volume 008 261

From Rangjung Yeshe Wiki Texts
Jump to navigation Jump to search
The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.


སྔོན་འགྲོའི་ཞུ་ཚིག

«དེ་ལ་འདིར་རང་ཅག་ཁ་བ་ཅན་གྱི་ཞིང་འདིར་ཆོས་རྒྱལ་ལོ་པཎ་རྣམས་དང༌། ས་དགེ་བཀའ་རྙིང་སོགས་ཀྱི་མཁས་ཤིང་གྲུབ་པ་བརྙེས་པའི་དམ་པའི་སྐྱེས་བུ་རྣམས་ཀྱིས། བཤད་སྒྲུབ་ཀྱི་ཤིང་རྟ་ཆེན་པོ་བཅོ་བརྒྱད་རྗེས་འབྲང་དང་བཅས་པའི་ཆོས་བརྒྱུད་དང་བཀའ་སྲོལ་མཐའ་དག་དང༌། དེ་དང་རྗེས་སུ་འབྲེལ་བའི་ཐུན་མོང་གི་རིག་གནས་སུམ་རྟགས་སྙན་ངག མངོན་བརྗོད་སྡེབ་སྦྱོར། སྐར་ རྩིས་འབྱུང་རྩིས། སྒྲ་ཚད་བཟོ་གསོ་སོགས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་ཟབ་ཅིང་རྒྱ་ཆེ་བ་ཚང་ལ་མ་ནོར་བ་བསམ་གྱིས་མི་ཁྱབ་པ་ཞིག་འཆད་ཉན་འགྱུར་གསུམ་དང༌།བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་ཐོག་མར་སྲོལ་བཏོད། བར་དུ་གཏན་ལ་ཕབ། རིམ་བཞིན་དར་རྒྱས་བཏང་བ་སོགས་འཛིན་སྐྱོང་སྤེལ་བར་མཛད་པའི་བཀའ་དྲིན་བདག་རྐྱེན་ལ་བརྟེན་ནས། དབུས་གཙང་ཁམས་གསུམ་དུ་བཞུགས་སོ་ཅོག་གི་གླེགས་བམ་ཐམས་ཅད་གཅིག་ཏུ་སྤུངས་ན་རི་རབ་ལྷུན་པོའི་གཏོས་དང་མཉམ་ཞིང༌། ཆོས་ཚན་གྱི་རྣམ་དབྱེ་ཇི་སྙེད་ཡོད་པ་གྲངས་སུ་བགྲངས་ན་ནམ་མཁའི་གཟའ་སྐར་ཚོགས་ཀྱང་སྐྱེངས་པར་བྱེད་པ་ཞིག་མཆིས་པ་ཙམ་དུ་མ་ཟད། རྒྱ་བལ་ཧོར་སོགས་ཀྱི་ཡུལ་གྲུ་ཀུན་ཏུའང་དར་ཁྱབ་ཆེ། ད་ལྟའི་ཆར་བོད་རིག་པའམ་བོད་ཀྱི་ཤེས་རིག་ཅེས་སུ་གྲགས་པ་འདི་ཉིད་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་དག་ཏུའང་མཆེད་དེ། དཔེར་ན། ཨོཀ་སི་ཕོར་དྷི་དང༌། ཧར་ཝིད་ལྟ་བུ་ཡོ་རོབ་དང༌། ཨ་རི་སོགས་སུ་གྲགས་ཆེན་གྱི་སློབ་གྲྭ་ཆེན་མོ་རྣམས་སུ་བོད་ཡིག་གི་དཔེ་མཛོད་ཆེན་པོ་ཡོད་པར་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་སློབ་གཉེར་བྱེད་སའི་སྡེ་ཚན་དང་སློབ་མ་ཡང་མི་ཉུང་བ་ཡོད། ད་ནི་གོང་དུ་སྨྲས་པའི་བཤད་སྒྲུབ་ཤིང་རྟ་ཆེན་པོ་བཅོ་བརྒྱད་ཅེས་པ་དེ་གང་དང་གང་ཡིན་པའི་ངོ་སྤྲོད་མདོ་ཙམ་ཞུ་ན། དེ་ཡང་ཇི་སྐད་དུ། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་ཞལ་ནས། ཆོས་བློན་ཐོན་མི་བཻ་རོ་སྐ་ཅོག་ཞང༌། །གནུབས་ཆེན་རིན་བཟང་རྔོག་ལོ་ས་སྐྱ་པ། །བུ་སྟོན་བཤད་རྒྱུན་འདེགས་པའི་ཀ་ཆེན་བཅུ།། ཞེས་དང༌། བོད་ཡུལ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད། །རྙིང་མ་བཀའ་གདམས་ལམ་འབྲས་བཀའ་བརྒྱུད་པ། །ཤངས་པ་ཞི་བྱེད་སྦྱོར་དྲུག་བསྙེན་སྒྲུབ་བོ། །ཞེས་གསུངས་པ་ལྟར། ཤེས་བྱའི་གཞུང་ལུགས་སྣ་ཚོགས་ཀྱི་འགྱུར་ཁྱད་དང་འཆད་ཚུལ་གྱི་དབྱེ་བས་བཤད་རྒྱུན་འདེགས་པའི་ཀ་ཆེན་བཅུ་དང༌། སྒྲུབ་པ་ཉམས་སུ་ལེན་ཚུལ་ལ་བརྒྱུད་པའི་ཁྱད་པར་དང་མན་ངག་གི་དབྱེ་བས་སྒྲུབ་བརྒྱུད་འདྲེན་པའི་ཤིང་རྟ་བརྒྱད་དེ། བཤད་སྒྲུབ་ཤིང་རྟ་ཆེན་པོ་བཅོ་བརྒྱད་རྗེས་འབྲང་དང་བཅས་པའི་གསུང་རབ་རྒྱ་མཚོ་ལྟ་བུ་ཞིག» «།བདག་ཅག་གི་ཡབ་མེས་གོང་མ་རྣམས་ཀྱིས་གཅེས་པའི་ལུས་སྲོག་ལོངས་སྤྱོད་ཐམས་ཅད་ཕངས་པ་མེད་པར་བཏང་སྟེ། ཕྱི་རབས་རང་རེའི་བརྒྱུད་འཛིན་རྣམས་ལ་འཕྲན་ཡུན་ཕན་བདེའི་དཔལ་ལ་དམིགས་ནས་བཞག་པའི་ནོར་བུ་རིན་པོ་ཆེ་ཡིད་བཞིན་དབང་གི་རྒྱལ་པོ་མཐའ་ཡས་པ་ཞིག་མཆིས། དེ་དག་ལས་མང་ཆེ་བ་རིག་གསར་ལོ་བཅུའི་གོད་ཆག་ཆེན་པོ་སོགས་དུས་ཀྱི་རྒུད་པའི་དབང་གིས་སེམས་མེད་འབྱུང་བཞིའི་འཇིག་པ་དང༌། སེམས་ལྡན་མི་དང་མི་མིན་གྱི་གནོད་པས་ཉམས་ཉེས་ཆེན་པོར་གྱུར་པ་ནི་རྒྱ་བོད་ཡོངས་གྲགས་ལྟར་ལགས། རིག་གནས་གསར་བརྗེ་མཇུག་སྒྲིལ་བ་དང་ཆབས་ཅིག» «ཏང་གི་ཡང་དག་པའི་སྲིད་ཇུས་ཀྱི་ཉི་འོད་སླར་ཡང་འཕྲོས་ཏེ། ཏང་དང་རྒྱལ་ཁབ་ཀྱིས་འགོ་ཁྲིད་དང་རྩ་འཛུགས་གནང་ནས། དཔེ་རྙིང་འཐོར་བསྡུ་དང༌། ལེགས་སྒྲིག» «དཔེ་སྐྲུན། སྒྱུར་སྤེལ་སོགས་ཀྱི་སྒོ་ནས་རང་རིགས་ཀྱི་རིག་གནས་ཉམས་པ་སོར་ཆུད་དང༌། མི་ཉམས་གོང་འཕེལ་གྱི་བྱ་བར་སོ་སོའི་འཁོས་བསྟུན་གྱི་སྲི་ཞུ་སྒྲུབ་པའི་སྐལ་བ་བཟང་པོའི་དཔལ་ལ་ལོངས་སུ་སྤྱད་དུ་ཡོད་པའི་སྐབས་འདིར། རང་རེའི་ཡབ་མེས་རྣམས་ཀྱིས་བཞག་པའི་ཕ་ནོར་མང་པོ་ཞིག་ད་དུང་ཡང་ངེད་ཅག་གི་བསོད་ནམས་ཀྱི་བགོ་སྐལ་དུ་ལྷག་ཡོད་པ་རྣམས་ལ་གཅེས་སྤྲས་ཆེན་པོས་སྲུང་སྐྱོབ་དང་དར་སྤེལ་བྱེད་རྒྱུ་ནི་མེས་རྒྱལ་གྱིས་གནང་བའི་ལས་འགན་ཡིན་པར་མ་ཟད། འུ་ཅག་བོད་ཀྱི་རིག་གནས་སློབ་གསོའི་བྱ་བར་ལེགས་སྐྱེས་འབུལ་མཁན་གྱི་རྒན་དར་འབྲིང་གསུམ་གྱི་ཤེས་ཡོན་ཅན་ལ་མཚོན་ན། རང་རེའི་ཕྲག་པར་བབ་པའི་གཞན་དྲིང་མི་འཇོག་པའི་གཟི་འོད་བླ་ན་འབར་བའི་འོས་འགན་མཆོག་ཏུ་གྱུར་པ་ཞིག་ཀྱང་ཡིན་པར་སེམས། དེར་བརྟེན་ཕྱོགས་དང་རིས་སུ་མ་ཆད་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་ལྗགས་རྩོམ་གནང་བའི་གསུང་རབ། བཤད་སྒྲུབ་ཤིང་རྟ་བཅོ་བརྒྱད་ལས་གྲུབ་པའི་མདོ་སྔགས་ཀྱི་གཞུང་བཤད་དང༌། ཆོས་འབྱུང་དང་གདན་རབས། རྣམ་ཐར་དང་གསན་ཡིག་བརྡ་སྤྲོད་དང་སྙན་ངག» «རྩིས་དང་གསོ་རིག་སོགས་དཔེ་དཀོན་འཐོར་བ་རྣམས་བསྡུས། ཆད་པ་རྣམས་བསབ། ཉམས་པ་རྣམས་གསོས། འཁྲུགས་པ་རྣམས་བསྒྲིགས་ཏེ་དཔེ་ཚོགས་མེས་པོའི་ཤུལ་བཞག་ཅེས་པ་སོགས་རིམ་པ་བསྟར་ཆགས་སུ་པར་དུ་སྐྲུན་དང་བསྐྲུན་རྩིས་ལས། ད་ལན་ང་ཚོས་འཚོལ་བསྡུ་ཐུབ་པའི་ཡ་བཞི། མཛོད་བདུན། ངལ་གསོ་སྐོར་གསུམ་དང༌། ཀློང་ཆེན་པའི་གསུང་ཐོར་བུ་བཅས་པོད་ཉེར་ལྔ་ཙམ་འདི་མེས་པོའི་ཤུལ་བཞག་ཅེས་པའི་དཔེ་ཚོགས་ནང་ནས། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ཟུང་ཡངས་པའི་འབབ་སྟེགས་སུ་འབུལ་རྒྱུ་ཡིན།འབྱུང་ཆར་ང་ཚོའི་དཔེ་ཚོགས་དཔར་སྐྲུན་ཞུ་རྒྱུའི་སྐོར་ལ་ལྷག་བསམ་ལྡན་ཞིང་མཁྱེན་སྤྱན་ཡངས་པའི་མཁས་དབང་རྣམས་ཀྱིས་དགོངས་འཆར་གྱི་བཀའ་སློབ་སྩོལ་གནང་དང༌། དཔེ་དཀོན་གྱི་མ་ཕྱི་གཡར་གནང་གི་སྐྱབས་འཇུག་ཡོང་བ་མཁྱེན་མཁྱེན། །ཞོར་འཕྲོས་གསལ་འདེབས་ཞུ་བ། ལྷག་པར་དུ་ད་ལྟ་ལུས་ཀྱི་ལང་ཚོ་རྒྱས་ཤིང༌། སེམས་ཀྱི་བློ་གྲོས་བཀྲ་བའི་གཞོན་སྐྱེས་རྣམས་ལ་མཚོན་ན། སྙིང་པོས་དབེན་པའི་ཁ་ཕོ་འདོན་པ་ལས། ཟོལ་མེད་ཀྱི་ལྷག་བསམ་དཀར་པོ་སྙིང་ལ་འཆང༌། དོན་ལྡན་གྱི་རྣམ་དཀར་བྱ་བ་དང་དུ་ལེན། ལྷད་མེད་ཀྱི་ཆོས་དང་རིག་གནས་སློབ་གཉེར་བྱེད། འཁོས་བསྟུན་གྱི་སྲི་ཞུའི་ལས་ཀ་ཅུང་ཟད་རེ་སྒྲུབ་ནུས་ན། མེས་རྒྱལ་ལ་ཞབས་ཏོག་འགྲུབ། རང་རིགས་ལ་ལེགས་སྐྱེས་འབུལ། རང་ཉིད་ཀྱི་ལ་རྒྱ་མངོན་ཐུབ་པ་ཞིག་ཀྱང་འོང་བ་ནི་མཐོང་ཆོས་མངོན་གྱུར་ལགས་པས། དེ་བཞིན་དགོངས་དབྱིངས་སུ་ཆུབ་པར་ཞུའོ། ། ཕྲན་འབྲོག་རྒན་འཁྱམས་པོ་ཐུབ་བསྟན་ཉི་མས། སྤྱི་ལོ་༢༠༠༧པའི་ཟླ་ཚེས་ལ་གུས་ཕུལ།»PAGE «སྔོན་འགྲོའི་ཞུ་ཚིག«སྔོན་འགྲོའི་ཞུ་ཚིག

»PAGE 4-PAGE 4--PAGE 1-