ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་དཀའ་གནད་ཅི་རིགས་གསལ་བར་བྱེད་པ་བཞུགས་སོ།

From Rangjung Yeshe Wiki Texts
Jump to navigation Jump to search
The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.
{{{1}}}

༄༅། །ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་དཀའ་གནད་ཅི་རིགས་གསལ་བར་བྱེད་པ་བཞུགས་སོ།། །།[1]

༄༅། །བླ་མ་མཆོག་དང་འཇམ་པའི་དབྱངས། །དབྱངས་ཅན་ལྷ་ལ་གུས་བཏུད་ནས། །ཡིད་བཞིན་རིན་ཆེན་མཛོད་ཀྱི་ནི། །གསལ་བྱེད་ཅུང་ཟད་བྲི་བར་བྱ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཅེས་བྱ་བ། ཟབ་ཅིང་རྒྱ་ཆེ་བའི་བཀའ་དང་དགོངས་པ་འགྲེལ་པའི་གཞུང་གི་ལེགས་བཤད་མ་ལུས་པ་འདུས་པའི་བསྟན་བཅོས་ཆེན་པོ་འདི་ལ། ལེའུ་ཉེར་གཉིས་སུ་ཡོད་པའི། ལེའུ་དང་པོའི་སྐབས་སུ། ཆོས་ཉིད་དོན་གྱི་ཀུན་གཞི་ནི། གཞི་མ་བཅོས་པའི་རང་བཞིན་རྣལ་མ་འོད་གསལ་མཉམ་པ་ཉིད་ཀྱི་ངང་ནས། གློ་བུར་འཁྲུལ་པའི་བག་ཆགས་གཡོས་པ་ལས་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ལ་བརྟེན་ནས་ཡུལ་དོན་ལུས་ཀྱི་སྣང་བ་སྣ་ཚོགས་པར་མེད་བཞིན་སྣང་བ་སྒྱུ་མ་ལྟ་བུའི་སྲིད་པ་འདིར་འཁོར་ཞིང༌། འཁོར་དུས་ཉིད་ནའང་སྣང་ཙམ་ལས་རང་བཞིན་རྡུལ་ཙམ་མ་གྲུབ་པས་ཆོས་ཉིད་ཀྱི་དབྱིངས་ལས་གཡོ་བ་མེད་པའི་ཚུལ་དུ་ཤེས་པར་བྱའོ། །ལེའུ་གཉིས་པའི་སྐབས་སུ། སྤྱིར་སྟོན་པ་སྐུ་གསུམ་གྱི་ཐུགས་རྗེས་འགྲོ་བའི་དོན་མཛད་པའི་གདུལ་ཞིང་ཆོས་ཀྱི་དབྱིངས་དང་མཉམ་པ་ཚད་མེད་ནའང༌། མི་མཇེད་གྱི་ཞིང་ཁམས་འདི་འཆད་པ་ལ། རྣམ་སྣང་གངས་ཆེན་མཚོའི་སྐུའི་ཆ་ལ་བརྟེན་པའི་ཞིང་ཁམས་གྲངས་མེད་པ་ལས་མཉམ་བཞག་གི་སྟེང་ན་སྤོས་ཆུའི་རྒྱ་མཚོའི་པད་སྡོང་གི་ཟེའུ་འབྲུ་དབུ་མའི་སྟེང་ན་ཞིང་ཁམས་ཉེར་ལྔ་བརྩེགས་མར་གནས་པ་ལས། རང་རེ་གནས་པའི་ཞིང་འདི་ནི་བཅུ་གསུམ་པ་མི་མཇེད་ཐུགས་ཀྱི་ཐུགས་ཀྱི་ཞིང་ཡིན་པས་གསང་སྔགས་རྡོ་རྗེ་ཐེག་པའི་གནས་ཁྱད་པར་ཅན་ཡིན་ལ། སངས་རྒྱས་ཕལ་པོ་ཆེ་ནས། འཇིག་རྟེན་གྱི་ཁམས་རྒྱུད་ཕྱོགས་ཀུན་ནས་རིན་པོ་ཆེ་འབར་བའི་འོད་རྣམ་པར་སྣང་བ་ཞེས་བྱ་བ་འཇིག་རྟེན་ཉི་ཤུ་བརྩེགས་མར་གསུངས་པ་དང་སྤྱི་ཁོས་འདྲ་ཡང་འདིར་ནི་ཐུན་མིན་རྒྱུད་ཀྱི་ལུགས་སུ་ངེས་པ་ཉིད་དོ། །ལེའུ་གསུམ་པ་དང་བཞི་པའི་ཆགས་བསྐལ་སྐབས་སུ། བཀོད་པ་ཡིད་བཞིན་མཆོག་གི་རྒྱུད་དང༌། བི་མ་ལའི་མུ་ཏིག་ཕྲེང་འགྲེལ་སོགས་གཙོ་བོར་བཟུང་ནས་གསུངས་པ་ཡིན་ལ། དཀྱིལ་འཁོར་བཞི་དང༌། རི་གླིང་མཚོ་དང་ལྷ་གནས་ཀྱི་ཚད་དབྱིབས་བཀོད་པ་སོགས་གདགས་པ་དང་མངོན་པར་མཛོད་སོགས་དང་མི་མཐུན་པ་མེད་པས་ཡོངས་སུ་གྲགས་པར་ཟད་ལ། གཟུགས་མེད་པ་གཟུགས་ཁམས་ཀྱི་སྟེང་དུ་གོ་རིམ་སོ་སོའི་ནམ་མཁའ་ལ་གནས་པར་གསུངས་པའང༌། འཇིག་རྟེན་ཆགས་པ་ན་བཅུད་རྣམས་ཡས་ནས་མར་ཆགས་པ་དང༌། སེམས་ཅན་སྐྱེ་བ་ཕྲ་བ་ལས་རགས་པར་མཆེད་པའི་ཆོས་ཉིད་ཀྱི་རིགས་པས་གྲུབ་པས་ཤིན་ཏུ་བདེ་ཞིང༌། ཁམས་གསུམ་བརྩེགས་མར་གནས་པ་ལུགས་འདིར་མ་ཟད་དུས་ཀྱི་འཁོར་ལོའི་འང་དགོངས་པའོ། །གཟུགས་མེད་པ་ལ་སྟོང་རིག་ཏིང་ངེ་འཛིན་གྱི་ལུས་ཞེས་སྔ་འགྱུར་གྱི་གཞུང་ཕལ་ལས་འབྱུང་བ་ལྟར་འདིར་གསུངས་པ་ནི་སྔགས་དང་ཤིན་ཏུ་མཐུན་པའི་གནད་གལ་པོ་ཆེ་སྟེ། རྡོ་རྗེ་གསུམ་གྱི་བསྒྲུབ་གཞི་གཉུག་མའི་སྒོ་གསུམ་པོ་ནམ་ཡང་འབྲལ་མི་ཤེས་ལ། དེའི་སྟེང་གི་བག་ཆགས་ཕྲ་བའང་འཕོ་མེད་ཀྱི་སྐུ་མཐར་ཐུག་མ་གྲུབ་བར་དུ་མི་ལྡོག་པས་གཟུགས་མེད་ལའང་ཏིང་འཛིན་གྱི་ལུས་ཡོད་ཅིང༌། དེ་ལྟ་ན་ཐེག་ཆེན་གྱི་མདོ་རྣམས་ལས་ཀྱང་སྟོན་པ་ལ་གཟུགས་གཟུགས་མེད་ཀྱི་ལྷས་བསྐོར་བ་དང༌། སྟོང་གསུམ་དར་ཡུག་གི་དཔེའི་སྐབས་སུ། གཟུགས་མེད་པའི་གཞལ་ཡས་ཁང་གི་ཚད་དུ་ནི་གཟུགས་མེད་པའི་གཞལ་ཡས་ཁང་བྲིས་ཞེས་སོགས་གསུངས་པའི་དོན་རྣམས་ཀྱང་བདེ་བླག་ཏུ་འཆད་ནུས་སོ། །ནམ་མཁའ་ལ་ཐོགས་རེག་མེད་ཀྱང་སོ་སོའི་རྟེན་གཞིར་གྱུར་པའི་ནམ་མཁའ་དེར་རང་སྣང་གི་གནས་ལུས་བརྟེན་པར་སྣང་བའི་ཆ་ནས་ཤིན་ཏུ་རུང་སྟེ། དཔེར་ན་ཐུན་མོང་གི་གཞུང་ལས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ནམ་མཁའ་ལ་རྟེན་མེད་པར་གནས་པར་བཤད་པ་ལ་སོགས་པ་བཞིན་ནོ། །དེས་ན་ནམ་མཁའ་ལ་དངོས་པོ་མེད་ཀྱང་གོ་འབྱེད་པའི་ཆ་ནས་འཇིག་རྟེན་ན་འབྱུང་བའི་ཡ་གྱལ་དུ་བསྒྲངས་ཤིང༌། སྔགས་སུ་དག་པ་དབྱིངས་ཕྱུག་མ་དང་སྦྱར་བ་བཞིན་བརྟགས་ན་དབེན་པའི་སྣང་ཙམ་ལ་བྱ་བྱེད་འཐད་པའི་རྣམ་གཞག་འདིས་ཐ་སྙད་བདེ་ཞིང་དོན་དམ་ལ་འཇུག་པའི་ཚུལ་གསལ་བར་ཁོང་དུ་ཆུད་པར་བྱའོ། །རི་རབ་གྱི་བང་རིམ་བཞི་དང༌། རོལ་མཚོ་དང་རི་རྣམས་ཀྱི་ཚད་བཤད་པའི་སྐབས་སུ། ཆུར་ནི་སུམ་འགྱུར་ཀུན་ལ་ཤེས་པར་བྱ་ཞེས་གསུངས་པའི་དོན། གྲུ་བཞིར་མཉམ་ཕན་ཆོད་ཤར་ནུབ་ལྟ་བུའི་ཐད་ཀའི་ཞེང་དང༌། མཐའ་བསྐོར་གྱི་ཕྱོགས་གཅིག་གི་ཞེང་མཉམ་པས་ན། གྲུ་བཞི་རྣམས་ལ་ནི་ཐད་ཀའི་ཞེང་གི་ཚད་དེའི་བཞི་འགྱུར་མཐའ་ཁོར་ཡུག་ཏུ་ཡོད་ལ། ཟླུམ་པོ་ལ་ནི་སུམ་འགྱུར་ཡོད་པས། འདིར་བཞི་འགྱུར་སུམ་འགྱུར་ཡི་གེ་ནོར་རམ་སྙམ་སྟེ། གཞན་དུ་བང་རིམ་དང༌། གཞན་དུ་བང་རིམ་དང༌། རིམ་ཚོ་རྣམས་ཁ་ཞེང་ཆེ་ཆུང་སྣ་ཚོགས་བྱུང་བས། རོལ་མཚོ་དང་པོ་ལ་ནི་རང་གི་ཁ་ཞེང་དང་དཔག་ཚད་བརྒྱད་ཁྲི་ཡོད་པ་སུམ་འགྱུར་བྱས་པ་ཉིས་འབུམ་བཞི་ཁྲི་ཕྱོགས་རེ་རེའི་མཐའ་ཚད་དུ་ཡོད་པ་མ་གཏོགས་གཞན་ལ་རང་གི་ཁ་ཞེང་གིས་ནི་མི་འགྲིག་ལ། གྲུ་བཞི་སྤྱིའི་མཐའ་ཚད་ཀྱི་སུམ་ཆ་བཟུང་ན་འགྲིག་མོད། དེ་ཕྱོགས་རེའི་སུམ་ཆའང་ཡིན་པས་གོ་རྒྱུའང་ལྷག་པོ་མེད་པས་འདིའི་གནད་གང་ཡིན་བརྟག་པར་བྱ་དགོས་ལ། གལ་ཏེ་ཤར་ནུབ་ལྟ་བུའི་མཐའ་ཚད་མ་བཟུང་བར་མེ་ནས་རླུང་གི་གྲྭའི་བར་གྱི་ཐད་ཀའི་རིང་ཐུང་གི་ཚད་དེ་སུམ་འགྱུར་དུ་བྱས་པས་གྲུ་བཞིའི་མཐའ་ཁོར་ཡུག་ཏུ་གཞལ་ན་ཅུང་ཟད་ཅིག་ལྷག་ནའང༌། ཕྱི་ནས་སྲད་བུ་སོགས་ཀྱིས་འཇལ་བས་མཐའ་ཚད་རགས་པ་འགྲིག་པ་