས། །བཏག་པ་ནམ་ཡང་ཡོད་མ་ཡིན། །དེ་ལྟར་སྦྱོར་བའི་ལམ་དེ་ཡང་། །མཐོང་བའི་ལམ་གྱི་རྣམ་རྟོག་སྟེ། །སྤོང་བ་ལ་སོགས་དེ་བཞིན་ནོ། །གོང་མ་རྣམས་དང་དེ་བཞིན་སྦྱར། །གནས་སྐབས་རང་སེམས་གོལ་བ་སྟེ། །དེ་ཡང་རེ་ཞིག་གོལ་ས་བཙལ། །སེམས་བཟུང་ཡན་ལག་བསམ་མི་ཁྱབ། །གོལ་ས་བསམ་གྱིས་མི་ཁྱབབོ། །གོང་མས་འོག་མ་སྤོང་བ་ཡང་། །འོག་མའི་རྣམ་རྟོག་འགགས་ཙམ་ན། །གོང་མའི་རྣམ་པར་རྟོག་པ་སྟེ། །དེ་ཡི་ཆ་ཙམ་ལ་དངོས་ནས། །གོང་མའི་ཡེ་ཤེས་སྣང་བ་ཡི། །འོག་མའི་རྣམ་རྟོག་སྤང་ཞེས་བཏགས། །མ་མོའི་དངོས་པོ་རང་གནས་ལ། །སྤོང་དང་རྣམ་རྟོག་ཐ་སྙད་མེད། །རང་སེམས་གོལ་བའི་བྱེ་བྲག་ལ། །རྣམ་རྟོག་སྤང་ཞེས་གྲགས་པ་ཡིན། །དོན་དམ་པ་ཡི་མཚན་ཉིད་ནི། །རྣམ་རྟོག་ཉིད་ནི་མ་མོ་ལ། །མ་མོ་ཉིད་ནི་རྣམ་རྟོག་ཡིན། །དེ་ལྟར་རྟོགས་ན་གྲོལ་བ་ལས། །གཞན་པའི་ལྟ་བས་གྲོལ་བ་མེད། །གྲོལ་བ་ཞེས་པ་ཐ་སྙད་དེ། །ཐ་སྙད་སྤང་བ་རང་གསལ་ཡིན། །དེ་དག་ཤེས་རབ་མ་མོ་ཡིས། །རྣམ་རྟོག་སྤོང་བའི་མཚན་ཉིད་དོ། །མ་མོ་ལམ་རྒྱུད་ལུང་ལས། རྣམ་པར་རྟོག་པ་སྤང་བའི་ཚུལ་བསྟན་པའི་ལེའུ་བརྒྱད་པའོ།། །།དེ་ན་ཡང་དག་རབ་བཤད་པ། །དེ་ལ་བར་དུ་གཅོད་པའི་བདུད། །མཁ་པ་འདི་ལྟར་ཤེ་པར་བྱ། །བདུད་ནི་རྣམ་པ་བཞི་ཡིན་ཏེ། །འདོད་ཆགས་ཞེ་སྡང་ལ་སོགས་པ། །ཕལ་པ་ཉོན་མོངས་བདུད་ཡིན་ཏེ། །འདོད་ཆགས་ཆེན་པོ་ལ་སོགས་པ། །མ་མོ་རང་གསལ་བྱ་བྲལ་རྫོགས། །ཇི་ལྟར་གོལ་བའི་མ་མོ་དེ། །བླ་མ་ལྷ་ཡི་བུ་ཡི་བདུད། །སྐྱེས་མེད་དོན་ལ་གང་གོལ་བ། །སྐྱེ་བ་ཡིན་ཕྱིར་འཆི་བདག་འདུད། །སྟོང་པ་གཅིག་ལ་གང་གོལ་ནས། །སྣ་ཚོགས་དུ་མར་གང་འཛིན་པ། །དེ་ནི་ཕུང་པོའི་བདུད་དུ་གྲགས། །དེ་དག་བདུད་བཞིའི་ངོ་བོ་སྟེ། །ཚོགས་ཀྱི་ལམ་ལ་བདུད་བཞི་སྟེ། ཚོགས་ཀྱི་སྐབས་ཀྱི་ཉོན་མོངས་དྲུག །ཉོན་མོངས་པ་ཡི་བདུད་ཡིན་ཏེ། །ཉོན་མོངས་བདུད་ཀྱང་མ་བྲལ་ན། །རང་སེམས་བདེ་བར་མི་འགྱུར་རོ། །ཚོགས་ཀྱི་ཉེར་ལེན་ཕུང་པོ་སོགས། །ཕུང་པོའི་བདུད་དུ་རིག་པར་བྱ། །ཚོགས་ཀྱི་གོལ་སྒྲིབ་གང་སྟོན་པ། །བླ་མ་ལྷ་ཡི་བུ་ཡི་བདུད། །ཚོགས་ལམ་དམ་པར་སྐྱེ་བ་མེད། །སྐྱེ་བ་མེད་ལས་གང་སྐྱེས་པ། །འཆི་བདག་བདུད་དུ་རིག་པར་བྱ། །དེ་ལྟ་བུ་ཡི་བདུད་བཞི་བྱུང་བ་ཡང་། །ལྷ་ཡི་བུ་ཡི་བདུད་ཡིན་པས། །དད་པ་དང་ནི་རྩོལ་བ་དང་། གསེར་དངུལ་ལ་སོགས་རིན་ཆེན་དང་། །རྟ་དང་གླང་པོ་ལ་སོགས་པས། །ལྷ་ཡི་བུ་ཡི་བདུད་སྤངས་ཏེ། བླ་མ་དམ་པ་རྟག་ཏུ་བ ན། མན་ངག་ག ་གྱ་རྩ་བ་བཅད། །བདུད་ཀྱ་འ གས་པ་རྟག་ཏུ་སྤང་། །འཇིགས་པའི་བདུད་བཞི་གཤོམ་པ་ཡང་། །དམ་པའི་བླ་མ་ལས་ཤེས་བྱ། །དེ་ནས་སྦྱོར་བའི་བདུད་བཞི་ཡང་། །སྦྱོར་བའི་སྐབས་ཀྱི་ཉོན་མོངས་དྲུག །ཉོན་མོངས་པ་ཡི་བདུད་དུ་གྲགས། །སྦྱོར་བའི་ལམ་གྱི་གོལ་བ་ནི། །སྟོན་པ་བླ་མ་ལྷ་ཡི་བདུད། །ཉོན་མོངས་སྐྱེ་བ་ཡང་དེ་ཉིད། །སྦྱོར་ལམ་ཟབ་མོ་སྐྱེ་བ་མེད། །སྐྱེ་བ་མེད་ལས་སྐྱེ་བར་གོལ། །འདི་དག་འཆི་བདག་བདུད་ཡིན་ཏེ། །འདི་ཡང་འདི་ལས་བྱུང་བ་ཡིན། །སྦྱོར་བའི་ལམ་གྱི་ཉེར་ལེན་སོགས། །རྣམ་རྟོག་དུ་མ་ཕུང་པོའི་བདུད། །དེ་ཡང་ལྷ་ཡི་བུ་ལས་བྱུང་། དེ་ལྟར་བདུད་ཀྱི་རྩ་བ་ཡང་། །ལྷ་ཡི་བུ་ཡི་བདུད་ཡིན་པས། མིག་དང་འདྲ་བའི་བླ་མ་ལ། མོས་པ་དང་བ་ལ་སོགས་བྱ། །བདུད་ཀྱིས་འཇིགས་པས་སྐྲག་པར་བྱ། །སྐྲག་ནས་བདུད་གཞོམ་བདེ་ཐབས་བཙལ། །དེ་ནས་མཐོང་བའི་བདུད་བཞི་ཡང་། །མཐོང་བའི་གོལ་བ་གང་སྟོན་པ། །བླ་མ་འདྲ་བས་ལྷ་ཡི་བདུད། །འཕྲལ་དུ་དགའ་བདེ་ལྷ་དང་འདྲ། །བདེ་ལ་བར་ཆོད་བདུད་དུ་འགྱུར། །དེ་ལས་ཉོན་མོངས་བདུད་འབྱུང་སྟེ། །གོལ་ལམ་གྲུབ་པ་སེམས་ཉོན་མོངས། །ཉོན་མོངས་པ་ཡི་བདུད་དུ་འགྱུར། །སྡུག་བསྔལ་བསྐྱེད་པ་ཉོན་མོངས་ཏེ། །དགེ་ལ་བར་དུ་གཅོད་པས་བདུད། །འདི་ཡང་བདུད་ཀྱི་རྩ་བ་སྟེ། །ཉོན་མོངས་དབང་གིས་གསུམ་པོ་འབྱུང་། །དེ་ལྟར་གྱུར་པའི་ཉོན་མོངས་འདིནམ་ཡང་མི་གཤོམ་མ་ཡིན་ནོ། །དེས་བསྟན་ལམ་གོལ་དུ་མ་ནི། །ཕུང་པོའི་བདུད་དུ་ངེས་པ་སྟེ། །དུ་མ་འདུ་པས་ཕུང་པོ་སྟེ། །དེ་ཡི་བར་དུ་གཅོད་པས་བདུད། །བདུད་དེ་མྱུར་དུ་མ་བཅོམ་ན། །འཁོར་བར་སྐྱེ་བ་སྐད་ཅིག་མེད། །དེས་བསྟན་གོལ་བས་སྐྱེ་བ་སྟེ། །འདི་ནི་འཆི་བདག་བདུད་ཡིན་ནོ། །སྐྱེ་མེད་མ་རྟོགས་འཆི་བ་སྟེ། །ཚེ་ལ་བར་ཆོད་བདུད་ཡིན་ནོ། །སྐྱེ་མེད་ཆོས་ལ་གནས་གྱུར་ན། །འཆི་བདག་བདུད་ནིསྤྲེ་དང་འདྲ། །དེ་ནི་མཐོང་བའི་བདུད་བཞི་ཡིན། །དེ་ནས་སྒོམ་ལམ་འདུད་བཞི་ཡང་། །སྒོམ་པའི་ལམ་ལ་གོལ་བ་སྟོན། །བསླུ་བའི་བླ་མ་ལྷ་ཡི་བདུད། །དེ་ཡིས་བསྟན་པས་སེམས་ཉོན་མོངས། ཉོན་མོངས་བདུད་དུ་ཤེས་པར་བྱ། །ཉོན་མོངས་དབང་གིས་འཆི་བ་འབྱུང་། །དེ་ནི་འཆི་བདག་བདུད་ཡིན་ནོ། །སྒོམ་པའི་ལམ་གྱི་ཉེར་ལེན་ནི། །དེ་ཉིད་ཕུང་པོའི་བདུད་ཡིན་ཏེ། །ཕུང་པོ་མ་གཏོགས་བདུད་གཞན་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་འདུད་ཀྱི་རྩ་བ་ནི། །ཕུང་པོའི་བདུད་དུ་ངེས་པ་ཡིན། །བདུད་མ་བཅོམ་པར་ས་དང་ལམ། །ནམ་ཡང་བགྲོད་པར་མི་འགྱུར་རོ། །དེ་ནས་འབྲས་བུའི་བདུད་བཞི་ཡང་། །འབྲས་བུ་གོལ་བར་གང་སྟོན་པའི། །བསོག་པའི་བླ་མ་ལྷ་ཡི་བདུད། །དེ་ལྟར་འབྲས་ལམ་བསྒྲུབས་པ་ལས། །སེམས་ཅན་ཉོན་མོངས་ཉོན་མོངས་བདུད། །དེས་ནི་སྐྱེ་བའི་གཡང་སར་ལྷུང་། །འཆི་བདག་བདུད་དུ་ངེས་པའོ། །དེ་ཡི་སྣ་ཚོགས་དུ་མ་ཡིས། །ཕུང་པོའི་བདུད་དུ་ངེས་པའོ། །དེ་ནི་འབྲས་བུའི་བདུད་བཞིའོ། །བྱ་བྲལ་རྫོགས་པའི་བདུད་བཞི་ནི། །བྱ་བྲལ་རྫོགས་པ་གོལ་བ་སྲ །སྟོན་པ་ལྷ་ཡི་བུ་ཡི་བདུད། །དེ་ལས་སེམས་པ་སེམས་ཉོན་མོངས། །ཉོན་མོངས་པ་ཡི་བདུད་ཡིན་ཏེ། །ཉོན་མོངས་དུ་མ་ཕུང་པོའི་བདུད། །ཕུང་པོས་འཇིགས་པའཆི་བདག་བདུད། །འདི་ནེ་འབྱུང་བའི་བདུད་བཞི་སྟེ། །བདུད་བཞི་བཅོམ་པར་མ་བྱས་ན། །མ་མོའི་མཚན་མ་རྙེད་མི་འགྱུར། །མ་མོ་མ་རྙེད་བདེ་མི་རྙེད། །སྟོང་པ་མ་རྙེད་དངོས་མི་རྙེད། །ཉེ་བར་འཚོ་བས་སྲོག་ཡིན་ཏེ། །སྲོག་ལ་བར་དུ་གཅོད་པས་བདུད། །འཇིགས་ཤིང་སྐྲག་པར་བྱེད་པས་བདུད། །ལྷུང་ཞིང་བར་དུ་གཅོད་པས་བདུད། །ལམ་ལོག་གཡང་སར་འཁྲིད་པས་བདུད། །རང་རིག་རང་གསལ་འཇོམས་པས་འདུད། །ཡེ་ཤེས་སྒྲོན་མ་གསོད་པས་བདུད། །དེ་ལྟའི་བདུད་ཀྱི་མ་འཇིགས་པར། །བདུད་ཀྱི་མཚན་ཉིད་ཤེས་པར་བྱ། །བྱ་བྲལ་ལྷུན་རྫོགས་རང་རིག་ལས། །རང་སེམས་གོལ་བས་བདུད་ལྟར་སྣང་། །སེམས་ལས་གཞན་པའི་བདུད་དག་ནི། །གང་ཡང་ཡོད་པ་མ་ཡིན་ནོ། །དཔེར་ན་སྨན་དང་སྔགས་དག་ལས། །སྐྱེས་པ་དང་ནི་བུད་མེད་སྣང། །དེབཞིནརངསེམསགོལ་བ་ལས། །འཆི་དག་ལ་སོགས་བདུད་ལྟར་སྣང་། །སྣང་ཡང་སེམས་ལས་གཞན་མེད་ཀྱིས། །རང་གི་གོལ་བའི་སེམས་བཅོམ་ན། །བདུད་ཀྱི་ཕུང་པོ་འཇིགས་པར་འགྱུར། །དེ་ཕྱིར་བདུད་འཇོམས་མཐུ་དང་རྩལ། །སུ་ལའང་ཡོད་པ་མ་ཡིན་གྱི། །བླ་མ་དམ་པ་རྟག་ཏུ་བསྟེན། །དམ་པའི་དོན་ལ་ཡིད་ཆེས་བྱ། །དམན་པའི་ལྟ་བ་དོར་བར་བྱ། །མཆོག་གི་ལྟ་བ་དང་དུ་བླང་། །མ་རིག་མུན་པ་རབ་བསལ་བྱ། །དེ་ལྟར་ཤེས་ན་བདུད་ལ་ནི། །སྐྱེས་བུས་འཇིགས་པར་མི་བྱའོ། །བདུད་མེད་རང་གི་སེམས་ཡིན་ན། །དེ་ལས་འཇིགས་པ་སུ་ཞིག་སྐྱེ། །དེ་ལྟར་མཚན་ཉིད་མ་ཤེས་ཤིང་། །རྟོགས་པར་ཡང་ནི་མ་གྱུར་ན། །མི་འཇིགས་པར་ཡང་མ་ཡིན་པ། །མི་གནོད་པ་ཡང་མ་ཡིན་ནོ། །དེས་ན་བྱ་བྲལ་ལྷུན་གྲུབ་ལས། །རང་སེམས་བདུད་དུ་ཇི་ལྟར་འགྱུར། །རང་སེམས་ཡེ་ནས་སྟོང་པ་སྟེ། །དེར་རྟོགས་རྐྱེན་དང་ཡང་མི་འཕྲད། །གོལ་བའི་རྐྱེན་དང་དེར་འཕྲད་པས། །དེ་ལྟར་རང་སེམས་བདུད་དུ་སྣང་། །རྟོགས་པའི་རྐྱེན་ནི་རྣམ་པ་བཞི། །དམ་པའི་རྒྱུད་དོན་དེ་དང་གཅིག །བླ་མ་དམ་པ་དེ་དང་གཉིས། །དམ་པའི་རྡོ་རྗེ་སྤུན་དང་གསུམ། །མན་ངག་གདམས་པ་དེ་དང་བཞི། །འདི་བཞི་རྟོགས་པའི་རྐྱེན་བཞི་སྟེ། །འདི་དང་མ་འཕྲད་རང་སེམས་གོལ། །གོལ་བའི་རྐྱེན་དང་ཡེ་ནས་འཕྲད། །དེ་ཡང་རྣམ་པ་བཞི་ཡིན་ཏེ། །བདག་དང་རྟོག་པ་རིལ་པོ་སོགས། །དེར་འཛིན་ལོག་པའི་ཤེས་པ་ནི། །འདི་ནི་ལོག་པའི་རྒྱུད་དོན་ཏེ། །ཡེ་ནས་ཡོད་པར་རྒྱལ་བས་གསུངས། །ཕ་དང་མ་དང་དགྲ་དང་གཉེན། །འདི་ནི་ལོག་པའི་བླ་མ་སྟེ། །འཁོར་བ་ཐོགས་མེད་དུས་ནས་ཡོད། །སྐྲུན་དང་ཆུང་མ་ལ་སོགས་པ། །འདི་དག་ལོག་པ་རྡོ་རྗེའི་སྐྲུན། །དང་པོ་ཉིད་ནས་ཡོད་པའོ། མི་ཆོས་བླ་མའི་ཆོས་རྣམས་ནི། །དེ་དག་གོལ་བའི་མན་ངག་སྟེ། །ཡེ་ནས་ཡོད་པ་དེ་ཉིད་ཤེས། །དེ་ལྟར་གོལ་བའི་རྐྱེན་བཞི་ནི། །དང་པོ་ཉིད་ནས་ཡོད་པ་སྟེ། ༢།དཔེར་ན་ལུས་དང་གྲིབ་མ་བཞིན། །གོལ་བའི་རྐྱེན་གྱིས་རང་སེམས་གོལ། །རང་སེམས་གོལ་བས་འཇིགས་པ་སྟེ། །འཇིགས་དང་སྐྲག་དང་རང་སེམས་བདུད། །དེ་ལྟར་མ་ཤེས་མ་མོ་བསྒྲུབས། །བསྒྲུབས་ཀྱང་མ་མོ་མི་འགྲུབ་སྟེ། །ནམ་མཁའི་མེ་ཏོག་ཚོལ་བ་བཞིན། །དེ་དག་ངལ་བ་དོན་མེད་ཡིན། །དེ་བས་འབད་པ་ཐམས་ཅད་ཀྱིས། །དམ་པའི་རྒྱུད་ཀྱི་རྗེས་འབྲང་ཞིང་། །བླ་མ་དམ་པ་རྟག་ཏུ་བསྟེན། །དེ་ལས་མན་ངག་དམ་པ་བཙལ། །དམ་པའི་གྲོགས་ཀྱང་རྟག་ཏུ་འགྲོག །འདི་ནི་རང་སེམས་རྟོགས་པའི་རྐྱེན། །རྐྱེན་བཞི་ཡིན་པར་ང་ཡིས་གསུངས། །དེ་ལྟར་སེམས་ཉིད་རྟོགས་པ་ན། །བདུད་ཅེས་བྱ་བ་མིང་ཡང་མེད། །འཇིགས་པ་ལ་སོགས་དེ་བཞིན་ནོ། །གཉེན་ཅེས་བྱ་བ་མིང་ཡང་མེད། །དགྲ་བོ་ལ་སོགས་དེ་བཞིན་ནོ། །ད་ལྟར་བླ་མ་དམ་པ་ལས རང་སེམས་རྟོགས་པའི་རྣལ་འབྱོར་པས། །དགྲ་དང་བདུད་ཀྱི་སྡེ་དང་སྟོབས། །རང་སེམས་ངང་གིས་འཇིགས་པར་འགྱུར། །དཔེར་ན་སྒྱུ་མོའི་སྦྱོར་བ་ཤེས། །སྒྱུ་མར་སྣང་ཡང་ཡང་དག་གི །རྟོག་པ་ལོག་ནས་སྒྱུ་མར་འཛིན། །དེབཞིནབདུདཀྱིམན་ངག་༄༅། ཁྲེས། །རེ་ཞིག་བདུད་དུ་སྣང་བྱེད་ཀྱང་། །ཐ་དད་བདུད་ཀྱི་ཞེན་པ་ལོག །རང་སེམས་བདུད་དུ་སྣང་བ་འཛིན། །རང་སེམས་བདུད་དུ་ཤེས་པ་ལས། །ཐ་དད་བདུད་ཀྱི་འཇིགས་དང་བྲལ། །བདུད་ཀྱི་བཇིགས་པ་མ་སྐྱེས་ན། །དངོས་གྲུབ་ཉེ་བའི་རྒྱུ་རུ་འགྱུར། །དེ་དག་བདུད་ཀྱི་བྱེ་བྲག་གོ །མ་མོ་ལམ་རྒྱུད་ལུང་ལས། མ་མོ་ལམ་གྱི་བདུད་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་མ་མོ་འཇུག་པ་ཡི། །གང་ཟག་ལེགས་པར་བཤད་བྱ་བ། །ཡེ་ཤེས་མ་མོ་སྒོམ་བྱ་བའི། །གང་ཟག་འདི་ལྟར་ཤེས་པར་བྱ། །དད་དང་བརྩོན་འགྲུས་ཆེ་བ་དང་། །ངོ་ཚ་ཤེས་ཤིང་ཁྲེལ་ཡོད་དང་། །མི་དགེའི་བྱ་བ་ཀུན་སྡོམ་ཞིང་། །ལུས་ངག་དགེ་ལ་དམ་ཚིག་སྡོམ། །བྱང་སེམས་སྙིང་རྗེ་དགའ་སེམས་ལྡན། །དུས་དྲུག་དམ་ཚིག་གཏན་དུ་བསྲུང་། །དཀོན་མཆོག་སྤྱི་ཆང་དང་དུ་ལེན། །དམན་པ་རྣམས་ལ་སྙིང་རྗེ་ལྡན། །དྲེགས་པ་ང་རྒྱལ་གདུལ་དཀའ་འདུལ། །ཕ་རོལ་ཕྱིན་བཅུ་བརྒྱུད་ལ་སྐྱེས། །རིག་པའི་བརྟུལ་བཞུགས་མངོན་དུ་བྱ། །གཏོར་མ་མཎྜལ་རྟག་ཏུ་བྱེད་། བླ་མ་མཉེས་པའི་ཐབས་ལ་མཁས། །རྡོ་རྗེ་སྐྲུན་ལ་དགའ་སེམས་ཆེ། བུད་མེད་ཚོགས་ལ་སྨོད་མི་བྱ། །མ་མོའི་དམ་ཚིག་དབང་རྣམས་ཐོབ། །རྒྱ་ཆེན་ཆོས་ལ་མོས་པ་བསྐྱེད། །བློ་གྲོས་ཟབ་ཅིང་རྒྱ་ཆེ་ལ། །མན་ངག་མཐའ་རུ་ཕྱིན་པ་ཡིས། །གང་ཟག་ཡེ་ཤེས་ལམ་ལ་འཇུག །ལས་ཀྱི་མ་མོ་སྒྲུབ་པ་ཡི། །གང་ཟག་མཚན་ཉིད་འདི་ལྟར་བརྟགས། །འཇིགས་མེད་སྙིང་སྟོབས་ཆེ་བ་ཡིས། །ལུས་སེམས་ངག་ནི་རིག་པ་དང་། །སྙིང་རྗེ་ཤས་ཆུང་གསོད་ལ་དགའ། །རྣམ་རྟོག་ཤས་ཆུང་གཉིད་ཡང་ཆུང་། །མ་ཞུམ་པ་ལ་འཇིགས་པ་མེད། །གསོད་ལ་དགའ་ཞིང་ཤ་ཁྲག་ལ། །རྟག་ཏུ་རོལ་པར་བྱེད་པ་དང་། །དུར་ཁྲོད་ངམ་གྲོག་ལ་སོགས་པའི། །གནས་ལ་དགའ་ཞིང་སྡུག་སྲན་ཆེ། །མ་མོའི་དམ་རྫས་ཆོལ་བ་ལ། །ཉིན་མཚན་སྲོག་ཀྱང་འདོར་བར་བྱེད། །ལས་ཀྱི་མ་མོའི་མཚན་ཉིད་མཁས། །བསྙེན་དང་བསྒྲུབས་པ་ལ་སོགས་པའི། །ལས་ཀྱི་སྒྲུབ་པ་ཀུན་ལ་མཁས། །སྲོག་དང་ཐུན་གྱི་ལས་སོགས་པའི། །ལས་ཀྱི་ཁ་ཚར་ཀུན་ལ་མཁས། །མ་མོ་སྤྱི་དང་བྱེ་བྲག་གི །དམ་ཚིག་རྟག་ཏུ་བསྲུང་ལ་བརྩོན། །རྟག་ཏུ་གནས་སུ་རྒྱན་རྒྱ་འཁྲུལ་འགྲམས་ཤིང་། །མཆོད་དང་གཏོར་མ་རྒྱུན་མི་གཅོད། །མ་མོ་རྒྱུ་བའི་དུས་ཤེས་ཤིང་། །རྒྱུ་བའི་དུས་སུ་གཏོར་མ་གཏོང་། །ཐུན་ཡང་དབབ་པ་ཤེས་པ་དང་། །ཟླ་བ་དྲུག་དང་ལོ་གཅིག་གམ། །ལོ་གསུམ་སྟན་ནི་དྲོད་མི་ཡལ། །སྦྲིད་དང་མི་ཚིག་བར་མི་གཅོད། །ཐུན་གྱི་སྐབས་སུ་གཉིད་དེ་བཞིན། །བྲང་བརྡུང་འོ་དོད་རྟག་ཏུ་འབོད། །ཆོ་ངེས་སེམས་འཁྲུག་མཆི་མ་གཏོང་། །དུར་ཁྲོད་ཆས་ལ་དགའ་ཞིང་རོལ། །ཆ་ལུགས་བདུད་དང་སྲིན་པོ་འདྲ། ཁྲ་རྩ་ནག་ལ་རལ་པ་ཁམ། །མངོན་སྤྱོད་ལས་ཀྱི་མན་ངག་གི།བླ་མ་རྟག་ཏུ་བསྙེན་ཅིང་བསྟེན། །དད་དང་བརྩོན་འགྲུས་ཆེ་བ་ལ། །གཡེང་དང་བློ་རྒོད་སེམས་མེད་པ། ལས་ཀྱི་མ་མོ་བསྒྲུབ་པ་ཡི། གང་ཟག་འདི་ནི་ཡིན་པར་གསུངས། །དེ་ལྟར་གྱུར་པའི་གང་ཟག་གིས། །གསང་གསོལ་ཀྱི་རིམ་པ་དང་། །དབབ་གཅད་ལས་ཀྱི་མཐའ་རྣམས་ཀྱིས། །འགྲུབ་པར་འདི་ལ་ཐེ་ཚོམ་མེད། །ཐེ་ཚོམ་སྤང་བའི་ལས་རྣམས་ནི། །འགྲུབ་པར་མཁས་པས་ཤེས་པར་བྱ། །དེ་དག་མ་མོ་སྒྲུབ་པ་ཡིས། །གང་ཟག་མཚན་ཉིད་བསྟན་པའོ། །གང་ཟག་མཚན་ཉིད་མ་ཤེས་ཤིང་། །མཚན་ཉིད་མི་ལྡན་སློབ་མ་ལ། །