volume 026 600

From Rangjung Yeshe Wiki Texts
Jump to navigation Jump to search
The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.


༄༅། །རྨི་ལམ་ཉི་ཟླ་སྒོ་འབྱེད་བཞུགས་སོ། །

« རྨི་ལམ་ནམ་མཁའ་སྒོ་འབྱེད་ནི། བསགས་སྦྱང་ལས་དང་བག་ཆགས་འདུན་པས་རྨི་ལམ་བཟུང༌། །ཞེས་པས། དེ་ལ་གསུམ་སྟེ། སྔོན་དུ་བསགས་སྦྱངས་ལ་འབད་པ། ཉིན་མོ་བག་ཆགས་གོམས་སུ་གཞུགས་པ། གཉིད་ལ་འགྲོ་ཁར་འདུན་པ་བཏང་བའོ། །དང་པོ་རྨི་ལམ་འཛིན་པའི་དུས་སུ། ཞག་བདུན་གྱི་གོང་ནས་ཚོགས་དང་མཆོད་པ་དང༌། གཏོར་མ་བཤམས་ལ། བླ་མ་ལ་རྨི་ལམ་ཟིན་པའི་གསོལ་བ་དྲག་ཏུ་གདབ། དཀོན་མཆོག་ལ་མཆོད་པ་ཕུལ། ཆོས་སྐྱོང་ལ་གཏོར་མ་བཏང༌། མཁའ་འགྲོ་ལ་ཚོགས་འཁོར་བསྐོར་ལ་རྨི་ལམ་ཟིན་པར་གསོལ་བ་འདེབས། ཡི་གེ་བརྒྱ་པ་བཟླ། ཉིན་མོར་བག་ཆགས་གོམས་སུ་གཞུག་པ་ནི། ཉིན་མོའི་དུས་སུ་འགྲོ་འདུག་སྤྱོད་ལམ་ལ་སོགས་པ་གང་བྱེད་ཀྱང༌། རྨི་ལམ་ཡིན། བདེན་པ་ཡང་དག་པ་མ་ཡིན་སྙམ་པར་བྱ། ཉིན་མོའི་བྱ་བ་ཐམས་ཅད་རྨི་ལམ་དུ་ཤེས་ན། མཚན་མོའི་རྨི་ལམ་ཟིན་པ་ལ་ཚེགས་མི་འབྱུང་ངོ༌། ། གཉིད་དུ་འགྲོ་ཁར་འདུན་པ་བཏང་བ་ནི། མཚན་མོའི་དུས་སུ་རང་ཡི་དམ་དུ་སྒོམ་པའི་མགྲིན་པར་པདྨ་དམར་པོ་འདབ་མ་བཞི་པ་ཞིག་བསྒོམ། དེའི་ལྟེ་བར་བླ་མའི་སྐུ་ཚོན་གང་བ་ཞིག་བསྒོམ། དེའི་ཐུགས་ཀའི་ཧཱུཾ་ལ་དམིགས་པ་གཏད་ལ། དུས་དོ་ནུབ་རྨི་ལམ་ཟིན་པར་བྱའོ་སྙམ་པའི་འདུན་པ་དྲག་པོ་ཡང་དང་ཡང་དུ་གཉིད་ལ་མ་སོང་གི་བར་དུ་བྱའོ། །དེ་ནས་གཉིད་དུ་སོང་བ་དང༌། ཡུད་ཅིག་བརྒྱལ་འགྲོ །བརྒྱལ་སངས་པ་དང་རྨི་ལམ་ཟི་ལོངས་སེར་འགྲོ །དེ་ཤར་བ་དང༌། སྔར་གྱི་ཉམས་ལེན་གྱི་རྟེན་འབྲེལ་གྱིས། རྨི་ལམ་ཟིན་པར་འབྱུང་སྟེ། ང་གཉིད་དུ་སོང་འདུག་རྨི་ལམ་ཡིན་པར་འདུག་སྙམ་པ་འབྱུང༌། དེ་ཙ་ན་འོད་གསལ་གཟུང་བར་བྱ་སྟེ། འོད་གསལ་ནི་རིག་པ་སྟོང་གསལ་འཛིན་མེད། བདེ་སྟོང་ཟུང་འཇུག་གི་ངང་དུ་ཙེན་གྱིས་བཞག་པས། དེ་རིང་ཉིན་མོའི་བསྒོམ་དེ་དོ་ནུབ་གཉིད་ཁུང་དུ་འོང་སྟེ། རིག་པ་གསལ་སྟོང་མཐའ་དབུས་མེད་པ་དེའི་ངང་ལ་བཞག་པས། ཉིན་མོའི་སྒོམ་དེ་དོ་ནུབ་གཉིད་དུ་སོང་བའི་དུས་སུ་འབྱུང་སྟེ། དེ་ནི་འོད་གསལ་གྱི་ངོ་བོ་ཡིན་པས། གཉིད་ལྷངས་ཀྱིས་སད་པ་དང༌། ཤེས་པ་སྒོམ་ཐོག་ཏུ་ཙེན་གྱིས་གནས་པ་འབྱུང༌། གལ་ཏེ་ནུབ་དང་པོ་ལ་མ་བྱུང་ན། གཉིས་པ་དང་གསུམ་པ་ལ་སོགས་པ་ཞག་བདུན་ནམ། བཞི་བཅུ་ཞེ་དགུའི་བར་དུ་ཡང་ཉམས་སུ་བླང་བར་བྱའོ། །ཆང་དང་སྒོག་པ་མི་ཟ། གོས་སྐྱི་ཆགས་མི་བགོ །གྲོགས་སྡིག་ཅན་དང་མི་འགྲོགས་སོ། །རྨི་ལམ་ཉི་ཟླ་སྒོ་འབྱེད་རྫོགས་སོ།། །།«ཀུན་མཁྱེན་དྲི་མེད་པས་མཛད་པའོ། །དགེའོ། «མེས་པོའི་ཤུལ་བཞག་ལས། ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ། ༼༢༦༽»- PAGE 44 -- PAGE 43 -