ལ་དགོངས་པ་ཡིན་ནམ་དགོངས་དོན་གཞན་བཙལ་བར་བྱའོ། །ཞེང་རྣམས་རི་བདུན་སོ་སོ་དང་མཉམ་ཞེས་པ། རྒྱ་མཚོ་རང་རང་གི་ནང་གི་རི་བདུན་པོ་དང་མཉམ་པའི་དོན་ཏེ། རི་རབ་དང་གཉའ་ཤིང་འཛིན་གྱི་བར་གྱི་མཚོ་ནི་རི་རབ་ཀྱི་ཞེང་དང་མཉམ་པས་བརྒྱད་ཁྲི་ཡིན་པ་ལ་སོགས་པའོ། །ཚ་དམྱལ་གྱི་གནས་ནི་མཛོད་དང་མཐུན་པ་དེ་དང་འདབ་འབྱོར་དུ་གྲང་དམྱལ་བརྒྱད་གསུངས་པས། སྟེང་འོག་གི་བར་ཐང་དཔག་ཚད་ཉིས་སྟོང་ཉིས་སྟོང་གིས་ཆོད་པར་གསུངས་ཏེ། སའི་དངོས་གཞི་ལས་ཀྱང་གྲང་དམྱལ་གྱི་བར་ཆད་འདི་བཞིན་གསུངས་ཤིང༌། དེ་ལྟར་ན་འདི་ན་ཡང་སོས་ཀྱི་བར་ལ་དཔག་ཚད་དྲུག་སྟོང་ཡོད་པར་མངོན་ནོ། །དེ་ཡང་གཞུང་འདིར་གཟུགས་ཁམས་པ་རྣམས་ཀྱི་ཚེ་ཚད་བར་བསྐལ་ཁོ་ནའི་དབང་དུ་མཛད་ལ་གཞན་ནས། ཚངས་རིས་བར་བསྐལ་ཉི་ཤུ། མདུན་ན་འདོན་བཞི་བཅུ། ཚངས་ཆེན་དྲུག་ཅུ། འོད་ཆུང་བསྐལ་ཆེན་གཅིག དེ་ཡན་ཆད་བསྐལ་ཆེན་གྱིས་རྩི་བར་གསུངས་པ་མི་འདྲ་ཡང༌། སྤྱིར་གནས་རིས་རྣམས་ཀྱི་ཚེ་ཚད་རིང་ཐུང་མི་འདྲ་བ་སྣ་ཚོགས་མདོ་སོ་སོར་གསུངས་པ་དང༌། གནས་ཀྱི་ཚད་དབྱིབས་མི་འདྲ་བ་མདོ་རྒྱུད་སོ་སོར་གསུངས་པ་སྣ་ཚོགས་ཡོད་པས་གཞན་ལ་བརྟེན་ནས་འདི་མི་འཐད་པར་མི་བསམ་སྟེ། འགྲེལ་ཆུང་ལས། གང་གི་ཕྱིར་འདི་ནི་རྣམ་པར་བཞག་པ་གཞན་ཁོ་ན་སྟེ། དེའི་ཕྱིར་ཐེག་པ་གཞན་ལ་བརྟེན་ནས་ནི་གང་དུ་ཡང་སུན་འབྱིན་པ་བརྗོད་པར་མི་བྱའོ། །ཞེས་གསུངས་པ་བཞིན་ནོ། །ཐོག་མར་གཟུགས་མེད་ནས་འོག་མིན་དུ་མཆེད་པ་སོགས་འདི་ལ་འཕགས་པ་འོག་སར་ལྷུང་པ་མི་སྲིད་པས་ཐེག་དམན་ལྟར་ན་དེ་ལྟར་མི་འདོད་ཀྱང༌། ཐེག་ཆེན་གྱི་མདོ་ལས་བྱང་སེམས་རྣམས་གནས་གོང་འོག་ཀུན་ཏུ་སྐྱེ་བ་ལེན་པར་གསུངས་པ་བཞིན་ཤེས་པར་བྱའོ། །སྒྲ་མི་སྙན་སོགས་ཀྱི་ལུས་ཚད་རང་ཁྲུ་ཞེས་པ་འདི་ཁོ་རང་གི་ཁྲུ་ཞེས་པའི་དོན་མིན་ཏེ། གཟུགས་མཐའ་བཤད་པའི་སྐབས་ནས་བྱུང་བའི་ཁྲུ་ཚད་དེ་ལ་རང་ཁྲུ་ཞེས་གདགས་པ་ཁྲུ་རྣལ་མ་ཞེས་པའི་དོན་ལྟ་བུ་སྟེ། སོ་སོའི་ལུས་ཁྲུ་མིན་པའི་དོན་ཏོ། །མི་སྣང་ཞེས་གྲགས་ཚུན་ཆད་མི་ཞེས་གྲགས། ཞེས་པའི་དོན་མི་ཉིད་སྣང་ངོ༌། ཞེས་པའི་སྒྲ་ཡིན་གྱི་དགག་ཚིག་ཏུ་གོ་བར་མི་བྱའོ། །ལེའུ་ལྔ་པའི་སྐབས་ན། འཕེལ་འགྲིབ་ཀྱི་བསྐལ་པ་འཇོག་ཚུལ་མཛོད་སོགས་དང་ཅུང་མི་འདྲ་སྟེ། མཛོད་ལྟར་ན་ཆགས་པའི་ཚེ་བསྐལ་པ་དཔག་མེད་ནས་མར་འགྲིབ་སྟེ་བརྒྱད་ཁྲི་ལ་ཐུག་གི་བར་ཆགས་པའི་བསྐལ་པར་གཏོགས་ལ། བརྒྱད་ཁྲི་ནས་བཅུ་པའི་བར་མར་འགྲིབ་པ་བུལ་བས་རྐྱང་པ་གཅིག་པུ་དེ་བར་ཁུག་གཅིག་དང་ཡུན་འདྲ་བས་ཡ་ཐོག་ཅེས་བྱ་ལ། དེ་ནས་བཅུ་པ་ནས་ཡར་བརྒྱད་ཁྲི་བར་འཕེལ་བ་དང༌། ཡང་བརྒྱད་ཁྲི་ནས་བཅུ་པའི་བར་མར་འགྲིབ་པ་ཟུང་གཅིག་ལ་ཁུག་པ་ཞེས་བྱ་སྟེ། དེ་འདྲ་ལན་བཅོ་བརྒྱད་ཀྱི་མཐར། བཅུ་པ་ནས་བརྒྱད་ཁྲི་བར་ཡར་དལ་བུས་འཕེལ་བ། རྐྱང་པ་གཅིག་པུ་ལ་མ་ཐོག་ཅེས་བྱ་སྟེ། དེ་ལྟར་ན་ཡ་ཐོག་མ་ཐོག་རྐྱང་པ་རེ་རེ་དང༌། བར་ཁུག་པ་རེ་ཡུན་མཉམ་པས་དོན་དུ་བར་བསྐལ་ཉི་ཤུ་གནས་པའི་བསྐལ་པ་ཡིན་ལ། མ་ཐོག་གི་བརྒྱད་ཁྲི་ཡན་ཆད་འཇིག་པའི་སྐལ་བར་གཏོགས་སོ། །ལུགས་འདིར་ནི་ཚེ་ལོ་དཔག་མེད་ཀྱི་དུས་སུ་ཆགས་པ་རྫོགས་ལ་འགྲིབ་པའི་མགོ་རྩོམ་པ་ནས་གནས་བསྐལ་འཇོག་སྟེ། དེ་ཡང་དཔག་མེད་ནས་བརྒྱད་ཁྲིའི་བར་དུ་ལོ་ཉིས་བརྒྱ་ན་ལོ་རེ་འགྲིབ་པ་དང༌། བརྒྱད་ཁྲི་ནས་བཅུ་པའི་བར་ལོ་བརྒྱ་རེའི་མཚམས་ནས་ལོ་རེ་ཕྲི་བའི་ཚུལ་གྱིས་མར་འགྲིབ་པ་རྐྱང་པ་ནི་ཡ་ཐོག་རིང་མོ་འགྲིབ་པའི་བསྐལ་པ་ཞེས་བྱ་ལ། དེ་ནས་ཡར་བརྒྱད་ཁྲིའི་བར་དང་མར་བཅུ་པའི་བར་ལ་འཕེལ་འགྲིབ་ཟུང་རེ་གཅིག་ཏུ་བརྩིས་པའི་ལན་བཅོ་བརྒྱད་ནི་བར་ཁུག་བཅོ་བརྒྱད་ཅེས་བྱ་སྟེ། ཁུག་པའི་སྐབས་སུ་ལོ་བརྒྱ་རེའི་མཚམས་སུ་བཅུ་ཉི་ཤུ་བཞི་བཅུ་སོགས་སྡེ་ཚན་བཅུ་གཉིས་ཀྱིས་འཕེལ་འགྲིབ་བྱེད་པས་ན་འདིའི་འཕེལ་འགྲིབ་ཟུང་གཅིག་དང༌། ཡ་ཐོག་མ་ཐོག་གི་བརྒྱད་ཁྲི་དང་བཅུ་པའི་བར་གྱི་འགྲིབ་པ་རྐྱང་པ་གཅིག་དུས་རིང་ཐུང་མཉམ་པར་བཤད་དེ་མགྱོགས་བུལ་གྱི་དབང་གིས་སོ། །བར་ཁུག་བཅོ་བརྒྱད་པོ་རྫོགས་པའི་རྗེས་སུ་བཅུ་པ་ནས་ཡར་དཔག་མེད་བར་དུ་སྡེ་ཚན་གྱིས་འཕེལ་བ་དང༌། དཔག་མེད་ནས་མར་བཅུ་པ་བར་དུ་ཡ་ཐོག་ལྟར་འགྲིབ་པའི་ཁུག་དེ་མ་ཐོག་རིང་མོ་ཞེས་སུ་བཞེད་དེ་ཚུལ་འདི་ལྟར་ན་མོས་པའི་སྐུ་ཚེ་དང་མཛད་ཕྲིན་སོགས་མདོ་ལས་ཇི་སྐད་གསུངས་པ་ལྟར་འཇོག་ནུས་པ་སོགས་འཆད་ཚུལ་ཐུན་མིང་ངོ་མཚར་ཅན་ཞིག་གོ །དེ་ལྟར་ན་ཡ་ཐོག་འགྲིབ་པ་རྐྱང་པ་གཅིག་པུ་བར་ཁུག་གཅིག་ལས་ཡུན་རིང་ཞིང༌། མ་ཐོག་འཕེལ་འགྲིབ་ཁུག་པ་ཅན་དེ་ལས་ཀྱང་ཤིན་ཏུ་རིང་བས་གནས་པའི་བར་བསྐལ་ཉི་ཤུ་པོ་འདི་དག་ནང་ཕན་ཚུན་རིང་ཐུང་མཉམ་པ་མིན་ཏེ། ཡ་ཐོག་མ་ཐོག་གི་ཡུན་བསྡོམས་པ་དང༌། བར་ཁུག་བཅོ་བརྒྱད་པོ་གཅིག་ཏུ་བསྡོམས་པའི་ཡུན་འདྲ་བར་འདོད་དོ། །ཕྱིན་ཅི་ལོག་གི་ལྷག་མ་དགུའི་སྐབས་སུ། མི་རིགས་པའི་འདོད་པ་ནི། ཆོམ་རྐུན་དང་མཐུ་སྟོབས་དང་བྲིད་པ་སོགས་ཀྱི་སྒོ་ནས་ཕ་རོལ་གྱི་ནོར་དོན་དུ་གཉེར་བ་ལྟ་བུ་མི་རིགས་པར་ཆགས་པའོ། །ཆོས་མིན་གྱི་ཆགས་པ་ནི། ལོག་གཡེམ་དང་ལིངས་འདེབས་པ་ལྟ་བུ་ཆོས་མ་ཡིན་པའི་ལོངས་སྤྱོད་ལ་ཆགས་པའོ། །ལོག་པའི་ཆོས་ནི་རྒྱལ་པོ་དང་བྲམ་ཟེའི་ཆོས་ལུགས་ཁ་ཅིག་ལྟར་ཆོས་མིན་བྱས་པས་འཇིག་རྟེན་ཕ་རོལ་ཏུ་འཚེ་བ་ལྡན་པ་ལོག་པའི་ཆོས་གང་ཡིན་པའོ། །དེ་ལྟར་ན་ལོངས་སྤྱོད་དང༌། ཡུལ་དང༌། བདེ་འགྲོ་ཡོངས་སུ་ཚོལ་བ་གསུམ་ལ་བརྟེན་ནས་ལོག་པར་སྒྲུབ་པའི་ཆོས་མིན་གསུམ་པོ་དེ་མི་རྣམས་ལ་འབྱུང་བར་བསྟན་ཏོ། །གནས་དུས་ཀྱི་ཆོས་ཀྱི་བྱེ་བྲག་གི་སྐབས་ནས། ཡོངས་སུ་བཟུང་བའི་དངོས་པོ་བཅུ་བདུན་ནི། ས་ཡི་དངོས་གཞི་ལས་བདུན་དུ་གསུངས་ཏེ་དང་པོ་བཅུ་གཅིག་བསྡོམས་པར་མཛད་པ་ཙམ་ལས་བྱངས་འདྲ། དེ་ལས་གཞན་ཀུན་གོ་བར་ཟད་ལ། འཕྲལ་གྱི་དགོས་དོན་སྒྲུབ་པ་ལ་ལས་བྱེད་པ་ཞེས་དང༌། ཡང་ཞོ་ཤས་འཚོ་བ་ཞེས་པ། འདིའི་སྐད་དོད། པཽ་རུ་ཥཻ་ཡཿ ཞེས་པ་སྟེ། ཞོ་ཤ་ནི་བརྡ་རྙིང་ཡིན་ཅིང་ཐད་ཀར་འཇུག་པ་ཙམ་གྱིས་དབང་དུ་ན་མཐུའམ་ནུས་པ་ཞེས་བྱ་ལ། དེ་ཕྱིར་རྒྱལ་པོ་སོགས་ལ་བརྟེན་ནས་དེའི་ནུས་པས་འཚོ་བ་དཔྱད་ཁྲལ་སྡུད་མཁན་སོགས་ལ་འཇུག་ཚལ་མང་ཡང༌། སྐབས་འདིར་ཞོ་ཤས་འཚོ་བ་ཞེས་གསུངས་པ་གཙོ་བོ་དེའི་མཐུ་ལ་བརྟེན་ནས་འཚོ་བ་མཁན་གྱི་མིང་སྟེ་རྒྱལ་པོའམ་ཁྱིམ་བདག་སོགས་ཀྱི་ཁྱིམ་ན་དེ་དག་གི་དྲིན་ལ་བརྟེན་ནས་གནས་པ་ལའང་ཞོ་ཤས་འཚོ་བ་ཞེས་ཡོངས་སུ་བཟུང་བའི་དངོས་པོར་བགྲང་ངོ༌། །མཛའ་བཤེས་ཡིད་དུ་འཐད་པའི་གྲོགས། བློན་པོ་གྲོས་དང་ལས་ལ་འདུ་བ། ཉེ་དུ་ནི་ཕའི་ཕྱོགས། སྣག་གི་གཉེན་མཚམས་ནི་མ་ཡི་ཕྱོགས་ནས་ཉེ་བ། ཟོད་དགྲམ་པའི་དངོས་པོ་ནི་ཕར་འཚོང་རྒྱུའི་ཡོ་བྱད་སྣ་ཚོགས། བསོད་ནམས་བྱ་བ་དགེ་བསགས་པ། ནོར་བསོགས་པ་ནི་དངོས། ལས་ཀྱི་མཐའི་དངོས་པོ་ནི་བྱ་བ་སྣ་ཚོགས་གང་ཅི་ཡང་རུང་བ་སྒྲུབ་པ་ཐམས་ཅད་དོ། །ཡོ་བྱད་བཅུ་བཞི་ལས། བཞད་གད་ནི་རྩེད་མོ་སོགས་ཀྱིས་དགོད་པར་བྱེད་པ། མེ་ཏོག་ཕྲེང་རྒྱུད་ནི་མེ་ཏོག་སྣ་ཚོགས་ཕྲེང་བར་བརྒྱུས་ཏེ་ལུས་ལ་འདོགས་པ་སོགས་སོ། །རྒྱུན་གྱི་རྗེས་སུ་སྤྱོད་པ་བརྒྱད་ཀྱི་སྤྱོད་ལམ་གཞན་ལ་ཡོངས་སུ་བརྟགས་པ་ཞེས། འདིར་བསྟན་གོས་གྱོན་པ་སོགས་མ་གཏོགས་པའི་སྤྱོད་ལམ་ཐམས་ཅད་དོ། །འཁྲིག་པ་དང་ལྡན་པའི་གཏམ་ནི་འཁྲིག་པའི་ཕྱོགས་ཀྱི་གཏམ་སྨྲ་བའོ། །ཡང་འཁྲིག་པའི་ཆེད་དུ་ལུས་ཀྱི་འགྲོ་བ་སོགས་རྩོལ་བ་བྱེད་པ་ནི་དེ་དང་ལྡན་པའི་རྩོལ་བ་ཞེས་སོ། །འཇིག་རྟེན་སྤྱོད་བཅུ་ལས། སྨྲ་བ་ཚིག་སྣ་ཚོགས་ཀྱིས་ངག་བརྗོད་པ། གཏམ་ལན་དུ་བརྗོད་པའམ། ཡང་ན་ད་ལྟའི་གནས་སྐབས་སྨྲ་བ་དང་སྔོན་གྱི་རབས་གཏན་དུ་བརྗོད་པ་སོགས་སོ། །ཕན་ཚུན་དགའ་བའི་རྣམ་འགྱུར་གྱིས་སོ་སོར་མགུ་བར་བྱེད་པ་དང༌། མིང་ནས་འབོད་པ་དང༌། གཡར་འདྲེན་པ་ནི་མགྲོན་དུ་འབོད་པའོ། །ཉེས་རྩོམ་ཉེར་གཉིས་ནི། གཞལ་བླུགས་ལ་སྒྱུ་བྱེད་པ་ཞེས་འབྲུ་སོགས་སྣོད་དུ་བླུག་ཅིང་འཇལ་བའི་རིགས་ལ་གཡོ་སྒྱུ་བྱེད་པ། རིན་པོ་ཆེ་སོགས་འདེགས་པའི་རིགས་ལ་སྲང་ལ་སྒྱུ་བྱེད་པ། རས་སོགས་མཐོའམ་ཁྲུ་སོགས་ཀྱིས་གཞལ་བ་ལ་སྒྱུ་བྱེད་པ། ལོག་པའི་ལས་ཞེས་བྱ་བ་མ་ཡིན་པའི་ལས་ལ་འཇུག་པ། ཉེས་པ་རྩོམ་པའི་སྨྲ་བ་དང་སླར་སྨྲ་བ་ཙམ་འཐབ་མོ། གཅིག་ལ་གཅིག་སྐྱོན་སྨྲ་བ་མཚང་འབྲུ་བ། དེ་མི་བཟོད་པར་དྲག་ཏུ་སྨྲ་བ་རྩོད་པ། རྩོད་པ་རྣམས་གྲལ་ཕལ་ཆེར་མི་མཐུན་སྨྲ་བ་འབྱེད་པ། ཁྲོས་པས་ཚོགས་པར་དབྱུང་མི་རུང་བའི་སྐུར་པ་གླེང་བ་གཤེ་བ། འཁུ་བའི་བསམ་པས་ངག་དང་བྱེད་པ་ཡིད་མི་འོང་སྟོན་པ་ཁྲོ་བ། གནོད་པ་འདི་བྱེད་དོ་སྙམ་དུ་ཁས་ལེན་པ་དམ་བཅའ་བ། ཁྱོད་གསོད་དོ་བརྡུང་ངོ་ཞེས་སོགས་ལུས་ངག་གིས་སྡིགས་པ། གནོད་པའི་བསམ་པས་ཐལ་མོ་དང་དབྱུག་པ་སོགས་ཀྱིས་བརྡེག་པ། མཚོན་དང་དུག་སོགས་ཀྱིས་གསོད་པ། ཞགས་པ་ལྕགས་སྒྲོག་སོགས་ཀྱིས་འཆིང་བ། བཙོན་རར་གཞུག་པ་སོགས་གཞན་དུ་བྲོས་པ་མེད་པའི་གནས་སུ་བཅུག་པ་གོ་རར་གཞུག་པ། རྐང་ལག་སོགས་གཅོད་པ། ཡུལ་གཞན་དུ་སྤྱུག་པ། མགོ་བསྐོར་གྱི་གཡོ་བྱེད་པ། བསླུ་ཐབས་ཀྱིས་འབྲིད་པ། ཁྲོས་ཤིང་རྔམས་པའི་འཇིགས་སྟངས་སྟོན་པ་དྲག་ཤུལ། མི་བདེན་པའི་ཚིག་གིས་རྫུན་དུ་སྨྲ་བ་རྣམས་སོ། །སེམས་ཅན་རིགས་དྲུག་ཅུ་རྩ་གསུམ་ལ། ས་ཡི་དངོས་གཞི་ནས་རེ་བཞིར་གསུངས་ཏེ་སངས་རྒྱས་དང་སྤོང་བ་པ་གཉིས་བགྲང༌། འདིར་རེ་གསུམ་དུ་གསུངས་ཤིང་སངས་རྒྱས་མ་བགྲངས་པར་ལྷ་མིན་དང་བར་སྲིད་བགྲངས། སྡོམ་མིན་དང་སྡོམ་པ་མེད་པའང་མིན་པ་གཅིག་ཏུ་བྱས་པ་ལྟ་བུར་འདུག་པ་མ་གཏོགས་གཞན་ཀུན་འདྲ། དེ་ལ་སྡོམ་པ་སོ་ཐར་ལྟ་བུ། སྡོམ་མིན་ཇི་སྲིད་འཚོ་བར་དུ་མི་དགེ་ལ་ཞུགས་པར་འདོད་པ་སྟེ། དེ་གཉིས་ཚེ་གཅིག་གི་དབང་དུ་བྱས་ལ། བར་མིའི་སྡོམ་པ་ནི་ཟླ་བ་དང་ཞག་ལ་སོགས་པའི་བར་དུ་དགེ་མི་དགེ་ལ་འཇུག་པར་ཁས་ལེན་པའོ། །གནས་བརྟན་ནི་བསྙེན་པར་རྫོགས་ནས་ལོ་བཅུའམ་བཅུ་ལས་ལྷག་པར་ལོན་པ་བརྟན་མཁས་ཀྱི་ཡོན་ཏན་དང་ལྡན་པའོ། །གསར་བུ་ནི་བསྟན་པའི་སྒོར་རབ་ཏུ་བྱུང་བའམ་བསྙེན་པར་རྫོགས་ནས་རིང་པོར་མ་ལོན་པ། བར་མི་ནི་བསྙེན་པར་རྫོགས་ནས་ལོ་ལྔ་ལོན་པ་ཕན་ཆད་ལྟ་བུ་སོགས་གནས་བརྟན་དུ་མ་སོན་ལ་གསར་བུ་ལས་རྒན་པ་རྣམས་སོ། །མཁན་པོ་ནི་རབ་ཏུ་འབྱིན་བྱེད་དམ། བསྙེན་པར་རྫོགས་པར་བྱེད་པ་གཉིས་སོ། །སློབ་དཔོན་ནི། སྐྱབས་སྡོམ་དང་བསླབ་གཞི་སྦྱིན་པ་དགེ་ཚུལ་གྱི་སློབ་དཔོན། གསང་སྟོན་པ། ལས་བྱེད་པ། གནས་སྦྱིན་པ། ཀློག་པའི་སློབ་དཔོན་ལྔའོ། །མཁན་བུ་རྣམས་ལ་ལྷན་ཅིག་གནས་པ། སློབ་བུ་ལ་ཉེ་གནས་ཞེས་བྱའོ། །གློ་བུར་ལྷག་པ་ནི་དགེ་འདུན་གྱི་གཙུག་ལག་ཁང་དུ་དགེ་སྦྱོང་གཞན་འཕྲལ་དུ་འོང་བའོ། །དགེ་འདུན་གྱི་ལས་བྱེད་པ་དགེ་བསྙེན་སོགས་གཙུག་ལག་ཞིག་རལ་གསོ་བ་སོགས་སོ། །དུས་བརྒྱད་ཀྱི། མངལ་ན་གནས་པ་ནི་མེར་མེར་པོ་ལ་སོགས་པའོ། །མངལ་ནས་སྐྱེ་བ་བཙས་པ། སྐྱེས་ནས་རྩེད་མོ་མི་ནུས་པའི་སྐབས་བྱིས་པ། རྩེད་མོ་ནུས་པ་གཞོན་ནུ། འདོད་པ་སྤྱོད་ནུས་པ་ལང་ཚོ། ལྔ་བཅུ་མན་ཆད་དར་བབ། བདུན་ཅུ་མན་ཆད་རྒས་པ། དེ་ཡན་ཆད་འཁོག་པའི་དུས་སོ། །འཚོ་བ་དྲུག་གི ཞིང་ལས་ཕྱུགས་འཚོ་སྐྱོང་ཚོང་གསུམ་གོ་བར་ཟད། ཞོ་ཤས་འཚོ་བ་ནི་སྐབས་འདིར་རྒྱལ་པོ་ལ་ཞོ་ཤས་འཚོ་བ་ཞེས་གསུངས་པའི་རྒྱལ་པོ་སོགས་ཀྱི་མཐུ་ལ་བརྟེན་ནས་འཚོ་བའི་མིང་ངོ༌། །ཡི་གེ་དང་ཤོད་དགོད་པ་ཞེས། ཡི་གེ་འདྲི་བའི་སྒོ་ནས་འཚོ་བ་སྒྲུབ་པ་དང༌། གྲངས་ཀྱི་ཆ་འཛིན་པའི་ཤོད་དགོད་པས་དངོས་པོའི་གྲངས་བརྩི་བའོ། །རྩིས་ཀྱི་ལས་ཞེས་པ་གཟའ་སྐར་སོགས་རྩིས་ཆེན་པོ་དང༌། རྩིས་ཕྲན་ལག་རྩིས་ལ་བརྟེན་ནས་བླང་དོར་སྟོན་པ་དང༌། དེ་རྣམས་ལས་གཞན་པའི་བཟོ་གནས་གང་རུང་ལ་བརྟེན་ནས་འཚོ་བ་སྒྲུབ་པའོ། །ང་རྒྱལ་བདུན་ནི། ཆུང་ངུ་བས་བདག་འཕགས་བསམ་པའམ་མཉམ་པ་དང་མཉམ་སྙམ་དུ་སེམས་ཁེངས་པ་ང་རྒྱལ། མཉམ་པ་ལས་བདག་འཕགས་ཤིང་མཆོག་དང་མཉམ་སྙམ་པ་ལྷག་པའི་ང་རྒྱལ་ལམ་ཆེ་བའི་ང་རྒྱལ། ཁྱད་པར་འཕགས་པ་ལ་དམིགས་ནས་བདག་དེ་ལས་ཀྱང་འཕགས་སྙམ་པ་ང་རྒྱལ་ལས་ཀྱང་ང་རྒྱལ། ཉེར་ལེན་ཕུང་ལྔ་ལ་བདག་དང་བདག་གིར་བཟུང་སྟེ་སེམས་ཁེངས་པ་ངའོ་སྙམ་པའི་ང་རྒྱལ་ཆེས་ཁྱད་འཕགས་ལས་བདག་ཅུང་ཞིག་དམན་ཀྱང་རང་བཟང་སྙམ་དུ་སེམས་པ་ཅུང་ཟད་སྙམ་པའི་ང་རྒྱལ། ཟག་བཅས་ཟག་མེད་ཀྱི་ཡོན་ཏན་མ་ཐོབ་པ་ལ་ཐོབ་པར་རློམ་པ་མངོན་པའི་ང་རྒྱལ། གསོད་གཅོད་བརྩོན་པ་སོགས་ཡོན་ཏན་མིན་པ་ལ་ཡོན་ཏན་དུ་རློམས་ནས་སེམས་ཁེངས་པ་ལོག་པའི་ང་རྒྱལ་ལོ། །རྒྱགས་པ་བདུན་ནི། རང་རྒྱུད་ཀྱི་ལང་ཚོ་ཐོས་སོགས་ལ་ཡིད་མགུ་ནས་འཐིག་པའམ་སེམས་གཏུག་པའོ། །ཐ་སྙད་ཀྱི་གཞི་མང་པོ་རྣམས་ནི་སྤྱིར་ཚོགས་དྲུག་གི་ཡུལ་ལ་དགག་སྒྲུབ་ཀྱི་ཐ་སྙད་སྣ་ཚོགས་རྣམ་པར་བཞག་པ་སྟེ། ཤེས་བརྗོད་འཇུག་གསུམ་ཀྱི་ཐ་སྙན་རྣམས་གང་ལ་འཇུག་པའི་གཞི་དེར་ངེས་པའི་ཚིག་གི་གཞི་དང༌། སྤྲོས་པའི་གཞི་དང་དོན་བསྡུས་པའི་གཞི་ཞེས་བྱ་སྟེ་དེ་དག་རྣམ་གྲངས་སོ། །དེ་ལ་སའི་དངོས་གཞི་ལས་ཤིན་ཏུ་མང་པོ་གསུངས་ཤིང༌། འདིར་ཡིད་ཀྱི་ཡུལ་ཆོས་ཁམས་ཀྱི་རྣམ་དབྱེ་བཅུ་ཙམ་བཀོད་པ་ནི། མཚོན་བྱེད་དུ་མཛད་པ་སྟེ། རྒྱས་པར་ན་ཕྱི་དང་ནང་གི་སྐྱེ་མཆེད་ཀྱི་རབ་ཏུ་དབྱེ་བ་དྲུག་བརྒྱ་དྲུག་ཅུ་སོགས་སུ་བཤད་པས་སྡེ་ལས་ཤེས་པར་བྱའོ། །ལེའུ་དྲུག་པར། འཇིག་བསྐལ་ནི་ཡར་སྐྱེ་མར་འགྲིབ་ཉི་ཤུ་ཉི་ཤུ་སྟེ་བཞི་བཅུ་ན་འཇིག་ལ། དེ་ཡང་གནས་པའི་བར་བསྐལ་ཉི་ཤུ་རྫོགས་པའི་མཐར་བཅུ་པ་ནས་ཡར་འཕེལ་བར་རྩོམ་པ་ན་འཇིག་པའི་མགོ་རྩོམ་སྟེ་ངན་སོང་གསུམ་སྟོངས་ནས་མི་རྣམས་ཆོས་ཉིད་ཀྱིས་བསམ་གཏན་ཐོབ་ནས་གོང་མར་སྐྱེ་བ་སོགས་བསམ་གཏན་གསུམ་པའི་བར་རིམ་པས་སྟོངས་པ་ན། དང་པོར་མེས་ལན་བདུན་འཇིག་ཅེས་པ་ཉི་མ་བདུན་རིམ་བཞིན་ཤར་བས་ཚངས་གནས་མན་བསྲེགས་པ་ལ་བཞེད་ཅིང༌། དེའི་རྗེས་ལ་མཁའ་ལས་ཆར་གྱི་རྒྱུན་ཐེང་བདུན་དུ་བབས་པས་བསམ་གཏན་གཉིས་པའི་ཐོག་མ་མན་ཆད་འཇིག་ལ། སྔར་བསྲེགས་པའི་ཐལ་བ་ཆུ་དང་འདྲེས་པར་གནས་སོ། །དེ་ཡི་རྗེས་ཐོག་ཏུ་རླུང་དྲག་པོ་ལན་གཅིག་སྡང་བས་བསམ་གཏན་གསུམ་པ་མན་ཆད་དང་སྔར་གྱི་སྐྱོམ་དེ་དག་ཀྱང་ཕྱོགས་བཅུར་འཐོར་ཏེ་ཅི་ཡང་མི་སྣང་བར་བྱེད་དོ། །དེ་ལྟར་ན་འཇིག་ཐེང་གཅིག་ལ་མེ་ཆུ་རླུང་གསུམ་ཀ་འབྱུང་ཞིང་བསམ་གཏན་གསུམ་པ་མན་ཆད་འཇིག་པའི་ལུགས་ཡིན་པས་མཛོད་ཀྱི་ལུགས་སོགས་དང་གཏན་མི་འདྲའོ། །བསྐལ་པ་ལ་ཡར་སྐྱེ་ཉི་ཤུ་དང་མར་འགྲིབ་ཉི་ཤུ་ཡོད་པ་ཙམ་ས་སྡེ་དང་མཐུན་ཀྱང་གཟུགས་ཁམས་པའི་ཚེ་ཚད་སོགས་མི་མཚུངས། ས་སྡེ་དང་མངོན་པ་ལྟར་ན་མེས་འཇིག་པ་ན་དུ་བ་ཡང་མེད་ཐལ་བའང་མེད་པར་བསྲེགས་ནས་བསམ་གཏན་དང་པོ་མན་ཆད་ཞི་གནས་སླར་ཡང་སྔར་བཞིན་ཆགས་ཏེ། ཡང་མེས་འཇིག་པ་སོགས་མེ་འཇིག་ལན་བདུན་བྱུང་བའི་རྗེས་བསམ་གཏན་གཉིས་པ་མན་ཆད་ཆུས་འཇིག ཡང་ཆགས་ནས་མེས་འཇིག་བདུན་གྱི་རྗེས་ཆུ་འཇིག་གཅིག་སོགས་དེ་འདྲའི་ཚུལ་དུ་ཆུ་བདུན་ཐལ་བ་ན། ཡང་ཆགས་ནས་མེས་ལན་བདུན་འཇིག་ཅིང་དེ་ནས་སླར་ཆགས་པའི་འཇིག་རྟེན་དེ་རླུང་གིས་བསམ་གཏན་གསུམ་པ་མན་ཆད་འཇིག་པས་ན། བསྡོམས་པས་མེས་འཇིག་པ་དྲུག ཆུས་འཇིག་བདུན། རླུང་འཇིག་གཅིག་སྟེ། འཇིག་ཐེང་དྲུག་ཅུ་རྩ་བཞིར་བཤད་དེ། མཛོད་ལ། མེ་ཡིས་བདུན་ནོ་ཆུ་ཡིས་གཅིག དེ་ལྟར་ཆུ་བདུན་ཐལ་ནས་ཀྱང༌། །མཇུག་ཏུ་རླུང་གིས་འཇིག་པ་ཡིན། །ཞེས་གསུངས་ལ་ལུགས་འདིར་མེ་བདུན་དང་ཆུ་བདུན་ཀྱང་རིམ་བཞིན་དུ་གཅིག་ཏུ་བྱུང་བར་འཆད་པ་ཡིན་ནོ། །རྒན་པོ་དག་གིས་སྔོན་ཡང་བྱུང་ཞེས་སྒྲོག་ཅེས་པ་ནི་མཛོད་སོགས་ལྟར་ན་གོང་མའི་ལྷ་རེ་རེའི་ཚེ་ལ་འཇིག་པ་དུ་མ་བྱུང་བ་ཉམས་སུ་མྱོང་བའི་དོན་དུ་འཆད། འདིར་འཇིག་རྟེན་ཆགས་འཇིག་གི་རྒྱུས་ཤེས་པ་དག་གིས་གཏམ་སྨྲ་བ་ཙམ་ལས་རང་གིས་སྔར་མཐོང་བར་མི་འཆད་དོ། །དེ་བཞིན་དུ་འོག་མ་གོང་མར་སྐྱེ་བ་དག་ཀྱང་འཇིག་རྟེན་གཞན་གྱིས་ཁམས་སུ་སྐྱེ་བར་མངོན་ཏེ། འཇིག་རྟེན་འདིའི་ཡིན་ན་ཚེ་ཚད་མི་རྫོགས་པས་ཚེ་ལོ་བཅུ་པའི་སྐབས་སུ་ཤི་བ་དམྱལ་བར་སྐྱེ་བ་ལ་དེ་དུས་དམྱལ་བ་སྟོང་པ་འགལ་སྙམ་ན་ཞིང་གཞན་དུ་སྐྱེ་བས་མི་འགལ་ཞེས་གཞུང་འདིར་དོགས་གཅོད་མཛད་པ་བཞིན་ནོ། །འོ་ན་འདིར་རང་གི་དགེ་རྒྱས་པའི་ཚེ་ཚད་བར་བསྐལ་དྲུག་ཅུ་རྩ་བཞི་དེ་རྫོགས་མི་ནུས་ཏེ། སྣོད་མ་ཆགས་པར་བསྐལ་པ་གཅིག་དང༌། སྣོད་འཇིག་པའི་བསྐལ་པ་གཅིག་གིས་ཀྱང་ཕྲི་བའི་ལྷག་པར་བསྐལ་པ་བརྒྱད་ལས་མི་འབྱུང་བའི་ཕྱིར་ཞེ་ན། སྤྱིར་ཅུང་མ་རྫོགས་ཀྱང་མི་སྐྱོན་ཏེ། མངོན་པ་ལྟར་ནའང༌། ཚངས་ཆེན་གྱི་ཚེ་ཚད་ལས་བསྐལ་པ་གཉིས་ཆད་ཅིང༌། འོད་གསལ་དང་དགེ་རྒྱས་པའི་ཚེ་ཚད་ལས་བར་བསྐལ་གཉིས་རེ་ཆད་ཀྱང་དེ་དང་ཉེ་བའི་སྒོ་ནས་བཞག་པས་མི་འགལ་ཞེས་འདོད་པ་བཞིན་ཡིན་ལ། འདིའི་བར་ཁུག་དང་ཡ་ཐོག་མ་ཐོག་ཡུན་མི་མཉམ་པས་གནས་རིས་རྣམས་ཀྱི་ཚེ་ཚད་དེ་བར་ཁུག་གིས་བཞག་ན་ནི་ཤིན་ཏུ་རྫོགས་ཀྱང་ཞིབ་པར་གཞུང་འདིར་གསལ་ཁ་མེད་པས་ད་རུང་བརྟག་པར་བྱའོ། །ལེའུ་བདུན་པ་ནི་གོ་སླ་བར་ཐད་དོ། །ལེའུ་བརྒྱད་པའི་སྐབས་སུ། ཐར་དང་རྣམ་མཁྱེན་ཐོབ་པ་ལམ་ལ་རགས་ལས་ཤིང་ལམ་དེའང་དགེ་བའི་བཤེས་གཉེན་འབའ་ཞིག་ལ་བརྟེན་པས་ན། བཤེས་གཉེན་བསྟེན་པ་གལ་ཆེ་ཞིང་དེའི་མཚན་ཉིད་ཀྱང་མདོ་རྒྱུད་རྣམས་ནས་རྒྱ་ཆེར་གསུངས་པའི་དོན་གདམས་ངག་ཏུ་བསྡུས་པའི་དང་པོ་སྐྱོན་བྲལ་ཡོན་ཏན་རྫོགས་པའི་བླ་མ་ནི། རྒྱ་གར་ན་བི་མ་མི་ཏྲ་ད་ར། བོད་ན་བཻ་རོ་ལྟ་བུ། རང་བཞིན་ཡོན་ཏན་རྫོགས་པའི་བླ་མ་ཤིང་རྟ་ཐོགས་མེད་དང་རྗེ་བཙུན་གྲགས་པ་ལྟ་བུ། སྲིད་ལས་རྣམ་གྲོལ་མཆོག་རབ་བླ་མ་ཞི་བ་ལྷ་དང་འབྲོམ་སྟོན་པ་ལྟ་བུ། ཤེས་རབ་རྒྱ་ཆེ་སྐལ་བཟང་བླ་མ་ཀླུ་སྒྲུབ་དང་རོང་ཟོམ་པ་ལྟ་བུ། རིམ་བརྒྱུད་བྱིན་རླབས་ལྡན་པའི་བླ་མ་ན་རོ་པ་དང་མི་ལ་ལྟ་བུ། ཐུགས་རྗེས་ལམ་སྣ་འདྲེན་པའི་བླ་མ་ཏེ་ལོ་དང་མར་པ་ལྟ་བུ། མཐར་ཐུག་སྙིང་པོའི་དོན་སྟོན། བླ་མ་ཤྲཱི་སིང་ཧ་དང༌། ལྕེ་བཙུན་སེང་གེ་དབང་ཕྱུག་ལྟ་བུའོ། །ལེའུ་དགུ་པ་དང་བཅུ་པ་ནི་གོ་སླའོ། །ལེའུ་བཅུ་གཅིག་པའི་སྐབས་སུ། ཉེས་པ་སོ་དྲུག་སྤང་དགོས་པའི་དང་པོ། །བདུད་ཀྱི་ལས་དྲུག་ནི། འཕགས་པ་ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། རིགས་ཀྱི་བུ་བཞི་པོ་འདི་དག་ནི་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འབྲི་བ་དང་ཉན་དུ་འཇུག་པའི་བདུད་ཀྱི་ལས་ཡིན་ཏེ། བཞི་གང་ཞེ་ན། ལེ་ལོ་དང༌། མ་དད་པ་དང༌། བླ་མ་ལ་སྲི་ཞུ་མེད་པ་སོགས་ཀྱི་སྐབས་ནས་གསལ་ཏེ། བདུད་ཀྱི་ལས་བཞི་ཚན་གསུམ་སྟེ་བཅུ་གཉིས་སུ་གསུངས་པའང་འདིར་བསྟན་དྲུག་པོ་འདིར་གཞན་དྲུག་ཀྱང་དོན་གྱིས་འདུས་པས་འདིར་དྲུག་ཏུ་མཛད་པའོ། །སྒྲིབ་པའི་ལས་དྲུག་ནི། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ལེའུ་བརྒྱད་པའི་བམ་པོ་བདུན་བཟུང་མཚམས་ནས། ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི་ཚན་བཞི་བཅུར་གསུངས་པའི་བཞི་ཚན་དང་པོ་ན་སྒྲིབ་པའི་ལས་དྲུག་གི་དང་པོ་བཞི་དངོས་སུ་བསྟན་ཅིང༌། ཐ་མ་གཉིས་ནི་བཞི་ཚན་བཞི་པ་ན་དགེ་བའི་བཤེས་གཉེན་ལ་སྡིག་གྲོགས་སུ་འདུ་ཤེས་པ། སྡིག་གྲོགས་ལ་དགེ་བའི་བཤེས་གཉེན་དུ་འདུ་ཤེས་པ། ཆོས་མིན་ལ་ཆོས་སུ་འདུ་ཤེས་པ། ཆོས་ལ་ཆོས་མིན་དུ་འདུ་ཤེས་པ་བཞིར་གསུངས་པ་འདིར་དོན་གཉིས་སུ་བསྟན་པའོ། །ཆོས་སྤོང་བའི་རྒྱུ་དྲུག་ནི་བཤད་མ་ཐག་པ་དེ་ལས་བསྟན་ཏེ། དང་པོ་ནི་བཞི་ཚན་བཅུ་གསུམ་པར་ལུས་ངག་ཡིད་གསུམ་ཚུལ་འཆོས་གསུམ་གསུངས་པ་གཅིག་ཏུ་བསྡུས་ཏེ་བསྟན་ལ། དེའི་ཐ་མ་ནི་འདིའི་བཞི་པའོ། །དེའི་ལྷག་མ་བཞི་ནི་བཞི་ཚན་བཅོ་ལྔ་པར་བསྟན་པའོ། །ཆོས་ལས་གཡེང་བའི་སྐྱོན་དྲུག་ནི། བཤད་མ་ཐག་པ་དེ་ལས་བསྟན་ཏེ། དང་པོ་བཞི་ནི་བཞི་ཚན་སོ་དྲུག་པར་བསྟན་ལ། ལྔ་པ་ནི་བཞི་ཚན་སོ་བདུན་པའི་ལྟ་བ་བཞིས་མཚོན་པའི་གོང་འོག་ཏུ་བསྟན་པ་ཕལ་མོ་ཆེ་འདིར་འདུས་ཤིང༌། དྲུག་པ་ནི་བཞི་ཚན་ཐ་མས་བསྟན་པའི་སྒྲིབ་པ་གསུམ་དང༌། བདུད་ལས་དང་དེའི་འབྲས་བུ་ནད་གདོན་མང་བའང་དོན་གྱིས་བསྟན་ཏེ །གོང་འོག་གི་དོན་ཕལ་ཆེ་བའང་འདིར་འདུས་སོ། །ལོག་པར་འཁྱོགས་པའི་སྐྱོན་དྲུག་ནི། དཀོན་བརྩེགས་ཀྱི་ལེའུ་བཅོ་བརྒྱད་པ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས་གསུངས་ཏེ། དེ་ཡང་དང་པོ་གཉིས་ནི་བྱང་ཆུབ་སེམས་དཔའི་གཡང་ས་བཞི་གསུངས་པས་བསྟན་ལ། བར་མ་གཉིས་ནི་བྱང་ཆུབ་ལ་གེགས་བྱེད་པའི་ཆོས་བཞི་བསྟན་པ་དེར་འདུ་ཞིང༌། ལྔ་པ་ནི་བསྟེན་པར་མི་བྱ་བ་བཞི་གསུངས་པས་གསལ་ལ། དྲུག་པ་ནི་སྡུག་བསྔལ་རྣམ་པར་སྨིན་པའི་ཆོས་བཞི་དང་འཆིང་བསྟན་པ་དེར་འདུ་ཞིང༌། ལྔ་པ་ནི་བསྟེན་པར་མི་བྱ་བ་བཞི་གསུངས་པས་གསལ་ལ། དྲུག་པ་ནི་སྡུག་བསྔལ་རྣམ་པར་སྨིན་པའི་ཆོས་བཞི་དང་འཆིང་བ་བཞི་བཤད་པའི་དོན་གྱིས་བསྟན་ཏོ། །ཐེག་ཆེན་ལས་གོལ་བའི་ཆོས་དྲུག་ནི་འཇམ་དཔལ་རྣམ་པར་འཕྲུལ་བའི་མདོ་ལས། ལྷའི་བུ་ཉི་ཤུ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཡང་དག་ཕུལ་ཡིན་ནོ། །ཞེས་སོགས་ཀྱི་སྐབས་ནས་བསྟན་ཏེ། དེ་ལ་འདིར་བསྟན་དང་པོ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་མི་ཚོལ་བར་འཇིག་རྟེན་རྒྱང་འཕེན་པའི་གསང་ཚིག་འཛིན་པ་ཞེས་དང༌། གཉིས་པ་དངོས་སུ་བསྟན་ཅིང༌། གསུམ་པ་བྱང་ཆུབ་སེམས་དཔའི་ལམ་ཤེས་ཀྱང་ཕ་རོལ་ཏུ་ཕྱིན་པའི་ལམ་ཡོངས་སུ་མི་ཚོལ་བ་ཞེས་པས་བསྟན་ཅིང༌། དྲུག་པ་ནི། བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་སྐལ་པ་མཉམ་པ་རྣམས་ལ་མི་སྟེན་ཞེས་སོགས་ནས་བདུད་ཀྱི་ལས་ཡང་དག་ཕུལ་ཉི་ཤུའོ། །ཞེས་པའི་བར་གྱིས་བསྟན་ལ། བཞི་པ་ལྔ་པ་གཉིས་མ་དཔེར་ཆད་པ་ལ་ཁ་བསྣན་དུ་བྱས་པ་འདིར་བདུད་ལས་ལྷག་མ་མཐའ་དག་ཡོངས་སུ་རྫོགས་པར་འདུ་སྟེ། དེ་དག་གི་དོན་རྒྱས་པར་བཤད་ན་མང་བས་བཞག་ལ་མདོ་ཉིད་དུ་བལྟས་པས་གསལ་ལོ། ཡོན་ཏན་སུམ་ཅུ་རྩ་དྲུག་གི་སྡེ་ཚན་དང་པོ་གཅེས་པའི་འདུན་པ་དྲུག་ནི་ལག་བཟང་གིས་ཞུས་པའི་ཤེས་རབ་ཀྱི་སྐབས་ནས། དེ་ཆོས་རྣམས་ལ་རིན་པོ་ཆེར་འདུ་ཤེས་ཏེ་ཉེ་བར་གནས་སོགས་ཀྱིས་བསྟན་ཏེ། ཆོས་འཛིན་པ་ལ་དོན་ཡོད་པར་སྲོག་ལ་སོགས་པར་འདུ་ཤེས་ཞེས་པ་འདི། སྐབས་འདིར་གཅེས་པའི་འདུ་ཤེས། ཆོས་འཚོལ་བ་སྤོང་པ་དངོས་བསྟན་དུ་མེད་ཀྱང་གོང་འོག་ན་ཤུགས་ཀྱིས་བསྟན་ཏོ། །དཀའ་བའི་སྤྱོད་པ་དྲུག་བཟོད་པ་དང་རྐྱེན་གྱིས་མི་འགྱུར་བ་དྲུག་ནི་མདོ་དེའི་ཤེས་རབ་དང་བརྩོན་འགྲུས་གཉིས་ཀའི་སྐབས་ནས། ལག་བཟང་འདི་ལ་བྱང་ཆུབ་སེམས་དཔའ་མདུང་ཐུང་གིས་བཟློག་ཀྱང་གང་ཟག་གང་དག་ཐོས་པ་མང་བ་སོགས་ཀྱིས་བསྟན་ཏེ། ཚ་གྲང༌། བཀྲེས་སྐོམ། ངན་སྨྲས་དང་ངན་སྨྲས་ཀྱི་ཚིག་ལམ་དངོས་གསལ། ངལ་དུབ་འགྲོ་ལས་ནི་སྡིག་སྦྲུལ་གྱི་རེག་པ་སོགས་ལྔ་དང༌། ལུས་ཀྱི་ཚོར་བ་དྲག་པ་གསུམ་གྱིས་བསྟན། ཡོ་བྱད་གཏོང་བཟོད་སྐབས་འདིར་མེད་ཀྱང་གོང་འོག་ཏུ་དོན་གྱིས་གསལ་བོར་བསྟན། སྲོག་འཆད་པའང་ཁྱད་དུ་བསད་ནས་ཆོས་ཚོལ་བ་དངོས་སུ་ཡང༌། མདུང་ཐུང་གིས་མི་བཟློག་པར་ཐོས་པ་བསགས་སོགས་དྲུག་དངོས་སུ་ཡོད། དེ་ལྟ་བུ་ལ་བསྟེན་པ་ཞེས་པས་ཐོས་དོན་རྟོགས་པ་རྣམས་ལ་ཡོངས་སུ་བརྟེན་ཅིང་བསྙེན་བཀུར་བྱ་བའོ། །ཆེད་དུ་བྱ་བའི་ཁྱད་པར་དྲུག་ནི་མདོ་དེའི་བསམ་གཏན་གྱི་སྐབས་ནས། དེ་སྙོམས་པར་འཇུག་པ་ན་དགེ་བའི་རྩ་བ་ཐམས་ཅད་དམིགས་པ་ལ་སེམས་ཉེ་བར་འཇོག་སྟེ། ཞེས་སོགས་ཀྱིས་བསྟན་ལ། གཉིས་པ་མ་གཏོགས་གཞན་ལྔ་པོ་དངོས་སུ་གསུང༌། གཉིས་པ་ནི་བསམ་གཏན་གྱི་སྐབས་ཀྱི་བསྟན་བྱའི་གཙོ་བོར་མངོན་པས་དོན་གྱིས་འཕང་ངོ༌། །དགོས་པ་དྲུག་བསྒྲུབ་པ་ནི་འོད་སྲུང་གིས་ཞུས་པ་ན་དངོས་སུ་མི་སྣང་ཡང༌། དཀོན་བརྩེགས་ཀྱི་ལེའུ་ཉེར་གཅིག་པ་སྒྱུ་མ་མཁན་བཟང་པོ་ལུང་བསྟན་པ་ན། བཟང་པོ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མང་དུ་ཐོས་པའི་སྙིང་པོ་ཡིན་ནོ། །བཞི་གང་ཞེ་ན། ཐོས་ནས་ཆོས་བྱེ་བྲག་ཏུ་ཤེས་པ་འདི་ནི་འདིའི་སྙིང་པོ་ཡིན་ནོ། ཐོས་ནས་བྱ་བ་ཡིན་པ་མི་བྱེད་པ་འདི་ནི་འདིའི་སྙིང་པོ་ཡིན་ནོ། །ཐོས་ནས་གཞན་ལ་སྟོན་པར་བྱེད་པ་འདི་ནི་འདིའི་སྙིང་པོ་ཡིན་ནོ། །ཐོས་ནས་དོན་དེ་ཉིད་རྣམ་པར་གྲོལ་བ་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ལ་གཏོད་པར་བྱེད་པ་འདི་ནི་འདིའི་སྙིང་པོ་ཡིན་ཏེ། བཞི་པོ་དེ་དག་ཡིན་ནོ་ཞེས་དང༌། བཟང་པོ་བྱང་ཆུབ་སེམས་དཔའ་ཕན་ཡོན་འདི་དག་མཐོར་ནས་ཐོས་པ་ཚོལ་བར་བྱེད་དེ་བཞི་གང་ཞེ་ན། བདག་དང་གཞན་གྱི་ཤེས་རབ་སྦྱོང་བ་དང༌། ཕྱོགས་བཞི་ནས་ལྷགས་པ་རྣམས་ཀྱི་ཐེ་ཚོམ་གཅོད་པ་དང༌། དམ་པའི་ཆོས་འཛིན་པ་དང༌། སངས་རྒྱས་ཀྱི་བསྔགས་པ་མི་ཟད་པ་སྟེ་བཞི་པོ་དེ་དག་ཡིན་ནོ་ཞེས་པས། ཐ་མ་གཉིས་ཀྱང་དང་པོ་ལྔའི་ཁོངས་སུ་འདུ་བར་དོན་གྱིས་བསྟན་ནས་འདི་རུ་དྲུག་ཏུ་མཛད་ལ། གཞན་ཡང་མདོ་དག་ན་འདི་དག་མང་ཉུང་དབྱེ་བསྡུ་སྣ་ཚོགས་སུ་བསྟན་པར་མཛད་དོ། །ཚོལ་བ་དྲུག་ནི། ཕལ་པོ་ཆེའི་གླེགས་བམ་གསུམ་པ་བམ་པོ་ཉེར་གཅིག་པ་ན། ཀྱེ་རྒྱལ་བའི་སྲས། བཅུ་པོ་འདི་དག་ནི་ཆོས་ཡོངས་སུ་འཚོལ་བ་སྟེ། བཅུ་གང་ཞེ་ན། འདི་ལྟར་གཡོ་དང་སྒྱུ་མེད་པས་བསམ་པ་ཐག་པར་ཆོས་ཡོངས་སུ་འཚོལ་བ་དང༌། ཞེས་སོགས་ཀྱི་སྐབས་ནས་བསྟན་ཏེ། དྲུག་པོ་དངོས་སུ་ཡོད་ཅིང༌། བརྩོན་འགྲུས་ལྷོད་མེད་དང༌། ལུས་སྲོག་ལ་མི་ལྟ་བ་དང༌། ཐོས་ཙམ་མིན་པར་ཉམས་སུ་ལེན་པ་དང༌། བྱང་ཆུབ་སེམས་དང་ལྡན་པའི་སྙིང་རྗེས་ཚོལ་བ་བཞི་ནི་དགོས་དབང་གིས་དབྱེ་བ་མ་གཏོགས་གཞན་དྲུག་པོའི་ཁོངས་སུ་དོན་གྱིས་འདུས་པས། འདིར་མན་ངག་གིས་དྲུག་ཏུ་བསྡུས་ནས་བསྟན་པའོ། །དེ་ལྟར་སྐྱོན་ཡོན་དྲུག་ཚན་བཅུ་གཉིས་ཀྱི་ཚུལ་འདི་དག བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཡང་དག་པར་སྡུད་པའི་མན་ངག་གི་གནད་ཟབ་མོ། །ལེགས་པར་དཔྱད་ན་མདོ་སྣ་ཚོགས་ཀྱི་དགོངས་པ་སྡེབ་ཚུལ་རྨད་དུ་བྱུང་བ་དང༌། མདོ་སྡེ་འདི་དག་གི་དཀའ་གནད་ལ་ཡང་ཕན་པར་འདུག་པས་ངོ་མཚར་ཆེ་ཞིང༌། མདོ་དེ་དག་དང་བསྟན་བཅོས་ཆེན་མོ་འདི་གཉིས་སྦྱར་ནས་དཔྱད་ན་བློ་གྲོས་ཀྱི་འཇུག་པ་ཐོབ་པས་མ་འོངས་པའི་གང་ཟག་ཆོས་སྤྱན་ལྡན་པ་རྣམས་ཀྱིས་ལེགས་པར་གཞིག་འཚལ་ལོ། །ཐོས་པའི་རྣམ་པ་བརྒྱད་ཅུ་རྩ་བཞི་ནི། །བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལ་གསུངས་ཏེ། དེ་ཡང་མདོ་ན་བརྩོན་འགྲུས་མི་གཏོང་བ། ཆོས་ལ་ངེས་སེམས། ཉོན་མོངས་པའི་གཉེན་པོའི་རྣམ་པ་གསུམ་ཡོད་པ་འདིར་མེད་ཅིང༌། མདོ་ན་མེད་པ། རིམ་གྲོ་བསྐྱེད་པ། ཕུ་དུད་བྱེད་པ། ངག་ཞི་བ། ལེགས་སྤྱད་ཉན་པའི་རྣམ་པ་བཞི་འདིར་ཡོད་ཅིང༌། མདོ་ན་ལེགས་བྱས་ཀྱི་རྣམ་པ་དང༌། མི་འགྱོད་པ་རྣམ་པ་གཉིས་སོ་སོར་བགྲངས་ལ། འདིར་ལེགས་བྱས་ཀྱི་ལས་ཀྱི་རྣམ་པ་ལ་མི་འགྱོད་པ་ཞེས་གཅིག་ཏུ་བགྲང་བ་ཙམ་མ་གཏོགས་གཞན་ཐམས་ཅད་འདྲའོ། །སྤྱིར་རྒྱ་དཔེ་རྣམས་ནའང་མང་ཉུང་འདྲ་མིན་བྱུང་བར་འཕགས་ཡུལ་པའི་མཁས་པ་རྣམས་ཀྱི་གསུངས་ལས་བྱུང་བ་དང༌། འདི་འདྲའི་སྐོར་རྣམས་ཀྱང་ཀུན་མཁྱེན་ཆེན་པོ་ཉིད་ཀྱི་ཐུགས་ནས་རྩོམ་པར་མཛད་པས། རྒྱ་དཔེ་ཁྱད་པར་ཅན་དང་མཚུངས་པས་གསར་དུ་མ་བཅོས་པར་བཞག་ལ། དེ་དག་གི་དོན་ནི་དབྱིག་གཉེན་གྱི་བློ་གྲོས་མི་ཟད་པའི་མདོ་འགྲེལ་ལྟར་བསྡུས་ཏེ་བཤད་ན། ཆོས་ཇི་ལྟར་ཉན་པ་དང་ཆོས་པ་ལས་ཐོབ་པའི་ཡོན་ཏན་ལས་བརྩམས་ཏེ་རྣམ་པ་བརྒྱད་ཅུ་རྩ་བཞིར་གསུངས་ཏེ། རྣམ་པ་ཞེས་པ་དེའི་རང་བཞིན་ཅན་ཏེ་ཉན་པའི་ཤེས་རབ་ཀྱིའོ། །དེ་ལ་སེམས་བསྐྱེད་དང་བཅས་ཏེ་ཉན་པར་མོས་པ་ནི་འདུན་པའི་རྣམ་པ། དེ་བཞིན་དུ་ཕན་བདེའི་བསམ་པ་དང་བཅས་པའི་རྣམ་པ། གཞན་དོན་ཁུར་ཁྱེར་གྱི་ལྷག་བསམ་གྱི་རྣམ་པ། གུས་སྦྱོར་རྟག་སྦྱོར་གྱི་བརྩོན་པས་རྫོགས་སྨིན་སྦྱང་གསུམ་ལ་སྦྱོར་བའི་རྣམ་པ། ལོག་ལམ་ལ་མི་ལྟུང་བར་འཛིན་ཅིང་ཡང་དག་ལམ་ལ་འགོད་པ་དགེ་བའི་བཤེས་གཉེན་གྱི་རྣམ་པ། ཤེས་ཉེན་དང་ཆོ་རིགས་ལ་སོགས་པའི་སྙེམས་པ་སྤངས་པ་ང་རྒྱལ་མེད་པའི་རྣམ་པ། ཐོས་པས་ཉེས་པ་སྔར་བྱུང་སེལ་ཞིང་ཕྱིས་མི་འབྱུང་བར་བྱེད་པས་ན་དེ་ནི་བག་མེད་ཀྱི་གཉེན་པོར་གྱུར་པ་སྟེ་དེས་ན་བག་ཡོད་པའི་རྣམ་པ། ཆོས་དང་ཆོས་སྨྲ་བ་མི་བརྙས་པར་གུས་པར་བྱེད་པའི་རྣམ་པའམ་རི་མོར་བྱེད་པའི་རྣམ་པ། བླ་མས་ཇི་སྐད་བསྟན་པ་ལྟར་སྒྲུབ་པ་མཐུན་པར་འཛིན་པི་རྣམ་པ། ཕྱིར་མི་བཟློག་པར་ཉན་ཞིང་སྤྱོད་ལམ་གུས་པ་བཀར་བློ་བདེ་བའི་རྣམ་པ། ཆོས་དང་ཆོས་སྨྲ་བ་ལ་མ་གུས་པའི་སྤྱོད་ལམ་སྤངས་ཏེ་ཕྱག་འཚལ་བ་སོགས་ལུས་ངག་གི་རིམ་གྲོ་བྱེད་པ་བསྙེན་བཀུར་བའི་རྣམ་པའོ། །འདི་སྐབས་བསྙེན་བཀུར་དང་རིམ་གྲོ་ཕུ་དུད་གསུམ་དུ་ཕྱེས་ནས་ཆོད་པས་བསྙེན་བཀུར་དང༌། ལུས་ངག་གིས་ཕྱག་འཚལ་བ་དང་བསྟོད་པས་རིམ་གྲོ་བྱེད་པ། ཡིད་ཀྱིས་གུས་ཤིང་ཕུ་དུད་བྱ་བའམ་ཡང་ན་རིམ་བཞིན་ལུས་ངག་ཡིད་གསུམ་འདུད་པའི་རྣམ་པའོ། །ཕྱིར་གཡེང་ནང་སྡུད་ཀྱི་སྐྱོན་མེད་པར་རྣ་བ་གཏད་དེ་ཉན་པ་རྣ་བ་བླགས་ཏེ་ཉན་པའི་རྣམ་པ། ཇི་སྐད་བསྟན་པ་བཞིན་ཆོས་ཉིད་དང་དགོངས་དོན་ཕྱིན་ཅི་མ་ལོག་པར་འཛིན་པ་ཡིད་ལ་བྱེད་པའི་རྣམ་པ། ཕྱི་ནང་གི་རྣམ་གཡེངས་སྤངས་ནས་ཉན་པ་མི་གཡེང་བའི་རྣམ་པ༌། ལས་ཀྱི་སྤྱོད་ལམ་མི་རྒོད་པར་གནས་གཅིག་ཏུ་འདུག་ཅིང་ཉན་པ་གནས་ཀྱི་རྣམ་པ། ཐོས་པ་དེ་ཉིད་རྙེད་དཀའ་ཞིང་དོན་ཆེ་བས་ཡིད་བཞིན་ནོར་བུ་དང་འདྲ་བས་རིན་པོ་ཆེའི་རྣམ་པ། ཐོས་པས་དུག་གསུམ་གྱི་ནད་སེལ་བས་ན་སྨན་གྱི་རྣམ་པ། དེའི་ཕྱིར་ན་ཉོན་མོངས་པའི་གཅོད་ནད་སེལ་བའི་རྣམ་པ་སྟེ་འདི་གཉིས་གཅིག་ཏུ་བརྩིའོ། །མི་བརྗེད་པའི་དྲན་པ་ཉིད་སྣོད་ཡིན་པའམ་ཐོས་པ་ནི་དྲན་པའི་གཞིའམ་སྣོད་ཡིན་པའི་ཕྱིར་དྲན་པའི་སྣོད་ཀྱི་རྣམ་པ། རྟོགས་པ་ནི་བསམ་པའི་ཤེས་རབ་སྟེ་དེ་ལ་མཉམ་པར་བཞག་པ་དང་མ་བཞག་པ་གཉིས་ལས་འདིར་བཀག་པ་མཚོན་ཕྱིར་ཤེས་པ་ཞེས་སྨྲོས་ཏེ་ཐོས་པ་ལས་བསམ་པའི་ཤེས་རབ་དེ་ལྟ་བུ་འབྱུང་བའི་ཕྱིར་རྟོགས་པ་ཤེས་པའི་རྣམ་པ། བློ་གྲོས་ནི་མཉམ་པར་བཞག་པ་མིན་པའི་ཤེས་རབ་སྟེ་ཐོས་པའི་ཤེས་རབ་ཡིན་ལ་ཐོས་པ་དང་ལྡན་ན་བློ་ཆེ་བ་ལ་དགའ་བའམ། ཡང་ན་འདོད་ཅེས་པ་གསལ་ཞིང་འབར་བ་སྟེ་ཐོས་པ་ལས