རྫོགས་པ་ཆེན་པོ་ལྕེ་བཙུན་སྙིང་ཐིག་ལས། ཁྲིད་ཀྱི་ཟིན་བྲིས་བླ་མའི་དགོང་རྒྱན་བཞུགས་སོ།

From Rangjung Yeshe Wiki Texts
Revision as of 11:18, 24 March 2013 by Eric (talk | contribs) (1 revision)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
{{{1}}}

༄༅། །རྫོགས་པ་ཆེན་པོ་ལྕེ་བཙུན་སྙིང་ཐིག་ལས། ཁྲིད་ཀྱི་ཟིན་བྲིས་བླ་མའི་དགོང་རྒྱན་བཞུགས་སོ།།[1]

༄༅། །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། སྙིང་ཐིག་འདི་ལ་སློབ་དཔོན་གསུམ་སོ་སོར་དང་ཐུན་མོང་གི་བཀའ་སྲོལ་མང་དུ་བཞུགས་པ་ལས། ད་ལན་འདི་ནི་བི་མ་ལའི་བཀའ་སྲོལ་གྱི་གདམ་པ་ཀློང་ལྔའི་ཡི་གེ་དུམ་བུ་གསུམ་པ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་ཕྱག་ཏུ་བཞུགས་ཚུལ་བི་མ་སྙིང་ཐིག་ལས་གསལ་བར་འབྱུང་བ་དེ་ཡིན་གསུངས། ཕྱག་རྣལ་འབྱོར་གྱི་ལུགས་སུ་འཚལ་ཞེས་པ་གཟན་མི་ཕབ་པར་བརྐྱང་ཕྱག་འཚལ་བ་འདི་ཡིན། ཡང་ན་ལྟ་བ་མཇལ་ཕྱག་ལ་གོ་ཡང་ཆོག་གསུངས། གསུང་བྱ་གསུང་བྱེད་ཀྱི་རྟོག་པ་གང་ཡང་མེད་བཞིན་དོན་འཇལ་བའི་བརྡ་ཚིག་མི་འགགས་པར་ཤར་བ་ལ་ཆོས་ཉིད་རང་སྒྲ་ཞེས་གསུངས། དཔའ་བོའི་རྒྱ་རྟགས་ནི་སྨིན་མཚམས་སུ་ཁྲོ་གཉེར་གསུམ་ཡོད་པ་ལ་ཟེར། བི་མ་དང་པདྨ་རྣམ་གཉིས་ཀྱིས་གསོལ་བའི་མཚན་འོད་གསལ་སྤྲུལ་པའི་རྡོ་རྗེ་དང་། མདོ་སྔགས་གླིང་པ་གཉིས་ཡིན། དབང་རྣོན་དམིགས་གསལ་ཅན་ལ་མ་གཏོགས་དབང་འདི་མ་བསྐུར་བའི་སྔོན་དུ་མ་ཧཱ་ཨ་ནུ་གང་རིགས་ཀྱི་དབང་ཆེན་ཐོབ་པ་ཞིག་དགོས་གསུངས། གསུང་རྒྱུན་ཁ་ཅིག་ཏུ་མཁྱེན་བརྩེ་རིན་པོ་ཆེ་ཌཱ་ཀི་དཔལ་གྱི་བློ་གྲོས་མའི་སྤྲུལ་པའང་ཡིན་པས་རྗེས་དྲན་གྱི་གསུང་བྱས་ཀྱང་རུང་གསུངས། རླུང་རོ་རིམ་བཞིན་གཡོན་གཡས་དབུས་གསུམ་ནས་ལག་རྡོ་རྗེ་ཕྱེད་པའི་རྒྱས་བསལ་བའི་ཚེ་སྣ་བུག་གཡོན་གཡས་དབུས་ནས་དུག་གསུམ་གྱི་རྟོག་པ་ཐམས་ཅད་འོད་དཀར་དམར་ནག་གསུམ་མོག་མོག་པོའི་རྣམ་པས་ཕྱིར་ཐོན་པར་བསམ་དགོས་གསུངས། ཤང་རྩེར་ཨ་ཡིག་དཀར་པོ་མ་འབྱར་ཞིང་ཐིགས་ལ་ཁད་པས་མཚན་པ་དང་། དར་སྔོན་པོའི་སྟོད་གཡོགས་ནི་པཎྜི་ཏའི་ཤ་འགགས་ལ་ཟེར། དབུ་ཞྭ་པཎ་ཞུ་རྩེ་ཟླུམ་གསོལ་བ་དང་། གསོལ་འདེབས་ཀྱི་ཚིག་རྐང་དང་པོ་བླ་མ་འབོད་པ་དང་། དེ་ཕྱིན་འདོད་དོན་གསོལ་འདེབས་དངོས་ཡིན་གསུངས། བླ་མའི་སྐུ་དེ་རང་གི་སྨིན་མཚམས་ནས་ཕར་ཁྲུ་གང་གཞལ། དེ་ནས་སྟེང་དུ་ཁྲུ་གང་གཞལ་བའི་སར་བསྒོམ་དགོས། བསྡུ་བའི་ཚེ་དབུ་གཙུག་ནས་མར་ཐིམ། ཞབས་ནས་ཡར་ཐིམ། མཐར་ཐུགས་ཀར་ཐིམ་པའི་ཚེ་འོད་གོང་ནང་དུ་ཁ་དོག་ལྔ་ཀ་ཡོད་པ་ལ་ཕྱིར་དཀར་པོ་ཤས་ཆེར་མངོན་པ་ཞིག་ཏུ་གྱུར་པ་དེ་ཉིད་ཚངས་བུག་ནས་རང་ལ་ཐིམ་པར་མོས་དགོས། སེམས་སྦྱོང་བདུན་པོའི་ནང་བློ་ལྡོག་རྣམ་བཞི་སོགས་སེམས་སྦྱོང་ཐམས་ཅད་ཚང་། མི་རྟག་པའི་དཔེ་ཆུ་བུར་ལ་མཛད་པ་དེ་ནི་རྒན་པོ་ནས་བྱིས་པའི་བར་ཐམས་ཅད་ཀྱིས་ཆུ་བུར་མི་བརྟན་པའི་ཚུལ་དེ་ཤེས་པས་ཡིན། སྣོད་བཅུད་མི་རྟག་པའི་ཚུལ་ལ་བསམ་པ་ཐམས་ཅད་རང་ཉིད་མྱུར་དུ་འཆི་བློ་སྐྱེ་བའི་ཐབས་སུ་ཁྱེར་ཤེས་དགོས་པ་དང་། མི་རྟག་རྒྱུའི་ལུས་ཀྱང་དལ་འབྱོར་ཚང་བའི་རྟེན་འདི་ཡིན་པས། དེ་ཡང་དལ་བ་དགག་ཕྱོགས་དང་འབྱོར་པ་སྒྲུབ་ཕྱོགས་ནས་བཞག་པའི་རྟེན་སྤྱི་དང་། ཁྱད་པར་རྩོལ་མེད་ཐེག་རྩེའི་ལམ་བཟང་ལ་ཐོས་བསམ་སྒོམ་གསུམ་བྱར་ཡོད་པའི་རྟེན་འདི་འདྲ་ཤིན་ཏུ་རྙེད་དཀའ་བའི་ཚུལ་ལ་བསམ། སེམས་སྦྱོང་གཉིས་པའི་སྐབས་འཁོར་བའི་སྡུག་བསྔལ་དང་ལས་འབྲས་ལ་བསམ་དགོས་པས་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ། ཁྱད་པར་རླུང་རྟོག་གི་འཇུག་པ་ནང་དབྱིངས་ཆེན་པོར་སླར་ལྡང་བ་མེད་པར་མ་ནུབ་བར་སྡུག་བསྔལ་ལས་འདའ་བ་མེད་ཚུལ། དགེ་ལས་སྤྱི་དང་ཁྱད་པར་སྙིགས་མ་ཉོན་མོངས་དུག་ལྔ་རྒྱས་པའི་དུས་འདིར་མེ་འབར་བའི་སྟེང་ཤིང་བསྣན་པས་འབར་རྐྱེན་ཇེ་ཆེར་འགྲོ་བ་ལྟར་གསང་སྔགས་ཀྱི་ཆོས་ཀྱང་དུས་ངན་བཞིན་ཇེ་ཟབ་ཏུ་འགྲོ་བ་ཡིན་པ་དང་། མ་ཟད་རྫོགས་ཆེན་གྱི་བསྟན་པ་འདི་ནི་ཆོས་ཉིད་ཀྱི་བདེན་མཐུས་ཚེ་ལོ་བཅུ་པའི་དུས་ཡན་ལ་དར་བར་གསུངས་པས་དེ་འདྲའི་དགེ་སྟོབས་ཆེན་པོ་དེ་ལ་འཇུག་པ་དང་། མི་དགེ་བའི་ཕྱོགས་སྤྱི་དང་ཁྱད་པར་ཐ་མལ་གྱི་སྣང་ཞེན་ལས་རླུང་རྟོག་པ་དང་བཅས་པ་སྤོང་ཅི་ཐུབ་ཀྱི་བླང་དོར་ལ་འབད་དགོས་གསུངས། སེམས་སྦྱོང་གསུམ་པ་དང་བཞི་པའི་ཁྱད་པར་བདེ་སྡུག་སློང་བའི་ཡུལ་རྐྱེན་བཟང་ངན་ལ་བླང་དོར་གྱི་བྱ་བ་ཇི་ཙམ་བྱས་ཀྱང་ཟིན་དུས་དང་ཚར་དུས་མེད་པ་དང་། རྐྱེན་བཟང་ངན་དེ་རྣམས་སྤང་བླང་གི་བྱ་བ་གང་ལ་འཇུག་ཀྱང་སྙིང་པོའམ་འབྲས་བུ་མེད་ཚུལ་གྱིས་བྱེད་དགོས་གསུངས། སེམས་སྦྱོང་ལྔ་པའི་སྐབས་འདིར་ཐར་པ་ནི་འོད་གསལ་རྫོགས་པ་ཆེན་པོའི་ལམ་གྱིས་མངོན་དུ་བྱས་པའི་ནང་དབྱིངས་ཀ་དག་གི་གསང་སྦུབས་ཆེན་པོ་དང་། དྲུག་པའི་སྐབས་གདམ་ངག་ནི་ཚེགས་ཆུང་ངུས་ཟབ་མོའི་དོན་བདེ་བླག་ཏུ་རྟོགས་པར་བྱེད་པའི་ཐབས་བསྟན་པའི་ངག་སྟེ་མན་ངག་དང་དོན་གཅིག །བླ་མའི་བྱིན་རླབས་འདྲེན་པའི་སྒོ་མོས་གུས་ཡིན། མོས་གུས་ཆེ་ན་བླ་མའི་ཕྱག་ཞབས་ཀྱི་རྣམ་འགྱུར་ཚུན་ཆད་ཀྱིས་བླང་དོར་སྟོན་པར་གོ་འོང་། ཆོས་བརྒྱུད་པ་ལ་སེལ་མེད་པ་ཞིག་མིན་ན་ལྷ་ཡེ་ཤེས་པ་ལ་སྲི་ཅི་ལ་ཡོད་ཀྱང་ལྷ་དེ་སྒྲུབ་མཁན་དེས་དམ་ཚིག་ཉམས་ཤོར་བ་ལྟ་བུས་སྲི་ཆགས་ནས་ཕྱིས་ལྷ་དེ་སྒྲུབ་མཁན་རྣམས་ཀྱང་དམ་ཉམས་ཉེན་ཡོད་པས་ད་ལྟ་དམ་སྲི་མནན་བྲུབ་སོགས་དགོས་པའི་དོན་ཡང་དེའི་ཡིན་གསུངས། བདུན་པའི་སྐབས་ཞི་ལྷག་ངོ་བོ་ཐ་དད་དུ་བཞེད་པ་ཡོད་ཀྱང་། འདིར་ཞི་ལྷག་ངོ་བོ་གཅིག་ཏུ་བཞེད་དེ། གནས་ཆ་ཞི་གནས་དང་རིག་ཆ་ལྷག་མཐོང་ཡིན་པའི་ཕྱིར་གསུངས། བདེ་གསལ་མི་རྟོག་པ་གསུམ་ཀ་རིམ་ཅན་ལྟར་གསུངས་ཀྱང་ཉམས་སུ་ལེན་དུས་གསུམ་ཀ་ཆབས་ཅིག་ཏུ་ཉམས་སུ་ལེན་པ་ཡིན། འདི་ནི་སེམས་རིག་གི་ཁྱད་པར་ཕྱེ་བ་སོགས་མ་བྱས་པར་སྤྱིར་ཤེས་པ་གསལ་ལ་མི་རྟོག་པའི་ངང་རང་བབ་ཏུ་སྐྱོང་བ་ཡིན་པས་རྫོགས་ཆེན་གྱི་སྒོམ་པ་དང་ཁྱད་ཆེ། འོན་ཀྱང་གང་ཟག་འགའ་ཞིག་ལ་ནི་ཚུལ་འདིས་ཀྱང་དངོས་གཞིའི་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བའང་ཡོད་དོ། །བདེ་གསལ་མི་རྟོག་པའི་ཉམས་སྐྱེ་ཐབས་རང་ལུས་ལྷ་སྐུ་ཡབ་ཡུམ་འཁྲིལ་སྦྱོར་ཅན་དུ་སྒོམ་པ་དང་། སྐུའི་འོད་ཟེར་བཀྲག་ལ་འཚེར་བ་དང་། སྒྲིབ་མེད་ཟང་ཐལ་དུ་བསྒོམ་དགོས། ཉམས་སུ་གང་སྐྱེས་ཀྱང་དངོས་འཛིན་སོགས་བྱས་ན་ཉམས་ཀྱི་སྣ་བསྐྱིལ་བ་ཡིན་པས་དེ་འདྲ་མི་བྱེད་པར་ཉམས་གང་སྐྱེས་ལ་ངོ་ལེན་རྩིས་གདབ་མེད་པར་གཞག་དགོས། དེ་ལྟ་བུ་ལ་ཉམས་བྱུང་རྒྱལ་དུ་སྐྱོང་བ་ཟེར། ཉམས་གསུམ་ཆ་མ་མཉམ་ན་གོལ་བར་འགྲོ་བས་ཆ་སྙོམས་པར་ཉམས་སུ་ལེན་དགོས། མི་རྟོག་པའི་ཉམས་ལ་ཤེས་ཉམས་དང་། ནམ་མཁའ་ལྟ་བུའི་སྔོ་སངས་རྒྱ་ཆེ་བས་ཁྱབ་པར་སྣང་བའི་སྣང་ཉམས་ཀྱང་ཡོད་གསུངས། མི་རྟོག་པའི་སེམས་སྦྱོང་བསྒོམ་སྐབས་དང་པོ་རླུང་རོ་བསལ་ནས་རླུང་དྭངས་སྙིགས་ཕྱེ་དགོས། སེམས་སྦྱོང་རེ་རེའི་མཐར་སེམས་དེ་འབྱོངས་བའི་གསོལ་འདེབས་དང་འདུན་པ་སྨོན་ལམ་སོགས་ཀྱང་བྱ་དགོས། སྐྱབས་འགྲོའི་སྐབས་འབྲུག་པ་རིན་པོ་ཆེའི་གསུང་རྒྱུན་དུའང་། ཀ་དག་གཏིང་གསལ་ཆོས་ཀྱི་སྐུ༔ ཞེས་པ་ཚིག་ནུས་ཆེ་གསུངས་པས་དོན་དུ་གཏིང་གསལ་གྱི་ཡེ་ཤེས་སམ་ཤིན་ཏུ་སྟོང་པའི་ཡེ་ཤེས་གང་ཡིན་པ་དེ་ལ་ཆོས་སྐུ་དང་། ཐོད་རྒལ་རིག་པའི་རྩལ་དབང་བསྐུར་ནས་གཟུགས་སྐུ་དང་། ཞིང་སྣང་ལ་གདངས་ཕྱི་ནང་གཉིས་སུ་ཕྱེ་དགོས་པའི་ནང་གདངས་དེ་ལ་ལོངས་སྐུ། རིག་རྩལ་གྱིས་འཁོར་འདས་ཀུན་ལ་ཁྱབ་པས་ཐུགས་རྗེ་སྤྲུལ་སྐུ་ཞེས་གསུངས། སྐྱབས་ཡུལ་གཙོ་བོ་སྔར་གྱི་བླ་རྣལ་ལྟར་བི་མ་ལ་བསྒོམ་པའི་གསུང་རྒྱུན་ཡང་ཡོད། བླ་མའི་རྣལ་འབྱོར་དུས་ཡན་ལག་བདུན་པའི་སྐབས་ཕྱག་གྲངས་གསོག་པ་ཕྱག་ལེན་ཡིན། སྐྱབས་འགྲོ་རྐྱང་པ་གསོག་དུས་ཐུན་མཐར་སྐྱབས་ཡུལ་བསྡུས་ནས་སེམས་ངོ་སྐྱོང་བ་དང་། སྐྱབས་སེམས་གཉིས་དཀྱུས་གཅིག་ཏུ་ཉམས་སུ་ལེན་སྐབས་སྐྱབས་ཡུལ་ཉིད་ལ་སེམས་སྐྱེད་ཀྱི་དཔང་པོ་ཡང་ཞུ་དགོས། སྐབས་འདིར་སྐྱབས་འགྲོའི་ཉམས་ལེན་ལ་སྔོན་འགྲོ་དངོས་གཞི་བར་དོ་བཅས་ཀྱི་ཉམས་སུ་ལེན་ཚུལ་ལུགས་ཀྱི་འགག་བསྡུ་ཞིག་ཀྱང་མཛད་སོང་། སེམས་སྐྱེད་ལ་ངོ་བོ། དབྱེ་བ། ལེན་ཚུལ། བསླབ་བྱ། ཉམས་པ་གསོ་ཚུལ་བཅས་རག་རིམ་ཙམ་གསུངས། ནམ་སྙིང་མདུན་ལྟུང་བ་ཕྱིར་བཅོས་པའི་ཆོ་ག་སྒྲུབ་ཐབས་ཀུན་བཏུས་ནང་ཡོད་གསུངས། ཉམས་རྟོགས་སྐྱེ་བའི་འགལ་རྐྱེན་སྒྲིབ་སྦྱོང་སྐབས། སྤྱིར་འཁོར་འདས་ཀྱི་སྣང་བ་གང་ཡང་ཉམས་སུ་མ་གྱུར་པ་མེད་ལ། འདིར་ལམ་གྱི་སྐབས་འབྱུང་བའི་ཤེས་སྣང་གི་ཉམས་དང་། ཆོས་ཉིད་ཀྱི་དོན་མངོན་སུམ་མཐོང་བའི་རྟོགས་པ་ལྟ་བུ་ཡིན། སྡིག་སྦྱོང་སྤྱི་ཁྱབ་ཙམ་ལ་བི་མ་སྙིང་ཐིག་ལས་འབྱུང་བའི་རྡོར་སེམས་བསྒོམ་བཟླས་ཉིད་བྱ་བ་དང་། ཁྱད་པར་དུ་རང་ལུས་ཐ་མལ་དུ་གསལ་བའི་ལུས་ནང་དབུས་སུ་ཤིན་ཏུ་དག་པའི་རྩ་དབུ་མ་དང་། གཡས་གཡོན་གཉིས་སུ་རྐྱང་མ་དང་རོ་མ་དཀར་དམར་ཁུ་ཁྲག་གིས་གང་བ་སྲེག་སྦྱང་མ་བྱས་པ་མོག་མོག་པོའི་རྣམ་པ་ཅན་དང་། རྩ་གཉིས་འཁོར་ལོ་བཞི་ཐད་དབུ་མ་ལ་ཟུག་ཅིང་། དབུ་མའི་ཡར་སྣ་སྤྱི་བོ་དང་། མར་སྣ་ལྟེ་འོག་ཏུ་རོ་རྐྱང་དང་འདྲེས་ནས་ཟུམ་པ། རོ་རྐྱང་གི་ཡར་སྣེ་སྨིན་མཚམས་ནས་སྣ་བུག་ཏུ་ཟུག་པ། ལྟེ་འོག་སྤུ་ན་གུའི་ཐད་ན་ཨ་ཐུང་དང་དབྱེར་མེད་པའི་རྡོར་སེམས་ཡབ་ཡུམ་དམར་པོ་ཁྲོ་ཆགས་ཀྱི་ཉམས་ཅན་རུས་པ་དང་རིན་པོ་ཆེའི་རྒྱན་ཞེས་པ་དབུ་རྒྱན་དང་མགུལ་རྒྱན་སོགས་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་རྒྱན་དང་རྩེ་ཕྲན་སོགས་ཀྱིས་སྤྲས་པ་དང་། རྩ་འཁོར་གྱི་འདབ་གྲངས་ཐུགས་སྒྲུབ་བཞིན་ལ་རྩ་འདབ་རྣམས་དབུ་མ་ནས་རྩེ་མོའི་བར་གདུགས་རྩིབ་བཞིན་སོ་སོར་བརྐྱང་སྟེ་ཡོད་པར་བསྒོམ་པ་ཉིད་གེགས་ཆུང་གསུངས། ཡུམ་ལ་མཆོད་ཕྱིར་ཐོག་མེད་པ་ནི་དེ་ཉིད་ཤེས་རབ་ཡུམ་མཚོན་བྱེད་ཡིན་པའི་གནད་ཀྱིས་དང་། ཡིག་བརྒྱ་རྡོར་སེམས་ལྟར་འབྲུ་གསུམ་གྱིས་བཅིངས་ཏེ་བཏོན་ཡང་ཆོག །དེའང་ཧྲྀ་ད་ཡ་ཞེས་འདོན་པ་གཙོ་ཆེར་དགོངས་འདུས་ལུགས་ཡིན། སུ་ཏོཥ་ཡོ། སུ་པོཥ་ཡོ་ཞེས་འདོན་པ་ལས་ཥ་ཡོ་མི་ཟེར། མཁྱེན་བརྩེ་རིན་པོ་ཆེས་ཟི་དིར་ཞེས་པ་དར་མཐིང་ཁྲ་འོད་ཀོར་ལྟར་སྐུ་སྟོད་ལ་ཟླུམ་པོར་བསྐོར་བ་སྣེ་གཉིས་སྐ་རགས་ནས་དྲངས་ཏེ་རླུང་གིས་འཕུར་བ་ལ་ཟེར་གསུངས། རང་སེམས་ཀ་དག་གི་གཤིས་ལ་སྒྲིབ་པས་གོས་པ་མེད་ཅིང་ཡོན་ཏན་རྣམས་ལྷུན་གྲུབ་ཏུ་གནས་ཀྱང་སྒྲིབ་པ་མ་བསལ་ན་མངོན་དུ་མི་འགྱུར་བ་དེའི་ཕྱིར་སྡིག་སྒྲིབ་སྦྱོང་དགོས། དབུ་མའི་ངོས་འཛིན་སྲོག་རྩ་དང་། རྒྱུས་པའི་ནང་གི་རྩ་ནག་གང་རུང་ལ་ངོས་འཛིན་མཛད་མཁན་ཡོད་ཀྱང་སྔ་མ་ལ་རླུང་ཞུགས་ཚེ་སྨྱོ་བ་དང་། ཕྱི་མ་ནི་ཤི་བའི་རོ་ལའང་ཡོད་པས། དབུ་མ་དངོས་ནི་རྟེན་སྲོག་པ་རྩ་ཡི་ནང་ན་ཡོད་པའི་བརྟེན་པ་ཡེ་ཤེས་ཀྱི་འོད་རྩ་ལམ་སྟོབས་ཀྱིས་གནས་དེར་རླུང་འདུས་ཚེ་འོད་གསལ་འཆར་ཞིང་འཆི་བའི་ཚེ་ཆོས་ཀྱི་དབྱིངས་སུ་ཐིམ་པ་དེ་ཡིན། འོག་རླུང་བསྐུམས་པའི་རྐྱེན་གྱིས་ཨ་ཤད་ཀྱི་རང་བཞིན་གྱི་ལྟེ་འོག་གི་རྡོ་རྗེ་སེམས་དཔའི་སྐུ་ལས་མེ་འོད་དང་པོ་དབུ་མའི་ནང་དང་། དེ་ནས་རྩ་འཁོར་སོ་སོར་སོང་བའི་རེག་བྱ་དེས་སྒྲིབ་པ་བསྲེག་དགོས། དེའི་རྐྱེན་གྱིས་རྩ་ཐིག་རླུང་སྒྲིབ་སྦྱངས་ནས་རང་ལུས་རྡོར་སེམས་ཡབ་ཡུམ་དུ་གྱུར་པར་དམིགས། མཐར་སྨྲེ་བཤགས་དང་། མགོན་པོ་བདག་ནི་སོགས་རྒྱུད་བཤགས་བརྗོད། དེ་ནས་ཚོགས་གསག་དང་སྦྲེལ་ཏེ། མཐར་ནི་ཡེ་ཤེས་མེ་ལྕེ་ཡིས། སོགས་ཀྱི་མཐར་མ་ཧཱ་སུ་ཁ་འདོན། ཚོགས་གསག་འདི་ནང་གི་ཚོགས་བསྐང་ཡིན་པས་ཚོགས་གསག་མཆོག་ཡིན། བདུད་རྩི་འབེབས་དུས་གནས་སོ་སོའི་བླ་མ་ཡབ་ཡུམ་རྣམས་ལ་ཕོག་པས་དེ་རྣམས་ཀྱང་རྗེས་ཆགས་ཀྱིས་སྙོམས་པར་ཞུགས་པའི་བྱང་སེམས་རིམ་པར་བདུད་རྩི་དང་འདྲེས་ཏེ་ལྷན་ཅིག་འབབ་པའི་མོས་པ་དང་། རྩ་འདབ་ཀྱི་ཌཱ་ཀི་རྣམས་ནི་རྩ་འདབ་སོ་སོའི་སྐེད་ཙམ་ན་བཞུགས་པར་བསྒོམ་པ་ཡིན། གསག་སྦྱོང་གཉིས་གྲངས་གསོག་སྐབས་ཀྱི་མང་ཉུང་ཙམ་སྦྲེལ་ཏེ་འདོན་དགོས་པ་ལ་ཁྱད་མེད། རྩ་འདབ་ན་ཡོད་པའི་ལྷ་རྣམས་ཀྱང་གདན་པད་ཟླའི་སྟེང་དུ་མི་བསྒོམ་པར་རྩ་འདབ་དེ་རྣམས་སུ་གནས་པའི་ཤིན་ཏུ་དག་པའི་རླུང་སེམས་ལས་རང་གྲུབ་པའི་ཚུལ་དུ་བསྒོམ་དགོས་པ་དཔེར་ན་དགུན་དུས་ཆུ་འཁྱགས་རོམ་དུ་སོང་ཚེ་དེའི་རང་བཞིན་ཅན་གྱི་འཁྱགས་པ་ནར་མོ་འབྱུང་བ་ལྟ་བུའོ་གསུངས། བླ་རྣལ་སྐབས་སྤྱིར་གུ་རུའི་སྒྲ་ལྕི་བ་ལ་འཇུག་པས་ཡོན་ཏན་གྱི་ཁུར་གྱིས་ལྕི་བ་ལ་ཟེར། དེའི་ནང་ནས་ཀྱང་རྩ་བའི་བླ་མ་ཞེས་པ་ནི་ཚེ་ཐོག་མེད་ནས་རང་ལ་ཕན་བཏགས་པའི་འབྲེལ་བ་ཅན་ཚེ་འདིར་ཡང་རིག་པའི་གཟི་བྱིན་སྙིང་དབུས་སུ་འབེབས་པར་མཛད་པ་རང་གི་རིག་གདངས་སུ་ཤར་བ་དེ་ལ་ཟེར། སྣང་བས་གར་ཁྱབ་འོག་མིན་གྱི་ཞིང་མཐའ་དབུས་མེད་པར་གསལ་བ་དང་། རང་གི་གཉུག་མ་མི་ཤིགས་པའི་རླུང་སེམས་དཔལ་ཆེན་སིཾ་ཧེ་ཤྭ་རར་བསྒོམ་པ་ཡིན། ཡན་ལག་བདུན་པའི་སྐབས་བརྐྱང་ཕྱག་འཚལ་དུས་ལུས་ས་ལ་བརྡབ་དགོས་པ་འདི་ལ་རྣལ་འབྱོར་པའི་ཕྱག་ཟེར། སྔགས་ཀྱི་ལུགས་ལ་རྡོ་རྗེའི་ཐལ་མོ་སྦྱར་བ་ནི། ཐལ་སྦྱར་སོར་མོ་བསྣོལ་བ་ལ་ཟེར། རླུང་སེམས་དག་པའི་མཆོད་པ་ནི། ཚད་ཕེབས་དུས་མ་དག་པའི་སྣང་བ་རང་སར་ཟད་དེ་ལོངས་སྐུའི་ཞིང་ཁམས་འདོད་ཡོན་གྱི་མཆོད་སྤྲིན་འཁྲིགས་པ་ནམ་མཁའ་གང་བ་དེས་མཆོད་པ་དང་། སྡིག་ལྟུང་གི་རང་བཞིན་འདུས་མ་བྱས་པའི་དོན་ལ་ལྟ་བ་དང་། ཡིད་རང་བྱ་རང་བྱེད་གཉིས་སུ་འཛིན་པ་མེད་པས་ཡི་རང་བ་དང་། ཤིན་ཏུ་ཕྲ་བ་གཞོམ་མེད་ནཱ་དའི་དབྱངས་ཀྱིས་ཆོས་གསུང་བཞིན་དུ་སྐྱེ་འཆི་མེད་པར་བཞུགས་སུ་གསོལ་བ་དང་། དགེ་ཚོགས་རྣམས་ཀྱང་དམིགས་པ་མེད་པར་བསྔོ་བའོ། འདི་སྐབས་རང་ཉིད་བདག་བསྐྱེད་ལས་རང་འདྲ་གཉིས་པའི་རྣམ་པ་ལོགས་སུ་ཕྱེ་བ་དེས་ཕྱག་མཆོད་སོགས་ལ་འཇུག་པར་མོས་དགོས། རྒྱུ་ལམ་འབྲས་བུའི་དབང་ཐམས་ཅད་བླ་མ་ལས་ལེན་དགོས། དེ་ཡང་རྒྱུ་དབང་ནི་བླ་མ་དང་དཀྱིལ་འཁོར་གཙོ་བོ་གཉིས་སུ་མེད་པ་ལས་ལེན་པ་དང་། འབྲས་དུས་སུ་བླ་མ་སྟོན་པ་གཞོན་ནུ་དཔའ་བོའི་སྐུར་བཞེངས་པ་ལས་ལེན་པ་དང་། ལམ་དུས་སུའང་བླ་མ་ལས་ལེན་པ་བླ་རྣལ་དུ་གསལ་བ་ལྟར་ཡིན་པའི་ཕྱིར། ཙིཏྟ་རིན་པོ་ཆེའི་སྦུབས་ནས་བྱུང་བའི་འོད་ལྔའི་གོང་བུ་ནི་མཐིང་ཤས་ཅན་ཞིག་ཡིན་གསུངས། མཇུག་ངག་འདོན་ལྟར་ལ། ཐུན་མཚམས་སུ་བཟའ་བཏུང་ཚེ་བླ་མ་མགྲིན་པར་གསལ་ནས་ཕུད་ཀྱིས་མཆོད་པ་དང་། འགྲོ་དུས་བསྐོར་བ་བྱས་པའི་མོས་པ་དང་། ཉལ་དུས་མཚན་བཅས་བླ་མ་སྙིང་དབུས་སུ་བསྒོམས་པའི་སྐུའི་འོད་ཀྱིས་ལུས་ཁྱབ་པར་བསམ་པའམ། མཚན་མེད་སྐུའི་འོད་ཀྱིས་རེག་པས་སྣོད་བཅུད་རང་ལུས་བཅས་རིམ་གྱིས་འོད་དུ་ཞུ་ནས་དཔྲལ་བའི་དགའ་འཁྱིལ་དབུས་ཀྱི་ཨ་ཡིག་ཕྲ་གསལ་བརྟགས་དཀའ་དེ་ལ་ཐིམ་པའི་མོས་པ་དང་། དེ་ཡང་རིམ་གྱིས་མི་དམིགས་པའི་དབྱིངས་སུ་བསྡུས་ནས་གཉིད་ལོག །སྔར་བླ་རྣལ་མཐར་ཨ་ཡིག་གིས་མཚན་པའི་ཐིག་ལེ་ལ་སེམས་གཏད་དུས་མིག་ཡིད་རླུང་གསུམ་དེ་ལ་ཐིམ་སོང་བ་ལྟ་བུར་གཏད་དགོས་གསུངས། གསོལ་འདེབས་དུས་རེས་འགའ་བླ་མའི་སྐུ་ལ་དམིགས། རེས་འགའ་དབང་བཞི་ལེན། རེས་འགའ་སྙིང་རྗེ་བསྒོམ། རེས་འགའ་དད་པ་བསྐྱེད། དངོས་གཞིའི་ཉམས་རྟོགས་ཡོད་ན་རིག་ངོ་དེ་ཀ་བསྐྱང་བས་ཆོག །དེས་ན་ཡན་ལག་བདུན་པ་སོགས་ཀྱི་སྐབས་ཚིག་གིས་སོ་སོར་ཕྱེ་བ་ལས་ཀུན་རྫོབ་ཀྱི་དམིགས་རྣམ་མི་དགོས་གསུངས། རྨི་ལམ་སྦྱང་བ་སྔོན་དུ་མ་སོང་ཡང་སྔར་གྱི་ཉལ་བའི་རྣལ་འབྱོར་དེ་གས་གཉིད་ཀྱི་འོད་གསལ་ཟིན་པར་འགྱུར་ལ། དེ་ཡང་གཉིད་ལོག་མ་ཐག་པ་དང་སད་པ་ལ་ཉེ་བའི་དུས་སུ་འོད་གསལ་ཟིན་ན་སྲབ་མོའི་འོད་གསལ་དང་། གཉིད་མཐུག་གི་སྐབས་ཟིན་ན་མཐུག་པོའི་འོད་གསལ་ཡིན། བསྐྱེད་བཟླས་སེམས་འཛིན་ལ་འཇུག་སྐབས་རང་ལུས་ལྷར་བསྒོམས་པ་ཉིད་རྟོག་པ་མེད་ཀྱང་བེམ་ཆོས་ཀྱི་རང་བཞིན་ཅན་དུ་མ་གྲུབ་པ་བ་སྤུའི་བུ་ག་གཅིག་ཚུན་ཆད་ཡེ་ཤེས་ཀྱི་རང་བཞིན་ཅན་དབྱིངས་ཀྱིས་ཤེས་བྱ་ཀུན་ལ་ཁྱབ་ཅིང་དབྱིངས་དེ་ཡེ་ཤེས་ཀྱི་རང་བཞིན་ཅན་ཡིན་པས་ཀུན་ལ་ཁྱབ་པ་དང་། གཞན་ཡང་གསལ་དག་བརྟན་གསུམ་དང་། རྩལ་སྦྱང་ལུགས་རྣམས་ཀྱང་བསྐྱེད་རིམ་སྤྱི་ལྟར་ཡིན་གསུངས། རྗེས་སུ་སྨིན་མཚམས་ཀྱི་ཐིག་ལེ་ལ་སེམས་གཟུང་བ་ནི་ཕྲ་ཐིག་གི་རྣལ་འབྱོར་ཡིན་གསུངས། རྩ་སྔགས་རིལ་པོ་འབྱུང་འཇུག་གནས་གསུམ་རེ་རེ་བཞིན་སྦྱར་བ་དང་། སྔགས་དུམ་བུ་གསུམ་དུ་བྱས་པ་འབྱུང་འཇུག་གནས་གསུམ་ལ་སྦྱར་བའི་རྡོར་བཟླས་གང་རིགས་སམ་ཡང་ན་འབྲུ་གསུམ་གྱི་རྡོར་བཟླས་བྱས་ཀྱང་ཆོག །དེ་ལ་ཡང་སྔགས་ཀྱི་སྒྲ་གཟུགས་འབྱུང་འཇུག་གནས་གསུམ་བྱ་ཚུལ་གཉིས་ཡོད་ཅིང་། རླུང་དང་སྦྲགས་ཚེ་འཇམ་རླུང་དང་དྲག་རླུང་གང་རུང་དང་སྦྲགས་ལུགས་ཀྱང་གཉིས་ཡོད་གསུངས། ངལ་བསོ་ཡང་རླུང་ཁུག་ཆ་ཅན་གྱི་མཐར་དགོས་པ་རྒྱལ་བ་ཡང་དགོན་པས་བཞེད། མཐར་སྣོད་བཅུད་བསྡུ་བ་རིལ་འཛིན་དང་རྗེས་གཞིག་གང་རུང་གིས་བྱས་ལ། སླར་ཡང་ལྷར་ལྡངས་ལ་བསྔོ་སྨོན་ཤིས་བརྗོད་བཅས་ཚང་བར་བྱ། དངོས་གཞིའི་ཁྲིད་སྐབས། དངོས་དང་གཞི་ལ་མུ་བཞིའི་དབྱེ་བ་མཛད་དུས་ཐོས་བསམ་གྱི་ཚིག་གི་ཐ་སྙད་ཆགས་ཙམ་དང་། དོན་གྱི་མྱོང་བ་སྣེ་ཟིན་ཙམ་སྐྱེས་ལ་རྟོགས་པ་ཇི་བཞིན་མ་སྐྱེས་པས་དངོས་དང་གཞིའི་ཁྱད་ཕྱེ་དགོས་གསུངས། འཁོར་འདས་རུ་ཤན་ཞེས་པའི་རུ་ནི། དམག་གི་རུ་ལ་གཉིས་སམ་བཞི་སོགས་ཡོད་པ་བཞིན་རང་གི་སྒོ་གསུམ་པོ་འདི་ལའང་དག་མ་དག་གི་རུ་གཉིས་ཡོད་པ་དེ། ཕྱེ་ཞེས་པ་མ་དག་པའི་ཆ་དེ་ཕྱོགས་ན་ལོགས་ལོགས་སུ་འཇོག་རྒྱུ་མ་ཡིན་པར་དག་པའི་ངང་དུ་སངས་པ་ལ་ཟེར། དེ་ཡང་ལ་བཟླའི་དོན་ཡིན་ལ་དེ་ནི་ཐག་ཆོད་པའི་དོན་ནོ། །དེ་ཡང་ལུང་སྟོང་དུ་བསང་གསོལ་སྔོན་འགྲོས་ལུས་ལ་ཨང་རག་ཙམ་གྱོན་ནས་དག་མ་དག་གི་སྒོ་གསུམ་གྱི་འཁྲུལ་འཁོར་སྣ་ཚོགས་དང་། མཐར་དག་པའི་འཁྲུལ་འཁོར་མཐར་མི་དམིགས་པའི་ངང་ཡུན་རིང་བསྐྱང་། རྡོ་རྗེའི་འཁྲུལ་འཁོར་ལང་འདུག་གཉིས་ལས་འདུག་པའི་ཕྱོགས་དེ་མཛད། རྟིང་པ་གཉིས་བཤང་ལྕིའི་ལམ་གྱི་བར་དུ་གཏད་པ་དང་། ཡར་མར་གྱི་ར་གཉིས་ཀྱང་དབུས་ར་ལ་ཟུག་པ་མིན་པ་དང་། བཅའ་དུས་པུས་མོ་དང་གྲུ་མོ་ལུས་ཀྱི་ཟུར་གདོང་དང་སྤྲད། འདི་དུས་ལྟེ་བ་རླུང་གིས་ཐད་ཀར་བརྒྱང་། དམིགས་པ་གཏད་བྱ་གཏོད་བྱེད་གཉིས་སུ་མེད་པར་རླུང་སེམས་རྡོ་རྗེར་འགྱུར་སོང་བ་ལྟ་བུ་བྱས་ཏེ་མི་རྟོག་པར་གཞག་ཚེ་དེ་ལ་གནས་རིང་ལུས་ཚུགས་ཀྱང་ཟིན་པ་འབྱུང་གསུངས། རྨ་བྱའི་སྒོང་རྒྱ་མ་ཞིག་གོང་སྒོང་ཆུ་རྣམས་ཆ་མཉམ་པར་ནང་ན་ཡོད་པ་བཞིན་འཁོར་འདས་གང་དུའང་མ་མཆེད་པའི་སྐབས་སུ་ངོ་བོ་རང་བཞིན་ཐུགས་རྗེ་ཆ་མཉམ་དུ་བཞུགས་པའི་སྐབས་དེ་ལ་ཐོག་མའི་སྤྱི་གཞི་ཟེར། གཞི་ལས་གཞི་སྣང་གཡོས་ཚེ་ཆོས་དབྱིངས་མི་རྟོག་པས་ཡུལ་གྱི་འཁྲུལ་གཞི་བྱས། ལྷུན་གྲུབ་འོད་ལྔས་སྣོད་བཅུད་ཀྱི་འཁྲུལ་གཞི་བྱས། རིག་པས་སེམས་ཀྱི་འཁྲུལ་གཞི་བྱས་ཏེ། དེ་གསུམ་གྱིས་དབུ་རྐྱང་རོ་གསུམ། ལུས་ངག་ཡིད་གསུམ། ཁམས་གསུམ་སོགས་སྐྱེས་ནས་འཁྲུལ་པ་དང་། གཞི་སྣང་རང་སྣང་དུ་ངོ་ཤེས་པ་ལས་བྱེ་བྲག་ཕྱེད། ཕྱེད་ཐོག་ཏུ་གྲོལ་ནས་ཚོགས་ཆེན་ཡེ་རྫོགས་ཀྱི་སངས་རྒྱས་པ་ཡིན། སྒོ་གསུམ་གྱི་རུ་ཤན་ཕྱེ་བ་ཐམས་ཅད་ཀྱང་ཐུགས་རྡོ་རྗེའི་ཉམས་ལེན་གྱི་སྒྲོམ་ལས་མི་འདའ་བའི་རྒྱུ་མཚན་གྱིས་ལུས་ངག་གི་སྦྱོང་བའི་སྐབས་རིག་པ་ཡེ་ཤེས་རྡོ་རྗེ་དང་། ཐུགས་ཀྱི་ཡི་གེ་ཧཱུྃ་ཡིག་གི་རྣམ་པར་བསྒོམ་པ་དང་། སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་སེམས་ཀྱི་རང་སྣང་ཡིན་པའི་གནད་ཀྱིས་སྦྱོང་ནུས་པ་ཡིན། དོན་དུ་གྲུབ་ན་སྦྱོང་རྒྱུ་ག་ལ་ཡོད། ངག་སྦྱོང་བཞི་ལས་རྒྱས་གདབ་སྐབས་སྣ་བུག་གཡས་གཡོན་ནས་སྤྲོ་ཞིང་སྡུད་པའི་ཧཱུྃ་དེ་དག་གིས་ཕྱི་ནང་གི་དངོས་པོ་ཐམས་ཅད་གཡོགས་པར་བསམ་པ་དང་། རྩལ་སྦྱོང་སྐབས་རྗེས་མེད་དུ་བཤིག་པར་བསམ་པ་དང་། མཉན་བཙལ་སྐབས་མཐོང་ཚད་ཀུན་ལ་དཀྲིས་པའམ་འཁྱིལ་དུ་བཅུག་ནས་ཧཱུྃ་སྣང་མཉེན་པར་བྱེད་པ་དང་། ལམ་གཞུག་ཀྱི་དང་པོ་མ་དག་པའི་ཞིང་དུ་སོང་ནས་དེ་རྣམས་སུ་སྐྱེ་བའི་བག་ཆགས་སྦྱངས་ཏེ་མཐར་དག་ཞིང་ཀུན་དང་ཁྱད་པར་རང་མོས་པའི་ཞིང་དག་པར་སླེབས་པའི་རྟེན་འབྲེལ་བསྒྲིགས་ནས་མི་རྟོག་པར་འཇོག །འདིའི་གོང་འོག་རྣམས་སུ་ཉམས་ཀྱི་བབ་སྐྱོང་བ་ལས་སྒྱུ་མ་ལྟ་བུར་བལྟ་བ་སོགས་ཀྱི་སེམས་འཛིན་མི་དགོས་ཞེས་གྲུབ་དབང་རིན་པོ་ཆེའི་ཞལ་རྒྱུན། རིགས་དྲུག་སྲེག་སྦྱོང་ནི་བི་མའི་བཀའ་སྲོལ་དུ་མི་འབྱུང་བས་པདྨའི་བཀའ་སྲོལ་འདྲ། སེམས་སྦྱོང་སྐབས་ཡིད་མ་ཡེངས་པ་ནི་དཔྱད་པ་བྱེད་དུས་རྒྱུན་མ་ཆད་པར་བྱེད་དགོས་པའི་དོན་ཡིན་ནོ། །འཁོར་འདས་ཀྱི་སྣང་བ་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཙམ་ལས་གཞན་མེད་པས། གནད་ཡོད་སར་མཚོན་བསྣུན་ན་མྱུར་དུ་འཆི་བ་བཞིན་དུ་གཟུང་འཛིན་གཉིས་ལས་ཀྱང་ནང་འཛིན་སེམས་འདི་ཉིད་ལ་དང་པོར་བརྟགས་ན། དེ་ལས་བྱུང་བའི་ཆོས་གཞན་གྱི་སྒྲོ་འདོགས་ཤུགས་ཆོད་སླ་བས་སེམས་ལ་དང་པོར་བརྟགས་དགོས། སེམས་ཚོགས་བརྒྱད་སོགས་དབྱེ་བ་མང་ཡང་དོན་དུ་རྣམ་རྟོག་སྐད་