volume 011 356

From Rangjung Yeshe Wiki Texts
Jump to navigation Jump to search
The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.


༄༅། །ཟབ་མོ་པྲ་ཁྲིད་བཞུགས་སོ། །

« ཟབ་མོ་པྲ་ཁྲིད་ཅེས་བྱ་བ། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། ། རྡོ་རྗེ་མཆོག་གསུམ་སྒྲུབ་པའི་དཀྱིལ་འཁོར་དུ། །ཡོན་ཏན་རབ་རྫོགས་སྣང་སྲིད་སངས་རྒྱས་ཞིང༌། །ཡེ་ནས་ཡབ་ཡུམ་ཐབས་ཤེས་འདུ་འབྲལ་མེད། ། གཉིས་མེད་བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །རྣལ་འབྱོར་འབྲས་བུ་ཚེ་གཅིག་ངེས་པའི་ལུང༌། །རྡོ་རྗེའི་ལུས་ལ་ཐབས་ལམ་སྙིང་པོར་བྱེད། །དེ་ཡི་ལག་ལེན་ཟངས་ཀྱི་ཡི་གེའི་དོན། །ཉམས་མྱོང་གནས་བསྡུས་ཟབ་མོའི་པྲ་ཁྲིད་བྱ། །འདི་ལ་གསུམ་སྟེ། རྟེན་རྩའི་མན་ངག» «།བརྟེན་པ་རླུང་གི་མན་ངག» «ཁམས་བདེ་བ་ཆེན་པོའི་མན་ངག་གོ» «།དང་པོ་རྩ་ཡུར་བ་དང་འདྲ་ལ། རླུང་དང་ཐིག་ལེའི་རྟེན་ཡིན་པས། སྔོན་དུ་མ་སྦྱངས་ན་རླུང་ཐིག་སྒོམ་དུ་མི་རུང་བའི་ཕྱིར་ཐོག་མར་སྦྱང་དགོས། འདི་ལ་རྩའི་གཙོ་བོ་གསུམ། འཁོར་ལོ་བཞི་ཡི་རྩ་བྲན་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང༌། གཏུམ་མོ་ཡེ་ཤེས་ཀྱི་མེ་དབུ་མར་དག་པས་ཐམས་ཅད་ཞར་ལ་འབྱོངས་བའི་ཕྱིར། དེའི་མན་ངག་ནི། དྲང་སྲོང་གི་འདུག་སྟངས་ཀྱིས་ཙོག་པུར་འདུག་ལ། པུས་འཁྱུད་བཅིངས་ལ་བླ་མའི་རྣལ་འབྱོར་གྱི་རྗེས་ལ། རང་ཉིད་ཕག་མོ་དམར་མོ་གཅེར་བུ་གྲི་གུག་དང་ཐོད་པ་ཁ་ཊྭཱཾ་ག་དང་རུས་པའི་རྒྱན་ཅན། སྤྱན་གསུམ་པ། བཞད་པ་ཞབས་བརྐྱང་བསྐུམ་དུ་བཞུགས་པ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན། །བདེ་དྲོད་རབ་ཏུ་འབར་བར་བསྒོམས་པའི་གསང་བ་ནས་སྤྱི་གཙུག་གི་བར། རྩ་དབུ་མ་མདའ་སྨྱུག་ལྟར་དྲང་ལ། སྦུབས་མ་ཡོའི་བའི་འོག་སྒོར་ཨ་ཡྃ་གཉིས་སུ་མེད་པ་ཡེ་ཤེས་ལྔའི་རླུང་འོད་ལྔའི་གོང་བུ་སྲན་མ་ཙམ། ལྟེ་བར་ཧྲི་མྃ་གཉིས་སུ་མེད་པ་མེའི་གོང་བུ་སྲན་མ་ཙམ་པ་དང༌། ཡར་སྣ་སྤྱི་བོ་ནས་མར་སྣ་ལྟེ་བ་ལ་ཧཾ་བྃ་གཉིས་སུ་མེད་པ་བྱང་ཆུབ་སེམས་ཀྱི་གོང་བུ་སྲན་མ་ཙམ་བསྒོམ་སྟེ། འོག་རླུང་འཐེན། སྟེང་རླུང་མནན། ཕོ་འོག་ལྟེ་བའི་མེ་ལ་ཤེས་པ་གཏད་ལ། རླུང་དལ་བུས་ཕྱིར་སོང༌། རང་སོར་དར་ཅིག་ཀློད། ནང་དུ་འཇུག་དུས་སྣ་བུག་གཡས་ནས་དབུ་མའི་བར་རོ་མ་དར་སྐུད་ལྟར་དཀར་བ་དང༌། གཡོན་རྐྱང་མ་དར་སྐུད་ལྟར་དམར་བ་ནས་སྣོད་བཅུད་ཐམས་ཅད་ནམ་མཁའ་གཅིག་ཏུ་སྔོ་ཕྱམ་གྱུར་པ་དེ་ཚུར་བྱུང་ནས། འོག་སྒོའི་རླུང་གི་གོང་བུ་ལ་ཕོག» «།གསལ་བདེ་མི་རྟོག་པའི་ཡེཤེས་སུ་གྱུར། དེའི་ངད་ཀྱི་རླུང་ལྔའི་དངས་མ་དུ་བ་ལྟར་ཡར་སོང༌། ལྟེ་བའི་མེ་ལ་རེག» «།བདེ་ལ་དྲོད་དུ་འབར་བའི་ཡེ་ཤེས་སྐྱེས། དེའི་ངང་མེའོ་འོད་ཟེར་སེར་པོ་རྟ་རྔ་ཙམ་ལས་དམིགས་པ་ཇེ་བརྟན་ལ་སོང་དུས་ཇེ་སྦོམ་དུ་འབར་བས་སྤྱི་བོའི་ཧཾ་བྃ་བྱང་ཆུབ་སེམས་ཀྱི་གོང་བུ་ལ་རེག» «།སྟོངཔ་དེ་རང་གསལ་དག་པའི་ཡེ་ཤེས་སྐྱེས། དེའི་ངད་ཀྱིས་དངས་མ་བདུད་རྩིའི་ཐིག་པའི་ཚུལ་དུ་དཀར་ལ་དམར་ཆགས་པ་ནར་ནར་མར་བབས་མེ་གསོས་བྱས། བདེ་དྲོད་ཆེར་འབར་དབུ་མའི་ནང་ཐམས་ཅད་ཁྱབ། ཇེ་ཆེར་འབར། སྤྱི་བོ། མགྲིན་པ། སྙིང་ག་གསང་གནས་ཁྱབ་པར་བདེ་དྲོད་ཡེ་ཤེས་ཀྱི་མེ་བཟོད་པར་དཀའ་བས་ཁྱབ། མཐར་བ་སྤུའི་ཁུང་ཐམས་ཅད་ནས་ནང་གི་བདེ་དྲོད་མེའི་འོད་ཟེར་ཕྲ་མོ་འབར་བས་ལུས་ཕྱི་ནང་དྲོད་དུ་འབར་ཞིང༌། རླུང་གིས་བསིལ། མེས་དྲོས། ཁམས་ཀྱི་བདེ་བ་ཆེན་པོར་ཁྱབ་པ་ལ་མ་ཡེངས་པར་བརྩོན་པས་བསྒོམ་ཞིང༌། རྒྱུ་ཞབས་འུབས་སེ། ཨ་ལོང་ཚུམ་མེ། འོག་རླུང་ཐེན་ནེ་བྱས་པས། སྟེང་རླུང་རྩོལ་མེད་ནང་དུ་བསྐྱིལ་དུས་འདོད་པ་ཡིན་ནོ། །དེ་ལྟར་བསྒོམས་པས་དང་པོ་ཁམས་བདེ་བ་ཆེན་པོར་ཁྱབ་པ་ལ་མ་ཡེངས་པར་བརྩོན་པས་བསྒོམ་ཞིང༌། དྲོད་ཁོལ་བུར་སྐྱེ། དེ་ནས་མཆེད་དེ་ཁྱབ་པར་སྐྱེའོ། །ཞག་བདུན་དྲོད་ཀྱི་རྟགས་དང་པོ་འབྱུང་སྟེ། ལུས་རྡུལ་བ་དང༌། ཁ་སྐམ་པ་དང༌། ཤེས་པ་བདེའོ། །དེ་ནས་གོས་ཀྱང་ཇེ་སྲབ་ལ་བྱས་པས་བཅུ་བཞི་ན་ཁྱབ་པར་སྐྱེའོ། ། ཉི་ཤུ་རྩ་གཅིག་ན་བརྩོན་པ་རབ་རྣམས་གོས་རྐྱང་རེས་ཆོག་པར་འགྲོ། །འབྲིང་ཟླ་བ་གཅིག་ནས་འགྲོའོ། །ཐ་མ་ཟླ་བ་གཉིས་ནས་འགྲོའོ། །དེའི་བར་ཁ་ཟས་བཅུད་ཅན་བརྟེན་ཤ་ཆང་མེད་དུ་མི་རུང་ངོ༌། །དངོས་སུ་ཉམས་དགའ་བྱིན་འཐིབས། བག་དྲོ། །ཤེས་པ་བདེ། གཟི་བྱིན་སྐྱེ། ཏིང་འཛིན་གསལ། རྨི་ལམ་དུ་བུད་མེད་ཀྱི་ཚོགས་འདུ། མཁའ་འགྲོས་ལུང་སྟོན། བླ་མས་ཆོས་གསུངས་པ་ལ་སོགས་པ་ངོ་མཚར་ཅན་མང་པོ་འབྱུང་ངོ༌། སྔོན་འགྲོ་རྩ་སྦྱོང་བའི་མན་ངག་བསྟན་ཟིན་ཏོ། ། གཉིས་པ་བརྟེན་པ་རླུང་གི་མན་ངག་ལ། རླུང་གི་ཁ་དོག་དབྱིབས། གྲངས་ལ་སོགས་པ་བསླབ་ཐབས་མང་དུ་གསུངས་ཀྱང༌། རང་གནད་མྱོངས་པ་ངེས་པ་དང་བསྟུན་ནས་སྒོམ་པ་ལ། བླ་མའི་རྣལ་འབྱོར་དང༌། ཕག་མོར་གསལ་བ་སྔར་དང་འདྲ་བའི་དབུ་མ་སྔོ་སྐྱ། གཡས་རོ་མ་དཀར། གཡོན་རྐྱང་མ་དམར། དབུ་མའི་འོག་སྒོར། རོ་རྐྱང་གི་སྣ་གཉིས་ཚུད་པའི་འཛོམ་དེར་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡེ་ཤེས་ལྔའི་རླུང་གིས་གང་བའི་དབུས་ན། རིག་པ་རྡོ་རྗེ་སྔོན་པོ་མཐེ་བོང་ཙམ་ལས། ཡེ་ཤེས་ལྔའི་ཁ་དོག་གི་རླུང་ལྔ་འཇའ་འོད་ལྟར་འཕྲོས་པས་དབུ་མའི་ནང་གང་བ་ལ་ཤེས་པ་གཏད་ལ། རླུང་ཕྱིར་དལ་བུས་འཕངས། ཐུན་ཐུང་གཅིག་ཕྱིར་བཟུང་ནས། ནང་དུ་ཟུང་འཇུག་སྔར་བཞིན་སྣོད་བཅུད་ནམ་མཁར་གྱུར་པ་སྣ་བུག་གཉིས་ནས་རོ་རྐྱང་ན་མར་ཞུགས་པས། ཐོད་པར་ཐིམ། གསལ་སྟོང་གི་ཡེ་ཤེས་སྐྱེས། རྡོ་རྗེ་ལས་འོད་ལྔ་འཕྲོས། དང་པོ་དབུ་མ་གང༌། ཡུན་རིང་ཞིག་ན། ལྟེ་བ། སྙིང་ག །སྤྱི་བོ། ལུས་ནང་གང༌། བ་སྤུ་ནས་ཐོན་ཕྱི་དང་ལུང་པ་དང༌། ཡུལ་ཁམས་དང༌། འཇིག་རྟེན་ཐམས་ཅད་ཡེ་ཤེས་ལྔའི་རླུང་གིས་འཇའ་འོད་ལྟར་གང་བ་ལ་དམིགས་ལ། རླུང་རང་མལ་དུ་ཇི་ཙམ་གནས་བཞག་ནས། ཡང་སྔར་བཞིན་འཕང་གཟུང་བྱའོ། །ཕྱིར་དངོས་སུ་བཟུང་བས་ནང་དུ་ཤུགས་ལ་ཟིན་ནས་གསལ་བདེ་མི་རྟོག་པའི་ཏིང་འཛིན་སྐྱེ་བ་ནི། མ་ནིང་གི་རླུང་སྦྱོར་ཞེས་བྱ་སྟེ། འདིའི་གནད་དམ་པའོ། །ཐུན་རྗེས་ཕྱི་ནམ་མཁའ་དག་པ་ཐམས་ཅད་ནང་དུ་ཆུད། ནང་གི་རླུང་ཐམས་ཅད་རྡོ་རྗེ་ལ་འདུས། རྡོ་རྗེ་ཡང་ཇེ་ཕྲ་ལ་མཐར་ཅི་ཡང་མི་དམིགས་པའི་ངང་དུ་དར་ཅིག་ཅི་ཙམ་གནས་པ་བསྒོམས་ལ། ཧ་དྲག་པོ་སུམ་བསྟུད་བརྗོད་པ་དང༌། ཡན་ལག་བཞི་འཕྲད་དུས་གཅིག་བྱས་པས། རླུང་དུག་སེལ་ཏེ་གེགས་མི་འབྱུང་བའི་གནད་དོ། །རླུང་སྦྱོང་འདི་གཞན་དང་མི་འདྲ་སྟེ། གེགས་མེད་ལ་ཡོན་ཏན་སྐྱེ་བར་སླ་བ་ཡིན་ནོ། །དེ་ལྟར་བྱས་པས་ཞག་བདུན་ན་གསལ་ལ་རྟོག་པ་མེད་པའི་ཏིང་ངེ་འཛིན་རང་དངས་སུ་སྐྱེ། བཅུ་བཞི་ན་ཕྱི་ནང་གཅིག་ཏུ་འདྲེས་པའི་ཉམས་འཆར། ཉི་ཤུ་རྩ་གཅིག་ནས་དངས་ལ་རྙོག་པ་མེད་པའི་རིག་པ་ཟང་ཐལ་དུ་མཐོང་སྟེ། སྒོམ་ཁང་དུ་ཡེ་ཤེས་ལྔའི་སྣང་བ་མཐོང་བ་དང༌། མུན་པ་མེད་པར་སྐྱ་སེང་ངེ་བ་དང༌། རྩིག་པའི་ཕྱི་རོལ་ཟང་ཐལ་དུ་མཐོང་བ་དང༌། ཆ་མཐུན་པའི་མངོན་ཤེས་གཞན་གྱི་སེམས་གྱི་འགྱུ་བ་ཕྲ་མོ་ཤེས་པ་དང༌། མངོན་ཤེས་དང་འདྲ་རུང་གི་ཤེས་པ་ཀློང་རྡོལ་བས་ད་གཟོད་མི་ལ་སོགས་པ་གང་བྱུང་གི་དོན་སྤྱི་གསལ་ལམ་འཆར་བ་ཤེས་པ་དང༌། གཉིད་སྲབ་སྟེ་རྨི་ལམ་ཟིན་པ་དང༌། ཤེས་རབ་ཀློང་རྡོལ་དུ་སྐྱེ་བ་དང༌། མགྱོགས་ཤིང་ལུས་ཡང་བ་དང༌། གཞོན་ཤ་ཆགས་པ་ལ་སོགས་པ་འབྱུང་ ངོ༌། །རླུང་གི་མན་ངག་བསྟན་ཟིན་ཏོ། ། གསུམ་པ་ཁམས་བདེ་བ་ཆེན་པོའི་མན་ངག་ལ། རང་ལུས་ཐབས་ལྡན་དང༌། གཞན་ལུས་ཤེས་རབ་ལ་བརྟེན་པ་གཉིས་ལས། དང་པོ་ནི། བསླབ་ཚུལ་དུ་མ་གསུངས་ཀྱང༌། ལག་ཁྲིད་ངེས་པ་ནི། བླ་མའི་རྣལ་འབྱོར་གྱི་རྗེས་ལ། རང་ཉིད་ཀུན་བཟང་ཡབ་ཡུམ་མཐིང་ག་མཉམ་སྦྱོར་རྡོ་རྗེའི་སྐྱིལ་ཀྲུང་ཅན་རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་གསལ་བཏབ་ལ། གསང་བར་རྩ་གསུམ་འདུས་པའི་མདོར་ཤེས་རབ་བྱང་ཆུབ་སེམས་ཀྱི་ས་བོན་ཨ་དམར་པོ་ཉི་མ་ལ་གནས་པ་བདེ་དྲོད་མེའི་རང་བཞིན་དུ་འབར་བ་དང༌། སྤྱི་བོར་ཐབས་བྱང་ཆུབ་སེམས་ཀྱི་ས་བོན་ཧཾ་དཀར་པོ་ཐུར་དུ་ལྟ་བ་མཐེ་བོང་ཙམ་ཟླ་བ་ལ་གནས་པར་བསྒོམས་ལ། འོག་རླུང་དྲག་ཏུ་འཐེན་སྟེང་རླུང་རང་སོར་གནས། སྣོད་བཅུད་དངས་མ་ཡེ་ཤེས་ཀྱི་བདུད་རྩི་དཀར་ལ་དམར་མདངས་ཆགས་པར་གྱུར་བ་སྣ་བུག་རོ་རྐྱང་ནས་སུམ་མདོའི་ཨ་ལ་ཞུགས་པས། བདེ་དྲོད་ཀྱི་མེ་སྐུད་པ་ཙམ་ཡར་འབར་བ་ཧཾ་ལ་རེག་པས། བདུད་རྩི་དཀར་དམར་གྱི་རྒྱུན་བབས། དབུ་མའི་ནང་དངས་མའི་དངས་མས་གང༌། ཡང་མེ་འབར་བདུད་རྩི་བབས་པས་སྤྱི་གཙུག་བདེ་ཆེན་འཁོར་ལོ་གང༌། དགའ་བའི་ཡེ་ཤེས་སྐྱེས། མགྲིན་པར་བབས། ལོངས་སྤྱོད་འཁོར་ལོ་གང༌། མཆོག་ཏུ་དགའ་བའི་ཡེ་ཤེས་སྐྱེས། སྙིང་གར་བབས། ཆོས་ཀྱི་འཁོར་གང༌། དགའ་བྲལ་གྱི་ཡེ་ཤེས་སྐྱེ། ལྟེ་བ་ནས་གསང་བར་བབས་སྤྲུལ་པའི་འཁོར་ལོ་དང༌། བདེ་སྐྱོང་འཁོར་ལོ་གང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས། ཨ་ལས་བདེ་དྲོད་ཡེ་ཤེས་ཀྱི་རང་བཞིན་ཧཾ་ལས་དངས་མ་ཆེར་བབས་པ་ཙམ་གྱིས་སྐྱེས། བཟོད་པར་དཀའ་བ་མཆོག་ཏུ་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེས་པ་ལ་སེམས་བཟུང་ལ། རླུང་དལ་བུས་འཐེན་ལ་སྔར་བཞིན་བསྒོམས་པ་ནི་ཡས་བརྟན་གྱི་དགའ་བ་ཡེ་ཤེས་བསྒོམ་ཚུལ་ལོ། །དེ་ནས་གསང་བའི་དངས་མ་ལྟེ་བར་ཐིམ་བདེ་བའི་ཡེ་ཤེས་རོ་གཅིག་བསྒོམས་པས་དགའ་བའི་ཡེ་ཤེས། ལྟེ་བའི་དངས་མ་སྙིང་གར་ཐིམ་དར་ཅིག་བདེ་བར་བསྒོམས་པས་མཆོག་དགའི་ཡེ་ཤེས། སྙིང་གའི་དངས་མ་མགྲིན་པར་ཐིམ། དར་ཅིག་བསྒོམས་པས་དགའ་བྲལ་གྱི་ཡེ་ཤེས། མགྲིན་པའི་དངས་མ་སྤྱི་བོར་ཐིམ། དར་ཅིག་བསྒོམས་པས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས། སྤྱི་བོའི་དངས་མ་ཡང་དབུ་མའི་ཧཾ་ལ་འདུས། ཨ་ཧཾ་གཉིས་སུ་མི་རྟོག་པ་ཅིར་ཡང་མ་གྲུབ་པ། སྟོང་པ་ཆེན་པོའི་ངང་ལ་དར་ཅིག་གློད་ནས། དར་ཅིག་བསྒོམས་པས། ཀ་དག་གཞིའི་ཡེ་ཤེས་ཀུན་ཏུ་བཟང་པོའི་དགོངས་པ། མས་བརྟན་གྱྀ་དགའ་བཞིའི་ཡེ་ཤེས་ཆོས་ཟད་ཆེན་པོའོ། །དེ་བརྟན་ནས་ཡང་རྩ་གསུམ་འཁོར་ལོ་བཞི་སྔར་བཞིན་བསྒོམས་ལ། སྤྱི་བོའི་ཧཾ་དང་དངས་མ་མགྲིན་པར་འདུས་པས། དར་ཅིག་བདེ་བར་བསྒོམས་པ་དགའ་བའི་ཡེ་ཤེས། མགྲིན་པའི་དངས་མ་སྙིང་གར་ཐིམ། དར་ཅིག་བསྒོམས་པ་མཆོག་དགའི་ཡེ་ཤེས། སྙིང་ཁའི་དངས་མ་ལྟེ་བར་ཐིམ། དར་ཅིག་བསྒོམས་པ་དགའ་བྲལ་གྱི་ཡེ་ཤེས། ལྟེ་བའི་དངས་མ་གསང་བར་ཐིམ། དར་ཅིག་བསྒོམས་པ་ལྷན་ཅིག་སྐྱེས་དགའི་ཡེ་ཤེས། དེ་དབུས་སུ་འདུས་པ་ཨ་ཧཾ་གཉིས་སུ་མེད་པ་བདེ་བ་ཆེན་པོའི་དོན་ལ་དར་ཅིག་བསྒོམས་པ་ཀ་དག་གཞིའི་ཡེ་ཤེས་ཀུན་ཏུ་བཟང་མོའི་དགོངས་པ་བློ་བྲལ་བདེ་སྟོང་ཆེན་པོའམ། ཡུམ་གྱུར་གྱི་དགའ་བའི་ཡེ་ཤེས་བསྒོམ་ཚུལ་ལོ། །དེ་བརྟན་ནས་ཡང་སྔར་བཞིན་རྩ་གསུམ་འཁོར་ལོ་བདུད་རྩིས་གང་བར་བསྒོམས་པའི་རྗེས་ལ། སྤྱི་བོ་ནས་དངས་མ་ཐམས་ཅད་ཧཾ་ལ་འདུས་པ་མགྲིན་པར་བབས། བདེ་བའི་ངང་ལ་བསྒོམས་པ་དགའ་བའི་ཡེཤེས། གསང་བ་ནས་དངས་མ་ཐམས་ཅད་ཨ་ལ་འདུས་པ་ལྟེ་བར་ཐིམ། དར་ཅིག་བསྒོམས་པ་མཆོག་དགའི་ཡེ་ཤེས། མགྲིན་པའི་དངས་མ་ཐམས་ཅད་ཧཾ་ལ་འདུས་པ་སྙིང་གར་ཐིམ་པ་དར་ཅིག་བསྒོམས་པ་དགའ་བྲལ་གྱི་ཡེ་ཤེས། ལྟེ་བའི་དངས་མ་ཐམས་ཅད་ཨ་ལ་འདུས་ཏེ་སྙིང་ཁར་ཐིམ་པ་དར་ཅིག་བསྒོམས་པ་ལྷན་ཅིག་སྐྱེས་དགའི་ཡེ་ཤེས། སྙིང་ཁའི་དངས་མ་དཀར་པོ་ཐམས་ཅད་ཧཾ་ལ་འདུས། དམར་པོ་ཐམས་ཅད་ཨ་ལ་འདུས། ཨ་ཧཾ་གཉིས་གཅིག་ཏུ་འདྲེས་ནས་གཉིས་སུ་མི་རྟོག་པ་ལ་དར་ཅིག་བསྒོམས་པ་ཀུན་བཟང་ཡབ་ཡུམ་མཉམ་པའི་ཡེ་ཤེས། དེ་ཡང་ཇེ་ཕྲ་ལས་ཅི་ཡང་མེད་པའི་ངང་ལ་དར་ཅིག་བསྒོམས་པ་མཉམ་པ་ཆེན་པོའི་ཡེ་ཤེས། དེའི་རྗེས་ལ་སྒོམ་མི་བསྒོམས་ལས་འདས་པའི་བློ་བདེ་གསལ་རྟོག་མེད་སྟོང་པར་རང་ཤར་ཏེ་གཟུང་འཛིན་གང་ཡང་མེད་པ་ནི། ཐབས་ཐམས་ཅད་ཀྱི་རྫོགས་རིམ་ཕྲ་མོ་བསྒོམས་པའི་འབྲས་བུ། ཤེས་རབ་ཐམས་ཅད་ཀྱི་ཡེ་ཤེས་ཟབ་མོར་རྟོགས་པའི་མཐར་ ཐུག» «།རྫོགས་པ་ཆེན་པོ་རང་བྱུང་ཡེ་ཤེས་བློ་བྲལ་འཛིན་པ་མེད་པ་དེ་ཁོ་ན་ཉིད་དོན་དམ་པའི་བདེན་པ། བསམ་བརྗོད་ལས་འདས་པའི་ཡེ་ཤེས་མངོན་དུ་གྱུར་པ་ཞེས་བྱའོ། །ཡས་བརྟན་མཉམ་པ་ཆེན་པོའི་བར་གྱི་བསྒོམ་ཚུལ་ཐམས་ཅད་ལམ་ཡིན་ལ། རང་བྱུང་གི་ཡེ་ཤེས་སྐྱེས་པ་ལམ་གྱི་འབྲས་བུ་རྫོགས་པ་ཆེན་པོའི་མཐར་ཐུག་གི་གཉེར་བྱ་དོན་དམ་བདེན་པའོ། །འདི་ཉིད་ངོས་ཟིན་ནས་བསྒོམས་པས་ཚེ་འདིར་མཆོག་གི་གོ་འཕང་ཐོབ་པའོ། །ཚུལ་འདི་དག་ཀྱང་ཡས་བརྟན་གྱི་དགའ་བ་བཞི་ལ་དངས་མ་དབབ། མས་བརྟན་གྱི་དགའ་བ་བཞི་ལ་རང་གནས་སུ་དྲངས་ལ་བཟུངས་བ་ཀུན་ཏུ་བཟང་པོའི་དགོངས་པ་ཡེ་ཤེས་ཆེན་པོར་སྦ་བའོ། །དེ་ནས་མར་ཐིམ་ཡུམ་གྱི་དགའ་བཞིའི་དུས་ན་དངས་མ་བསྐྱིལ་ཞིང་ལམ་དུ་གཞུག་པས་རྡོ་རྗེའི་བུམ་པར་གཟུང་བ་སྟེ། ཀུན་ཏུ་བཟང་མོའི་དགོངས་པ་ཡེ་ཤེས་ཆེན་པོར་སྦའོ། །དེ་ནས་སྟེང་འོག་གི་འཁོར་ལོ་བཞི་ལ་གཅིག་ལ་གཅིག་ཐིམ་པས་སྙིང་གར་བརྟན་པ་གཉིས་སུ་མེད་པའི་དགའ་བ་བཞིའི་དངས་མ་ཆོས་ཉིད་དུ་དགྲམ་ཞིང་ཀ་དག་ཏུ་ལ་བཟླ་བ་ཀུན་བཟང་ཡབ་ཡུམ་གཉིས་སུ་མེད་པའི་དགོངས་པས་ཡེ་ཤེས་ཆེན་པོར་སྦའོ། །དེ་ནས་སྒོམ་པ་མངོན་དུ་གྱུར་པའི་འབྲས་བུ་རང་བྱུང་རྫོགས་པ་ཆེན་པོའི་ཡེ་ཤེས་མཐོང་བ་ནི་དངས་མ་ཤིན་ཏུ་དངས་མ་ཆེན་པོ་སྦ་བ་སྟེ། འཁོར་བ་མྱང་འདས་སུ་གྲོལ། སྣང་བ་སྟོང་བར་གྲོལ། འཁོར་འདས་དབྱིངས་སུ་ཐིམ། ཆོས་སྐུ་རང་མལ་དུ་འཁྱིལ། ནང་དབྱིངས་ཟད་སར་ཕྱིན། ཀ་དག་དང་ལྷུན་གྲུབ་གཉིས་མེད་དག་པ་མཐར་ཐུག་གི་གྲོལ་ས་ཆེན་པོ་གང་ཡིན་པ་དུས་དེར་གསལ་བ་ཞེས་བྱའོ། །རྒྱུད་ཀུན་ནས་དངས་མ་ཆེན་པོས་རྡོ་རྗེ་འཆང་གི་སྐུ་འགྲུབ་པར་གསུངས་པ་ཚུལ་འདི་ཡིན་ནོ། །གནད་འདི་མ་གོ་བར་ཀུན་རྫོབ་ཀྱི་དངས་མ་དངོས་དེས་རྡོ་རྗེ་འཆང་གི་སྐུ་འགྲུབ་ཟེར་བ་ཧ་ཅང་ཐལ་བའི་རྡོལ་ཐབས་སུ་སྨྲ་བ་སྟེ། རྡོ་རྗེ་འཆང་གི་རིག་པ་མངོན་པར་འདུས་མ་བྱས་པའི་ཆོས་སྐུ་འཇིག་འབྲལ་མེད་པ་དེ། ཀུན་རྫོབ་རྒྱུའི་དངས་མས་སེམས་བསྒྲུབ་མི་དགོས་མི་འགྲུབ། འགྲུབ་ན་འདུས་བྱས་ཀྱི་མཐའ་འཇིག་པས་ཆོས་སྐུ་འཇིག་པར་འགྱུར་རོ། །དེ་ནས་དངས་མ་དངས་མ་ཆེན་པོར་སྦས་དུས་དངས་མ་ཆེན་པོ་རིག་པའི་རང་ངོ་ཅི་ཡིན་པ་མངོན་དུ་རང་རིག་པ་སྟེ། དེ་ཉིད་བརྟན་པས་ཆོས་སྐུ་རང་ས་ཟིན་པས་དངས་མ་ཆེན་པོས་རྡོ་རྗེ་འཆང་འགྲུབ་ཅེས་གསུངས་པ་ཡིན་ནོ། ། འདི་ནི་གསང་བ་སྙིང་ཏིག་གི་ཆ་རྐྱེན་རང་ལུས་ཐབས་ལྡན་གྱི་དགོངས་པ་ཤིན་ཏུ་གསང་བའོ། །སྣོད་ལྡན་རེ་ལས་མང་དུ་མི་སྤེལ་ལོ། །གཉིས་པ་གཞན་ལུས་ཤེས་རབ་ལ་བརྟེན་པ་ལ། སྔོན་དུ་རང་ལུས་འབྱོངས་ཤིང༌། དངས་མ་འབེབས་བཟློག་ལ་དབང་ཐོབ་པ་ཞིག་བྱ་སྟེ། གནད་གཞན་བསྟན་པ་ལས། ཁྱད་པར་ཐིག་ལེ་ནོར་བུའི་ནང་ནས་ཨ་ཝ་དྷུ་ཏི་ནས་སྤྱི་བོའི་ཧཾ་ལ་ཐུག་པ་ཧཱུྃ་གི་བ་ཐག་བརྒྱུས་པ་ལྟར་ཡོད་པས། མས་ཡར་གཅིག་ལ་གཅིག་ཐིམ་དུ་བསམ་ཞིང༌། ལུས་གནད་མིག་བཟློག» «།ལྕེ་རྩེ་རྐན་ལ་དྲིལ། ཨ་ལོང་བཙུམ། གསུས་པ་སྒལ་པར་འུབ་ཀྱིས་སྦྱར། སྐྱིལ་ཀྲུང་གི་སོར་མོ་བསྐུམ། ལག་སོར་བསྐུམ་ལ་བརླ་གཡས་གཡོན་གྱི་སྟེང་ལོགས་སུ་བཟུང༌། རླུང་གནད་ཧཱུྃ་ཞེས་དྲག་ཏུ་ཡར་འཐེན་ཕྱིར་བཟུང་ནས། ཧཾ་ཡང་རང་ཐིམ་ལ་ཅི་ཡང་མེད་པར་སྟོང་པའི་ངང་ལ་དར་རེ་བཞག་པ་དེ་ལ་ཞག་ཉི་ཤུ་རྩ་གཅིག་བསླབས་པས། རྡོ་རྗེ་སྦུབས་སུ་ནུབ། ཐིག་ལེ་གྱེན་དུ་དྲངས། རང་གནས་ཀ་དག་ཏུ་ཁྲེམས་པ་གསུམ་དུས་གཅིག་འབྱུང་ངོ༌། །ཚད་ནི་དངས་མ་རྡོ་རྗེའི་རྩ་བར་བབས་དུས་གྱེན་དུ་བཟློག» «།དེ་ནས་བུམ་པར་བྱུང་དུས་བཟློག» «།དེ་ནས་རྩེ་མོར་བྱུང་དུས་བཟློག་པས། དེ་མ་ཐག་ཏུ་མ་ཟག་པར་སྤྱི་བོར་དྲངས། རང་མལ་དུ་ཁྲེམས། ཅི་ཡང་མི་དམིགས་པའི་ངང་ལ་འབད་མེད་དུ་གནས་པའོ། །ཐུན་རྗེས་རྐང་ལག་ཕྱིར་«སྤྲུ«ག» «།ཧ་དྲག་ཏུ་འདོན། མགོ་དྲག་ཏུ་སྒྲིལ་ལོ། །གནད་འདི་སྔོན་དུ་འགྲོ་བའི་རིམ་པའོ། །དངོས་གཞི་ལ་ཕྱག་རྒྱ་མ་མཚན་དང་ལྡན་པ་བཙལ་ལ། དགྱེས་པ་བསྐྱེད་པ་དང༌། འོ་བྱ་བ་ལ་སོགས་པས་སྔོན་དུ་རྩ་བསླང་ཞིང་བདེ་བ་རྒྱས་པར་བྱས་ལ། རྩ་སྣ་བསྐྱེད་པ་དང༌། ཡབ་ཡུམ་ལྷར་གསལ་བའི་མཁའ་གསང་རྡོ་རྗེ་དང་པདྨར་བྱིན་བརླབས་མཉམ་པར་སྦྱར་བ་དང༌། རླུང་གནད་འཇམ་རླུང་ཅུང་ཟད་བཟུང་བས། དང་པོ་ཐིག་ལེ་སྤྱི་བོ་ནས་གསང་བའི་ཡས་བརྟན་གྱི་དགའ་བ་བཞི་ཕབ་ལ། རྡོ་རྗེ་བུམ་པར་བཟུང་ཞེས་བསྐྱིལ་ཏེ། ཡུམ་གྱི་དངས་མ་འུབ་འུབ་རྡོ་རྗེའི་ནང་དུ་འདུས་པར་བསམ་ཞིང༌། ཡུལ་གྱི་རྩ་གསུམ་གང་རྙེད་དེ་རྡོ་རྗེ»འི«་བུ་གར་ཚུད་པ་ནས་དྲང༌། གསུམ་ཀ་རྙེད་ན་གཡོན་པའི་རྩ་སྣ་གཅུད་ལ་རླུང་དང་དམིགས་པས་དྲང་ངོ༌། །འདྲོངས་པའི་རྟགས། ཡུམ་མི་བཟོད་པར་སྐད་འབྱིན་ཞིང་འུབ་འུབ་པར་ཡོང་ངོ༌། །ཡབ་དང་ཡུམ་གྱི་དངས་མ་གཉིས་རྡོ་རྗེ་དང་པདྨའི་རྩེར་གཉིས་ཤོར་གཉིས་མཉམ་གྱི་དུས་དེར། གསལ་ལ་རྟོག་པ་མེད་པ། བདེ་ལ་ངོ་བོས་སྟོང་པ། བླཽ་བྲལ་འཛིན་པ་མེད་པའི་ཡེ་ཤེས་སྐྱེ་བས། སྔར་རང་ལུས་ཀྱི་སྐབས་སུ་ཀུན་བཟང་ཡབ་ཡུམ་གྱི་དགོངས་པ་དངས་མ་རྡོ་རྗེའི་རྩ་བར་བབས་དུས་ཚང་བར་ངོས་གཟུང༌། ཡུམ་གྱི་དགོངས་པ། བུམ་པར་བབས་དུས་ངོས་གཟུང༌། གཉིས་སུ་མེད་པའི་དགོངས་པ་མཉམ་པར་རྩེ་མོར་ངོས་གཟུང་མཉམ་པ་ཆེན་པོ་བདེ་ཆེན་སྟོང་ཆར་ཕེབས་དུས་ངོས་གཟུང༌། དེ་ནས་དེ་ཐམས་ཅད་ཀྱི་འཛིན་རྟོག་གང་ཡང་མེད་པར་ཕྱལ་པ་རིས་མེད། ནམ་མཁའ་དངས་པ་འདྲ་བའི་ངང་སྟོང་གསལ་བདེ་ཕྱམ་ཞིག་ཏུ་གྱུར་དུས། རང་བྱུང་གི་ཡེ་ཤེས་རྫོགས་པ་ཆེན་པོ་དོན་གྱི་ཡེ་ཤེས་ངོས་བཟུང་ལ་ཇི་སྲིད་གཟུང་འཛིན་གྱི་རྟོག་པ་མ་སྐྱེས་ཀྱི་བར་དུ་བསྒོམ། དེའི་ངང་དེར་ཡབ་ཡུམ་གཉིས་ཀ་རྩ་བཟང་ན་ཉིན་མཚན་བདེ་བ་ཆེན་པོར་འཁོར་བའང་གསུངས་ལ། རིགས་ཅན་གྱི་ཡུམ་བཟང་ན་མི་གཅིག་ཟན་ཟ་ཡུན་ལྔ་ཙམ་འཛིན་རྟོག་མེད་པའོ། །རྩ་བར་ཡབ་ལ་དར་རེ་གསལ་བདེ་མི་རྟོག་པའི་ངང་འཆར་རོ། །དེ་ཡང་ངོས་བཟུང་ལ་དངས་མ་རྡོ་རྗེའི་བུམ་པ་ཉིད་དུ་རླུང་དང༌། དམིགས་པས་བཟུང་ལ། ཡེ་ཤེས་ངོས་ཟིན་ཞིང་དེའི་ངང་ལ་སྲོད་ནས་གུང་གི་བར་ལ་སོགས་པར་ཇི་སྲིད་འདོད་ཀྱི་བར་མཉམ་པར་གཞག་ཅིང༌། དབབ་པ་དང་གཟུང་བའི་གནད་ཀྱིས་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བྱའོ། །རྩ་ངན་ན་དེ་མ་ཐག་འཆོར་བས་ཐིག་ལེ་བཟུང་བ་ཡང་རྩོལ་བ་ཆེན་པོར་དགོས་སོ། ། རྩ་བཟང་ན་ཡབ་ཀྱིས་འབད་པ་མི་དགོས་པར་རང་ཟིན་དུ་གནས་པ་ཡོད་དོ། ། དེ་ནས་དངས་མ་དཀར་དམར་དྲོང་བ་ལ། རྐང་ལག་གི་སོར་མོ་བསྐུམ། མིག་གྱེན་དུ་བཟློག» «།རྒྱུ་ཞབས་འུབ་ཀྱིས་བསྡུ། རླུང་གྱེན་ལ་དྲག་ཏུ་འཐེན། དམིགས་གནད་ཡུམ་གྱི་དངས་མ་ཐམས་ཅད་ན་ར་ར་རྡོ་རྗེའི་བུ་ག་ནས་དངས་མ་དཀར་པོ་དང་འདྲེས་པ་ལྟེ་བ་ནས་ཡར་གྱི་སྤྱི་བོའི་གཙུག་གི་བར་ཐིམ་པས་ཡས་བརྟན་གྱི་དགའ་བ་བཞི་ངོས་བཟུང་ལ། མགོ་འདར་བ་ལྟར་སྒྲིལ་བ་གློད་ནས། ཅི་ཡང་དམིགས་འཛིན་མེད་པའི་ངང་དུ་ལ་བཟླ་བ་ལ་ཕྱམ་གདལ་བར་གཞག་གོ» «།དེ་ལ་བཞེངས་ནས། ལུས་གཞུ་འགེངས་དང༌། ཡན་ལག་སྤྲུག་པ་དང༌། གསིག་པ་ལ་སོགས་བྱས་ལ། སིའི་སྒྲ་བརྗོད་པས་ཐིག་ལེ་རང་མལ་དུ་ཁྲེམས་ནས་གེགས་མེད་པར་སྣང་བ་བདེ་ཡངས་སུ་སྤྱོད་དོ། །དེ་དག་གི་ཚེ་ཡབ་ཡུམ་མཉམ་པར་སྦྱར་བ་ལས་དངས་མ་གསང་བར་བབས་པ་ཀུན་ཏུ་བཟང་མོའི་ཡེ་ཤེས། རྡོ་རྗེ་པདྨའི་རྩེར་ཟིན་ནས་ཅིར་ཡང་མི་རྟོག་པ་གཉིས་མེད་རང་བྱུང་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས། དེ་ནས་དྲངས་ཏེ་ཡར་ཐིམ་ནས་ཡིད་ལ་མི་བྱེད་པ་ཀུན་ཏུ་བཟང་པོའི་ཡེ་ཤེས་དང་གསུམ་དུ་ཡང་ངོས་གཟུང་བར་ བྱའོ། །འདི་ནི་འདོད་ཆགས་བདེ་བ་ཆེན་པོར་གྱུར་པ་ཐབས་ལམ་གསང་བའི་མན་ངག་སྟེ། འདོད་ཆགས་རང་གའི་འཛིན་རྟོག་ཏུ་མ་བྱས་ལ། མཉམ་ཉིད་དོན་གྱི་དགོངས་པ་དུས་ཀྱི་གནད་ལས་ཉམས་སུ་བླང་བར་བྱའོ། །སྦྱོར་བ་ཡས་བརྟན་བཞི། རྗེས་མས་བརྟན་བཞིའི་ཐབས་ཀྱིས་ཐུན་མོང་གི་དངོས་གྲུབས་ཚེ་རིང་བ་ནད་མེད་པ། རྒ་ཤི་ཟིལ་གྱིས་གནོན་པ། མཁའ་འགྲོ་མ་དབང་དུ་འདུ་བས་བུད་མེད་ཀྱི་ཚོགས་འདུ་ཞིང་ཟས་ནོར་གྱི་དངོས་གྲུབ་འབྱུང་བ་ལ་སོགས་པ་ཐོབ་ལ། དངོས་གཞི་རྡོ་རྗེ་རྩེ་མོ་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པར་རང་བྱུང་གི་ཡེ་ཤེས་ངོས་བཟུང་ནས་བསྒོམས་པས། ལྟ་བ་དང་དགོངས་པ་དང་ཏིང་ངེ་འཛིན་ལྷུན་གྲུབ་ཏུ་གསལ་བས། འབྲས་བུ་ཆོས་སྐུ་བདེ་བ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདིར་ཐོབ་ནས། རབ་ལུས་དངས་མ་ཆེན་པོར་གྲོལ་ཏེ་འཇིག་འབྲལ་མེད་པ་རྡོ་རྗེའི་སྐུ་ཐོབ་ནས་ཚེ་ཉི་ཟླ་དང་མཉམ། སྐྱེ་ཤི་འདས་གྲོངས་མེད་པར་སེམས་ཅན་གྱི་དོན་བྱེད་དོ། །འབྲིང་དབུགས་བོར་བ་དང༌། ཆོས་སྐུར་སྐད་ཅིག་ལ་སངས་རྒྱས་སོ། །ཐ་མ་བར་དོར་ཆོས་ཉིད་འོད་གསལ་བདེ་བ་ཆེན་པོར་གྲོལ། ཡང་མཐའ་ཡང་པདྨ་བརྩེགས་པའི་ཞིངདུ་བརྫུས་ཏེ་སྐྱེས་ནས་མངོན་པར་རྫོགས་པར་སངས་རྒྱའོ། །དེ་བཞི་ནི་བདེ་ཆེན་སྣང་བ་ཡེ་ཤེས་དགའ་བ་བཞིའི་སྟོབས་སུ་གྱུར་བའི་ཕྱིར་ཏེ། དགའ་བ་ཡེ་ཤེས་མཐར་ཕྱིན་པ་ཡང་མཐའ། མཆོག་དགའ་ཐ་མ། དགའ་བྲལ་འབྲིང༌། ལྷན་ཅིག་སྐྱེས་དགའ་མཐར་ཕྱིན་དུས་རང་བྱུང་གི་ཡེ་ཤེས་སུ་ཤར་བ་བརྟན་པ་ཐོབ་པར་གྲགས་སོ། །དོན་ལ་དགའ་བ་མཐར་ཕྱིན་པ་མཆོག་དགའ་ཐོབ། མཆོག་དགའ་མཐར་ཕྱིན་དགའ་བྲལ། དགའ་བྲལ་མཐར་ཕྱིན་ལྷན་ཅིག་སྐྱེས་དགའ། ལྷན་ཅིག་སྐྱེས་དགའ་མཐར་ཕྱིན་རྫོགས་པ་ཆེན་པོ་རང་བྱུང་གི་ཡེ་ཤེས་ཀུན་ཏུ་བཟང་པོའི་གོ་འཕང་ངོ༌། །ཚུལ་འདི་ཉིད་རང་བཞིན་རྫོགས་པ་ཆེན་པོ་ཐབས་མང་བ་སྒོ་ཡངས་པས་ཁྱད་པར་བྱས་ཏེ། ཤིན་ཏུ་གསང་བའི་མན་ངག་མཐར་ཐུག་པའོ། །དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །འཆི་མེད་བདེ་ཆེན་རྡོ་རྗེའི་ལུས་ཐོབ་ནས། »།«ནམ་མཁའི་མཐའ་མཉམ་གྱུར་པའི་སེམས་ཅན་ལ། ། ཕན་བདེའི་ཆར་ཆེན་རབ་ཏུ་འབེབས་པར་ཤོག» «།ཟབ་མོ་པྲ་ཁྲིད་ཅེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ། སྣ་ཚོགས་རང་གྲོལ་གྱིས་«བླ་«མའི་མན་ངག་ཉིང་ཁུར་ཕྱུང་བ་རང་ཉམས་ངེས་པའི་གནད་དང་བཅས་པ། ཕྱི་རབས་ཀྱི་དོན་དུ་བཀོད་པ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ།། །།«མེས་པོའི་ཤུལ་བཞག་ལས། ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ། ༼༡༡༽ཟབ་མོ་པྲ་ཁྲིད།

»-PAGE 250--PAGE 249--PAGE 248-