སྡོམ་པ་གསུམ་གྱི་རྒྱན་ཞེས་བྱ་བའི་རྒྱ་ཆེར་འགྲེལ་ལས་ལེའུ་གཉིས་པ་བཞུགས།

From Rangjung Yeshe Wiki Texts
Revision as of 02:14, 4 March 2013 by Eric (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to: navigation, search

༄༅། །སྡོམ་པ་གསུམ་གྱི་རྒྱན་ཞེས་བྱ་བའི་རྒྱ་ཆེར་འགྲེལ་ལས་ལེའུ་གཉིས་པ་བཞུགས། །[1]

༄༅། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བསོད་ནམས་གཏེར་རྣམས་ཉམས་བདར་ཁྱོད་ལ་ཡེ་ཤེས་རང་གི་ངང་ཉིད་གྱུར། །དེ་སླད་སྒྲིབ་གཉིས་རན་གྱི་དུམ་བུ་བཞིན་སྤངས་བྱང་ཆུབ་མཆོག་བརྙེས་པས། །སེམས་ཅན་མ་མཆིས་པ་གང་ཐུགས་སུ་བྱོན་ཀྱང་སྣ་ཚོགས་ཐབས་ཉིད་ཀྱིས། །འགྲོ་བ་སྡིག་པར་བྱིང་འདུལ་ཐུབ་པ་དཔེ་ཟླ་མེད་ལ་ཕྱག་འཚལ་ལོ། །གང་ལ་བརྟེན་པ་ཁ་ཅིག་བྱང་ཆུབ་གསུམ་ལ་བློ་གྲོས་ཅི་རིགས་ཞུགས། །ལ་ལ་བསམ་གཏན་གཟུགས་མེད་གཞན་དག་འདོད་པའི་བདེ་འགྲོར་ཉེར་དྲངས་ནས། །དགེ་བ་ཡོངས་སུ་སྨིན་མཛད་རྒྱལ་བའི་ཡུམ་ལ་ངེས་པར་སྦྱོར་བ་ཡི། །རྒྱལ་ཚབ་འགྲོ་ལ་བྱམས་པ་བུ་ལ་མ་འདྲ་དེ་ལ་ཕྱག་འཚལ་ལོ། །དང་བའི་བྱེད་པ་ཁྱོད་ལ་གཏད་པས་བསིལ་བའི་གཟིགས་པ་སྩལ་བའི་མོད། །ཤེས་བྱ་མཐའ་དག་གསལ་བར་སྣང་བའི་ཀུན་རིག་ཉིད་དང་མཚུངས་བཀོད་ནས། །ཚིག་གི་རྒྱ་མཚོ་ཅི་ཡང་ཕྱུར་བྱེད་བདུད་རྩི་རབ་སྦྱིན་འཇམ་པའི་དཔལ། །མིག་སྨན་རི་ངོས་ཀུནྡ་རྒྱུར་མཚུངས་འཇིག་རྟེན་བླ་མར་ཕྱག་འཚལ་ལོ། །རྫོགས་པའི་བྱང་ཆུབ་སྨོན་པའི་བློ་ལྡན་ཤིན་ཏུ་ཉམ་ཐག་གནས་སྐབས་ནའང་། །སྲོག་ཆགས་སྡུག་བསྔལ་ཇི་ཙམ་དར་བ་དེ་སྙེད་བརྩེ་བ་འཕེལ་འགྱུར་བ། །རང་དོན་མ་ཞེན་མྱ་ངན་འདས་ལའང་མ་ལགས་དེ་ཕྱིར་བསྟོད་འོས་པའི། །སྲོལ་འབྱེད་ཤིང་རྟ་ཆེན་པོ་གཉིས་དང་རྗེས་འབྲང་རྣམས་ལའང་ཕྱག་འཚལ་ལོ། །སྟོན་པའི་བཀའ་ནི་དྲི་མ་མེད་པའི་ཤེལ། །མོས་པ་སྣ་ཚོགས་དར་ལ་ཉེར་བཞག་པས། །ཐ་དད་སྣང་བའི་ཕ་མཐའ་སུ་ཡིས་བགྲང་། །དེ་ཕྱིར་རང་བློའི་རྗེས་འགྲོ་འདི་ན་སྟོན། །འཕགས་མཆོག་གཉིས་ཀྱི་རིང་ལུགས་དཔང་པོའི་དྲུང་། །ལྟུང་བ་བསྒྲུབ་པའི་རྒོལ་བ་ཕམ་བྱེད་པའི། །བླང་དོར་སྤོབས་པའི་བསླབ་གཞི་མཁས་པའི་དབང་། །ལེགས་བཤད་རྩོད་པའི་གྲྭ་འདིར་འགྱེད་དུ་བྱོན། །སྔོན་མེད་འཕྱོན་མའི་བུ་བཞིན་ཡིད་རྟོན་མིན། །སྔར་བརྗོད་སྤྲོས་པའི་ཁྲོམ་དབུས་ལམ་མི་རྟོལ། །དེ་ཕྱིར་དཔྱོད་ལྡན་སྙིང་ལ་འཇེབས་པའི་ཚིག །བརྟགས་ཀྱིན་ངེས་ཤེས་སྐྱེ་བ་འདི་ན་རྒྱུ། །འདིར་ཆོས་ཆེན་པོ་ནི། ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་སྡེའི་ཆོས་སྟོན་པ་ལ་སྦྱོར་བ་ཉིད་དོ། །སེམས་བསྐྱེད་པ་ཆེན་པོ་ནི། ཡོན་ཏན་དང་སྐྱོན་ཐམས་ཅད། ཐོབ་པ་དང་། སྤངས་པའི་མཐར་ཐུག་པ་ལ་གནས་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །མོས་པ་ཆེན་པོ་ནི། ཟབ་ཅིང་རྒྱ་ཆེ་བའི་ཆོས་རྣམས་ལ་མངོན་པར་མོས་པ་ཉིད་དང་། བསམ་པ་ཆེན་པོ་ཉིད་ནི། ལྷག་པའི་བསམ་པ་རྣམ་པར་དག་པའི་ས་ལ། སེམས་ཅན་ཐམས་ཅད་ལ་བདག་མཉམ་པའི་བསམ་པ་ཐོབ་པ་ཉིད་དོ། །ཚོགས་ཆེན་པོ་ཉིད་ནི། ས་ལ་ཞུགས་པས་བྱང་ཆུབ་སེམས་དཔའ་རྣམས་སྐད་ཅིག་རེ་རེ་ལ་ཡང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་ཉེ་བར་གསོག་པར་བྱེད་པ་ཉིད་དེ། དུས་ཆེན་པོ་ཉིད་ནི། བསྐལ་པ་མི་ཉུང་བ་གྲངས་མེད་པར་རྒྱུན་མི་ཆད་པར་སྦྱོར་བ་ཉིད་དོ། །ཡང་དག་པར་འགྲུབ་པ་ཆེན་པོའམ། འབྲས་བུ་ཆེན་པོ་ཉིད་ནི། སེམས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་སངས་རྒྱས་ཀྱི་བདག་ཉིད་ཆེ་བ་ཐོབ་པ་ཉིད་དོ། །དེ་ལྟར་ཆེན་པོ་རྣམ་པ་བདུན་དང་ལྡན་པས་ཐེག་པ་ཆེན་པོ་ཞེས་བྱ་བ་འདི་ནི། བྱང་ཆུབ་སེམས་པའི་ལམ་འབྲས་བུ་དང་བཅས་པ་སྡུད་པར་བྱེད་པ་ཡིན་ནོ། །དེ་བས་ཐེག་པ་འདིར་ཇི་ལྟར་གསུངས་པའི་བྱང་ཆུབ་སེམས་དཔའི་བསླབ་པ་སྟོང་ཕྲག་དུ་མ་སྡེ་སྣོད་ཀྱི་མ་མོ་བསྡུས་པ་གཉིས་ལས་བྱུང་བ་བཞིན་དུ་བཤད་པར་བྱ་སྟེ། བྱང་ཆུབ་སེམས་ཀྱི་སྡོམ་པའི་ངོ་བོ་དང་དབྱེ་བས་མདོར་བསྟན། ཤིང་རྟ་ཆེན་པོའི་སྲོལ་གཉིས་རྣམ་པར་ཕྱེ་བས་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། སྒོ་གསུམ་ཉེས་པ་མ་ལུས་སྤོངས་བྱེད་པའི། །ཚུལ་ཁྲིམས་བྱང་སྡོམ། ཞེས་པ། སྒོ་གསུམ་གྱི་ཉེས་པར་སྤྱོད་པ་མ་ལུས་པར་སྤོང་བར་བྱེད་པའི་ཚུལ་ཁྲིམས། བྱང་ཆུབ་སེམས་ཀྱི་སྡོམ་པའི་མཚན་ཉིད་ཡིན་ཏེ། བྱང་ས་ལས། བྱང་ཆུབ་སེམས་དཔའ་དེའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་འདི་ནི། ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། བླ་ན་མེད་པ་དང་། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པ་དང་། སེམས་ཀྱི་བསམ་པ་མཆོག་ཏུ་དགེ་བས་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་ལ་ཉེས་པར་སྤྱོད་པ་རྣམ་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པ་ཡིན་ནོ། །སོ་སོ་ཐར་པའི་སྡོམ་པ་ཡང་དག་པར་བླངས་པ་དག་གི་འདི་ལྟ་སྟེ། བསོད་ནམས་ཡོངས་སུ་བཟུང་བ་ལ་བརྟེན་ནས། ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དེའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །ཞེས་དང་། སྤྱོད་འཇུག་ལས། སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་གསུངས་སོ། །འདིར་ཉེས་པར་སྤྱོད་པ་ཞེས་བྱ་བ་ནི། གཞན་ལ་ཕན་པའི་གེགས་དང་། རང་གི་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ལ་བར་ཆད་དུ་འགྱུར་བ་སྟེ། སྡོམ་པ་ཉི་ཤུ་པ་ལས། གཞན་རྣམས་དང་ནི་བདག་ལ་ཡང་། །སྡུག་བསྔལ་ཡིན་ཀྱང་གང་ཕན་དང་། །ཕན་དང་བདེ་བ་རྣམས་བྱ་སྟེ། །བདེ་ཡང་མི་ཕན་མི་བྱའོ། །ཞེས་གསུངས་སོ། །ཤིང་རྟ་ཆེན་པོའི་སྲོལ། རྣམ་གཉིས་དབྱེ་བ། ཞེས་པ། བཅོམ་ལྡན་འདས་བྱམས་པ་ལ་འཕགས་པ་ཐོགས་མེད་ཀྱིས་ནོད་པ་རྒྱ་ཆེན་སྤྱོད་པའི་ཕྱོགས་ལས་འོངས་པ་དང་། འཕགས་པ་འཇམ་པའི་དབྱངས་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་ནོད་པ་ཟབ་མོ་ལྟ་བའི་ཕྱོགས་ལས་འོངས་པ་གཉིས་སོ། །གཉིས་པ་ཤིང་རྟ་ཆེན་པོའི་སྲོལ་གཉིས་རྣམ་པར་དབྱེ་བས་རྒྱས་པར་བཤད་པ་ལ། བྱང་ཆུབ་སེམས་དཔའི་ས་ལས་གསུངས་པ་བཤད་པ་དང་། བསླབ་པ་ཀུན་ལས་བཏུས་ལས་གསུངས་པ་བཤད་པ་གཉིས་ལས། དང་པོ་ལ། ཚུལ་ཇི་ལྟར་བླང་བ། བླངས་པ་མི་ཉམས་པར་བསྲུང་བ། ཉམས་ན་ཕྱིར་བཅོས་པ་གསུམ་ལས། དང་པོ་ནི། རིགས། ཞེས་པ། བླ་ན་མེད་པར་འཚང་རྒྱ་བའི་སྐལ་བ་ཅན་དུ་འགྱུར་ཞིང་། མཐུ་ཡོད་པར་གྱུར་པ་ནི་བྱང་ཆུབ་སེམས་དཔའི་རིགས་ཞེས་བྱ་སྟེ། དེ་ཡང་། རང་བཞིན་གྱིས་གནས་པ་དང་། ཡང་དག་པར་བསྒྲུབས་པའོ། །དེ་ལ་རང་བཞིན་དུ་གནས་པའི་རིགས་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཡིན་པ་སྟེ། དེ་ནི་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་ལ། ཐོག་མ་མེད་པའི་དུས་ཅན། ཆོས་ཉིད་ཀྱིས་ཐོབ་པ་དེ་ལྟ་བུ་ཡིན་ནོ། །དེ་ལ་ཡང་དག་པར་བསྒྲུབས་པའི་རིགས་ཅན་ནི། སྔོན་དགེ་བའི་རྩ་བ་གོམས་པར་བྱས་པ་ལས་ཐོབ་པ་གང་ཡིན་པ་སྟེ། དོན་གྱི་སྐབས་འདིར་རྣམ་པ་གཉིས་ཀ་ཡང་འདོད་དོ། །རིགས་དེ་ལ་ས་བོན་ཞེས་ཀྱང་བྱ། ཁམས་དང་རང་བཞིན་ཞེས་ཀྱང་བྱའོ། །དེ་ཡང་བྱང་ས་ལས། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་དེ་ནི་རང་བཞིན་གྱིས་དེ་ལྟར་ཡོན་ཏན་དང་ལྡན་ཞིང་བཟང་ལ་དགེ་བ་དང་། དཀར་པོའི་ཆོས་དང་ལྡན་པ་དེའི་ཕྱིར་དེ་བཞིན་གཤེགས་པའི་གོ་འཕང་དེ་ཙམ་དུ་བསྐྱེད་པར་དཀའ་བ། གཙོ་བོར་གྱུར་པ། བསམ་གྱིས་མི་ཁྱབ་པ། མི་གཡོ་བ། བླ་ན་མེད་པ། དེ་ཐོབ་པའི་རྒྱུར་རུང་གི དེ་མ་ཡིན་དུ་ཟིན་ན་ནི་མི་རུང་ངོ་། །ཞེས་གསུངས་སོ། །ཡང་དེ་ཉིད་ལས་གང་ཟག་རིགས་ལ་གནས་པ་མ་ཡིན་པ་རིགས་མེད་པ་ནི། སེམས་ཀྱང་བསྐྱེད་ཅིང་འབད་པ་ལ་ཡང་དག་པར་གནས་པ་ཡོད་དུ་ཟིན་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས་པར་འགྱུར་བའི་སྐལ་བ་མེད་དོ། །ཞེས་གསུངས་པའི་ཕྱིར། རིགས་དང་མི་ལྡན་པ་ལ་མི་སྐྱེ་བར་མ་བཤད་དེ། མཐར་སེམས་ཅན་ཐམས་ཅད་འཚང་རྒྱ་བར་འགྱུར་བ་དང་། མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པའི་ཕྱིར་རོ། །སད། ཅེས་པ། འབྲས་བུ་ཡང་དག་པར་གྲུབ་པ་རྟགས་དང་ལྡན་པ་སྟེ། བྱང་ས་ལས། གང་དག་གིས་ན་འདི་ནི་བྱང་ཆུབ་སེམས་དཔའ་ཡིན་ནོ། །ཞེས་གཞན་དག་གིས་དེ་ལྟར་ཤེས་པར་འགྱུར་བ། བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རིགས་ཀྱི་རྟགས་ཡོད་པ་ནི་དྲུག་པོ་འདི་དག་ཡིན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་སོ། །ཞེས་གསུངས་སོ། །དེ་ལྟ་བུ་བྱང་ཆུབ་སེམས་དཔའི་རིགས་དང་ལྡན་པ་ནི། ཇི་སྲིད་དུ་དཀར་པོའི་ཆོས་དང་མི་མཐུན་པ་ཉེ་བའི་ཉོན་མོངས་པ་གཞི་ལས་ཟད་པར་རམ། ཁ་ཅིག་གིས་ཉེ་བའི་ཉོན་མོངས་པ་ཅན་དུ་མ་གྱུར་པ་དེ་སྲིད་དུ། རང་བཞིན་གྱིས་འདི་ལྟར་དགེ་བའི་ཆོས་དེ་དག་དང་ལྡན་པར་འགྱུར་རོ། །གང་གི་ཚེ་ཉེ་བའི་ཉོན་མོངས་པ་ཅན་དུ་གྱུར་པ་དེའི་ཚེ། དེ་ལ་དཀར་པོའི་ཆོས་འདི་དག་ཀྱང་མི་སྣང་ལ། ངན་སོང་དག་ཏུ་ཡང་སྐབས་འགའ་སྐྱེ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ནི་ངན་སོང་དུ་སྐྱེ་ནས་ཡང་རིགས་ཀྱིས་བསྒྱུར་ནས། དེ་ལས་གཞན་པའི་སེམས་ཅན་ངན་སོང་དུ་སྐྱེས་པ་རྣམས་ལས། ཤས་ཆེར་ཁྱད་པར་འཕགས་པར་རིག་པར་བྱའོ། །སོ་ཐར་གྱི། སྡོམ་ལྡན་གྱིས་ལེན། ཞེས་པ། མདོ་སྡེ་རྒྱན་གྱི་སེམས་བསྐྱེད་པའི་སྐབས་ལས། སྡོམ་པ་རྒྱ་ཆེར་དེ་ཡི་རྟེན། །ཞེས་དང་། ཇོ་བོའི་བྱང་ཆུབ་ལམ་སྒྲོན་ལས། སོ་སོ་ཐར་པ་རིས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་གསུངས་པས། བསྙེན་གནས་ནི་གཏན་དུ་བ་མ་ཡིན་པའི་ཕྱིར་མ་བཟུང་ལ། གཞན་རྣམས་ལས། གང་ཡང་རུང་བ་དང་ལྡན་པ་ཞིག་དགོས་སོ། །འདི་ལ་འགའ་ཞིག་སྐྱེ་བའི་རྟེན་དུ་ཡིན་གྱི། གནས་པའི་རྟེན་དུ་མ་ཡིན་ནོ་ཞེས་ཟེར་མོད། དེ་ཡང་མི་འཐད་དེ། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་དེ་ལ་ངོས་བཟུང་བའི་ཕྱིར། གནས་པའི་རྟེན་དུ་ཡང་ངེས་པར་དགོས་སོ། །ཡང་འགའ་ཞིག ཉན་ཐོས་ཀྱི་འདུལ་བ་ལས་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་ལས། འགྲོ་བ་གཞན་ལ་སྡོམ་པ་མི་སྐྱེ་བར་གསུངས་པ་དང་། སོ་ཐར་གྱི་སྡོམ་པ་བྱང་སྡོམ་སྐྱེ་བའི་རྟེན་དུ་དགོས་པར་གསུངས་པ་དང་བསྟུན་ནས། སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་གསར་དུ་སྐྱེ་བའི་རྟེན་སོ་ཐར་དང་འདྲ་བར་སྨྲའོ། །དེ་ཡང་མི་འཐད་དེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། དུད་འགྲོས་ཀྱང་བསྙེན་གནས་བླངས་པར་བཤད་པ་དང་། འཕྲོག་མ་ལ་སོགས་པ་མང་པོ་ཞིག་བསླབ་པའི་གཞི་ལ་བཀོད་པའི་བསླབ་གཞི་དེ་ཡང་དགེ་བསྙེན་ཡིན་པ་དང་། འདི་ལ་དགེ་སློང་མ་གཏོགས་པའི་སོ་ཐར་ཐམས་ཅད་རང་གིས་བླངས་པ་ལས་ཐོབ་པར་གསུངས་པའི་ཕྱིར་ཉན་ཐོས་དང་རིགས་མི་འདྲ་སྟེ། རྣམ་པར་གཏན་ལ་དབབ་པ་བསྡུ་བར། སྡོམ་པ་ཡང་དག་པར་བླངས་པར་འོས་པ་གང་ལ་ལ་སྡོམ་པ་ཡང་དག་པར་ལེན་པར་བྱེད་པ་དེ་ལ། དེ་དག་ལས་ལ་ལ་ནི་གཞན་ལས་སམ། རང་ལ་ཡང་ལེན་པར་བྱེད་དེ། དེ་དག་ལས་ལ་ལ་ནི་རང་ཁོ་ན་ལས་ལེན་པར་བྱེད་དེ། དགེ་སློང་གི་སྡོམ་པ་ནི་མ་གཏོགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དགེ་སློང་གི་སྡོམ་པ་ནི་ཐམས་ཅད་ཀྱིས་ཡང་དག་པར་བླང་བར་འོས་པ་མ་ཡིན་པའི་ཕྱིར་ཏེ། དེ་ལ་གལ་ཏེ་དགེ་སློང་གིས་སྡོམ་པ་གཞན་ལས་བླངས་པ་མ་ཡིན་པར་གྱུར་ན། དེ་ལ་གང་དག་རབ་ཏུ་དབྱུང་བར་འོས་པ་དང་། གང་དག་རབ་ཏུ་དབྱུང་བར་འོས་པ་མ་ཡིན་པ་དང་། རང་ལས་རག་ལུས་པའི་རབ་ཏུ་དབྱུང་བས་རབ་ཏུ་བྱུང་བ་དེ་དག་ཐམས་ཅད་ཀྱི་བསྟན་པ་བརྟན་པར་མི་འགྱུར་ཞིང་། ལེགས་པ་གསུངས་པའི་ཆོས་འདུལ་བ་ཉིད་ཀྱང་མེད་པར་འགྱུར་བས། དེའི་ཕྱིར་དགེ་སློང་གི་སྡོམ་པ་ནི་རང་ལ་རག་ལུས་པ་ཁོ་ན་མ་ཡིན་ནོ། །གལ་ཏེ་དགེ་སློང་གི་སྡོམ་པ་མ་གཏོགས་པའི་སྡོམ་པ་རང་གིས་ཡང་དག་པར་བླང་བ་ཡོད་ན། ཅིའི་ཕྱིར་གཞན་ལས་ཡང་དག་པར་ལེན་པར་བྱེད་ན། གཉིས་པོ་འདི་དག་ནི་ཚུལ་ཁྲིམས་འཆལ་བ་སྤོང་བ་ཡང་དག་པར་བླངས་བ་རྗེས་སུ་བསྲུང་བའི་ཡན་ལག་ཡིན་ཏེ། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པའོ། །ཞེས་གསུངས་སོ། །བཅུ་གཉིས་སྐྱེ་བའི་རྒྱུ། ཞེས་པ། སེམས་སྐྱེ་བ་དེ་ཡང་རྐྱེན་བཞི་དང་རྒྱུ་བཞི་དང་། སྟོབས་བཞིའི་རྒྱུ་ལས་སྐྱེ་བར་རིག་པར་བྱའོ། །དེ་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་། དེ་བཞིན་གཤེགས་པའི་བྱང་ཆུབ་སེམས་དཔའི་མཐུ་བསམ་གྱིས་མི་ཁྱབ་པ་མཐོང་བ་དང་ཐོས་པ་དེ་ཉིད་ཀྱི་དབང་དུ་བྱས་ཏེ། བྱང་ཆུབ་ཆེན་པོར་མོས་ཤིང་བྱང་ཆུབ་ཆེན་པོར་སེམས་སྐྱེད་པར་བྱེད་པ་ནི་རྐྱེན་དང་པོ། མཐོང་ཐོས་དེ་ལྟ་བུ་མེད་ཀྱང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཉན་ནས་མངོན་པར་དད་ཅིང་དམ་པའི་ཆོས་ཐོས་པ་དེའི་དབང་དུ་བྱས་ནས་རྐྱེན་གཉིས་པ། ཆོས་མ་ཐོས་སུ་ཟིན་ཀྱང་བྱང་ཆུབ་སེམས་དཔའ་ཆོས་ནུབ་ཏུ་ཉེ་བ་མཐོང་ན་འདི་སྙམ་དུ། ཀྱེ་མ་སེམས་ཅན་དཔག་ཏུ་མེད་པའི་སྡུག་བསྔལ་བསལ་བའི་ཕྱིར་བྱང་ཆུབ་སེམས་དཔའི་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་དོན་དུ་བདག་གིས་སེམས་བསྐྱེད་པར་བྱ་སྙམ་ནས། དེ་དམ་པའི་ཆོས་བཟུང་བ་ཉིད་ཀྱི་དབང་དུ་བྱས་ནས་རྐྱེན་གསུམ་པ། དམ་པའི་ཆོས་ནུབ་ཏུ་ཉེ་བར་མ་མཐོང་དུ་ཟིན་ཀྱང་། དུས་ཀྱི་ཐ་མའི་ཚེ་དུས་ངན་པའི་སེམས་ཅན་ཉེ་བའི་ཉོན་མོངས་པ་བཅུས་ཉོན་མོངས་པ་མཐོང་ཞིང་འདི་སྙམ་དུ། ཀྱེ་མ་སྙིགས་མའི་དུས་ཆེན་པོ་དེ་ནི་བྱུང་གི འདིའི་སྐབས་སུ་དམན་པའི་སེམས་བསྐྱེད་པ་ཡང་རྙེད་པར་སླ་བ་མ་ཡིན་ན། བླ་ན་མེད་པའི་བྱང་ཆུབ་ཏུ་ལྟ་ཅི་སྨོས་ཏེ། རེ་ཞིག་བདག་གི་སེམས་བསྐྱེད་དང་གཞན་དག་ཀྱང་བདག་གི་རྗེས་སུ་སློབ་པར་འགྱུར་རོ་སྙམ་ནས། དེས་དུས་ཀྱི་ཐ་མའི་ཚེ་སེམས་བསྐྱེད་པ་རྙེད་དཀའ་བའི་དབང་དུ་བྱས་ཏེ། བྱང་ཆུབ་ཆེན་པོ་ལ་མོས་ཤིང་བྱང་ཆུབ་ཆེན་པོར་སེམས་སྐྱེད་པར་བྱེད་པ་ནི་རྐྱེན་བཞི་པའོ། །རིགས་ཕུན་སུམ་ཚོགས་པ་ནི་རྒྱུ་དང་པོའོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་གཉིས་པ། སེམས་ཅན་རྣམས་ལ་སྙིང་རྗེ་བ་གསུམ་པ། འཁོར་བའི་སྡུག་བསྔལ་དང་དཀའ་བ་སྤྱད་པའི་སྡུག་བསྔལ་ཡུན་རིང་པོ་རྣམ་པ་སྣ་ཚོགས་པ་དྲག་པ་བར་ཆད་མེད་པས་ཀྱང་མི་འཇིགས་པ་ནི་རྒྱུ་བཞི་པའོ། །རང་གི་མཐུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པར་གྱུར་པ་གང་ཡིན་པ་དེ་ནི་ནང་གི་སྟོབས། གཞན་གྱི་མཐུ་ལས་དེ་ལྟ་བུར་གྱུར་པ་གཞན་གྱི་སྟོབས། སྔོན་ཐེག་པ་ཆེན་པོ་དང་ལྡན་པའི་དགེ་བའི་ཆོས་ལ་གོམས་པས། ད་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐོང་བ་ཙམ་མམ། དེ་དག་གི་བསྔགས་པ་ཐོས་པ་ཙམ་གྱིས་ཀྱང་མྱུར་དུ་སེམས་སྐྱེ་བར་འགྱུར་ན། དམ་པའི་ཆོས་ཐོས་པའམ། མཐུ་མཐོང་བས་ལྟ་ཅི་སྨོས་ཏེ། དེ་ནི་རྒྱུའི་སྟོབས་སོ། །ཚེ་འདི་ཉིད་ལ་སྐྱེས་བུ་དམ་པ་ལ་བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་སེམས་པ་ལ་སོགས་པ་དགེ་བའི་ཆོས་ཡུན་རིང་དུ་གོམས་པར་བྱས་པ་དེ་ནི་སྦྱོར་བའི་སྟོབས་སོ། །དེ་དག་ཚོགས་པ་ལ་བརྟེན་ནས་སམ། ནང་གི་རྒྱུ་དང་། རྒྱུའི་སྟོབས་འདི་གཉིས་ཚོགས་པའམ། སོ་སོ་ལ་བརྟེན་ནས་སེམས་དེ་སྐྱེས་ན་ནི། དེ་བརྟན་པ་དང་། སྙིང་པོར་གྱུར་པ་དང་། མི་གཡོ་བར་འགྱུར་རོ། །གཞན་གྱི་སྟོབས་དང་སྦྱོར་བའི་སྟོབས་གཉིས་ལས་སྐྱེས་པའི་སེམས་དེ་ནི་མི་བརྟན་པར་རིག་པར་བྱའོ། །དེ་ལྟ་བུའི་རྒྱུ་ལས་འབྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོའང་སྨོན་པ་དང་འཇུག་པ་གཉིས་སུ་འགྱུར་ཏེ། དང་པོ་ནི། བྱང་ས་ལས། འདི་ལ་བྱང་ཆུབ་སེམས་དཔའི་དང་པོ་སེམས་བསྐྱེད་པ་ནི། བྱང་ཆུབ་སེམས་དཔའི་ཡང་དག་པའི་སྨོན་ལམ་ཐམས་ཅད་ཀྱི་ནང་ན། ཡང་དག་པའི་སྨོན་ལམ་གྱི་དང་པོ་ཡིན་ཏེ། དེ་ལས་གཞན་པའི་ཡང་དག་པའི་སྨོན་ལམ་རྣམས་སྡུད་པ་ཡིན་ནོ། །ཞེས་དང་། ཡང་སེམས་བསྐྱེད་པ་དེ་ནི་བྱང་ཆུབ་ལ་དམིགས་པ་དང་། སེམས་ཅན་གྱི་དོན་ལ་དམིགས་པའོ། །སེམས་བསྐྱེད་པ་དེ་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་དགེ་བའི་རྩ་བ་ཐམས་ཅད་སྡུད་པའི་ཐོག་མར་འགྲོ་བའི་ཕྱིར། དགེ་བ་དང་། མཆོག་ཏུ་དགེ་བ་དང་། བཟང་བ་དང་། མཆོག་ཏུ་བཟང་བ་དང་། ལེགས་པ་དང་། མཆོག་ཏུ་ལེགས་པའི་ཡོན་ཏན་དང་ལྡན་པ་དང་། སེམས་ཅན་ཐམས་ཅད་ལས་བརྟེན་པའི་ལུས་དང་། ངག་དང་། ཡིད་ཀྱི་ཉེས་པ་སྤྱོད་པ་དང་མི་མཐུན་པ་ཡིན་ནོ། །ཞེས་གསུངས་ལ། གཉིས་པ་ནི། བྱང་ས་ལས། དེ་ལ་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་གང་ཞེ་ན། མདོར་བསྡུ་ན། ཡོན་ཏན་རྣམ་པ་བཞི་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་ཡིན་པ་རིག་པར་བྱ་སྟེ། བཞི་གང་ཞེ་ན། ཕ་རོལ་ལས་ལེགས་པར་ཡང་དག་པར་བླངས་པ་དང་། བསམ་པ་ཤིན་ཏུ་རྣམ་པར་དག་པ་དང་། ཉམས་པར་གྱུར་ན་ཕྱིར་གསོ་བར་བྱེད་པ་དང་། མི་ཉམས་པར་བྱ་བའི་ཕྱིར་གུས་པ་སྐྱེས་ནས་དྲན་པ་ཉེ་བར་གནས་པའོ། །ཞེས་གསུངས་ལ། དང་པོས་ཁྲེལ་ཡོད་པ་དང་། གཉིས་པས་ངོ་ཚ་ཤེས་པ་དང་། ལྷག་མ་གཉིས་ཀྱིས་འགྱོད་པ་མེད་པར་འགྱུར་རོ། །ཁྲེལ་ཡོད་ཅིང་ངོ་ཚ་ཤེས་པས་ཚུལ་ཁྲིམས་ཡང་དག་པར་བླངས་པ་བསྲུང་ལ། བསྲུངས་ན་འགྱོད་པ་མེད་པར་འགྱུར་རོ། །དེའི་ཕྱིར་ཡང་དག་པར་བླངས་པ་དང་། བསམ་པ་རྣམ་པར་དག་པ་ཉིད་ནི་ལྷག་མ་གཉིས་འདྲེན་པ་ཡིན་ནོ། །ཁ་ན་མ་ཐོ་བ་ཀུན་ཏུ་སྤྱོད་པ་ན། བདག་གི་ཆ་མ་ཡིན་པར་ཤེས་ནས་འཛེམ་པ་ནི་ངོ་ཚ་ཤེས་པའོ། །དེ་གཞན་དག་ལ་འཇིགས་ཤིང་གུས་པས་འཛེམ་པ་ནི་ཁྲེལ་ཡོད་པའོ། །སློབ་དཔོན་ཛྙྱཱ་ན་ཀཱིརྟིས། འཇུག་པའི་རྣམ་པ་ནི་གང་ནས་བརྩམས་ཏེ་སྡོམ་པ་འཛིན་པ་སྔོན་དུ་འགྲོ་བས་སྦྱིན་པ་ལ་སོགས་པའི་ཚོགས་ལ་འཇུག་པ་ནི་འཇུག་པའི་སེམས་སོ། །ཞེས་གསུངས་སོ། །དང་པོ་ལེན་པའི་ཆོ་ག་ཡང་བྱང་ཆུབ་སེམས་དཔའི་ས་ལས་གསུངས་པ་ནི། ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག སེམས་ཅན་ཐམས་ཅད་ཀྱི་དོན་ཡང་བྱེད་ཅིང་ཤིན་ཏུ་མཐར་ཐུག་པའི་མྱ་ངན་ལས་འདས་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་འགོད་པར་གྱུར་ཅིག ཅེས་པ། ཙམ་ལས་མ་གསུངས་ལ། ཇོ་བོ་རྗེས་རྒྱས་པར་གསུངས་པའི་ཕྱིར། དེའི་རྗེས་སུ་འབྲངས་ནས་བཤད་པར་བྱ་སྟེ། དང་པོ་ལེན་པའི་ཡུལ། སྨོན་ལམ་བཏབ་པས་ཆོས་མཐུན་མཁས་པ་དང་། ངག་རྣམས་རིག་བྱེད་དོན་འཛིན་གོ་ནུས་ལ། ཞེས་པ། བྱང་ས་ལས། བྱང་ཆུབ་སེམས་དཔའ་སྨོན་ལམ་བཏབ་པ་ཆོས་མཐུན་པ་སྡོམ་པ་བླངས་པ་མཁས་པ་ངག་གི་རྣམ་པར་རིག་བྱེད་ཀྱི་དོན་འཛིན་པ་དང་གོ་བར་ནུས་པ་དེ་ལྟ་བུའི་བྱང་ཆུབ་སེམས་དཔའི་ཞེས་གསུངས་པའི་དོན། སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པས་སྨོན་ལམ་བཏབ་པ། འཇུག་པའི་སྡོམ་པ་བླངས་པས་ཆོས་མཐུན་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་དམ་ཆོ་ག་ལ་མཁས་པ། ངག་གི་རྣམ་པ་རིག་བྱེད་ཀྱི་དོན་འཛིན་པ་དང་གོ་བར་ནུས་པ་སྟེ། མཚན་ཉིད་བཞི་དང་ལྡན་པའི་སློབ་དཔོན་ལའོ། །དེ་ལས་གཞན་ལ་ནོད་པར་མི་བྱ་སྟེ། བྱང་ས་ལས། མཁས་པ་ཡིན་དུ་ཟིན་ཀྱང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བྱང་ཆུབ་སེམས་དཔས་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་ཏེ་ནོད་པར་ནི་བྱ་སྟེ། ཞེས་སོགས་གསུངས་སོ། །སྔོན་བཏང་སྟོན་པར་འདུ་ཤེས་གསོལ་བ་བཏབ། །སྐྱབས་འགྲོ་དམིགས་ལ་ཕྱག་བྱ་ཅི་འབྱོར་མཆོད། །མདུན་དུ་ཙོག་པུའམ་པུས་བཙུགས་སྨོན་པ་བླང་། །སྤྲོ་བ་བསླབ་དང་ཕན་ཡོན་བརྗོད་པས་བསྡུས། །ཞེས་པ། དང་པོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་བ་དང་མཆོད་པའི་ཆོ་ག་ལ་སོགས་པ་སྔོན་དུ་བཏང་ནས། དགེ་བའི་བཤེས་གཉེན་ལ་སྟོན་པའི་འདུ་ཤེས་བསྐྱེད་ནས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་གསོལ་བ་ལན་གསུམ་བཏབ་ནས། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག སོགས་ཀྱིས་སྐྱབས་སུ་འགྲོ་བ་ཁྱད་པར་ཅན་བྱས་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཡིད་ཀྱིས་དམིགས་ཏེ་ཕྱག་བཙལ་བ་དང་། ཅི་འབྱོར་པའི་མཆོད་པས་མཆོད་པ་ནས་སློབ་དཔོན་མདུན་དུ་བྱས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་པའམ། ཙོག་པུར་ཡང་རུང་བས་འདུག་སྟེ་ཐལ་མོ་སྦྱར་བས། ཕྱོགས་བཅུ་རྣམས་ན་བཞུགས་པའི་ཞེས་པ་ནས། ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །ཞེས་འབྱུང་བའི་བར་གྱིས་སྨོན་པའི་སེམས་ཀྱི་སྡོམ་པ་བླངས་ལ། དེ་ནས་སྤྲོ་བ་སྐྱེད་པ་དང་། བྱང་ཆུབ་ཀྱི་སེམས་དེ་ཉིད་མི་ཉམས་པར་བྱེད་པའི་བསླབ་བྱ་དང་། ཕན་ཡོན་བརྗོད་དེ། ཕན་ཡོན་ནི་བྱང་ས་ལས། བྱང་ཆུབ་སེམས་དཔའ་ནི་སེམས་བསྐྱེད་མ་ཐག་ཏུ་བླ་ན་མེད་པའི་བྱང་ཆུབ་ཐེག་པ་ཆེན་པོ་ལ་ཞུགས་པ་ཡིན་ཏེ། འདི་ལྟ་སྟེ། བརྡ་དང་ཐ་སྙད་ཀྱི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡིན་ཏེ། དེ་བས་ན་སེམས་བསྐྱེད་པ་དེ་ནི་འཇུག་པར་བསྡུས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དེ་བསྐྱེད་ནས་རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་གྱི། མ་བསྐྱེད་པར་ནི་མ་ཡིན་ཏེ། དེ་ལྟ་བས་ན་སེམས་བསྐྱེད་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྩ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་ཅན་སྡུག་བསྔལ་བ་རྣམས་ལ་སྙིང་རྗེ་དང་ལྡན་ཞིང་ཡོངས་སུ་བསྐྱབ་པར་སེམས་པ་ཡང་སེམས་དེ་སྐྱེད་པར་བྱེད་དེ། དེ་ལྟ་བས་ན་སེམས་བསྐྱེད་པ་དེ་ནི་སྙིང་རྗེའི་རྒྱུ་མཐུན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་བསྐྱེད་པ་དེ་ལ་བརྟེན་ཅིང་གནས་ནས་བྱང་ཆུབ་སེམས་དཔའི་བསླབ་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སེམས་ཅན་གྱི་དོན་བྱ་བ་དག་ལ་སྦྱོར་བར་བྱེད་དེ། དེ་ལྟ་བས་ན་སེམས་བསྐྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་ཀྱི་རྟེན་ཡིན་ཏེ། དེ་ལྟར་དང་པོ་སེམས་བསྐྱེད་པ་དེ་ནི་བསྡུ་བ་དང་། རྩ་བ་དང་། རྒྱུ་མཐུན་དང་། རྟེན་དུ་གྱུར་པ་ལས་རིག་པར་བྱའོ། །ཞེས་གསུངས་སོ། །འཇུག་པའི་ཆོ་ག་བརྗོད་པར་བྱ་སྟེ། ཕྱག་བྱས་རྐང་པར་གཏུགས་ནས་གསོལ་བ་གདབ། །དྲི་དང་ཚོགས་གསོག་སྟོན་པའི་འདུ་ཤེས་ཀྱིས། །ཕྱག་བྱ་བསྐུལ་ནས་དྲི་ལན་དང་བ་བསྐྱེད། །གོ་བྱ་དྲི་དང་ཁས་ལེན་གྱུར་ན་བྱིན། །མཁྱེན་པར་གསོལ་དང་གཟིགས་འཇུག་གྱ་ཚོམ་མིན། །བསླབ་གཞི་ཕན་ཡོན་འཇུག་པའི་ཆོ་ག་ཡིན། །ཞེས་པ། སྔར་བཤད་པའི་དགེ་བའི་བཤེས་གཉེན་ལ་ཕྱག་བྱས་དེའི་རྐང་པ་ལ་གཏུགས་ནས། སློབ་དཔོན་ཁྱོད་ལས་ཞེས་སོགས་ཀྱི་ཚིག་གིས་ལན་གསུམ་དུ་གསོལ་བ་གདབ་པར་བྱའོ། །དེས་ཀྱང་རིགས་ཀྱི་བུ་ཁྱོད་ཉོན་ཅིག་ནས། གཞན་གྱིས་ནན་གྱི་ལེན་དུ་བཅུག་པ་མ་ཡིན་ནམ་ཞེས་པའི་བར་གྱིས་དྲིའོ། །སྙིང་ནས་སྤྲོ་ན་དེའི་འོག་ཏུ། དེ་བཞིན་གཤེགས་པའི་སྐུ་གཟུགས་མདུན་དུ་བཞུགས་པ་དང་། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པ་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་མདུན་དུ་བསམ་ལ། ཅི་འབྱོར་པའི་མཆོད་པ་དང་ཕྱག་བྱས་ལ། དགེ་བའི་བཤེས་གཉེན་ལ་སྟོན་པའི་འདུ་ཤེས་ཀྱིས་ཕྱག་བྱས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་པའམ། ཙོག་ཙོག་པུར་འདུག་སྟེ། སློབ་དཔོན་གྱིས་བྱང་ཆུབ་སེམས་དཔའི་ཞེས་སོགས་ཀྱིས་ལན་གསུམ་དུ་བསྐུལ་བར་བྱའོ། །དེ་ནས་དགེ་བའི་བཤེས་གཉེན་འདུག་པའམ། ལངས་པ་ཡང་རུང་སྟེ། དེས་སྡོམ་པ་ནོད་པ་དེ་ལ། མིང་འདི་ཞེས་བྱ་བ་ཁྱོད་ནས། སྨོན་ལམ་བཏབ་བམ་ཞེས་དྲིས་པ་ན། དེས་ཀྱང་བཏབ་ལགས་སོ། །ཞེས་ཁས་བླང་བར་བྱའོ། །དེ་ནས་ད་ནི་བདག་བསོད་ནམས་ཀྱི་གཏེར་ཆེན་པོ་བླ་ན་མེད་པ་ཟད་མི་ཤེས་ཤིང་དཔག་ཏུ་མེད་པ་ཐོབ་པར་འགྱུར་རོ་སྙམ་དུ་བསམ་ཞིང་། སེམས་རབ་ཏུ་དད་པ་བསྐྱེད་ནས་ཅང་མི་སྨྲ་བ་ཐལ་མོ་སྦྱར་ཏེ་འདུག་པར་བྱའོ། །དེ་ནས་དགེ་བའི་བཤེས་གཉེན་གྱིས་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང་། ཚུལ་ཁྲིམས་མདོར་བསྡུས་པ་སློབ་མ་ལ་བསྒོ་བར་བྱའོ། །དེ་ནས་བསླབ་པའི་གཞི་དེ་དག་དང་ཚུལ་ཁྲིམས་དེ་དག་བདག་ལ་ལེན་པར་འདོད་དམ་ཞེས་དྲི་བར་བྱའོ། །དེས་ཀྱང་ལེན་པར་འཚལ་ལོ། །ཞེས་ཁས་ལེན་པར་གྱུར་ན། རིགས་ཀྱི་བུ་མིང་འདི་ཞེས་བྱ་བ་ཁྱོད་ཅེས་པ་ནས། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ནོད་དམ་ཞེས་སྨྲ་ཞིང་། དེས་ཀྱང་ནོད་ལགས་སོ། །ཞེས་སྨྲ་བ་ལན་གསུམ་གྱིས་སྡོམ་པ་བླངས་པར་འགྱུར་རོ། །དེ་ལྟར་ཚུལ་དེས་བྱང་ཆུབ་སེམས་དཔའི་སྡོམ་པ་སྦྱིན་ནས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡན་ལག་ལྔས་ཕྱག་འཚལ་བ་སྔོན་དུ་འགྲོ་བས་ཐལ་མོ་སྦྱར་ཏེ་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ནས། མཁྱེན་པར་གསོལ་ལོ། །ཞེས་ལན་གསུམ་གྱི་བར་དུ་བརྗོད་པས། དེ་དག་གི་ཐུགས་སུ་ཆུད་པར་རིག་པར་བྱའོ། །དེ་ནས་ཕྱག་བཙལ་ནས་བླ་མ་དང་སློབ་མ་ལྡང་བར་བྱའོ། །དེ་ནས་སློབ་དཔོན་གྱིས་སློབ་མ་ལ་བྱང་ཆུབ་སེམས་དཔའ་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག ཅེས་པ་ནས། ཡེ་ཤེས་ཀྱི་ཚོགས་འཕེལ་བར་འགྱུར་རོ། །ཞེས་གཟིགས་པ་ལ་འཇུག་པ་བརྗོད་ནས། ཡང་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ནས། གསང་བར་བྱ་བ་ཡིན་ནོ། །ཞེས་འབྱུང་བའི་བར་གྱིས་གྱ་ཚོམས་སུ་མི་སྨྲ་བ་བསྟན་པར་བྱའོ། །དེ་ནས་བསླབ་པའི་གཞི་ཕམ་པ་ལྟ་བུའི་གནས་ལ་སོགས་པ་རྣམས་བཤད་ཅིང་། ཕན་ཡོན་ཀྱང་བསྟན་པར་བྱའོ། །མེད་ན་སྐུ་གཟུགས་སྤྱན་སྔར་རང་གིས་ལེན། །ཞེས་པ། གལ་ཏེ་ཡོན་ཏན་དེ་དག་དང་ལྡན་པའི་གང་ཟག་མེད་པར་གྱུར་ན། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་སྤྱན་སྔར་བདག་ཉིད་ཀྱིས་བླང་བར་བགྱི་སྟེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཡིད་ལ་བསམས་ཏེ་ཕྱག་འཚལ་བ་དང་། མཆོད་པའི་ཆོ་ག་ལ་སོགས་པ་བྱས་ནས་གསོལ་བ་གདབ་པ་དང་། སློབ་དཔོན་ཞེས་པའི་ཚིག་སྤངས་པའི་སྐྱབས་སུ་འགྲོ་བ་ལ་སོགས་པའི་གོ་རིམ་གོང་མ་བཞིན་དུ་བྱ་བ་སྨོན་པ་དང་། འཇུག་པ་ནི། འདི་ལྟར་སྤྱན་སྔར་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་སམ། ཙོག་ཙོག་པུས་འདུག་ཀྱང་རུང་སྟེ། འདི་སྐད་དུ། བདག་མིང་འདི་ཞེས་བགྱི་བ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གསོལ་བ་འཚལ་ཏེ། དེ་དག་གི་སྤྱན་སྔར་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དང་། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་གང་ལ། འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབས་པ་དང་། མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་འགྱུར་བ་དང་། ཕྱོགས་བཅུ་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ད་ལྟར་སློབ་པ་རྣམས་བདག་གིས་ཡང་དག་པར་བླང་ངོ་། །ཞེས་བརྗོད་པར་བྱ་སྟེ། ལན་གཉིས་ལན་གསུམ་དུ་བརྗོད་ནས་ལྡང་བར་བྱའོ། །ལྷག་མ་ཐམས་ཅད་ནི་སྔ་མ་བཞིན་དུ་རིག་པར་བྱའོ།། །། གཉིས་པ་བླངས་པ་མི་ཉམས་པར་བསྲུང་བ་ལ། སྨོན་པའི་བསླབ་བྱ་དང་། འཇུག་པའི་བསླབ་བྱ་གཉིས་ལས། དང་པོ་ནི། དཔལ་ཟླ་འོད་གཞོན་ནུའི་ཞལ་སྔ་ནས། སེམས་ཅན་བློས་མི་བཏང་བ་དང་། །སེམས་དེའི་ཕན་ཡོན་དྲན་བྱ་དང་། །ཚོགས་གཉིས་བསག་པར་བྱ་བ་དང་། །ཡང་ཡང་བྱང་སེམས་སྦྱང་བ་དང་། །དཀར་ནག་ཆོས་བརྒྱད་བླང་དོར་ཏེ། །ལྔ་པོས་སྨོན་པའི་བསླབ་བྱ་བསྡུས། །ཞེས་གསུངས་པའི་རྗེས་སུ་འབྲངས་ཏེ། སེམས་ཅན་མི་བཏང་། ཞེས་སྨོས་པ། སེམས་ཅན་གང་དག་གིས་བདག་ལ་མི་རིགས་པ་གཅིག་བྱས་པས། བདག་དེ་ལ་སེམས་རྒྱང་བསྲིངས་ནས། ཤ་ཚ་བ་དང་བྲལ་ཏེ་ཕྱིན་ཆད་ཁྱོད་ལ་ཕན་ཐོགས་པའི་དུས་བྱུང་ཡང་མི་གདགས་གནོད་པ་ཟློག་པའི་དུས་བྱུང་ཡང་མི་ཟློག་སྙམ་པའི་སེམས་བསྐྱེད་པ་ནི་སེམས་ཅན་བློས་བཏང་བ་ཡིན་ནོ། །དེ་ལས་བཟློག་ནས་སེམས་ཅན་གྱིས་ཕན་བཏགས་པའི་ལན་དུ་གནོད་པ་བྱས་ན་ཡང་དེའི་ལན་ལེགས་པས་སློན་པ་ནི་སེམས་ཅན་བློས་མི་གཏོང་བ་སྟེ། མ་དྲོས་པས་ཞུས་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་འཛིན་ཏོ། །ཆོས་གཅིག་པུ་གང་ཞེ་ན། སེམས་ཅན་བློས་ཡོངས་སུ་མི་གཏོང་བའི་སེམས་སོ། །ཞེས་གསུངས་སོ། །དེ་ནི་སྨོན་སེམས་མི་འཆོར་བའི་ཐབས་སོ། །ཕན་ཡོན་དྲན་པར་བྱ། ཞེས་པ། ཕན་ཡོན་ཅན་གྱི་བྱང་ཆུབ་ཀྱི་སེམས་དེ་ལ་རྩིས་ཆེ་ཞིང་མཆོག་ཏུ་འཛིན་པར་འགྱུར་བས་མི་ཉམས་པའི་ཐབས་ཏེ། དྲན་པར་བྱ་བའི་ཕན་ཡོན་ཀྱང་། ལམ་སྒྲོན་ལས། དེ་ལྟར་སྨོན་པའི་སེམས་དག་ནི། །བསྐྱེད་པའི་ཡོན་ཏན་གང་ཡིན་པ། །དེ་ནི་སྡོང་པོ་བཀོད་པ་ཡི། །མདོ་ལས་བྱམས་པས་རབ་ཏུ་བཤད། །ཅེས་པ། མདོ་དེར་དཔེ་ཉིས་བརྒྱ་སུམ་ཅུས་གསུངས་པ་རྣམས་སོ། །ཚོགས་གཉིས་བསག་དང་། ཞེས་པ་སྟོབས་སྐྱེད་པའི་ཐབས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསག་པའོ། །དེ་ལྟར་ཡང་ལམ་སྒྲོན་ལས། བསོད་ནམས་ཡེ་ཤེས་རང་བཞིན་གྱི། ཚོགས་ནི་ཡོངས་སུ་རྫོགས་པའི་རྒྱུ། ཞེས་སོ། །ཡང་ཡང་སེམས་སྦྱང་དང་། ཞེས་པ་འཕེལ་བའི་ཐབས་ཏེ། རྒྱུའི་སེམས་བྱམས་སྙིང་རྗེ་དྲན་པར་བྱ་བ་དང་། དངོས་ཀྱི་སེམས་སེམས་བསྐྱེད་ཡང་དང་ཡང་དུ་བླང་བ་དང་། སྤྱོད་པའི་སེམས་རང་གི་ལུས་དང་། ལོངས་སྤྱོད་དང་། དུས་གསུམ་གྱི་དགེ་བ་ཐམས་ཅད་གཞན་གྱི་ཕན་བདེའི་དོན་དུ་བསྔོ་ཞིང་བཏང་བ་གཞན་ལ་ཕན་བཏགས་པའི་སེམས་སྦྱང་བ་དང་། རྟག་ཏུ་ཚུལ་ཁྲིམས་ལ་རྟོག་ཅིང་སྡིག་པ་དང་ཉོན་མོངས་པ་ལ་འཛེམ་པ་རང་གི་རྒྱུད་དག་པའི་སེམས་སྦྱང་བ་སྟེ། ལམ་སྒྲོན་དུ། བྱང་ཆུབ་སྨོན་པའི་སེམས་དག་བསྐྱེད་ནས་ནི། །འབད་པ་མང་པོས་ཀུན་ཏུ་འཕེལ་བྱ་ཞིང་། །ཞེས་སོ། །དཀར་ནག་ཆོས་བརྒྱད་བླང་དོར་སྨོན་པའི་ཡིན། །ཞེས་པ་མི་བརྗེད་པའི་ཐབས་ཏེ། ལམ་སྒྲོན་ལས། འདི་ནི་སྐྱེ་བ་གཞན་དུའང་དྲང་དོན་དུ། །ཇི་སྐད་བརྗོད་པའི་བསླབ་པ་ཡོངས་སུ་བསྲུང་ཞེས་གསུངས་ལ། དཀར་ནག་གི་ཆོས་འོད་སྲུངས་ཀྱིས་ཞུས་པའི་མདོ་ལས་གསུངས་པ་ལྟར་བཤད་པ། བླ་མ་མཆོད་འོས་བསླུ་དང་གཞན་འགྱོད་པའི། །གནས་མ་ཡིན་ལ་འགྱོད་བསྐྱེད་བྱང་སེམས་ལ། །སྡང་བའི་ཚིག་སྨྲ་ཀུན་ལ་གཡོ་སྒྱུར་སྤྱོད། །ནག་པོའི་ཆོས་སོ་མི་ཉམས་བྱེད་པའི་ཆོས། །སྲོག་གི་ཕྱིར་ཡང་བརྫུན་དུ་མི་སྨྲ་དང་། །འགྲོ་ལ་ལྷག་བསམ་དག་པས་གནས་པ་དང་། །སེམས་བསྐྱེད་སྟོན་པར་འདུ་ཤེས་ཡོན་ཏན་བསྒྲག །དགེ་ལ་གཞན་འགོད་དེ་ཡང་བླ་མེད་དུའོ། །ཞེས་པ། བྱང་ཆུབ་ཀྱི་སེམས་ཉམས་པར་བྱེད་པའི་ཆོས་བཞི་ལས་བཟློག་པར་བྱ་སྟེ། བཞི་གང་ཞེ་ན། བླ་མ་དང་མཆོད་པར་འོས་པར་བསླུ་བ་དང་། གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་དང་། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གིས་ཚིགས་སུ་བཅད་པ་མ་ཡིན་པ་བརྗོད་པ་དང་། སེམས་ཅན་ཐམས་ཅད་ལ་གཡོ་དང་སྒྱུས་སྤྱོད་པའོ། །བྱང་ཆུབ་ཀྱི་སེམས་མི་ཉམས་པར་བྱེད་པའི་ཆོས་བཞི་ལ་བསླབ་པར་བྱ་སྟེ། བཞི་གང་ཞེ་ན། སྲོག་གི་ཕྱིར་ཡང་བསམ་བཞིན་དུ་བརྫུན་མི་སྨྲ་བ་དང་། སེམས་ཅན་ཐམས་ཅད་ལ་ལྷག་པའི་བསམ་པ་རྣམ་པར་དག་པས་གནས་པར་བྱའི། གཡོ་དང་སྒྱུས་མ་ཡིན་པ་དང་། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་སྟོན་པའི་འདུ་ཤེས་བསྐྱེད་ཅིང་ཕྱོགས་བཅུར་ཡང་དག་པའི་ཡོན་ཏན་བརྗོད་པར་བྱ་བ་དང་། སེམས་ཅན་འགའ་ཞིག་དགེ་བ་ལ་དགོད་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་ཀྱི། ཉན་ཐོས་དང་རང་སངས་རྒྱས་ལ་ནི་མ་ཡིན་ནོ། ཁྱད་པར་དུ་མངོན་པར་ཤེས་པ་མྱུར་དུ་ཐོབ་པར་འདོད་པས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཞུས་པའི་ཆོས་བདུན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལ་བསླབ་པར་བྱའོ།། །། གཉིས་པ་འཇུག་པའི་བསླབ་བྱ་ལ། བསླབ་པ་ཡོངས་སུ་སྦྱོང་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། དེའི་མི་མཐུན་ཕྱོགས་ལྟུང་བར་འགྱུར་བའི་གནས་བཤད་པ་གཉིས་ལས། དང་པོ་ནི། འཇུག་པའི་སེམས་ཀྱི་བདག་ཉིད་སྡོམ་གནས་པས། །ཚུལ་ཁྲིམས་བསླབ་པ་གསུམ་ལ་ལེགས་པར་བསླབ། །ཅེས་པས་མདོར་བསྟན་ནས། རྒྱས་པར་བཤད་པའི་ཕྱིར། ཡང་དག་བླངས་པ་རིས་བདུན་སྡོམ་པ་དང་། །ཞེས་པ། སོ་སོ་ཐར་པ་རིས་བདུན་པོ་གང་ཡང་རུང་བ་ལ་གནས་པ་ནི་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ཞེས་བྱ་སྟེ། དེ་བཞིན་གཤེགས་པས་བཅས་པ་ཉིད་ཚུལ་ཁྲིམས་ཡིན་པར་བསྟན་པའི་ཕྱིར། དེ་ལྟར་ཡང་བྱང་ས་ལས། དེ་ལ་བྱང་ཆུབ་སེམས་དཔའ་སྡོམ་པའི་ཚུལ་ཁྲིམས་ནི་སོ་སོ་ཐར་པའི་སྡོམ་པ་ཡང་དག་པར་བླངས་པ་རིས་བདུན་པོ་དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་ཕ་དང་། དགེ་ཚུལ་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་ཚུལ་ཁྲིམས་གང་ཡིན་པ་སྟེ། དེ་ཡང་ཁྱིམ་པ་དང་། རབ་ཏུ་བྱུང་བའི་ཕྱོགས་ལ་ཅི་རིགས་པ་རིག་པར་བྱའོ། །ཞེས་གསུངས་སོ། །སོ་སོ་ཐར་པའི་དབང་དུ་མཛད་ནས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། སྡོམ་པ་མ་ཡིན་པ་ལས་ལྡོག་པ་སྤོང་བའི་སེམས་པ་སྤོང་བ་དེ་ལ་དབང་བྱེད་པའི་དབང་པོ་ལྔ་དང་ལྡན་པ་གང་ཡིན་པ་དེ་ནི་སྡོམ་པ་ཞེས་བྱའོ། །སྡོམ་པ་ཡང་དག་པར་བླངས་པ་དེ་ཡང་རྣམ་པ་བརྒྱར་རྟོགས་པར་རིག་པར་བྱ་སྟེ། ཞེས་གསུངས་ལ། མི་དགེ་བཅུའི་ཕྱོགས་རེ་སྤོང་པ་བཅུ། ཕལ་ཆེར། ཐམས་ཅད། དུས་ཡུན་ཐུང་ངུ་། རིང་པོ། ཇི་སྲིད་འཚོ། བདག་ཉིད་ཀྱིས། གཞན་ལེན་དུ་འཇུག་པ། དེ་དག་གི་བསྔགས་པ་བརྗོད་པ། དེ་ལྟ་བུ་སྤོང་བ་ལ་དགའ་བ་ཡིད་བདེ་བ་སྐྱེ་བ་སྟེ། དེ་ལྟར་བརྒྱའོ། །ཡང་དེ་ཉིད་ལས། སྡོམ་པ་དེ་ཡང་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། ཀུན་ནས་སློང་བའི་སྡོམ་པ་དང་། ཡོངས་སུ་འཛིན་པའི་སྡོམ་པ་དང་། ཀུན་ནས་བསྲུང་བའི་སྡོམ་པ་དང་། ཕྱིས་ལེན་པའི་སྡོམ་པ་དང་། སྡོམ་པ་ཆུང་ངུ་དང་། སྡོམ་པ་འབྲིང་དང་། སྡོམ་པ་ཆེན་པོ་དང་། ཡོངས་སུ་དག་པའི་སྡོམ་པའོ། །ཞེས་གསུངས་ལ། ལེན་པའི་སྔ་རོལ་དུ་སྤོང་བ་ཡང་དག་པར་བླང་ངོ་སྙམ་དུ་སེམས་མངོན་པར་འདུ་བྱེད་པ་དང་པོ། སྤོང་བ་ཡང་དག་པར་ལེན་ཅིང་ཡོངས་སུ་ཟིན་པ་འཛིན་པར་བྱེད་པ་གཉིས་པ། དེ་ཕྱིན་ཆད་སྤོང་བའི་སེམས་པ་དབང་པོ་ལྔས་ཡོངས་སུ་ཟིན་པའི་དབང་དུ་བྱས་ཏེ། རྟག་ཏུ་དེའི་ཕན་ཡོན་དང་ལྡན་པ། སྐབས་སྐབས་སུ་ཀུན་ཏུ་སྤྱོད་པ་དང་ལྡན་པ་གསུམ་པ། སྡོམ་པ་ཇི་ལྟར་བླངས་པ་ཀུན་ཏུ་བསྲུང་བ་ཉིད་འབྱུང་ཞིང་། སྡིག་པའི་གྲོགས་པོ་དང་འཕྲད་པའི་སྡིག་པ་ཀུན་ཏུ་སྤྱོད་པ་ལ་འཛེམ་ལ། བདག་འགལ་བ་དང་ངན་འགྲོར་གྱུར་ན་མི་རུང་ངོ་སྙམ་ནས་སེམས་པར་བྱེད་པ་བཞི་པ། བརྒྱལ་བརྗེད་ངེས་པས་སྡིག་པ་སྤྱོད་ན་མྱུར་བར་དྲན་པ་ཉེ་བར་བཞག་སྟེ་ཕྱིར་འཆོས་ཤིང་ཕྱིན་ཆད་སྡོམ་པ་ལྔ་པ། ཕྱོགས་གཅིག་པ་དང་། དུས་ཐུང་ངུ་དང་། བདག་ཉིད་སྤོང་ལ་གཞན་ལེན་དུ་མི་འཇུག་པ། བསྔགས་པ་དང་། ཆོས་མཐུན་པ་ལ་ཡིད་བདེ་བ་མི་སྐྱེ་བ་དྲུག་པ། ཕལ་ཆེ་བ་དང་། དུས་ཡུན་རིང་བ་དང་། བདག་ཉིད་དང་གཞན་ཀྱང་འཇུག བསྔགས་པ་དང་། ཡིད་དགའ་བ་མ་ཡིན་པ་ནི་བདུན་པ། ཐམས་ཅད། དུས་ཐམས་ཅད་དུ་བདག་དང་། གཞན་དང་། བསྔགས་པ་དང་། ཡིད་དགའ་བ་སྐྱེ་བ་ནི་བརྒྱད་པའོ། །དེ་ལྟར་ཡང་དག་པར་བླངས་པ་སྐྱོན་མེད་པས་ཉེས་པར་སྤྱོད་པ་ཀུན་ནས་སློང་བའི་ཉོན་མོངས་རྩེ་འཇིལ་བར་བྱེད། གཟུགས་ན་སྤྱོད་པ་བསམ་གཏན་གྱི་སྡོམ་པས་རྣམ་པར་གནོན་ཏེ་རྐྱེན་རྣམས་ཟིན་ཀྱང་རེ་ཞིག་ཀུན་མི་སྤྱོད་པའི་ཕྱིར་དང་། ཟག་པ་མེད་པས་རྒྱུན་གཅོད་དེ། དེ་ཐོབ་ན་གཏན་ནས་མི་སྤྱོད་པའི་ཕྱིར་རོ། །བསྙེན་གནས་ནི་གནས་པའི་རྟེན་དུ་མི་རུང་བའི་ཕྱིར་མ་སྨོས་ཏེ། འགྲེལ་པ་རྒྱ་མཚོའི་སྤྲིན་ལས། རྣམ་པས་རྣམ་པ་ཐ་དད་པ་ནི་བསྙེན་གནས་ཏེ། གནས་པའི་སྡོམ་པ་ལོགས་ཤིག་ཏུ་ཕྱེ་བའི་ཕྱིར་རྣམ་པ་བརྒྱད་དུ་འགྱུར་རོ། །ཞེས་གསུངས་སོ། །རྣམ་པར་གཏན་ལ་དབབ་པ་བསྡུ་བའི་བརྒྱར་དབྱེ་བ་ཕལ་ཆེར་སྨོན་པའི་རྟེན་དུ་རུང་ངོ་། །འདི་ལ་རྣམ་པར་དཔྱད་པ་འདི་འཇུག་སྟེ། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་སོ་སོ་ཐར་པ་རིས་བདུན་གང་རུང་ལ་བཤད་པ་དེའི་ཕྱིར། སོ་སོ་ཐར་པའི་སྡོམ་པ་བདུན་པོ་དེ་དག་བྱང་ཆུབ་ཀྱི་བར་དུ་འབྲང་བ་ཡང་ཡོད་པར་ཤེས་ཏེ། བྱང་ས་ལས། ཇི་སྲིད་དུ་མངོན་པར་རྫོགས་པར་སངས་མ་རྒྱས་པ་དེ་སྲིད་དུ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འདི་ལ་སློབ་པ་ན་ཕན་ཡོན་རྣམ་པ་ལྔ་ཐོབ་པར་འགྱུར་རོ། །སངས་རྒྱས་རྣམས་ཀྱིས་དགོངས་པར་འགྱུར་པ་དང་། མཆོག་ཏུ་དགའ་བ་ཆེན་པོ་ལ་གནས་བཞིན་དུ་འཆི་བའི་དུས་བྱེད་པར་འགྱུར་བ་དང་། ལུས་ཞིག་ནས་ཀྱང་གང་ཟག་དམ་པ་དེ་དང་ཚུལ་ཁྲིམས་པའམ་ལྷག་པའི་བྱང་ཆུབ་སེམས་དཔའ་སྐལ་བ་འདྲ་ཞིང་ཆོས་མཐུན་པ་དགེ་བའི་བཤེས་གཉེན་དུ་གྱུར་པ་དག་གནས་པ་དེར་སྐྱེ་བར་འགྱུར་བ་དང་། ཚེ་འདི་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའི་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་དང་ལྡན་པར་འགྱུར་བ་དང་། ཚེ་ཕྱི་མ་ལ་ཡང་རང་འཁྲུངས་ཀྱི་ཚུལ་ཁྲིམས་ཉིད་དོ། །ཚུལ་ཁྲིམས་དེའི་བདག་ཉིད་ཐོབ་པར་འགྱུར་བའོ། །ཞེས་གསུངས་ལ། ལུས་ཞིག་པ་གང་ཟག་དམ་པ་དང་ཚུལ་ཁྲིམས་མཚུངས་པར་གསུངས་པས་ཀྱང་ཤེས་ཏེ། སྡོམ་པའི་ཚུལ་ཁྲིམས་མེད་ན་དེ་དག་དང་མཚུངས་པར་ཇི་ལྟར་འགྱུར། ཡང་སྐྱབས་འགྲོ་བྱང་ཆུབ་སྙིང་པོའི་བར་དུ་བྱས་པས། དེ་ལས་ཐོབ་པའི་སོ་ཐར་ཡང་དེའི་རྗེས་སུ་ཅིས་མི་འཇུག་སྟེ། ཇི་སྲིད་འཚོ་བར་གྱི་སྐྱབས་འགྲོ་བྱས་པ་ལས། དེས་ཐོབ་པའི་དགེ་བསྙེན་ཡང་ཇི་སྲིད་འཚོ་བར་དུ་འཇོག་པ་བཞིན་ནོ། །སྐྱབས་འགྲོ་ཁོ་ནས་སོར་སྡོམ་ཐོབ་པ་ཡོད་པར། ཡང་འགྲེལ་པ་རྒྱ་མཚོའི་སྤྲིན་ལས། དཔེར་ན་སྐྱབས་སུ་སོང་བ་ཉི་ཚེ་ལ་སོ་སོ་ཐར་པའི་སྡོམ་པ་ཡང་དག་པར་བླངས་པ་ཡོད་པ་དེ་བཞིན་དུ་སེམས་བསྐྱེད་པ་ལ་ཡང་དག་པར་བླང་བ་ཡོད་པར་འགྱུར་པའི་ཕྱིར། སྨོན་ལམ་བཏབ་པས་ཞེས་སྨོས་སོ། །ཞེས་སོ། །འདི་ལ་ཁ་ཅིག དེས་ན་བྱང་སར་སྡོམ་པའི་ཚུལ་ཁྲིམས་ངོས་བཟུང་བའི་སྐབས་སུ་སོ་ཐར་རིས་བདུན་ལ་གསུངས་པ་ནི། སོ་ཐར་རིས་བདུན་དངོས་དང་དེ་དག་བྱང་སེམས་ཀྱི་སྡོམ་པ་གཉིས་ཐུན་མོང་པའི་རང་བཞིན་གྱི་ཁ་ན་མ་ཐོ་བ་སྤོང་བ་གཉིས་ཆར་ལ་གོ་བར་བྱ་ཡི། རིས་བདུན་འབའ་ཞིག་ལ་མི་བཟུང་ངོ་། །ཞེས་ཟེར་བ་ནི་རང་གི་འདོད་པ་དང་མ་མཐུན་པའི་གྱ་གྱུར་སྨྲས་པ་སྟེ། སློབ་དཔོན་གྱི་གཞུང་དང་འགྲེལ་བྱེད་ཀྱི་ཚིག་ལ་མི་བསམ་པའི་གཏམ་མོ། །ཡང་དེ་དང་། གཞན་དག་གིས་ཀྱང་། ལྷ་དང་བྱིས་པའི་དགེ་སློང་མི་སྲིད་པར་སྨྲས་ཏེ། ཉན་ཐོས་དང་ཐུན་མོང་པ་ལ་དེ་ལྟར་ཡིན་དུ་ཆུག་མོད། ཐེག་ཆེན་ཐུན་མོང་མ་ཡིན་པ་ལ་ནི་དེ་སྐད་ཟེར་བ་མི་འཐད་དེ། དགེ་སློང་རྡོ་རྗེ་འཛིན་པ་སྔགས་སྟོབས་ཀྱིས་འོག་མིན་པའི་ལྷར་སྐྱེ་བ་འདི་ཉིད་ལ་གྲུབ་པ་ཡོད་པ་དང་། དེ་བཞིན་དུ་འདོད་པའི་ལྷར་ཡང་འགྱུར་བས་སོ། །ཡང་བྱིས་པའི་རྟེན་ཅན་ཡོད་པར་ཡང་གྲུབ་སྟེ། སྐྱེས་ནས་རིང་པོར་མ་ལོན་པའི་བྱིས་པའི་རོ་ལ་གྲོང་འཇུག་བྱས་པ་དེའི་ཚེ་དེ་བྱིས་པའི་རྟེན་ཅན་དུ་ཅིའི་ཕྱིར་མི་འགྱུར། དེས་རྣམ་སྨིན་གྱི་ལུས་དོར་བ་ན། སོ་ཐར་བཏང་ངོ་སྙམ་ན་དེས་གླང་པོ་ཆེའི་རོ་སྐྱེལ་བའི་ཆེད་ལྟ་བུར་གྲོང་འཇུག་ལ་ཞུགས་པ་ན་ཡང་། དེར་ཐལ་བས་རྒྱ་གར་གྱི་པཎྜྻི་ཏ་རླུང་སེམས་ལ་དབང་ཐོབ་པ་དག་ལ་སྐུར་བའི་ཚིག་ཏུ་འགྱུར་རོ། །རིགས་པ་འདིས་སོ་སོ་ཐར་པའི་སྡོམ་པ་སེམས་རྗེས་འབྲང་བ་ཡང་འགྲུབ་བོ། །དེ་བས་ན། ལྷ་དང་བྱིས་པའི་དགེ་སློང་ནི། །འདུལ་བའི་སྡེ་སྣོད་རྣམས་ལས་བཀག །ཅེས་པའང་རིག་སྔགས་འཆང་གི་འདུལ་བ་ལ་ཇི་མི་སྙམ་པའི་ཚིག་གོ །ཡང་འདུལ་བའི་ལུང་ཉིད་དུའང་། རྒྱན་གྱིས་བརྒྱན་བཞིན་དུ་ཡང་ཆོས་སྤྱོད་དེ། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །ཞེས་དོན་དམ་པའི་དགེ་སློང་ཀྱང་གསུངས་པའི་ཕྱིར། དེ་ལྟ་བུའི་དགེ་སློང་ཤི་འཕོས་པས་གཏོང་བའང་གད་མོའི་གནས་ཏེ། དེས་ན་སོ་སོ་ཐར་པ་ཡི། །སྡོམ་པ་ཤི་ཡང་ཡོད་དོ་ཞེས། །སྨྲ་བའི་སྐྱེས་བུ་དེ་ལ་ནི། །སྡེ་སྣོད་རྣམ་དབྱེ་མེད་པར་ཟད། །ཅེས་གསུངས་པ་ཉིད་ཀྱི་སྡེ་སྣོད་ཀྱི་རྣམ་དབྱེ་མེད་པར་སུ་ཐལ་གཟིགས་དགོས་པར་སྣང་ངོ་། །ཆོས་བསྒྲུབ་བསྲུང་དང་རྣམ་སྤེལ་དགེ་ཆོས་དང་། །ཞེས་པ། དགེ་བའི་ཆོས་རྣམས་བསྒྲུབ་པ་དང་། བསྲུང་བ་དང་། རྣམ་པར་འཕེལ་བར་བྱེད་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཞེས་བྱའོ། །རང་གི་ཡུལ་དང་། བླ་མའི་ཡུལ་དང་། ཕན་འདོགས་པའི་ཡུལ་ལ་བརྟེན་ནས་དགེ་བའི་རྩ་བ་མ་སྐྱེས་པ་སྐྱེད་པར་བྱེད་པ་ནི་བསྒྲུབ་པའོ། །དྲན་པས་སྤྱོད་པར་མི་བྱེད་པའི་ཚུལ་གྱིས་སྲུང་བར་བྱེད། ཤེས་བཞིན་གྱིས་སྤྱོད་པར་གྱུར་ཀྱང་ཕྱིར་གསོ་བའི་ཚུལ་གྱིས་ཀུན་ནས་སྲུང་བར་བྱེད་དེ། དེའི་ཕྱིར་སྐྱེས་ཟིན་པ་བརྗེད་མི་ངེས་པའི་ཚུལ་གྱིས་གནས་པར་བྱེད་པ་ནི་བསྲུང་བའོ། །རྣམ་པར་འཕེལ་བར་བྱེད་པ་ནི་གནས་པ་ལས་ཁྱད་པར་དུ་འགྲོ་བའི་ཚུལ་གྱིས་རྒྱ་ཆེ་བ་དང་། འཕེལ་བ་དང་། ཡངས་པར་འགྱུར་བ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའི་ཡོངས་སུ་བསྔོ་བ་ལས་ཡིན་ཏེ། དེ་ལས་ཐོབ་པར་དཀའ་ཞིང་རྟོགས་དཀའ་བའི་བྱང་ཆུབ་ཀྱང་ཉེ་བར་འགྱུར་ཞིང་། ཡང་དག་པར་ཉེ་བར་འགྱུར་བར་རིག་པར་བྱའོ། །དེ་ལ་ཡང་སེམས་བསྐྱེད་པའི་སྨོན་ལམ་དང་། སྐྱེ་བའི་དང་། སྤྱོད་ཡུལ་གྱི་དང་། ཡང་དག་པའི་དང་། སྨོན་ལམ་ཆེན་པོ་ལྔའོ། །ཕྱི་མ་ཡང་རྣམ་པ་བཅུ་སྟེ། དེ་བཞིན་གཤེགས་པ་མཆོད་པའི་དང་། དེས་གསུངས་པའི་དམ་པའི་ཆོས་ཡོངས་སུ་བཟུང་བའི་དང་། དམ་པའི་ཆོས་གོ་རིམ་བཞིན་དུ་འབྱུང་བར་བྱ་བའི་དང་། བྱང་ཆུབ་སེམས་དཔའི་སྤྱོད་པའི་རྣམ་པ་ཐམས་ཅད་ལེགས་པར་སྤྱད་པར་བྱ་བའི་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་དང་། སངས་རྒྱས་ཀྱི་ཞིང་རྣམས་སུ་འགྲོ་ཞིང་དེ་བཞིན་གཤེགས་པ་བལྟ་བ་དང་། དམ་པའི་ཆོས་ཉན་པའི་དང་། རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བྱ་བའི་དང་། ཚེ་རབས་ཐམས་ཅད་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་མི་འབྲལ་ཞིང་བྱང་ཆུབ་སེམས་དཔའ་རྣམས་དང་བསམ་པ་དང་སྦྱོར་བ་གཅིག་པར་བྱ་བའི་དང་། སེམས་ཅན་གྱི་དོན་བྱ་བ་ཐམས་ཅད་འབྲས་བུ་ཡོད་པར་བྱ་བའི་སྨོན་ལམ་སྟེ། སྨོན་པར་བྱ་བའི་དོན་ལ་སྨོན་པས་སྨོན་ལམ་མོ། །བཅུ་གཅིག་སེམས་ཅན་དོན་བྱེད་རྣམ་གསུམ་དུ། ཚུལ་ཁྲིམས་རྣམ་གཞག་གཞན་རྣམས་འདུས་པ་ཡིན། སེམས་ཅན་བཅུ་གཅིག་ཏུ་རྣམ་པར་ཕྱེ་ནས་དེ་དག་གི་དོན་བྱ་བའི་ཚུལ་ཁྲིམས་རྣམ་པ་ཐམས་ཅད་ལ་གནས་པ་ནི་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ཞེས་བྱ་ལ། དེ་ལྟར་གསུམ་པོ་དེ་ཉིད་དུ་ཚུལ་ཁྲིམས་ཐམས་ཅད་དང་། དཀའ་བའི་ཚུལ་ཁྲིམས་དང་། ཐམས་ཅད་ཀྱི་སྒོ་ནས་ཚུལ་ཁྲིམས་དང་། སྐྱེས་བུ་དམ་པའི་ཚུལ་ཁྲིམས་དང་། རྣམ་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང་། འཕོངས་ཤིང་འདོད་པ་ལ་ཚུལ་ཁྲིམས་དང་། འདི་དང་གཞན་དུ་བདེ་བར་འགྱུར་བའི་ཚུལ་ཁྲིམས་དང་། རྣམ་པར་དག་པའི་ཚུལ་ཁྲིམས་ཏེ། རྣམ་པར་བཞག་པ་འདི་ཐམས་ཅད་དུའོ། །དེ་ལྟར་ཡང་བྱང་ཆུབ་སེམས་དཔའི་ས་ལས། ཇི་སྐད་བསྟན་པའི་ཚུལ་ཁྲིམས་དེ་ཐམས་ཅད་ནི་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་དང་། ཚུལ་ཁྲིམས་རྣམ་པ་གསུམ་གྱིས་སྡུད་པར་རིག་པར་བྱའོ། །ཞེས་གསུངས་སོ། །སྡོམ་པའི་ཚུལ་ཁྲིམས་ཀྱིས་ནི་སེམས་གནས་པའི་བྱ་བ་བྱེད་དོ། །དགེ་བའི་ཆོས་སྡུད་པས་ནི་རང་གི་རྒྱུད་ལ་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་དོ། །སེམས་ཅན་གྱི་དོན་བྱ་བས་ནི་གཞན་སེམས་ཅན་གྱི་རྒྱུད་ཡོངས་སུ་སྨིན་པར་བྱེད་པ་སྟེ། དེ་ལྟར་ཡང་བྱང་ས་ལས། བྱང་ཆུབ་སེམས་དཔའི་བྱ་བ་ཐམས་ཅད་ནི་འདི་དག་ཏུ་ཟད་དེ། འདི་ལྟ་སྟེ། ཚེ་འདི་ལ་བདེ་བར་གནས་པར་བྱ་བའི་ཕྱིར་སེམས་གནས་པ་དང་། ལུས་དང་སེམས་དུབ་པ་མེད་པར་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་དེ་དག་ཏུ་ཟད་དོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕན་ཡོན་ཡང་དེ་དག་ཏུ་ཟད་དོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་བྱ་བ་ཡང་དེ་དག་ཏུ་ཟད་དེ། དེ་ལས་གོང་ན་ཡང་མེད་དོ། །དེ་ལས་ལྷག་པ་ཡང་མེད་དེ། དེ་ལ་ནི་འདས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཆེན་པོ་འདོད་པ་རྣམས་ཀྱིས་ཀྱང་བསླབས་སོ། །མ་འོངས་པ་རྣམས་ཀྱང་བསླབ་པར་འགྱུར་རོ། །ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་གནས་པ་དག་ཀྱང་སློབ་བོ། །ཞེས་གསུངས་སོ། །ད་ནི་ཚུལ་ཁྲིམས་གསུམ་ཡོངས་སུ་སྦྱོང་བ་བཤད་པར་བྱ་སྟེ། འདས་འདོད་མི་ལྟ་མ་འོངས་ལ་མི་དགའ། །ད་ལྟ་བྱུང་ལ་ཞེན་མེད་དབེན་པར་དགའ། །ངག་རྟོག་ཡོངས་དག་བདག་ཉིད་ཁྱད་མི་གསོད། །དེས་བཟོད་བག་ཡོད་ཆོ་ག་འཚོ་བ་དག །རྣམ་བཅུས་དང་པོ་ལེགས་བསྡམ་འགྱུར་བ་ཡིན། །ཞེས་པ། འདོད་པ་སྤངས་པ་རྣམས་ལ་ལྟ་བའི་སྲེད་པ་ཀུན་ཏུ་མི་སྤྱོད་པས་མི་ལྟ་བ་དང་། མ་འོངས་པ་རྣམས་ལ་མངོན་པར་དགའ་བའི་སྲེད་པ་ཀུན་ལ་མི་ལྟ་བ་དང་། ད་ལྟར་བྱུང་བའི་རྙེད་པ་དང་བཀུར་སྟི་དང་ལྡན་པ་རྣམས་ལ་ལྷག་པར་ཞེན་པ་མེད་པ་དང་། ལུས་དང་སེམས་དབེན་པ་དང་། ངག་དང་རྟོག་པ་ཡོངས་སུ་དག་པ་དང་། བདག་ལ་ཁྱད་དུ་མི་གསོད་པ་དང་། ཤས་ཆེར་ངེས་པ་དང་། ཤས་ཆེར་བཟོད་པ་དང་། བག་ཡོད་པར་གནས་པ་དང་། ཆོ་ག་དང་འཚོ་བ་རྣམ་པར་དག་པའོ། །དེ་ལྟར་རྣམ་པ་བཅུས་ན་སྡོམ་པའི་ཚུལ་ཁྲིམས་ནི་ལེགས་པར་བསྡམས་པའི་ཚུལ་ཁྲིམས་ཅན་དུ་འགྱུར་ཏེ། ཚུལ་ཁྲིམས་དག་ཅིང་ཡོངས་སུ་རྫོགས་པ་ཞེས་བྱ་བའི་ཐ་ཚིག་གོ །སྦྱིན་ཚུལ་བཟོད་བརྩོན་བསམ་གཏན་ཉེར་གནས་ལྔ། །ཤེས་རབ་ལྔ་སྟེ་བཅུས་ནི་དགེ་ཆོས་དང་། །ཞེས་པ། ལུས་ལོངས་སྤྱོད་ལ་ལྷག་པར་ཞེན་ན་ལུས་དང་ལོངས་སྤྱོད་ལ་ལྟ་བར་འགྱུར་རོ། །ལྟ་བ་ཡོད་ན་ཡོངས་སུ་མི་གཏོང་ངོ་། །དེ་ལྟ་བས་ན་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ཡིན་ཏེ། དེ་དང་དུ་ལེན་པར་མི་བྱེད་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་འགྲུབ་པར་འགྱུར་རོ། །སྦྱིན་པའི་ངོ་བོ་ཉིད་གང་ཞེ་ན། ཡོ་བྱད་ཐམས་ཅད་དང་། རང་གི་ལུས་ལ་མི་ལྟ་བའི་བྱང་ཆུབ་སེམས་དཔའི་མ་ཆགས་པ་དང་ལྷན་ཅིག་སྐྱེས་པའི་སེམས་པ་གང་ཡིན་པ་དང་། དེས་ཀུན་ནས་བླང་བ་སྦྱིན་པ་བྱ་བའི་དངོས་པོ་ཡོངས་སུ་གཏོང་བའི་ལུས་དང་ངག་གི་ལས་དང་། སྦྱིན་པར་བྱ་བའི་དངོས་པོ་ཁ་ན་མ་ཐོ་བ་མེད་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། སྡོམ་པ་ལ་གནས་པ་དང་། འོང་བ་མཐོང་ཞིང་འབྲས་བུ་ལ་ལྟ་བ་དང་། སུ་གང་འདོད་པ་ལ་དངོས་པོ་དེ་སོ་སོར་སྦྱིན་པར་བྱེད་པའོ། །རྣམ་པར་དབྱེ་བ་ནི། རྐང་ཡན་ཆད་རང་གི་ལུས་ཡོངས་སུ་གཏོང་བ་ནི་ནང་གི་དངོས་པོ་ཡོངས་སུ་གཏོང་བའོ། །དེ་ལས་གཞན་པའི་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བ་ནི་ཕྱི་རོལ་གྱིའོ། །སྐྱུགས་ཏེ་སྦྱིན་པ་ནི་ཕྱི་ནང་འདྲེས་མའོ། །ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ནི་འཆལ་བའི་ཚུལ་ཁྲིམས་སོ། །ངོ་བོ་ཉིད་དང་རྣམ་པར་དབྱེ་བ་ནི། སྔར་བསྟན་ཟིན་ཏོ། །བཟོད་པའི་མི་མཐུན་ཕྱོགས་ནི་སེམས་ཅན་རྣམས་ལ་ཀུན་ནས་མནར་སེམས་པའོ། །བཟོད་པའི་ངོ་བོ་ཉིད་གང་ཞེ་ན། སོ་སོར་བརྟགས་པའི་སྟོབས་ལ་བརྟེན་ནས་སམ། ཡང་ན་རང་བཞིན་གནོད་པ་བྱེད་པ་ལ་ཅི་མི་སྙམ་པ་དང་། ཐམས་ཅད་ཀྱི་ཅི་མི་སྙམ་པ་དང་། ཐམས་ཅད་ལ་ཅི་མི་སྙམ་པ་སྟེ། ཟང་ཟིང་མེད་པའི་སེམས་དང་། སྙིང་རྗེ་འབའ་ཞིག་གི་ཅི་མི་སྙམ་པ་གང་ཡིན་པའོ། །རྣམ་པར་དབྱེ་བ་ནི། གཞན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང་། སྡུག་བསྔལ་དང་དུ་ལེན་པའི་དང་། ཆོས་ལ་ངེས་པར་སེམས་པ་མོས་པའི་བཟོད་པའོ། །བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ནི་གཉིད་ལ་སོགས་པའི་བདེ་བའི་དབང་དུ་བྱས་ཏེ། ལེ་ལོ་བརྟེན་པའོ། །བརྩོན་འགྲུས་ཀྱི་ངོ་བོ་ཉིད་གང་ཞེ་ན། དགེ་བའི་ཆོས་དཔག་ཏུ་མེད་པ་བསྡུ་བ་དང་སེམས་ཅན་གྱི་དོན་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའི་སེམས་མངོན་པར་སྤྲོ་བ། སྦྱངས་པ། བར་ཆད་མེད་པ། ཕྱིན་ཅི་མ་ལོག་པ་དང་། དེ་ལས་བྱུང་བའི་ལུས་དང་། ངག་དང་། ཡིད་ཀྱི་ཡོངས་སུ་གཡོ་བ་གང་ཡིན་པའོ། །རྣམ་པར་དབྱེ་བ་ནི། གོ་ཆའི་བརྩོན་འགྲུས་དང་། དགེ་བའི་ཆོས་སྡུད་པ་དང་། སེམས་ཅན་གྱི་དོན་བྱེད་པའི་བརྩོན་འགྲུས་སོ། །བསམ་གཏན་གྱི་མི་མཐུན་ཕྱོགས་ནི་བསམ་གཏན་གྱི་ས་པའི་ཉོན་མོངས་པ་སྐྱེད་པའོ། །བསམ་གཏན་གྱི་ངོ་བོ་ཉིད་གང་ཞེ་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐོས་པ་དང་། བསམ་པ་སྔོན་དུ་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་སེམས་རྩེ་གཅིག་པ། དགེ་བ། སེམས་གནས་པ། ཞི་གནས་ཀྱི་ཕྱོགས་སམ། ཟུང་དུ་འབྲེལ་བར་འཇུག་པའི་ལམ་དེ་གཉིས་ཀའི་ཕྱོགས་གང་ཡིན་པའོ། །རྣམ་པར་དབྱེ་བ་ནི། ཚེ་འདི་ལ་བདེ་བར་གནས་པར་བྱ་བའི་བསམ་གཏན་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཡོན་ཏན་བསྒྲུབ་པའི་བསམ་གཏན་དང་། སེམས་ཅན་གྱི་དོན་བྱ་བའི་བསམ་གཏན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་ཕྱོགས་ནི། འཆལ་པའི་ཤེས་རབ་རྣམ་པ་ལྔ་སྟེ། བསོད་ནམས་ཀྱི་འབྲས་བུའི་ཕན་ཡོན་རབ་ཏུ་མི་ཤེས་པ་དང་། དགེ་བའི་རྒྱུ་རབ་ཏུ་མི་ཤེས་པ་དང་། འབྲས་བུ་ལ་ཕྱིན་ཅི་ལོག་ཏུ་ཀུན་ཏུ་སྤྱོད་པ་དང་། ཕྱིན་ཅི་ལོག་གི་གཉེན་པོ་རབ་ཏུ་མི་ཤེས་པ་དང་། དགེ་བའི་ཆོས་ལ་རབ་ཏུ་སྤྱོད་པ་རབ་ཏུ་མི་ཤེས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི། ཤེས་བྱ་ཐམས་ཅད་ལ་འཇུག་པ་དང་། ཤེས་བྱ་ཐམས་ཅད་ལ་ཞུགས་པ། ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པ་གང་ཡིན་པ། རིག་པའི་གནས་ལྔ་པོ་ནང་གི་རིག་པ་དང་། གཏན་ཚིགས་རིག་པ་དང་། གསོ་བའི་རིག་པ་དང་། སྒྲའི་རིག་པ་དང་། བཟོ་དང་ལས་ཀྱི་གནས་ཀྱི་རིག་པ་ལ་དམིགས་ནས་འཇུག་པའོ། །རྣམ་པར་དབྱེ་བ་ནི། ཤེས་བྱ་ལ་དེ་ཁོ་ན་ཉིད་ཁོང་དུ་ཆུད་ཅིང་རྟོགས་པར་བྱ་བ་དང་། རིག་པའི་གནས་ལྔ་ཚོགས་གསུམ་ལ་མཁས་པར་བྱ་བ་དང་། སེམས་ཅན་གྱི་དོན་བྱ་བའོ། །ཚོགས་གསུམ་ནི། དོན་དང་ལྡན་པའི་ཆོས་རྣམས་ཀྱི་ཚོགས་དང་། དོན་དང་མི་ལྡན་པའི་ཆོས་རྣམས་ཀྱི་ཚོགས་དང་། དོན་དང་ལྡན་པ་ཡང་མ་ཡིན་དོན་དང་མི་ལྡན་པ་ཡང་མ་ཡིན་པའི་ཆོས་རྣམས་ཀྱི་ཚོགས་སོ། །ཡང་ན་མི་མཐུན་ཕྱོགས་ལྔའི་གཉེན་པོར་གྱུར་པའི་གནས་ལྔ་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པའི་ཤེས་རབ་ལྔའོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པའི་སྒོ་ནས་དགེ་བ་སྡུད་པའི་ཚུལ་ཁྲིམས་ཡོངས་སུ་དག་ཅིང་ཡོངས་སུ་རྫོགས་པར་འགྱུར་རོ། །སེམས་ཅན་བཅུ་གཅིག་པོ་ལ་བཅུ་གཅིག་གིས། །འཚམ་པའི་དོན་བྱེད་ལྷག་མའི་ལེགས་བྱེད་ཡིན། །ཞེས་པ། ཕན་འདོགས་པའི་ལན་དུ་ཕན་འདོགས་པར་འདོད་པ་རྣམས་ལ་ནི་ཡང་དག་པར་དགའ་བར་བྱེད་པ་སྔོན་དུ་བཏང་བའི་རྙེད་པ་དང་བཀུར་སྟིའི་ལན་དུ་ཕན་གདགས་པ་སྙམ་པའམ། ལྷག་པར་ཉེ་བར་གནས་པས་དོན་བྱེད་དོ། །གྲོགས་དགོས་པ་རྣམས་ལ་ནི་དེ་དག་ཉིད་ཀྱི་བྱ་བ་ལ་གྲོགས་བྱེད་པས་དེ་དག་ཉིད་ལ་གྲོགས་བྱེད་དུ་འགྲོ་བར་བྱེད་དོ། །སྡུག་བསྔལ་བ་རྣམས་ལ་ནི་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་དོ། །འཇིགས་པ་རྣམས་ལ་ནི་འཇིགས་པ་ལས་སྐྱོབས་པར་བྱེད་དོ། །སྡུག་བསྔལ་བར་གནས་པ་རྣམས་ལ་ནི་མྱ་ངན་བསང་བར་བྱེད་དོ། །ཡོ་བྱད་མེད་པ་རྣམས་ལ་ནི་ཉེ་བར་སྒྲུབ་པར་བྱེད་དོ། །གནས་འདོད་པ་རྣམས་ལ་ནི་གནས་བྱིན་པར་བྱེད་དོ། །མཐུན་པར་བྱེད་པ་རྣམས་ལ་ནི་སེམས་དང་མཐུན་པར་བྱེད་དོ། །ཡང་དག་པར་བསྐྱང་བ་རྣམས་ལ་ནི་ཡང་དག་པར་དགའ་བར་བྱེད་དོ། །ལོག་པར་ཞུགས་པ་རྣམས་ལ་ནི་ཚར་བཅད་པར་བྱེད་དོ། །ཞེ་འགྲས་པ་རྣམས་ལ་ནི་བསྟན་པ་ལ་འདུན་པར་བྱེད་པས་གྲོགས་བྱེད་དེ། དེ་ལྟར་ན་ཡང་དག་པར་བསྒྲུབ་པ་བཅུ་གཅིག་གིས་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ཡོངས་སུ་དག་ཅིང་ཡོངས་སུ་རྫོགས་པར་བྱེད་དོ།། །། གཉིས་པ་དེའི་མི་མཐུན་ཕྱོགས་ལྟུང་བར་འགྱུར་བའི་གནས་བཤད་པ་ལ། ཕས་ཕམ་པ་ལྟ་བུ་དང་། ཉེས་བྱས་ཀྱི་སྡེ་ཚན་གཉིས་ལས། དང་པོ་ནི། ༡ རྙེད་བཀུར་ལྷག་ཞེན་བདག་བསྟོད་གཞན་སྨོད་དང་། །ཞེས་པ། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཞེན་ཏེ་བདག་བསྟོད་པ་དང་གཞན་ལ་སྨོད་པ་ནི་བྱང་ཆུབ་སེམས་དཔའི་ཕམ་པའི་གནས་ལྟ་བུའི་ཆོས་དང་པོའོ། ༢ །སེར་སྣས་ཟང་ཟིང་ནོར་དང་ཆོས་མི་སྟེར། །ཞེས་པ། ལོངས་སྤྱོད་དག་ཡོད་དེ། བདོག་བཞིན་དུ་ཆགས་པའི་རང་བཞིན་གྱིས་སྡུག་བསྔལ་བ་དང་། བཀྲེན་པ་དང་། མགོན་མེད་པ་དང་། རྟེན་མེད་པའི་སློང་བ་པོ་ལེགས་པར་འོངས་པ་རྣམས་ལ་སྙིང་སྲ་བས་ཟང་ཟིང་མི་གཏོང་བ་དང་། ཆོས་ལ་སེར་སྣ་བྱེད་པའི་ཕྱིར་དོན་དུ་གཉེར་བ་ལེགས་པར་འོངས་པ་རྣམས་ལ་ཆོས་ཀྱི་བགོ་བཤའ་མི་བྱེད་པ་ཕན་པའི་གནས་ལྟ་བུ་གཉིས་པའོ། ༣ །ཁྲོ་བ་གཞན་འཚེ་ཤད་སྦྱངས་ཀྱིས་མི་བཟློག །ཅེས་པ། ཚིག་རྩུབ་པོར་སྨྲས་པ་ཙམ་གྱིས་གཏོང་བར་མི་བྱེད་དེ། ཁྲོ་བའི་ཀུན་ནས་དཀྲིས་པ་དེ་ལྟ་བུ་འཕེལ་བར་བྱེད་ལ། ཁྲོ་བས་ཟིལ་གྱིས་ནོན་པས་ལག་པའམ། བོང་བའམ། དབྱུག་པས་སེམས་ཅན་རྣམས་ལ་རྡེག་པར་བྱེད། རྣམ་པར་འཚེ་བར་བྱེད། རྣམ་པར་མཐོ་འཚམ་པར་བྱེད་པ་དང་། ཁྲོ་བའི་བསམ་པ་བདོ་བ་ཁོ་ན་ཞེ་ལ་བཟུང་སྟེ། གཞན་དག་གིས་ཤད་ཀྱིས་སྦྱངས་ཀྱང་མི་ཉན་ཅིང་མི་བཟོད་ལ། བསམ་པས་མི་གཏོང་བ་འདི་ཡང་ཕམ་པའི་གནས་ལྟ་བུའི་ཆོས་གསུམ་པའོ། ༤ །གཡོམ་ལས་ཆོས་ལྟར་བཅོས་མོས་སྟོན་པ་བཞི། །ཞེས་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སྐུར་པ་འདེབས་པ་དང་། བདག་ཉིད་དམ་གཞན་དག་གི་གཡོམ་ལ། དམ་པའི་ཆོས་ལྟར་བཅོས་པ་ལ་མོས་ནས། དམ་པའི་ཆོས་ལྟར་བཅོས་པ་རྣམས་ལ་དགའ་བ་དང་། སྟོན་པ་དང་། འཇོག་པ་ནི་ཕམ་པའི་གནས་ལྟ་བུའི་ཆོས་བཞི་པའོ། །ཀུན་དཀྲིས་ཆེན་པོས་སྡོམ་པ་འཇིག་བྱེད་པ། །ཕམ་པ་ཉིད་གསུངས་ཆུང་དང་འབྲིང་ལ་མིན། །ཞེས་པས་ཕམ་པའི་གནས་ལྟ་བུ་བཞི་པོ་འདི་དག་ལས་གང་ཡང་རུང་བ་ཞིག་ཀུན་ནས་དཀྲིས་པ་ཆེན་པོས་སྤྱད་ན། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་གཏོང་བར་འགྱུར་ལ། ཀུན་ནས་དཀྲིས་པ་ཆུང་ངུ་དང་འབྲིང་གིས་ནི་མ་ཡིན་ནོ། །དེ་ལྟར་ཡང་བྱང་ས་ལས། བཞི་པོ་དེ་དག་ནི་ཕམ་པའི་གནས་ལྟ་བུའི་ཆོས་རྣམས་ཡིན་ཏེ། དེ་དག་ལས་བྱང་ཆུབ་སེམས་དཔས་ཆོས་གང་ཡང་རུང་བ་བྱས་ན་ཡང་ཚེ་འདི་ལ་བྱང་ཆུབ་ཀྱི་ཚོགས་རྒྱ་ཆེན་པོ་གསོག་པ་དང་། ཡོངས་སུ་འཛིན་པའི་སྐལ་བ་མེད་པར་འགྱུར་ན། ཐམས་ཅད་བྱས་ན་ལྟ་ཅི་སྨོས། ཚེ་འདི་ཉིད་ལ་བསམ་པ་རྣམ་པར་དག་པར་འགྱུར་བའི་སྐལ་བ་ཡང་མེད་དེ། དེ་ནི་བྱང་ཆུབ་སེམས་དཔའ་ལྟར་བཅོས་པ་ཡིན་གྱིས། ཡང་དག་པའི་བྱང་ཆུབ་སེམས་དཔའ་ནི་མ་ཡིན་ནོ། །ཞེས་གསུངས་ཤིང་། ཡང་མདོར་བསྡུ་ན་རྒྱུ་གཉིས་ཁོ་ནས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་བཏང་བར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་ཡོངས་སུ་བཏང་བ་དང་། ཕམ་པའི་གནས་ལྟ་བུའི་ཆོས་ཀྱི་ཀུན་ནས་དཀྲིས་པ་ཆེན་པོ་ཀུན་ཏུ་སྤྱོད་པའོ། །ཞེས་གསུངས་པས་སོ། །འོ་ན་ཀུན་དཀྲིས་ཆེན་པོ་གང་ལ་ཟེར་ཞེ་ན། རྒྱུན་མི་ཆད་སྤྱོད་ངོ་ཚ་ཁྲེལ་མེད་དང་། །དེས་མགུ་དགའ་དང་དེ་ཉིད་ཡོན་ཏན་དུ། །ལྟ་བ་དེ་ལ་ཀུན་དཀྲིས་ཆེན་པོ་ཟེར། །ཞེས་པ། གང་གི་ཕྱིར་བྱང་ཆུབ་སེམས་དཔའི་ཕམ་པའི་གནས་ལྟ་བུའི་ཆོས་བཞི་པོ་འདི་དག་རྒྱུན་མི་ཆད་པར་ཀུན་ཏུ་སྤྱོད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ཆུང་ངུ་ཙམ་ཡང་མི་བསྐྱེད་པ་དང་། དེས་མགུ་བར་བྱེད་ཅིང་དེ་ལ་དགའ་བ་དང་། དེ་ཉིད་ལ་ཡོན་ཏན་ལྟ་བ་ཅན་དུ་གྱུར་པ་འདི་ནི་ཀུན་ནས་དཀྲིས་པ་ཆེན་པོ་ཡིན་པར་རིག་པར་བྱའོ།། །། གཉིས་པ་ཉེས་བྱས་ཀྱི་སྡེ་ཚན་ནི། ༡ མི་མཆོད། ཅེས་པ། ཉིན་གཅིག་བཞིན་དུ་དཀོན་མཆོག་གསུམ་མམ། སྐུ་གཟུགས་དང་། ཆོས་ཀྱི་གླེགས་བམ་དུ་བྱས་པ་དང་། མཆོད་རྟེན་ལ་མཆོད་པའི་བྱ་བ་ཆུང་ངུ་དང་། ཕྱག་གཅིག་ཙམ་དང་། ཚིགས་སུ་བཅད་པ་གཅིག་ཙམ་གྱིས་བསྟོད་པ་དང་། ཡོན་ཏན་གྱི་རྗེས་སུ་འགྲོ་བའི་དད་པ་གཅིག་ཙམ་ཡང་མ་བྱས་པར་ཉིན་མཚན་འདའ་བར་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་རོ། ༢ །འདོད་པ་དང་ལེན། ཞེས་པ། འདོད་པ་ཆེ་བ་དང་། ཆོག་མི་ཤེས་པ་དང་། རྙེད་པ་དང་བཀུར་སྟི་ལ་ཆགས་པ་བྱུང་བ་དང་དུ་ལེན་པར་བྱེད་ན་ཡང་ངོ་། ༣ །རྒན་སོགས་ལ་མི་གུས། ཞེས་པ། ཆེས་རྒན་ཞིང་ཡོན་ཏན་དང་ལྡན་པ་བཀུར་སྟི་བྱ་བར་འོས་ལ་ཆོས་མཐུན་པར་མཐོང་ན། ང་རྒྱལ་གྱིས་ནོན་ཏམ། ཀུན་ནས་མནར་སེམས་སམ། ཁོང་ཁྲོ་བའི་སེམས་དང་ལྡན་ཡང་རུང་སྟེ། ལངས་ཤིང་སྟན་མི་སྟོབ་པའོ། ༤ །དྲིས་ལན་མི་སློན། གཞན་དག་སྨྲ་ཞིང་ཀུན་ཏུ་སྨྲ་ལ། ཡང་དག་པར་དགའ་བར་བྱེད་ཅིང་འདྲི་བ་ལ་ང་རྒྱལ་སོགས་གསུམ་པོ་གང་ཡང་རུང་བ་དང་ལྡན་པས། རིག་པའི་ཚུལ་གྱིས་ཚིག་སླར་བརྗོད་པར་མི་བྱ་བ་དང་། ༥ མགྲོན་གཉེར་བར། མི་འགྲོ། གཞན་དག་གི་ཁྱིམ་མམ། གཙུག་ལག་ཁང་གཞན་ནམ། ཁྱིམ་གཞན་དང་། ཟས་དང་། སྐོམ་དང་། གོས་ལ་སོགས་པ་ཡོ་བྱད་རྣམས་ལ་བོས་པ་ལ། སེམས་གསུམ་གང་ཡང་རུང་བ་དང་ལྡན་པས་བོས་པ་བདག་གིར་མི་བྱེད་པས་མི་འགྲོ་བ་དང་། ༦ གསེར་སོགས་བསྟབས་པ་མི་ལེན་དང་། དེ་ལྟ་བུའི་སེམས་ཀྱི་གསེར་དངུལ་སོགས་ནོར་གྱི་རྣམ་པ་མཆོག་རྣམས་དུས་ཀྱིས་བསྟབས་པ་ལས་ལེན་དུ་མི་བཏུབ་པར་སྤོང་བ་དང་། ༧ ཆོས་འདོད་མི་སྦྱིན། གཞན་ཆོས་འདོད་པ་རྣམས་ལ་དེ་ལྟ་བུའི་སེམས་སམ་རང་བཞིན་གྱི་ཕྲག་དོག་ཅན་ཡིན་ཡང་རུང་སྟེ། ཆོས་སྦྱིན་པར་མི་བྱེད་པ་དང་། ༨ ཚུལ་འཆལ་སོགས་འདོར་དང་། སེམས་ཅན་མ་རུངས་པ་རྣམས་དང་། ཚུལ་ཁྲིམས་འཆལ་བ་རྣམས་དེའི་རྐྱེན་གྱིས་དེ་ལྟ་བུའི་སེམས་ཀྱིས་ཡལ་བར་འདོར་བའམ་ཁྱད་དུ་གསོད་པ་དང་། ༩ དད་ཕྱིར་མི་སློབ། བཅོམ་ལྡན་འདས་ཀྱིས་གཞན་དག་གི་སེམས་བསྲུངས་པས་མ་དད་པ་རྣམས་དད་པར་བྱ་བ་དང་། དད་པ་རྣམས་ཕྱིར་ཞིང་དབྱུང་བར་བྱ་བའི་ཕྱིར་སོ་སོ་ཐར་པའི་འདུལ་བ་ལས་བཅས་པ་རྣམ་པར་གཞག་པ་གང་ཡིན་པ་དེ་ལས། གཞན་གྱི་ཡིད་བསྲུང་བའི་ཕྱིར་ཉན་ཐོས་རྣམས་དང་མཚུངས་པར་མི་སློབ་པ་དང་། ༡༠ སྙིང་ལས་ཆུང་ངུར་གནས། བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་དོན་ཉུང་བ་དང་། བྱ་བ་ཉུང་བ་དང་། སྙིང་ལས་ཆུང་ངུས་གནས་པར་བྱ་བ་ལས་བརྩམས་ཏེ་བཅས་པ་དེ་ལ་ཉན་ཐོས་བཞིན་སློབ་པ་དང་། ༡༡ སྙིང་རྗེས་མི་བགྱིད། མཚམས་མེད་པའི་ལས་མང་པོ་བྱེད་པ་ལ་ཞུགས་པ་དང་། གཅིག་ཏུ་ངེས་པར་ཕ་རོལ་ལ་གནོད་པར་བྱེད་པ་ལ་ཞུགས་པ་དག་དང་། སེར་སྣས་འཇུངས་པའམ། གཞན་གྱི་ནོར་ཕྲོགས་པ་དང་། བུད་མེད་མགོ་གཙང་མི་ཚངས་པར་སྤྱོད་པར་འདོད་པས་གཟིར་བ་དེ་དང་འབྲེལ་བའི་སེམས་དང་ལྡན་པ་མ་སྦྱང་ན་བསོད་ནམས་མ་ཡིན་པ་མང་དུ་འཕེལ་བར་འགྱུར་བ་དང་། སེམས་ཅན་ལ་ཕན་པར་འགྱུར་བ་ལ་འདུ་ཤེས་བསྒྱུར་ཏེ་དང་། མི་དགེ་བའི་བཤེས་གཉེན་དང་འབྱེད་པ་དང་། མི་དགེ་བའི་གནས་ལས་སློང་བའི་ཆེད་དང་། གཏམ་སྣ་ཚོགས་ཀྱིས་མགུ་བར་བྱས་ཤིང་འདུན་པར་བྱས་ཏེ་དབང་དུ་བྱེད་པའི་ཕྱིར་སྙིང་བརྩེ་བའི་སེམས་ཁོ་ནས་གསོད་པ་དང་། མ་བྱིན་ལེན་པ་དང་། མི་ཚངས་སྤྱོད་པ་དང་། བརྫུན་དང་། ཕྲ་མ་དང་། ཚིག་རྩུབ་དང་། འཁྱལ་བའི་ཚིག་བརྟེན་པར་མི་བྱེད་པ་དང་། འདིར་བྱང་ས་ལས། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ། ཉན་ཐོས་ཀྱི་བསྟན་པ་མི་འཇིག་པར་རྗེས་སུ་བསྲུང་བས་ནི་མི་ཚངས་པར་སྤྱོད་པ་བརྟེན་པ་རྣམ་པ་ཐམས་ཅད་དུ་མི་བྱའོ། །ཞེས་གསུངས་སོ། ༡༢ །ལོག་འཚོ་བདག་གིར་སྤྱོད། ཚུལ་འཆོས་པ་དང་། ཁ་གསག་དང་། ཐོབ་ཀྱིས་འཇལ་བ་དང་། རྙེད་པས་རྙེད་པར་བྱེད་འདོད་པ། ལོག་པས་འཚོ་བར་བྱེད་པའི་ཆོས་བྱུང་བ་རྣམས་བདག་གིར་བྱེད་ཅིང་མི་འཛེམ་ལ་སེལ་བར་མི་བྱེད་པ་དང་། ༡༣ རྒོད་དང་རྒོད་པས་ཡོངས་སུ་ཟིན་པའི་སེམས་ཀྱིས་རྣམ་པར་མ་ཞི་ཞིང་མ་ཞི་བ་ལ་དགའ་ལ། རྟ་སྐད་དུ་རྒོད་པ་དང་། ཀུན་ཏུ་རྩེ་ཞིང་ཀུན་ཏུ་ཅ་ཅོ་འདོན་ལ། རྒོད་ཅིང་གཡེང་བ་བསྟན་པ་དང་། གཞན་དག་ལ་རྒོད་དུ་གཞུག་པར་འདོད་པ་རྣམས་དང་། ༡༤ མྱ་ངན་འདས་ལ་རྒྱབ་ཕྱོགས་སྨྲ། མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བས་གནས་པར་མི་བྱ་ཡི། མྱ་ངན་ལས་འདས་པ་ལ་རྒྱབ་ཀྱིས་ཕྱོགས་ཏེ་གནས་པར་བྱའོ། །ཉོན་མོངས་པ་རྣམས་ཀྱིས་ཀྱང་འཇིགས་པར་མི་བྱའོ། །དེ་དག་ལས་སེམས་ཀྱང་ཤིན་ཏུ་དབེན་པར་མི་བྱ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་བསྐལ་བ་གྲངས་མེད་པ་གསུམ་དུ་འཁོར་བ་ན་འཁོར་ཞིང་བྱང་ཆུབ་ཡང་དག་པར་བསྒྲུབ་པར་བྱ་དགོས་སོ་སྙམ་དུ་དེ་ལྟར་བལྟ་ཞིང་དེ་སྐད་དུ་སྨྲ་བ་དང་། ༡༥ ཚིག་མི་བཙུན་དང་། ཚིག་མི་བཙུན་པར་འགྱུར་བའི་དྲི་ངས་དང་། མི་སྙན་པ་དང་། གཏམ་ངན་པར་འགྱུར་བ་བདེན་པའི་དངོས་པོ་མི་བསྲུང་ཞིང་སེལ་བར་མི་བྱེད་པ་དང་། ༡༦ དོན་འགྱུར་བྱེད་པ་སྤོང་། གནོད་པའི་ཐབས་དང་། ཐབས་དྲག་པོ་གང་གིས་སེམས་ཅན་གྱི་དོན་དུ་འགྱུར་བ་མཐོང་བ་མཐོང་བཞིན་དུ་ཡིད་མི་དགའ་བར་འགྱུར་བ་བསྲུང་བའི་ཕྱིར་ཐབས་དེ་མི་བྱེད་པ་དང་། ༡༧ གཤེ་ལན་གཤེ་དང་། གཞན་དག་གཤེ་བ་ལ་ཕྱིར་གཤེ་བ་དང་། ཁྲོ་བ་ལ་ཕྱིར་ཁྲོ་བ་དང་། བརྡེག་པ་ལ་ཕྱིར་བརྡེག་པ་དང་། མཚང་འབྲུ་བ་ལ་ཕྱིར་མཚང་འབྲུ་བ་དང་། ༡༨ ཁྲོས་འདོར། གཞན་དག་ལ་ཉེས་པ་བྱས་སམ། ཉེས་པ་བྱས་སུ་དོགས་ཀྱང་རུང་སྟེ། ཤད་ཀྱིས་སྦྱང་བར་མི་བྱེད་ལ་ཡལ་བར་དོར་བ་དང་། ༡༩ ཁྲོ་བ་ལེན། གཞན་དག་ལ་ཁྲོ་བའི་བསམ་པ་འབྱུང་ཞིང་འཛིན་ལ་བྱུང་བ་དང་དུ་ལེན་པ་དང་། ༢༠ འདོད་ཕྱིར་འཁོར་སྡུད། རིམ་གྲོ་བྱ་བ་དང་། བསྙེན་བཀུར་བྱ་བ་ལ་ཡོངས་སུ་ཞེན་པའི་དབང་དུ་བྱས་ཏེ་ཟང་ཟིང་དང་བཅས་པའི་སེམས་ཀྱིས་འཁོར་སྡུད་པར་བྱ་བ་དང་། ༢༡ ལེ་ལོ་མི་སེལ་དང་། སྙོམས་ལས་དང་ལེ་ལོ་སྐྱེས་ཏེ་གཉིད་ཀྱི་བདེ་བ་དང་། ཉལ་བའི་བདེ་བ་དང་། བློས་འབེབས་པའི་བདེ་བ་དུས་མ་ཡིན་པ་དང་། ཚོད་མ་ཡིན་པ་བདག་གིར་བྱེད་པ་དང་། ༢༢ འདུ་འཛིའི་གཏམ་ཆགས། འདུ་འཛིའི་གཏམ་ལ་ཀུན་ནས་ཆགས་པའི་སེམས་ཀྱིས་དུས་ཡོལ་བར་བྱེད་པ་དང་། ༢༣ གདམ་ངག་མི་ནོད་དང་། སེམས་གནས་པར་བྱ་བ་ལས་བརྩམས་ཏེ་སེམས་མཉམ་པར་འཇོག་པར་འདོད་ལ། གདམ་ངག་གིས་བྱ་བ་བྱས་ཟིན་པའམ། ཤེས་པ་མ་ཡིན་བཞིན་དུ་གདམ་ངག་ནོད་དུ་མི་འགྲོ་བ་དང་། ༢༤ སྒྲིབ་པ་དང་ལེན། འདོད་པ་ལ་འདུན་པའི་སྒྲིབ་པ་བྱུང་བ་དང་དུ་ལེན་ཅིང་སེལ་བར་མི་བྱེད་པ་དང་། ༢༥ བསམ་གཏན་རོ་ལ་བལྟ། བསམ་གཏན་གྱི་རོ་མྱང་བར་བྱེད་ཅིང་བསམ་གཏན་གྱི་རོ་མྱང་བ་ལ་ཡོན་ཏན་དུ་བལྟ་བ་དང་། ༢༦ ཉན་ཐོས་ཐེག་སྤོང་། བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་ཆོས་མཉན་པར་མི་བྱའོ། །བཟུང་བར་མི་བྱའོ། །དེ་ལ་བསླབ་པར་ཡང་མི་བྱའོ། །བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་ཆོས་ཉན་པ་དང་། བཟུང་བས་ཅི་ཞིག་བྱ་སྟེ། དེ་ལ་བསླབ་མི་དགོས་སོ། །ཞེས་དེ་ལྟར་བལྟ་ཞིང་དེ་སྐད་དུ་སྨྲ་བ་དང་། ༢༧ དེ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡོད་ལ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་བརྩོན་པ་མ་བྱས་པར། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡལ་བར་བོར་ནས་ཉན་ཐོས་ཀྱི་སྡེ་སྣོད་ལ་བརྩོན་པར་བྱེད་པ་དང་། ༢༨ མུ་སྟེགས་ལ། རང་ཚུལ་དོར་བརྩོན། སངས་རྒྱས་ཀྱི་གསུང་རབ་ལ་བརྩོན་པར་མ་བྱས་པར། མུ་སྟེགས་ཅན་ཕྱི་རོལ་གྱི་བསྟན་བཅོས་དག་ལ་བརྩོན་པར་བྱེད་པ་དང་། ༢༩ ཕྱི་མ་ལ་དགའ་དང་། དེ་ལྟ་བུའི་རང་ཚུལ་དང་ཡང་མ་འགལ་བར་མུ་སྟེགས་ཅན་གྱི་བསྟན་བཅོས་ལ་མཁས་པར་བྱེད་ལ། དེས་དགའ་བར་འཛིན་ལ། དེས་རངས་པར་བྱ་བ་དང་། ༣༠ ཐེག་ཆེན་སྐུར་འདེབས། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་དེ་ཁོ་ནའི་དོན་ནམ། སངས་རྒྱས་བྱང་སེམས་ཀྱི་མཐུ་ལས་བརྩམས་ཏེ་ཟབ་པ་མཆོག་ཏུ་ཟབ་པའི་གནས་དག་ཐོས་ན་མ་མོས་ཤིང་སྐུར་པ་འདེབས་ཏེ། འདི་དག་ནི་དོན་དང་ལྡན་པ་མ་ཡིན། ཆོས་དང་ལྡན་པ་མ་ཡིན། དེ་བཞིན་གཤེགས་པས་གསུངས་པ་མ་ཡིན། སེམས་ཅན་རྣམས་ལ་ཕན་པ་དང་བདེ་བར་འགྱུར་བ་མ་ཡིན་ནོ། ཞེས་ཟེར་བ་ནི། བདག་ཉིད་ཀྱི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའམ། གཞན་གྱི་རྗེས་སུ་ཞུགས་པས་སྐུར་པ་འདེབས་ཀྱང་རུང་ངོ་། ༣༡ །བདག་བསྟོད་གཞན་སྨོད་དང་། ཟང་ཟིང་དང་བཅས་པའི་སེམས་དང་། ཁོང་ཁྲོ་བའི་སེམས་ཀྱིས་གཞན་དག་ལ་བདག་བསྟོད་ཅིང་གཞན་སྨོད་པར་བྱེད་པ་དང་། ༣༢ ཆོས་དོན་མི་འགྲོ། ཆོས་སྒྲོག་པ་དང་། དམ་པའི་ཆོས་ཀྱི་འབེལ་བའི་གཏམ་རྣམ་པར་གཏན་ལ་འབེབས་པ་ན་ཁོང་དུ་ཆུད་ཟིན་ནམ། ཆུད་པར་མི་ནུས་པའམ། མ་ཐོས་པ་མ་ཡིན་བཞིན་དུ་མི་འགྲོ་བ་དང་། ༣༣ ཆོས་སྨྲ་ཁྱད་གསོད་དང་། ཆོས་སྨྲ་བའི་གང་ཟག་ལ་བསམ་བཞིན་དུ་ཁྱད་དུ་གསོད་ཅིང་བཀུར་སྟི་མི་བྱེད་ལ་འཕྱ་ཞིང་སྟིང་བར་བྱེད་པ་དང་། ༣༤ ཡི་གེ་རྟོན་སྨྲ། ཆོས་ལ་མ་གུས་པའི་དབང་དུ་བྱས་ནས་ཚིག་འབྲུ་ལ་རྟོན་གྱི། དོན་ལ་རྟོན་པར་མི་བྱེད་ཅེས་སྨྲ་བ་དང་། ༣༥ སེམས་ཅན་བྱ་གྲོགས་མིན། སེམས་ཅན་གྱི་བྱ་བ་ནི་འདི་ལྟ་སྟེ། བྱ་བ་གཏན་ལ་འབེབས་པའམ། ལམ་དུ་འགྲོ་ཞིང་འོང་བའམ། ཡང་དག་པའི་ཐ་སྙད་དང་། ལས་ཀྱི་མཐའ་ལ་སྦྱོར་བའམ། ལོངས་སྤྱོད་བསྲུང་བའམ། བྱེ་བ་བསྡུམ་པའམ། དགའ་སྟོན་ནམ། བསོད་ནམས་བྱེད་པ་ལ་གྲོགས་བྱེད་དུ་མི་འགྲོ་བ་དང་། ༣༦ ནད་པར་རིམ་གྲོ་བྲལ་དང་། ནད་པ་ནད་ཀྱིས་ཐེབས་པ་དང་འཕྲད་ན་བདག་ཉིད་ཀྱིས་ནུས་བཞིན་དུ་མགོན་མེད་རྟེན་མེད་པ་གཞན་ལ་མ་བརྟེན་པར་ཕྱིར་འཚོ་མི་ནུས་པ་ལ་རིམ་གྲོ་དང་བསྙེན་བཀུར་མི་བྱེད་པ་དང་། ༣༧ སྡུག་མི་སེལ། ནད་གཡོག་ཇི་ལྟ་བ་བཞིན་དུ་སྡུག་བསྔལ་བསལ་བའི་གྲོགས་བྱ་བ་ཡང་དེ་དང་འདྲ་བར་རིག་པར་བྱའོ། ༣༨ །བག་མེད་པ་ལ་རིགས་པ་མི་སྟོན་དང་། ཚེ་འདི་དང་ཕྱི་མའི་དོན་ལ་ཚུལ་མ་ཡིན་པར་ཞུགས་པ་དག་མཐོང་ན་རིགས་པ་ཚུལ་བཞིན་སྟོན་པ་གཞན་དང་དེ་ཉིད་ཀྱི་ནུས་པ་ཡང་མེད་ལ། བདག་གིས་ནུས་བཞིན་དུ་མི་བྱེད་པ་དང་། ༣༩ ཕན་ལན་མི་འཇལ། སེམས་ཅན་ཕན་འདོགས་འདོགས་པ་རྣམས་ལ་བྱས་པ་མི་གཟོ་ཞིང་བྱས་པ་མི་ཚོར་ཏེ་མཐུན་པའི་ཕན་གདགས་པས་ལན་དུ་ཕན་མི་འདོགས་པ་དང་། ༤༠ མྱ་ངན་མི་བསང་དང་། སེམས་ཅན་ཉེ་དུ་དང་ལོངས་སྤྱོད་ལས་གྱུར་པའི་སྡུག་བསྔལ་ལ་གནས་པ་རྣམས་ཀྱི་མྱ་ངན་མི་སེལ་བ་དང་། ༤༡ འདོད་པ་མི་སྟེར། ཟས་དང་སྐོམ་ལ་སོགས་པ་འདོད་པ་རྣམས་ཡང་དག་པར་སློང་བ་ལ་ཡོ་བྱད་དེ་དག་ཡོད་བཞིན་དུ་མི་སྟེར་བ་དང་། ༤༢ འཁོར་གྱི་དོན་མི་བྱེད། འཁོར་བསྡུས་ལ་དུས་དུས་སུ་ལེགས་པར་འདོམས་པ་དང་། ལེགས་པར་རྗེས་སུ་སྟོན་པ་དང་། འཕོངས་པ་དེ་དག་གི་ཕྱིར་དད་པ་ཅན་ལས་ཟས་དང་། གོས་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཆོས་བཞིན་དུ་ཡོངས་སུ་ཚོལ་བ་རྣམས་དགོས་བཞིན་དུ་མི་བྱེད་པ་དང་། ༤༣ གཞན་བློ་མི་བསྟུན། གཞན་དག་གི་སེམས་དང་མཐུན་པར་མི་བྱེད་པ་དང་། ༤༤ དེ་བསྔགས་མི་བརྗོད་དང་། གཞན་དག་གི་ཡང་དག་པའི་ཡོན་ཏན་རང་གིས་མི་བརྗོད་པའམ། གཞན་དག་གིས་ལེགས་པར་སྨྲས་པ་ལ་ལེགས་སོ་ཞེས་བྱ་བ་མ་ཡིན་པ་དང་། ༤༥ འོས་པ་ཚར་མི་གཅོད་དང་། སེམས་ཅན་སྨ་འབེབས་པར་རིགས་པ་དང་། ཆད་པས་བཅད་པར་རིགས་པ་དང་། བསྐྲད་པར་རིགས་པ་རྣམས་སྨ་མི་འབེབས་པ་དང་། འབེབས་སུ་ཟིན་ཀྱང་ཆད་པ་བཅད་པས་མི་འཆོས་པ་དང་། འཆོས་སུ་ཟིན་ཀྱང་སྐྲོད་པར་མི་བྱེད་པའོ། ༤༦ །རྫུ་འཕྲུལ་གྱིས། སྐྲག་པར་མི་བྱེད། རྫུ་འཕྲུལ་དང་། རྣམ་པར་འཕྲུལ་པ་དང་། མཐུ་རྣམ་པ་སྣ་ཚོགས་དང་ལྡན་ལ། སེམས་ཅན་སྐྲག་པར་བྱ་བའི་རིགས་རྣམས་སྐྲག་པར་བྱ་བ་དང་། སེམས་ཅན་འདུན་པར་བྱ་བའི་རིགས་རྣམས་འདུན་པར་བྱ་བ་དང་། དད་པས་སྦྱིན་པ་སྤོང་དུ་གཞུག་པའི་ཕྱིར་རྫུ་འཕྲུལ་གྱིས་སྐྲག་པར་མི་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་རོ། །ཞེ་དྲུག་ང་རྒྱལ་དང་། ཀུན་ནས་མནར་སེམས་ཀྱིས་སྤྱད་ཉོན་མོངས་ཅན། །སྙོམས་སེམས་བག་མེད་ཀྱིས་བྱས་ཉོན་མོངས་མིན། །ང་རྒྱལ་གྱིས་ནོན་པ་དང་། ཀུན་ནས་མནར་སེམས་པ་དང་། ཁོང་ཁྲོ་དང་། ཕྲག་དོག་པ་དང་། མ་གུས་པ་གང་ཡང་རུང་བའི་དབང་གིས་སྤྱད་པ་ནི། ཉོན་མོངས་ཅན་གྱིས་ཉེས་པར་འགྱུར་ལ། སྙོམས་ལས་དང་ལེ་ལོའམ། ལུང་དུ་མ་བསྟན་པའི་སེམས་སམ། བག་མེད་པ་སྟེ་བརྗེད་པས་བྱས་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་ཡང་ཉོན་མོངས་པ་ཅན་གྱི་ཉེས་པར་མི་འགྱུར་རོ། །བརྩེ་དང་ཕན་འདོད་དགོས་དབང་ཚོར་བས་གཟིར། །སེམས་འཁྲུགས་ཉེས་མེད། དེ་ཉིད་ལ་དོན་ཆེན་པོའི་ཆེད་དུ་བརྩེ་བ་དང་གནས་སྐབས་ཀྱི་ཕན་པའི་ཆེད་དང་། དགོས་པ་དང་འབྲེལ་པའི་དབང་དང་། ནད་ལ་སོགས་པའི་ཚོར་བས་གཟིར་བ་དང་། སེམས་འཁྲུགས་པ་དང་། ནུས་པ་མེད་པ་དང་། མཐུ་ཡོད་ཀྱང་དེ་དག་གི་ཡུལ་མ་ཡིན་པ་སྟེ། དེ་དག་གི་སྤྱད་པ་ནི་ཉེས་མེད་དོ། །ངོ་བོ་ཉིད་དང་ནི། བྱེད་ལས་བསམ་པ་གཞི་ལས་བསགས་པ་ལྔ། །ཆུང་འབྲིང་ཆེར་དབྱེ་ཕལ་ཆེར་ཞེ་སྡང་གིའོ། །ངོ་བོ་ཉིད་ཀྱི་དང་། བྱེད་ལས་དང་། བསམ་པ་དང་། གཞི་ལས་དང་། བསགས་པ་ལྔ་ལས། ཉེས་པ་དེ་དག་ཀྱང་ཆུང་ངུ་དང་། འབྲིང་དང་། ཆེན་པོར་རིག་པར་བྱ་སྟེ། རྒྱས་པར་གཞི་བསྡུ་བ་ལས་འབྱུང་བ་བཞིན་ནོ། །ཉེས་པ་དེ་དག་གི་རྩ་བའང་ཕལ་ཆེར་ཞེ་སྡང་ལས་ཡིན་ཏེ། བྱང་ས་ལས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའི་ཉེས་པ་ནི། ཕལ་ཆེར་ཞེ་སྡང་ལས་འབྱུང་གི འདོད་ཆགས་ལས་འབྱུང་བ་ནི་མ་ཡིན་པར་རིག་པར་བྱའོ། །ཞེས་གང་གསུངས་པ་དེ་ལ་དགོངས་པ་ནི་འདི་ཡིན་པར་བལྟ་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་ཅན་ལ་རྗེས་སུ་ཆགས་ཤིང་སེམས་ཅན་ལ་བྱམས་པའི་དབང་དུ་བྱས་ནས། གང་ཅི་སྤྱོད་ཀྱང་རུང་དེ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་བྱ་བ་ཡིན་ཏེ། མི་བྱ་བ་མ་ཡིན་ལ། བྱ་བར་རིགས་པར་བྱེད་པ་ནི་ཉེས་པར་འགྱུར་བ་མི་རིགས་སོ། །བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སྡང་བ་ནི། བདག་དང་གཞན་རྣམས་ལ་ཕན་པར་སྤྱོད་པ་མ་ཡིན་ལ། དེ་ཡང་བྱང་ཆུབ་སེམས་དཔའི་བྱ་བ་མ་ཡིན་ཏེ། དེ་ལྟར་བྱ་བ་མ་ཡིན་པ་བྱེད་པ་ནི་ཉེས་པར་འགྱུར་བར་རིགས་སོ། །ཞེས་གསུངས་སོ།། །། གསུམ་པ་ཉམས་ན་ཕྱིར་བཅོས་པ་ནི། ཕམ་པས་གཏོང་ཕྱིར་སླར་བླང་འབྲིང་ནི་གསུམ། །ཐ་མ་གཅིག་མདུན་དངོས་པོ་བརྗོད་པས་བཤགས། །མཐུན་པའི་གང་ཟག་མེད་ན་ཡིད་ཀྱིས་བསྡམ། །ཞེས་པ། གལ་ཏེ་ཀུན་ནས་དཀྲིས་པ་ཆེན་པོའི་བྱང་ཆུབ་སེམས་དཔའ་ལ་ཕམ་པའི་གནས་ལྟ་བུའི་ཆོས་བྱུང་བར་གྱུར་ན། དེས་སྡོམ་པ་བཏང་བ་ཡིན་པས། སླར་ནོད་པར་བྱའོ། །དེ་ལྟར་ཡང་བྱང་ས་ལས། བྱང་ཆུབ་སེམས་དཔས་ནི་ཡང་དག་པར་བླངས་པ་ཡོངས་སུ་བཏང་དུ་ཟིན་ཀྱང་། ཚེ་འདི་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ཕྱིར་ནོད་པའི་སྐལ་བ་ཡོད་དེ། འདི་ལྟ་སྟེ། དགེ་སློང་སོ་སོ་ཐར་པའི་སྡོམ་པ་ལ་གནས་པ་ཕམ་པ་བྱུང་བ་བཞིན་དུ་སྐལ་བ་མེད་པ། ཁོ་ནར་འགྱུར་བ་མ་ཡིན་ནོ། །ཞེས་གསུངས་སོ། །ཀུན་ནས་དཀྲིས་པ་འབྲིང་གིས་ཉེས་པ་བྱུང་ན་ནི་སྡོམ་པ་གཏོང་བ་མེད་དེ། བྱང་ས་ལས། འདི་ལྟ་སྟེ། ཕམ་པའི་ཆོས་རྣམས་བྱས་པས་དགེ་སློང་གིས་སོ་སོ་ཐར་པའི་སྡོམ་པ་གཏང་བར་འགྱུར་བ་བཞིན་དུ། བྱང་ཆུབ་སེམས་དཔའ་ཕམ་པའི་ཆོས་ལྟ་བུ་ལན་ཅིག་ཙམ་ཀུན་ཏུ་སྤྱད་པས་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པ་བླངས་པ་བཏང་བར་མི་འགྱུར་རོ། །ཞེས་གསུངས་པས་སོ། །དེའི་ཕྱིར་ཉེས་པ་དེ་ནི་བཤགས་པ་ཙམ་གྱིས་འདག་སྟེ། གང་ཟག་ངག་གི་རྣམ་པར་རིག་བྱེད་དེ་དག་ཁོང་དུ་ཆུད་ཅིང་འཛིན་ནུས་པ་གསུམ་མམ་དེ་ཡན་གྱི་མདུན་དུ་འདུག་སྟེ། །འདི་སྐད་ཅེས་ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ལ། ཇི་སྐད་ཡོངས་སུ་བརྗོད་པའི་གཞི་ལས། བྱང་ཆུབ་སེམས་དཔའི་འདུལ་བ་དང་འགལ་བ་ཉེས་བྱས་ཀྱིས་ནོངས་པ་འདི་ལྟ་བུ་བྱུང་སྟེ། དེ་དག་ཚེ་དང་ལྡན་པ་རྣམས་ལ་བདག་བཤགས་ཤིང་མཐོལ་ཏེ་མི་འཆབ་བོ། །བཤགས་ཤིང་མཐོལ་བས་བདག་བདེ་བར་གནས་པར་འགྱུར་གྱི། མ་བཤགས་མ་མཐོལ་ན་བདེ་བར་གནས་པར་མི་འགྱུར་རོ། །དེ་རྣམས་ཀྱིས་ཀྱང་ཉེས་པ་ལ་ཉེས་པར་མཐོང་ངམ། ཞེས་དྲི། དེས་ཀྱང་མཐོང་ངོ་། །ཞེས་སྨྲ་བར་བྱའོ། །ཕྱིན་ཆད་ལེགས་པར་སྡོམ་པར་བྱེད་དམ། དེས་ཀྱང་ལེགས་པར་སྡོམ་མོ། །ཞེས་ལན་གསུམ་དུ་བརྗོད་དོ། །ཀུན་ནས་དཀྲིས་པ་ཆུང་ངུས་ཕམ་པའི་གནས་ལྟ་བུའི་ཆོས་བྱུང་བ་དང་། དེ་ལས་གཞན་པའི་ཉེས་བྱས་རྣམས་གཅིག་གི་མདུན་དུ་བཤགས་པར་བྱའོ། །མཐུན་པའི་གང་ཟག་མེད་ན་རང་ཉིད་ཀྱི་སེམས་ཀྱིས་མདུན་དུ་བཤགས་པར་བྱ་སྟེ། ཕྱིན་ཆད་ཀྱང་བསྡམ་པར་བྱའོ། །ཕུལ་དང་སྨོན་པ་གཏང་དང་ལོག་ལྟས་གཏོང་། །གཞན་དུ་ཚེ་འཕོས་ནས་ཀྱང་རྗེས་སུ་འབྲང་། །རྣམ་དག་ཕན་ཡོན་འཕགས་པ་ཐོགས་མེད་ལུགས། །དེ་ཡང་། སྨོན་སེམས་བཏང་བ་དང་། ཀུན་དཀྲིས་ཆེན་པོས་ཕམ་པ་སྤྱད་པས་དང་། བསླབ་པ་ཕུལ་བས་དང་། ལོག་ལྟ་སྐྱེས་པས་གཏོང་བར་རྣམ་པར་གཏན་ལ་དབབ་པ་བསྡུ་བར་གསུངས་པས་སོ། །དེ་ལྟར་གཏོང་རྒྱུ་དེ་དག་མ་བྱུང་ན་སྡོམ་པ་འདི་ཉིད་བྱང་ཆུབ་སྙིང་པོའི་བར་དུ་འགྲོ་ཏེ། བྱང་ས་ལས། ཚེ་བརྗེས་སུ་ཟིན་ཀྱང་འོག་དང་། སྟེང་དང་། ཐད་ཀ་ཐམས་ཅད་དུ་སྐྱེས་པ་ན། བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་བ་སྤོང་བར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཚེ་བརྗེས་ཏེ་བརྗེད་ན་ཡང་དགེ་བའི་བཤེས་གཉེན་བསྟེན་པ་ལ་བརྟེན་ནས་དྲན་པ་གསོ་བའི་ཕྱིར་ཡང་དང་ཡང་ནོད་པར་བྱེད་པར་ཟད་ཀྱི། གསར་དུ་ཡང་དག་པར་ལེན་པར་བྱེད་པ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །ཕན་ཡོན་ཀྱང་བྱང་ས་ལས། བྱང་ཆུབ་སེམས་དཔའ་རྣམས་ནི་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་ཡོན་ཏན་བཞི་དང་ལྡན་པ་དེ་ནི་ཡང་དག་པར་བླངས་པ་དང་། རྗེས་སུ་སློབ་པས་བདག་ལ་ཕན་པ་དང་། གཞན་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བར་འགྱུར་བའི་ཕྱིར་དགེ་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་དཔག་ཏུ་མེད་པ་ཡོངས་སུ་བསྡུས་པས་དཔག་ཏུ་མེད་པར་རིག་པར་བྱའོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་ཉེ་བར་གནས་པས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པ་ཡིན་པར་རིག་པར་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་ཡོངས་སུ་འཛིན་ཅིང་། སྦྱིན་པར་བྱེད་པས་འབྲས་བུ་དང་། ཕན་ཡོན་ཆེ་བར་རིག་པར་བྱའོ། །ཞེས་གསུངས་སོ། །དེ་དག་གིས་བཙུན་པ་ཐོགས་མེད་ཀྱི་དགོངས་པ་ཇི་ལྟ་བ་བཞིན་བཤད་ཟིན་ཏོ།། །། གཉིས་པ་བསླབ་པ་ཀུན་ལས་བཏུས་པ་ལས་གསུངས་པ་བཤད་པ་ལ། ལེན་པའི་ཆོ་ག མི་ཉམས་པར་བསྲུང་བའི་ཐབས་དང་གཉིས་ལས། དང་པོ་ནི། རབ་དང་སེམས་བརྟན་དགེ་བའི་བཤེས་མདུན་དུ། །ཡན་ལག་བདུན་མཐར་དམ་བཅའ་ཚིག་བརྗོད་པས། །སྨོན་འཇུག་ཅིག་ཅར་བླང་ཞིང་དགའ་བ་བསྒོམ། །མེད་ན་རང་གིས་སྐུ་གཟུགས་སོགས་ལས་བླང་། །ཞེས་པ། སློབ་དཔོན་ཞི་བ་ལྷ་ནི་འཇུག་པའི་སེམས་བསྐྱེད་ལེན་པ་ཉིད་སེམས་བསྐྱེད་པའི་སྡོམ་པ་ལེན་པ་ཡིན་པས་ཆོ་ག་ལོགས་པ་མི་བཞེད་ལ། ཀླུ་སྒྲུབ་ཀྱང་དེ་ལྟར་བཞེད་པ་ཡིན་ནོ། །སེམས་བསྐྱེད་པ་ཡང་རྣམ་པ་གཉིས་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །དེ་གཉིས་ཀྱི་ཁྱད་པར་ཡང་། དེ་ཉིད་ལས། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་བཞིན་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་དང་། བསླབ་པ་ཀུན་ལས་བཏུས་པ་ལས། བྱང་ཆུབ་སེམས་དེ་ནི་རྣམ་པ་གཉིས་ཏེ། བྱང་ཆུབ་ཏུ་སྨོན་པའི་སེམས་དང་། བྱང་ཆུབ་ཏུ་ཆས་པའི་སེམས་སོ། །ཇི་སྐད་དུ་སྡོང་པོ་བཀོད་པའི་མདོ་ལས། རིགས་ཀྱི་བུ་སེམས་ཅན་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པ་དེ་དག་ནི་སེམས་ཅན་གྱི་ཁམས་ན་དཀོན་ནོ། །དེ་བས་ཀྱང་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཆས་པའི་སེམས་ཅན་དེ་དག་ནི་ཤིན་ཏུ་དཀོན་ནོ། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་བྱང་ཆུབ་ཏུ་སྨོན་པའི་སེམས་ནི་ངས་སངས་རྒྱས་སུ་འགྱུར་བར་བྱའོ། །ཞེས་སྨོན་པ་ལས་སྐྱེ་བ་ཡིན་ཏེ། འཕགས་པ་དཔའ་བར་འགྲོ་བའི་མདོ་ལས། གཡོ་བྱས་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡང་སངས་རྒྱས་ཀྱི་རྒྱུར་གསུངས་ན། དགེ་བ་སྣ་འགའ་བྱས་ཏེ་སེམས་བསྐྱེད་པ་ལྟ་ཅི་སྨོས་ཞེས་གསུངས་སོ། །དེའི་ཕྱིར་སྨོན་པའི་སེམས་བསྐྱེད་ཙམ་ནི་ཆོ་ག་ལ་བལྟོས་མི་དགོས་ཤིང་ཚུལ་ཁྲིམས་ཀྱི་སྡོམ་པའི་རྒྱུར་གསུངས་ལ། དེ་ཉིད་ཀྱང་དད་པའི་རྩ་བ་བརྟན་པ་ལས་རྙེད་པའི་ཕྱིར། དད་པ་དང་བྱང་ཆུབ་ཀྱི་སེམས་བརྟན་པ་སེམས་བསྐྱེད་ལེན་པའི་རྒྱུར་གསུངས་ཏེ། བསླབ་བཏུས་ལས། སྡུག་བསྔལ་མཐར་ཕྱིན་འདོད་པ་དང་། །བདེ་བའི་མཐར་ཡང་འགྲོ་འདོད་པས། །དད་པའི་རྩ་བ་བརྟན་བྱ་སྟེ། །བྱང་ཆུབ་ལ་ནི་བློ་བརྟན་བྱ། །ཞེས་གསུངས་སོ། །དད་པའི་ངོ་བོ་ཡང་། རྒྱ་ཆེ་རོལ་པའི་མདོ་ལས། ཀུན་དགའ་བོ་དད་པ་ལ་སྦྱོར་བར་བྱ་སྟེ། འདི་ནི་དེ་བཞིན་གཤེགས་པ་ལ་གསོལ་བ་འདེབས་པའོ། །ཞེས་གསུངས་ཤིང་། དེ་ལས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་དཀོན་མཆོག་ཏ་ལའི་མདོ་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང་། །སངས་རྒྱས་སྲས་ཀྱི་སྤྱོད་ལ་དད་བྱེད་ལ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ནས། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་པས་མ་ཟིན་པ་དེ་ཙམ་གྱིས་སེམས་བསྐྱེད་པས་ཀྱང་བྱང་ཆུབ་སེམས་དཔའི་གྲངས་སུ་ཆུག་ཅིང་འཁོར་བའི་བདེ་བ་མཐའ་ཡས་པ་བསྐྱེད་པར་ནུས་ཏེ། བྱམས་པའི་རྣམ་པར་ཐར་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཅིང་རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ལ་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ །རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ནན་ཏན་དང་བྲལ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་གྱི་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཅིང་བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ །ཞེས་གསུངས་པ་དང་། རྒྱལ་པོ་ལ་གདམས་པའི་མདོ་ལས་ཀྱང་། རྒྱས་པར་འབྱུང་བའི་ཕྱིར་རོ། །འཇུག་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཉིད་བྱང་ཆུབ་སེམས་དཔའི་སྡོམ་པ་ཡིན་པས། དེ་ནོད་པའི་ཡུལ་ཡང་བསླབ་བཏུས་རང་འགྲེལ་ལས། ལུང་ནོད་པ་ཐམས་ཅད་དང་། སྡོམ་པ་བཟུང་བ་ཡང་བྱང་ཆུབ་སེམས་དཔའི་བསླབ་པའི་གནས་ལ་གོམས་པ་ལྷུར་བྱེད་པ། སྡོམ་པ་དང་ལྡན་པ་ལས་ཏེ། དེ་ལྟར་བྱས་ན་དེ་བསླབ་པ་ལས་འདས་ན་རབ་ཏུ་ངོ་ཚ་བར་འགྱུར་ཞིང་བླ་མ་ལ་བསླུས་པར་དོགས་པའི་འཇིགས་པ་སྐྱེ་བའམ། དེ་ལ་ནན་ཏན་བྱ་མི་དགོས་པར་དགའ་བ་དང་གུས་པས་འགྲུབ་པར་འགྱུར་རོ། །ཞེས་གསུངས་པས། དགེ་བའི་བཤེས་གཉེན་གྱི་མདུན་དུ་ཕྱག་བྱ་བ་དང་། མཆོད་པ་དང་། སྡིག་པ་གཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། སངས་རྒྱས་ལ་བསྐུལ་བ་དང་། གསོལ་བ་གདབ་པ་དང་། བྱང་ཆུབ་ཏུ་བསྔོ་བ་བྱས་ལ། དམ་བཅའ་ཚིག་ཏུ་བརྗོད་པ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་ལན་གསུམ་གྱིས་བླངས་ལ། རྗེས་སུ། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེ། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ནས། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ཞེས་རང་དགའ་བ་སྒོམ་པ་དང་། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་དེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་གཞན་དགའ་བ་བསྐྱེད་པར་བྱའོ། །དེ་ལྟ་བུའི་ཆོ་ག་ལས། སྔར་སྨོན་པའི་སེམས་བསྐྱེད་པ་དང་མི་ལྡན་ན། དེ་ཡང་སྐྱེ་བའི་ཕྱིར་ཅིག་ཅར་ཞེས་སྨོས་ཀྱི། སྨོན་པ་དང་འཇུག་པ་བསྡོམས་པ་ཞིག་བྱང་ཆུབ་སེམས་དཔའི་སྡོམ་པའི་ངོ་བོར་མི་འཐད་དེ། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ནི་འཇུག་པའི་སེམས་བསྐྱེད་ཡིན་ཏེ། སྨོན་པ་ནི་ཀུན་ཏུ་སློང་བ་ཙམ་གྱིས་སྡོམ་པར་འགྱུར་བས་སོ། །འགའ་ཞིག་སྨོན་པའི་སེམས། སྨོན་པའི་སེམས་བསྐྱེད། འཇུག་པའི་སེམས། འཇུག་པའི་སེམས་བསྐྱེད། ཅེས་སྨྲ་ཡང་། སློབ་དཔོན་གྱི་དགོངས་པ་མིན་ལ། ཁུངས་མེད་དོ། །ཡང་ན། འཇམ་དཔལ་གྱི་ཞིང་བཀོད་པའི་མདོ་ལས། བཅོམ་ལྡན་འདས་དེས་སྔོན་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཇི་ལྟར་གསུངས་པ་དེ་བཞིན་དུ་སེམས་བསྐྱེད་པར་བྱའོ། །དེ་ཡང་། འཁོར་བ་ཐོག་མ་མེད་པ་ཡི། །སྔོན་གྱི་ཐ་མ་ཇི་སྲིད་པ། །དེ་སྲིད་སེམས་ཅན་ཕན་དོན་དུ། །སྤྱོད་པ་དཔག་ཡས་སྤྱད་པར་བགྱི། །ཞེས་སོགས་བསླབ་བཏུས་ལས་གསུངས་པ་བཞིན་དུའམ། ཡང་ན་མགོན་པོ་ཀླུ་སྒྲུབ་ཀྱིས། སེམས་བསྐྱེད་པའི་ཆོ་ག་ལས། ཀུན་རྫོབ་དང་། དོན་དམ་པའི་སེམས་བསྐྱེད་གཉིས་ཀ་རིམ་པ་བཞིན་བླང་བར་གསུངས་པ་ལྟར་བྱའོ། །བླང་བའི་ཡུལ། དགེ་བའི་བཤེས་གཉེན་མེད་ན་རང་ཉིད་ཀྱིས་ལེན་ཏེ། བསླབ་བཏུས་འགྲེལ་པར། དེ་ལྟ་བུའི་དགེ་བའི་བཤེས་གཉེན་མེད་ན་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མངོན་དུ་བསྒོམས་ནས། སྡོམ་པའང་བདག་ཉིད་ཀྱི་སྟོབས་དང་ཡང་སྦྱར་ནས་བླངས་ཏེ། དེ་ལྟ་མ་ཡིན་ན་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ལྷར་བཅས་པའི་འཇིག་རྟེན་བསླུས་པར་འགྱུར་རོ། །ཞེས་གསུངས་སོ།། །། གཉིས་པ་མི་ཉམས་པར་བསྲུང་བའི་ཐབས་ལ། ལྟུང་བ་རྣམ་པར་དབྱེ་བས་མི་མཐུན་ཕྱོགས་ཤེས་པར་བྱས་ཏེ་བསྲུང་བ་དང་། བསླབ་པ་ཡོངས་སུ་སྦྱོང་བས་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་བྱས་ཏེ་བསྲུང་བའི་ཚུལ་གཉིས་ལས། དང་པོ་ལ། ལྟུང་བའི་རྣམ་པར་གཞག་པ་སྤྱིར་བསྟན། རྩ་བའི་ལྟུང་བ་བྱེ་བྲག་ཏུ་ཕྱེ་སྟེ་བསྟན། ཉམས་ན་འཆོས་པའི་རྣམ་གཞག་བཤད་པ་གསུམ་ལས། དང་པོ་ནི། གང་གི་རིགས་དང་མི་རིགས་མ་བརྟགས་པར། །རྩོམ་མམ་བཟློག་གམ་བཏང་སྙོམས་འཇོག་པ་དང་། །འོས་ལས་འདས་བྱེད་ཐམས་ཅད་ལྟུང་བའི་སྡེ། །དོན་ཆེན་བསྒྲུབ་ལ་ཆུང་བཏང་གཟུགས་བརྙན་དང་། །ནུས་པའི་ཡུལ་མིན་ཐམས་ཅད་ལྟུང་མེད་དེ། །མི་ནུས་དེར་བརྩོན་དེ་ཡི་གཟུགས་བརྙན་ཡིན། །ཞེས་པ། ཅི་ནུས་པར་རིགས་པ་དང་། མི་རིགས་པ་མ་བརྟགས་པར་རྩོམ་པའམ། བཟློག་པའམ། བཏང་སྙོམས་སུ་འཇོག་པའམ། བརྟགས་ཏེ་གང་འོས་པ་ལས་འདའ་བར་བྱེད་ན། ཐ་ན་གདོལ་པའི་བྲན་གྱིས་བཅས་ན་ཡང་ལྟུང་བ་དང་བཅས་པ་ཡིན་ནོ། །གཡོ་མེད་པར་ལུས་དང་ངག་ཡིད་བརྩོན་པས་ནན་ཏན་མི་བྱེད་པ་དང་། ད་ལྟར་དང་མ་འོངས་པའི་བདེ་བ་དང་ཡིད་བདེ་བ་ཐམས་ཅད་བསྐྱེད་པའི་ཕྱིར་དེའི་རྐྱེན་ཚོགས་པ་མི་ཚོལ་བ་དང་། དེའི་བར་དུ་གཅོད་པའི་གཉེན་པོ་སྤང་བ་ལ་མི་འབད་པ་རྣམས་ནི་ལྟུང་བར་འགྱུར་བའོ། །སྡུག་བསྔལ་དང་ཡིད་མི་བདེ་བ་ཆུང་ངུས་སྡུག་བསྔལ་དང་ཡིད་མི་བདེ་བ་ཆེན་པོའི་གཉེན་པོར་འགྱུར་བ་བསྐྱེད་པ་དང་། དོན་ཆེན་པོ་བསྒྲུབ་པའི་ཕྱིར་ཆུང་ངུ་ཉམས་པར་བྱེད་པ་ནི་ལྟུང་བའི་གཟུགས་བརྙན་ཞེས་བྱ་སྟེ། དོན་ལ་ལྟུང་བ་མེད་པ་ཡིན་ནོ། །རང་གི་ནུས་པའི་ཡུལ་མ་ཡིན་པའི་བྱ་བ་རྣམས་ལ་ལྟུང་བ་མེད་དེ། དོན་མེད་པ་ཉིད་ཀྱིས་དེ་ལ་བསླབ་པ་བཅས་པ་མེད་པའི་ཕྱིར་རོ། །རང་གིས་ནུས་པའི་སྤྱོད་ཡུལ་མ་ཡིན་པ་གང་ཞིག་ལ་བརྩོན་པར་བྱེད་ན་ལྟུང་བ་མེད་པའི་གཟུགས་བརྙན་ཏེ། དོན་ལ་ལྟུང་བར་འགྱུར་བ་ཡིན་ནོ། །དེ་ཡང་བསླབ་བཏུས་འགྲེལ་པ་ལས། དེ་དག་ནི་མདོར་བྱང་ཆུབ་སེམས་དཔའི་བསླབ་པའི་ཁོག་པ་ཡིན་ཏེ། རྒྱས་པ་ནི་བསྐལ་པ་དཔག་ཏུ་མེད་པར་མཐའ་ཡས་པར་བཤད་དུ་ཡོད་དོ། །ཞེས་གསུངས་སོ།། །། གཉིས་པ་རྩ་བའི་ལྟུང་བ་བྱེ་བྲག་ཏུ་ཕྱེ་སྟེ་བཤད་པ་ནི། ༡ གསུམ་གྱི་དཀོར་འཕྲོག་དང་པོ། མཆོད་རྟེན་གྱི་རྫས་འཕྲོག་གམ། དགེ་འདུན་གྱི་དང་། ཕྱོགས་བཞིའི་དགེ་འདུན་ལ་ཕུལ་བ་འཕྲོག་གམ། འཕྲོག་ཏུ་འཇུག་པ་འདི་ནི་རྩ་བའི་ལྟུང་བ་དང་པོའོ། ༢ །ཆོས་སྤོང་གཉིས། ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་ཆེན་པོའི་ཆོས་སྤོང་ཞིང་འགོག་ཏུ་འཇུག་པ་ནི་གཉིས་པའོ། ༣ །ཚུལ་ལྡན་ཚུལ་འཆལ་འཕྲོག་བསྣུན་བཙོན་རར་གཞུག །སྲོག་འབྲལ་བསླབ་པ་འབེབས་པ་གསུམ་པ་སྟེ། །སྟོན་པའི་ཕྱིར་རབ་ཏུ་བྱུང་སྟེ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་གྱོན་པ། བསླབ་པ་བཟུང་ཡང་རུང་། མ་བཟུང་ཡང་རུང་། ཚུལ་ཁྲིམས་འཆལ་ཡང་རུང་། ཚུལ་ཁྲིམས་དང་ལྡན་པ་ཡང་རུང་སྟེ། དེའི་གོས་ངུར་སྨྲིག་འཕྲོག་གམ། ཁྱིམ་ན་གནས་པར་བྱེད་དུ་འཇུག་གམ། ལུས་ལ་ལག་ཆས་བསྣུན་ནམ། བཙོན་རར་འཇུག་གམ། སྲོག་དང་བྲལ་བར་བྱེད་དུ་འཇུག་པ་ནི་གསུམ་པའོ། ༤ །མཚམས་མེད་ལས་བྱེད་བཞི་དང་། མ་དང་། ཕ་དང་། དགྲ་བཅོམ་པ་གསོད་པ་དང་། དགེ་འདུན་འདུམས་པ་འབྱེད་པ་དང་། སངས་རྒྱས་ལ་ངན་སེམས་ཀྱི་ཁྲག་འབྱིན་པ་སྟེ། མཚམས་མེད་པའི་ལས་ལྔ་ལས་གང་ཡང་རུང་བའི་ལས་བྱེད་པ་ནི་བཞི་པའོ། ༥ །ལོག་ལྟ་ལྔ། རྒྱལ་པོ་ལ་ཡིན། གང་ཡང་རྒྱུ་མེད་པར་སྨྲ་བར་གྱུར་ལ། འཇིག་རྟེན་ཕ་རོལ་ལ་གཡེལ་ཏེ་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བཟུང་ནས་གནས་ཤིང་། སེམས་ཅན་གཞན་མང་པོ་དག་ཀྱང་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་དུ་འཇུག་སྟེ། འདུལ་ཞིང་འཛུད་ལ་འགོད་པ་ནི་ལྔ་པའོ། །དེ་དག་ནི། ནམ་མཁའི་སྙིང་པོའི་མདོ་ལས། རིགས་ཀྱི་བུ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྩ་བའི་ལྟུང་བ་ལྔ་སྟེ། རྩ་བའི་ལྟུང་བ་དེ་དག་གིས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དགེ་བའི་རྩ་བ་སྔོན་བསྐྱེད་པ་ཐམས་ཅད་ཐལ་བར་རློག་སྟེ། ཕམ་པར་གྱུར་ཅིང་ལྷ་དང་མིའི་བདེ་བའི་གནས་ཐམས་ཅད་ལས་ལྷུང་ནས་ངན་སོང་དུ་འགྲོ་བར་འགྱུར་རོ། །ཞེས་གསུངས་སོ། །གྲོང་ལྗོངས་གྲོང་ཁྱེར་དང་། །གྲོང་རྡལ་ཡུལ་འཁོར་འཇོམས་ལྔ་བློན་པོ་དང་། །གང་ཡང་གྲོང་དང་། ལྗོངས་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་འཇོམས་པར་བྱེད་པའི་རྩ་ལྟུང་ལྔ་ནི་བློན་པོ་ལའོ། ༡ །སྟོང་པ་ཉིད་བརྗོད་ཕྱིར་ལོག་ཉན་ཐོས་སྨོན། །སེམས་བསྐྱེད་པའི་རིགས་ཀྱི་བུ་བློ་ཆུང་བ་བློ་མ་སྦྱངས་པ་དེ་དག་གི་ནང་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པས། སྟོང་པ་ཉིད་དང་ལྡན་པའི་མདོ་སྡེ་མཆོག་ཏུ་ཟབ་པ་བསྟན་ན། སོ་སོ་སྐྱེ་བོ་དེ་དག་སྔངས་ཏེ་བླ་ན་མེད་པའི་བྱང་ཆུབ་ལས་སེམས་ཕྱིར་ལོག་སྟེ་ཉན་ཐོས་ཀྱི་བྱང་ཆུབ་ལ་སྨོན་ན། ལས་དང་པོ་པ་དེའི་རྩ་བའི་ལྟུང་བ་དང་པོར་འགྱུར་རོ། །དེའི་ཕྱིར་བྱང་ཆུབ་སེམས་དཔས་བསམ་པ་དང་བག་ལ་ཉལ་ཤེས་པར་བྱས་ལ། བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་བགས་ཀྱིས་ཆོས་བསྟན་པར་བྱའོ། ༢ །རྫོགས་པའི་བྱང་ཆུབ་ཕྱིར་ལྡོག་སྨྲ་བྱེད་དང་། །ཁྱོད་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པར་མི་ནུས། འཚང་རྒྱ་བར་མི་ནུས་ཀྱི། ཁྱོད་རང་ཉན་ཐོས་སམ། རང་སངས་རྒྱས་ཀྱི་ཐེག་པར་སེམས་སྐྱེད་ཅིག་དང་། དེས་ན་ཁྱོད་འཁོར་བ་ལས་ངེས་པར་འབྱུང་ང་ོ། །ཞེས་སྨྲ་བ་འདི་ནི་གཉིས་པའོ། ༣ །སོ་སོ་ཐར་སྤངས་ཐེག་ཆེན་སྦྱོར་བ་དང་། །སོ་སོ་ཐར་པ་དང་འདུལ་བའི་ཚུལ་ཁྲིམས་ལེགས་པར་བསྲུངས་པས་ཅི་ཞིག་བྱ། ཁྱོད་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ། ཐེག་པ་ཆེན་པོ་སློབས་ཤིག་དང་། དེས་ན་ཁྱོད་ཀྱིས་ཉོན་མོངས་པའི་རྐྱེན་གྱིས་ལུས་དང་། ངག་དང་། ཡིད་རྣམས་ཀྱིས་མི་དགེ་བའི་ལས་གང་བསྒྲུབ་པ་དེ་དག་རྣམ་པར་སྨིན་པར་མི་འགྱུར་བར་དག་པར་འགྱུར་རོ། །ཞེས་སྨྲ་བ་ནི་གསུམ་པའོ། ༤ །ཉན་ཐོས་ཐེག་སྤངས་འདིར་སྦྱོར་ཉན་བླངས་དང་། །ཉན་ཐོས་ཀྱི་ཐེག་པའི་གཏམ་ཉན་པ་དང་། ཀློག་པ་དང་། ལུང་འབོགས་པ་ལས་ཐབས་དུ་མས་བཟློག་ཅིང་། གཞི་དེས་ནི་ཁྱོད་ཀྱི་ཉོན་མོངས་པ་མཐར་འབྱིན་པར་མི་ནུས་ཀྱི། ཐེག་པ་ཆེན་པོའི་གཏམ་ནོད་པ་དང་། ཀློག་པ་དང་། ཁ་ཏོན་དུ་གྱིས་ཤིག་དང་། དེས་ན་ཁྱེད་ཀྱི་ངན་འགྲོའི་ལམ་ཐམས་ཅད་ཞི་བར་ཡང་འགྱུར། འཚང་རྒྱ་བར་ཡང་འགྱུར་རོ། །ཞེས་སྨྲ་བ་ནི་བཞི་པའོ། །དེ་ལྟར་གསུམ་པོ་དེ་ལ་དེ་དག་གིས་དེའི་ཚིག་བཞིན་དུ་ཉན་ཏེ། དེ་ལྟ་བུ་བླངས་པར་གྱུར་ན་གཉིས་ཀ་ལ་རྩ་བའི་ལྟུང་བར་འགྱུར་གྱི། སྨྲས་པ་ཙམ་གྱིས་ནི་མ་ཡིན་ནོ། ༥ །ཕྲག་དོག་དབང་གིས་བདག་བསྟོད་གཞན་སྨད་དང་། །གྲགས་པ་དང་། བསྟོད་པ་དང་། བཀུར་སྟི་ཐོབ་པའི་ཕྱིར་ཐེག་པ་ཆེན་པོ་འདི་ཚིག་ཏུ་འདོན་པ་དང་ཁ་ཏོན་བྱེད་པ་སྟེ། ཀློག་པ་དང་གཞན་ལ་ཡང་སྟོན་ལ། བདག་ནི་ཐེག་པ་ཆེན་པོ་པ་ཡིན་གྱི། གཞན་ནི་མ་ཡིན་ནོ། །ཞེས་སྨྲ་ཞིང་། གཞན་དག་གི་རྙེད་པ་ལ་ཕྲག་དོག་གིས་འཁྲུགས་པས། དེ་དག་གི་བསྔགས་པ་མ་ཡིན་པ་བརྗོད་ཅིང་མིའི་ཆོས་བླ་མ་བདག་ཉིད་ལ་སྒྲོག་གོ །དེ་དག་ལ་ཕྲག་དོག་གིས་རྒྱུ་དང་བརྫུན་གྱི་རྐྱེན་གྱིས་རྩ་བའི་ལྟུང་བར་འགྱུར་ཏེ་ལྔ་པའོ། ༦ །རྙེད་དང་བཀུར་སྟིའི་ཆེད་དུ་བདག་འཚོང་དང་། །རྙེད་པ་དང་བཀུར་སྟིའི་ཕྱིར་དུ་མདོ་སྡེ་ཟབ་མོ་སྟོང་པ་ཉིད་དང་ལྡན་པ་གང་ཡིན་པ་དག་ལ་ཆོས་འདི་དག་ནི་ཁོ་བོ་ཉིད་ཀྱིས་བློས་རྟོགས་ནས་ཁོ་བོས་སྙིང་རྗེ་བས་དེ་བཞིན་དུ་ཁྱོད་ལ་བསྟན་གྱིས། ཁྱོད་ཀྱིས་ཀྱང་ཅི་ནས་འདི་སངས་རྒྱས་ཀྱི་ཆོས་ཟབ་མོ་རྣམས་ལ་མངོན་སུམ་དུ་འགྱུར་བ་དེ་ལྟར་སྒོམས་ཤིག དེ་ལྟར་བྱས་ན་ཁྱོད་ད་ལྟར་ཁོ་བོ་བཞིན་དུ་ཡེ་ཤེས་མཐོང་བར་འགྱུར་རོ་ཞེས་སྨྲའི། འདི་སྐད་དུ་ཁོ་བོས་མདོ་སྡེ་ཟབ་མོ་ཟབ་པ་འདི་ལྟ་བུ་ནི་བཀླགས་པ་ཙམ་གྱིས་བསྟན་པར་ཟད་ཀྱིས། མངོན་སུམ་དུ་བྱས་པ་ནི་མ་ཡིན་ནོ། །ཞེས་ནི་མི་སྨྲ་སྟེ། རྙེད་པ་དང་བཀུར་སྟིའི་ཆེད་དུ་བདག་འཚོང་ཞིང་དེའི་རྐྱེན་གྱིས་རྩ་ལྟུང་དུ་འགྱུར་ཏེ་དྲུག་པའོ། ༧ །དགེ་སློང་ཆད་པས་གཅོད་འཇུག་གསུག་འབུལ་དང་། །རྒྱལ་རིགས་ཀྱི་མདུན་ན་འདོན། གདོལ་པ་དང་། བློན་པོ་དང་། ཤོར་བ་གདོལ་པ་བླུན་པོ་མཁས་པའི་ང་རྒྱལ་ཅན། ནོར་ཆེ་ལ་ལོངས་སྤྱོད་ཆེ་བ་དག་གཏོང་བས་རྒྱགས་ཤིང་། དྲེགས་པས་དགེ་སྦྱོང་དང་རྒྱལ་རིགས་ནས་འབྱེད་པའི་དབྱེན་བྱེད་ཅིང་། དེ་དག་རྒྱལ་རིགས་ལ་བརྟེན་ནས་དགེ་སྦྱོང་རྣམས་ལ་ཆད་པས་གཅོད་དུ་འཇུག ཆད་པས་ནོར་འཕྲོག་ཏུ་འཇུག་སྟེ། གནོད་པ་དེས་དགེ་སྦྱོང་དེ་དག་གང་ཟག་གིའམ། དགེ་འདུན་གྱིའམ། ཕྱོགས་བཞིའི་དགེ་འདུན་གྱིའམ། མཆོད་རྟེན་གྱི་དཀོར་དག་དགེ་སྦྱོང་རྣམས་རྐུར་བཅུག་ནས་དེ་དག་ལ་གསུག་ཏུ་འབུལ་ལོ། །གདོལ་པ་དེ་དག་གིས་ཀྱང་རྒྱལ་རིགས་དེ་དག་ལ་དབུལ་བར་འགྱུར་ཏེ། དེ་དག་གཉིས་ཀ་ལ་རྩ་བའི་ལྟུང་བར་འགྱུར་ཏེ་བདུན་པའོ། ༨ །ཞི་གནས་འདོར་ཞིང་སྤོང་བའི་ལོངས་སྤྱོད་དག །ཁ་ཏོན་བྱེད་པར་སྦྱིན་བརྒྱད་ཕལ་པ་ལ། །ཞེས་པ། ནམ་མཁའི་སྙིང་པོའི་མདོ་ལས། རྒྱལ་རིགས་དང་གདོལ་པ་དེ་དག་ཀྱང་དགེ་སྦྱོང་རྣམས་ལ་རབ་ཏུ་སྡང་བར་འགྱུར་ཏེ། ཆོས་འདི་ལྟ་བུ་ནི་ཆོས་མ་ཡིན་པར་འདོགས་ཤིང་ཆོས་སྤངས་ནས་ཆོས་མ་ཡིན་པ་ལ་འཇོག་པར་འགྱུར་རོ། །མདོ་དང་། འདུལ་བ་དང་། བསླབ་པ་ལ་མི་འདའ་ཞིང་། ནག་པོ་བསྟན་པ་དང་ཆེན་པོ་བསྟན་པ་སྤངས་ཏེ། སྙིང་རྗེ་ཆེན་པོའི་ཚུལ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསླབ་པ་དང་། ཐབས་ལ་མཁས་པའི་བསླབ་པ་དང་། མདོ་སྡེ་གཞན་དག་ལས་བསླབ་པ་དེ་དག་ཀྱང་སྤངས་ནས། ཆོས་འདི་ལྟ་བུ་དང་ལྡན་པའི་དགེ་སྦྱོང་རྣམས་ལ་འཚེ་བའི་ཕྱིར་བཀའ་ཁྲིམས་གང་གིས་དགེ་སློང་རྣམས་ལ་གནོད་པར་འགྱུར་བ་དང་། ཞི་གནས་དང་ལྷག་མཐོང་དང་རྣམ་པར་མཐུན་པའི་རྣལ་འབྱོར་ཡིད་ལ་བྱེད་པ་འཐོར་བར་བྱེད་པ་དང་། འཕྱ་བ་དང་གནོད་སེམས་ཅན་མང་དུ་འགྱུར་བའི་ཁྲིམས་འཆའ་བར་བྱེད་དོ། །རྒྱུ་དེས་ན་དགེ་སློང་རྣམས་ཉེ་བར་ཞི་བར་མི་འགྱུར། བསྲབས་པར་མི་འགྱུར་རོ། །དེའི་ཚེ་དགེ་སློང་དེ་དག་བསམ་པ་ཉམས་པར་འགྱུར། ཚུལ་ཁྲིམས་ཉམས་པར་འགྱུར། ཆོ་ག་ཉམས་པར་འགྱུར། ལྟ་བ་ཉམས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྒྱིད་ལུག་པར་འགྱུར་བ་དང་། བྱ་བ་མང་བར་འགྱུར་བ་དང་། དགེ་སྦྱོང་མ་ཡིན་པ་དགེ་སྦྱོང་དུ་ཁས་འཆེ་བ་དང་། ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་འཆེ་ཞིང་ལུག་བོང་ལྟར་སྤྱོད་པས་སོ། །རེག་པར་བྱ་བའི་ཆོས་སྟོན་པ་དེ་དག་དེ་བས་ཀྱང་རྒྱལ་རིགས་འཁོར་དང་བཅས་པས་བཀུར་སྟི་བྱ་བར་འགྱུར། རིམ་གྲོ་དང་མཆོད་པ་བྱས་པར་འགྱུར་རོ། །དེ་དག་ཀྱང་ཁྱིམ་པ་རྣམས་ལ་དགེ་སློང་སྤོང་བ་ལ་བརྩོན་པ་རྣམས་ཀྱི་བསྔགས་པ་མ་ཡིན་པ་བརྗོད་པར་འགྱུར་རོ། །རྒྱལ་རིགས་འཁོར་དང་བཅས་པ་དེ་ཡང་དགེ་སློང་སྤོང་བ་ལ་བརྩོན་པ་རྣམས་ལ་རབ་ཏུ་སྡང་བར་འགྱུར། འཕྱ་བར་འགྱུར་ཏེ། དེས་ན་དགེ་སློང་སྤོང་བ་ལ་བརྩོན་པ་རྣམས་ཀྱི་ལོངས་སྤྱོད་དང་ཉེ་བར་སྤྱོད་པ་གང་ཡིན་པ་དེ་དགེ་སློང་ཁ་ཏོན་བྱེད་པ་ལ་དགའ་བ་རྣམས་ལ་སྦྱིན་པར་འགྱུར་ཏེ། དེ་དག་གཉིས་ཀ་ལ་ཡང་རྩ་བའི་ལྟུང་བར་འགྱུར་རོ། །ཞེས་གསུངས་སོ། །གཙོ་བོར་འབྱུང་ཉེས་བཞག་གི་ཀུན་ལ་ཀུན། །རྩ་ལྟུང་ཉིད་འགྱུར། ཞེས་པ། བསླབ་བཏུས་རང་འགྲེལ་དུ། གལ་ཏེ་རྒྱལ་རིགས་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཡིན་ན། ཇི་ལྟར་དེ་དག་གི་ལྟུང་བ་ངེས་ཤིང་། གཞན་དག་གིས་ནི་མ་ངེས། ཇི་སྟེ་དེ་དག་སྡོམ་པ་ཅན་མ་ཡིན་ན་ནི་དེ་དག་གི་ལྟུང་བ་ཇི་ལྟར་རྣམ་པ་གཞག་ཅིང་། སྡོམ་པ་ཅན་དག་ཉེས་པ་དེས་ཟིན་པར་ཡང་ཇི་ལྟར་འགྱུར་ཞེ་ན། འདི་ནི་ཉེས་པ་མེད་དེ། གང་དུ་གང་དག་ལ་མང་དུ་འབྱུང་བ་དེ་དག་ལ་དེ་རང་གི་མིང་ནས་སྨོས་ཏེ་བསྟན་པས་འཇིགས་པ་བསྐྱེད་པས་ཕྱིར་བཟློག་གོ །ཐམས་ཅད་ཀྱིས་ཀྱང་ཕན་ཚུན་དུ་ལྟུང་བ་ཐམས་ཅད་སྤང་བར་བྱའོ། །རང་བཞིན་གྱིས་ཁ་ན་མ་ཐོ་བ་ཆེ་བས་ན། རང་གིས་ཡང་དག་པར་མ་བླངས་པ་ན་ཡང་སྐལ་བ་མེད་པ་དང་དགེ་བའི་རྩ་བ་ཆད་པར་འགྱུར་བས། དེས་ན་སྡོམ་པ་ཅན་ལ་ཤིན་ཏུ་ཆེས་འགྱུར་ཏེ། དེ་ལྟར་དཔྱད་པས་ཆོག་གོ །ཞེས་གསུངས་སོ། །མིང་དུ་བཅོ་བརྒྱད་དང་། རྫས་སུ་བཅུ་བཞི། མིང་སོ་སོ་ལ་བཅོ་བརྒྱད། དེ་དག་ལས་བློན་པོའི་རྣམས་རྫས་རིགས་གཅིག་ཏུ་འདུ་བའི་རྫས་སུ་བཅུ་བཞིའོ། །དེ་སྟེང་བྱང་སེམས་བཏང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པས་གནས་ན་སྨོན་པའི་སེམས་ཀྱང་བཏང་བར་འགྱུར་བས། བྱང་ཆུབ་ཀྱི་སེམས་རིལ་གྱིས་བཏང་བ་ཞེས་བྱ་སྟེ། ཐབས་ལ་མཁས་པའི་མདོ་ལས། ཉན་ཐོས་དང་རང་སངས་རྒྱས་ཡིད་ལ་བྱེད་པ་དེ་མ་སྤངས་ན་སངས་རྒྱས་ཀྱི་ས་ལ་ཡོངས་སུ་མྱ་ངན་ལས་འདའ་བའི་སྐལ་བ་མེད་དོ། །ཞེས་སོ། །གཞན་རྩ་བའི་ལྟུང་བ་དག་གིས་སྨོན་པའི་སེམས་བསྐྱེད་མི་གཏོང་ཡང་ཡུན་རིང་པོར་སྡུག་བསྔལ་བར་འགྱུར་བ་སྟེ། ནམ་མཁའི་སྙིང་པོའི་མདོ་ལས། དགེ་བའི་རྩ་བ་སྔོན་བསྐྱེད་པ་ཐམས་ཅད་ཐལ་བར་རློག་སྟེ། ཕམ་པར་གྱུར་ཅིང་ལྷ་དང་མིའི་ཐེག་པ་ཆེན་པོའི་བདེ་བའི་གནས་ལས་ལྷུང་ནས་ངན་སོང་དུ་འགྲོ་བར་འགྱུར། ཡུན་རིང་པོར་འཁོར་བ་ན་འཁོར་བར་འགྱུར། དགེ་བའི་བཤེས་གཉེན་དང་བྲལ་བར་འགྱུར་རོ། །ཞེས་གསུངས་ཤིང་། སྐྱེས་རབས་ལས། སྙིང་རྗེའི་བདག་ཉིད་ཅན་ཡང་དུད་འགྲོར་སྐྱེ། །དེ་ནའང་ཆོས་ཀྱི་འདུ་ཤེས་ཉམས་པ་མེད། །ཅེས་པས་སོ། །བྱང་སའི་ཕམ་བཞི་བསྣན་པ་ཐུན་འདས་ནའོ། །བྱང་ཆུབ་སེམས་དཔའི་ས་ལས་གསུངས་པའི་ཕམ་པ་བཞི་ཡང་འདིར་བཟུང་སྟེ། བསླབ་བཏུས་འགྲེལ་པ་ལས། ཆགས་དང་སེར་སྣ་མི་བཟད་པས། །སློང་ལ་སྦྱིན་པར་མི་བྱེད་དང་། །སྒྲིམས་ཏེ་དགའ་བར་བྱེད་པ་ན། །སེམས་ཅན་ལ་ནི་མི་བཟོད་དང་། །ཁྲོས་པས་སེམས་ཅན་བརྡེག་པ་དང་། །ཉོན་མོངས་པ་དང་གཞན་མཐུན་པས། །ཆོས་ལྟར་བཅོས་པ་བརྗོད་པའོ། །ཞེས་གསུངས་སོ།། །། གསུམ་པ་ཉམས་ན་ཕྱིར་བཅོས་པའི་རྣམ་གཞག་བཤད་པ་ནི། གསོལ་བཏབ་རྨི་ལམ་འཕགས་པ་ནམ་སྙིང་གི །མདུན་དུ་འདུག་སྟེ་བཤགས་སམ། བྱང་ཆུབ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོའི་མིང་བརྗོད་ཅིང་། ཕྱག་བཙལ་ནས་མདུན་དུ་དེ་ཉིད་ཀྱི་གཟུགས་སམ་ཅི་རིགས་པའི་གཟུགས་ཀྱིས་སྣང་བར་འགྱུར་རོ། །གལ་ཏེ་སྟོན་པར་མི་བྱེད་ན་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཉེས་པ་དང་བཅས་པ་དེས་ཐོ་རངས་ལངས་ལ། ཤར་ཕྱོགས་སུ་བལྟས་ཏེ་འདུག་ལ་བདུག་པས་བདུག་པར་བྱ། ལྷའི་བུ་སྐྱ་རེངས་ལ་གསོལ་བ་གདབ་པར་བྱ་སྟེ། ཚིག་འདི་སྐད་དུ། སྐྱ་རེངས་སྐྱ་རེངས་སྙིང་རྗེ་ཆེན་པོ་སྐལ་བ་ཆེན་པོ་ཁྱོད་འཛམ་བུའི་གླིང་དུ་ཤར་མ་ཐག་ཏུ་སྙིང་རྗེས་བདག་ལ་ཁེབས་པར་མཛད་དུ་གསོལ། ནམ་མཁའི་སྙིང་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་ལ་ཡང་བདག་གིས་ཚིག་གིས་མྱུར་དུ་བསྐུལ་ཏེ། ཐབས་གང་གིས་བདག་ལྟུང་བ་འཆགས་པར་འགྱུར་བ་དང་། ཐེག་པ་ཆེན་པོ་འཕགས་པ་ལ་ཐབས་དང་ཤེས་རབ་ཐོབ་པར་འགྱུར་བའི་ཐབས་དེ་བདག་གི་རྨི་ལམ་དུ་བསྟན་དུ་གསོལ། ཞེས་སྨྲས་ལ། དེའི་ཚེ་མལ་དུ་གཉིད་ལོག་པར་བྱ་སྟེ། འཛམ་བུའི་གླིང་འདིར་སྐྱ་རེངས་ཤར་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་དང་ཕྲད་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དེའི་རྨི་ལམ་དུ་དེའི་གཟུགས་མདུན་དུ་འདུག་སྟེ་རྩ་བའི་ལྟུང་བ་དེ་དག་འཆགས་སུ་འཇུག་གོ །ཉིན་དང་མཚན། ལན་གསུམ་ཕུང་པོ་གསུམ་པའི་མདོ་འདོན་ཅིང་། །རྒྱལ་བ་སྲས་བཅས་ལ་བརྟེན་ཞི་བར་བྱ། །ཉེ་བ་འཁོར་གྱིས་ཞུས་པ་ལས་གསུངས་པའི་བྱང་ཆུབ་ལྟུང་བཤགས་ཀྱིས་དག་པར་བྱ་བ་སྟེ། དེ་དག་ནི་མདོར་མཚོན་པ་ཙམ་ཡིན་ནོ། །བྱང་སེམས་བཏང་ན་སྡོམ་པ་བསྐྱར་ནས་ལེན། དེ་ལྟར་རྩ་བའི་ལྟུང་བ་དེ་དག་སྡིག་པ་སྟོབས་བཞིས་སྦྱངས་ནས། བྱང་ཆུབ་སེམས་དཔའི་སྡོམ་པ་སྔར་བཞིན་དུ་བླང་བར་བྱའོ།། །། གཉིས་པ་བསླབ་པ་ཡོངས་སུ་སྦྱོང་བས་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་བྱས་ཏེ་བསྲུང་བ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། གང་གིས་ལྟུང་བར་མི་འགྱུར་གནས་ཏེ་འདིར། །གཏོང་དང་བསྲུང་དང་དག་པ་སྤེལ་བ་བཞིར། །བསྡུས་ནས་ལུས་དང་ལོངས་སྤྱོད་དགེ་བ་ཡི། །དབྱེ་བ་རྣམ་པ་བཞི་ཡང་གསུམ་གསུམ་འགྱུར། །བསླབ་བཏུས་ལས། གང་གིས་ལྟུང་བར་མི་འགྱུར་བའི། །གནས་ཀྱི་གནས་རྣམས་འདིར་རིག་བྱ། །བདག་གི་ལུས་དང་ལོངས་སྤྱོད་དང་། །དགེ་བ་དུས་གསུམ་སྐྱེས་པ་རྣམས། །སེམས་ཅན་ཀུན་ལ་བཏང་བ་དང་། །དེ་བསྲུང་དག་པ་སྤེལ་བའོ། །ཞེས་གསུངས་པའི་དོན་ཡིན་ལ། གཏོང་བ་དང་། བསྲུང་བ་དང་། དག་པ་དང་། སྤེལ་བ་ཅི་རིགས་པར་བསྒོམ་པར་བྱའོ། །བཞི་པོ་དེ་དག་རེ་རེ་ཡང་། ལུས་དང་། ལོངས་སྤྱོད་དང་། དགེ་བ་སྟེ། རྣམ་པ་གསུམ་དུ་དབྱེ་བས་བཅུ་གཉིས་སུ་འགྱུར་རོ།། །། གཉིས་པ་རྒྱས་པར་བཤད་པ་ལ། གཏོང་བ་རྒྱས་པར་བཤད། སྲུང་བ་རྒྱས་པར་བཤད། དག་པ་རྒྱས་པར་བཤད། སྤེལ་བ་རྒྱས་པར་བཤད། དོན་བསྡུ་བ་ལྔ་ལས། དང་པོ་ནི། སེམས་ཅན་ཀུན་ལ་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་སྟེར་བ་གཏོང་བ་ཡིན། །ཞེས་པ། རེ་ཞིག་གཏོང་བའི་ཕྱིར་ཡོངས་སུ་འཛིན་པའི་ཉེས་པ་བསྒོམས་པའི་སྒོ་ནས་འདོད་ཆགས་དང་བྲལ་བ་བསྐྱེད་ཅིང་གཏོང་བའི་ཕན་ཡོན་ཡང་བསྒོམ་མོ། །དེ་ལྟར་ཡང་སྒོ་མཐའ་ཡས་པ་བསྒྲུབ་པའི་གཟུངས་ལས། སེམས་ཅན་གང་དག་ཁ་ཅིག་རྩོད་འགྱུར་བ། །དེ་ཡི་གཞི་རྩ་ཡོངས་སུ་འཛིན་པ་སྟེ། །དེ་ལྟས་གང་ལ་སྲེད་པར་འགྱུར་བ་སྤོང་། །སྲེད་པ་སྤང་བ་བྱས་ན་གཟུངས་སུ་འགྱུར། །ཞེས་གསུངས་སོ། །དངོས་པོ་གང་ལ་བདག་གི་སྙམ་དུ་ཡོངས་སུ་བཟུང་བར་མི་བྱ། ཆགས་པར་མི་བྱ། གཡོ་དང་སྲེད་པའི་བག་ལ་ཉལ་མི་བྱ། གང་གཏོང་བའི་སེམས་མི་སྐྱེ་བ་དང་། གཏོང་བའི་བློ་མི་འཇུག་པའི་རྒྱལ་སྲིད་དམ། གཡོག་གམ། ལོངས་སྤྱོད་དེ་ལྟ་བུ་བསྲེལ་བར་མི་བྱའོ། །གལ་ཏེ་དྲུང་དུ་སློང་བ་འོངས་ལ། དངོས་པོ་ཞིག་བསླངས་པ་ལས། དེས་འདི་ལྟར་དངོས་པོ་འདི་བཏང་ཡང་རུང་། མ་བཏང་ཡང་རུང་སྟེ། བདག་ནི་དངོས་པོ་འདི་དག་གདོན་མི་ཟ་བར་འབྲལ་བར་འགྱུར། མི་འདོད་བཞིན་དུ་འཆི་བར་ཡང་འགྱུར་ཞིང་། དངོས་པོ་འདིས་ཀྱང་བདག་འདོར་བདག་གིས་ཀྱང་དངོས་པོ་འདི་འདོར་གྱིས། དངོས་པོ་འདི་བཏང་ལ་ཡིད་དགའ་བ་དང་སྙིང་པོ་བླངས་ཏེ་འཆི་བའི་དུས་བྱའོ། །འདི་ཡོངས་སུ་བཏང་ན་བདག་འཆི་བའི་དུས་ཀྱི་ཚེ་སེམས་ཀུན་ནས་ཟིན་ཏེ་གནས་པར་མི་འགྱུར་ཏེ། འདིས་ནི་བདག་འཆི་བའི་དུས་ཀྱི་ཚེ། དགའ་བ་དང་། མཆོག་ཏུ་དགའ་བ་དང་། རངས་པ་དང་། འགྱོད་པ་མེད་པ་སྐྱེ་བར་འགྱུར་སྙམ་དུ་སེམས་ངེས་པར་བསམ་པར་བྱའོ། །གལ་ཏེ་དེ་ལྟར་བསམས་ཀྱང་དངོས་པོ་དེ་གཏོང་བར་མ་ནུས་ན། དེས་སློང་བ་ལ་ཀུན་གོ་བར་བྱ་བ་གསུམ་གྱིས་གོ་བར་བྱ་སྟེ། བདག་ནི་ད་དུང་མཐུ་ཆུང་ཞིང་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་ཏེ། ཐེག་པ་ཆེན་པོ་ལ་ལས་དང་པོ་པ་དང་། བདག་ནི་མི་གཏོང་བ་ལ་སེམས་ཀྱི་དབང་དུ་གྱུར་བ་དང་། བདག་ནི་ཉེ་བར་ལེན་པའི་ལྟ་བ་དང་བཅས་པ་དང་། བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པ་ལ་གནས་པ་ལགས་ཀྱི། སྐྱེས་བུ་དམ་པ་གཟོད་པར་མཛད་ཅིང་ཡོངས་སུ་གདུང་བར་མི་མཛད་དུ་གསོལ། ཇི་ལྟར་ཁྱེད་དང་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་འགྱུར་བ་དེ་ལྟར་བདག་གིས་བགྱིའོ། །དེ་ལྟར་བསྒྲུབ་བོ། །དེ་ལྟར་བརྩོན་འགྲུས་བརྩམ་མོ། །ཞེས་དེ་ལྟར་བྱང་ཆུབ་སེམས་དཔའ་ཁྱིམ་པས་སློང་བ་ལ་ཀུན་གོ་བར་བྱ་བ་གསུམ་གྱིས་གོ་བར་བྱའོ། །གཏོང་བར་ནུས་ནས། ལག་པ་འདོད་པ་ལ་ལག་པ། རྐང་པ་འདོད་པ་ལ་རྐང་པ། ཉིང་ལག་འདོད་པ་ཉིང་ལག མིག་འདོད་པ་ལ་མིག ལྕེ་འདོད་པ་ལ་ལྕེ། ཤ་འདོད་པ་ལ་ཤ ཁྲག་འདོད་པ་ལ་ཁྲག མགོ་འདོད་པ་ལ་མགོ སྙིང་འདོད་པ་ལ་སྙིང་སྟེ། ལུས་ཀྱི་རྣམ་པ་ཐམས་ཅད་ཡོངས་སུ་གཏོང་སྟེ། ཅི་ནས་སེམས་ཅན་འདི་དག་ཡོངས་སུ་བསྡུས་པས་བདག་བྱང་ཆུབ་ཐོབ་པའི་ཆོས་ཤེས་པར་འགྱུར་རོ་སྙམ་ནས། སེམས་ཅན་ལ་ཕན་གདགས་པ་དང་། སེམས་ཅན་ལ་སྙིང་རྗེ་བ་དང་། སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར། འགྱོད་པ་མེད་ཅིང་མྱ་ངན་དུ་མི་བྱེད་པ་དང་། རྣམ་པར་སྨིན་པ་ལ་རེ་བ་མེད་པར་ཡོངས་སུ་བཏང་ངོ་། །ཆགས་པ་མེད་པར་སྦྱིན་ནོ། །དེ་ནི་ལུས་གཏོང་བའོ། །ཕྱི་རོལ་གྱི་དངོས་པོ་འདི་ལྟ་སྟེ། ནོར་དང་། འབྲུ་དང་། གསེར་དངུལ་དང་། རིན་པོ་ཆེ་དང་། རྒྱན་དང་། རྟ་དང་། གླང་པོ་ཆེ་དང་། ཤིང་རྟ་དང་། བཞོན་པ་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། རྒྱལ་སྲིད་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དང་། ཚོང་འདུས་དང་། བྲན་ཕོ་དང་། མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། བུ་དང་། བུ་མོ་དང་། གཡོག་རྣམས་ལྟ་ཅི་སྨོས་ཏེ། སེམས་ཅན་གང་དང་གང་ལ་གང་དང་གང་གིས་ཅི་དང་ཅི་དགོས་པར་འགྱུར་བ་སེམས་ཅན་དེ་དང་དེ་དག་ལ་དེ་དང་དེ་ཡོད་པར་སྦྱིན་ནོ། །དེ་ནི་ལོངས་སྤྱོད་གཏོང་བའོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དགེ་བའི་སེམས་དང་སེམས་ལས་བྱུང་བ་རྣམས་རྗེས་སུ་དྲན་ལ། རྗེས་སུ་དྲན་ནས་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ནི་དགེ་བ་གཏོང་བའོ། །དེ་ལྟར་གོམས་པའི་སེམས་ལས་བྱུང་བས་ཐམས་ཅད་བཏང་བ་ལ་མོས་པ་ཡོངས་སུ་རྫོགས་ནས། གཏོང་བའི་སེམས་ཀྱི་ཤུགས་དང་འབྲེལ་བས་ལུས་ཡོངས་སུ་བཏང་བས་ཡོངས་སུ་འཛིན་པ་དང་ཐམས་ཅད་བཏང་བ་ནི། ཡོངས་སུ་འཛིན་པའི་རྩ་བ་ལས་བྱུང་བའི་སྲིད་པའི་སྡུག་བསྔལ་ལས་རྣམ་པར་གྲོལ་བས་གྲོལ་བ་ཞེས་བྱའོ། །བར་དུ་ཡང་བསྐལ་པ་གཞལ་དུ་མེད་ཅིང་གྲངས་མེད་པར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཕུན་སུམ་ཚོགས་པ། ཁྱད་པར་དུ་འཕགས་པ་རྣམ་པ་སྣ་ཚོགས་པ་མཐའ་ཡས་པ་ཡང་མྱོང་བར་འགྱུར་རོ། །རང་གི་ལུས་ལ་སོགས་པ་མཆིལ་བའི་ཟན་ལྟ་བུ་བདག་རང་ལོངས་སྤྱོད་པར་མི་འདོད་པ་དེས་ཀྱང་གཞན་དག་དྲངས་ནས་སྒྲོལ་ལོ། །དེའི་ཕྱིར་འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་། སྦྱིན་པ་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་བོ། །ཞེས་གསུངས།། །། གཉིས་པ་བསྲུང་བ་རྒྱས་པར་བཤད་པ་ནི། དེ་ལའང་གསུམ་ལས། ལུས་བསྲུང་བ་ནི། བསླབ་བཏུས་སུ། མ་བསྲུང་ལོངས་སྤྱོད་ག་ལས་འོང་། །གང་མི་སྤྱད་པས་ཅི་ཞིག་སྦྱིན། །དེ་བས་སེམས་ཅན་ལོངས་སྤྱོད་ཕྱིར། །ལུས་ལ་སོགས་པ་བསྲུང་བར་བྱ། །ཞེས་གསུངས་པའི་དོན། བཤེས་གཉེན་བསྟེན་དང་ཆོས་འཛིན་གནོད་གྱུར་སྤོང་། །ཞེས། བཤེས་གཉེན་མི་བཏང་བ་དང་ ཆོས་འཛིན་པ་དང་། གནོད་པར་གྱུར་བ་སྤོང་བ་སྟེ། དེ་ལྟར་ན་རྣམ་པ་གསུམ་གྱིས་ལུས་བསྲུང་བར་གྱུར་བ་ཡིན་ནོ། །ཇི་ཙམ་གྱིས་དགེ་བའི་བཤེས་གཉེན་མི་གཏང་བ་ཡིན་ཞེ་ན། དགེ་བསྙེན་མ་མི་གཡོ་བའི་རྣམ་ཐར་ལས། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བསྟན་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐུགས་མཉེས་པར་འགྱུར་རོ། །དགེ་བའི་བཤེས་གཉེན་གྱི་ཚིག་དང་མི་འགལ་བར་གནས་པའི་བྱང་ཆུབ་སེམས་དཔའ་ལ་ཐམས་ཅད་མཁྱེན་པ་ཉེ་བར་འགྱུར་རོ། །དགེ་བའི་བཤེས་གཉེན་གྱི་ཚིག་ལ་ཐེ་ཚོམ་མེད་པ་ལ་དགེ་བའི་བཤེས་རྣམས་ཉེ་བར་འགྱུར་རོ། །དགེ་བའི་བཤེས་གཉེན་ཡིད་ལ་བྱེད་པ་དང་མ་བྲལ་བ་ལ་དོན་ཐམས་ཅད་མངོན་དུ་འགྱུར་རོ། །ཞེས་གསུངས་པ་མཚོན་པ་ཙམ་སྟེ། རྒྱས་པར་ནོར་བཟང་གིས་བླ་མ་བསྟེན་པའི་ཚུལ་ལས་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་རྣམས་ནི་ཕལ་ཆེར་མདོ་སྡེ་དག་ལས་སྣང་སྟེ། དེ་མ་བལྟས་ན་ལྟུང་བ་བྱུང་བ་དང་། དེ་ཇི་ལྟར་སྤོང་མི་ཤེས་པ་རྟག་ཏུ་མདོ་སྡེ་ལྟ་བ་ལ་གུས་པར་བྱ་ཞིང་། ཐོས་བསམ་དང་ནན་ཏན་གྱིས་བསྒྲུབ་པར་བྱ་སྟེ། དེའི་ཕྱིར་དམ་པའི་ཆོས་ཡོངས་སུ་འཛིན་པ་འདི་མེད་ན། བསྲུང་བར་མི་འགྱུར། དག་པར་མི་འགྱུར། འཕེལ་བར་མི་འགྱུར་ལ། དེའི་ཕྱིར་དེ་ཡང་བྱང་ཆུབ་སེམས་དཔར་མི་འགྱུར་བས། ངེས་པར་དམ་པའི་ཆོས་ཡོངས་སུ་བཟུང་བར་བྱའོ། །དེ་ལྟར་ཡང་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དྲན་ལྡན་བློ་གྲོས་ལྡན་ཞིང་བློ་ལྡན་འགྱུར། །ཤེས་རབ་རྒྱ་ཆེན་ཀུན་ནས་ཡེ་ཤེས་ལྡན། །མཁས་པ་བག་ཆགས་བཅས་པའི་ཉོན་མོངས་སྤོང་། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གནོད་པར་འགྱུར་བ་ཇི་ལྟ་བུ་ཞེ་ན། ༡ མི་མཐུན། ལུས་ངག་ཡིད་ཀྱི་བག་མ་བསྡམས་པའི་སྤྱོད་པ་ཐམས་ཅད་ནི་བྱང་ཆུབ་ཀྱི་ཕྱོགས་དང་མི་མཐུན་པས་གནོད་པ་ཞེས་བྱའོ། ༢ །བདུད་ཀྱི་ལས་དང་། མི་དགེ་བའི་ཆོས་ཀྱི་རྗེས་སུ་འཇུག་པ་དང་། དགེ་བའི་ཆོས་སྤོང་བ་དེ་དག་ཐམས་ཅད་ནི་བདུད་ཀྱི་ལས་སོ། ༣ །མི་དགེའི་བཤེས། སྡིག་པ་འཕེལ་བའི་གྲོགས་པོ་བརྟེན་པར་གྱུར་ན་དགེ་བ་ཆུད་འཛའ་བའོ། ༤ །བྱང་སེམས་བརྗེད་དང་། སྨོན་ལམ་གྱི་སེམས་བརྗེད་པ་འགྱུར་བའི་ནག་པོའི་ཆོས་བཞིའོ། ༥ །འཁྲུལ་དང་། སེམས་ཡོངས་སུ་སྨིན་པར་མ་བྱས་པ་ལ་ཡིད་རྟོན་པ་དང་། སྣོད་དུ་མ་གྱུར་པ་ལ་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་སྟོན་པ་དང་། ཐེག་ཆེན་ལ་མོས་པ་ལ་ཐེག་དམན་སྟོན་པ་དང་། དགེ་བའི་ཆོས་ཅན་རྣམས་ལ་བརྙས་ཤིང་སྡིག་པའི་ཆོས་ཅན་སྡུད་པ་ནི་བྱང་ཆུབ་སེམས་དཔའི་འཁྲུལ་པ་ཞེས་བྱའོ། ༦ །མི་མོས་དང་། དཀོན་མཆོག་གསུམ་དང་ཆོས་ཟབ་མོ་བློས་མི་རྟོགས་པ་ལ་མ་དད་པའོ། ༧ །ཞལ་ཏ་བྱེད་པའི་གནོད་པ། ཆོས་དང་མཐུན་པ་དང་། ཆོས་ཉན་པ་དང་། དེ་བཞིན་གཤེགས་པ་ལ་ཞལ་ཏ་བྱ་བར་བསྟན་པ་ནི་གནོད་པ་མེད་པ་ཡིན་ལ། དེ་ལས་ཕྱིར་ཕྱོགས་ཏེ་བྱ་བ་ནི་གནོད་པའོ། ༨ །རྩ་ལྟུང་དང་། སྔར་བཤད་པ་དག་གོ ༩ །རབ་བྱུང་བར་ཆད་བྱེད་དང་། གཞན་རབ་ཏུ་བྱུང་བའི་སེམས་དང་། འཕགས་པའི་ལམ་གྱི་སེམས་ཀྱི་བར་ཆད་བྱེད་པ་དང་། དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་ཁོང་ཁྲོ་བའོ། ༡༠ །མི་དགེའི་ལམ། གནས་ངན་ལེན་གྱི་མི་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཞུགས་པའོ། ༡༡ །དགེ་རྩ་བྱེད་པའི་བར་གཅོད། དགེ་བའི་རྩ་བ་གཅིག་གིས་སེམས་བསྐྱེད་པ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བ་ལ་ཟན་ཆངས་གཅིག་སྦྱིན་པ་དང་ལྡན་པའི་དགེ་བའི་བར་ཆད་བྱེད་པ། ༡༢ རྒྱལ་སྲས་ལ། ཕྲག་དོག གཞན་གྱི་ཁྱིམ་རྣམས་སུ་བྱང་ཆུབ་སེམས་དཔའ་ལ་ཕྲག་དོག་དང་སེར་སྣ་བྱེད་པ། ༡༣ དེ་ལ་ཁོང་ཁྲོ། བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བའམ་སྐུར་པ་བཏབ་པ། གནོད་པའི་ལས་བྱས་སམ། བྱེད་དུ་བཅུག་པའོ། ༡༤ །སྒྲིབ་པ་དང་། ལས་ཀྱི་སྒྲིབ་པ་ཇི་སྙེད་པ་དག་གོ ༡༥ །བྱང་སེམས་བརྙས་དང་། སེམས་མ་བསྐྱེད་པ་ལ་ཡང་བརྙས་པ་བཀག་ན། བྱང་ཆུབ་སེམས་དཔའ་ལ་ལྟ་ཅི་སྨོས་དེའི་ཕྱིར་སྟོན་པས། ངའམ་ང་དང་འདྲ་བས་གང་ཟག་གི་དྲོད་བཟུང་གི གང་ཟག་གིས་གང་ཟག་གི་དྲོད་མི་བཟུང་ངོ་། །ཞེས་གསུངས་སོ། །འདིར་གང་ལ་ངེས་པར་བྱང་ཆུབ་ཐོབ་པའི་མཚན་མ་ཡོད་པ་དེ་ལ་བརྙས་པའོ། ༡༦ །ཆོས་སྤོང་། དམ་པའི་ཆོས་སྤོང་བ་སྟེ། འཕགས་པ་རྣམ་པར་འཐག་པ་བསྡུས་པའི་མདོ་ལས། འཇམ་དཔལ་གང་ལ་ལ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ལ་ལ་ནི་བཟང་བར་འདུ་ཤེས་ལ། ལ་ལ་ངན་པར་འདུ་ཤེས་ན་དམ་པའི་ཆོས་སྤོང་བའོ། །ཞེས་གསུངས་སོ། ༡༧ །ཆོས་སྨྲ་བ། ཆོས་སྨྲ་བ་སྤོང་བ་ཡང་ངོ་། ༡༨ ཁྱད་དུ་གསོད་པ་དེ་ཡི་གནོད་པ་ཡིན། །ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ཉིད་བྱང་ཆུབ་སེམས་དཔས་བསླབ་པར་བྱ་ཡི། ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ཀྱིས་ཅི་ཞིག་བྱ་ཞེས་ཐབས་ཁྱད་དུ་གསོད་པའོ། །ཡང་རྣམ་པར་འཐག་པ་བསྡུས་པའི་མདོ་ལས། མི་གཏི་མུག་ཅན་དེ་དག་འདི་སྐད་དུ། འདི་ལྟ་སྟེ། བྱང་ཆུབ་ནི་སྟོང་པ་ཉིད་ཀྱི་ཚུལ་དུ་ཚུལ་གཅིག་པ་ཡིན་ནོ། །ཞེས་ཟེར་བ་དེ་དག་སྤྱོད་པ་ཡོངས་སུ་མ་དག་པ་ཡིན་ནོ། །ཞེས་གསུངས་པས། དེ་ལྟ་བུས་སུན་འབྱིན་པ་ཡང་གནོད་པ་ཡིན་ནོ། །དེ་དག་རྣམ་པར་སྤང་བར་བྱ་བ་ནི། ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གནོད་པའི་རྣམ་པ་འདི་ལྟ་བུ་དག་ཐོས་ནས་སྐྲག་སྟེ་ཡི་དམ་བླངས་པར་གསུངས་པ་དེ་བཞིན་དུ་བྱའོ། །དེ་ཇི་ལྟར་འགྲུབ་ཅེ་ན། དྲན་པ་བཅུ་གཉིས་བརྟེན་ལས་གུས་པ་འབྱུང་། །དེ་ལས་ཞི་བ་དེ་ལས་ཡང་དག་པ། །ཇི་བཞིན་ཤེས་སྐྱེ་དེ་ཕྱིར་ཏིང་ངེ་འཛིན། །དོན་གཉེར་དྲན་ཤེས་ངང་ཚུལ་ཅན་དུ་བྱ། །དྲན་པ་བཅུ་གཉིས་ནི་འདི་ལྟར་དེ་བཞིན་གཤེགས་པའི་བཀའ་ལས་མི་འདའ་བར་བསྲུང་ཞིང་། རྣམ་པར་སྨིན་པ་ལ་གུས་པར་བྱ་བའི་དྲན་པ་དང་། ལུས་ཐམས་ཅད་མི་གཡོ་བའི་ངོ་བོ་ཉིད་དུ་གནས་པར་བྱ་བའི་དྲན་པ་དང་། སེམས་ཅན་གྱི་དོན་དུ་བྱ་བ་ན་ཡན་ལག་གང་མཁོ་བ་དེ་ལ་དྲན་པ་བརྟེན་པས་བལྟས་ཏེ་མི་གཡོ་བར་བཞག་ལ་མོས་པ་གཞན་གྱི་ཁོ་ན་ལས་བར་བྱས་པས་བརྟན་པ་ཐམས་ཅད་ཀྱི་སྦྱོང་བ་དྲན་པ་དང་། གསར་བུའི་འཇིགས་པ་དང་དགའ་སྟོན་ལ་སོགས་པ་དང་འབྲེལ་བ་གུས་པར་བྱ་བ་ལ་ལུས་སྐྱོད་པའི་དྲན་པ་དང་། སྤྱོད་ལམ་བཞི་བྱ་བ་ལ་སྤྱོད་པའི་དྲན་པ་དང་། སྐབས་སྐབས་སུ་སྤྱོད་ལམ་འཁྲུགས་པ་བསྲུང་བའི་ཕྱིར་སྤྱོད་ལམ་ཕུན་སུམ་ཚོགས་པར་བྱ་བ་ལ་བལྟ་བའི་དྲན་པ་དང་། སྨྲ་བའི་དུས་ལ་བབ་པ་ན་མ་དད་པ་དང་། རྒོད་པ་དང་། ཁྲོས་པ་དང་། ཉེ་མགོན་གྱི་ཕྱོགས་སུ་ལྟུང་བ་ལ་སོགས་པའི་དབང་གིས་རྐང་ལག་དང་། མགོ་དང་། གདོང་གི་འགྱུར་བ་ཤིན་ཏུ་མི་མཛེས་པར་འགྱུར་བ་བསྡམ་པར་བྱ་བའི་དྲན་པ་དང་། ཉན་པ་ལ་བརྗོད་པར་བྱ་བ་གང་ཡིན་པ་དེ་སྒྲ་ཇི་ཙམ་གྱིས་དོན་རྟོགས་པར་འགྱུར་བའི་སྒྲ་དེ་ལས་ལྷག་པར་སྨྲ་བར་མི་བྱ་བའི་དྲན་པ་དང་། གཞན་དོགས་པར་འགྱུར་བའི་ཉེས་པ་བྱུང་ཞིང་མ་བསླབ་པའི་སྐྱེ་བོ་དང་འཕྲད་དེ་ཉམ་ང་བ་ན་རང་གི་སེམས་དད་པར་བྱ་བའི་དེ་ལ་བསྒྲིམས་པའི་དྲན་པ་དང་། སེམས་ནང་དུ་ལྷག་མཐོང་དང་ཞི་གནས་ཀྱི་ཀ་བ་ལ་རྟག་ཏུ་གདགས་པའི་དྲན་པ་དང་། ཡང་ནས་ཡང་དུ་སེམས་ཀྱི་གནས་སྐབས་ལ་སོ་སོར་བརྟགས་པའི་དྲན་པ་དང་། སྐྱེ་བོ་ཕལ་མོ་ཆེ་ཚོགས་པ་ན་གང་ཡང་རུང་བ་ཕལ་ཆེར་མ་ཤོར་དུ་ཟིན་ཀྱང་། ཇི་སྐད་དུ་བསྟན་པ་བཞིན་དུ་དྲན་པ་བསྲུང་བ་དེ་ལ་བསྒྲིམ་པའི་དྲན་པའོ། །དྲན་པ་དེ་ལས་གུས་པ་འབྱུང་ལ། གུས་པ་ནི་བྱ་བ་རྣམས་ལ་སྙིང་ནས་མངོན་དུ་ཕྱོགས་པ་སྟེ། ཁྱད་དུ་གསོད་པའི་གཉེན་པོ་ཡིན་ནོ། །དེ་ལས་ཞི་བ་ཞེས་བྱ་བ་ཞི་གནས་འབྱུང་ངོ་། །དེ་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའམ་ཤེས་པའི་ཤེས་རབ་སྐྱེའོ། །དེ་ལས་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་འཇུག་གོ །སྙིང་རྗེ་ཆེན་པོ་དེས་བསྐུལ་བས་ལྷག་པའི་ཚུལ་ཁྲིམས་དང་། སེམས་དང་། ཤེས་རབ་ཀྱི་བསླབ་པ་ཡོངས་སུ་རྫོགས་པར་བྱས་ནས་མངོན་པར་རྫོགས་པར་འཚང་རྒྱའོ། །དེའི་ཕྱིར་ཏིང་ངེ་འཛིན་དོན་དུ་གཉེར་བས་དྲན་པ་དང་ཤེས་བཞིན་གྱི་ངང་ཚུལ་ཅན་དུ་བྱ་སྟེ། ཉོན་མོངས་པ་ཐམས་ཅད་ཀྱིས་སྐབས་མི་འབྱེད་པ་ནི་མ་ཡེངས་པ་སྟེ་ཡང་དག་པའི་དྲན་པ་ཞེས་བྱའོ། །དེ་ལས་ཇི་ལྟ་ཇི་ལྟ་བུར་འགྱུར་བ་དེ་ལྟ་དེ་ལྟ་བུ་ཐམས་ཅད་རབ་ཏུ་ཤེས་པ་ནི་ཤེས་བཞིན་ནོ། །དེ་ལྟ་བས་ན་ཚུལ་ཁྲིམས་དོན་དུ་གཉེར་བས་ཀྱང་ཏིང་ངེ་འཛིན་ལ་འབད་པར་བྱའོ། །ཚུལ་ཁྲིམས་ཏིང་འཛིན་གཅིག་གིས་གཅིག་འཕེལ་བ། །འདི་གཉིས་ཀྱིས་ནི་སེམས་ཡོངས་སྦྱོང་བ་འགྲུབ། །བྱང་ཆུབ་སེམས་དཔའི་བསླབ་པ་འདིར་ཟད་ཅིང་། །འདི་ནི་ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །དེ་ཡང་བསླབ་བཏུས་རང་འགྲེལ་དུ། ཚུལ་ཁྲིམས་དང་ཏིང་ངེ་འཛིན་གཅིག་གིས་གཅིག་འཕེལ་བར་བྱེད་པ་འདི་གཉིས་ཀྱིས་སེམས་ཡོངས་སུ་སྦྱོང་བ་ཡོངས་སུ་འགྲུབ་བོ། །བྱང་ཆུབ་སེམས་དཔའི་བསླབ་པ་འདི་ནི་འདིར་ཟད་དེ། འདི་ལྟ་སྟེ། སེམས་ཡོངས་སུ་སྦྱོང་བ་དང་། འདི་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། འཕགས་པ་དཀོན་མཆོག་སྤྲིན་ལས། སེམས་ནི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྟེ། སེམས་ཡོངས་སུ་ཤེས་ན་ཆོས་ཐམས་ཅད་ཡོངས་སུ་ཤེས་པར་འགྱུར་རོ། །ཞེས་བྱ་བ་དང་། ཞེས་པ་ནས། འདི་ལྟར་སེམས་ཀྱི་གྲོང་ཁྱེར་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་དེའི་མདུན་ན་ནི་སངས་རྒྱས་མཐོང་བར་བྱ་བ་ལ་བསྒྲིབ་པའམ། ཆོས་ཉན་པར་བྱ་བ་ལ་བསྒྲིབ་པའམ། སྒྲིབ་པ་ཐམས་ཅད་མི་གནས་སོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟ་བས་ན་སེམས་ཡོངས་སུ་སྦྱོང་བར་བྱ་བ་དེ་ཉིད་བྱང་ཆུབ་སེམས་དཔའི་བསླབ་པ་ཡིན་ནོ། །ཞེས་བྱ་བ་འདི་རྣམ་པར་གནས་པ་ཡིན་ནོ། །ཞེས་པའི་བར་དུ་རྒྱས་པར་གསུངས་སོ། །གང་གིས་རང་ཉིད་མཐོང་བའི་དེ་མ་ཐག །དགའ་དང་རངས་པར་འགྱུར་བ་ལུས་ཀྱིས་སྤྱད། །འཇམ་རན་སྙན་པར་སྨྲ་བ་ངག་གིས་དང་། །ང་ཡིར་མེད་པའི་ཞི་བ་སེམས་ཀྱིས་བཟུང་། །བརྟགས་པ་དང་། མཐོང་བ་དང་། ཐོས་པས་འཇིག་རྟེན་མ་དད་པར་འགྱུར་བ་བསྲུང་བར་བྱ་བ་སྟེ། བསླབ་བཏུས་ལས། དེ་ཕྱིར་རྒྱལ་བས་སྡོམ་པའི་མདོར། །གང་གིས་སེམས་ཅན་མ་དད་འགྱུར། །དེ་ནི་བསྒྲིམས་ཏེ་རྣམ་སྤང་ཞེས། །དཀོན་མཆོག་སྤྲིན་ལས་བཀའ་སྩལ་ཏོ། །ཞེས་གསུངས་སོ། །གཏན་དུ་བ་དང་ན་བའི་རྐྱེན་སྨན་དང་། །གོས་ལ་སྲེད་པ་ཉོན་མོངས་ཅན་ལྟུང་ཕྱིར། །གནས་གསུམ་དྲན་པ་ཉེར་བཞག་དེ་ལོངས་སྤྱད། །འདི་རྣམས་ལུས་བསྲུང་། སྨན་ནི་གཉིས་ཏེ། གཏན་དུ་བའི་སྨན་དང་། ན་བའི་རྐྱེན་སྨན་ནོ། །དེ་ལས་དང་པོའི་དབང་དུ་བྱས་ནས། བསོད་སྙོམས་ལ་འགྲོ་བར་རྩོམ་པའམ། ཟས་ཟ་བར་རྩོམ་པ་ན་སྦྱིན་པ་པོ་ལ་ཕན་གདགས་པ་དང་། ལུས་ཀྱི་སྲིན་བུ་བསྡུ་བ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་པ་སྟེ། གནས་གསུམ་ལ་དྲན་པ་ཉེ་བར་བཞག་ཅིང་ཟའོ། །གཞན་ནི་ན་བའི་རྐྱེན་སྨན་དང་། གོས་དང་། མལ་ཆ་དང་། གཙུག་ལག་ཁང་ལ་སོགས་པའི་ཡོངས་སུ་སྤྱད་པར་བྱ་བ་ཐམས་ཅད་སེམས་ཅན་གྱི་དོན་དུ་བྱིན་གྱིས་བརླབ་པར་བྱ་སྟེ། གཞན་གྱི་རྫས་བདག་གསོ་བའི་སྲེད་པས་སྤྱད་ན་ཉོན་མོངས་པ་ཅན་གྱི་ལྟུང་བར་འགྱུར་རོ། །ཇི་སྟེ་སྲེད་པ་ནི་མེད་ལ་གཞན་ཆགས་སམ། སེམས་ཅན་གྱི་བྱ་བ་བརྗེད་ནས་སྤྱོད་ན་ཉོན་མོངས་པ་ཅན་མ་ཡིན་པའི་ལྟུང་བར་འགྱུར་རོ། །གཞན་གྱི་རྫས་སུ་འདུ་ཤེས་ལ་བདག་གི་ཕྱིར་སྤྱོད་ན་བརྐུས་པའི་ལྟུང་བར་འགྱུར་རོ། །རིན་ཐང་ཚང་ན་སོ་སོ་ཐར་པ་ལས་ཕམ་པར་འགྱུར་རོ། །བདག་པོ་དང་བཅས་པའི་ལོངས་སྤྱོད་རྣམས་ཀྱིས་བདག་པོ་དང་བཅས་པའི་ལུས་བསྲུང་ངོ་སྙམ་པས་སྤྱད་ན་ཉེས་པ་མེད་དེ། བྲན་རྟག་ཏུ་ཇོ་བོའི་ལས་བྱེད་པ་གང་གིས་འཚོ་བ་བདག་གི་རྫས་ཡོད་པ་ནི་མ་ཡིན་ནོ། །དེ་རྣམས་ནི་ལུས་བསྲུང་བའོ། །ལེགས་སྤྱད་ཚོད་རིགས་པ། ལོངས་སྤྱོད་བསྲུང་ཡིན། དེ་ཡང་ཅི་ནས་ཀྱང་བདག་དང་གཞན་གྱི་བྱང་ཆུབ་ཀྱི་ཕྱོགས་དང་ཐོས་པ་ལ་སོགས་པའི་བར་ཆད་དུ་འགྱུར་བའི་གཏོང་བའམ་མི་གཏོང་བ་གཉིས་ཀ་བསྲུང་བར་བྱའོ། །སེམས་ཅན་གྱི་དོན་ལ་ནུས་པ་ཆེ་བའམ། ནུས་པ་མཚུངས་པའི་འམ། བྱང་ཆུབ་སེམས་དཔའ་ལྷག་པའམ། མཚུངས་པའི་དགེ་བའི་བར་ཆད་བྱེད་པའི་གཏོང་བ་དང་མི་གཏོང་བ་གཉིས་ཀ་མི་བྱ་བ་ནི་ལེགས་པར་སྤྱད་པའོ། །ལོངས་སྤྱོད་ཆུང་ངུ་དང་ངན་པས་ཀྱང་དགོས་པ་འགྲུབ་པ་ལྟ་ན། བདག་གམ་གཞན་དག་གིས་ཀྱང་རུང་སྟེ། ལོངས་སྤྱོད་མང་པོ་དང་བཟང་པོ་ཆུད་གཟོན་པར་ག་ལ་རིགས། དེས་ན་ཚོད་ཤེས་པ་དང་རིགས་པ་དང་ཤེས་པར་བྱ་སྟེ། བསླབ་བཏུས་ལས། ལེགས་སྤྱད་དག་ལ་བརྩམ་པར་བྱ། །ཐམས་ཅད་ལ་ཡང་ཚོད་རིགས་བྱ། །དེ་ལྟས་བསླབ་པའི་གཞི་འདི་ལས། །འདི་ཡི་ལོངས་སྤྱོད་བསྲུང་མི་དཀའ། །ཞེས་གསུངས་སོ། །དེ་ནི་ལོངས་སྤྱོད་བསྲུང་བའོ། །རང་དོན་རྣམ་སྨིན་ལ། སྲེད་སྤངས་འགྱོད་པར་མི་བྱ་བསྒྲགས་པ་མིན། །ཐོབ་དང་བཀུར་སྟིར་འཇིགས་བྱ་ཁེངས་པ་སྤོང་། །ཆོས་ལ་སོམ་ཉི་དོར་བ་དགེ་བསྲུང་ངོ་། །རང་ཉིད་མངོན་མཐོ་དང་ངེས་ལེགས་ཙམ་དང་གནས་སྐབས་ཀྱི་མྱང་འདས་ཙམ་གྱི་ཆེད་དུ་ཚུལ་ཁྲིམས་བསྲུང་བ་མ་ཡིན་ཏེ། གཞན་དུ་སངས་རྒྱས་ཀྱི་ཚུལ་ལ་འགོད་པའི་ཕྱིར་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་དོན་དུ་གཉེར་བས་ཚུལ་ཁྲིམས་བསྲུང་ངོ་། །སྔར་བཏང་བའི་བསོད་ནམས་ཉོན་མོངས་པའི་དབང་གིས་ཡང་ལེན་པ་བསྲུང་བར་བྱའོ། །བསོད་ནམས་བྱིན་པའི་བསོད་ནམས་གང་ཡིན་པ་དེ་ལས་གཞན་གྱི་དོན་ལས་མ་གཏོགས་པར་རྣམ་པར་སྨིན་པ་མི་འདོད་པར་བྱའོ། །སྦྱིན་ནས་འགྱོད་པའི་སེམས་སྐྱེད་པར་མི་བྱའོ། །སེམས་ཅན་གྱི་དོན་གྱི་ཕྱིར་ཟང་ཟིང་མེད་པའི་སེམས་ཀྱིས་བསྒྲག་པ་ནི་ཉེས་པ་མེད་ལ། གཞན་ངོ་ཐོར་བྱས་ཏེ་བསྒྲགས་པར་མི་བྱའོ། །རྙེད་པ་ཐོབ་པ་དང་བཀུར་སྟི་ལ་ཆགས་པས་བདག་གིར་མི་བྱའོ། །རྟག་ཏུ་ཁེངས་པ་བསྐྱུང་ཞིང་བྱང་ཆུབ་སེམས་དཔའ་ལ་དད་པར་བྱའོ། །མདོ་སྡེ་མ་ཐོས་པ་དང་མ་ཟིན་པ་རྣམས་ལ་ཡང་སོམ་ཉིར་མི་བྱའོ། །མདོར་བསྡུ་ན་དགེ་བ་བགྱིས་པ་དེ་དག་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། དགེ་བའི་རྩ་བ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བར་མ་དོར་འགའ་ཡང་ཟད་པར་མི་འགྱུར་རོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་ཆུའི་ཐིགས་པ་རྒྱ་མཚོ་ཆེན་པོར་ལྟུང་བ་ནི་བསྐལ་པའི་མཐར་ཐུག་གི་བར་དུ་བར་མ་དོར་ཟད་པར་མེད་དོ། །ཞེས་གསུངས་སོ། །དེ་ནི་དགེ་བ་བསྲུང་བའོ།། །། གསུམ་པ་དག་པ་ནི། རྣམ་པ་གསུམ་ལས། དང་པོར། སྟོབས་བཞིས་སྡིག་སྤྱོད་བཟོད་བྱ་ཐོས་པ་བཙལ། །ནགས་གནས་མཉམ་པར་བཞག་བྱ་མི་སྡུག་དང་། །བྱམས་དང་རྟེན་འབྲེལ་དྲན་པ་ཉེར་བཞག་བསྒོམ། །སྟོང་ཉིད་འཇུག་པ་ཉོན་མོངས་སྦྱོང་བ་སྟེ། །ལུས་དང་། བསླབ་བཏུས་ལས། ཇི་ལྟར་ལོ་ཏོག་རྩྭས་ཁེབས་ན། །ནད་ཀྱིས་ཞུམ་ཞིང་རྒྱས་མི་འགྱུར། །དེ་ལྟར་སངས་རྒྱས་མྱུ་གུ་ཡང་། །ཉོན་མོངས་ཁེབས་ན་རྒྱས་མི་འགྱུར། །གཉེན་པོས་བསལ་ན་འཕེལ་བར་འགྱུར་བ་དེའི་ཕྱིར་གཉེན་པོ་གསུངས་པ། ལུས་ཀྱི་དག་པ་གང་ཞེ་ན། སྡིག་དང་ཉོན་མོངས་རྣམ་སྦྱོང་ཡིན། ཞེས་པའི་དོན་ཏེ། སྟོབས་བཞི་ནི་ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་རྣམས་ཟིལ་གྱིས་ནོན་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། ཉེས་པ་ལས་བཟློག་པའི་སྟོབས་དང་། རྟེན་གྱི་སྟོབས་སོ། །དེ་ལ་རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་ནི། མི་དགེ་བའི་ལས་སྤྱད་པ་དེ་ལ་འགྱོད་པ་མང་བ་ཡིན་ནོ། །དེ་ལ་གཉེན་པོ་ཀུན་ཏུ་སྤྱོད་པ་ནི། མི་དགེ་བའི་ལས་བྱས་ནས་ཀྱང་དགེ་བའི་ལས་ལ་ཤིན་ཏུ་བརྩོན་པའོ། །དེ་ལ་ཉེས་པ་ལས་བཟློག་པའི་སྟོབས་ནི། སྡོམ་པ་ཡང་དག་པར་བླངས་པས་མི་བྱེད་པའི་སྡོམ་པ་ཐོབ་པའོ། །དེ་ལ་རྟེན་གྱི་སྟོབས་ནི། སངས་རྒྱས་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་མི་གཏོང་བ་སྟེ། དེ་སྟོབས་དང་ལྡན་པ་ལ་བརྟེན་ནས་སྡིག་པས་ཟིལ་གྱིས་གནོན་པར་མི་ནུས་སོ། །བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་ནོན་པར་འགྱུར་རོ། །ཞེས་གསུངས། དེ་ནས་ཉོན་མོངས་པ་རྣམ་པར་སྦྱོང་བ་ལ་འབད་པས་ཐོག་མར་མི་བཟོད་པ་ནི་སྐྱོབ་ན་བསྲན་མི་ནུས་པའི་ཕྱིར་བརྩོན་པ་ཉམས་པར་འགྱུར་བའི་རྒྱུ་ཡིན་པས། དེ་བཟློག་པར་བྱ་བ་བཟོད་པ་སྒོམ་པ་ལ་ནན་ཏན་དུ་བྱའོ། །དེ་ལ་གོམས་པར་གྱུར་ཀྱང་ཐོས་པ་དང་མི་ལྡན་པའི་བསམ་གཏན་གྱི་ཐབས་དང་ཉོན་མོངས་པ་རྣམ་པར་སྦྱོང་བའི་ཐབས་ཀྱང་མི་ཤེས་པས། དེ་བས་ན་ཐོས་པ་བཙལ་བར་བྱའོ། །ཤེས་སུ་ཟིན་ཀྱང་འདྲེན་མར་སྤྱོད་པས་མཉམ་པར་བཞག་དཀའ་བར་འགྱུར་ཏེ། དེའི་ཕྱིར་ནགས་སམ་དགོན་པར་གནས་པར་བྱའོ། །དེ་ཡང་རྣམ་པར་གཡེང་བ་ཞི་བར་བྱ་བ་ལ་མི་བརྩོན་པས་སེམས་མཉམ་པར་འཇོག་པར་མི་འགྱུར་བས་མཉམ་པར་བཞག་པ་ལ་བརྩོན་པར་བྱའོ། །གལ་ཏེ་འདོད་ཆགས་ཀྱི་སེམས་མ་ཞི་ན་མི་སྡུག་པ་བསྒོམ་པས་ཞི་བར་བྱ་ལ། ཞེ་སྡང་ནི་བྱམས་པས་དང་། གཏི་མུག་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམས་པ་སྟེ། དེ་ལྟར་སེམས་ཡོངས་སུ་སྦྱང་བར་བྱའོ། །སེམས་ལས་སུ་རུང་ནས་དྲན་པ་ཉེ་བར་བཞག་པ་བཞི་ལ་འཇུག་ཅིང་། དེས་སེམས་འོས་སུ་གྱུར་ནས་སྟོང་པ་ཉིད་ལ་འཇུག་སྟེ། དེས་རྩ་བ་ཆད་པས་ཉོན་མོངས་པ་ཐམས་ཅད་ཀུན་ཏུ་འབྱུང་བར་མི་འགྱུར་རོ། །ཡང་དག་འཚོ་སྦྱང་ལོངས་སྤྱོད་དང་། ཞེས་པ། བསླབ་བཏུས་ལས། ཡང་དག་འཚོ་བ་སྦྱངས་པ་ཡིས། །ལོངས་སྤྱོད་དག་པ་ཤེས་པར་བྱ། །ཞེས་གསུངས་པའི་དོན་ཏེ། ཚུལ་འཆོས་དང་ཁ་གསག་གི་རྙེད་པ་དང་བྲལ་བ། བཞོགས་ཀྱིས། ཐོབ་ཀྱིས་འཇལ་བའི། མི་རིགས་པ་བཙལ་བའི། ཆོས་མ་ཡིན་པའི། ཡོངས་སུ་མ་དག་པའི་རྙེད་པ་དང་བྲལ་བ། རྙེད་པ་ལ་ཞེན་པ་མེད་པ་ནི་ལོངས་སྤྱོད་དག་པ་ཞེས་བྱའོ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱིས་སྤྱོད། །དགེ་བ་དེ་དག་དག་པ་གསུམ་དུ་བཞག །ཅེས་པ། བསླབ་བཏུས་ལས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །སྤྱོད་པས་བསོད་ནམས་དག་པར་འགྱུར། །ཞེས་པའི་དོན་ཏེ། ཤེས་རབ་ཀྱི་ཡེ་ཤེས་ཀྱིས་ནི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཡོངས་སུ་འདོར་ཞིང་། ཐབས་ཀྱི་ཡེ་ཤེས་ཀྱིས་ནི་སྒྱུ་མའི་མཚན་ཉིད་ཅན་གྱིས་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་སྟེ། སྦྱིན་སོགས་ལྔ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཟིན་པར་སྤྱོད་པའོ།། །། བཞི་པ་འཕེལ་བ་བཤད་པ་ནི། བསླབ་བཏུས་ལས། བཟུང་བར་བྱ་བ་རབ་མང་ལ། །འདི་ནི་ཉུང་ན་འདིས་ཅི་བྱ། །ཤིན་ཏུ་ངོམས་པ་སྐྱེད་མ་ཡིན། །དེ་ཕྱིར་འདི་ནི་འཕེལ་བར་བྱ། །ལུས་འཕེལ་བྱ་བ་གང་ཞེ་ན། །ལེ་ལོ་མེད་དང་སྟོབས་བསྐྱེད་ཡིན། །ཞེས་པའི་དོན། རྣམ་པ་གསུམ་ལས། སྟོབས་བསྐྱེད་ལེ་ལོ་མེད་པ་ལུས་འཕེལ་དང་། ཞེས་པ། བྱང་ཆུབ་སེམས་དཔའི་སྟོབས་བསྐྱེད་པའི་ཆོས་བཅུ་དང་ལྡན་པའོ། །བཅུ་གང་ཞེ་ན། ལུས་སྲོག་གི་ཕྱིར་ཡང་དམ་པའི་ཆོས་མི་གཏོང་བ་དང་། སེམས་ཅན་ཐམས་ཅད་ལ་འདུད་ཅིང་ང་རྒྱལ་འཕེལ་བར་མི་བྱེད་པ་དང་། སེམས་ཅན་མཐུ་ཆུང་བ་རྣམས་ལ་བཟོད་ཅིང་ཁོང་ཁྲོ་བར་མི་བྱེད་པ་དང་། བཀྲེས་པ་རྣམས་ལ་ཟས་དང་། འཇིགས་པ་རྣམས་ལ་མི་འཇིགས་པ་སྦྱིན་པ་དང་། ནད་པ་རྣམས་ལ་གསོ་བ་དང་། དབུལ་པོ་རྣམས་ལ་ལོངས་སྤྱོད་ཀྱིས་ཚིམ་པར་བྱེད་པ་དང་། མཆོད་རྟེན་རྡོ་ཐལ་གྱིས་སྐུད་པ་དང་། སེམས་ཅན་དགའ་བའི་ཚིག་དང-། ཆད་པ་རྣམས་ཀྱི་ཁུར་ཁྱེར་བ་རྣམས་སོ། །ལེ་ལོ་མེད་པ་ནི། རྟག་ཏུ་བརཏལ་བ་བརྩོན་འགྲུས་བརྩམས་པ་སྟེ། །བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བློ་གྲོས་རྒྱ་མཚོ་གང་བརྩོན་འགྲུས་ཡོད་པ་དེ་ལ་བྱང་ཆུབ་ཡོད་དོ། །ལེ་ལོ་ཅན་ལ་ནི་བྱང་ཆུབ་ཤིན་ཏུ་རིང་ཞིང་རྣམ་པར་རིང་ང་ོ། །ཞེས་གསུངས་སོ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱིས་སྦྱིན། །ལོངས་སྤྱོད་སྤེལ་དང་། ཞེས་པ། བསླབ་བཏུས་ལས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །སྦྱིན་པའི་ལོངས་སྤྱོད་འཕེལ་བར་འགྱུར། །ཞེས་པའི་དོན། རྡོ་རྗེ་གཅོད་པ་ལས། བྱང་ཆུབ་སེམས་དཔའ་གང་མི་གནས་པར་སྦྱིན་པ་སྦྱིན་པ་དེའི་བསོད་ནམས་ཀྱིས་ཕུང་པོ་ཚད་བཟུང་བར་སླ་བ་མ་ཡིན་ནོ། །ཞེས་ཇི་སྐད་གསུངས་པ་བཞིན་ནོ། །དང་པོར་བརྩོན་པ་དང་། བསམ་པ་བརྟན་པར་ནན་ཏན་བྱས་ནས་སུ། །སྙིང་རྗེ་མདུན་བཞག་དགེ་བ་སྤེལ་བ་ནི། །བཟང་པོ་སྤྱོད་པའི་ཆོ་ག་སོགས་བཞིན་བྱ། །ཞེས་པ། བསླབ་བཏུས་ལས། བརྩོན་དང་བསམ་པ་བརྟན་པར་ཡང་། །དང་པོར་ནན་ཏན་བྱས་ནས་ནི། །སྙིང་རྗེ་མདུན་དུ་བཞག་ནས་སུ། །དགེ་བ་སྤེལ་ལ་ནན་ཏན་བྱ། །བཟང་པོ་སྤྱོད་པའི་ཆོ་ག་བཞིན། །ཕྱག་འཚལ་ལ་སོགས་གུས་པར་བྱ། །ཞེས་གསུངས་པའི་དོན་ཏེ། སྦྱོར་བ་དང་དུས་མཉམ་དུ་བརྩོན་འགྲུས་དང་རང་གི་བསམ་པ་ཤིན་ཏུ་བཟུང་བ་དང་། ཤིན་ཏུ་བསྲུང་བ་དང་། ཤིན་ཏུ་སྦྱངས་པ་བརྟན་པར་བྱས་ནས། ཚད་མེད་པའི་སྙིང་རྗེ་ཆེན་པོས་བསོད་ནམས་མངོན་པར་སྤེལ་བ་བཟང་པོ་སྤྱོད་པའི་ཆོ་ག་ལས་འབྱུང་བ་ཇི་ལྟ་བ་བཞིན་དུ་བྱའོ། །བཟང་པོ་སྤྱོད་པ་ལས། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེས་ཀྱང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་ཡོངས་སུ་བསྔོ་བར་བགྱི། །ཞེས་ཚིགས་སུ་བཅད་པ་འདི་གཉིས་ཡོངས་སུ་བསྔོ་བ་བླ་ན་མེད་པ་ཡིན་ནོ། །དད་སོགས་བསྒོམ་ཞིང་བྱམས་དང་དཀོན་མཆོག་གསུམ། །རྗེས་དྲན་ཀུན་ཏུ་སེམས་ཅན་དོན་བྱ་དང་། ཆོས་སྦྱིན་བྱང་སེམས་དགེ་བ་སྤེལ་བའི་རྒྱུ། །ཞེས་པ། དད་པ་ལ་སོགས་པ་དང་། བྱམས་པ་དང་། དཀོན་མཆོག་གསུམ་རྗེས་སུ་དྲན་པ་དང་། དུས་ཀུན་ཏུ་སེམས་ཅན་གྱི་དོན་བྱ་བ་དང་། བྱང་ཆུབ་ཀྱི་སེམས་རྣམས་ནི་བསོད་ནམས་རྣམ་པར་འཕེལ་བའི་རྒྱུའོ། །དེ་ཡང་བསླབ་བཏུས་རང་འགྲེལ་ལས། ཕྱོགས་འདི་ནི་ལས་དང་པོ་པ་རྣམས་འཕྲལ་དུ་བྱང་ཆུབ་སེམས་དཔའི་བསླབ་པ་དྲན་པར་བྱ་བའི་ཕྱིར་བསྟན་ཏེ། རྒྱ་ཆེར་ནི་སངས་རྒྱས་ཉིད་ཀྱི་ཡུལ་ཡིན་ནོ། །ཞེས་གསུངས་སོ།། །། ལྔ་པ་དོན་བསྡུ་བ་ནི། ཡང་དག་སྤོང་དང་བག་ཡོད་དྲན་ཤེས་བཞི། །ཀུན་ལ་འཇུག་པའི་དོན་བསྡུ་འདི་དག་ནི། །བསླབ་བཏུས་ལས་གསུངས་ཀླུ་སྒྲུབ་རིང་ལུགས་སོ། །ཞེས་པ། དེ་ལ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེད་པ་རྣམས་མི་སྐྱེད་པའི་ཕྱིར་འདུན་པ་བསྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ །ཞེས་བྱ་བ་འདིས་ནི་བསྲུང་བའོ། །སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་མོས་པ་བསྐྱེད་ཅེས་བྱ་བ་འདིས་ནི་དག་པའོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པའི་ཕྱིར་མོས་པ་དང་བསྐྱེད་པ་དང་། སྐྱེས་པ་རྣམས་གནས་པ་དང་འཕེལ་བར་བྱ་བའི་ཕྱིར་ཞེས་བྱ་བ་འདིས་ནི་འཕེལ་བ་སྟོན་ཏོ། །དེ་དག་ཀྱང་རྟག་ཏུ་བག་ཡོད་པ་དང་མ་བྲལ་བར་བྱ་ཏེ། དེ་ནི་དགེ་བ་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་རོ། །དྲན་པ་དང་ཤེས་བཞིན་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཆུད་མི་འཛའ་བར་བྱེད་པ་ཡིན་པས། དེ་གཉིས་དང་ལྡན་པར་བྱའོ། །ཚུལ་གཉིས་ཤིང་རྟ་གང་གིས་ཞོན་པ་དེ། །རྫོགས་པའི་སངས་རྒྱས་བགྲོད་ལ་དཀའ་བ་ཅི། །ལུགས་གཉིས་པོ་གང་ཡང་རུང་བ་ལ་བརྟེན་ཏེ་བྱང་ཆུབ་ཀྱི་སྤྱོད་པ་ལ་ཞུགས་ན། དེ་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་དཀའ་བ་མ་ཡིན་ཏེ། རྙེད་པར་སླའོ། །ཞེས་པའི་ཐ་ཚིག་གོ །འདུལ་བ་ཀུན་ལས་བཏུས་པ་སྡོམ་པ་གསུམ་གྱི་རྒྱན་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་བསྟན་པའི་དབང་གིས་བྱང་ཆུབ་སེམས་དཔའི་འདུལ་བ་ཞེས་བཞག་པ་གང་རྣམ་པར་བཤད་པའི་ལེའུ་གཉིས་པའི་རྒྱ་ཆེར་འགྲེལ་རྫོགས་སོ།། །། མཚམས་གཅོད་ལྟུང་གྲངས་སོགས་ངག་གི་དབང་པོས་དག་པར་དཔྱད་དོ།། །།

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net