ཅིག་མ་ཝལ་གྱིས་ཤར་ནས་ཡལ་འགྲོ་བ་འདི་ལས་གཞན་མེད། འདི་རྒྱུན་གྱི་སྒོ་ནས་ལས་བྱེད་པ་པོ་དང་འབྲས་བུ་མྱོང་བ་པོར་ཤེས་ནས་ཉེས་པའི་འབྱུང་ཁུངས་སུ་ངེས་ཚེ་རྟོག་པ་རྩད་ཆོད་པ་དང་། མཚངས་ཚོལ་དུས་གཅིག་ལ་གྲུབ་པ་ཡིན། དེ་འདྲའི་སེམས་ཀྱི་བྱུང་ས་བྱུང་མཁན་བྱུང་ལུགས་སོགས་ལ་བརྟགས་ནས་སེམས་གཞི་མེད་རྩ་བྲལ་དུ་གྱུར་ཚེ་དེའི་ཤུལ་དུ་རིག་པ་ཉག་གཅིག་ལས་མེད་པས་ངོ་འཕྲོད་སླ། གཞན་ཡང་ཡང་ཏིག་ལས་འབྱུང་བ་བཞིན་བལྟ་བྱ་ལྟ་བྱེད་གཉིས་གཅིག་ཡིན་ན་གཉིས་ཡོད་པས་འགལ་ཞིང་། ཐ་དད་ན་བྱུང་གནས་འགྲོ་གསུམ་བྱེད་པའི་ཤེས་པ་གསུམ་སོགས་ཡོད་དགོས་པས་ཤེས་རྒྱུད་དུ་མར་ཐལ་བ་སོགས་ཀྱི་སྒོ་ནས་ཀྱང་དཔྱད། དེ་ནས་རིག་པ་རྗེན་ཅེར་ལ་བརྟག་པ་ཞེས་བླ་མས་སློབ་བུ་དེ་བྱུང་གནས་འགྲོ་གསུམ་བྲལ་བའི་ངང་དུ་ལྷོད་ཀྱིས་ཀློད་ནས་ཞག་ཁ་ཤས་འཇོག་ཏུ་བཅུག །སྐབས་སུ་ད་ཅི་འདྲ་འདུག་ཅེས་དྲི་དུས་སྟོང་རྐྱང་ཞིག་ལས་མི་འདུག་ཟེར་ན་རྟོག་པ་སྣ་ཚོགས་འཕྲོར་བཅུག་སྟེ་དེ་འདྲ་ཡིན་མིན་དང་། ཡང་གསལ་བ་ཞིག་རེད་ཟེར་ན་དེ་ལ་སྔར་བཞིན་བྱུང་གནས་འགྲོ་གསུམ་ལ་བརྟག་ཏུ་བཅུག །དེ་ལྟར་དཔྱད་པ་གང་དགོས་སློབ་མའི་བློ་དང་གང་འཚམས་བྱས་ནས་བརྟགས་པས་ནམ་ཞིག་གསལ་སྟོང་ཟུང་འཇུག་བསམ་བརྗོད་དང་བྲལ་བ་ཞིག་རེད་ཟེར་ན་འཕྲིགས་ཅུང་ཟད་ཚུད་པའི་འགོ་ཟིན་པ་ཡིན། བློ་ཁྱད་ཀྱིས་འགའ་ཞིག་ལ་ངོ་སྤྲད་པ་ཙམ་ལས་རིག་ངོ་མངོན་དུ་གྱུར་ཟིན་པ་ལྟ་བུ་ཞིག་ཀྱང་ཡོད་པས། དེ་འདྲའི་གང་ཟག་གཞུང་འདིའི་དངོས་ཀྱི་འཆད་བྱའི་གདུལ་བྱ་དག་ནི་སྤྲིན་མཁའ་ལས་བྱུང་མཁའ་ལ་ཐིམ་མཁའ་ལས་མ་གཡོས་པ་ལྟར། དབྱིངས་སམ་གཞི་ཀ་དག་ལས་བྱུང་ཞིང་དེ་ལ་ཐིམ་པ་དང་དེ་ལས་མ་གཡོས་པའི་ཉམས་ལེན་འབྱུང་ཞིང་། ཡང་བློ་དེ་ལས་དམན་པས་ཀྱང་སྒོ་གསུམ་གྱི་སྦྱོང་བ་ཐམས་ཅད་འདི་རྗེས་འདི་འདྲ་དགོས་སྙམ་པ་ལྟ་བུའི་ཞེན་འཛིན་མེད་པར་སྨྱོན་པ་འུར་ལངས་པ་ལྟ་བུས་དུམ་ཆོད་དུམ་ཆོད་ཀྱིས་བྱ་བ་གནད་དོ། །དངོས་གཞིའི་ཁྲིད་སྐབས་ཅོག་གཞག་ཅེས་པ་དཔེར་ན་བུ་ཆུང་གོས་སོགས་ཀྱིས་དྲིལ་ནས་ཅོག་གེར་གཞག་པ་བཞིན་ཅོག་གེར་རམ་མི་གཡོ་བར་བཞག་པའི་དོན་ཡིན། སོག་མའི་ཁུར་པོ་བསྡམས་ཏེ་བཅད་ན་ལྷོད་ཤིག་གེར་འགྲོ་བ་ལྟར་ལུས་གནད་བདེ་ལུགས་སུ་འཇོག །འོན་ཀྱང་ཐོག་མར་གྲིམ་ལྷོད་སྤེལ་དགོས། འདི་ལ་ལྟ་བ་རི་བོ་ཅོག་གཞག་ཅེས་གསུངས་དུས་རིག་སྟོང་དབྱིངས་ཀྱི་རང་ཞལ་ཡིད་དཔྱོད་ཀྱི་བློས་མི་གཡོ་བ་ལ་ཟེར་བ་ཡིན། རྒྱུད་ཆད་པའི་པི་ཝཾ་ལྟར་རྟོག་པ་གཡོ་བྱེད་ཀྱི་རླུང་གིས་ལས་སུ་བྱ་བ་ཁ་ཏོན་བཟླས་བརྗོད་ཚུན་སྤངས་ནས། སྒོམ་བཟང་ངན་མིག་གི་ལྟ་སྟངས་ལ་ལྟོས་ཟེར་བས་མིག་སྨིན་ཕྲག་ཐད་ཀྱི་ནམ་མཁར་ཧར་རེ་བཞག་དགོས། རིག་ཐོག་བརྟན་ཚེ་མིག་ཀྱང་བརྟན་འོང་གསུངས། འདི་ལ་ནམ་མཁའ་སུམ་ཕྲུགས་ཀྱི་ཐ་སྙད་མེད་ཀྱང་ཉམས་ལེན་ཕྱོགས་འདྲ། སྣང་བ་ཐམས་ཅད་བློས་བཀོད་ཅེས་པའི་སྐབས་སུ་སྤྱིར་སྣང་བ་དང་སྣང་ཡུལ་ཕྱེ་ཤེས་དགོས་པས། གཟུགས་ལྟ་བུ་གཅིག་ལའང་ཐུན་མོང་གི་ལས་ཀྱིས་གྲུབ་པའི་སྣང་ཡུལ་གྱི་ཆ་གཅིག་དང་། རང་ཁོ་ནའི་ལས་ཀྱིས་སྣང་བའི་སྣང་བ་ཞིག་སྟེ་ཆ་གཉིས་སུ་ཡོད་པའི་སྔ་མ་ནི་རང་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་མི་བྱེད། ཕྱི་མས་བྱེད་པ་ཡིན་པས་ཐམས་ཅད་རང་སྣང་དུ་བསྟན་པའི་སྣང་བ་དེ་དང་། མཐར་འོད་གསལ་གྱི་དབྱིངས་སུ་དག་རྒྱུ་ནི་ཕྱི་མ་དེ་ཡིན། ཆོས་ཐམས་ཅད་དབྱིངས་གཅིག་གིས་བསྡུས་ཤིང་དབྱིངས་ཡེ་ཤེས་ཀྱི་རང་བཞིན་ཅན་ཡིན་པས་སྣང་བ་ཐམས་ཅད་ཡེ་ཤེས་ཀྱི་རང་སྣང་ཡིན། ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་ཡེ་ཤེས་དངོས་མིན་ཀྱང་ཡེ་ཤེས་དེའི་སྣང་བ་ཡིན་པའི་སྟོབས་ཀྱིས་མཐར་ཡེ་ཤེས་དངོས་གནས་སུ་འགྲོ་བ་ཡོད་པ་ནི་སངས་རྒྱས་ཀྱི་བ་སྤུའི་ཁུང་བུ་གཅིག་གིས་ཤེས་བྱ་ཐམས་ཅད་མཁྱེན་ཚུལ་གསུངས་པས་ཀྱང་ཤེས། གཏིང་གསལ་ནི་བྱིང་འཐིབ་བྲལ་བ་ཟེར། གཉུག་མ་ཡེ་ཤེས་ཀྱི་རང་ཞལ་དེ་ཧ་ཅང་རྟོག་གེ་ཨ་འཐས་པའི་དཔྱད་པས་ཀྱང་རྟོགས་དཀའ་བས། བླ་མ་ལ་མོས་གུས་ཀྱི་གསོལ་འདེབས་དང་། ཉམས་ལེན་བརྩོན་པ་ཡང་ཡང་བརྟེན་པའི་སྒོམ་སྟོབས་ཀྱིས་རྟོགས་དགོས། དེའི་ཕྱིར་མཛོད་བདུན་སོགས་ཀྱི་དཔེ་བལྟ་བའི་ཚེ་ཡང་རིག་ཐོག་ཏུ་ལྷོད་ཀྱིས་བཞག་པ་དེའི་སྟེང་ནས་བལྟས་ན་རིག་གདངས་སོ་སོར་རྟོགས་པའི་ཤེས་རབ་ཏུ་མཆེད་དེ་གོ་རྒྱུ་ཆེན་པོ་ཡོང་བ་རྡོ་གྲུབ་རིན་པོ་ཆེའི་ཞལ་རྒྱུན། སྐད་ཅིག་བཞི་དང་གསུམ་གྱི་དབང་དུ་བྱས་ནས་རིམ་བཞིན་བཞི་ཆ་གསུམ་བྲལ་གྱི་ཡེ་ཤེས་དང་། ད་ལྟའི་ཤེས་པ་སྐད་ཅིག་མ་ཞེས་བརྡ་ཁྱད་དེ་འདྲ་ཞིག་གསུངས་པ་ནི་དུས་གསུམ་གྱི་རྟོག་པ་དང་བྲལ་བའི་ཤུལ་དུ་མཐོང་བའི་བློ་བྲལ་གྱི་ཡེ་ཤེས་དེ་ལ་སྐད་ཅིག་བཞི་པ་དང་། ད་ལྟའི་ཤེས་པ་སྤུ་མདོག་མ་བརྗེས་པ་དེ་གར་ཆམ་གྱིས་གཞག་པའི་སྐབས་སུ་ཝ་ལེར་གསལ་བའི་རིག་སྟོང་གི་ཡེ་ཤེས་དེ་ལ་དང་པོར་ངོ་སྤྲད་དུས་སུ་ཐ་སྙད་དེ་འདྲ་ཞིག་གསུངས་པ་ཡིན་གྱི། ངོ་འཕྲོད་ཟིན་ནས་ནི་དེ་འདྲའི་ཐ་སྙད་གང་ཡང་མེད་དེ་ཐམས་ཅད་རིག་སྟོང་གི་འཁོར་ལོར་ལ་བཟླ་དགོས་པའི་ཕྱིར། འདི་ཡང་རྡོ་གྲུབ་གསུངས། ངོ་རང་ཐོག་ཏུ་སྤྲད་པའི་དོན་ཡང་རྩ་དང་རླུང་དང་ཐིག་ལེ་སོགས་གནད་དུ་བསྣུན་པའི་རྩུབ་སྦྱོར་དེ་འདྲ་ལ་མ་ལྟོས་པར་ཐབས་ཀྱི་ཡེ་ཤེས་རང་མལ་ན་བཞུགས་ནས་ཡོད་པ་དེ་ཐོག་ནས་ངོ་སྤྲད་པའི་དོན་ཡིན། རིག་པ་ལ་བརྟན་ཆ་ཇི་ཙམ་ཐོབ་བཞིན་བསྐྱེད་རིམ་སོགས་ཀྱི་གསལ་སྣང་ཡང་དེ་ཙམ་ཐོན་པས་ཡང་དོག་བྲལ་བ་སོགས་གསུངས། རྗེན་ནེ་བ་ནི་སྒྲིབ་གཡོགས་མེད་པའི་དོན། ཕྱལ་ལེ་བ་ནི་སངས་རྒྱས་ཀྱི་སྐུ་ཕྱལ་ལེ་བ་ཟེར་དུས་སྐུའི་མདུན་ཕྱོགས་མཐོ་དམན་འབར་འབུར་མེད་པ་ལྟར་མཉམ་པའི་དོན་ཡིན། ཐག་གཅིག་ཐོག་ཏུ་བཅད་པའི་དོན་རིག་པ་རང་སོ་ཟིན་པ་དེ་ཨ་ནུ་མན་ཆད་ཀྱིས་ཉམས་ལེན་ཀུན་གྱི་སྙིང་པོར་ཐག་བཅད་པའི་དོན་དང་། དེའི་སྟོབས་ཀྱིས་གདམས་པ་དེ་སྟོན་པའི་སློབ་དཔོན་ལའང་ཡིད་ཆེས་པའི་གནས་སུ་མཐོང་ནས་དེ་ལ་མོས་གུས་བཅོས་མིན་ཞིག་ཀྱང་སྐྱེ་བར་ངེས་སོ། །རྫོགས་ཆེན་གྱི་ལུགས་འདིར་ཉམས་ལེན་ཁོ་ན་ལ་འཇུག་པའི་སྐབས་དང་ཉམས་ལེན་གྱི་ངང་དེ་ནས་སྤྱོད་ལམ་གཞན་ལ་འཇུག་པའི་ཐུན་དང་ཐུན་མཚམས་གཉིས་ཀྱི་སྐབས་སོ་སོར་མཉམ་རྗེས་སུ་བཏགས་པ་ཙམ་ནི་ཡོད་ཀྱི། ལུགས་གཞན་ལྟར་ངོ་བོའི་སྒོ་ནས་སོ་སྐྱེའི་སར་ཡང་མཉམ་རྗེས་རིས་སུ་བཅད་པ་མེད། གཡུལ་དུ་མི་འཇིགས་པའི་གདིང་ཡོད་པ་དེ་རིག་སྔགས་སམ་མཚོན་སྲུང་ཟབ་མོ་ཡོད་པས་ཡིན་པ་ལྟར། མི་འཁྲུལ་བའི་གདིང་བཅའ་བ་རྣམ་རྟོག་གྲོལ་ལུགས་འདི་ཐོག་ནས་གདིང་འཆའ་དགོས་པས་གདིང་གྲོལ་ཐོག་ཏུ་བཅའ་ཞེས་གསུངས། རྟགས་ཀྱི་སྐབས་རྫོགས་རིམ་གཞན་ནས་རྩོལ་བཅས་ཀྱི་ཡེ་ཤེས་འཆར་ཐབས་མང་དུ་གསུངས་ཀྱང་དེ་དག་ལ་རྩོལ་མེད་ཀྱི་ལམ་འདི་འདྲས་མ་ཟིན་ན་ལམ་རྟགས་ཕྱོགས་རེ་བ་ལས་གཞུང་དུ་བཤད་པའི་རྟགས་རྫོགས་པར་མི་འབྱུང་ལ། ཐབས་དེ་རྣམས་མ་བརྟེན་ཀྱང་དང་པོ་ཉིད་ནས་ལམ་འདིར་བརྟེན་ན་ཐུན་མོང་གི་ལམ་རྟགས་རྣམས་ཀྱང་ངང་གིས་རྫོགས་འོང་བ་ཡིན། ཞི་བར་གནས་པ་གནས་ས་ཉིད་དེ་ང་། ཞེས་པའི་སྐབས། བསྒོམ་དུས་དབྱིངས་ཐོག་ཤས་ཆེར་མ་ཤོར་བར་རིག་པ་གཙོར་འདོན་ལྟར་བསྒོམ་པ་ལམ་དུ་སོང་ཚེ། སེམས་རྟོག་དབྱིངས་སུ་ཞི་ཡང་། རིག་པ་སོ་སོར་རྟོགས་པའི་ཤེས་རབ་མེ་ལྟར་མཆེད་པ་ཡིན་པས། སྒོམ་ཇི་ཙམ་བྱེད་བཞིན་ཇེ་རྨོངས་སུ་འགྲོ་བ་འདིས་ནི་སྒོམ་པ་གནད་ཐོག་ཏུ་མ་སོང་བ་ཡིན། ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་སོགས་ཀྱི་སྐབས། ཁྲིད་ཡིག་ཏུ་དྲན་པས་ཚིར་གྱིས་གཟུང་དགོས་གསུངས་པ་འདི་ཚོ་ཕྱག་ཆེན་གྱི་ཆོས་སྐད་འདྲ་བ་ཡོད་ཀྱང་། དོན་དུ་ལས་དང་པོ་པས་རྣམ་རྟོག་སྐྱེས་པ་དང་མཉམ་དུ་རིག་པས་དེ་ལ་ཕར་རྒྱས་མི་འདེབས་པར། ནང་རང་གི་རིག་ངོ་བསྐྱངས་པའི་སྟེང་དུ་ཆམ་གྱིས་བཞག་སྟེ་རྟོག་པའི་སྣ་མི་བསྐྱིལ་བར་རྩལ་རྫོགས་སུ་བཅུག་པས་གྲོལ་ཚུལ་གསུམ་རིམ་གྱིས་བྱུང་ནས་བརྟན་པ་ཐོབ་འོང་བ་ཡིན། ཡི་གེ་ཀ་མད་སུམ་བཅུའི་ཐོག་མ་ཀ་ཡིན་པ་ལྟར་ཀ་ནི་དང་པོ་སྟེ། དང་པོ་ནས་དག་པའི་སྟེང་དུ་ཐག་ཆོད་པ་ལ་ཀ་དག་གམ་ཁྲེགས་ཆོད་ཅེས་གསུངས། ཀུན་གཞི་དང་ཆོས་སྐུ་གཉིས་ལ་རྨོངས་མ་རྨོངས་སོགས་དང་། སེམས་རིག་པ་གཉིས་ལས་སེམས་ནི་གྲོད་པ་ཕུས་བཏབ་པ་ལྟར་ནང་དུ་བསྡམས་ནས་ཡོད་པ་འདྲ་བ་དང་། རིག་པ་ཕྱི་ནང་མེད་པར་ཟང་ཐལ་བ་སོགས་དང་། རྣམ་ཤེས་ཡེ་ཤེས་གཉིས་ལ་འདུས་བྱས་འདུས་མ་བྱས་སོགས་ཀྱི་ཁྱད་འབྱེད་པ་ལ་ཤན་འབྱེད་དང་། ཀུན་གཞི་ཆོས་སྐུ་སོགས་སུ་ཐག་གཅོད་པ་ལ་ལ་བཟླ་ཞེས་གསུངས། རྒྱལ་ཚབ་རིན་པོ་ཆེས་ལས་དང་པོ་པ་ལ་ཤན་འབྱེད་ཀྱི་སྤུ་རིས་ཧ་ཅང་འབྱེད་ཆེ་ན་རིག་ངོ་མཐོང་བའི་གེགས་བྱེད་གསུངས། ཐོད་རྒལ་ནི་མན་ངག་སྡེ་པ་ཁོ་ནའི་ཁྱད་ཆོས་ཡིན་པས་མྱུར་ལམ་ཆེན་པོ་ཡིན་ལ། སྒྲོན་མའི་དབྱེ་བ་མང་ཡང་བཞིར་དབྱེ་བ་འདི་གྲགས་ཆེ་བས། དེ་ལྟར་ན་ནང་དབྱིངས་ཀ་དག་ཆེན་པོ་དང་། རྒྱན་གྱི་ནམ་མཁའ་ནི་སྐྱེས་བུ་དང་མ་འབྲེལ་བས་རྒྱན་ནམ་སྔོ་བསང་འདི་ལ་བརྟེན་ནས་བལྟ་དུས་སྔོ་སྐྱ་ཤིན་ཏུ་དྭངས་པ་རི་སོགས་ཁེབ་འགྲོ་བ་ཞིག་འཆར་རྒྱུ་ཕྱི་དབྱིངས་དང་བཅས་པ་དེ་ལ་དབྱིངས་སྒྲོན་ཟེར། ཐིག་ལེ་མཐའ་དམར་སེར་ཅན་སུམ་སྦྲེལ་སོགས་འཆར་བ་དེ་ལ་ཐིག་ལེ་སྟོང་སྒྲོན་ཟེར། ཡེ་ཤེས་ཀྱི་འོད་སྣང་འཆར་བའི་མིག་ལ་རྒྱང་ཞགས་ཆུ་སྒྲོན་ཟེར། འདི་འབྱུང་བ་དབང་པོ་ཡེ་ཤེས་གསུམ་ཀ་འདུས་པའི་རྒྱང་ཞགས་ཡིན། ཤེར་སྒྲོན་དངོས་ནང་གི་རིག་པ་དང་། གདངས་རྩ་ཐིག་རླུང་གསུམ་ལ་བརྟེན་ནས་གྲོལ་བའི་རྟགས་འཁྱོགས་ཐིག་འགུལ་བའི་རྣམ་པ་ཅན་གྱི་ལུག་རྒྱུད་དེ་ཡིན། སྨིན་མཚམས་ནས་ཡར་སོང་བའི་འོད་གྱེན་འགྲེང་ངམ། ཐིག་ལེ་གཉིས་གཤིབ་ཡི་གེ་སྤར་མའི་རྣ་རུ་ལྟ་བུ་དེ་དང་འཇའ་ཐིག་གཞན་ཡང་དབྱིངས་སྒྲོན་དུ་བསྡུ་དགོས། སྤྱིར་རྩ་ལ་རྒྱ་མཚོ་གསེར་གྱི་ཉི་མ་དང་། ཀ་ཏི་ཤེལ་སྦུག་ཅན་དང་། ཕྲ་ལ་འཁྲིལ་གྱེས་དང་། དར་དཀར་གྱི་སྣལ་མ་བཞིར་གསུངས་པའི་དང་པོ་ནི། སྙིང་དབུས་སུ་ཡེ་ཤེས་བཞུགས་པའི་འོད་རྩ་དང་། གཉིས་པ་ནི། སྙིང་ནས་མིག་ཏུ་འབྲེལ་བའི་ཡེ་ཤེས་ཀྱི་འོད་རྩ་དང་། གསུམ་པ་ནི། རྩ་ཤེལ་སྦུག་ཅན་ལས་དབང་པོ་སོ་སོའི་སྒོར་གྱེས་པའི་རྩ་དང་། བཞི་པ་ནི། དེའི་བྱེ་བྲག་མིག་ཏུ་ཟུག་པའི་རྩ་དེ་ཡིན་གསུངས། སེང་གེས་རི་དྭགས་རྣམས་ཟིལ་གྱིས་གནོན་པ་དང་། གླང་ཆེན་ལ་སྟོབས་ཤུགས་རྫོགས་པ་དང་། དྲང་སྲོང་ལུས་མི་གཡོ་བར་འདུག་པ་ལྟར། ཆོས་སྐུས་མཚན་རྟོག་ཟིལ་གྱིས་གནོན་པ་དང་། ལོངས་སྐུའི་སྐུ་ལ་ཞིང་ཁམས་རྫོགས་པ་དང་། སྤྲུལ་སྐུ་གཞན་དོན་ལས་མི་གཡོ་བ་མཚོན་བྱེད་དུ་བཞུགས་སྟངས་གསུམ་བྱེད་པ་ཡིན་གྱི། སྐུ་གསུམ་གྱི་བཞུགས་ལུགས་འདི་འདྲ་མཛད་པའི་དོན་མིན་གསུངས། བྱ་རྒོད་ཀྱི་འདུག་སྟངས་རྐང་རྩེ་སར་བཙུག །རྐང་མཐིལ་གཉིས་བཏེགས། མགོ་བོ་རྒྱབ་ཏུ་འཕང་། ལག་གཉིས་སྟ་ཟུར་ནས་བརྐྱངས་ཏེ་འདུག་པ་དེ་ཡིན། སྐྱེས་བུ་གྱད་ཀྱི་འདུག་སྟངས་ནི། གན་རྐྱལ་དུ་རྐང་གཉིས་བརྐྱངས། ལག་གཉིས་ལུས་ཟུར་གཉིས་ནས་བརྐྱངས་ཏེ་ནམ་མཁའ་གསུམ་བསྲེས་ནས་འདུག་པ་ལ་ཟེར། འདིས་འཆི་ཁ་འོད་གསལ་མཚོན་ནུས་པས་བར་དོའི་གདམས་པ་ཟབ་མོ་ཡིན། ཨ་བུ་རིན་པོ་ཆེས་ལུས་གནད་དེ་འདྲ་མཛད་ནས་ནམ་མཁའ་ལ་སྐར་མ་མཐོང་ངམ། ཁྱི་ཟུག་པ་ཐོས་སམ་ཞེས་པའི་བརྡ་ཐབས་ཀྱིས་ལུང་གཅེས་ཚང་ལ་ངོ་སྤྲད་གསུངས། ཐོད་རྒལ་ཚད་ཕེབས་སྐབས་ཀྱི་ལམ་སྣང་དེས་སྐུ་དང་ཞིང་གི་སྣང་བ་རང་ཆས་སུ་ཡོད་པ་དེ་མངོན་སུམ་དུ་མཚོན་ནུས་ཤིང་། དེ་སངས་རྒྱས་ཀྱི་གཟིགས་པ་མཐར་ཐུག་ལམ་སྟོབས་ཀྱིས་སྣང་བའང་ཡིན་པས་གཞན་སྟོང་སྒྲུབ་པའི་རྒྱུ་མཚན་ཆེན་པོ་ཡིན་གསུངས། ཐོད་རྒལ་གྱི་སྣང་ཉམས་དེ་རྣམས་འདུས་བྱས་སམ། འདུས་མ་བྱས་གང་ཡིན་ཞེ་ན། འཕེལ་བའི་ཆ་ནས་འདུས་བྱས་དང་། རིག་གདངས་ཡིན་པའི་ཆ་ནས་འདུས་མ་བྱས་ཡིན་གསུངས། ཆོས་ཉིད་མངོན་སུམ་ཀུན་མཁྱེན་ཆེན་པོས་ཚོགས་སྦྱོར་དུ་གསུངས་པས་མཐོང་ལམ་དུ་མི་གོ ཁྲེགས་ཆོད་ཉམས་སུ་ལེན་སྐབས་བྱིང་འཐིབ་བྱུང་ན་ལུས་གནད་བསྲང་། སྨིན་མཚམས་སུ་ཁྲོ་བོ་ལྟ་བུའི་གཉེར་མ་བསྡུས་ཏེ་ལྟ་སྟངས་གྱེན་དུ་ཧར་རེ་བལྟ། ཁ་ནས་ཧ་ཧ་ཞེས་རླུང་ལན་ཁ་ཤས་ཕྱིར་བསལ་བས་རིག་པ་དྭངས་ཆ་ཐོན་པར་འགྱུར། ཁྲེགས་ཆོད་ཀྱིས་ལུས་དབྱིངས་སུ་དེངས་པ་ལ་འཇའ་ལུས་ཟེར་ཞིང་། འཕོ་ཆེན་ནི་རིག་པ་བཅུད་དུ་སྨིན་པའི་རྡོ་རྗེའི་ལུས་སྔར་གྱི་ལུས་ཀྱི་རྣམ་པ་ཅན་ཏེ་དོན་དུ་མི་སློབ་ལམ་པ་དངོས་ཡིན་ཀྱང་། སྐུ་དེར་བཞེངས་ན་སྤྱན་རས་གཟིགས་དང་། འཇམ་དབྱངས་ལྟར་རྟེན་དེས་གཞན་དོན་ཆེར་འབྱུང་བ་དེའོ། །ཞེས་གྲུབ་དབང་རིན་པོ་ཆེས་གསུངས། ཁྲེགས་ཆོད་ལ་གོ་བ་ཙམ་ཞིག་སྐྱེས་པས་ཀྱང་ཐོད་རྒལ་བསྒོམ་པ་གནད་དུ་སོང་ན་རིག་པ་ཇེ་བརྟན་དུ་གྱུར་ནས་ཁྲེགས་ཐོད་གཉིས་ཀྱི་ཉམས་ལེན་གྱི་རྩལ་དུས་གཅིག་ལ་རྫོགས་པ་འོང་གསུངས། ཡེ་སྣང་རིང་ས་ནས་ཐུང་སར་ཁྲིད་ཅེས་པ། ལས་དང་པོ་པས་ཐོག་མར་ཉི་ཟེར་སོགས་ལ་གཏད་དུས་ཡེ་སྣང་ཡུལ་རྐྱེན་དེའི་ཐད་དུ་ཤར་བ་དེ་ལས་རིམ་པར་ཡུལ་རྐྱེན་མེད་པར་ཁྲིད་ཅེས་པའི་དོན་དང་། ཤ་ར་ཎ་ནི་ཀྲྀཥྞ་ཡིན། མཐའ་རྟེན་བཞི་པོ་སྣང་བཞི་སོ་སོའི་རྟགས་ཚད་ལ་སྦྱར་དགོས། བསྐྱེད་རིམ་དུས་སྣང་བ་ལྷའི་འཁོར་ལོར་བསྒོམ་པ་ཡོད་ཀྱང་རྟོག་པའི་སྒྲོ་བཏགས་དང་བཅས་པ་ཡིན་ལ། རྫོགས་རིམ་སྐབས་རྩ་རླུང་ཐིག་ལེར་གནད་དུ་སྨིན་པའི་ཉམས་ལེན་ཆེས་ཟབ་པ་ཡོད་ཀྱང་རླུང་སེམས་ཀྱིས་བསླད་ཆ་དང་བཅས་ཤིང་འདིར་ནི་བཅོས་བསླད་ཐམས་ཅད་དང་བྲལ་བར་འབྲས་བུ་སྐུ་གསུམ་ལམ་དུ་བྱེད་པའི་མྱུར་ལམ་རྨད་དུ་བྱུང་བའོ། །ཆོས་ཉིད་ཟད་པའི་སྐབས་སྐྱེ་འཇུག་ལ་རང་དབང་ཐོབ་པའི་དོན་རིམ་བཞིན་སོར་མོ་ལ་རིག་པ་གཏད་པ་ཙམ་གྱིས་རིག་པ་བཅུད་དུ་སྨིན་པའི་འཕོ་ཆེན་གྱི་སྐུ་སྔར་གྱི་ལུས་ཀྱི་རྣམ་པ་ཅན་དུ་བཞེངས་པ་དང་། སླར་ནང་དབྱིངས་སུ་རྣམ་པར་འཇུག་པར་དབང་བ་གཉིས་ལ་མཁྱེན་བརྩེ་རིན་པོ་ཆེས་བཞེད་ཅིང་། དེ་གྲུབ་དབང་རིན་པོ་ཆེས་ཡིད་ཆེས་ཀྱི་གནས་སུ་མཛད་མོད། སྤྱིར་ནི་རྫོགས་ཆེན་ལ་འབྲེལ་མཐུན་གྱི་སེམས་ཅན་སུམ་སྟོང་ལ་རིག་པ་གཏད་པ་ཙམ་གྱིས་གྲོལ་བ་སོགས་བཞེད་དོ། །བར་དོའི་སྐབས་ནམ་མཁའ་སུམ་ཕྲུག་བསྒོམ་དུས་སྐྱེས་བུ་གྱད་ཀྱི་འདུག་སྟངས་བྱས་ལ། རང་གི་སྙིང་ག་ནས་རང་བྱུང་གསང་བ་ཆེན་པོའི་ཡི་གེ་ཨ་ཡིག་དཀར་པོ་ཞིག་ཀ་ཏི་ཤེལ་སྦུག་བརྒྱུད་མིག་གཡོན་ནས་ཐོན། མདུན་གྱི་ནམ་མཁའ་དང་འདྲེས་པར་བསམ་ལ་ལྟ་སྟངས་བཅས་མིག་དེར་གཏད་རིག་པ་མིག་ལ་གཏད་དེ་བཞག་པ་གནད་ཅེས་འབྲུག་པ་རིན་པོ་ཆེས་བཞེད་དེ། བསམ་གཏན་གྱི་ཞག་ནི། ད་ལྟ་རིག་ཐོག་ལ་ཡུན་ཇི་ཙམ་གནས་ཐུབ་པ་དེ་འདྲ་བའི་ཡུན་ལ་ཟེར་བས་རིང་ཐུང་ལ་ངེས་པ་ཆེར་མེད། ཡང་ན་རླུང་སེམས་ཐིག་ལེ་དང་སོགས་ཀྱི་སྐབས་རྩ་དབུ་མ་ཕྱི་དཀར་ནང་དམར་བར་སྔོ་བ་ཞེས་པ་དབུ་མའི་ནང་ཁོང་སྔོ་སངས་སུ་ཡོད་པ་དེ་ལ་གོ་དགོས། འབྱུང་བ་ཐིམ་སྐབས་ས་ས་ལ་ཐིམ་པ་ནི་ས་འབྱུང་རང་གིས་རང་ཞིག་དགོས་པས་ཟུག་གཟེར་དང་བཅས་པ་ཡིན་ལ། ས་ཆུ་ལ་ཐིམ་པ་ནི། ས་འབྱུང་འབྱུང་བ་གཞན་གྱིས་བཤིག་པས་ཟུག་གཟེར་མེད་པ་ཞེས་གསུངས། ཕྱི་དབྱིངས་ཀྱིས་འཆི་དུས་ན་འཆར་བའི་ཐམས་ཅད་སྟོང་པའི་འོད་གསལ་མཚོན་ནུས་པའི་རྒྱུ་མཚན་ནི། ཕྱི་ནམ་ཕྱི་དབྱིངས་སྔོ་ལམ་པ་དེ་དང་། ནང་ནམ་ཡེ་ཤེས་ཀྱི་འོད་རྩའི་ནང་སྟོང་གཉིས་ཀ །གསང་ནམ་རིག་པའི་དབྱིངས་སྟོང་ཆེན་དེ་དང་འབྲེལ་མེད་མིན་པར་དབྱིངས་ཀྱི་གཏིང་གདངས་ཡིན་པས་དབྱེར་མེད་དུ་བྱས་ནས་བཞག་པས་འཆི་བ་འོད་གསལ་མཚོན་གསུངས། འཆི་དུས་ཉམས་ལེན་འདི་ཐོག་ནས་འཕོ་བ་ལ་ཡེ་ཤེས་གོང་འཕོ་ཟེར། རླུང་སེམས་འཕོ་དུས་འོག་རླུང་བསྐུམ། སྟེང་རླུང་བསལ་བ་དང་མཉམ་དུ་ཕཊ་སྒྲ་དྲག་པོར་བརྗོད་པ་ནི་སྒྲ་འཕོ་དང་རླུང་འཕོ་གཉིས་ཀ་ཡིན། སྐབས་འགར་རླུང་འཕོ་ཙམ་ལས་སྒྲ་འཕོ་མ་བྱས་ཀྱང་ཆོག །གསེར་གྱི་ཐུར་མ་ཞེས་པ་ལ། གསེར་ཐུར་དེ་ཇི་ལྟར་བྱས་ཀྱང་གསེར་གྱི་རང་བཞིན་ལས་འགྱུར་བ་མེད་པ་དང་། སྙིང་ཆུ་འདྲེན་དུས་གསེར་ཐུར་དེ་ཅུང་ཟད་འཆུགས་རྗེས་སྐྱོན་ཆེན་པོ་བྱེད་པ་ལྟར། འདི་དུས་གདམས་དོན་ལས་ཅུང་ཟད་ཀྱང་འཆུག་མི་རུང་བའི་དོན་ཡིན་གསུངས། སྙིང་ནང་དུ་ཁྲག་ཐིག་གསུམ་རིམ་པར་ཏིག་རྗེས་རག་པའི་ལུས་སེམས་འབྲལ་ཟིན་པས། དེ་རྗེས་སྙིང་ག་དང་མིག་སོགས་ནས་འོད་གསལ་གྱི་སྣང་བ་ཤར་བའི་ལུས་དེ་ནི་ཡིད་ལུས་སམ་འོད་ཀྱི་ལུས་ཤིན་ཏུ་ཕྲ་བ་ཞིག་ཡིན་གསུངས། ཞི་བའི་སྔོན་དུ་ཁྲོ་བོའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཤར་བ་ནི། སྙིང་གར་ཞི་བའི་ལྷ་ཚོགས་བཞུགས་པའི་ཟེར་གདངས་སྤྱི་བོར་མཆེད་པ་དེ་ཁྲོ་དཀྱིལ་ཡིན་པས། དེ་ཉི་མ་མ་ཤར་བའི་གོང་ནས་ཉི་ཟེར་འཆར་བ་བཞིན་དུ་སྔོན་དུ་ཤར་བ་ཡིན། ད་དུང་ནང་དབྱིངས་སུ་མངོན་པར་རྫོགས་པར་སངས་རྒྱས་མ་ཟིན་པས་ཕྲིན་ལས་ཀྱི་རྩལ་རྫོགས་པར་མ་ཤར་བས་དམན་པ་ལ་དགག་སྒྲ་སྦྱར་བ་ཡིན། ལྷུན་གྲུབ་སྒོ་བརྒྱད་ཀྱི་འཆར་ཚུལ་རྣམས་རིམ་ཅན་དུ་གོ་བ་ཡིན། སྲིད་པ་བར་དོའི་ཉམས་ལེན་ལ་ད་ལྟ་ནས་གོམས་འདྲིས་བྱ་དགོས་པས། གནས་ཀྱི་ཞེན་པ་དག་ཕྱིར་ཆོས་འབྱུང་གི་སྟེང་དུ་ལུས་སེམས་ཀྱི་དྭངས་མ་ཨ་ཡིག་ཏུ་གསལ་བ་དེ་དཔལ་རི་སོགས་མོས་པའི་ཞིང་དུ་ད་ལྟ་ནས་འགྲོ་བའི་འདུན་པ་ཡང་ཡང་གཏད་དགོས་པར་གསུངས། རང་བཞིན་ཡེ་ཤེས་ཀྱི་འོད་གདངས་ཞིང་ཁམས་ལྔར་སྣང་བས་རང་བཞིན་སྤྲུལ་སྐུའི་ཞིང་ཞེས་གསུངས་ཤིང་། དེ་མདོ་ཕྱོགས་ཀྱི་བདེ་བ་ཅན་སོགས་དང་བྱད་དངོས་དང་གཟུགས་བརྙན་ཙམ་ཁྱད་པར་ཆེ། ཞིང་དེའི་ཚད་དང་སུམ་ཅུ་པའི་ལྷ་དང་ལོངས་སྤྱོད་མཉམ་པར་གསུངས་པ་སོགས་དགོང་པ་ཅན་གྱི་གསུང་ཡིན་པའང་ཤེས་པར་བྱའོ། །སྲིད་པ་བར་དོ་ནས་བཟུང་དག་ཞིང་དུ་སྐྱེས་ནས་རྟེན་དེར་ལམ་གྱི་ལྷག་མ་བགྲོད་དགོས་ངེས་ཅན་ཡིན་པས། དེས་ན་བར་དོའི་གདམས་པ་ལན་གཉིས་སུ་གསུངས་པ་ནི་གདམས་པའི་ངོ་བོ་ལ་ཁྱད་པར་ཡོད་པ་མིན་ཡང་། སྔ་མ་སྲིད་པ་བར་དོའང་བར་དོའི་བྱེ་བྲག་ཡིན་པས་དེའི་འཕྲོས་སུ་མཛད་ནས་གསུངས་པ་ཡིན་ལ། ཕྱི་མ་ནི། དབང་པོ་རབ་འབྲིང་ཐ་གསུམ་གྱི་གྲོལ་ཚུལ་བསྟན་པའི་དབང་དུ་བྱས་པ་ཡིན། རྗེས་ཁྲིད་སྐབས་བླ་མས་རང་ལ་རྒྱུ་སྦྱིན་ཟས་སྦྱིན་བྱས་པ་ཙམ་མ་ཡིན་པར་གདམས་ངག་ལེགས་པར་འདོམས་པའི་བཀའ་དྲིན་དྲན་པ་དང་། དམྱལ་བར་སྐྱེས་དུས་རླུང་བསིལ་བས་ལུས་ལ་རེག་པ་ཙམ་གྱི་བདེ་བ་དང་། སྡུག་བསྔལ་བར་བྱེད་པའི་གཤིན་རྗེའི་ཕོ་ཉ་ལྟ་བུ་ཡང་རང་གི་སྡིག་སྒྲིབ་སྦྱོང་ཐབས་སུ་བླ་མས་གང་འདུལ་གྱི་མཛད་པ་སྟོན་པའི་ཚུལ་ལ་ཡིད་ཆེས་བསྐྱེད་དེ་དད་པ་སྦྱོང་ཅི་ཐུབ་བྱ། ན་བའི་དུས་ལྟ་བུར་ཡང་གང་ན་སར་བླ་མ་གསལ་བཏབ་ལ་དེ་དང་རང་སེམས་བསྲེ་བ་སོགས་དུས་ཐམས་ཅད་དུ་བླ་མ་དང་མི་འབྲལ་བར་བྱ། སློབ་མ་མང་པོ་བསྡུས་ནས་དེ་རྣམས་ཀྱི་ཁ་འཛིན་བྱེད་མདོག་སོགས་ཆོས་ལྟར་སྣང་བའི་སྤྲོས་པ་ཐམས་ཅད་བསྡུ་ཅི་ཐུབ་བྱ། སྤྱིར་ཉ་སྟོང་ཚེས་བརྒྱད་བཅུ་བཞི་ཉེར་གསུམ་ཉེར་དགུ་རྣམས་སུ་དུས་ཆེན་དང་། ཁྱད་པར་ཚེས་བཅུ་བྱུང་རེས་པདྨས་མཛད་ཆེན་བསྟན་པའི་དུས་དང་། ཕུག་ལུགས་ལྟར་མངའ་རིས་པཎ་ཆེན་དང་གཏེར་ཆེན་རིན་པོ་ཆེ་སོགས་ནས་ཧོར་ཟླ་བཅུ་གཅིག་པ་སྟག་ཟླར་ངོས་འཛིན་པ་ལྟར་ན་སྤྲེལ་ཟླ་ཧོར་ཟླ་ལྔ་པ་ཡིན་པས་དེའི་ཚེས་བཅུའམ། དགོངས་འདུས་ལྟར་འཇིགས་གླིང་སོགས་ཀྱིས་སྟག་ཟླ་ཧོར་ཟླ་བཅུ་གཉིས་པར་བཞེད་པ་ལྟར་ན་སྤྲེལ་ཟླ་ཧོར་ཟླ་དྲུག་པ་ཡིན་པས་དེའི་ཚེས་བཅུའི་ཉིན་གུ་རུ་བོད་དུ་དངོས་སུ་འབྱོན་པའི་བསླུ་མེད་ཀྱི་གསུང་གིས་དབུ་སྙུང་བཞེས་པ་དང་བཅས་ཡོད་པའི་དུས་དེ་གཉིས་དང་། ལྕེ་བཙུན་འཇའ་ལུས་སུ་གཤེགས་པའི་དུས་ཆེན་ཧོར་ཟླ་བདུན་པའི་ཚེས་བཅུ་ཡིན་པས་དུས་དེ་རྣམས་སུ་ཚོགས་འཁོར་རེ་འགྲུབ་ངེས་བྱས་ན་ལམ་གྱི་གེགས་སེལ་བོགས་འདོན་ཆེན་པོ་འོང་། སྨིན་མཚམས་ཀྱི་ཆོས་འབྱུང་ཁ་དོག་དཀར་ལ་དམར་མདངས་ཆགས་པ་གདེངས་ཀ་ཆེ་བ་དཔྲལ་བའི་ཕྱོགས་སུ་བསྟན་པ་ཕུར་རྩེ་བཅད་པ་ལྟ་བུ་ཡིན། རྣམ་པ་ཀུན་དུ་རིག་པ་སྐད་ཅིག་མའི་ངང་བསྐྱངས་པས་སོགས་ནི་ཡུལ་སེམས་གཉིས་མེད་པར་དེར་ཅོག་གེར་གཞག །ཅེས་གསུངས་པ་ལྟར་དགོས་པ་ཡིན་གསུངས། ཞེས་པ་འདིའང་ཆུ་སྤྲེལ་ལོར། གདོད་མའི་མགོན་པོ་འོད་གསལ་སྤྲུལ་པའི་རྡོ་རྗེའི་ཕྲིན་ལས་ཀྱི་སྤྲུལ་པའི་རྣམ་རོལ་དུ་དམ་པའི་སྐྱེས་བུ་དུ་མས་མངའ་གསོལ་བ། འཁོར་ལོ་གསུམ་གྱི་ཕྲིན་ལས་བཟང་པོས་བཀའ་བབས་ཀྱི་བསྟན་པའི་རྒྱལ་མཚན་ཀུན་ཏུ་སྒྲེང་བ་ལ་འགྲན་ཟླ་ཐམས་ཅད་དང་བྲལ་བ། ངེས་པ་དོན་གྱི་ཀུན་ཏུ་བཟང་པོ་དང་རྣམ་དབྱེར་མ་མཆིས་པ་༧མཆོག་སྤྲུལ་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་གཙུག་ལག་ལུང་རིག་སྨྲ་བའི་སེང་གེ་རིས་མེད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་སྙིང་ཐིག་ཆེན་པོ་འདིའི་སྨིན་གྲོལ་གྱི་ཆོས་བཀའ་ཡོངས་སུ་རྫོགས་པ་ཞག་ཉེར་གཅིག་གི་བར་ཞིབ་རྒྱས་སུ་བསྩལ་སྐབས་སྨྱོས་བན་མཁྱེན་སྨིན་གླིང་མཁན་ཆེན་ནོར་པས་གསུང་ཟབ་གང་ཟིན་བརྗེད་ཐོར་བཀོད་པ་འདིས་ཀྱང་ཐེག་མཆོག་ཨ་ཏིའི་བསྟན་པ་ཕྱོགས་ནས་ཕྱོགས་སུ་དར་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།

View PDF Chetsun 20

Notes[edit]

  1. Sechen