།ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཚིག་འགྲེལ་མདོར་བསྡུས་པ་སྐལ་བཟང་ཐར་པའི་འཇུག་ངོགས།

From Rangjung Yeshe Wiki Texts
Revision as of 00:17, 19 February 2013 by Eric (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
{{{1}}}

༄༅། །ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཚིག་འགྲེལ་མདོར་བསྡུས་པ་སྐལ་བཟང་ཐར་པའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །[1]

༼༤༤༠༽༄༅། །ན་མོཿཤཱཀྱ་མུ་ན་ཡེ། ངེས་པར་འབྱུང་བས་སྲིད་པའི་འདམ་ལས་བརྒལ། །བྱང་ཆུབ་སེམས་ཀྱིས་ཞི་བའི་མཐར་མི་གནས། །ཆོས་ཉིད་མངོན་སུམ་གཟིགས་པའི་རྣམ་འདྲེན་མཆོག །ཐུགས་རྗེ་ཆེ་ལྡན་ཤཱཀྱའི་རྒྱལ་པོར་འདུད། །ངེས་འབྱུང་ཚུལ་ཁྲིམས་གསེར་གྱི་ས་གཞི་ལ། །བྱང་སེམས་ཏིང་འཛིན་རི་གླིང་བཀོད་པས་མཛེས། །རྣམ་དག་ལྟ་བའི་ཤེས་རབ་སྣང་བྱེད་གསལ། །ཇོ་བོ་ཡབ་སྲས་བརྒྱུད་པར་བཅས་ལ་བསྔགས། །མཁྱེན་གཉིས་བློ་གྲོས་ནམ་མཁའི་ཁྱོན་ལྟར་ཡངས། །མཁས་བཙུན་བཟང་པོའི་གྲགས་པས་འཇིག་རྟེན་ཁྱབ། །བསྟན་ལ་སྟོན་པ་གཉིས་པའི་ཕྲིན་ལས་ཅན། །ངོ་མཚར་སྐྱེས་ཆེན་མཆོག་དེར་གུས་ཕྱག་འཚལ། །གང་དེས་གཞན་དྲིང་མི་འཇོག་མཁྱེན་སྤྱོད་ཀྱིས། །མདོ་རྒྱུད་དགོངས་པ་ཚུལ་བཞིན་ཐུགས་ཆུད་ནས། །བརྩེ་བས་གཞན་ལ་འདོམས་པའི་ལེགས་བཤད་ཀྱི། །སྙིང་པོ་ལམ་གཙོ་རྣམ་གསུམ་འདི་རྨད་བྱུང༌། ། གང་ཞིག་རྒྱལ་བའི་གསུང་རབ་མཐའ་དག་གི་སྙིང་པོར་གྱུར་པ། ཐར་འདོད་རྣམས་ཀྱི་༼༤༤༡༽འཇུག་ངོགས་བླ་ན་མ་མཆིས་པའི་བསྟན་བཅོས་འདི་འཆད་པ་ལ་གཉིས། བསྟན་བཅོས་འཆད་པའི་ཡན་ལག་མཚོན་ཙམ་སྨོས་པ་དང༌། བསྟན་བཅོས་དངོས་བཤད་པའོ། །དང་པོ་ལ་ལྔས་བསྟན་ཏེ། དང་པོ་འདི་ཉིད་མཛད་པ་པོ་སུ་ཞེ་ན། རྒྱལ་དང་རྒྱལ་བའི་སྲས་པོ་རྣམས་ཀྱིས་ཚད་མར་གྱུར་པའི་ལུང་མང་པོས་བསྟན་ཅིང༌། འཕགས་བལ་གངས་ཅན་རྣམས་སུ་བསྟན་པ་གསལ་བར་མཛད་པའི་པཎྜི་ཏ་འགའ་ཞིག་དང༌། ཁྱད་པར་བོད་དུ་མར་དོ་ལོ་ཙཱ་བ་ཆོས་ཀྱི་དབང་ཕྱུག །རྔོག་ལོ་བློ་ལྡན་ཤེས་རབ། མཚོ་སྣ་བ་ཤེས་རབ་བཟང་པོ་སོགས་སུ་སྐྱེ་བ་བཞེས་པའི་མཐར་དམ་པ་འདི་ཉིད་དུ་འཁྲུངས་ནས། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་སྟོབས་ཀྱིས་མཁྱེན་རབ་ཐོགས་པ་མེད་པས་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་ཐུགས་སུ་ཆུབ་ནས་གང་ལའང་འཇིགས་པ་མེད་པའི་སྤོབས་པ་ཐོབ། ཁྱད་པར་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་བཞེད་པའི་དབུ་མའི་ལྟ་བ་མཐར་ཐུག་པ་དང༌། དཔལ་ལྡན་མར་མེ་མཛད་ཀྱི་བཀའ་༼༤༤༢༽གདམས་རིན་པོ་ཆེའི་བསླབ་སྤྱོད་ཟུང་དུ་འབྲེལ་པའི་ཤིང་རྟའི་ལམ་སྲོལ་ཆེན་པོ་བཙུགས་ཏེ་མཁས་བཙུན་བཟང་པོའི་མཐར་ཕྱིན་པའི་སློབ་མ་བརྒྱ་ཕྲག་མང་པོས་རྒྱལ་བའི་བསྟན་པས་ཆེན་པོའི་ཁོངས་སུ་ཁྱབ་པར་སྤེལ། ཁྱད་པར་འཕགས་པའི་མཛད་ཆེན་བཞིར་གྲགས་པ་སོགས་རླབས་པོ་ཆེའི་རྣམ་ཐར་དང་ཕྲིན་ལས་མཐའ་ཡས། རིམ་གཉིས་ཀྱི་རྣལ་འབྱོར་མཐར་ཕྱིན་པས་གྲུབ་པའི་རྣམ་ཐར་ཐུན་མོངས་མ་ཡིན་པ་མངའ་བས་དཔལ་གསང་བའི་བདག་པོས་ཀྱང་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པར་བསྔགས་པ་མཛད་པ་དང༌། སྐུ་ཚེ་དེའི་ཕྱི་མར་དགའ་ལྡན་ཏུ་རྒྱལ་བ་བྱམས་པའི་སྤྱན་སྔར་བྱང་ཆུབ་སེམས་དཔའ་འཇམ་དཔལ་སྙིང་པོར་འཁྲུངས་པ་སོགས་སྤྲུལ་པ་དུ་མར་སྟོན་ཅིང༌། སྐལ་བཟང་གི་སངས་རྒྱས་བཅུ་གཅིག་པ་སྤྱན་ལེགས་སུ་འཚང་རྒྱ་བ་སོགས་ལུང་བསྟན་བརྙེས་པའི་གང་ཟག་དེ་ཉིད་ཀྱིས་སོ། ། གཉིས་པ་སུ་ཞིག་གི་དོན་ཏུ་མཛད་ཅེ་ན། རིགས་ཅན་གསུམ་གྱི་གདུལ་བྱ་ཐར་པ་དོན་གཉེར་གྱི་སྐལ་པ་བཟང་པོ་དད་པ་ལྡན་པ་སྤྱི་དང༌། བྱེ་བྲག་སློབ་མ་རྣམས་ཀྱི་མཆོག་ཚེ་རབས་མང་པོར་ཐེག་པ་ཆེན་པོ་ལ་བློ་སྦྱངས་པའི་ལས་འཕྲོ་ཅན་ཚ་ཁོ་དབོན་པོ་ངག་དབང་གྲགས་པས་ཞུས་པའི་ཆེད་དུའོ། ། གསུམ་པ་ལུང་གང་ནས་བཏུས་ཞེ་ན། རྫོགས་པའི་སངས་རྒྱས་ཀྱི་ཞལ་ནས་གསུངས་པའི་མདོ་སྔགས་དགོངས་འགྲེལ་དང་བཅས་པའི་ཟབ་དོན་སྙིང་པོ་བསྡུས་པ་ཡིན་མོད་ཀྱི། ཁྱད་པར་ངེས་འབྱུང་འཁོར་ལོ་དང་པོ་དང༌། བྱང་སེམས་དང་ལྟ་བ་གཉིས་འཁོར་ལོ་བར་མཐའ་གཉིས་ཀྱི་གནད་དོན་སྙིང་པོ་བསྡུས་པའོ། ། བཞི་པ་ཕྱོགས་གང་དུ་གཏོགས་ན། མདོ་སྔགས་གང་གི་སྒོར་ཞུགས་ཀྱང་ལམ་འདི་གསུམ་གཞི་དང་སྙིང་པོ་དང་སྲོག་ལྟ་བུ་ཡིན་པས་མེད་དུ་མི་རུང་བའི་ཕྱིར་ན་ཐེག་པ་ཆེ་༼༤༤༣༽ཆུང་གཉིས་ཀའི་ཕྱོགས་སུ་གཏོགས་པའོ། ། ལྔ་པ་དབུ་ཞབས་བསྡུས་པའི་དོན་ནི། རྒྱལ་བའི་གསུང་རབ་ཀུན་གྱི་བརྗོད་བྱ་མཐའ་དག་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་འདུ་བ་རྒྱལ་ཚབ་བྱམས་པ་དང་འཕགས་པ་ཐོགས་མེད་ཀྱིས་གསུང་དེ་གསུམ་ཡང་སྐྱེས་བུ་ཆུང་འབྲིང་གཉིས་ཀྱི་ལམ་ངེས་འབྱུང་དུ་འདུ། ཆེན་པོའི་ལམ་བྱང་ཆུབ་སེམས་སུ་འདུ། ཡང་དག་པའི་ལྟ་བ་ནི་ཐེག་པ་ཆེ་ཆུང་གཉིས་ཀར་མེད་དུ་མི་རུང་བའི་ཐུན་མོང་བ་སྟེ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་མཐའ་དག་གནད་ཀྱི་སྙིང་པོ་གསུམ་གྱིས་བསྡུས་པའོ། ། གཉིས་པ་ཚད་མར་གྱུར་པའི་བསྟན་བཅོས་དངོས་ཉིད་བཤད་པ་ལ་གསུམ། ཀླད་ཀྱི་དོན། གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ལ་གསུམ། མཆོད་པར་བརྗོད་པ། བརྩམ་པར་དམ་བཅའ་བ། མཉན་པར་བསྐུལ་བའོ། །དང་པོ་ནི། རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། ། ཞེས་པས་སྟོན། དེ་ལ་རྗེ་བཙུན་ནི། བྷ་ཊྚཱ་ར་ཞེས་པའི་སྒྲ་དང་སྒྲོལ་ཅེས་འགྱུར་བས་རང་ཉིད་ལ་དད་པའི་གདུལ་བྱ་རྣམས་འཁོར་བ་སྤྱི་བྱེ་བྲག་དང་དམན་ལམ་ལས་སྒྲོལ་བའམ། ཡང་ན་སྭཱ་མི་དང་བནྡྷེ་ཞེས་པ་རྗེ་དང་བཙུན་པ་ལ་འཇུག་པ་ལྟར་འགྲོ་བ་ལྷ་དང་བཅས་པའི་གཙུག་གི་ནོར་བུར་གྱུར་པས་ན་རྗེ། སྒོ་གསུམ་ཉེས་སྤྱོད་མཐའ་དག་ལས་བསྡོམ་པས་ན་བཙུན་ཞེས་བརྗོད་པ་ཡིན་ཅིང༌། བླ་མའི་སྐད་དོད་གུ་རུ་ལྕི་བ་སོགས་ཀྱི་དོན་ལ་འཇུག་པས་རྒྱུད་ཡོན་ཏན་གྱིས་གང་ཞིང་རང་ལ་བཀའ་དྲིན་ལྕི་བ་དང༌། བོད་སྐད་ལྟར་ན་ལྷ་དང་མི་རྣམས་ཀྱི་བླའམ་གོང་ན་བཞུགས་པའི་དོན་ཡིན་ཅིང༌། ཡུལ་དེ་ལྟ་བུ་ནི་རྗེ་རང་ཉིད་ལ་ཐུན་མོངས་མ་ཡིན་པར་རྗེས་སུ་བཟུང་བའི་བླ་མ་རྗེ་བཙུན་འཇམ་དཔལ་དབྱངས་དང༌། ཐུན་མོངས་བ་དབུ་མ་པ། རེད་མདའ་པ། ལྷོ་བྲག་གྲུབ་ཆེན། ཆོས་སྐྱབས་བཟང་པོ་ལ་སོགས་པ་རྣམས་ལ་སྒོ་༼༤༤༤༽གསུམ་གུས་པ་ཆེན་པོས་བཏུད་པའི་ཕྱག་མཛད་པའོ། །དེའི་དགོས་པའང་རང་ཉིད་སྔོན་གྱི་ལོ་པན་སྐྱེས་བུ་དམ་པ་རྣམས་ཀྱི་སྤྱོད་པ་དང་མཐུན་ཞིང་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་ཡང་མིག་ལྟོས་བཟང་པོ་བཞག་པ་དང༌། བསྟན་བཅོས་རྩོམ་པའི་བར་ཆད་ཞི་ནས་རྩོམ་པ་མཐར་ཕྱིན་པར་འགྱུར་བ་སོགས་མདོར་ན་གནས་སྐབས་དང་མཐར་ཐུག་གི་བཞེད་དོན་ཐམས་ཅད་བདེ་བླག་ཏུ་འགྲུབ་པའི་ཕྱིར་རོ། ། གཉིས་པ་རྩོམ་པར་དམ་བཅའ་བ་ནི། རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན། །རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ། ། སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་དེ། །ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ། ། ཞེས་གསུངས་ཏེ། རྒྱལ་བ་ཐུབ་པའི་དབང་པོའི་ཐེག་པ་ཆེ་ཆུང་གི་གསུང་རབ་དགོངས་འགྲེལ་དང་བཅས་པ་ཀུན་གྱི་བརྗོད་བྱའི་སྙིང་པོའི་གནད་དོན་མཐའ་དག་མ་ཚང་བ་མེད་པར་བསྡུས་པ། རྗེ་བཙུན་འཇམ་པའི་དབྱངས་དང་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་ལ་སོགས་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ལམ་དང་ལམ་མ་ཡིན་པ་འབྱེད་པ་ལ་ཕྲ་ཞིང་མཛངས་པའི་བློ་གྲོས་དང་ལྡན་པའི་དམ་པ་རྣམས་ཀྱིས་ལམ་དུ་མར་བསྔགས་ཤིང་བསྟོད་པའི་ལམ་སྲོལ། སྐལ་བ་དང་ལྡན་པའི་གང་ཟག་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་འདོད་པ་རྣམས་ཀྱི་འཇུག་ངོགས་ཏེ་འཇུག་པའི་སྒོ་གཅིག་པུར་གྱུར་པའི་ལམ་གྱི་གཙོ་བོ་བསྡུས་ན་རྣམ་པ་གསུམ་སྟེ། དེའང་གསུང་རབ་ཡན་ལག་བཅུ་གཉིས་སོགས་རྒྱུད་ཀུན་གྱི་དགོས་དོན་འགྲོ་བ་རྣམས་གནས་སྐབས་མངོན་མཐོ་དང་མཐར་ཐུག་ངེས་ལེགས་ཐོབ་པའི་ཐབས་ཤ་སྟག་ཡིན་ཅིང༌། དེ་ལ་ཐོག་མཐའ་བར་གསུམ་དུ་དགོས་པའི་སྙིང་པོའི་དོན་ངེས་འབྱུང་གི་བསམ་པ་དང༌། བྱང་ཆུབ་ཀྱི་སེམས་དང༌། ཡང་དག་པའི་ལྟ་བ་བཅས་༼༤༤༥༽རྣམ་པ་གསུམ་པོ་དེ་ནི། རང་གི་བློས་ཇི་ལྟར་དབོག་པར་ནུས་པ་བཞིན་དུ་སྣོད་ལྡན་གྱི་སློབ་མ་ངག་དབང་གྲགས་པ་ཁྱོད་ལ། བློ་བཟང་གྲགས་པ་བདག་གིས་ལན་དང་རྣམ་པར་སྨིན་པ་ལ་མི་རེ་བར་བརྩེ་བའི་སེམས་ཀྱིས་བཤད་པར་བྱའོ་ཞེས་པའོ། །གསུམ་པ་མཉན་པར་བསྐུལ་བ་ནི། གང་དག་སྲིད་པའི་བདེ་ལ་མ་ཆགས་ཤིང༌། །དལ་འབྱོར་དོན་ཡོད་བྱ་ཕྱིར་བརྩོན་པ་ཡིས། །རྒྱལ་བ་དགྱེས་པའི་ལམ་ལ་ཡིད་བརྟོན་པའི། །སྐལ་ལྡན་དེ་དག་དྭང་བའི་ཡིད་ཀྱིས་ཉོན། །ཅེས་གསུངས་ཏེ། དུས་དེར་གདམས་པའི་སྣོད་མཆོག་ཏུ་གྱུར་པའི་སློབ་མ་ངག་དབང་གྲགས་པས་མཚོན་སྐལ་བཟང་གདུལ་བྱ་གང་དག་ལྷ་མི་ལ་སོགས་པ་སྲིད་པ་འཁོར་བའི་བདེ་བ་ཐམས་ཅད་འགྱུར་བའི་སྡུག་བསྔལ་དུ་མཐོང་ནས་དེ་ལ་མ་ཆགས་ཤིང་མ་ཞེན་པར་དལ་བ་བརྒྱད་དང་འབྱོར་པ་བཅུ་ཚང་བའི་ཆོས་སྒྲུབ་པའི་ལུས་རྟེན་ཁྱད་པར་ཅན་ལན་གཅིག་ཙམ་ཐོབ་པ་དེ་དོན་མེད་སྟོང་ལོག་ཏུ་མི་བཏང་བར་དོན་ཡོད་པར་བྱ་བའི་ཕྱིར་དུ་བརྩོན་འགྲུས་དྲག་པོ་བརྩམས་པ་ཡིས། ཕྱི་རོལ་མུ་སྟེགས་པ་དང༌། ཀླ་ཀློ་ལ་སོགས་པ་ཕྱི་ནང་གང་དུའང་མ་གཏོགས་པ་དང༌། ནང་པར་རློམ་ཡང་ཐབས་ཤེས་ཕྱོགས་རེ་བས་འཚང་རྒྱ་བར་འདོད་པའི་ལམ་ལྟར་སྣང་དགེ་བ་བློ་མ་གཏོང་བར། དུས་གསུམ་གྱི་རྒྱལ་བ་སྲས་བཅས་ཐམས་ཅད་དགྱེས་པ་བསྐྱེད་པའི་ལམ་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་སྟེ་བསྟན་པའི་གནད་ཐམས་ཅད་རྫོགས་པའི་གདམས་པ་འདི་ཉིད་ལ་ཡིད་ཤིན་ཏུ་བརྟེན་པར་བྱེད་པའི་སྐལ་པ་དང་ལྡན་པའི་གཟུར་གནས་བློ་ལྡན་གྱི་གདུལ་བྱ་དེ་དག་སྣོད་ཀྱི་སྐྱོན་གསུམ་སྤངས་ཤིང་འདུ་ཤེས་དྲུག་བསྟེན་ལ་དྭང་བ་ཆེན་པོའི་ཡིད་ཀྱིས་ཉོན་ཅིག་ཅེས་པའོ། །ཡང་ན་སྲིད་བདེ་ལ་མ་ཆགས་པས་ངེས་འབྱུང་དང༌། དལ་འབྱོར་དོན་ཡོད་བྱེད་པ་བྱང་སེམས་དང་རྒྱལ་བར་དགྱེས་པའི་ལམ་ཡང་དག་པའི་ལྟ་བ་སྟེ་༼༤༤༦༽དེ་གསུམ་ཉོན་ཅིག་པར་བསྐུལ་བར་བཤད་ཀྱང་རུང་ངོ༌། ། གཉིས་པ་གཞུང་གི་དོན་ལ་གསུམ། ངེས་འབྱུང་བཤད་པ། བྱང་ཆུབ་ཀྱི་སེམས་བཤད་པ། ཡང་དག་པའི་ལྟ་བ་བཤད་པའོ། །དང་པོ་ལ་གསུམ། ངེས་འབྱུང་འཚོལ་དགོས་པའི་རྒྱུ་མཚན། ངེས་འབྱུང་བསྐྱེད་པའི་ཐབས། ངེས་འབྱུང་སྐྱེས་པའི་ཚད་བཤད་པའོ། །དང་པོ་ནི། རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི། །བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ། ། སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས། །ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ། ། ཅེས་གསུངས་ཏེ། ཐར་འདོད་རྣམས་ཀྱིས་ཉམས་སུ་བླང་བྱའི་ཆོས་ཀྱི་རྣམ་གྲངས་ཆེས་མང་ཡང་སྙིང་ནས་སངས་རྒྱས་བསྒྲུབ་པ་ལ་ཐོག་མར་ངེས་འབྱུང་རྣམ་པར་དག་པ་ཞིག་རྒྱུད་ལ་སྐྱེ་བར་དགོས་ཏེ། དེའང་ངན་སོང་གསུམ་ལས་ཐར་འདོད་ཙམ་མ་ཡིན་པར་འཁོར་བ་སྤྱི་ལས་བརྒལ་འདོད་རྣམ་པར་དག་པའི་ངེས་འབྱུང་གི་བསམ་པ་ཤུགས་དྲག་པོ་རང་རྒྱུད་ལ་སྐྱེས་པ་ཞིག་མེད་པར་གྱུར་ན། སྲིད་པ་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ཡི་ནང་དུ་ཡང་དག་པའི་བདེ་བ་མེད་མོད་ཟག་བཅས་ཀྱི་བདེ་བའི་འབྲས་བུ་ཙམ་ལ་མི་གཙང་དྲི་ལ་དགའ་བའི་སྦྲང་བུ་ལྟར་ཆགས་ཤིང་དོན་དུ་གཉེར་བའི་ཕྱིན་ཅི་ལོག་གི་བློ་ངན་འདི་གང་གིས་ཀྱང་ཞི་བ་སྟེ་ལྡོག་པའི་ཐབས་མེད་ལ། དེ་མ་ལྡོག་པར་སྲིད་པའི་བདེ་བ་སྤུ་གྲིའི་སོར་ཆགས་པའི་སྦྲང་རྩི་ལྟ་བུ་ལ་བརྐམ་པ་སྟེ་སྲེད་པའི་ཞགས་པ་ཡིས་ཀྱང་རིགས་དྲུག་ཏུ་འཁྱམས་པའི་ལུས་ཅན་རྣམས་འཁོར་བར་ཀུན་ནས་དམ་དུ་འཆིང་བར་བྱེད་པའི་ཕྱིར་ན། ཐར་འདོད་རྣམས་ཀྱིས་ཐོག་མར་ཁོ་ནར་སྲིད་པའི་བདེ་འབྱོར་ཇི་སྙེད་པ་ཀུན་ཀྱང་སྡུག་བསྔལ་གྱི་འབྱུང་གནས་སུ་རིག་ནས་དེ་ལས་ཡིད་ངེས་པར་འབྱུང་བར་འདོད་པའི་བསམ་པ་རྣམ་པར་དག་པ་བཙལ་དགོས་སོ་ཞེས་པའོ། ། སྲིད་པས་འཁོར་བར་འཆིང་བའི་ཚུལ་ནི། རྣམ་འགྲེལ་ལས། ༼༤༤༧༽མི་ཤེས་སྲིད་པའི་རྒྱུ་ཡིན་ཡང༌། །མ་བརྗོད་སྲེད་པ་ཉིད་བཤད་པས། །རྒྱུན་ནི་འཕེན་པར་བྱེད་ཕྱིར་དང༌། །དེ་མ་ཐག་ཕྱིར་ལས་ཀྱང་མིན། །དེ་ཡོད་ན་ཡོད་མེད་ཕྱིར་རོ། །ཞེས་དང༌། སྲེད་པ་ནི། །ཡོད་ན་སླར་ཡང་འབྱུང་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདི་ནི་རྗེ་བཙུན་འཇམ་པའི་དབྱངས་ཀྱིས། དང་པོ་འཁོར་བ་མཐའ་དག་ལ་ཡིད་འབྱུང་བའི་སྐྱོ་ཤས་ཞིག་མེད་ན། ཐོས་བསམ་སྒོམ་གསུམ་སོགས་ཅི་བྱས་ཐམས་ཅད་འཁོར་བ་དང་ངན་སོང་གི་རྒྱུ་ལས་མི་འདའ་བས་བསྐྱེད་རྫོགས་སོགས་ཟབ་པའང་རེ་ཞིག་བཞག་ནས་ངེས་འབྱུང་མ་སྐྱེས་བར་དུ་འབད་དགོས། ངེས་འབྱུང་ལ་དྲན་ཤེས་བསྟེན་པའི་དམིགས་རྣམ་གོམས་པར་མ་བྱས་ན། དགེ་བ་ཐམས་ཅད་སྣང་ཤས་ཀྱིས་དབང་བྱས་ནས་འཁོར་བ་འབའ་ཞིག་གི་རྒྱུ་བྱེད་པ་ཡིན་ནོ། ། དེས་ན་སྔགས་ལ་སོགས་པའི་གདམས་ངག་གང་ཟབ་ཟེར་བ་རྣམས་བཞག་ནས། ཐོག་མར་ངེས་འབྱུང་དང༌། བྱང་སེམས་ལ་མྱོང་བ་ཐོན་པ་རེ་བྱ་དགོས། ཞེས་རྗེ་རིན་པོ་ཆེ་ལ་ཉིད་གདམས་པའི་དགོས་པའོ། །དེས་ན་འཁོར་བ་མཐའ་དག་ལ་ངེས་པར་འབྱུང་བའི་བློ་རྣམ་པར་དག་པ་ཞིག་མེད་ན། ཚངས་སྤྱོད་ཚུལ་བཞིན་ཏུ་བསྲུང་བ་དང༌། ཐོས་བསམ་སྒོམ་གསུམ་ལ་བློ་སྦྱོང་བ་དང༌། གསང་སྔགས་གཉན་པོའི་དཀྱིལ་འཁོར་དུ་ཞུགས་ཤིང་དབང་བསྐུར་སྒྲུབ་མཆོད་བསྐྱེད་རྫོགས་བསྒོམ་པ་སོགས་གང་བྱས་ཀྱང་ཐར་པའི་ས་བོན་གྲུངས་པོར་མི་འགྱུར་ཏེ་ཟག་བཅས་ཀྱི་བདེ་འབྲས་ཙམ་ལ་ཡིད་བརྟོན་པའི་ཕྱིར། ཇོ་བོའི་ཞལ་ནས། སྡོམ་པ་གསུམ་ལ་གནས་ཤིང་དག་ཀྱང་ཁམས་གསུམ་འཁོར་བ་ལས་བློ་ཡིད་མ་བྱུང་ན་སླར་འཁོར་བའི་རྒྱུ་བྱེད། ཉིན་མཚན་ཏུ་སྒོ་གསུམ་དགེ་བ་ལ་འབད་ཀྱང་རྫོགས་པའི་བྱང་ཆུབ་ཏུ་བསྔོ་མ་ཤེས་ན་ཕྱིན་ཅི་ལོག་གི་རྟོག་པ་འབའ་ཞིག་གིས་འཕེན། མཁས་བཙུན་སྟོན་སྒོམ་དུ་ཡོད་ཀྱང་འཇིག་རྟེན་ཆོས་བརྒྱད་ལ་བློ་མ་༼༤༤༨༽ལོག་ན་ཅི་བྱས་ཚེ་འདིའི་འདུན་མར་སོང་ནས་ཕྱི་མའི་ལམ་མི་རྙེད་གསུང༌། ཡང་ཇོ་བོ་སྐུ་གཤེགས་ཁར་རྣལ་འབྱོར་པ་ཆག་ཁྲི་མཆོག་གིས། ཇོ་བོ་གཤེགས་པ་ན་བདག་གིས་སྒོམ་པར་ཞུ་ཞུས་པས། བྱ་བ་ངན་པ་ཡིན་བོར་ལ་ཐོང་གསུང༌། འོ་ན་འཆད་པར་ཞུ་ཞུས་པས་ཀྱང་དེ་སྐད་གསུང༌། འོ་ན་རེས་བཤད་རེས་སྒོམ་མམ་ཞུས་པས་ཀྱང་དེ་སྐད་གསུང༌། འོ་ན་ཅི་བགྱི་ཞུས་པས། ཚེ་འདི་བློས་ཐོང་གསུང༌། འབྲོམ་སྟོན་པ་སོགས་བརྒྱུད་པའི་བླ་མ་ཐམས་ཅད་ཀྱིས་ཀྱང་དེ་ཁོ་ན་གསུངས་ཤིང་ཕྱག་ལེན་ལ་བཏབ་པས་དོན་གཉིས་མཐར་ཕྱིན་པར་འབྱུང་ངོ༌། ། གཉིས་པ་ངེས་འབྱུང་སྐྱེད་པའི་ཐབས་ལ་གཉིས། ཚེ་འདིའི་སྣང་ཤས་ལྡོག་ཐབས་དང༌། ཕྱི་མའི་སྣང་ཤས་ལྡོག་ཐབས་སོ། །དང་པོ་ནི། དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། །ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག ། ཅེས་གསུངས་ཏེ། འགལ་རྐྱེན་ཕྱི་ནང་གི་མི་ཁོམས་པ་བརྒྱད་དང་བྲལ་ནས་ཆོས་བྱས་པའི་ལོང་ཡོད་པའི་དལ་བ་བརྒྱད་དང༌། མཐུན་རྐྱེན་རང་དང་གཞན་གྱི་འབྱོར་པ་བཅུ་དང་ལྡན་པའི་རྟེན་འདི་གནས་སྐབས་དང་མཐར་ཐུག་གི་བདེ་བ་ཕུན་སུམ་ཚོགས་པ་མ་ལུས་པ་བསྒྲུབ་ནུས་པས་ན་དོན་ཆེ་ཚུལ་དང༌། རྒྱུ་དང་གྲངས་དང་དཔེ་རྣམས་ཀྱི་སྒོ་ནས་རྙེད་པར་དཀའ་ཚུལ་དང༌། ལན་གཅིག་ཙམ་རྙེད་པའི་རྟེན་དེ་ཡང་ཚེ་ལ་བསྣོན་པ་མེད་ཅིང་འབྲིད་བྱེད་བར་མ་ཆད་དུ་ཡོད་པས་འཇིག་རྟེན་འདིར་ཡུན་རིང་བསྡད་ལོང་མེད་པར་ངེས་པར་མྱུར་དུ་འཆི་ཞིང༌། ནམ་འཆི་ལ་ཡང་ངེས་པ་མེད་པ་དང༌། འཆི་བའི་ཚེ་ཆོས་རྣམ་དག་བྱས་པ་མ་གཏོགས་རྙེད་བཀུར་སྙན་གྲགས་སོགས་འཇིག་རྟེན་ཆོས་བརྒྱད་བསྒྲུབ་པའི་ཕྱིར་དུ་དཀའ་སྤྱད་དྲག་པོས་འབད་ཀྱང་ཕན་པ་མེད་པར་མ་ཟད་ཚེ་འདིར་ངལ་ཞིང་དུབ་ལ་ཕྱི་མར་སྡུག་བསྔལ་བའི་རྒྱུ་བྱེད་པའི་ཚུལ་རྣམས་ཡིད་ལ་ཡང་ཡང་བསམས་ཤིང་གོམས་པས་ཚེ་༼༤༤༩༽འདིར་ཡུན་རིང་སྡོད་པའི་གྲབས་བྱས་པ་ལ་དགོས་པ་མེད་པར་ཤེས་ནས་སྔར་ཚེ་འདིའི་བདེ་སྐྱིད་འདོད་པའི་འཇིག་རྟེན་ཆོས་བརྒྱད་ཀྱི་སྣང་བ་ཤས་ཆེར་ཡོད་པ་དེ་གོ་ས་ལྡོག་ནས་ཕྱི་མ་དོན་གཉེར་གྱི་བློ་ཤུགས་དྲག་སྐྱེའོ་ཞེས་པའོ། ། དེའང་གཞི་དལ་འབྱོར་རྙེད་དཀའ་བསམ་པ་ལ། །དལ་འབྱོར་གྱི་ངོ་བོ་ནི་མི་ཁོམ་པ་བརྒྱད་ལས་ལོག་པ་ཡིན་ལ། མི་ཁོམ་པ་བརྒྱད་ནི། བཤེས་སྤྲིང་ལས། ལོག་པར་ལྟ་བ་འཛིན་དང་དུད་འགྲོ་དང༌། །ཡི་དྭགས་ཉིད་དང་དམྱལ་བར་སྐྱེས་པ་དང༌། །རྒྱལ་བའི་བཀའ་མེད་པ་དང་མཐའ་འཁོབ་ཏུ། །ཀླ་ཀློར་སྐྱེས་དང་གླེན་ཞིང་ལྐུགས་པ་ཉིད། །ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི། །སྐྱེ་བ་ཞེས་བགྱི་མི་ཁོམ་སྐྱོན་བརྒྱད་པོ། །ཞེས་གསུངས་པ་ལྟར། ངན་སོང་གསུམ་དང་ལྷ་ཚེ་རིང་པོ་སྟེ་མི་མ་ཡིན་པའི་མི་ཁོམ་པ་བཞི་དང༌། མིའི་མི་ཁོམ་པ་ནི། མི་ཡིན་ཡང་རྒྱལ་བའི་བཀའ་མེད་སར་སྐྱེས་པ། འཁོར་རྣམ་བཞི་མི་རྒྱུ་བའི་མཐའ་འཁོབ་ཏུ་སྐྱེས་པ། ཡུལ་དབུས་སུ་སྐྱེས་ཀྱང་དབང་པོ་མ་ཚང་བ། དབང་པོ་ཚང་ཡང་མུ་སྟེགས་སོགས་ལོག་ལྟ་ཅན་དུ་སྐྱེས་པ་བཞི་ཡིན་ཅིང༌། འབྱོར་པ་བཅུ་ལ། རང་འབྱོར་ལྔ་ནི། མི་ཡིན་པ། ས་ཚིགས་སམ། ཆོས་ཚིགས་གང་རུང་གི་སྒོ་ནས་ཡུལ་དབུས་སུ་སྐྱེས་པ། དབང་པོ་ཚང་བ། སྡེ་སྣོད་གསུམ་དང་དེའི་བརྗོད་བྱ་ལས་འབྲས་ལ་དད་ཅིང་ཡིད་ཆེས་པ་དང་ལྔ། གཞན་འབྱོར་ལྔ་ནི། སངས་རྒྱས་འཇིག་རྟེན་དུ་བྱོན་པ། དེས་ཆོས་སྟོན་པ། ཆོས་བསྟན་པ་དེ་གནས་པ། ཆོས་བསྟན་པ་ཉམས་སུ་བླངས་པས་ལམ་གྱི་རྟོགས་པ་མངོན་དུ་བྱས་པའི་རྗེས་སུ་འཇུག་པ། སྦྱིན་བདག་ལ་སོགས་པས་ཆོས་གོས་སོགས་དད་པས་སྟེར་བ་དང༌། ཆོས་འཆད་པ་པོས་སྙིང་བརྩེ་བས་ཆོས་སྟོན་པ་རྣམས་ཏེ། དེ་ལྟ་བུའི་དལ་བ་བརྒྱད་དང༌། འབྱོར་པ་བཅུ་ཚང་བའི་རྟེན་ཁྱད་པར་ཅན་ཐོབ་པ་འདི་དོན་ཤིན་ཏུ་ཆེ་སྟེ་༼༤༥༠༽འདི་ལ་བརྟེན་ནས་མངོན་མཐོ་ལྷ་མིའི་གོ་འཕང་དང༌། ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུ་སྦྱིན་པ་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་སོགས་ཀྱང་བསྒྲུབ་ནུས་ཤིང༌། འཁོར་བ་ངན་སོང་གི་སྡུག་བསྔལ་ཤིན་ཏུ་བཟོད་པར་དཀའ་ཞིང་ཡུན་རིང་པོར་མྱོང་ངེས་པའི་ལས་སྟོབས་ལྡན་རྣམས་ཀྱང༌། བླ་མ་མཚན་ཉིད་དང་ལྡན་པ་ཞིག་བསྟེན་ཅིང༌། སྟོབས་བཞིའི་སྒོར་ཞུགས་ནས་འབད་པས་སྦྱང་ན་ཕལ་ཆེར་ཚེ་འདི་ཉིད་ལ་སྦྱོང་ནུས་པས་དོན་ཤིན་ཏུ་ཆེ། དཔེར་ན་ཆུ་བོ་ཆེན་པོ་བརྒལ་བ་ལ་གྲུ་ཡོད་ཙ་ན་བརྒལ་དགོས་གྲུ་མེད་ན་བརྒལ་ཐབས་མེད། དེ་བཞིན་དུ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བརྒལ་བ་ལ་ཡང་དལ་འབྱོར་གྱི་གྲུ་ཡོད་པ་ལ་བརྒལ་དགོས། དེ་མེད་ན་བརྒལ་ཐབས་མེད། སྤྱོད་འཇུག་ལས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས། དལ་འབྱོར་འདི་རྒྱུའི་སྒོ་ནས་རྙེད་དཀའ་བའི་ཚུལ། འཇུག་པ་ལས། སོ་སོ་སྐྱེ་བོ་རྣམས་དང་གསུང་སྐྱེས་དང༌། །རང་བྱང་ཆུབ་ལ་བདག་ཉིད་ངེས་རྣམས་དང༌། །རྒྱལ་སྲས་རྣམས་ཀྱི་ངེས་པར་ལེགས་པ་དང༌། །མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་པས། སྤྱིར་བདེ་འགྲོ་ཙམ་ཐོབ་པ་ལ་ཡང་ཚུལ་ཁྲིམས་ལ་སོགས་པ་དགེ་བ་སྣ་རེ་དགོས་ཤིང༌། ཁྱད་པར་དལ་འབྱོར་ཚང་བའི་རྟེན་ཁྱད་པར་ཐོབ་པ་ལ། ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང༌། སྦྱིན་སོགས་ཀྱིས་གྲོགས་བྱས། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་བ་སོགས་དགོས་པ་ལས། རྒྱུ་དེ་ལྟ་བུ་བསྒྲུབ་པ་དཀོན་པས་འབྲས་བུ་དལ་འབྱོར་ཚང་བའི་རྟེན་ཁྱད་པར་ཅན་ཐོབ་པ་དཀོན་ཏེ། སྤྱོད་འཇུག་ལས། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་འཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །གང་ཚེ་དགེ་སྤྱད་སྐལ་ལྡན་ཡང༌། །དགེ་༼༤༥༡༽བ་བདག་གིས་མ་བྱས་ན། །ངན་སོང་སྡུག་བསྔལ་ཀུན་རྨོངས་པ། །དེ་ཚེ་བདག་གིས་ཅི་བྱར་ཡོད། །དགེ་བ་དག་ཀྱང་མ་བྱས་ལ། །སྡིག་པ་དག་ཀྱང་ཉེར་བསགས་ན། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། །ཅེས་པ་ལྟར་འགྲོ་བ་རྣམས་ཕལ་ཆེར་མི་དགེ་བ་ལ་སྤྱོད་པའི་རྒྱུས་འབྲས་བུ་ངན་འགྲོ་ལས་མ་འདས་པས་དལ་འབྱོར་ལྟ་ཅི་མངོན་མཐོ་ཙམ་ཡང་རྙེད་པར་དཀའོ། ། དེ་བཞིན་དུ་ངོ་བོའི་སྒོ་ནས་རྙེད་པར་དཀའ་བ་ནི། དཔེ་ཆོས་ལས། འོ་སྐོལ་མི་ལུས་ཐོབ་པ་ནི་ཉིན་མོའི་སྐར་མ་ཙམ་ཡིན་ལ། དུད་འགྲོ་ནི་ནུབ་མོའི་སྐར་མ་ཙམ། ཡང་དུད་འགྲོ་ནི་ཉིན་སྐར་ཙམ། ཡི་དྭགས་ནི་ནུབ་མོའི་སྐར་མ་ཙམ། ཡང་ཡི་དྭགས་ནི་ཉིན་སྐར་ཙམ། དམྱལ་བ་ནི་ནུབ་མོའི་སྐར་མ་ཙམ་ཡིན། ཅེས་འབྱུང་བ་ལྟར་ས་འདོམ་གང་གྲུ་བཞི་ཙམ་གྱི་རྒྱར་དབྱར་དུས་སུ་ས་གུ་ཙི་བགྲང་བར་དཀའ་ནའང་མི་བཅུ་ལས་མི་ཤོང་བ་མངོན་སུམ་གྱིས་གྲུབ་ཅིང༌། ལུང་བཞི་ལས་ཀྱང༌། ངན་འགྲོ་དང་བདེ་འགྲོ་ནས་ཤི་འཕོས་ཏེ་ངན་འགྲོར་འགྲོ་བ་ནི་ས་ཆེན་པོ་དང༌། དེ་ནས་བདེ་འགྲོར་འགྲོ་བ་ནི་ཕྱག་སེན་གྱི་རྩེ་མོས་བཞེས་པའི་རྡུལ་དང་འདྲ་བར་གསུངས་པས་ཀྱང་ཤེས་ནུས་སོ། ། དཔེའི་སྒོ་ནས་རྙེད་དཀའ་བ་ནི། ཤེལ་གྱི་ཁང་པའི་ལོགས་ལ་སྲན་མ་གཏོར་ན་ཆགས་པ་དང༌། ཁབ་རྩེར་ཉུངས་ཀར་ཆགས་པ་དཀོན་པ་ལས། དུད་འགྲོ་ལྟ་བུ་ནས་དལ་འབྱོར་ཐོབ་པ་དཀོན་པ་ཡིན་ནོ། །དལ་འབྱོར་ཐོབ་ཀྱང་ཚེ་ལ་ལོང་མེད་པར་ངེས་པར་འཆི་སྟེ། བཤེས་སྤྲིང་ལས། ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་ལྦུར་བས་ཀྱང་མི་རྟག་ན། །དབུགས་དབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་འཚོ་བའི་རྐྱེན་ཉུང་ཞིང་འཆི་བའི་རྐྱེན་མང་བས་རླུང་གིས་བཏབ་པའི་ཆུའི་ལྦུ་བ་བཞིན་འཇིག་པར་ཤིན་ཏུ་སླ་བ་དོ་ནུབ་༼༤༥༢༽གཉིད་ལོག་ནས་ནང་པར་སད་རྒྱུ་ཡོད་པ་ངོ་མཚར་བའི་གནས་སུ་གསུངས་པ་དང༌། སྤྱོད་འཇུག་ལས། ཉིན་མཚན་སྡོད་པ་ཡོངས་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང༌། །སྣོན་པ་གུད་ནས་འོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཅེས་གསུངས་པ་ལྟར་ཞག་གཅིག་སོང་གཉིས་སོང༌། ཟན་ཁམ་གཅིག་ཁམ་གཉིས་ཟོས་ཙ་ན། བཏུང་བ་ཧུབ་གཅིག་ཧུབ་གཉིས་བཏུང་གིན་འཆི་བ་ལ་ཇེ་ཉེར་སོང་ནས་མྱུར་དུ་འཆི་བས་ཚེ་ལ་ལོང་མེད། འཆི་བའི་ཚེ་ཆོས་མ་གཏོགས་གཞན་གང་གིས་ཀྱང་ཕན་པ་མེད་པས་ཆོས་གཅིག་བྱ། དེ་ཡང་མྱུར་དུ་བྱ་ཞིང་འཆི་ལ་ངེས་པ་མི་འདུག་པས། ལུས་དང་ལོངས་སྤྱོད་གཉེན་གྲོགས་གང་གིའང་དབང་དུ་མི་གཏོང་བར་ད་ལྟ་རང་ནས་ཆོས་གཙང་སིང་ངེ་བ་བྱ་སྟེ། ཚོམས་ལས། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་དུ་གང་སྔ་གཏོལ་མེད་པས། །སང་གི་ཆིས་ལ་མི་འབད་པར། །ཕྱི་མའི་དོན་ལ་འབད་པར་བྱ། །ཞེས་གསུངས་སོ། ། དེ་ལ་ཚེ་བློས་ཐེངས་པའི་རྒྱུའི་གཙོ་བོ་འཆི་བ་མི་རྟག་པ་དྲན་པ་ཁོ་ན་ཡིན་ཏེ། རྗེ་རིན་པོ་ཆེའི་ཞལ་ནས། འཆི་བ་དྲན་པ་མ་སྒོམ་པའི་ཉེས་དམིགས་ནི། ད་གཟོད་མཐར་འཆི་བ་ཞིག་འོང་སྙམ་པ་ཀུན་ལ་ཡོད་ཀྱང༌། ཉི་མ་རེ་རེ་བཞིན་དེ་རིང་མི་འཆི། དེ་རིང་འང་མི་འཆི་སྙམ་དུ་བློས་མི་འཆི་བའི་ཕྱོགས་འཛིན་པ་འཆི་ཀ་ཚུན་ཆད་ལ་འབྱུང་ངོ༌། །དེའི་གཉེན་པོ་ཡིད་ལ་མ་བྱས་ན། དེ་ལྟ་བུའི་བློ་དེས་བསྒྲིབས་ནས་ཚེ་འདིར་སྡོད་པའི་བློ་སྐྱེས་ནས་འདི་དང་འདི་དགོས་སོ་ཞེས་ཚེ་འདི་ཙམ་གྱི་བདེ་བ་བསྒྲུབ་པ་དང༌། སྡུག་བསྔལ་སེལ་ཐབས་འབའ་ཞིག་སེམས་སེམས་ནས། ཚེ་ཕྱི་མ་དང༌། ཐར་པ་ཐམས་ཅད་མཁྱེན་པ་སོགས་དོན་ཆེན་པོ་ལ་སྤྱོད་པའི། བློ་མི་སྐྱེ་བས་ཆོས་ལ་འཇུག་ཏུ་མི་སྟེར་ལ། བརྒྱ་ལ་ཐོས་བསམ་སྒོམ་པ་སོགས་ལ་ཞུགས་ཀྱང་ཚེ་འདི་པ་ཙམ་གྱི་ཆེད་དུ་སོང་ནས་དགེ་བ་ཅི་བྱས་པ་མཐུ་ཆུང་ཞིང་ཉེས་སྤྱོད་སྡིག་ལྟུང་དང་༼༤༥༣༽འབྲེལ་བར་འཇུག་པས་ངན་འགྲོའི་རྒྱུ་དང་མ་འདྲེས་པར་ཀོན་ན། གལ་ཏེ་འཇིག་རྟེན་ཕྱི་མ་ལ་དམིགས་ནས་སྒྲུབ་ཏུ་ཆུག་ཀྱང་ཕྱི་ནས་སྒྲུབ་བོ་སྙམ་པའི་ཕྱི་བཤོལ་གྱི་ལེ་ལོ་འགོག་མི་ནུས་ཤིང་གཉིད་རྨུགས་དང་ཕྲ་མོའི་གཏམ་དང་བཟའ་བཏུང་སོགས་ཀྱི་རྣམ་གཡེང་གིས་དུས་འདའ་བས་བརྩོན་པ་ཆེན་པོས་ཚུལ་བཞིན་དུ་སྒྲུབ་པ་མི་འོང༌། ཚུལ་བཞིན་ཏུ་སྒྲུབ་པ་མི་འོང་བ་དེ་ཙམ་དུ་མ་ཟད་ཚེ་འདིའི་ཕུན་ཚོགས་ལྷུར་བླངས་པས་ཉོན་མོངས་པ་དང་དེས་དྲངས་པའི་ཉེས་སྤྱོད་རྣམས་ཇེ་རྒྱས་སུ་སོང་ནས་ཆོས་ཀྱི་བདུད་རྩི་ལས་རྒྱབ་ཀྱིས་ཕྱོགས་ཏེ་ངན་སོང་དུ་འཁྲིད་པར་བྱེད་པས་དེ་ལས་མ་རུང་བ་ཅི་ཞིག་ཡོད། བཞི་བརྒྱ་པ་ལས། གང་ལ་འཇིག་རྟེན་གསུམ་མངའ་བདག །རང་ཉིད་འཆི་བདག་བྱེད་པོ་མེད། །ཡོད་དེས་རྣལ་ཞིང་གཉིད་ལོག་ན། །དེ་ལས་མ་རུང་གཞན་ཅི་ཡོད། །ཅེས་བྱ་བ་དང༌། སྤྱོད་འཇུག་ལས། ཐམས་ཅད་བོར་ཏེ་ཆ་དགོས་པར། །བདག་གིས་དེ་ལྟར་མ་ཤེས་ནས། །མཛའ་དང་མི་མཛའི་དོན་གྱི་ཕྱིར། །སྡིག་པ་རྣམ་པ་སྣ་ཚོགས་བྱས། །ཞེས་སོ། ། འཆི་བ་དྲན་པ་སྒོམ་པའི་ཕན་ཡོན་ནི། འཆི་བ་དྲན་པ་སྒོམ་པའི་བློ་རྣལ་མ་ཞིག་སྐྱེས་ན། དཔེར་ན་དེ་རིང་སང་གནང་འཆི་བར་ཐག་ཆོད་པ་ན་ཆོས་ཀྱི་གོ་བ་ཐག་ཐུག་ཡོད་པ་ཡན་ཆད་ལ་གཉེན་ལ་སོགས་པ་དང་འགྲོགས་སུ་མེད་པ་མཐོང་ནས་དེ་ལ་སྲེད་པ་ལྡོག་ཅིང་གཏོང་བ་ལ་སོགས་པའི་སྒོ་ནས་སྙིང་པོ་ལེན་འདོད་ཕལ་ཆེར་ལ་ངང་གིས་འབྱུང་བ་ལྟར། རྙེད་བཀུར་སོགས་འཇིག་རྟེན་གྱི་ཆོས་ཀྱི་འབད་པ་ཐམས་ཅད་སྙིང་པོ་མེད་པར་མཐོང་ནས་ཉེས་སྤྱོད་ལས་ལྡོག་ཅིང༌། སྐྱབས་འགྲོ་དང་ཚུལ་ཁྲིམས་ལ་སོགས་པའི་ལས་བཟང་པོ་གསོག་པས་གོ་འཕང་དམ་པར་རང་ཉིད་འཛེགས་ཏེ་འགྲོ་བ་རྣམས་ཀྱང་དེར་ཁྲིད་པས་དེ་ལས་དོན་ཆེ་བ་ཅི་ཞིག་ཡོད། དེའི་ཕྱིར་དཔེ་དུ་མས་ཀྱང་བསྔགས་ཏེ་མྱ་ངན་འདས་ཆེན་ལས། ཞིང་རྨོ་༼༤༥༤༽བ་རྣམས་ཀྱི་ནང་ནས་སྟོན་གྱི་ལོ་མཆོག་གོ །རྗེས་ཐམས་ཅད་ཀྱི་ནང་ན་བ་གླང་གི་རྗེས་མཆོག་གོ །འདུ་ཤེས་ཐམས་ཅད་ཀྱི་ནང་ན་མི་རྟག་པ་དང་འཆི་བའི་འདུ་ཤེས་མཆོག་ཡིན་ཏེ། འདི་དག་གིས་ནི་ཁམས་གསུམ་གྱི་འདོད་པ་དང༌། མ་རིག་པ་དང་ང་རྒྱལ་ཐམས་ཅད་སེལ་ཏོ། །ཞེས་དང༌། དེ་བཞིན་ཏུ་ཉོན་མོངས་པ་ཐམས་ཅད་ཅིག་ཆར་འཇོམས་པའི་ཐོ་བ། དགེ་ལེགས་ཐམས་ཅད་ཅིག་ཅར་བསྒྲུབ་པའི་སྒོར་གྱུར་པ་ལ་སོགས་པས་བསྔགས་པའོ། །མདོར་ན་སྐྱེས་བུའི་དོན་བསྒྲུབ་པའི་དུས་ནི་རྟེན་ཁྱད་པར་ཅན་ཐོབ་པའི་དུས་འདི་ཁོ་ན་ཡིན་ལ། འོ་སྐོལ་ཕལ་ཆེར་ངན་འགྲོར་བསྡད་ཅིང་བདེ་འགྲོར་ལན་རེ་ཙམ་འོངས་ཀྱང་མི་ཁོམས་པའི་གནས་སུ་ཤས་ཆེ་བས་དེར་ཆོས་བསྒྲུབ་པའི་སྐབས་མ་རྙེད་ལ། བསྒྲུབས་པས་ཆོག་པའི་རྟེན་རེ་རྙེད་པ་ནའང་ཆོས་ཚུལ་བཞིན་དུ་མི་སྒྲུབ་པ་ནི་ད་དུང་མི་འཆི་སྙམ་པ་འདི་ལ་ཐུག་འདུག་པས་ན་བློས་མི་འཆི་བའི་ཕྱོགས་འཛིན་པ་ནི་རྒུད་པ་ཀུན་གྱི་སྒོ་དང༌། འཆི་བ་དྲན་པ་ནི་ཕུན་ཚོགས་ཐམས་ཅད་ཀྱི་སྒོའོ། །དེའི་ཕྱིར་འདི་ལས་ཆོས་ཟབ་མོ་གཞན་བསྒོམ་རྒྱུ་མེད་པ་རྣམས་ཀྱིས་ཉམས་ལེན་ནོ་སྙམ་པ་དང༌། བསྒོམ་བྱ་ཡིན་ཀྱང་དང་པོར་ཅུང་ཟད་སྒོམ་གྱི་རྒྱུན་དུ་ཉམས་ལེན་དུ་མི་འོས་སོ་སྙམ་དུ་མི་བཟུང་བར་ཐོག་མཐའ་བར་གསུམ་དུ་དགོས་འདུག་ལ་ངེས་པར་སྙིང་ཐག་པ་ནས་བསྐྱེད་དེ་བསྒོམ་པར་བྱའོ། །གསུང༌། གཉིས་པ་ཕྱི་མའི་སྣང་ཤས་ལྡོག་ཐབས་ནི། ལས་འབྲས་མི་བསླུ་འཁོར་བའི་སྡུག་བསྔལ་རྣམས། །ཡང་ཡང་བསམ་ན་ཕྱི་མའི་སྣང་ཤས་ལྡོག ། ཅེས་གསུངས་སྟེ། དཔེར་ན་ནས་འབྲས་གྲོ་སྲན་སོགས་ས་བོན་ཐ་དད་པ་བཏབ་པའི་མྱུ་གུའང་སོ་སོར་མ་འཆོལ་བར་སྐྱེ་བ་ལྟར། ལས་དཀར་ནག་གི་འབྲས་བུའང་བདེ་སྡུག་སོ་སོར་མ་འཆོལ་བར་རྐྱེན་དང་འཕྲད་ཚེ་འབྱིན་པས་ན་མི་བསླུ་བ་སོགས་མདོར་ན་ལས་ངེས་པ་འཕེལ་ཆེ་བ་མ་བྱས་པ་དང་མི་འཕྲད་པ་བྱས་པ་ཆུད་མི་ཟ་བའི་ཚུལ་དང༌། སྡུག་༼༤༥༥༽བསྔལ་བརྒྱ་དང་དྲུག་དང་གསུམ་ལ་སོགས་པ་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་རྣམས་གློ་བ་ནང་དུ་ཕྱོགས་ནས་ཡང་ནས་ཡང་དུ་ཞིབ་པར་བསམ་པ་ན་སྔར་ཕྱི་མ་ཕན་ཆད་དུ་ལྷ་མིའི་དཔལ་འབྱོར་དོན་དུ་གཉེར་བའི་སྣང་བ་ཤས་ཆེར་ཡོད་པ་དེ་གོ་ས་ལྡོག་ནས་ཐར་པ་དོན་གཉེར་གྱི་བློ་ཤུགས་དྲག་སྐྱེའོ་ཞེས་པའོ། ། འདི་ལ་ལས་འབྲས་བསམ་པ་དང༌། འཁོར་བའི་ཉེས་དམིགས་བསམ་པ་གཉིས་ལས། དང་པོ་ལ་ལས་ཀྱི་ལམ་བཅུར་གསུངས་ཏེ། སྲོག་གཅོད། མ་བྱིན་ལེན། ལོག་གཡེམ་སྟེ་ལུས་ཀྱི་ལས་གསུམ། རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་ཏེ་ངག་གི་ལས་བཞི། བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ་ཡིད་ཀྱི་ལས་གསུམ་རྣམས་བསྡོམས་པ་བཅུ་པོ་ནག་པོའི་ལས་བཅུ་སྟེ། དེ་ལས་ལྡོག་པ་དཀར་པོའི་ལས་ལམ་བཅུར་དགེ་མི་དགེའི་ལས་ཐམས་ཅད་བསྡུས་པ་ཡིན་ལ། དེའང་ལས་ངེས་པ་ནི། ས་བོན་དཀར་ནག་སོ་སོ་ལས་འབྲས་བུ་དཀར་ནག་མི་འཆོལ་བར་འབྱུང་བ་བཞིན། ལས་མི་དགེ་བ་སྤྱད་ན་འབྲས་བུ་སྡུག་བསྔལ་ཁོ་ན་འབྱུང་བར་ངེས་ལ། ལས་དགེ་བ་སྤྱད་ན་འབྲས་བུ་བདེ་བ་འབྱུང་བར་ངེས་ཏེ། འཕགས་པ་དེས་པས་ཞུས་པའི་མདོ་ལས། ས་བོན་ཚ་བ་རྣམས་ཀྱིས་ནི། །འབྲས་བུ་ཚ་བ་སྐྱེ་བར་འགྱུར། །ས་བོན་མངར་བ་རྣམས་ཀྱིས་ནི། །འབྲས་བུ་མངར་བ་སྐྱེ་བར་འགྱུར། །དཔེ་ཟླར་བྱ་བ་འདི་ཡིས་ནི། །སྡིག་པའི་རྣམ་སྨིན་ཚ་བ་དང༌། །དཀར་པོའི་འབྲས་བུ་མངར་བ་ཡང༌། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། །ཞེས་གསུངས། ལས་འཕེལ་ཆེ་བ་ནི། སྡིག་པའི་ལས་ཆེ་ཆུང་གང་ཡིན་ཀྱང་བཤགས་པ་སོགས་གཉེན་པོས་མ་བཅོས་ན་ཞག་རེ་བཞིན་སྐྱེད་རེ་འཕེལ་བ་དང་རྗེས་སུ་ཡི་རང་ན་ལྷག་པར་འཕེལ་ཆེ་ཞིང༌། དགེ་བའི་ལས་རྣམས་ཀྱང་ངོམ་པ་དང་འགྱོད་པས་མ་ཟད་ན་དེ་བཞིན་ཏུ་འཕེལ་ཞིང་བསྔོ་བས་རྒྱས་ཐེབས་ན་དེ་ལས་ཀྱང་༼༤༥༦༽འཕེལ་ཆེ་བས་རྒྱུ་ལས་ཀྱི་དུས་ཆུང་ངུ་ལས་མེད་ཀྱང་འབྲས་བུ་རྒྱ་ཆེར་སྨིན་པར་འགྱུར་ཏེ། ཚོམ་ལས། སྡིག་པ་ཆུང་ངུ་བྱས་པས་ཀྱང༌། །འཇིག་རྟེན་ཕ་རོལ་འཇིགས་ཆེན་འགྱུར། །ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ། །ཁོང་པར་སོང་བའི་དུག་བཞིན་ནོ། །བསོད་ནམས་ཆུང་ངུ་བྱས་པས་ཀྱང༌། །འཇིག་རྟེན་ཕ་རོལ་བདེ་ཆེན་འདྲེན། །དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ། །འབྲུ་རྣམས་ཕུན་ཚོགས་སྨིན་པ་བཞིན། །ཅེས་གསུངས་པ་ལྟར་རོ། ། ལས་མ་བྱས་པ་དང་མི་འཕྲད་པ་ནི། རང་གིས་བྱས་པའི་ལས་དགེ་སྡིག་ཆེ་ཆུང་གང་ཡིན་ཀྱང་འབྲས་བུ་བདེ་སྡུག་མི་འཆོལ་བར་འགྱུར་གྱི་མ་བྱས་པ་དང་འཕྲད་མི་སྲིད་དེ། མདོ་ལས། ལྷས་བྱིན་ཉིད་ཀྱིས་བྱས་པའི་ལས་རྣམ་པར་སྨིན་པ་ནི་ཕྱི་རོལ་གྱི་སའི་ཁམས་ལ་སོགས་པ་ལ་མི་སྨིན་གྱི་དེ་ཉིད་ཀྱིས་ཟིན་པའི་ཕུང་པོ་སོགས་ལ་སྨིན་པར་འགྱུར་བར་གསུངས་པས་མཚོན་ནོ། ། ལས་ཆུད་མི་ཟ་བ་ནི། མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་སེམས་ཅན་རྣམས་ཀྱིས་བསགས་པའི་དཀར་ནག་གི་ལས་ནི་ནམ་ཡང་མེད་པར་མི་འགྱུར་བར་བསྐལ་པ་སོགས་དུས་ཡུན་རིང་བདག་གིས་ཆོད་ནའང་ཞིང་ས་སྐམ་པོ་ལ་ས་བོན་ཡོད་པ་གཤེར་དང་འཕྲད་པ་བཞིན་ལས་གང་ཡིན་པ་དེ་ལ་གསོས་བཏབ་པ་དེའི་ཚེ་བདེ་སྡུག་གི་འབྲས་བུ་སྨིན་པར་འགྱུར་བ་སྟེ། མདོ་འདུལ་ལས་འབྱུང་བའི་གཏམ་རྒྱུད་རྣམས་ལས་རྟོགས་པར་བྱས་ན་ངེས་ཤེས་འདྲོངས་པར་འགྱུར། དེས་ན་དང་པོར་ནག་པོའི་ལས་འབྲས་བསམ། དེ་ནས་དཀར་པོའི་ལས་འབྲས་བསམས་ནས་སྤྲོ་བའི་སེམས་ཀྱིས་དགེ་བ་ཆུང་ངུ་ལའང་མ་བརྙས་པར་བསྒྲུབ་པར་བྱའོ། ། གཉིས་པ་འཁོར་བའི་སྡུག་བསྔལ་བསམ་པ་ནི། རྒྱལ་ཚབ་བྱམས་པས། མི་གཙང་བ་ལ་དྲི་ཞིམ་མེད་ལྟར་འགྲོ་ལྔ་དག་ན་བདེ་བ་མེད། །༼༤༥༧༽དེ་ཡི་སྡུག་བསྔལ་རྟག་ཏུ་ཁ་བ་རྒྱ་ཚྭ་ལ་སོགས་རེག་སྐྱེས་བཞིན། །ཅེས་གསུངས་པ་ལྟར་འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་ལས་ནམ་ཡང་མ་འདས་ཏེ། ཤིན་ཏུ་བཟོད་པར་དཀའ་བ་ངན་སོང་གསུམ་ནི། དམྱལ་བ་ཚ་གྲང༌། ཡི་དྭགས་བསྐྲེས་སྐོམ། དུད་འགྲོ་གླེན་ལྐུགས་བཀོལ་སྤྱོད་ཀྱིས་ཉམ་ཐག་པ་འབྲས་ཚ་བའི་སྟེང་དུ་ཕོལ་མིག་བྱུང་བ་ལྟར་སྡུག་བསྔལ་གྱིས་སྡུག་བསྔལ་བ་ནི། བཤེས་སྤྲིང་ལས། དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང༌། །དྲན་དང་བཀླགས་དང་གཟུགས་སུ་བགྱིས་རྣམས་ཀྱང༌། །འཇིགས་པར་བསྐྱེད་པར་འགྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་རྣམས་སྨོས་ཅི་འཚལ། །ཅེས་སོགས་གསུངས་པ་ལྟར་བཟོད་པའི་གླགས་མེད་ལ། བདེ་འགྲོར་སྐྱེས་ནས་སྤྲིན་བར་གྱི་ཉི་མ་ལྟ་བུ་གནས་སྐབས་ལུས་སེམས་བདེ་བ་ཅུང་ཟད་མྱོང་རུང་རྟག་མི་ཐུབ་པ་འགྱུར་བའི་སྡུག་བསྔལ་ཅན་ཡིན་པ་དང༌། ཞི་བ་ལྷས། བདེ་འགྲོར་ཡང་དང་ཡང་འོངས་ཏེ། །བདེ་བ་མང་པོ་སྤྱད་སྤྱད་ནས། །ཤི་ནས་ངན་སོང་སྡུག་བསྔལ་ནི། །ཡུན་རིང་མི་བཟད་རྣམས་སུ་ལྷུང༌། །ཞེས་གསུངས་པ་ལྟར། བདེ་འགྲོར་སྐྱེས་ཀྱང་མི་ལ་སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་བརྒྱད་དང༌། ལྷ་མིན་ལ་འཐབ་རྩོད། ལྷ་ལ་འཆི་འཕོ་ལྟུང་བྱེད་སོགས་སྡུག་བསྔལ་སྣ་ཚོགས་ཀྱིས་གཟིར་བར་མ་ཟད་བཙོན་རར་ཆུད་པའི་མི་ཞིག་དེ་ནས་ཐོན་ཀྱང་སླར་བཙོན་ཁང་གཞན་དུ་མི་འཇུག་པའི་ངེས་པ་མེད་པ་བཞིན་བདེ་འགྲོ་ནས་ངན་འགྲོར་མི་འགྲོ་བའི་གདིང་ཚད་མ་རྙེད་པའི་ཕྱིར་ན་འཁོར་བ་ལས་མཐར་ཕྱིན་སྡུག་བསྔལ་གྱི་ཟུག་རྔུ་དང་ནམ་ཡང་མི་འབྲལ་ལ། དེའི་རྩ་བ་ཡང་འདོད་ཡོན་ལྔ་ལ་ཆགས་པ་ཁོ་ནའི་སྐྱོན་ལས་བྱུང་བ་ནི། དཔེར་ན། སློབ་དཔོན་དབྱིག་གཉེན་གྱིས། རི་དྭགས་ཉིད་ནི་སྒྲ་ཙམ་གྱིས། །རེག་པས་གླང་པོ་བརླག་པར་འགྱུར། །གཟུགས་ཉིད་ཀྱིས་ནི་ཕྱེ་༼༤༥༨༽ལེབ་སྟེ། །རོ་ཡིས་ཉ་ཉིད་རྣམ་པར་བརླག །བུང་བ་དྲི་ལ་ཆགས་པས་ཏེ། །འདི་དག་རྒྱུ་ནི་རེ་རེ་ཡིན། །སྐྱེས་བུ་དག་ནི་གཅིག་ལ་ཡང༌། །ལྔ་པོ་འདི་དག་རྟག་ལྡན་ཞིང༌། །ཉིན་མཚན་དུ་ནི་རབ་ཏུ་འཇོམས། །བདེ་གནས་ཇི་ལྟར་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར། པོ་ཏོ་བའི་ཞལ་ནས། འོ་སྐོལ་འདོད་པའི་ཡོན་ཏན་ལྔའི་རྗེས་སུ་སྙེག་སྙེག་ནས། འཁོར་བ་འདི་ཐོག་མ་མེད་པ་ནས་གཏིང་མཐའ་མེད་པར་འཁྱམས་ཏེ་ཕུང་ཚབས་དང་བརླག་ཚབས་འདི་ལས་ཆེ་བ་མེད་གསུངས་སོ། ། དེས་ན་རྟག་ཏུ་འདོད་ཡོན་ལ་བློ་ལྡོག་ཅིང་འཁོར་བའི་སྡུག་བསྔལ་སྤྱི་དང༌། ཁྱད་པར་འདུ་བྱེད་ཀྱི་སྡུག་བསྔལ་བསམ་པ་གལ་ཆེ་སྟེ། ཇི་སྐད་དུ། འཁོར་བའི་ཉེས་བརྒྱ་སེམས་དཔའི་ཚུལ། །མང་ཡང་སྡུག་བསྔལ་སྡུག་བསྔལ་གྱིས། །འཇིགས་ནས་ཐར་འདོད་ཕྱུགས་ལའང་ཡོད། །ཟག་བཅས་ཚོར་བ་བདེ་བ་ལས། །ཡིད་འབྱུང་ཕྱི་རོལ་པ་ལའང་མཆིས། །དེས་ན་འདུ་བྱེད་རང་བཞིན་གྱི། །ཟག་བཅས་ཉེར་ལེན་ཕུང་པོ་འདི། །སྡུག་བསྔལ་འགྲུབ་དང་གྲུབ་པའི་སྣོད། །ནད་དང་འབྲས་དང་ཟུག་རྔུ་ལྟར། །དམིགས་ནས་བསྒོམ་ན་བྱིངས་གཡོ་ལགས། །ཞེས་བཤད་པ་ལྟར་རོ། ། གསུམ་པ་ངེས་འབྱུང་སྐྱེས་པའི་ཚད་བཤད་པ་ནི། དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ། །ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང༌། ། ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ། །བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། ། ཞེས་གསུངས་ཏེ། དེ་ལྟར་འཁོར་བ་སྤྱི་བྱེ་བྲག་གི་སྡུག་བསྔལ་རང་རྒྱུད་ལ་བསྐོར་ནས་ཡང་ཡང་གོམས་པར་བྱས་པ་ལ་བརྟེན་ནས་ལྷ་མིའི་གཙོ་བོ་རྣམས་ཀྱི་བདེ་བས་མཚོན་སྲིད་པ་འཁོར་བའི་ཕུན་སུམ་ཚོགས་པ་གང་ལའང་སྐྱུགས་ནད་ཅན་གྱིས་ཟན་མཐོང་བ་ལྟར་འདི་ལྟ་བུ་ཐོབ་ན་སྙམ་པའི་ཡིད་ལ་སྨོན་པ་སྐད་ཅིག་ཙམ་ཡང་རྒྱུད་ལ་མི་སྐྱེ་༼༤༥༩༽ཞིང༌། ཉིན་མཚན་གྱི་དུས་ཀུན་ཏུ་ཟག་བཅས་ཉེར་ལེན་གྱི་ཕུང་པོས་བསྡུས་པའི་ཡིད་བརྟོན་མེད་པའི་འཁོར་བ་ལས་གྲོལ་བའི་ཐར་པ་མྱང་འདས་ཀྱི་བདེ་བ་ཞིག་ད་ལྟ་ཉིད་དུ་ཐོབ་ན་སྙམ་དུ་དོན་དུ་གཉེར་བའི་བློ་གཞན་རྐྱེན་གྱིས་ལྡོག་མི་ནུས་པའི་ཤུགས་དྲག་ལ་རྒྱུན་རིང་བ་རྩོལ་མེད་དུ་སྐྱེ་བ་བྱུང་བ་ན། དུས་དེའི་ཚེ་ཐར་པ་ཆ་མཐུན་གྱི་དགེ་བ་བཅོས་མ་མ་ཡིན་པའི་ངེས་འབྱུང་གི་བསམ་པ་རྣམ་པར་དག་པ་རང་རྒྱུད་ལ་སྐྱེས་པ་ལགས་སོ། །ཞེས་པའོ། ། རྒྱ་མ་བ་བློ་གྲོས་རྒྱལ་མཚན་གྱིས་ཀྱང༌། དེ་ལྟར་བསམ་པས་ཚེ་འདིའི་འདོད་པ་ཐམས་ཅད་ལ་ཞེན་པ་ལོག །དེ་འཕེལ་བས་འཁོར་བ་མཐའ་དག་ལ་ཞེན་པ་ལོག་པ་ཞིག་བྱུང་ན། དེ་ཙ་ན་ཐར་པའི་ལམ་སྣ་ཟིན་པ་ཞེས་ཀྱང་བྱ་སྟེ། དེ་མེད་ན་ཅི་ཡོད་ཀྱང་ཐར་པའི་ལམ་སྣ་མི་ཟིན། དེ་བྱུང་ན་གཟོད་ཆོས་པའི་ཁྱུར་ཚུད་པ་ལགས་སོ། །ཞེས་གསུངས་སོ། ། གཉིས་པ་བྱང་ཆུབ་ཀྱི་སེམས་བཤད་པ་ལ་གཉིས། བྱང་ཆུབ་ཀྱི་སེམས་བསྐྱེད་དགོས་པའི་རྒྱུ་མཚན་དང༌། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཐབས་སོ། །དང་པོ་ནི། ངེས་འབྱུང་དེ་ཡང་རྣམ་དག་སེམས་བསྐྱེད་ཀྱིས། །ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི། ། ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བས། །བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་བསྐྱེད། ། ཅེས་གསུངས་ཏེ། གོང་དུ་བཤད་པའི་སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་བའི་ལམ་སྲིད་པའི་ཕུན་ཚོགས་ལས་ཡིད་ངེས་པར་འབྱུང་བ་ཙམ་གྱི་བསམ་པ་དེ་ཡང༌། མཁའ་མཉམ་གྱི་སེམས་ཅན་རྣམས་ཀྱི་ཆེད་དུ་རྣམ་པར་དག་པའི་སེམས་བསྐྱེད་ཀྱི་རྩིས་ཟིན་པ་མེད་ན་བདེན་པ་བཞི་དང༌། རྟེན་འབྲེལ་བཅུ་གཉིས་དང༌། ཕར་ཕྱིན་དྲུག་ལ་སོགས་པ་ཡུན་རིང་པོར་ཉམས་སུ་བླངས་པ་རྣམས་ཀྱང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་རང་གཞན་གཉིས་ཀའི་དོན་ཕུན་༼༤༦༠༽སུམ་ཚོགས་པ་འགྲུབ་པའི་གཏན་གྱི་བདེ་བ་མི་གནས་པའི་མྱ་ངན་ལས་འདས་པའི་རྒྱུ་རུ་མི་འགྱུར་ཏེ། རང་དོན་ཡིད་བྱེད་དམན་པའི་ལམ་དུ་གོལ་བའི་སྐྱོན་ཡོད་པའི་ཕྱིར། དེ་བས་ན་རང་དོན་གཙོ་བོར་དོན་དུ་མི་གཉེར་བར་གཞན་དོན་རྒྱ་ཆེན་པོ་བསྒྲུབ་པར་བྱའོ་སྙམ་པའི་ཐེག་ཆེན་གྱི་རིགས་སད་པའི་བློ་གྲོས་ཀྱི་རྩལ་དང་ལྡན་པའི་དབང་རྣོན་སྐྱེས་བུ་མཆོག་གི་རིགས་ཅན་རྣམས་ཀྱིས། རྒྱུ་འབྲས་མན་ངག་བདུན་དང་བདག་གཞན་མཉམ་བརྗེའི་སྒོ་ནས་ཐེག་ཆེན་གྱི་ལམ་གྱི་གཞུང་ཤིང་ལྟ་བུ་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་མཆོག་ཏུ་བསྐྱེད་པར་བྱའོ། །ཞེས་པའོ། ། དེའང་བླ་ན་མེད་པའི་སངས་རྒྱས་འཐོབ་བྱེད་ཀྱི་རྒྱུ་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལས་གཞན་ཅིའང་ཡོད་པ་མ་ཡིན་ཏེ། དཔེར་ན། ནས་ཀྱི་ས་བོན་ནི་ནས་ཀྱི་མྱུ་གུའི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པས། དེ་ཡོད་ན་ནས་མྱུག་གི་ཐུན་མོང་བའི་རྒྱུ་ཆུ་ལུད་དྲོད་གཤེར་རྣམས་ཀྱང་ནས་མྱུག་གི་རྒྱུར་འགྱུར་གྱི། ནས་ཀྱི་ས་བོན་མེད་ན་ཆུ་ལུད་སོགས་ཡོད་ཀྱང་ནས་མྱུག་སྐྱེད་པར་མི་ནུས་པ་བཞིན་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང༌། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང༌། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་པ་དང༌། རྒྱུད་བླ་མ་ལས། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་སྐྱེད་མ་དང་བསམ་གཏན་གྱི། །བདེ་བའི་མངལ་གནས་སྙིང་རྗེའི་མ་མ་ཅན། །གང་ཡིན་དེ་དག་ཐུབ་པའི་རྗེས་སྐྱེས་སྲས། །ཞེས་གསུངས་པའི་ཕྱིར། དེ་ཡང་ཕ་ནི་བུ་ཡི་རང་གི་རིགས་ངེས་པའི་རྒྱུ་ཡིན་པས། ཕ་བོད་ལ་བུ་བོད་པ་ཁོ་ན་སྐྱེ་ཡི། རྒྱ་ཧོར་གྱི་རིགས་ཅན་མི་སྐྱེ། མ་ནི་བུ་དེ་ཡི་ཐུན་མོང་གི་རྒྱུ་ཡིན་པས། བོད་པ་དང་འགྲོགས་ན་བོད། ༼༤༦༡༽རྒྱ་ཧོར་དང་འགྲོགས་ན་རྒྱ་ཧོར་གྱི་རིགས་ཅན་སྐྱེ་བ་ལྟར། བྱང་ཆུབ་ཀྱི་སེམས་ནི། རང་རྒྱུད་ལ་ལྡན་པའི་གང་ཟག་ཐེག་པ་ཆེན་པོ་བར་འཇོག་པའི་ས་བོན་ལྟ་བུ་དང༌། ཡང་དག་པའི་ལྟ་བ་ནི། ཉན་ཐོས་ཀྱི་བྱང་ཆུབ་དོན་གཉེར་གྱི་བསམ་པ་དང་འགྲོགས་ན་རང་རྒྱུད་ལྡན་གྱི་གང་ཟག་ཉན་ཐོས་ཀྱི་བྱང་ཆུབ་ཏུ་འཁྲིད་པར་བྱེད། རང་རྒྱལ་གྱི་བྱང་ཆུབ་དོན་གཉེར་གྱི་བསམ་པ་དང་འགྲོགས་ན། རང་རྒྱུད་ལྡན་གྱི་གང་ཟག་རང་རྒྱལ་གྱི་བྱང་ཆུབ་ཏུ་འཁྲིད་པར་བྱེད། རྫོགས་པའི་བྱང་ཆུབ་དོན་གཉེར་གྱི་བསམ་པ་དང་འགྲོགས་ན། རང་རྒྱུད་ལྡན་གྱི་གང་ཟག་སངས་རྒྱས་ཀྱི་སར་འཁྲིད་པར་བྱེད་པ་སྟེ་བྱང་ཆུབ་གསུམ་ཐུན་མོང་གི་རྒྱུ་ཡིན་པས། ཤེར་ཕྱིན་ལ་བསྟོད་པ་ན་ཡུམ་ཆེན་མོ་ཤེས་པ་དང༌། བྱང་ཆུབ་ཀྱི་སེམས་ལ་བསྟོད་པ་ན། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །ཞེས་གསུངས། དེས་ན་རྒྱལ་བ་སྲས་དང་བཅས་པས་ཡང་ནས་ཡང་དུ་བསྔགས་ཤིང༌། འཕགས་པ་ཡབ་སྲས་དང་ཇོ་བོ་ཨ་ཏི་ཤ་ལ་སོགས་པ་རྣམས་ཀྱིས་འདི་ཁོ་ནར་གདམས་པའི་སྙིང་པོར་མཛད་པའི་ལོ་རྒྱུས་དང་གསུང་སྒྲོས་མཐའ་ཡས་པ་ལས་ཕྱོགས་ཙམ་མཚོན་ན། དགེ་བཤེས་སྨྱུག་རུམ་པའི་ཞལ་ནས། བྱང་ཆུབ་ཀྱི་སེམས་འདི་ཅིག་སྐྱེར་བཏུབ་ན་ཚོགས་ཁོ་རང་གིས་སོག །སྒྲིབ་པ་ཡང་ཁོ་རང་གིས་སྦྱོང༌། བར་ཆད་ཀྱང་ཁོ་རང་གིས་སེལ་ཏེ་གསུང༌། འདི་ཅིག་མེད་པར། རྩ་དང་རླུང་དང་ཐིག་ལེ་དང༌། ལྷའི་སྐུ་དང་སྟོང་པ་ཉིད་ལ་སོགས་པ་བསྒོམས་ཀྱང་འདོད་པར་གོམ་པ་གང་བས་ཕྱེད་ཀྱང་མི་ཕྱིན་གསུང༌། དེས་ན་མྱུར་དུ་སངས་རྒྱ་བ་ལ་བྱང་ཆུབ་ཀྱི་སེམས་སྒོམ་པ་ལས་གདམས་ངག་ལྷག་པ་མེད་པས། དེ་ལ་ངེས་པ་བསྐྱེད་པའི་ཕྱིར། ཉམས་ལེན་ཐམས་ཅད་དེའི་ཕྱིར་དུ་དྲིལ་ནས་བྱེད་པ་གལ་ཆེ་སྟེ། ལམ་༼༤༦༢༽རིམ་ཆེན་མོ་ལས། འཇིག་རྟེན་ན་རྩྭ་རྔ་བ་དང་ཟོར་བ་རྡོར་བའི་དཔེ་བརྗོད་པ་ལྟར་རིན་པོ་ཆེའི་སེམས་འདི་གནད་དུ་མ་སོང་བར་ཡུན་ཇི་ཙམ་དགེ་སྦྱོར་ལ་འབད་བློ་བྱས་ཀྱང་ཟོར་བ་ཤིན་ཏུ་རྟུལ་བས་རྩྭ་རྔ་བ་དང་འདྲ་སྟེ། ས་བཅད་པ་ཅི་ཡང་མེད་ལ་སེམས་འདི་ཉིད་གནད་དུ་ཞིག་སོང་ན་རེ་ཞིག་ལ་མི་རྔ་བར་ཟོར་བ་བརྡར་ནས་རྣོན་པོར་བྱས་ཏེ་དེ་ནས་བརྔས་པ་ཅུང་ཟད་ཙམ་ལའང་མང་དུ་བརྔས་ཟིན་པ་དང་འདྲ་སྟེ། སྐད་ཅིག་རེ་རེ་ལའང་སྒྲིབ་པ་སྦྱོང་བ་དང་ཚོགས་སྡུད་པ་བདེ་བླག་ཏུ་ནུས་ཤིང་དགེ་བ་ཆུང་བ་དང་བར་སྐབས་སུ་འཛད་པ་རྣམས་ཀྱང་ཆེ་བ་དང་མི་ཟད་པར་བྱེད་པའི་ཕྱིར་ཞེས་པ་དང༌། དགེ་བཤེས་སྟོན་པ་ལ། དགེ་བཤེས་ལྷབ་ཆུང་སྟོན་པས་ཡང་དང་ཡང་དུ་བྱང་ཆུབ་ཀྱི་སེམས་སྦྱོངས་བྱ་བ་དེ། བླ་མའི་གདམས་ངག་བསྒོམས་པས་རྒྱུད་ལ་མ་སྐྱེས་ཀྱང་ཡང་དང་ཡང་དུ་བསྒོམས་པས་སྐྱེ་བྱ་བ་ལགས་སམ་ཞུས་པས། དགེ་བཤེས་སྟོན་པའི་ཞལ་ནས་ཇོ་བོ་སྟོན་པ། དེ་གཅིག་པུས་ཀྱང་མི་འོང༌། གཙོ་བོར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སྦྱོང་བའི་ཚུལ་བཞིན་ཡིད་ལ་བྱེད་པ་དེ་གཞི་མར་བྱས། ཞར་ལ་ཚོགས་སོག །ཞར་ལ་སྒྲིབ་པ་སྦྱང༌། ཞར་ལ་སྡིག་པའི་གྲོགས་པོ་སྤང་ཞིང༌། ཞར་ལ་དགེ་བའི་བཤེས་གཉེན་བསྟེན། ཞར་ལ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་ཞིང་ཚུལ་བཞིན་ཡིད་ལ་བྱེད་ན་འོང་བ་ཡིན། ཅེས་གསུངས། སྤྱིར་བྱང་ཆུབ་ཀྱི་སེམས་སྐྱེས་པ་ཙམ་ལ་ཕན་ཡོན་བསམ་གྱིས་མི་ཁྱབ་ཅིང་མདོར་བསྡུ་ན་སྤྱོད་འཇུག་ལས། མིང་དོན་གནས་འགྱུར་བ། སྡིག་པའི་གཉེན་པོ་བྱེད་པ། དགེ་བ་གོང་དུ་འཕེལ་བ། ངན་སོང་གི་སྐྱེ་སྒོ་གཅོད་པ། སངས་རྒྱས་ངེས་པར་ཐོབ་པ་དང་ལྔར་གསུངས་སོ། ། གཉིས་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཐབས་ནི། ཤུགས་དྲག་ཆུ་བོ་བཞི་ཡིས་རྒྱུན་གྱིས་ཁྱེར། །བཟློག་དཀའ་ལས་ཀྱི་འཆིང་བ་དམ་༼༤༦༣༽པོས་བསྡམས། ། བདག་འཛིན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཆུད། །མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས། ། མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ། །སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར། ། གནས་སྐབས་འདི་འདྲར་གྱུར་པའི་མ་རྣམས་ཀྱི། །ངང་ཚུལ་བསམ་ནས་སེམས་མཆོག་བསྐྱེད་པར་མཛོད། ། ཅེས་གསུངས་ཏེ། རི་གཟར་ངོས་ཀྱི་འབབ་ཆུ་ལྟར་ཤུགས་ཤིན་ཏུ་དྲག་པའི་སྐྱེ་རྒ་ན་འཆིའམ། འདོད་པ་སྲིད་པ་མ་རིག་པ་ལྟ་བ་སྟེ་ཆུ་བོ་ཆེན་པོ་བཞི་ཡི་རྒྱུན་གྱི་ཆ་བསགས་པས་ངལ་བསོ་མེད་པར་སྡུག་བསྔལ་གྱི་རྒྱ་མཚོར་ནི་ཁྱེར། སངས་རྒྱས་ཀྱི་མཐུ་དང་རྫུ་འཕྲུལ་གྱིས་ཀྱང་བཟློག་ཅིང་གྲོལ་བར་དཀའ་བའི་ཟག་བཅས་ཀྱི་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་གནས་སུ་ནི་བསྡམས། གང་ཟག་དང་ཆོས་ཀྱི་བདག་ཏུ་འཛིན་པ་བཅས་པར་དཀའ་བ་ལྕགས་ཀྱི་དྲྭ་བ་ལྟ་བུའི་སྦུབས་སུ་ནི་ཆུད། ཉེས་པ་ཐམས་ཅད་ཀྱི་རྩ་བ་ལས་འབྲས་དང་དེ་ཁོ་ན་ཉིད་སོགས་བྱ་བ་དང་བྱ་མིན་གྱི་གནས་ཚུལ་མི་ཤེས་པའི་མ་རིག་པའི་མུན་པ་སྟུག་པོའི་སྨག་རུམ་ཆེན་པོ་ཕྱོགས་ཀུན་ནས་ཆུའི་ཁུར་གྱིས་ནོན་པའི་དབྱར་གྱི་ཆར་སྤྲིན་ལྟ་བུར་ནི་འཐིབས། ཐོག་མ་དང་ཐ་མའི་མུ་མཐའ་འདི་ཞེས་ངོས་བཟུང་དུ་མེད་པའི་སྲིད་པ་འཁོར་བའི་གནས་ངན་འདི་ལན་གཅིག་གཉིས་ཙམ་མ་ཡིན་པར་སྐྱེ་ཞིང་སྐྱེ་བ་རུ་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ། སྡུག་བསྔལ་གསུམ་གྱིས་སྐད་ཅིག་ཀྱང་རྒྱུན་ཆད་པ་མེད་པར་ནི་མནར་བ་སོགས་གནས་སྐབས་ཏེ་ངང་ཚུལ་ཆོས་བཟོད་པར་དཀའ་བ་འདི་འདྲ་བར་གྱུར་པའི་འགྲོ་བ་འདི་ཐམས་ཅད་རང་གི་ཚེ་རབས་སྔ་མའི་མར་མ་གྱུར་པ་གཅིག་ཀྱང་མེད་ཅིང༌། དེ་ཡང་ལན་མང་པོར་བྱས་ཤིང་བྱས་རེས་ཀྱིས་གནོད་པ་ལས་བསྐྱབས་༼༤༦༤༽ནས་བདེ་བ་དཔག་མེད་སྦྱིན་པའི་དྲིན་ཅན་ཤ་སྟག་ཡིན་པས་མ་རྒན་སེམས་ཅན་རྣམས་ཀྱི་སྡུག་བསྔལ་བའི་ངང་ཚུལ་རང་ཉམས་ལ་དཔགས་ཏེ་ལེགས་པར་བསམས་པ་ལ་བརྟེན་ནས། དྲིན་ལན་དུ་བདེ་བ་དང་ལྡན་ན་སྙམ་པའི་བྱམས་པ་དང༌། སྡུག་བསྔལ་དང་བྲལ་ན་སྙམས་པའི་སྙིང་རྗེས་དྲངས་ཏེ། དེ་རྣམས་སྡུག་བསྔལ་ལས་གྲོལ་བ་བདག་གིས་བྱའོ་སྙམ་པའི་ལྷག་བསམ་གྱི་ཁུར་ཁྱེར་བ་ན་ད་ལྟ་ནི་བདག་ལ་དེ་ལྟ་བུའི་ནུས་པ་མེད། ནུས་པ་སུ་ལ་ཡོད་ན་རྫོགས་པའི་སངས་རྒྱས་ཉག་གཅིག་ལ་ཡོད་པར་ཤེས་ནས་སེམས་ཅན་གྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཅི་ནས་ཀྱང་ཐོབ་པར་བྱའོ་སྙམ་དུ་སྨོན་པའི་སེམས་དང༌། དེ་ལྟར་སྨོན་པ་ཙམ་གྱིས་ཀྱང་སངས་རྒྱས་མི་ཐོབ་པས་སངས་རྒྱས་ཐོབ་པའི་ཕྱིར་དེའི་རྒྱུ་ཕར་ཕྱིན་དྲུག་དང་བསྡུ་བ་བཞི་སོགས་རྒྱལ་སྲས་ཀྱི་སྤྱོད་པ་ལ་བསླབ་པར་བྱའོ་སྙམ་པའི་འཇུག་པ་བྱང་ཆུབ་ཀྱི་སེམས་མཆོག་ཏུ་བསྐྱེད་པར་མཛོད་ཅིག །ཅེས་པའོ། ། དེ་ལ་ཐོག་མར་དགེ་བའི་བཤེས་གཉེན་ལས་སམ། རྟེན་དང་དམིགས་པའི་སྒོ་ནས། ཤིང་རྟ་གཉིས་ཀྱི་རིང་ལུགས་ལྟར་བྱང་ཆུབ་ཏུ་སེམས་མ་སྐྱེས་པ་བསྐྱེད། སྐྱེས་པ་མི་ཉམས་ཤིང་གོང་དུ་འཕེལ་བའི་བསླབ་བྱ་སེམས་ཅན་བློས་མི་སྤོང་བ་སོགས་སྨོན་སེམས་དང༌། སྦྱིན་སོགས་ཕར་ཕྱིན་དྲུག །སྙན་སྨྲ་སོགས་བསྡུ་དངོས་བཞིས་མཚོན་པའི་སྤྱོད་པ་རྣམས་ཅི་ནུས་སུ་བསྒྲུབ་པར་བྱ་བ་ཡིན་ལ། ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ་འབད་དགོས་ཏེ། དེའི་མན་ངག་ཇོ་བོ་རྗེ་ནས་བརྒྱུད་པ་ལ་ལུགས་གཉིས། ཤར་བའི་སློབ་མ་གཏུམ་སྟོན་བློ་གྲོས་གྲགས་ནས་བརྒྱུད་པ་ལ་རྒྱུ་འབྲས་རིམ་པ་ལྔའི་སྒོ་ནས་བསྒོམ་སྟེ། བདག་སངས་རྒྱས་ཐོབ་པའི་རྒྱུར་བྱང་ཆུབ་ཀྱི་སེམས་༼༤༦༥༽དགོས་པར་འདུག །དེའི་རྒྱུར་སྙིང་རྗེ། དེའི་རྒྱུར་བྱམས་པ། དེའི་རྒྱུར་བྱས་པ་ཤེས་ཤིང་དྲིན་བཟོ་བ། དེའི་རྒྱུར་སེམས་ཅན་ཐམས་ཅད་ཕ་མ་དྲིན་ཅན་ཤ་སྟག་ཏུ་ཤེས་དགོས། འདི་རྣམས་སྡུག་བསྔལ་དང་བྲལ། བདེ་བ་ལ་དགོད་པའི་ཕྱིར་བདག་ཉིད་སངས་རྒྱས་འཐོབ་པར་བྱས་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་དགོད་པར་བྱའོ་སྙམ་དུ་བསམ་པ་དང༌། བྱ་ཡུལ་བའི་སློབ་མ་གཙང་པ་རིན་པོ་ཆེ་ནས་བརྒྱུད་པ་ལ་རྒྱུ་འབྲས་མན་ངག་བདུན་གྱིས་བློ་སྦྱོང་བར་གསུངས་ཏེ། འཐོབ་བྱའི་སངས་རྒྱས་ཉིད་རྒྱུ་བྱང་ཆུབ་ཀྱི་སེམས་ལས་སྐྱེ། དེ་ལྷག་བསམ་རྣམ་པར་དག་པ་ལས། དེ་སྙིང་རྗེ་ཆེན་པོ། དེ་བྱམས་པ་ཆེན་པོ། དེ་ཡིད་དུ་འོང་བ་ལས། དེ་བྱས་ཤེས་དྲིན་བཟོ། དེ་རྩ་བའི་མས་ཕན་བཏགས་པ་ལྟར་སེམས་ཅན་ཐམས་ཅད་ཕ་མར་ཤེས་པ་ལས་སྐྱེས། དེས་ན་སེམས་ཅན་རེ་རེ་བཞིན་བྱམས་པ་དང༌། སྙིང་རྗེ་དང༌། སངས་རྒྱས་ལ་འགོད་འདོད་ཀྱི་ལྷག་པའི་བསམ་པ་ཁོ་ན་བསྒོམ་དགོས་ཤིང༌། དེའི་མན་ངག་ཁྱད་པར་དུ་འཕགས་པ། སྤྱོད་འཇུག་ལས། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་སྐྱོབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་དང༌། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང༌། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་བདག་གཞན་མཉམ་པར་བརྗེ་བའི་བདེ་སྡུག་གི་གཏོང་ལེན་སྤེལ་མར་བྱེད་པ་ནི་ཉམས་ལེན་གྱི་གནད་འགག་ཆེ་ཤོས་ཡིན་པས་དེའི་ཚུལ་བློ་སྦྱོང་དོན་བདུན་མ་སོགས་ལས་ཤེས་པར་བྱའོ། ། གསུམ་པ་ཡང་དག་པའི་ལྟ་བ་བཤད་པ་ལ་གཉིས། ཡང་དག་པའི་ལྟ་བ་འཚོལ་དགོས་པའི་རྒྱུ་མཚན། བཙལ་བའི་ལྟ་བ་དངོས་བསྟན་པའོ། །དང་པོ་ནི། གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། །ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང༌། ། སྲིད་པའི་རྩ་༼༤༦༦༽བ་བཅད་པར་མི་ནུས་པས། །དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། ། ཅེས་གསུངས་ཏེ། ཆོས་རྣམས་ཀྱི་གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོགས་པར་རྟོགས་པར་བྱེད་པའི་ཟབ་མོའི་ཤེས་རབ་དང་མི་ལྡན་ན། སྔར་བཤད་པའི་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་གཉིས་ལ་ཡུན་རིང་པོ་ཇི་ཙམ་གོམས་པར་བྱས་པ་དང༌། བསམ་གཏན་གཟུགས་མེད་ཀྱི་ཏིང་ངེ་འཛིན་ལ་བསྐལ་པའི་བར་དུ་གནས་ནུས་ཤིང༌། མངོན་ཤེས་དང་རྫུ་འཕྲུལ་མཐའ་ཡས་པ་དང་ལྡན་པར་གྱུར་ཀྱང༌། སྲིད་པ་འཁོར་བའི་སྡུག་བསྔལ་གྱི་རྩ་བ་མཐར་ཐུག་པ་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་སུན་དབྱུང་ཞིང་བཅད་པར་སྟེ་སླར་སྐྱེ་མི་རུང་གི་ཆོས་ཅན་དུ་བྱས་ཏེ་སྤོང་བར་མི་ནུས་པ་ཁོ་ན་ཡིན་པས། ཐར་འདོད་རྣམས་ཀྱིས་སྟོང་པ་ཉིད་ཀྱི་དོན་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བས་འགྲུབ་པའི་ཚུལ་རྟོགས་པའི་ཐབས་ལ་དཀའ་བ་བརྒྱ་ཕྲག་དུ་མའི་སྒོ་ནས་འབད་པར་བྱའོ། །ཞེས་པའོ། ། དེའང་ངེས་འབྱུང་དང་བྱང་སེམས་སོགས་ཀྱིས་སྲིད་པའི་རྩ་བ་གཅོད་མི་ནུས་པའི་རྒྱུ་མཚན། འཁོར་བའི་སྡུག་བསྔལ་གྱི་རྩ་བ་མཐར་ཐུག་པ་ལྷན་སྐྱེས་ཀྱི་བདག་འཛིན་ཡིན་ལ། དེ་སྤོང་བ་ནི་དེའི་འཛིན་སྟངས་ཀྱི་ཞེན་ཡུལ་སུན་ཕྱུངས་ནས་དེ་དང་འཛིན་སྟངས་དངོས་སུ་འགལ་བ་ཞིག་གིས་སྤང་དགོས་ཏེ། བཞི་བརྒྱ་པ་ལས། ཡུལ་ལ་བདག་མེད་མཐོང་བ་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་གསུངས། ངེས་འབྱུང་སོགས་བདག་འཛིན་དང་འཛིན་སྟངས་འགལ་བ་མ་ཡིན་པས། རྣམ་འགྲེལ་ལས། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བ་ནི་ནུས་མ་ཡིན། །ཞེས་དང༌། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཤིན་ཏུ་ཉེས་པ་ཚར་གཅོད་མིན། །ཅེས་གསུངས་སོ། །དེས་ན་བདག་འཛིན་སྤོང་བྱེད་ཀྱི་གཉེན་པོ་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་པ་ཡིན་ལ། དེའང་གང་ཟག་གི་བདག་༼༤༦༧༽མེད་རྟོགས་པའི་ཤེས་རབ་ཀྱིས་གང་ཟག་གི་བདག་དང༌། ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཕུང་སོགས་ཆོས་ལ་བདག་ཏུ་འཛིན་པ་སྤོང་བར་བྱེད་པས་ན། གཅིག་དུ་བྲལ་ལ་སོགས་པའི་རིགས་པ་ཡང་དག་ལ་བརྟེན་ནས་གང་ཟག་གི་བདག་བཀག་ནས་བདག་མེད་རྟོགས་པའང་ཤེས་རབ་གོམས་དགོས་ཏེ། དབུ་མ་ལ་འཇུག་པ་ལས། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བ་བློ་ཡིས་མཐོང་གྱུར་ཅིང༌། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་དང༌། རྣམ་འགྲེལ་ལས། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱི། །སྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་གསུངས་པས་སོ། ། དེའང་གོང་དུ་སྨོས་པ་ལྟར་སངས་རྒྱས་འཐོབ་པའི་རྒྱུ་ཐུན་མོང་མ་ཡིན་པ་བྱང་ཆུབ་ཀྱི་སེམས་ཡིན་ཀྱང་བུ་སྐྱེ་བ་ལ་ཕ་གཅིག་པུས་མི་འོང་བར་ཕ་མ་གཉིས་ཀ་ཚོགས་དགོས་པ་བཞིན་ཐེག་པ་གསུམ་གའི་ཐུན་མོང་གི་རྒྱུ་སྟོང་ཉིད་རྟོགས་པའི་ཤེས་རབ་དང་ཟུང་དུ་འབྲེལ་དགོས་ཏེ། དཔེ་འགྲེལ་ལས། དཔེར་ན་སྐྱེས་བུ་མིག་དང་ལྡན་པ་ཞིག་གིས་ལམ་སྣ་དྲངས་ན་དམུས་ལོང་བརྒྱ་ཕྲག་དུ་མས་ཀྱང་གྲོང་ཁྱེར་ལ་སོགས་པ་གང་འདོད་དུ་འགྲོ་ནུས་པ་ཡིན། དཔེ་དེ་བཞིན་དུ་ཤེས་རབ་སྟོང་པ་ཉིད་ཀྱི་དོན་རྟོགས་ནས་ཉམས་སུ་བླངས་ན་ཕ་རོལ་ཏུ་ཕྱིན་པ་ལྔ་ཡིས་ཀྱང་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་ཅིང་ཐམས་ཅད་མཁྱེན་པའི་ས་ལ་འགྲོ་བར་ནུས་ཏེ། ཕ་རོལ་ཕྱིན་པ་ལྔ་ཡི་ཡོན་ཏན་ཇི་སྙེད་པ། །དེ་དག་ཀུན་ཀྱང་ཤེས་རབ་ཕ་རོལ་ཕྱིན་ལ་བརྟེན། །ཞེས་པ་དང༌། སྦྱིན་པ་སྦྱིན་པའི་སྔོན་དུ་འགྲོ་བ་ཤེས་རབ་སྟེ། །ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་དེ་བཞིན་ནོ། །ཞེས་གསུངས་པའི་དོན། ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་བདེན་པ་འཛིན་པའི་ཞེན་ཡུལ་སུན་མ་ཕྱུང་ན་ཕ་རོལ་ཏུ་ཕྱིན་པ་གཞན་ལ་རྒྱ་ཆེར་བསླབས་ཀྱང་བདག་མེད་རྟོགས་མི་ནུས། བདག་༼༤༦༨༽མེད་རྟོགས་པའི་ཤེས་རབ་གཉིས་ཀྱི་ནང་ནས་ཀྱང་གང་ཟག་གི་བདག་མེད་གཙོ་བོར་གསུངས་ཏེ། ལྷག་མཐོང་ཆེན་མོ་ལས། དེ་ཁོ་ན་ཉིད་ལ་ཇི་ལྟར་འཇུག་པའི་རིམ་པ་ནི་དང་པོར་འཁོར་བའི་ཉེས་སྐྱོན་བསམས་ནས་ཡིད་སུན་ཏེ་དེ་ལ་འདོད་འདོད་སྐྱེས་པ་ཞིག་དགོས། དེ་ནས་དེ་རྒྱུ་མ་ལོག་ན་མི་ལྡོག་པར་མཐོང་ནས་འཁོར་བའི་རྩ་བ་གང་ཡིན་སྙམ་སྟེ་དེའི་རྩ་བ་རྩད་བཅད་པས་འཇིག་ལྟའམ་མ་རིག་པ་འཁོར་བའི་རྩ་བར་འགྲོ་ལུགས་ལ་ངེས་པ་གཏིང་ཐག་པ་ནས་འདྲོངས་ནས་དེ་སྤོང་བར་འདོད་པ་བཅོས་མ་མ་ཡིན་པ་སྐྱེས་པ་ཞིག་དགོས། དེ་ནས་འཇིག་ལྟ་ལྡོག་པ་དེ་ངེས་བཟུང་བའི་བདག་མེད་པར་རྟོགས་པའི་ཤེས་རབ་སྐྱེ་བ་ལ་རག་ལས་པར་མཐོང་ནས་བདག་དེ་དགག་དགོས་པར་མཐོང་སྟེ། བདག་དེ་ཡོད་པ་ལ་གནོད་བྱེད་དང་མེད་པའི་སྒྲུབ་བྱེད་ཀྱི་ལུང་དང་རིག་པ་ལ་བརྟེན་ནས་ངེས་པ་རྙེད་པ་ཞིག་ཐར་པ་དོན་དུ་གཉེར་ན་མེད་པའི་ཐབས་མེད་དོ། །དེ་ལྟར་བདག་དང་བདག་གི་བ་ལ་རང་བཞིན་ཅུང་ཟད་ཀྱང་མེད་པར་ངེས་པའི་ལྟ་བརྙེད་ནས་དེའི་དོན་གོམས་པར་བྱས་པས་ཆོས་ཀྱི་སྐུ་འཐོབ་པར་འགྱུར་བ་ཡིན་ནོ། །ཞེས་སོགས་ཚིག་གསལ་གྱི་ལུང་དང་བཅས་རྒྱས་པར་གསུངས་ལ། དེ་ལྟར་བདག་རང་བཞིན་མེད་པར་རྟོགས་ན་གཟུགས་ནས་རྣམ་མཁྱེན་བར་གྱི་ཕུང་པོ་ལྔ་སོགས་ཆོས་ཐམས་ཅད་ལ་བདེན་པར་འཛིན་པའང་ཤུགས་ལ་ལྡོག་པར་འགྱུར་ཏེ། དཔེར་ན། ཤིང་རྟ་ཚིག་ན་འཁོར་ལོ་ལ་སོགས་པ་དེའི་ཡན་ལག་ཐམས་ཅད་ལྷག་མ་མ་ལུས་པ་ཚིག་པ་ལྟ་བུ་སྟེ། ཚིག་གསལ་ལས། ཇི་ལྟར་ཤིང་རྟ་ཚིག་ན་དེའི་ཡན་ལག་དག་ཀྱང་ཚིག་པས་མི་དམིགས་པ་དེ་བཞིན་དུ་རྣལ་འབྱོར་པ་བདག་གིས་གང་གི་ཚེ་བདག་མེད་པར་རྫོགས་པ་དེ་ཉིད་ཀྱི་ཚེ་ཕུང་པོའི་དངོས་པོ་བདག་གི་བ་ཡང་བདག་མེད་པར་རྟོགས་པར་འགྱུར་རོ། །ཞེས་སོ། ། དེ་ལྟར་རྟོགས་པར་བྱེད་པ་ལ་ཤེས་རབ་ཟབ་མོ་དང་༼༤༦༩༽ལྡན་པ་གལ་ཆེ་སྟེ། དཔེ་འགྲེལ་ལས། ཟས་ལ་ལྕེས་རེག་པ་ཙམ་གྱིས་ཟས་ཀྱི་རོ་ཐམས་ཅད་མོད་ལ་ཚོར་ནས་ཡོང་ལ། གཟར་བུ་དེ་ཟས་ཀྱི་གསེབ་ཏུ་བཅུག་ཀྱང་རོ་མི་ཚོར། དེ་བཞིན་དུ་སྐྱེས་བུ་ཤེས་རབ་ལྡན་པས་ཆོས་ཐམས་ཅད་ཀྱི་དོན་ཚེགས་མེད་དུ་ལོན་ནས་ཡོང༌། ཤེས་རབ་མེད་ན་ཆོས་དང་རྟག་ཏུ་འགྲོགས་ཀྱང་ཆོས་ཀྱི་དོན་མི་ལོངས་གསུང༌། དེས་ན་ཤེས་རབ་གལ་ཆེ་བས་ཤེས་རབ་འཕེལ་བའི་རྒྱུ་ལ་འབད་དགོས། ཤེས་རབ་འཕེལ་བའི་རྒྱུའི་གཙོ་བོ་ཐོས་བསམ་སྒོམ་གསུམ་རང་ཡིན་པས། དྲང་ངེས་ཇི་བཞིན་འབྱེད་པ་ལ་མཁས་པ་སོགས་མཚན་ཉིད་དང་ལྡན་པའི་བླ་མ་དམ་པ་ཚུལ་བཞིན་དུ་བརྟེན་ནས་ངེས་དོན་གྱི་གསུང་རབ་ཟབ་མོ་རྣམས་ཉན་པ་དང༌། བསག་སྦྱང་ལ་འབད་པ་དང༌། བླ་མ་དང་ཡི་དམ་གྱི་ལྷ་དབྱེར་མེད་དུ་བྱས་པ་ལ་གསོལ་འདེབས་ཤུགས་དྲག་བྱེད་པ་དང༌། དབུ་མའི་གཞུང་རྣམས་ལ་ཐོས་བསམ་སྒོམ་གསུམ་ཕུ་ཐག་ཆོད་པར་བྱེད་པ་དང༌། མ་འོངས་པར་ཤེས་རབ་ཆེ་བའི་རྒྱུ། ཁབ་སྐུད། སྣག་སྙུག་སོགས་ཟང་ཟིང་དང༌། ཐེག་ཆེན་གྱི་ཆོས་སྦྱིན་གཏོང་བའང་གལ་ཆེ་བར་བཤད་དོ། ། གཉིས་པ་བཙལ་བའི་ལྟ་བ་དངོས་བསྟན་པ་ལ་གསུམ། ལྟ་བ་བསྟན་པ་དངོས། ལྟ་བ་རྒྱུད་ལ་སྐྱེས་པའི་ཚན། ལྟ་བའི་ཆོས་སོ། །དང་པོ་ལ་གཉིས། སྣང་སྟོང་དབྱེར་མེད་དུ་རྟོགས་ན་རྒྱལ་བ་དགྱེས་པའི་ལམ་ལ་ཞུགས་པར་བསྟན་པ་དང༌། སྣང་སྟོང་སོ་སོར་འཛིན་ན་རྒྱལ་བའི་དགོངས་པ་མ་རྟོགས་པར་བསྟན་པའོ། །དང་པོ་ནི། གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི། །རྒྱུ་འབྲས་ནམ་ཡང་སླུ་བ་མེད་མཐོང་ཞིང༌། ། དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་ན། །དེ་ནི་སངས་རྒྱས་དགྱེས་པའི་ལམ་ལ་ཞུགས། ། ཞེས་གསུངས་ཏེ། རྣམ་གྲོལ་གྱི་ལམ་དོན་དུ་གཉེར་བའི་གདུལ་བྱ་གང་ཞིག་ཀུན་༼༤༧༠༽ནས་ཉོན་མོངས་ཕྱོགས་ཀྱི་བདེན་པས་བསྡུས་པའི་འཁོར་བ་དང༌། རྣམ་བྱང་ཕྱོགས་ཀྱི་བདེན་པས་བསྡུས་པའི་མྱང་འདས་ཀྱི་ཆོས་རྣམས་མ་ལུས་པ་ཐམས་ཅད་ཀྱི་རྒྱུ་རྐྱེན་ཉོན་མོངས་པ་དང་ལས་ཏེ་ཀུན་འབྱུང་བདེན་པ་ལ་བརྟེན་ནས་འབྲས་བུ་སྡུག་བསྔལ་བདེན་པ་དང༌། བསླབ་པ་གསུམ་སོགས་ལམ་བདེན་ལ་བརྟེན་ནས་འབྲས་བུ་འགོག་བདེན་ཆོས་ཉིད་དུ་འབྱུང་བ་སོགས