མ་མོའི་སྒྲུབ་པ་སྟོན་བྱེད་པས། །དེ་ཡི་བླ་མ་དམུ་ཅོར་ཏེ། །སློབ་དཔོན་ཕུང་སྟེ་སློབ་མ་ཕུང་། །གཉིས་ཀ་ཕུང་བྱེད་དམྱལ་བར་སྐྱེ། །དཔེར་ན་སེང་གེའི་འོ་མ་ཡང་། །རིན་ཆེན་སྣོད་དུ་བཞོ་བྱ་ཞིང་། །རྫ་དང་ཁམ་ཕྱིའི་སྣོད་དུ་མིན། །རྫ་མ་ཆགས་ལ་འོ་མ་འབོ། །དེ་བཞིན་གསང་བའི་མ་མོ་ཡིས། །མན་ངག་སྙིང་ཁུ་ཀུན་ལ་མིན། །ཕྱལ་བའི་མན་ངག་ཝ་དང་འདྲ། །མ་མོ་ལམ་རྒྱུད་ལུང་ལས། གང་ཟག་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་མ་མོ་བསྒོམ་པ་དང་། །ལས་ཀྱི་མ་མོ་སྒྲུབ་པ་ཡི། །ཐུན་དང་ཐུན་མཚམས་འདི་ལྟ་སྟེ། །བུད་མེད་བལ་ནི་སྐྱེན་པ་དྲུག །ཡུད་ཙམ་ཡིན་ཏེ་ཡུད་ཙམ་དྲུག །སྐད་ཅིག་ཡིན་ཏེ་སྐད་ཅིག་དྲུག །ཐང་གཅིག་ཡིན་ཏེ་ཐང་གཅིག་དྲུག །དང་པོ་ཐུན་དུ་མཁས་པས་བཟུང་། །མཚམས་ནི་ཐུན་པས་རིང་དུ་བྱ། །གསལ་ལ་རྣམ་པར་མ་འདྲེས་པ། །དང་པོའི་ཐུན་ལ་སེམས་ཟིན་ན། །གཉིས་པའི་ཐུན་ལ་ཐང་གཅིག་ནི། །ཉིས་འགྱུར་གྱིས་ནི་རིང་བར་བྱ། །མཚམས་ཀྱང་ཐུན་དང་མཉམ་པར་བྱ། །དེ་ལ་རྟོག་མེད་སེམས་གནས་ན། །དེ་ཡི་ཉེས་འགྱུར་ཐུན་ལ་བསམ མཚམས་ནི་ཕྱེད་ཀྱིས་རིང་བར་བསམ། །དེ་བཞིན་རང་གསལ་སེམས་གནས་ན། །དེ་ཡིས་སུན་འགྱུར་ཐུན་དུ་བསམ། །མཚམས་ནི་ཐང་གཅིག་བཅུ་རུ་བྱ། །དེ་ལ་རང་རིག་རང་གསལ་ན། །ཐུན་ནི་བཞི་འགྱུར་གྱུར་པ་སྟེ། །དེ་ལ་མཚམས་ཀྱི་མིང་ཡང་མེད། །ཐོ་རངས་སྐྱ་རེངས་ཤར་ཙམ་ནས། །དགོངས་ཀའམ་ནི་སྲོས་ཀྱི་བར། །རང་སེམས་ཡུལ་ལ་གནས་པར་འབྱུང་། །ནམ་སྲོས་ཐུན་ནི་སྐད་ཅིག་སྟེ། །ཉིན་མཚན་ཐུན་ནི་ཕྱེད་པར་འགྱུར། །དེ་ནས་ཟླ་བ་ཕྱེད་དང་གཅིག །དེ་ནས་ཟླ་བའི་ཐུན་འཕེལ་ནས། །ལོ་ཡི་ཐུན་དང་ལོ་འཕལ་དང་། །བསྐལ་པའི་བར་དུ་ཐུན་འཕེལ་ཏེ། །ཚེས་གཅིག་ལ་ནི་རང་སེམས་ཐོབ། །དང་པོ་ཐང་གཅིག་བཅུ་ཡི་ཐུན།དེ་ཡང་ཉིན་ཐུན་བཞི་ཡི་ཚུལ། །ཐོ་རངས་དང་ནི་ཉི་ཤར་མཚམས། །ཟན་ཟོས་ནས་ནི་ཉིན་ཕྱེད་བར། །ཐུན་གཉིས་པ་ཡི་མཚམས་ཡིན་ཏེ། །ཉིན་ཕྱེད་ནས་ནི་ཉི་མ་རྒས། །གསུམ་པའི་ཐུན་མཚམས་ཡིན་པར་འདོད། །དེ་ལྟར་འགྱུར་བའི་ཐུན་བཞི་ཡང་། །མ་མོ་བཞི་ཡིརངབཞིནཏེ། །ཐུནགཉིས་པ་ལ་སོགས་པ་ཡང་། །ཐུན་བཞི་ཀུན་ལ་སྦྱར་བར་བྱ། །ཐུན་དེར་བསྒོམ་པའི་སྦྱོར་བ་ཡང་། །མན་ངག་ཅན་གྱིས་འདི་ལྟར་བྱ། །མན་ངག་ལེགས་པར་ཐོབ་པ་དང་། །ཁྱད་པར་ཅན་གྱི་གནས་བཙལ་ཏེ། །བར་ཆད་གང་ཡང་མེད་པའི་གནས། །བདེ་ཞིང་འཇམ་པའི་སྟན་ལ་ཡང་། །ལེགས་པའི་གོས་དང་ཟས་བཤམས་ལ། །ངལ་དུབ་སྐྱོ་བའི་སེམས་སྤངས་ཏེ། །གཉིད་དང་མྱོས་པ་མ་ཡིན་པ། །ལུས་ངག་སེམས་ནི་བདེ་བ་དང་། །གཞན་གྱིས་གཡེངས་པར་མ་ཡིན་པར། །རང་སེམས་དུལ་ཞིང་གནས་པ་ཡིས། །དུས་གསུམ་སྟན་ལ་ལེགས་འདུག་སྟེ། དང་པོར་ལུས་སེམས་ཆ་ལ་དབབ། །དེ་ནས་དམིགས་པའི་དཀྱིལ་འཁོར་ལ། །རང་གི་སེམས་ནི་བབ་ཀྱི་གཏད། །མགལ་མེ་ཡི་ནི་འཁོར་ལོ་ལྷར། །ཡུལ་ལ་རབ་ཏུ་རྒྱུག་པའི་སེམས། །དེ་ཉིད་ལས་ནི་བཟློག་ནས་སུ། །དམིགས་པའི་ཡུལ་ལ་རང་བབ་གཏད། །དེ་ལྟར་ཡང་ཡང་བསྒོམ་པ་དང་། །ཏིང་འཛིན་སེམས་ཀྱི་བདུད་གཉིས་འབྱུང་། །བྱིང་བ་རང་སེམས་སྣུབ་པའི་བདུད། །རྒོད་པ་རང་སེམས་ཁྲིད་པའི་བདུད། །དེ་ལྟར་གྱུར་པའི་བདུད་གཉིས་ནི། །མཁས་པས་འདི་ལྟར་གསལ་བར་བྱ། །གཉིད་དང་རྨུགས་པ་འཐིབས་པ་གསུམ། །འདི་ནི་བྱིང་བའི་རྣམ་གྲངས་ཏེ། །ཆེན་པོ་འབྲིང་དང་ཆུང་ངུ་སྟེ། །དེ་དག་དགུ་རུ་རིམ་པས་དབྱེ། །འདི་ནི་བསལ་བའང་རྣམ་གསུམ་སྟེ། །ཆེན་པོ་བསྐོར་བ་བྱས་པས་སེལ། འབྲིང་པོ་བྱད་ལ་ཆུ་གཏོར་ཏེ། །ཆུང་ངུ་ལུས་བསིགས་མིག་ཕྱེ་སེལ། །དེ་ནས་རྒོད་པ་ བཅུམ་པ་ཡང་། །ཆེ་འབྲིངགོངབཞིན་ཤེས་བྱ་སྟེ། །ཆེན་པོ་འཇིགས་པ་ཆེན་པོས་བསལ། །འབྲིང་པོ་སྤྲོ་བ་ཆེན་པོས་ཏེ། །ཆུང་ངུ་ཤེས་པ་སྦྲིམས་པས་སེལ། །དེ་ལྟར་བྱས་ན་མ་མོ་འགྲུབ། །དེ་ལྟར་མ་གྱུར་གོལ་བས་ནི། །འབྲས་བུ་མི་འབྱུང་རང་རྒྱུད་རླག །དཔེར་ན་རལ་གྲིའི་འཁྲུལ་འཁོར་བཞིན། དེ་བས་འབད་མེད་ནན་ཏན་བྱ། །དཔའ་བོ་དག་གམ་རིག་འཛིན་གྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ཡོངས་སུ་བརྟག་ནས་མ་མོའི་ལམ། །བླང་བར་བྱ་ཡིས་མོས་པའམ། །དད་པ་ཙམ་གྱིས་འཇུག་པ་མིན། །ཞུགས་ན་ཕུང་བ་ཁོ་ན་སྟེ། །འཇིག་རྟེན་འདི་རུ་བཀྲ་མི་ཤིས། །མ་མོ་འཁོར་གྱིས་ཕྱག་མི་ཟེར། །མ་མོའི་ཆོས་ལ་སྐུར་པ་འདེབས། །ཟབ་མོའི་དོན་ཡང་འདོར་བར་བྱེད། །ལས་ཀྱི་མ་མོ་ཁ་གཏིང་འཁྲུག །འཇིག་རྟེན་དག་ཏུ་རིམས་དང་ནད། །ཐོག་དང་སེར་བ་ས་གཡོས་སོགས། །བཀྲ་མི་ཤིས་པའི་རྟགས་རྣམས་འབྱུང་། །དེ་བས་འབད་མེད་བླ་མ་བཀུར། །བླ་མ་ལས་ནི་མན་ངག་འབྱུང་། །མན་ངག་ལས་ནི་ལམ་དང་ས། །སྐྱེ་བ་ཉིད་དུ་ཐེ་ཚོམ་མེད། །མ་མོ་ལམ་རྒྱུད་ལུང་ལས། །ཡེ་ཤེས་མ་མོ་བསྒོམ་པའི་ཐུན་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ལས་ཀྱི་མ་མོ་ཡི། །ཐུན་མཚམས་འདི་ལྟར་ཤེས་བྱ་སྟེ། །ཉིན་ཐུན་སྤོངས་པ་གང་ཡིན་པ། །ལས་ཀྱི་མམོཐུནཚོདསྤྱད། །བྱེབྲག་འདི་ལྟར་ཤེས་པར་བྱ། །ནམ་སྲོས་སྲོད་ནི་འཁོར་གྱི་བར། །དམུ་དང་སྨན་མོ་ཕལ་ཆེར་རྒྱུ། །ཐུན་མཚམས་དང་པོ་ཡིན་པར་ངེས། །སྲོད་ནས་ནམ་གྱི་འཇིང་གི་བར། །བཙན་དང་སྨན་མོ་ཐམས་ཅད་རྒྱུ། །ཐུན་མཚམས་གཉིས་པ་ཡིན་པར་འདོད། །འཇིང་ནས་ནམ་ཕྱེད་བར་དུ་ཡང་། །བདུད་དང་བཅུ་བཞི་རྒྱུ་བའི་དུས། །ཐུན་མཚམས་གསུམ་པ་ཡིན་པར་གསུངས། །ནམ་ཕྱེད་ནས་ནི་ཐོ་རངས་པར། །རྒྱལ་པོ་དང་ནི་མ་མོ་དྲུག །རྒྱུ་བའི་དུས་དེ་ཐུན་བཞི་པ། །དེ་ལྟར་རྒྱུ་བའི་ཐུན་བཞི་ནི། །ལས་ཀྱི་མ་མོའི་ཐུན་དང་མཚམས། །ཐུན་དང་རང་སེམས་མ་གཡེངས་པར་། །སྔགས་དང་ཏིང་འཛིན་བར་མི་གཅད། །ལས་ཀྱི་མ་མོ་སྒྲུབ་པ་དང་། །བཀྲ་ཤིས་ཉིན་མོའི་དུས་སྤངས་ནས། །མཚན་མོ་བར་གཅོད་དུས་ཡིན་ཏེ། །ཉིན་མོ་བཀྲ་ཤིས་ལ་སོགས་པ། །མཚན་མོ་ཡི་དྭགས་གདོན་གྱི་དུས། །དུས་དེར་བསྒྲུབས་ན་ཉེ་བར་འགྲུབ། །དཔེར་ན་མི་ལ་བདུད་འགྲོ་ན། །རྐུན་མ་ལ་སོགས་ནུབ་མོ་འགྲོ། །གཞན་ནི་ཉིན་མོ་དོན་གྲུབ་སྟེ། །ཝ་སོགས་མཚན་མོ་དོན་འགྲུབ་ལྟར། །ཡེ་ཤེས་མ་མོ་ཉིན་མོ་བསྒོམ། །ལས་ཀྱི་མ་མོ་མཚན་མོ་བསྒྲུབ། །དངོས་གྲུབ་སོ་སོ་མྱུར་ཕྱིར་རོ། །དེ་ལྟར་མཚན་མོའི་དུས་དེ་ཡང་། །དུས་ནི་བཞི་རུ་ཤེས་བྱ་སྟེ། །དང་པོ་བསྙེན་པའི་དུས་སུ་ཡང་། །སྒྲུབ་པ་ཡིནིདེབཞིནདུས། །ལས་ཀྱི་དུས་དང་ལས་ཀྱི་ལྔ། །དུས་བཞིར་ཐུན་ཡང་བཞི་པ་སྟེ། །དེ་ཡི་འོག་མའི་ཐུན་རྣམས་ལ། །ཉིན་མོ་སྤོང་བ་མཚན་མོའི་དུས། །ཉིནམོདམཚིགཉམསཔརའགྱུར། །དེ་ཡང་རྒྱུ་བའི་དུས་སུ་ཡང་། །གཞན་ལ་ངལ་བ་དོན་མེད་ཡིན། །བསྙེན་པའི་དུས་བཞིའི་མ་མོ་སྟེ། །དམིགས་ནས་སྔགས་ཀྱི་བར་མི་གཅད། །གླལ་ཀྱང་མ་ཤོར་བསྒྲུབས་པ་ཡིས། །མ་མོ་རང་དབང་མེད་པར་འགུགས། །རང་དབང་མེད་པར་རྣམ་པ་མང་། །སྔགས་དང་རྫས་དང་ཏིང་འཛིན་དང་། །ཚིག་དང་མན་ངག་ཐུན་ལ་སོགས། །འདི་ནི་ཐུན་གྱི་རང་དབང་མེད། །སྒྲུབ་པའི་སྐབས་སུ་ཐ་དད་སྤོངས། །ལས་ཀྱི་སྐབས་སུ་དགྲ་ལ་སྟེ། ལྷག་མའི་སྐབས་སུ་མེ་ལྷ་ཡིན། །མ་མོ་ལམ་རྒྱུད་ལུང་ལས། ལས་ཀྱི་མ་མོའི་ཐུན་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །མ་མོ་ལས་ཀྱི་རྫུ་འཕྲུལ་ནི། །མཁས་པས་འདི་ལྟར་ཤེས་པར་བྱ། །རྡོ་རྗེ་མེ་ཡི་རྫུ་འཕྲུལ་ནི། །མུ་ཟི་སྦྱོར་བ་མཁས་པ་ཡིས། །རྡོ་རྗེ་ལས་ཀུན་མེ་ལ་རེག །རྡོ་རྗེ་མེ་རུ་འབར་བར་ངེས མི་མཐོང་བ་ཡི་རྫུ་འཕྲུལ་ནི། །འུག་པ་མ་ཉམས་བུམ་པར་འཇུག །ལམ་གྱི་སུམ་མདོར་དོང་བྲུས་ཏེ། །མི་ཡིས་མི་མཐོང་ནམ་ཕྱེད་སྦ། །དེ་ནས་རོ་དེ་རུལ་བ་དང་། །མི་ཡིས་མ་མཐོང་བར་བླངས་ནས། །རང་གི་མི་བལྟ་ལག་པ་ཡིས། །རུས་པ་གང་ཉིད་བརྡར་བྱས་ནས། །རང་གི་དཔྲལ་བར་བསྐུས་བྱས་ན། །སུས་ཀྱང་མཐོང་བར་མི་འགྱུར་རོ། །དེ་ནི་སྤྱི་རུ་འོད་དབྱུང་བར། །འདབ་ཆགས་དངུལ་བྱའི་སྦྱོར་བ་ལས། །གང་དུ་འགྲོ་དང་ཇི་ཙམ་འདོད། །འོད་ནི་ངེས་པར་འབྱུང་བའོ། །ཁང་པའི་ནང་དུ་འོད་འདོད་ན། །གསལ་བའི་འོད་ཟེར་དང་བའི་རྡོ། །དེ་ལས་འོད་ནི་སྔོན་དམར་འབྱུང་། །མ་མོ་འོད་ཀྱི་རྫུའཕྲུལ་ལོ། །འབྲས་བུ་མཆོག་གི་ཁུ་བ་ཡིས། ཁོག་བུ་དག་ལ་ཡི་གེའམ། །རང་གི་ཅི་འདོད་གཟུགས་བྲིས་ལ། །དེ་ནས་ཕྱི་བདར་ལེགས་པར་བྱ། །ནག་པོ་མཚུར་གྱི་ཆུ་ནས་དབྱུང་། །གང་འདོད་ཡི་གེའི་གཟུགས་རྣམས་འབྱུང་། །དེ་ནི་ཡི་གེའི་རྫུ་འཕྲུལ་ཡིན། ཁེང་གི་ཕུར་པ་དག་ལ་ནི། །རྩེ་མོར་རྫས་ཀྱི་རྡོ་རྗེ་བཅུག །རྒྱ་མདུད་བར་མར་མེ་གཞོབ་སྐུ། །རྡོ་དང་ལྕགས་དང་ཤིང་ལ་སོགས། །གང་ལ་བཏབ་པ་ཐེབས་པ་སྟེ། །རྒྱ་མདུད་མཚམས་སུ་གདོན་མི་ཟ། །དེ་ནི་ཕུར་པའི་རྫུ་འཕྲུལ་ཏེ། །རང་གཞན་ཕུར་པས་བཏབ་པ་ནི། །ཧེ་རུ་ཀ་དང་རིག་འཛིན་འགྲུབ། །གཞན་གྱིས་གྲུབ་པ་མ་ཡིན་ནོ། །ཕུར་པ་མེ་ཡི་རྫུ་འཕྲུལ་ནི། །ཆུ་ཤིང་སྙིང་པོ་མ་ཉམས་པ། །དེ་ལས་ཕུར་པའི་གཟུགས་བྱས་ཏེ། །དར་དམར་རས་ཀྱིས་གྲིལ་བྱས་ཏེ། །སྣང་བ་གང་ཡང་མེད་པ་ཡི། །མུན་པར་ཕུར་པ་དེ་བཞག་ན། །ངེས་པར་མེ་རུ་སྣང་བ་སྟེ། །སྣང་བ་དག་ལས་མ་ཡིན་ནོ། །དེ་དག་མ་མོའི་རྫུ་འཕྲུལ་ཏེ། །ཐམས་ཅད་རྫས་ཀྱི་སྦྱོར་བ་སྟེ། །རྫུ་འཕྲུལ་ཡིན་ཕྱིར་རྟོག་པ་མེད། །འཇིགས་པ་འབྱུང་བས་མཐུ་རུ་བསྟན། །འཇིགས་ལས་རྣམ་རྟོག་སྐྲག་པ་འབྱུང་། །རྣམ་རྟོག་སྐྲག་ལས་གདོན་འཇུག་སྟེ། །གདོན་ལས་ནད་བཞུགས་ན་ནས་འཆི། །འཆི་བ་མཐུ་ཡི་དངོས་གྲུབ་ཡིན། །གཞན་ཡང་སྔགས་ཀྱི་རྫུ་འཕྲུལ་དང་། །སྔགས་དང་རྫས་ཀྱི་རྫུ་འཕྲུལ་དང་། །ཟོར་གྱིས་རྫུ་འཕྲུལ་ལ་སོགས་པ། །མན་ངག་ཅན་ལས་ཤེས་པར་བྱ། །དེ་ལྟར་རྫུ་འབྲུལ་བསྟན་པས་ཀྱང་ མུ་སྟེགས་རྫུ་འཕྲུལ་ང་རྒྱལ་བཅག །མ་མོ་ལམ་རྒྱུད་ལུང་ལས། མ་མོའི་རྫུ་འཕྲུལ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ལྟར་ལམ་གྱི་རྒྱུད་ལུང་ལས། །ལེའུ་བཅུ་གསུམ་གསུངས་པ་ཡི། །མ་མོ་སྤྱི་ཡི་དོན་དེ་ཡང་། །བཅུ་དྲུག་བར་དུ་གསུངས་པའི་དོན། །ཡེ་ཤེས་མ་མོ་བསྒོམ་པ་ཡི། །སྦྱི་དང་བྱེ་བྲག་གཉིས་ཀ་ཡིན། །ལས་ཀྱི་མ་མོའི་སྒྲུབ་པ་ཡིས། །སྤྱི་དང་བྱེ་བྲག་གཉིས་ཀ་ཡིན། །ཐུན་མོང་བཤད་པར་ཤེས་བྱ་ཡི། །སྒོམ་དང་སྒྲུབ་པར་བྱེད་པ་ལ། །མ་མོ་སྤྱི་དང་བྱེ་བྲག་ལ། །དབྱེ་བ་ཡོད་པ་མ་ཡིན་ནོ། །སྒྱི་ནི་མ་མོ་སྤྱི་སྒྲུབ་སྟེ། བྱེ་བྲག་བྱེ་བྲག་སྒྲུབ་པ་ཡིན། །བསྒྲུབ་པར་བྱ་བ་མ་མོ་ལ། །སྒྲུབ་པར་བྱས་པས་སྒྲུབ་ཐབས་ཡིན། །སྒྲུབ་ཐབས་མན་ངག་གདོན་ལས་ཤེས། །མན་ངག་བླ་མའི་ཞལ་ལ་རག །ཞལ་ནི་ཐུགས་ཀྱི་དཀྱིལ་ནས་འབྱུང་། །དེ་བས་མ་མོ་སྒྲུབ་འདོད་ན། །བླ་མའི་ཐུགས་བཟུང་ཐབས་ལ་འབད། །ཐུགས་བཟུང་ཐབས་ནི་འདི་ལྟ་སྟེ། །རང་གི་རང་རྒྱལ་རིགས་དང་ཆེ། །ཁེ་དང་གྲགས་པ་ལ་སོགས་སྤང་། །རང་གི་རྫས་དང་ལོངས་སྤྱོད་དང་། །བུ་དང་ཆུང་མ་ནོར་གྱི་དབྱིག །རང་གི་ལུས་དང་ཡིད་ཀྱིས་ཀྱང་། །དེ་ཡིས་ཐུགས་བསྲུང་ལེགས་པར་བྱ། །འགྲོ་དང་འདུག་པའི་སྤྱོད་ལམ་ལ། །སྐྱེལ་དང་བསུ་དང་གདན་སྟབས་དང་། །ཟས་ཀྱི་ཕུད་ཕུལ་བག་གྱིས་བལྟ། །མདོར་ན་དེ་དང་ཅི་མཐུན་བྱ། །མཁས་པས་བྱེ་བྲག་ཤེས་པར་བྱ། །གཞན་ཡང་བླ་མའི་གཉེན་འདུན་དང་། །རྫས་དང་ལོངས་སྤྱོད་ཐམས་ཅད་ལ། །མཁས་པས་འདི་ལྟར་ཤེས་པར་བྱ། །གཉེན་འདུན་བུ་དང་ཆུང་མ་ལ། །ཇོ་བོའམ་ཡི་དམ་ལྷ་ཡི་ཚུལ། །དེ་ལ་མཆོད་དང་བསྙེན་དང་བཀུར། །བླ་མའི་གཉེན་དང་དེ་བཞིན་ཏེ། །བླ་མ་དེ་ལས་ཁྱད་པར་འཕགས། །བླ་མའི་རྫས་ནི་དུག་བཞིན་དུ། །སྤྱད་དུ་མི་རུང་རེག་མི་རུང་། །གྱག་ཏུ་མི་རུང་སྟོར་མི་རུང་། །དེ་ལྟར་སྤྱོད་ན་དམ་ཚིག་ལྡན། །དམ་ཚིག་སྔགས་ཀྱི་ས་གཞི་ཡིན། །དེ་ལས་བསྒོམས་བསྒྲུབས་དངོས་གྲུབ་འབྱུང་། །གསང་སྔགས་སྤྱོད་པའི་རྣལ་འབྱོར་པས། །བག་མ་གསར་པའི་ཚུལ་བཞིན་དུ། །དེ་ལྟར་སྤྱད་ན་དམ་ཚིག་ལྡན། །སྒོམ་སྒྲུབ་དུས་སུ་རྣལ་འབྱོར་པས། །བྱ་རྣམས་མནོངས་པའི་ཚུལ་བཞིན་དུ། །བླ་མ་བསྟེན་པའི་རྣལ་འབྱོར་པས། །རང་གི་མིག་གི་འབྲས་བུ་བཞིན། །མིག་གི་འབྲས་བུ་གཅེས་པ་བཞིན། །མན་ངག་དམ་པ་དེ་བས་འཕངས། །མན་ངག་དོན་ལ་སྒྲུབ་འདོད་ན། །རྫས་དང་ཡོ་བྱད་ཆགས་མི་བྱ། །རྫས་དང་ཡོ་བྱད་བཙལ་དཀའ་ཞིང་། །རྙེད་ནས་རང་ལ་ཕངས་པ་ལྟར། །མན་ངག་དམ་པ་བཙལ་དཀའ་ཞིང་། །རྙེད་ནས་སྤེལ་བ་བདེ་བས་དཀའ། །བུ་དང་ཆུང་མ་སྙིང་སྡུག་སྟེ། །རྡོ་རྗེ་མཁའ་འགྲོ་དེ་བས་སྡུག །ཟས་དང་རྫས་ཀྱིས་ཚིམ་པ་ལས། །ལུས་སེམས་བདེ་བར་སྣང་བ་སྟེ། གཉིས་མེད་ཡེ་ཤེས་རོ་རྟོགས་ན། །དེ་ཡི་བདེ་བ་དེ་ཡིས་འཕེལ། །བདེ་བ་བླ་མ་ལས་རྟོགས་ཕྱིར། །དམ་པའི་བླ་མ་རྟག་ཏུ་བསྟེན། །མ་མོ་ལམ་རྒྱུད་ལུང་ལས། ཐམས་ཅད་མ་མོ་སྤྱི་དང་བྱེ་བྲག་ཏུ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།རྒྱ་གར་གྱི་མཁས་གྲུབ་གུ་རྒྱ་གསང་བ་དང་འབྲོག་མིས་བསྒྱུར་བའོ།། །།རྫོགས་སོ།།རྒྱ་གར་སྐད་དུ། ཨེ་ཀ་ཛུ་ཏི་སྙིང་ཁ་རག་མོ་ཏྲག་རསྒ་མ་ཧྭ་ཀྲོ་དྷི་ཀྭ་སྙི་ཏནྟྲ་ནཱ་མ། བོད་སྐད་དུ། སྔགས་ཀྱི་སྲུང་མ་དཔལ་ཨེ་ཀ་ཛུ་རྟིའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་ཧེ་རུ་ཀའི་རྒྱལ་པོ་ལ་