་རྣམ་པར་གཞག་བྱ་འཇོག་བྱེད་དང་བསྐྱེད་བྱ་སྐྱེད་བྱེད་ཐམས་ཅད་དུས་ནམ་གྱི་ཚེ་ཡང་སླུ་བ་མེད་པར་ཚད་མས་གྲུབ་པར་མཐོང་ཞིང༌། དེ་ལྟ་བུའི་རྒྱུ་འབྲས་དེ་དག་ལ་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་ལེགས་པར་དཔྱད་པ་ན་ཡན་ལག་ཚོགས་པ་ལ་ཤིང་རྟར་བཏགས་པ་ཙམ་ལས་ཤིང་རྟ་དམིགས་སུ་མེད་པ་ལྟར་བདེན་གྲུབ་ཀྱི་མཚན་མར་འཛིན་པའི་དམིགས་པའི་གཏད་སོའི་ཡུལ་གང་ཡིན་པ་ཀུན་རང་སར་ཞིག་ནས་དོན་དམ་པར་རང་བཞིན་གྱིས་གྲུབ་པ་ཅུང་ཟད་ཙམ་ཡང་མེད་པར་རྟོགས་པ་ན། དེ་ནི་དུས་གསུམ་གྱི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་དགྱེས་པ་བླ་ན་མེད་པ་སྐྱེད་པའི་ལམ་དབུ་མ་ཐལ་འགྱུར་བའི་ལྟ་བ་རྟག་ཆད་ཀྱི་མཐའ་ཐམས་ཅད་དང་བྲལ་བ་དེ་ལ་ཞུགས་པ་ཡིན་ནོ། །ཞེས་པའོ། ། དེ་ལྟར་ཡང་རྩ་ཤེ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་རྒྱུར་བྱས་གདགས་པ་སྟེ། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་པའི་དགོངས་པའོ། ། ཆོས་ཐམས་ཅད་བཏགས་དོན་བཙལ་ན་རྡུལ་ཙམ་ཡང་བདེན་པར་གྲུབ་པ་མི་རྙེད་པའི་རང་བཞིན་སྟོང་པ་ཉིད་དུ་གནས་ཀྱང༌། སྣང་ཚུལ་རྟེན་འབྲེལ་གྱི་རྒྱུ་འབྲས་བསླུ་མེད་དུ་འཆར་བས་དོན་ལ་བདེན་པ་མེད་ཀྱང་ཤར་ཚུལ་བསླུ་མེད་མངོན་སུམ་པ་ལ་འགོག་པ་མེད་དེ་བཞིན་དང་མེ་ལོང་ཚོགས་པའི་རྟེན་འབྲེལ་ལས། གཟུགས་བརྙན་བྱད་བཞིན་དུ་བདེན་པར་མེད་ཀྱང་བྱད་བཞིན་གྱི་གཟུགས་བརྙན་གསལ་བར་སྣང་བ་༼༤༧༡༽བསྙོན་དུ་མེད་པ་དང་མཆུངས་སྟེ། ཡབ་སྲས་མཇལ་བ་ལས། མེ་ལོང་ཤིན་ཏུ་ཡོངས་དག་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པ་ཆོས་རྣམས་ཤེས་པར་གྱིས། །ཞེས་སོ། ། རྟེན་འབྱུང་སྣ་ཚོགས་གཟུགས་བརྙན་ལྟར་སྣང་བ་དང་དེ་ཉིད་རང་བཞིན་གྱིས་མ་གྲུབ་པའི་སྟོང་པར་ཤེས་པ་གཉིས་མི་འགལ་བ་ནི། སྒྱུ་མས་སྤྲུལ་པའི་གཟུགས་བརྙན་མི་བདེན་པར་ཤེས་བཞིན་ཏུ་སྣང་ངོ་ལ་འགོག་མེད་དུ་འཆར་བ་ལྟ་བུ་སྟེ། དབུ་མ་ལ་འཇུག་པ་ལས། དངོས་པོ་སྟོང་པ་གཟུགས་བརྙན་ལ་སོགས་པ། །ཚོགས་ལ་ལྟོས་པ་མ་གྲགས་པ་ཡང་མིན། །ཇི་ལྟར་དེར་ནི་གཟུགས་བརྙན་སོགས་སྟོང་ལས། །ཤེས་པ་དེ་ཡི་རྣམ་པ་སྐྱེ་འགྱུར་ལྟར། །དེ་བཞིན་དངོས་པོ་ཐམས་ཅད་སྟོང་ན་ཡང༌། །སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟར་རོ། ། དེའང་བདེན་པ་མངོན་སུམ་དུ་གཟིགས་པའི་འཕགས་པའི་གང་ཟག་རྣམས་ལ་བདེ་སྡུག་གི་རྣམ་པ་ཅི་ཤར་ཡང༌། མི་བཟོད་པ་དང་སྲེད་ཞེན་གྱི་རྣམ་པ་གང་ཡང་མི་འབྱུང་མོད། རང་རེ་སོ་སོ་སྐྱེ་བོ་རྣམས་ཀྱིས་བདེན་པ་མངོན་སུམ་དུ་མ་མཐོང་བའི་རིང་ལ། སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་བཟོད་པ་ད་ལྟ་མྱོང་བས་གྲུབ་པ་འདི་ཀ་ཡིན་པས་སྡིག་པ་ཕྲ་ཞིང་ཕྲ་བ་ནས་སྤོང་ཞིང༌། དགེ་བ་ཕྲ་ཞིང་ཕྲ་བ་ནས་སྒྲུབ་དགོས་ཏེ། རྨི་ལམ་དོན་ལ་མི་བདེན་པར་ཤེས་ཀྱང་འཁྲུལ་ཤེས་ཀྱི་ངོར་བདེན་པར་བཟུང་ནས་དགའ་སྡུག་ཉམས་སུ་མྱོང་བ་དང་མཚུངས་པའི་ཕྱིར། ཇོ་བོ་རྗེས། རྨི་ལམ་ཡུལ་གྱི་བཟང་ངན་རྣམས། །རྨི་ལམ་བློ་ལ་བདེན་པར་སྣང༌། །རྨི་ལམ་བདེན་པས་སྟོང་ན་ཡང༌། །འཁྲུལ་ཤེས་ཅན་དེ་བདེན་པར་འཁྲུལ། །དེ་བཞིན་འདི་ཡུལ་མ་ལུས་པའང༌། །བདེན་པས་སྟོང་ཡང་དེར་འཛིན་བློས། །བདེན་པ་ཉིད་དུ་མངོན་པར་འཁྲུལ། །ཞེས་དང༌། འབྲོམ་རིན་པོ་ཆེས། ཆོས་ཐམས་ཅད་བརྫུན་པའི་སྣང་བ་ཡང༌། །གཟུགས་མེད་ན་གཟུགས་བརྙན་ག་ལས་འབྱུང༌། །༼༤༧༢༽དེ་རྒྱུ་སོང་རྫུན་ཡང་འབྲས་འབྱུང་བས། །ལས་ཁྱད་དུ་མི་གསོད་ཉམས་ལེན་པའི། །དེ་ལྟ་བ་བརྒྱུད་པའི་བཀའ་གདམས་ཡིན། །ཅེས་སོགས་ལུང་དང་རིགས་པས་ཀྱང་འགྲུབ་པའི་ཕྱིར་རོ། ། འདི་ལྟ་བུ་ནི་རྒྱལ་བ་སྲས་དང་བཅས་པ་དགྱེས་པའི་ལམ་མ་ནོར་བ་ཡིན་ཏེ། རྒྱལ་བས་ཆོས་ཕུང་བརྒྱད་ཁྲི་དང་བཞི་སྟོང་བཀའ་སྩལ་པའི་དགོས་པ་འགྲོ་བ་རྣམས་གནས་སྐབས་མངོན་མཐོ་དང༌། མཐར་ཐུག་ངེས་ལེགས་ཐོབ་ཐབས་སུ་གསུངས་པ་ལས་གཞན་མེད་དེ། འཕགས་པ་ཀླུས། དང་པོར་མངོན་པར་མཐོ་བའི་ཆོས། །ཕྱིས་ནི་ངེས་པར་ལེགས་འབྱུང་བ། །གང་ཕྱིར་མངོན་པར་མཐོ་ཐོབ་པས། །རིམ་གྱིས་ངེས་པར་ལེགས་པ་འོང༌། །ཞེས་གསུངས་པའི་མངོན་མཐོའི་གོ་འཕང་ནི་ལྷ་མིའི་ཐེག་པ་ལ་གནས་པ་ཡན་ཆད་ཀྱིས་ཐོབ་ཅིང༌། ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པ་ལ་ལྟ་བ་རྣམ་པར་དག་པ་དགོས་ཏེ། དེའང་བྱེ་བྲག་ཏུ་སྨྲ་བ་རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོང་པའི་ལྟ་བ། མདོ་སྡེ་བ་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་གྲུབ་པས་སྟོང་པའི་ལྟ་བ། སེམས་ཙམ་པ་གཟུང་བ་ཕྱི་རོལ་དོན་གྱིས་ལྟ་བ། དབུ་མ་རང་རྒྱུད་པ་ཆོས་ཐམས་ཅད་བདེན་པར་མ་གྲུབ་ཅིང་རང་བཞིན་གྲུབ་པར་ལྟ་བའི་ལྟ་བ་སོགས་མང་དུ་ཡོད་ཀྱང༌། མཐར་ཐུག་གི་ཐར་པ་ནི། དབུ་མ་ཐལ་འགྱུར་བའི་ལུགས། ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་ཅུང་ཟད་ཀྱང་མེད་པར་ལྟ་བ་འདི་ཁོ་ན་ལས་གཞན་གྱིས་མི་འཐོབ་པར་གསུངས་ཏེ། སློབ་དཔོན་ཟླ་བ་གྲགས་པས། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །དེ་ལས་ཉམས་པས་ཐར་པ་ཐོབ་ཡོད་མིན། །ཅེས་གསུངས་པའི་ཕྱིར་རོ། ། གཉིས་པ་སྣང་སྟོང་སོ་སོར་འཛིན་ན་རྒྱལ་བའི་དགོངས་པ་མ་རྟོགས་པར་བསྟན་པ་ནི། སྣང་བ་རྟེན་འབྲེལ་སླུ་བ་མེད་པ་དང༌། །སྟོང་པ་ཁས་ལེན་༼༤༧༣༽བྲལ་བའི་གོ་བ་གཉིས། ། ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། ། ཅེས་གསུངས་ཏེ། དྲང་དོན་གྱི་སྣང་བ་ཐམས་ཅད་རྒྱུ་མེད་དང༌། མི་མཐུན་པའི་རྒྱུ་ལས་མི་འབྱུང་བར་རང་རང་གི་རྒྱུ་རྐྱེན་དང༌། འདོགས་བྱེད་ཀྱི་རྟོག་པ་ལ་བརྟེན་ནས་འབྱུང་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་སླུ་བ་གཏན་ནས་མེད་པའི་མི་འཆོལ་བའི་དོན་ལ་གཏིང་ཚུགས་པའི་གོ་བ་དང༌། ངེས་དོན་ལ་དཔྱོད་པའི་རིགས་པས་བཏགས་དོན་བཙལ་བ་ན་རྙེད་རྒྱུའི་རང་བཞིན་རྡུལ་ཙམ་ཡང་མེད་པའི་སྟོང་པ་ཉིད་ལ་བདེན་གྲུབ་ཀྱི་ཀུན་རྫོབ་གང་ཡང་ཁས་ལེན་རྒྱུ་དང་བྲལ་བའི་དོན་ལ་གཏིང་ཚུགས་པའི་གོ་བ་གཉིས་པོ་དེ་ཇི་སྲིད་དུ་སོ་སོར་སྣང་ཞིང་ཚ་གྲང་ལྟར་འགལ་བར་མཐོང་བ་དེ་སྲིད་དུ་ད་དུང་ཐུབ་པའི་མཐར་ཐུག་གི་དགོངས་པ་ཀླུ་སྒྲུབ་ཀྱིས་བཀྲལ་བ་ཇི་ལྟ་བ་བཞིན་རྟོགས་པའི་སྐབས་མེད་དོ། །ཞེས་པའོ། ། སྐབས་འདིར་སྟོང་པ་ཁས་ལེན་དང་བྲལ་བའི་གོ་བ་ཞེས་པ་སྤྱིར་ཡིན་མིན་དང་ཡོད་མེད་སོགས་ཀྱི་ཁས་ལེན་མེད་པ་ལ་མི་ཟེར་གྱི། རིགས་ཤེས་ཀྱིས་བཏགས་དོན་བཙལ་བའི་ཚེ་ཀུན་རྫོབ་གང་ཡང་ཁས་ལེན་དང་བྲལ་བ་ལ་བྱེད་པ་ཡིན་ཏེ། རྗེ་བཙུན་རེད་མདའ་པའི་ཞལ་ནས། ཐལ་འགྱུར་བ་ལ་ཁས་ལེན་གང་ཡང་མེད་ཟེར་བའི་དོན་གནས་ལུགས་ལ་དཔྱོད་པའི་ཚེ་ལྐུགས་པ་བཞིན་དུ་ཅི་ཡང་མི་སྨྲ་བར་སྡོད་པ་ཡང་མིན་གྱི། གནས་ལུགས་ངེས་པའི་ཚེ་རིགས་ངོ་དེར་ཀུན་རྫོབ་གང་ཡང་ཁས་ལེན་རྒྱུ་མེད་པ་ལ་ཟེར་གསུངས་ཞེས་སོགས་ལེགས་བཤད་སྙིང་པོ་ལས་འབྱུང༌། གཞན་ཡང༌། ཀུན་རྫོབ་རྟེན་འབྲེལ་གྱི་སྣང་བ་དང༌། དོན་དམ་རང་བཞིན་གྱིས་སྟོང་པ་གཉིས་ངོ་བོ་གཅིག་ཡིན་ཏེ། མྱུ་གུ་ལྟ་བུ་རང་གི་དོན་དམ་ངོ་བོ་ཐ་དད་ཡིན་ན། དེ་རང་ཉིད་བདེན་པས་སྟོང་པའི་སྟོང་ཉིད་དང་ངོ་བོ་ཐ་དད་དུ་འགྱུར་བས། དེ་བདེན་གྲུབ་ཏུ་འགྱུར་བའི་ཕྱིར་ཏེ། བྱང་ཆུབ་སེམས་༼༤༧༤༽འགྲེལ་ལས། ཀུན་རྫོབ་སྟོང་པ་ཉིད་ཏུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་ཡིན། །མེད་ན་མི་འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་དག་བཞིན་ནོ། །ཞེས་གསུངས་པའི་ཕྱིར། དེས་ན་གཟུགས་ཕུང་རང་གི་གདགས་གཞི་ལ་བརྟེན་ནས་མིང་དང་རྟོག་པས་ཕར་བཏགས་པ་ཙམ་མ་གཏོགས་གཟུགས་ཕུང་དང་པོ་ནས་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་སྟོང་པས་ན། ཤེས་རབ་སྙིང་པོ་ལས། གཟུགས་སྟོང་པའོ། །ཞེས་གསུངས། གཟུགས་རུང་དེ་ཉིད་རང་ངོས་ནས་གཟུགས་སུ་མ་གྲུབ་པས། དེ་ལ་གཟུགས་ཀྱི་ཐ་སྙད་ཤེས་པའི་ཕྱིར་དུ། མིང་དང་རྟོག་པས་དེ་ལ་གཟུགས་ཞེས་པའི་བརྡའ་སྦྱར་བས། ཐ་སྙད་དེའི་དབང་གིས་དེ་གཟུགས་སུ་འཐད་ཀྱིས་སྒྲར་མི་འཐད་པས། སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་ཟབ་མོ་སྟོང་པ་ཉིད་བཞི་སྦྱོར་གྱིས་གསུངས་སོ། །ཞེས་སོ། ། གྲུབ་མཐའ་འོག་མ་རྣམས་ཀྱིས་མཐར་ཐུག་མི་འཐོབ་པའི་རྒྱུ་མཚན་ཀྱང་རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་གསུངས་པ་ལྟར་ཕུང་པོ་རང་བཞིན་གྱིས་གྲུབ་པར་འཛིན་པའི་བདེན་འཛིན་ལྷན་སྐྱེས་དེ་འཁོར་བའི་རྩ་བ་ཡིན་པ་ལ་དེ་སྤོང་མ་ནུས་པས་སོ། ། སྐབས་འདིར་ཐལ་རང་གཉིས་ཀྱིས་དོན་དམ་དཔྱོད་བྱེད་ཀྱི་རྟགས་ཀྱི་དགག་བྱ་ལ་ཕྲ་རགས་ཀྱི་ཁྱད་པར་ཡང༌། ཐལ་འགྱུར་བས་ཆོས་ཐམས་ཅད་རྟོག་པའི་དབང་ཙམ་གྱིས་བཞག་པར་འདོད་ཅིང་རྟོག་པའི་དབང་ཙམ་གྱིས་བཞག་པ་མ་ཡིན་པར་དང་པོ་ནས་རང་ངོས་ནས་གྲུབ་པ་ཞིག་ཡོད་ན་བདེན་གྲུབ་ཏུ་འགྱུར་བར་འདོད། རང་རྒྱུད་པ་རྣམས་ཆོས་རྣམས་རྟོག་པའི་དབང་ཙམ་གྱིས་འཇོག་མི་ནུས་པས། ༼༤༧༥༽བློ་གནོད་མེད་ལ་སྣང་བའི་དབང་གིས་འཇོག་ཅིང༌། དེ་ཡང་བུམ་པ་འཇོག་བྱེད་ཀྱི་བློ་གནོད་མེད་དེས་འཇལ་རྒྱུའི་བུམ་པ་ནི། བློ་དེ་ལ་ལྟོས་མེད་ཀྱི་ཚུལ་གྱིས་དང་པོ་རང་ནས་གྲུབ་གྲུབ་པ་གཅིག་ལ་འདོད་ཅིང༌། དེ་ལྟར་གྲུབ་པ་དེ་བུམ་པ་རང་ངོས་ནས་གྲུབ་པའི་དོན་ཡིན་ཞེས་བཞེད། ཐལ་འགྱུར་བ་ནི། བུམ་པ་དེ་ཁོ་རང་འཇལ་བྱེད་ཀྱི་ཚད་མ་ལ་ལྟོས་མེད་ཀྱིས་དང་པོ་ནས་མ་གྲུབ་པར། བུམ་པ་དང་བུམ་པ་འཇལ་བྱེད་གྱི་ཚད་མ་གཉིས་ཕན་ཚུན་ལྟོས་ནས་གྲུབ་པར་བཞེད་དེ། ཚིག་གསལ་ལས། ཚད་མ་དག་ཡོད་ན་གཞལ་བྱའི་དོན་དག་ཏུ་འགྱུར་ལ། གཞལ་བྱའི་དོན་དག་ཡོད་ན་ཚད་མའི་དོན་དག་ཏུ་འགྱུར་གྱི། ཚད་མ་དང་གཞལ་བྱ་གཉིས་ངོ་བོ་ཉིད་ཀྱིས་གྲུབ་པ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེས་ན་ཆོས་ཐམས་ཅད་དང་པོ་ནས་མ་གྲུབ་པ་ལ། འདོགས་བྱེད་ཀྱི་རྟོག་པའི་དབང་གིས་གློ་བུར་དུ་གྲུབ་པ་ཡིན་ཏེ། ཇོ་བོའི་ཞལ་ནས། རྒྱུས་མེད་བྱིས་པ་བློ་བུར་ཡིན། །དོན་མེད་སྣང་སྟོང་དཔྱད་ཡུལ་མིན། །སྣང་ཙམ་ལྟོས་ལ་དྲི་བ་ཞོག །ཐ་སྙད་དཔྱད་ན་འཇིག་པ་ཡིན། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། ཐལ་འགྱུར་བ་རྣམས་གང་ཟག་གི་ཕུང་པོ་རེ་རེ་བ་གང་ཟག་ཡིན་ནམ་དེ་ཚོགས་པ་གང་ཟག་ཡིན་ནམ། དེ་ལས་དོན་གཞན་དུ་གྱུར་པའི་གང་ཟག་ཡོད་སྙམ་དུ་དཔྱད་པ་ན། གང་ཟག་རྙེད་རྒྱུ་ཅུང་ཟད་ཀྱང་མེད་ཅིང༌། དེ་ལྟར་མ་རྙེད་པ་དེ་གང་ཟག་བདེན་པར་མེད་པའི་དོན་ཡིན་གྱི། གང་ཟག་གཏན་ནས་མེད་པའི་དོན་མ་ཡིན་པར་བཞེད། དེ་ལྟར་བཙལ་བས་མ་རྙེད་ན་མ་རྙེད་པའི་ངང་ལ་རྩེ་གཅིག་ཏུ་བཞག་ཅིང༌། འཛིན་སྟངས་ཤུགས་ཆུང་དུ་སོང་ན་བླའོ་ཟུར་ཞིག་གིས་སྔར་ལྟར་དཔྱད་ནས་འཛིན་སྟངས་ཀྱི་ཤུགས་གསོས་པ་ན་དཔྱད་ཅིང་དཔྱད་མཐར་ཡང་ཅུང་ཟད་མཉམ་པར་འཇོག་པ་ཡིན་གྱི་༼༤༧༦༽བཏགས་དོན་བཙལ་ནས་མ་རྙེད་པ་ན་ད་དུང་དེའི་སྟེང་དུ་རང་བཞིན་གྱིས་གྲུབ་པ་མེད་སྙམ་པའི་དགག་བྱའི་ཁྱད་པར་བསྣན་ནས་བསྒོམ་པ་མ་ཡིན་པ་སོགས་རྒྱས་པར་འབྱུང་ངོ༌། ། གཉིས་པ་ལྟ་བ་རྒྱུད་ལ་སྐྱེས་པའི་ཚད་ནི། ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །རྟེན་འབྲེལ་མི་སླུར་མཐོང་བ་ཙམ་ཉིད་ནས། ། ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། ། ཞེས་གསུངས་ཏེ། སྔར་བཤད་པའི་ལྟ་བ་དེ་ཉམས་སུ་བླངས་ན་དུས་ནམ་ཞིག་གི་ཚེ་རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་བ་སོགས་ཀུན་རྫོབ་སྣང་ཕྱོགས་ཀྱི་བྱ་བྱེད་ཐམས་ཅད་འཐད་ལྡན་བསླུ་མེད་དུ་འཆར་བའི་གོ་བ་དང༌། རྒྱུ་འབྲས་སོགས་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པར་སྒྱུ་མའི་རྟ་གླང་དང་རྨི་ལམ་གྱི་བྱ་བྱེད་བཞིན་སྣང་ཡང་ངོ་བོས་སྟོང་པའི་གོ་བ་གཉིས་རང་རྒྱུད་ལ་གཅིག་གི་གོ་བ་རྙེད་ཚེ་གཅིག་ཤོས་ཀྱི་དོན་ཕྱིན་ཅི་ལོག་ཏུ་འགྲོ་བ་དེ། རེས་མོས་སུ་འཇོག་པ་མེད་པར་བློའི་ཡུལ་དུ་སྣང་སྟོང་ཅིག་ཅར་དུ་རྟེན་འབྲེལ་མི་བསླུ་བར་གཏན་ཚིགས་རྣམ་དག་གི་རིག་པས་མཐོང་བ་ཙམ་ཉིད་ཀྱི་བྱེད་པ་ལ་བརྟེན་ནས་ལྟ་བ་ལ་ངེས་ཤེས་ལྷང་གིས་སྐྱེ་ཞིང༌། དེས་ཡུལ་རང་བཞིན་གྱིས་གྲུབ་པར་འཛིན་པའི་འཛིན་སྟངས་ཀུན་ལྷག་མ་མེད་པར་འཇིག་པར་བྱེད་ཐུབ་པས་ན། དུས་དེའི་ཚེ་ལྟ་བ་ལ་ཐོས་བསམ་གྱི་དཔྱད་པ་རྫོགས་པ་སྟེ་ལྟ་བ་རྣམ་དག་རྒྱུད་ལ་སྐྱེས་པ་ལགས་སོ། །ཞེས་པའོ། ། དེ་ལྟར་ཡང་བྱང་ཆུབ་སེམས་འབྲེལ་ལས། ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་བརྟེན་པ་གང༌། །ངོ་མཚར་ལས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང༌། །ཞེས་དང༌། ཇོ་བོས། རྣམ་རྟོག་འདི་ཡིས་ཅི་ཡང་ཤེས། །གཞི་མེད་མཚན་ཉིད་དུ་མ་འགོད། །ད་ནི་སྣ་ཚོགས་སྣང་གྱུར་ཀྱང༌། །ཅི་ཡང་མེད་ཀྱིས་ཅིར་མ་འཛིན། །དེས་ན་བདེ་སྡུག་ལ་སོགས་༼༤༧༧༽པ། །རྣམ་རྟོག་ཇི་ཙམ་འདུས་གྱུར་ཀྱང༌། །སྣང་བ་ཙམ་ཞིག་ཁོ་ནར་ཟད། །བདེན་པ་སྲིད་པ་ཙམ་ཀྱང་སྟོན། །སྣང་བ་དེ་ནི་ཉིད་དུ་སྤྱོད། །ཅེས་སོགས་མང་དུ་འབྱུང་སྟེ། དབུ་མའི་ལྟ་བ་ལ་ངེས་པ་རྙེད་པའི་གང་ཟག་གི་བློ་ཡུལ་དུ་སྣང་བ་རྟེན་འབྲེལ་ལ་སྙོན་མེད་དུ་འཆར་བ་དང༌། སྟོང་པ་དོན་དམ་གྱི་འདུག་ལུགས་གཉིས་གཅིག་ཆར་དུ་འཆར་བ་མི་འགལ་བ་ཡང༌། དཔེར་ན་སྒྱུ་མ་མཁན་གྱིས་རྡོ་ཤིང་རྟ་གླང་དུ་སྤྲུལ་པའི་ཚེ། སྒྱུ་མ་མཁན་རང་ཉིད་ཀྱི་མིག་ཤེས་ལ་རྡོ་ཤིང་རྟ་གླང་དུ་སྣང་བ་དང༌། དེས་རྡེ་ཤིང་རྟ་གླང་གིས་སྟོང་པར་ངེས་པ་མི་འགལ་བ་ལྟ་བུ་ཡིན་པ་གསུངས་སོ། ། འདིའི་ཚིག་རྐང་གསུམ་པའི་དོན་འཆད་པ་ལ་འབྲུ་གཉེར་མང་ཡང༌། གཙོ་བོ་བདག་འཛིན་གཤགས་འདེབས་ལས། ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ནི། །རང་བཞིན་གྲུབ་པའི་འཛིན་སྟངས་ཡིན་པར་གོ །ཞེས་པ་ལྟར་ངེས་ཤེས་བདེན་འཛིན་དང༌། འཛིན་སྟངས་དེའི་འཛིན་སྟངས་བཤད་པ་དང༌། སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱི་ལྟ་ཁྲིད་ལས། ངེད་རང་ལ་ཇི་ལྟར་སྣང་བ་འདི་ཡོད་ན་རང་གི་ངེས་ཤེས་ཀྱི་འཛིན་སྟངས་ཐམས་ཅད་དང༌། དམིགས་པའི་གཏད་སོ་ཐམས་ཅད་འཇིག་པ་ཇི་ལྟར་འོང༌། དེས་ན་འཁྲུལ་པ་འཇིག་ཐབས་མེད་པའི་ལུང་རིགས་འདིས་གནོད་ཅིང་འདི་དང་འགལ་བས་སོ། །སོ་སོ་སྐྱེ་བོའི་མིག་ཤེས་སོགས་ཀྱང་སྣང་ཡུལ་ལ་འཁྲུལ་པ་དང༌། དེའི་གཟུགས་སོགས་ཐམས་ཅད་སྣང་བ་ལྟར་མ་གྲུབ་པ་དང༌། དེ་ལྟར་ཤེས་ན་དམིགས་གཏད་འཇིག་པ་དང་འཛིན་སྟངས་ཐམས་ཅད་འཇིག་པ་སོགས་ཀྱི་དོན་ཡང་ངེད་རང་སོ་སྐྱེ་ཐམས་ཅད་ལ་ཐུན་མོང་དུ་སྣང་བཞིན་པ་བཀག་ནས་སྒོམ་པའི་དོན་ཡིན། ཞེས་བཤད་པ་སོགས་སོ། ། གསུམ་པ་ལྟ་བའི་ཁྱད་ཆོས་ནི། གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང༌། །སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད། ། རྒྱུ་དང་༼༤༧༨༽འབྲས་བུར་འཆར་བའི་ཚུལ་ཤེས་ན། །མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། ། ཞེས་གསུངས་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པ་ལ་རྒྱུ་འབྲས་རྟེན་འབྲེལ་གྱི་རྣམ་བཞག་འཇོག་པ་མི་འགལ་བ་མ་ཟད། ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཞན་ཡང་ཡོད་དེ་དཔེར་ན། མྱུ་གུ་ཆོས་ཅན། རང་བཞིན་གྱིས་མ་གྲུབ་སྟེ། རྟེན་འབྲེལ་ཡིན་པའི་ཕྱིར། ཞེས་རྟགས་གསལ་བཀོད་ན། ཐལ་འགྱུར་བས་འདོད་ལན་གདབ་དགོས་ལ། དེའི་ཕྱིར་རྟགས་ལ་རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་པའི་རྟེན་པ་ནི་གཞན་ལ་བརྟེན་པ་ཡིན་ཅིང་གྲོགས་གཞན་ལ་བརྟེན་ནས་གྲུབ་དགོས་ན་དེའི་ནུས་པས་མྱུ་གུ་རྩོད་གཞི་དེ་རང་ངོས་སམ་རང་བཞིན་གྱིས་མ་གྲུབ་པར་གོ་ནུས་པས་ན་སྣང་བ་རྟེན་འབྲེལ་གྱིས་མྱུ་གུ་རང་བཞིན་ཡོད་པའི་རྟག་མཐའ་སེལ་བ་དང༌། གསལ་བ་ལ་རང་བཞིན་གྱིས་མ་གྲུབ་སྟེ། ཞེས་དམིགས་ཀྱིས་བཀར་བས་ན། མྱུ་གུ་རང་བཞིན་གྱིས་མ་གྲུབ་པ་ཡིན་གྱི་སྤྱིར་མ་གྲུབ་པ་མ་ཡིན་པ་གོ་ནུས་པས་ན་རང་བཞིན་གྱིས་གྲུབ་པས་སྟོང་པ་ཉིད་ཀྱིས་མྱུ་གུ་སྤྱིར་མེད་པའི་ཆད་མཐའ་སེལ་ཞིང༌། ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པ་ཉིད་རྒྱུ་དང་འབྲས་བུར་ནམ་ཡང་བསླུ་བ་མེད་པར་འཆར་བའི་ཚུལ་ཚད་མའི་སྟོབས་ཀྱིས་ལེགས་པར་ཤེས་པ་ན་སྒྲོ་འདོགས་པ་རྟག་པ་དང་སྐུར་པ་འདེབས་པ་ཆད་པའི་མཐར་འཛིན་པའི་ལྟ་བ་ངན་པས། སྔར་བཤད་པའི་དབུ་མའི་ལྟ་བ་རྣམ་པར་དག་པ་དེའི་དོན་འཕྲོག་ནུས་པར་མི་འགྱུར་བའི་ཕྱིར་རོ། །ཞེས་པའོ། ། དེའང་རང་རྒྱུད་པ་མན་ཆད་ཀྱིས་སྣང་བས་མེད་མཐའ་སེལ་ཞིང་སྟོང་པས་ཡོད་མཐའ་སེལ་བ་ཡིན་ལ། སྣང་བ་རང་བཞིན་གྱིས་གྲུབ་པར་འདོད་དེ། རང་བཞིན་གྱིས་གྲུབ་པ་ལ་རྒྱུ་རྐྱེན་གྱིས་གསར་དུ་བཅོས་པ་དང༌། ལྟོས་ས་ལྟོས་ཆོས་འཇོག་པ་སོགས་ཀྱི་བྱ་བྱེད་གང་ཡང་བཞག་ཏུ་མེད་དེ། རྩ་ཤེ་ལས་༼༤༧༩༽རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་དང༌། རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །ཞེས་གསུངས་སོ། ། ཐལ་འགྱུར་བའི་ལུགས་ལ་དེ་ལས་ལྡོག་སྟེ་སྣང་བས་ཡོད་མཐའ་དང༌། སྟོང་པས་མེད་མཐའ་སེལ་ཞིང༌། རང་བཞིན་གྱི་གྲུབ་པ་ལ་སྔར་མེད་གསར་དུ་བཅོས་སུ་རུང་བ་དང༌། སྔར་ཡོད་བློ་བུར་དུ་མེད་པར་འགྱུར་བ་དང༌། རྒྱུ་རྐྱེན་སོགས་གཞན་ལ་ལྟོས་པ་བཞག་ཏུ་མི་རུང་བས། རང་བཞིན་གྱིས་གྲུབ་པས་སྟོང་པའི་རྒྱུ་དེ་ཉིད་རང་ངོས་ནས་མ་གྲུབ་པའི་རྒྱུ་མཚན་གྱིས། རང་གི་རྒྱུ་ལ་ལྟོས་ནས་འབྲས་བུ་དང༌། རང་གི་འབྲས་བུ་ལ་བལྟོས་ནས་རྒྱུར་འགྱུར་ཚུལ་དང༌། འབྲས་བུ་ཡང་རང་གི་རྒྱུ་དང་འབྲས་བུ་ལ་བལྟོས་ནས། འབྲས་བུ་དང་རྒྱུ་གཉིས་ཀར་འཆར་བའི་ཚུལ་དང༌། རེས་འགའ་ཡོད་ཅིང་ཡང་བློ་བུར་དུ་མེད་པར་འགྱུར་བའི་ཚུལ་ཚད་མའི་སྟོབས་ཀྱིས་ལེགས་པར་ཤེས་ན། རྟག་ཆད་མཐར་འཛིན་གྱི་ལྟ་བ་ལས་གྲོལ་བར་འགྱུར་རོ། ། རྟེན་འབྲེལ་གྱི་རིགས་པ་འདིས་རྟག་ཆད་ཀྱི་མཐའ་གཉིས་དུས་ཅིག་ཅར་དུ་སེལ་བས། རིགས་པའི་རྒྱལ་པོ་ཞེས་གསུངས་པ་ཡིན་ཏེ། འཇུག་པ་ལས། དེ་ཕྱིར་རྟེན་འབྱུང་རིག་པ་འདི་ཡིས་ནི། །ལྟ་ངན་དྲྭ་བ་མཐའ་དག་གཅོད་པར་བྱེད། །ཅེས་གསུངས་པའི་ཕྱིར། རྟེན་འབྲེལ་གྱི་གཏན་ཚིགས་ཀྱི་གནད་འདི་མ་གོ་བས། དངོས་སྨྲ་བ་རྣམས་ཀྱིས་ས་མྱུག་གཉིས་རང་བཞིན་གྱིས་གྲུབ་སྟེ། ས་བོན་གྱིས་མྱུ་གུ་སྐྱེད་པའི་དོན་བྱེད་ནུས་པའི་ཕྱིར་ཞེས་སྨྲས་ལ། ཐལ་འགྱུར་པས་གཞལ་ན་འགལ་ཁྱབ་ཡིན། ཕྱི་རོལ་པ་རྣམས་ཀྱིས་རྟེན་འབྲེལ་གྱི་གནད་མ་གོ་བར། དངོས་པོ་རྣམས་རྒྱུ་མེད་དང༌། ངོ་བོ་ཉིད་ཀྱི་རྒྱུ་དང༌། དབང་ཕྱུག་རྟག་པ་སོགས་ལས་སྐྱེ་བར་འདོད་དགོས་པ་བྱུང་བ་ཡིན་ཞིང༌། རྒྱུ་རྐྱེན་ལས་བྱུང་བའི་རྟེན་འབྲེལ་ནི། རང་རྒྱུད་པ་༼༤༨༠༽དང་ཐུན་མོང་བའི་རྟེན་འབྲེལ་དང༌། རྟོག་པས་བརྟགས་པ་ཙམ་ལས་བྱུང་བའམ། གྲུབ་པ་ནི་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་རྟེན་འབྲེལ་གྱི་དོན་ཡིན་ཞིང༌། དེ་ལྟ་བུའི་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་རྟེན་འབྲེལ་དེ་ནི་སངས་རྒྱས་ཀྱི་དགོངས་བཞེད་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བླ་ན་མེད་པ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། དེ་ཕྱིར་སངས་རྒྱས་རྣམས་ཀྱི་ནི། །བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་ཞེས་བྱ་བ། །ཆོས་ཀྱི་ཁུད་པ་ཡིན་ཤེས་ཀྱིས། །ཞེས་གསུངས་སོ། ། གཞན་ཡང་མྱུ་གུ་རང་བཞིན་གྱིས་མ་གྲུབ་པའི་རྒྱུ་མཚན་གྱིས་ས་བོན་དང་ཆུ་ལུད་དྲོད་གཤེར་སོགས་ཀྱི་རྒྱུ་རྐྱེན་གྱི་རྟེན་འབྲེལ་ཚོགས་ན་སྐྱེ་ཡི། རྡོ་བ་དང་མགལ་དུམ་སོགས་ལས་མི་སྐྱེ་བ་ནི། སྟོང་པ་རྟེན་འབྲེལ་གྱི་དོན་དུ་ཤར་བ་དང༌། མྱུ་གུ་རྒྱུ་རྐྱེན་ཚོགས་པ་ལས་སྐྱེ་བའི་རྒྱུ་མཚན་གྱིས་རང་ངོས་ནས་སྐྱེ་བ་མ་གྲུབ་པ་ནི། རྟེན་འབྲེལ་སྟོང་པའི་དོན་དུ་ཤར་བའི་གནད་ཡིན་ནོ། ། གསུམ་པ་མཇུག་གི་དོན་ལ་གཉིས། ཉམས་སུ་བླངས་པར་བསྐུལ་བ་དང༌། རྩོམ་པ་མཐར་ཕྱིན་པའི་བྱ་བའོ། །དང་པོ་ནི། དེ་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི། །གནད་རྣམས་རང་གིས་ཇི་བཞིན་རྟོགས་པའི་ཚེ། ། དབེན་པ་བརྟེན་ཏེ་བརྩོན་འགྲུས་སྟོབས་བསྐྱེད་ནས། །གཏན་གྱི་འདུན་མ་མྱུར་དུ་སྒྲུབས་ཤིག་བུ། ། ཞེས་གསུངས་ཏེ། གོང་དུ་བཤད་པ་དེ་ལྟར་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་སྟེ་ལམ་གྱི་གཙོ་བོ་རྣམ་པ་གསུམ་ཉམས་སུ་ལེན་ཚུལ་གྱི་ཟབ་མོའི་གནད་འགག་རྣམས་ཐོས་བསམ་གྱིས་གཏན་ལ་ཕབ་ནས་རང་གིས་ཇི་ལྟ་བ་བཞིན་དུ་འཁྲུལ་པ་མེད་པ་རྟོགས་པ་དེའི་ཚེ་ན་ཆོས་བརྒྱད་དང་འདུ་འཛིས་དབེན་ཞིང༌། གྲོང་ལས་རྒྱང་གྲགས་ཀྱིས་འཕགས་པའི་སྤང་ལྗོངས་སམ་ནགས་ཚལ་གྱི་དགོན་པ་ཡིད་དང་མཐུན་པ་བརྟེན་པར་བྱས་ཏེ་གནས་སྐབས་ཀྱི་བདེ་བའི་རོ་ལ་མ་སྲེད་པར་དྲག་༼༤༨༡༽ལ་ཡུན་རིང་བའི་མི་རྟག་པའི་ལྕག་གིས་བསྐུལ་བའི་བརྩོན་འགྲུས་ཀྱི་སྟོབས་ཆེས་ཆེར་བསྐྱེད་ནས་རྩེ་གཅིག་ཏུ་ཉམས་སུ་ལོང་ལ་རང་གཞན་གྱི་དོན་ཐམས་ཅད་བདེ་བླག་ཏུ་འགྲུབ་པའི་སྐྱེ་བ་གཏན་གྱི་འདུན་མ་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་སྒྲུབས་ཤིག་བུ་སྐལ་ལྡན་ངག་དབང་གྲགས་པ་ཞེས་རྗེ་རིན་པོ་ཆེས་གདམས་པ་ཡིན་ནོ། ། དེའང་ངེས་འབྱུང་དང་སྙིང་རྗེ་ཉམས་སུ་ལེན་ཚུལ་ནི་སྔར་སྨོས་པ་ལྟར་ལ། རྗེ་རིན་པོ་ཆེས། བཀའ་གདམས་ལྟ་བའི་སྐྱོང་ཚུལ་སྟོང་པ་ཉིད་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་སྐྱོང་བར་གསུངས་པའི་དོན། ཐོས་བསམ་གྱི་དུས་སུ་དབུ་མ་ནས་བཤད་པའི་རིགས་པ་ཡང་དག་གིས་གཏན་ལ་ཕབ་པའི་བདག་མེད་ཀྱི་དོན་དེ་ཉིད། སྒོམ་པས་ཉམས་སུ་ལེན་པའི་ཚེ་ནའང༌། འཁོར་བའི་རྩ་བར་གྱུར་པའི་བདག་འཛིན་དེ་སྟོང་ཉིད་ཀྱི་དོན་ལ་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་ཡང་ཡང་དཔྱད་པའི་སྟོབས་ཀྱིས་དྲངས་པའི་ལྷག་མཐོང་གིས་སྤང་དགོས་པའི་ཕྱིར་ལྟ་བ་བསྒོམ་པའི་ཚེ་སྟོང་ཉིད་རང་རྒྱུད་ཀྱི་བློའི་དམིགས་ཡུལ་ཙམ་དུ་བྱས་པས་མི་ཆོག་གི །འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་སྒོམ་དགོས་པར་གསུངས་ཏེ། པོ་ཏོ་བའི་བེ་བུམ་ལས། ཁ་ཅིག་ཐོས་བསམ་དུས་ན་རིགས་པས། །རང་བཞིན་མེད་པར་གཏན་ལ་ཕབ་ལ། །སྒོམ་དུས་མི་རྟོག་འབའ་ཞིག་སྒོམ་ཟེར། །དེ་ལྟ་ན་ནི་འབྲེལ་མེད་སྟོང་ཉིད། །ལོགས་སུ་བསྒོམས་ཕྱིར་གཉེན་པོར་མི་འབྱུང༌། །དེ་ལྟ་བས་ན་སྒོམ་དུས་ཉིད་ནའང༌། །གཅིག་དང་དུ་བྲལ་རྟེན་འབྲེལ་ལ་སོགས། །གང་ལ་གོམས་པས་སོ་སོར་བརྟག་ཅིང༌། །ཅུང་ཟད་མི་རྟོག་ཉིད་དུ་རང་གནས་བྱ། །དེ་ལྟར་བསྒོམས་ན་ཉོན་མོངས་གཉེན་པོ། །ལྷ་གཅིག་རྗེས་སུ་འབྲང་བར་འདོད་ཅིང༌། །ཕ་རོལ་ཕྱིན་ལུགས་སྤྱོད་པར་འདོད་པས། །ཤེས་རབ་སྒོམ་པའི་ལུགས་ནི་དེ་ཡིན། །དེ་ཡང་གང་ཟག་བདག་མེད་གོམས་༼༤༨༢༽པས། །དེ་ནས་དེ་ལྟར་རྗེས་སུ་འཇུག་བྱ། །ཞེས་གསུངས། སྒོམ་ཚུལ་འདི་དག་ནི། ཕ་རོལ་ཏུ་ཕྱིན་པའི་ལྟ་བའི་སྐྱོང་ཚུལ་ཡིན་ཅིང༌། དེའི་ནང་ནས་ཀྱང་སོ་སྐྱེ་ལས་དང་པོ་པས་ལྟ་བ་ཐོག་མར་སྐྱོང་བའི་སྐབས་ཡིན་པས། གཏན་ཚིགས་སམ་རྒྱུ་མཚན་ཡང་དག་ལ་བརྟེན་པའི་རིགས་ཤེས་རྗེས་དཔག་གིས་བདག་མེད་བསྒོམ་པ་ཡིན་ལ། དེ་ལ་བདག་མེད་པའི་རྒྱུ་མཚན་ཡང་ཡང་བསམས་པའི་དཔྱད་པ་མ་བྱས་ན། རིགས་ཤེས་དེས་དྲངས་པའི་བདག་མེད་ངེས་པའི་ངེས་ཤེས་ཤུགས་ཅན་མི་སྐྱེ་ཞིང༌། དེ་མ་སྐྱེས་ན་བདག་མེད་ལ་དམིགས་པའི་སྒོམ་བྱུང་སྐྱེ་བ་མི་སྲིད། དེ་མ་སྐྱེས་ན་བདག་མེད་མངོན་དུ་འགྱུར་བ་མི་སྲིད་པའི་ཕྱིར། དཔེར་ན་མི་རྟག་པ་དང༌། ལས་འབྲས་དང་འཁོར་བའི་ཉེས་དམིགས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སོགས་བསྒོམ་པའི་ཚེ། བདག་ནི་འཆིའོ་སྙམ་པ་ཙམ་གྱི་འཛིན་སྟངས་གཅིག་ཁོ་ན་བཟུང་བས་མི་ཆོག་པར། བདག་ངེས་པར་འཆི། མྱུར་དུ་འཆི། ནམ་འཆི་ལ་ངེས་པ་མེད་པའི་རྒྱུ་མཚན་ཞིབ་ཏུ་བསམས་དགོས་པ་བཞིན་ཡིན་པའི་ཕྱིར་ཏེ། དེ་ལྟར་ཡང་ལྷག་མཐོང་ཆེན་མོ་ལས། ལུང་དང་རིགས་པས་སྒོ་དུ་མ་ནས་དཔྱོད་པ་ནི་བདག་མེད་པའི་དོན་མ་རྟོགས་པས་རྟོགས་པའི་དོན་དུ་ཡིན་ལ། ལྟ་བ་ཡང་རྙེད་ཟིན་པས་སྒོམ་པའི་ཚེ་མི་དགོས་སོ་སྙམ་ན། དེ་ལྟར་མཐོང་ལམ་དུ་བདག་མེད་པ་མངོན་སུམ་དུ་རྟོགས་པ་ཡིན་པས། དེ་ནས་མཐོང་ཟིན་པ་དེ་སྒོམ་པ་དོན་མེད་པར་འགྱུར་རོ། །གལ་ཏེ་དེ་ནི་སྒོམ་དགོས་ཏེ་སྒོམ་སྤང་རྣམས་གོམ་པས་སྤོང་གི །མཐོང་བ་ཙམ་གྱིས་མི་སྤོང་ངོ་སྙམ་ན། མཚུངས་༼༤༨༣༽ཏེ་འདིར་ཡང་སྔར་ཐོས་བསམ་གྱིས་གཏན་ལ་ཕབ་པས་ངེས་ཟིན་ཀྱང་གཏན་ལ་འབེབས་པ་ལ་གོམས་པར་བྱེད་དགོས་པའི་ཕྱིར་ཏེ། ཇི་ཙམ་གཏན་ལ་འབེབས་པ་དེ་གོམས་པར་བྱས་པ་དེ་ཙམ་དུ་ངེས་པ་ཤུགས་དྲག་པ་དང་རྒྱུན་རིང་བ་རྣམས་གསལ་བ་དང་བརྟན་པར་འགྱུར་བ་སོགས་སུ་མཐོང་བའི་ཕྱིར་རོ། །དེས་ན་རྣམ་འགྲེལ་ལས། ངེས་པ་དང་ནི་སྒྲོ་འདོགས་ཡིད། །གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར། །ཞེས་གསུངས་པ་ལྟར། དེ་གཉིས་གནོད་བྱ་གནོད་བྱེད་ཡིན་པ་ངེས་པ་ཇི་ལྟར་བརྟན་པ་དང་ཤུགས་དྲག་པ་སོགས་སུ་སོང་བ་དེ་ཙམ་དུ་སྒྲོ་འདོགས་ལ་གནོད་པས་འདིར་ཡང་རང་བཞིན་མེད་པའི་ངེས་པ་ཇེ་འཕེལ་དུ་བཏང་དགོས་ལ། དེ་ཡང་གནོད་བྱེད་དང་སྒྲུབ་བྱེད་དུ་མའི་སྒོ་ནས་བསམ་དགོས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་མི་རྟག་པ་དང་ལས་འབྲས་དང་འཁོར་བའི་ཉེས་དམིགས་དང་བྱང་ཆུབ་ཀྱི་སེམས་དང༌། བྱམས་པ་དང་སྙིང་རྗེ་སོགས་ལའང་དེ་དག་གི་གོ་བ་རྙེད་ནས་མི་དཔྱོད་པར་བདག་ནི་འཆིའོ་སྙམ་པ་ཙམ་གྱི་འཛིན་སྟངས་ཁོ་ན་བཟུང་ནས་བརྐྱང་དགོས་པར་འགྱུར་ཏེ། རྒྱུ་མཚན་ཀུན་ནས་མཚུངས་པའི་ཕྱིར་རོ། །དེས་ན་ངེས་པ་རྣམ་དག་འདྲེན་པ་ལ་ནི་བདག་ནི་འཆིའོ་སྙམ་པ་དང༌། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པ་དང༌། སེམས་ཅན་སྙིང་རེ་རྗེ་སྙམ་པ་ཙམ་ལ་སོགས་པ་དམ་བཅའ་ཙམ་རེས་མི་ཆོག་གི རྒྱུ་མཚན་སྒོ་དུ་མ་ནས་བསམ་དགོས་པ་བཞིན་དུ། རང་བཞིན་མེད་པའི་ངེས་པ་བརྟན་པ་དང་ཤུགས་དྲག་པ་སོགས་ཀྱང་དམ་བཅའ་ཙམ་ཞིག་བཟུང་བས་མི་ཆོག་གི་གནོད་བྱེད་དང་སྒྲུབ་བྱེད་སྒོ་དུ་མ་ནས་བསམ་དགོས་ཏེ། སྐྱེས་བུ་ཆུང་ངུའི་སྐབས་སུ་ཡང་དང་ཡང་དུ་བཤད་ཟིན་ཏོ། །ཞེས་གསུངས་པ་ལྟར་རོ། ། ལམ་གཙོ་གསུམ་པོ་འདི་མདོ་རྒྱུད་ཀུན་གྱི་གནད་འདུས་ཡིན་པའི་ཕྱིར། ༼༤༨༤༽བཀའ་གདམས་པའི་དགེ་བཤེས་གོང་མ་རྣམས་ཀྱི་ཡང་གདམས་པའི་སྙིང་པོ་བླ་ན་མེད་པར་མཛད་དེ། དགེ་བའི་བཤེས་གཉེན་འབྲོམ་སྟོན་པ་ལ་འཕེན་ཡུལ་སྦྲས་ཀྱིས་འབྲོམ་མིང་སྲིང་གཉིས་ཀྱིས་བསྙེན་བསྐུར་ཞུས་ནས། བཤེས་གཉེན་ཆེན་པོ་ལ་ཇོ་བོ་རྗེ་ལྷ་གཅིག་གི་གདམས་ངག་བུམ་པ་གང་བྱོའི་ཚུལ་དུ་མངའ་བ་ལགས་པས། དེ་རིང་སངས་རྒྱས་ཐོབ་པའི་གདམས་ངག་གཅིག་མི་གསང་བར་ཞུ་འཚལ་ཞུས་པས། སྟོན་པའི་ཞལ་ནས། དང་པོ་འཆི་བ་མི་རྟག་པ་དང་ལས་རྒྱུ་འབྲས་མང་དུ་བསྒོམས་ལ་རང་གི་ཁས་བླངས་པའི་བསྲུང་སྡོམ་ཀུན་དག་པར་བྱ། བྱམས་པ་དང་སྙིང་རྗེ་མང་དུ་བསྒོམ་ལ་བྱང་ཆུབ་ཀྱི་སེམས་བརྟན་པར་བྱ། དེའི་ཕྱིར་ཚོགས་གཉིས་ཐབས་སྣ་ཚོགས་ཀྱི་སྒོ་ནས་བསག །སྡིག་པ་ཐབས་སྣ་ཚོགས་ཀྱི་སྒོ་ནས་སྦྱང་བ་ལ་འབད་པར་བྱ། ཆོས་ཐམས་ཅད་འཁོར་གསུམ་མི་དམིགས་པའི་རྩིས་ཟིན་པས་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱ། དེ་ལྟར་བྱས་ན་ཇོ་བོ་རྗེ་དང་མ་མཇལ་སྙམ་པའི་མྱ་ངན་བྱ་མི་དགོས། སངས་རྒྱ་བར་བྱེད་པ་ལ་ཆོས་དེ་ལས་མེད། ཕྱིས་ནས་འབྲོམ་རྒན་པོ་དང་མ་འཕྲད་སྙམ་པའི་མྱ་ངན་བྱ་མི་དགོས་གསུངས། ཨང༌། ཡང་དགེ་བཤེས་སྟོན་པ་ལ་སློབ་མ་སྐུ་མཆེད་གསུམ་གྱིས་ཐམས་ཅད་མཁྱེན་པའི་ལམ་ཐམས་ཅད་ཀྱི་དོན་མདོར་བསྡུས་ནས་ཉམས་སུ་བླང་བའི་ཐབས་གཅིག་ཞུ་ལགས་ཞུས་པས། འབྲོམ་སྟོན་པའི་ཞལ་ནས། རྟེན་གྱི་གང་ཟག་གཅིག་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་བྱེད་པ་ལ་ལམ་གྱི་འཇུག་སྒོ་བསླབ་བྱ་བསམ་གྱིས་མི་ཁྱབ་པ་གཅིག་ཡོད་ཀྱང་རྒྱུད་ལ་སྐྱེ་བར་བྱ་རྒྱུའི་དངོས་པོ་གཅིག་ལས་མེད། གཅིག་པོ་གང་ཡིན་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན། དེ་ལ་བྱེ་བྲག་ཏུ་ཕྱེ་ན་སྟོང་པ་ནི་དོན་དམ་བྱང་ཆུབ་ཀྱི་སེམས་ཏེ། ཆོས་ཐམས་ཅད་ཀྱི་༼༤༨༥༽རང་བཞིན་ནམ་གནས་ལུགས་ཡེ་ནས་སྐྱེ་མེད་དུ་རྟོགས་པ་དེ་ཡིན། སྙིང་རྗེ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཏེ་དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེས་པ་དེ་ཡིན། དེས་ན་ཐེག་པ་ཆེན་པོའི་ཉམས་སུ་ལེན་པ་རྣམས་ཀྱི་དང་པོ་བྱང་ཆུབ་ཀྱི་སེམས་གཉིས་པོ་དེ་རྒྱུད་ལ་མ་སྐྱེས་པ་སྐྱེ་བར་བྱེད་པའི་ཐབས་ལ་འབད་ཅིང༌། བར་དུ་ཡང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་རྒྱུད་ལ་སྐྱེས་པ་དེ་ཉིད་ལ་སྦྱངས་པས། ཐ་མ་མཐར་ཕྱིན་པའི་འབྲས་བུ་ཆོས་སྐུ་དང་གཟུགས་སྐུ་མངོན་སུམ་དུ་ཐོབ་ངེས་པ་ཡིན། དེ་ལ་དང་པོ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་རྒྱུད་ལ་མ་སྐྱེས་པ་སྐྱེ་བར་བྱེད་པའི་ཐབས་མང་ཡང༌། མདོར་བསྡུ་ནས་ཉམས་སུ་ལེན་པ་ལ། ཐབས་ཀྱི་རྩ་བ་གསུམ། ཡན་ལག་གི་གཙོ་བོ་དགུ་ལས་མེད། དང་པོ་རྩ་བ་གསུམ་ནི། བློ་སྦྱོང་བ་དང༌། ཚོགས་བསགས་པ་དང༌། ཏིང་ངེ་འཛིན་བཙལ་བ་དང་གསུམ་དུ་འདུས། དེ་དག་གི་ཡན་ལག་གི་གཙོ་བོ་དགུ་ནི། དང་པོ་བློ་སྦྱོང་བའི་ཐབས་མང་ཡང༌། མི་རྟག་པ་བསྒོམ་པ་དང༌། བྱམས་སྙིང་རྗེ་བསྒོམ་པ་དང༌། བདག་མེད་གཉིས་བསྒོམ་པ་དང་གསུམ་གཙོ་བོ་ཡིན་ཏེ། བློ་སྦྱོང་གི་ཐབས་སུ་དེ་གསུམ་ཁོ་ན་གཙོ་ཆེ་ཞིང་གཞན་ཐམས་ཅད་དེའི་ཁོངས་སུ་འདུས། ཚོགས་བསགས་པ་ལ་བསགས་ཐབས་མང་ཡང༌། བླ་མའི་བསྙེན་བསྐུར་དང༌། དཀོན་མཆོག་གི་མཆོད་པ་དང༌། དགེ་འདུན་གྱི་བསྙེན་བསྐུར་དང་གསུམ་གཙོ་བོ་ཡིན་ཏེ། ཚོགས་གསོག་གི་ཐབས་དེ་གསུམ་ཁོ་ན་ཆེ་ཞིང་འདུས། ཏིང་ངེ་འཛིན་བཙལ་བ་ལ་བཙལ་ཐབས་མང་ཡང༌། ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བ་དང༌། བརྒྱུད་པའི་བླ་མ་ལ་གསོལ་བ་གདབ་པ་དང༌། ལུས་སེམས་དབེན་པར་བསྟེན་པ་དང་གསུམ་གཙོ་བོ་ཡིན་ཏེ། ཞི་གནས་ལྷག་མཐོང་གི་ཏིང་ངེ་འཛིན་བཙལ་བའི་ཐབས་སུ་དེ་གསུམ་ཁོ་ན་ཆེ་ཞིང་འདུས། དེ་ལྟར་དོན་དགུ་པོ་དེ་དྲིལ་ནས་ཉམས་སུ་བླངས་པས་བྱང་ཆུབ་ཀྱི་སེམས་༼༤༨༦༽རྣམ་པ་གཉིས་ངང་ངམ་ཤུགས་ཀྱིས་རྒྱུད་ལ་སྐྱེ་སྟེ། དོན་དམ་བྱང་ཆུབ་ཀྱི་སེམས་སྐྱེས་ཙམ་ན་ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་སྐྱེ་མེད་སྤྲོས་བྲལ་དུ་ལྷན་གྱིས་རྟོགས་པ་འབྱུང༌། དེ་ཙམ་ན་རང་གི་ནང་དུ་བློ་བདེ་རྙེད་པ་ཡིན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྐྱེས་ཙམ་ན། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་བྱམས་སྙིང་རྗེ་ལྷག་པར་སྐྱེ་སྟེ། བྱ་རྒྱུ་སེམས་ཅན་གྱི་དོན་ལས་མེད་པ་ཅིག་འབྱུང༌། དེ་ཙ་ན་ཅི་བྱས་སེམས་ཅན་གྱི་དོན་དུ་འགྱུར་བ་ཅིག་འོང་བ་ཡིན། དེ་གཉིས་ཟུང་དུ་འབྲེལ་ཏེ་སྟོང་པའི་དུས་ཉིད་ན་མ་འགགས་པའི་སེམས་ཅན་ལ་སྙིང་རྗེ་ལྷག་པར་སྐྱེ་ལ། སྙིང་རྗེའི་དུས་ཉིད་ན་བདག་དང་སེམས་ཅན་གྱི་དངོས་པོ་མ་མཐོང་སྟེ། སྣང་བ་སྒྱུ་མ་ལྟ་བུའི་ངོ་བོ་སྟོང་པར་རྟོགས་ཏེ་ཟུང་འབྲེལ་དུ་སྐྱེས་ཙ་ན་ཐེག་པ་ཆེན་པོའི་ལམ་ཕྱིན་ཅི་མ་ལ་ལོག་པར་ཚུད་པ་ཡིན། དེ་ཉིད་ལ་སྦྱངས་པས་གོམས་པ་མཐར་ཕྱིན་ཙམ་ན་ཆོས་སྐུ་དང་གཟུགས་སྐུ་ལྷུན་གྲུབ་ཐོབ་པ་ཡིན་ཏེ། དོན་དམ་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་ལས་ཆོས་སྐུ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྙིང་རྗེ་ལས་གཟུགས་སྐུ། དེ་གཉིས་དབྱེར་མེད་དུ་སྦྱངས་པ་ལས་ཆོས་སྐུ་དང་གཟུགས་སྐུ་དབྱེར་མེད་དུ་ཐོབ་གསུངས། གཞན་ཡང་འདི་དག་གི་གསུང་སྒྲོས་དང་ཞལ་གདམས་ནི་ཤིན་ཏུ་མང་བར་འབྱུང་ངོ༌། ། གཉིས་པ་རྩོམ་པ་མཐར་ཕྱིན་པའི་བྱ་བ་ནི། ཞེས་པ་འདི་ནི་མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱི་ཚ་ཁོ་དཔོན་པོ་ངག་དབང་གྲགས་པ་ལ་གདམས་པའོ། ། ཞེས་གསུངས་ཏེ་རྒྱལ་བས་གསུངས་པའི་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་ལ་མ་གཟིགས་པའམ་མ་མཁྱེན་པ་གང་ཡང་མེད་པས་མང་དུ་ཐོས་ཤིང་ཐོས་དོན་བསམ་པས་རྣམ་པར་ངེས་པ་དང་བསྒོམས་པས་ཉམས་བཞེས་མཐར་ཕྱིན་པ་ངོ་བོ་འཇམ་དཔལ་གཞོན་ནུ་དང་གཉིས་སུ་མེད་ཀྱང་རྣམ་པ་དགེ་སློང་རྡོ་རྗེ་འཛིན་པའི་ཚུལ་དུ་བཞུགས་པ་ཡོངས་སུ་གྲགས་པའི་མཚན་བློ་བཟང་གྲགས་པའི་དཔལ་གྱིས་སློབ་མའི་ཐུ་བོ་ངོ་༼༤༨༧༽མཚར་བའི་རྣམ་ཐར་དུ་མ་མངའ་ཞིང་སྐུ་ཚེ་ཕྱི་མར་ཀུན་མཁྱེན་ལེགས་པ་དོན་གྲུབ་ཏུ་འཁྲུངས་ནས་ཟུང་འཇུག་གི་གོ་འཕང་མངོན་དུ་མཛད་པ་རྒྱལ་རོང་ཚ་ཁོ་དཔོན་པོ་ངག་དབང་གྲགས་པ་ལ་ཐུགས་བརྩེ་བས་གདམས་པའི་སྙིང་པོར་གནང་བའོ། ། རྒྱལ་གསུང་སྙིང་པོ་བསྡུས་པའི་ལེགས་བཤད་ཕུལ། །འཇམ་དབྱངས་གཉིས་པའི་གཞུང་བཟང་བཻཌཱུརྻ། །འགྲེལ་བཤད་རྒྱལ་མཚན་མངོན་མཐོའི་རྩེར་བཀོད་ཀྱང༌། །བློ་རྨོངས་འཇུག་བདེའི་དགའ་སྟོན་འདི་བསྐྲུན་ཏོ། །སྲིད་པའི་དཔལ་ལས་ངེས་འབྱུང་བློ་གྲོས་བརྟན། །ལྷག་བསམ་བྱང་སེམས་གསེར་གྱི་ཡོལ་གོ་རུ། །རྣམ་དག་ལྟ་བའི་བདུད་རྩི་ཡོངས་བསྐྱིལ་བས། །ཐར་འདོད་རྒུད་པ་སེལ་བའི་ཉེར་འཚོར་ཤོག །བཀའ་གདམས་བརྒྱུད་པའི་ལྟ་སྤྱོད་དྲི་མ་མེད། །བདག་གཞན་འགྲོ་བའི་རྒྱུད་ལ་ལེགས་འབྱོར་ཏེ། །ཆོས་ལྟར་བཅོས་པས་ནམ་ཡང་མི་བསླུ་བར། །ཇོ་བོ་ཡབ་སྲས་དགོངས་པ་སྐོང་བྱེད་ཤོག ། ཅེས་པ་འདི་ཉིད་ཀྱི་བཤད་རྒྱུན་ཀུན་གཟིགས་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་རྒྱལ་དབང་ལྔ་པ་ཆེན་པོ་དང༌། པཎ་ཆེན་རིན་པོ་ཆེའི་འགྲེལ་ཊཱིཀ་སྟེང་ནས་བཀའ་དྲིན་ཏུ་སྩལ་བ་ཐོབ་ཅིང་གདམས་ངག་རིན་པོ་ཆེའི་མཛོད་དུ་རྒྱུན་བཞུགས་པ་ལ་ཉེ་བར་མཁོ་བས་མཚམས་སྦྱར་ཏེ་དངུལ་ཆུ་བ་དྷརྨ་བྷ་དྲའི་འགྲེལ་བསྡུས་སོར་བཞག །དོན་འདུས་གོ་སླའི་ཚུལ་དུ་ཐུབ་བསྟན་རིས་མེད་ལ་དད་པའི་སྣང་བ་ཡངས་པོར་བརྡལ་བ་ཀུ་སཱ་ལི་བློ་གྲོས་མཐའ་ཡས་ཀྱིས་ཁམས་ཀྱི་ཟབ་བུ་ལུང་རྫོང་ཤོད་ཀྱི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།༼༤༨༨༽

Notes[edit]

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net