་བློ་གྲོས་གསལ་བས་ན་བློ་གྲོས་འདོད་པའི་རྣམ་པ། བློ་ནི་སྒོམ་བྱུང་གི་ཤེས་རབ་ཡིན་ལ་དེ་ལ་གོམས་ཞིང་འཇུག་པས་ན་བློ་ལ་འཇུག་པའི་རྣམ་པ། སངས་རྒྱས་ཀྱི་ཆོས་ཐེག་གསུམ་མཆོག་མི་ཤེས་པར་ཉན་པ་མི་ངོམས་པའི་རྣམ་པ། ཐོས་པའི་ཆོས་རྣམས་སམ་སེམས་ཀྱི་རྒྱན་དང་ཡོ་བྱད་སོགས་ཀྱི་ཕྱིར་སྐྱོན་མེད་ཀྱི་སྦྱིན་པ་གཏོང་ཞིང་དེ་ཡང་རྒྱ་ཆེ་བར་སྤེལ་བས་ན་གཏོང་བ་སྤེལ་བའི་རྣམ་པ། གཉེན་པོ་བསྒོམས་པས་མིག་སོགས་དབང་པོ་ཡུལ་ལ་འཇུག་པ་དང་ཉོན་མོངས་རྣམས་དུལ་ཞིང༌། ལམ་དྲང་པོར་བགྲོད་པའི་རྟ་ཅང་ཤེས་བཞིན་དུ་འཕགས་ལམ་ནས་མྱང་འདས་སུ་བགྲོད་པས་ན་དུལ་ཞིང་ཅང་ཤེས་པའི་རྣམ་པ། དགེ་བའི་བཤེས་གཉེན་ལས་ཐོག་མཐའ་བར་དུ་དགེ་བའི་ཆོས་མང་པོ་འཛིན་པར་བྱེད་པས་ན་མང་དུ་ཐོས་པ་བརྟེན་པའི་རྣམ་པ། ཆོས་དང་ཆོས་སྨྲ་བ་ལ་སྒོ་གསུམ་མ་གུས་པས་སྤངས་ཏེ་གུས་པས་མཉན་ན་དགའ་ཞིང་ཡིད་འོང་བཟང་པོ་དང་ལྡན་པར་འབྱུང་བས་བསྟི་སྟང་དུ་བྱས་ཏེ་དགའ་བ་མྱོང་བར་བྱེད་པའི་རྣམ་པའམ། གུས་པར་དགའ་བའི་རྣམ་པ། ཐོས་པ་ལས་སེམས་མི་འཁྲུགས་ཤིང་ཞི་གནས་ཐོབ་ལ། དེས་དབང་པོ་ཡུལ་ལ་མི་གཡེང་ཞིང་རྣམ་རྟོག་གི་གཡེང་སྤྱོ་བ་མེད་པས་སེམས་བདེ་ལ་སེམས་བདེ་ན་ལུས་ཀྱང་བདེ་བས་ན་ལུས་བདེ་བའི་རྣམ་པ། དེས་ངག་གི་ཉེས་པ་སྤངས་ཤིང་ལེགས་པར་སྨྲ་བ་དང་འཇམ་པོར་སྨྲ་བས་ངག་ཞི་བའང་འབྱུང་ངོ༌། །ཐོས་པ་ལས་ལྷག་མཐོང་ཐོབ་ནས་ཐེ་ཚོམ་ཡིད་གཉིས་སེལ་བས་ན་སེམས་རབ་ཏུ་དགའ་བའི་རྣམ་པ། བརྩོན་འགྲུས་ཀྱི་སྐྱོན་གཉིས་ནི་ཧ་ཅང་རྟུན་དྲག་པ་དང་སྐྱོ་བ་སྟེ། དེ་གཉིས་དང་བྲལ་ནས་མི་སྐྱོ་བར་ཉན་པ་མི་སྐྱོ་བར་ཉན་པའི་རྣམ་པ། བཤད་བྱ་གསུང་རབ་ཡན་ལག་ནི་ཚིག་ཡིན་ལ་དེ་ཉན་པ་ནི་ཚིག་གམ་ཆོས་ཉན་པའི་རྣམ་པ། ཐོབ་བྱ་འཕགས་ལམ་གྱིས་བསྒྲུབས་པའི་མྱང་འདས་ནི་དོན་ཡིན་ལ་དེ་ཐོས་པ་ལ་བརྟེན་ནས་ཐོབ་པས་དོན་ཉན་པའི་རྣམ་པ། བྱ་བ་མ་ཡིན་པའི་ཉེས་པ་ཀུན་འཇོམས་པའི་བྱ་བ་བཟང་པོ་ཐོས་པ་ལས་འབྱུང་བས་ལེགས་སྤྱད་ཉན་པའི་རྣམ་པའང་གསུངས། བསྒྲུབ་བྱ་འཕགས་ལམ་བརྒྱད་སོགས་ནན་ཏན་དུ་བསྒྲུབ་པ་འབྱུང་བས་ནན་ཏན་གྱིས་ཉན་པའི་རྣམ་པ། གཞན་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་ཀྱིས་བཤད་ཅིང་བསྟན་པ་ལ་རང་ལྟ་མཆོག་འཛིན་སྤངས་ཏེ་ཇི་སྐད་སྨྲས་པ་ལྟར་ཉན་པར་བྱེད་པ་གཞན་གྱིས་བསྟན་པ་ཉན་པའི་རྣམ་པ། ལམ་འདི་ལས་ཕྱི་རོལ་པ་ལ་མེད་པའི་ཆོས་ཀྱི་རྣམ་བཞག་མདོ་ལས་གསུང་པ་དེ་དག་སྔོན་འཁོར་བ་ཐོག་མེད་ནས་ལན་འགའ་ཡང་མ་ཐོས་པ་དེང་གི་དུས་ཐོས་པར་གྱུར་པས་ན་ཆོས་མ་ཐོས་པ་ཉན་པའི་རྣམ་པ། སེམས་ཅན་དགའ་བར་བྱེད་པའི་དངོས་པོ་སྤྱིན་སོགས་བཞི་དང་ལྡན་པ་བསྡུ་བའི་དངོས་པོ་ཉན་པའི་རྣམ་པ། མིག་གི་མངོན་ཤེས་སོགས་མངོན་པར་ཤེས་པ་དྲུག་སྒྲུབ་པས་ན་མངོན་པར་ཤེས་པ་ཉན་པའི་རྣམ་པ། ཐེག་པ་གཞན་ཉན་རང་དང་ལྷ་མི་སྟེ་དེ་དག་ཉན་ཀྱང་དེ་ལ་འདོད་པ་མི་སྐྱེ་བའི་ཚུལ་གྱིས་ཉན་པ་ཐེག་པ་གཞན་མི་འདོད་པའི་རྣམ་པ། སྦྱིན་སོགས་ཕར་ཕྱིན་དྲུག་སྒྲུབ་པ་དང་ལྡན་པས་ཕ་རོལ་ཏུ་ཕྱིན་པ་ཉན་པའི་རྣམ་པ། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ནང་ནས་ཤིན་ཏུ་རྒྱས་པའི་སྡེ་གཙོ་བོར་ཉན་ཅིང་མོས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཉན་པའི་རྣམ་པ༌། དགེ་རྩ་ཆུང་ངུ་ཡང་དཔག་ཏུ་མེད་པར་སྤེལ་བ་དང་བསྟན་ལ་མ་ཞུགས་པ་འཛུད་པ་དང༌། ཞུགས་པ་སྨིན་ཅིང་གྲོལ་བ་སོགས་ཐབས་མཁས་ཡིན་ལ་དེ་དང་ལྡན་པར་ཉན་པ་ནི་ཐབས་ལ་མཁས་པ་ཉན་པའི་རྣམ་པ། ཚངས་པ་ནི་སྡིག་པ་ཀུན་སྤངས་པའི་མྱང་འདས་ཡིན་ལ། དེ་ཐོབ་བྱེད་ནི་དེའི་གནས་པ་སྟེ་བྱམས་སོགས་བཞི་ཡིན་ཅིང་དེ་དང་ལྡན་པ་ཚངས་པའི་གནས་པ་ཉན་པའི་རྣམ་པ། བྱང་སེམས་ཀྱིས་བྱ་བ་དང་མི་བྱ་བ་དྲན་ཅིང་ཆོས་ཀུན་རང་བཞིན་མེད་པར་ཤེས་བཞིན་པ་དྲན་པ་དང་ཤེས་བཞིན་ཉན་པའི་རྣམ་པ། ཀུན་རྫོབ་ཏུ་ཕྱི་ནང་གི་ཆོས་རྣམས་རྟེན་འབྲེལ་གྱི་དབང་གིས་འབྱུང་ཞིང་བདག་དང་བྱེད་པོ་མེད་པར་ཤེས་ཤིང་མཁས་པ་སྐྱེ་བ་ལ་མཁས་པ་ཉན་པའི་རྣམ་པ། དོན་དམ་པར་སྐྱེ་བ་སོགས་དང་བྲལ་བའི་དེ་བཞིན་ཉིད་ཤེས་པ་མི་སྐྱེ་བ་ལ་མཁས་པའི་རྣམ་པ། ཆགས་པའི་གཉེན་པོར་དུར་ཁྲོད་དུ་བོར་བའི་རོ་ཞག་གཅིག་ལོན་པ་ནས་ཀེང་རུས་ཀྱི་བར་ཡིད་ལ་བྱེད་པ་མི་སྡུག་པའི་རྣམ་པ། སྡང་བ་དང་བྲལ་བའི་བྱམས་པས་ཀུན་ནས་ཁྱབ་པར་བྱེད་པ་བྱམས་པའི་རྣམ་པ། བྱེད་པོ་གཞན་མེད་པར་རྒྱུ་རྐྱེན་འབྲས་བུ་རྟེན་ཅིང་འབྲེལ་བ་ཤེས་པ་རྟེན་འབྲེལ་གྱི་རྣམ་པ། འདུས་བྱས་རྣམས་སྐྱེ་ཞིང་སྐད་ཅིག་གཉིས་པར་མི་སྡོད་པ་མི་རྟག་པའི་རྣམ་པ། མི་རྟག་པའི་རང་བཞིན་དེ་ཡང་སྡུག་བསྔལ་གསུམ་གྱི་རྟེན་བྱེད་པ་སྡུག་བསྔལ་བའི་རྣམ་པ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཀུན་རང་བཞིན་མེད་པར་བདག་མེད་པའི་རྣམ་པ། སྡུག་བསྔལ་དང་ཀུན་འབྱུང་མ་ལུས་པ་ཞི་བའི་མྱང་འདས་ནི་ཞི་བའི་རྣམ་པ། སྟོང་པ་ཉིད་སོགས་རྣམ་ཐར་སྒོ་གསུམ་གྱི་རྣམ་པ་གསུམ་མོ། །དེ་ལྟར་བསྡུ་དངོས་ལ་སོགས་པ་དེ་དག་ཐོས་པ་ལས་འབྱུང་ཞིང་ཁོང་དུ་ཆུད་པར་བྱེད་པས་ན་དེ་དག་གི་རྣམ་པ་ཞེས་འབྲས་མིང་རྒྱུ་ལ་བཏགས་པའི་ཚུལ་དུ་གསུངས་པ་ཡིན་ལ། ཆོས་ཉན་པའི་དུས་སུའང་ཡོན་ཏན་དེ་དག་ཅི་རིགས་དང་ལྡན་པར་བྱ་བའང་ཤུགས་ལ་བསྟན་པར་རིག་པར་བྱའོ། །སྲོག་གཅོད་པ་སོགས་མི་དགེ་བ་མི་བྱེད་པ་མངོན་པར་འདུ་མི་བྱེད་པའི་རྣམ་པ། དད་སོགས་དགེ་བ་སྒྲུབ་པ་དགེ་བ་འདུ་བྱེད་པའི་རྣམ་པ། བདེན་པ་མཐོང་བའམ་བྱང་ཆུབ་སེམས་དཔའི་བདེན་ཚིག་སོགས་ཀྱི་ཕན་པ་བྱེད་པའི་བྱིན་རླབས་དག་ཀྱང་ཐོས་པ་ལས་འབྱུང་བས་ན་བདེན་པས་བྱིན་གྱིས་རློབ་པའི་རྣམ་པ། ལས་དང་ལས་ཀྱི་རྣམ་སྨིན་ཡོད་པ་བལྟས་ནས་ཆུད་མི་གསོན་པ་ཆུད་མི་གསོན་པའི་རྣམ་པ། གཞན་ལ་ལྟོས་མི་དགོས་པའི་རྣམ་དཔྱོད་སོགས་འཆང་བས་གཞན་ལ་རག་མ་ལས་པ་ནི་རང་དབང་གི་རྣམ་པའང་རང་གི་ཁོ་ན་ལས་པའི་རྣམ་པ། བྱ་བ་མ་ཡིན་པ་ལ་མི་འཇུག་པ་བདག་གི་སེམས་སྲུང་བའི་རྣམ་པ། བརྩོན་འགྲུས་ནི་དགེ་བ་མངོན་པར་འདུ་བྱེད་པ་ལ་སྤྲོ་བ་ཡིན་ལ་དེ་མི་གཏོང་བ་ནི་རྟག་ཏུ་བྱེད་པ་དང་གུས་པར་བྱེད་པ་སྟེ་དེས་ན་བརྩོན་འགྲུས་མི་གཏོང་བའི་རྣམ་པ། ཕུང་ཁམས་སྐྱེ་མཆེད་སོགས་ཀུན་བྱང་གི་ཆོས་རྣམས་གཏན་ལ་འབེབ་པ་ཆོས་ལ་ངེས་པར་སེམས་པའི་རྣམ་པ། ཇི་སྐད་བཤད་པའི་དོན་རྣམས་ཉན་ནས་རིགས་པས་བསམ་ཏེ་བསྒོམ་ན་ཉོན་མོངས་སྤོང་བར་འགྱུར་བས་ཉོན་མོངས་པའི་གཉེན་པོའི་རྣམ་པ་སྟེ་འདི་གསུམ་མདོ་དང་འགྲེལ་བ་ན་ཡོད་འདིར་མ་བཤད། རང་གི་ཕྱོགས་ནི་བྱང་ཆུབ་སེམས་དཔའི་ཕྱོགས་སྟེ་རྣམ་བྱང་གི་ཆོས་རྣམས་དང་དེའི་འཁོར་དུ་གཏོགས་པ་རྣམས་ཡིན་ལ། སྲུང་བ་ནི་ཕྱོགས་དེ་དག་མི་མཐུན་པའི་ཕྱོགས་གཞན་གྱིས་མི་འཕྲོག་ཅིང་ཉོན་མོངས་པའི་དབང་དུ་མི་འགྱུང་བར་བྱེད་པས་ན་གི་ཕྱོགས་སྲུང་བའི་རྣམ་པ། ཕ་རོལ་གྱི་ཕྱོགས་བདུད་དང་མུ་སྟེགས་དང་ཉོན་མོངས་ཚར་གཅོད་པའི་རྣམ་པ་ནི་དེ་དག་མཐུ་མེད་ཅིང་ཉམས་སྨོད་པར་བྱེད་པའོ། །དད་གཏོང་ཐོས་ཚུལ་ངོ་ཚ་ཁྲེལ་ཡོད་ཤེས་རབ་སྟེ་འཕགས་ནོར་བདུན་པོ་དེ་དག་ཐོས་པ་ཅན་དེ་ལ་འདུ་བར་འགྱུར་བས་ན་ཡང་དག་པར་འདུ་བའི་རྣམ་པའམ་འཕགས་ནོར་བདུན་ལ་བརྟེན་པའི་རྣམ་པ། ནོར་ཕལ་པ་ལས་ཤིན་ཏུ་ཁྱད་ཞུགས་པའི་འཕགས་ནོར་རང་རྒྱུད་ལ་འབྱོར་བའི་སྒོ་ནས་རང་རྒྱུད་ཡོན་ཏན་གྱི་དབུལ་བ་མཐའ་དག་གཅོད་པས་ན་དབུལ་བ་ཐམས་ཅད་སེལ་བའི་རྣམ་པ། རིག་པའི་གནས་ལྔ་ཁོང་དུ་ཆུད་པའི་མཁས་པ་ནི་མཛངས་ས་སྟེ། དེ་དག་གིས་ཀྱང་ཐོས་པ་འདི་ཉེས་ཀུན་སྤོང་ཞིང་ཡོན་ཏན་མཆོག་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་བསྔགས་པར་བྱེད་པས་ན་མཁས་པས་བསྔགས་པའི་རྣམ་པ། ལེགས་པར་སེམས་ཤིང་སྨྲ་བ་དང་ལེགས་པའི་ལས་བྱེད་ཅིང་བླང་དོར་འབྱེད་པའི་མཁས་པ་རྣམས་ཀྱང་ཐོས་པ་ལ་མཆོག་ཏུ་མོས་པར་བྱེད་པས་ན་མཁས་པ་རྣམ་པར་དགའ་བའི་རྣམ་པ། འཕགས་པ་བཞིས་ཀྱང་དེ་ལྟ་བུའི་ཆོས་དོན་ཐུགས་སུ་ཆུད་པའམ། ཐོས་པ་ལ་འཕགས་པ་རྣམས་དགྱེས་པས་ན་འཕགས་པ་ཀུན་ཤེས་པའི་རྣམ་པ། ཐོས་པའི་ཤེས་རབ་ཀྱིས་འཕགས་མིན་སོ་སྐྱེ་རྣམས་ཀྱང་ཆོས་ལ་དད་པར་བྱེད་ནུས་པས་ན་འཕགས་པ་མ་ཡིན་པས་མོས་པར་བྱེད་པའི་རྣམ་པ། ཐོས་པའི་ཤེས་རབ་ལས་འཕགས་པའི་བདེན་པ་བཞི་པོ་མཐོང་བ་འབྱུང་བས་ན་བདེན་པ་མཐོང་བའི་རྣམ་པ། ཟག་བཅས་ཕུང་པོའི་སྐྱོན་སྐྱེ་རྒ་སོགས་སྤོང་བ་ཐོས་པ་ལས་འབྱུང་བས་ན་ཕུང་པོའི་ཉེས་པ་སྤོང་བའི་རྣམ་པ། ཐོས་པས་འཁོར་བའི་ཆོས་རྣམས་ཀྱི་སྐྱོན་ཁོང་དུ་ཆུད་པས་ན་འདུས་བྱས་ཀྱི་ཉེས་པ་ལ་ཡོངས་སུ་འཇལ་བའི་རྣམ་པ། དོན་སོགས་ལ་རྟོན་པ་བཞི་ཡང་ཐོས་པ་ལ་བརྟེན་ནས་འབྱུང་བས་ན་དོན་ལ་རྟོན་པའི་རྣམ་པ་སོགས་བཞིའོ། །ཐོས་པ་དང་ལྡན་པས་མི་དགེ་བའི་ཆོས་རྣམས་མི་བྱེད་པས་སྡིག་པ་ཐམས་ཅད་མི་བྱ་བའི་རྣམ་པ། རང་གཞན་གྱི་མི་དགེ་བ་སྤངས་ཏེ་དགེ་བ་སྒྲུབ་པས་རང་གཞན་ལ་ཕན་པའི་རྣམ་པ། ཐོས་པ་དེ་ཉིད་དགེ་བའི་རང་བཞིན་ཡིན་པས་ལེགས་པར་བྱས་པའི་ལས་ཀྱི་རྣམ་པ། དེ་ལྟར་ལེགས་པར་བྱས་པས་ན་སྔར་ལེགས་པར་མ་བྱས་པ་སོགས་ཀྱི་རྒྱུས་འགྱོད་པ་མེད་པར་གནས་པ་ནི་འགྱོད་པ་མེད་པའི་རྣམ་པ་སྟེ་དགེ་བ་བྱས་པས་ཕྱིས་འདི་ལྟར་འགྱུར་རོ་སྙམ་དུ་དགའ་ཞིང་ཡིད་ལ་གདུང་བ་མེད་པའོ། །དེ་གཉིས་གཅིག་ཏུ་བརྩི་ན་རྒྱུ་འབྲས་ལ་ཡིད་ཆེས་པས་ལེགས་བྱས་ལ་མི་འགྱོད་ཅིང་སླར་ཡང་འཇུག་པར་མོས་པའོ། །ཡོན་ཏན་ཁྱད་པར་ཅན་མ་ཐོབ་པ་ལས་ཐོབ་པའམ། ཡང་ན་མོས་སྤྱོད་ཡན་ཆད་དུ་གོང་ནས་གོང་དུ་ས་རྣམས་གནོན་པ་ལ་བྱ་སྟེ་དེ་ལྟར་ཡོན་ཏན་གྱི་བྱེ་བྲག་གམ་ཁྱད་པར་གོང་ནས་གོང་དུ་འཕེལ་བ་ཐོས་པ་ལས་འབྱུང་བས་ན་ཁྱད་པར་དུ་འགྲོ་བའི་རྣམ་པ། བདེ་བར་གཤེགས་པའི་ཆོས་སྟོབས་བཅུ་མི་འཇིགས་པ་བཞི་ལ་སོགས་པ་ཐོས་པ་ལ་བརྟེན་ནས་ཐོབ་ཀྱི་ཐབས་གཞན་མེད་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པའི་རྣམ་པ། ཞེས་སོ། ལེའུ་བཅུ་གཉིས་པ་གྲུབ་པའི་མཐའ་བཤད་པ་རིགས་མཛོད་ཆེན་མོ་འདིར་ནི་རིགས་པའི་གནད་གོ་དཀའ་བ་རྣམས་ལ་བཤད་དགོས་པ་ཤིན་ཏུ་མང་ཡང་མཐའ་དག་བྲིས་ན་ཡི་གེས་འཇིགས་པས་འདིར་དཀའ་གནས་འགའ་ཞིག་བསྡུས་ཏེ་བྲི་ན། བློན་པོ་དྲུག་གི་སྐབས་ནས་གྲུབ་པའི་གནས་དྲུག་པོ་གསུམ་དུ་བསྡུ་བ་ན། ཡོན་ཏན་མཁན་དང༌། རྒྱལ་པོ་དང་འབངས་གསུམ་གྱི་བསླབ་བྱར་བསྡུ། དེ་ལས་ཡོན་ཏན་མཁན་ནི་སྐར་མཁན་ཏེ་དེས་གནས་དང་པོ་གསུམ་ལ་སློབ། རྒྱལ་པོས་ལྷའི་ཆོས་ལུགས་ཏེ་འཁོར་ལོས་བསྒྱུར་བ་སོགས་ཀྱི་རང་ས་ལས་བྱུང་བ་བཞིན་ཁྲིམས་སྐྱོང་བ། འབངས་ལ་མདུན་འདོན་ནམ་བློན་པོ་དང༌། ཚོང་དཔོན་དང༌། ཕལ་པ་གསུམ་དུ་ཡོད་པ་ལས། ཚོང་དཔོན་གྱིས་གནས་ལྔ་པ་བརྟག་པ་བསླབ་ཅིང༌། མདུན་ན་འདོན་དང་ཕལ་པས་གནས་དྲུག་པ་སློབ་སྟེ། དེ་ཡང་མདུན་འདོན་གྱིས་སྲིད་སྡེ་རྒྱལ་འཕམ་ཞེས་པས་སྲིད་སྲུང་བ་དང༌། ཕལ་པས་འཚོ་ཚིས་སོགས་ཀྱི་སྒོ་ནས་རང་སྲིད་སྲུང་བ་ཤེས་དགོས་པས་སྲིད་སྲུང་གི་མཛོད་ལ་བསླབ་པའོ། །རིག་ཤེས་ཞེས་པའང་རིག་པ་ཤེས་པ་སྟེ་ཡོན་ཏན་མཁན་གྱི་མིང་གི་རྣམ་གྲངས་སོ།། ༈ །།བདག་དང་འཇིག་རྟེན་རྟག་ཆད་དུ་རྟོག་པ་བཞི་དང༌། ཁ་ཅིག་ཆད་པར་སྨྲ་བ་བཞི་དོན་གཅིག་སྟེ། ཁ་ཅིག་ཆད་པར་སྨྲ་བས་ཀྱང་འགའ་ཞིག་རྟག་པར་འདོད་པས་སོ། །བདག་གིས་སེམས་ཅན་ལ་ཁྱབ་པའི་དོན་བྱེད་ནུས་པའི་བདག་ཡོད་པའང་མི་འཐད་དེ། ཞེས་པས་སེམས་ཅན་ཡིན་ནོ་ཅོག་ལ་བདག་ཡོད་པས་ཀུན་ལ་ཁྱབ་པའམ་བདག་གིས་ལུས་ལ་བདག་གིས་ཁྱབ་བོ་སྙམ་པས་བརྗོད་པའོ། །གྲངས་ཅན་སྐབས་བདག་ཡོད་པ་སྒྲུབ་བྱེད་དུ་ཟོལ་སྦྱོར་གྱི་རྟགས་བཀོད་པས་ཞེ་འདོད་ཀྱི་བདག་གྲུབ་པར་འགྱུར་སྙམ་དུ་གྲངས་ཅན་པ་ན་རེ་མིག་སོགས་ཉེར་བཞི་ཆོས་ཅན། གཞན་གྱི་དོན་བྱེད་པ་ཡིན་ཏེ། འདུས་ཤིང་བསགས་པའི་ཕྱིར། དཔེར་ན་མལ་ཆ་དང་སྟན་བཞིན་ནོ། །ཞེས་འགོད་དེ། དེ་ཡང་བདག་ཡོད་པར་སྒྲུབ་པའི་གཏན་ཚིགས་དངོས་སུ་འགོད་མི་ནུས་པས། ཤེས་བྱ་ཉེར་བཞི་པོ་རྩོད་གཞིའམ་ཆོས་ཅན་དུ་བཟུང་བས་ན། ཤེས་བྱ་ལ་ཉེར་ལྔ་ལས་མེད་པས་དེ་ལས་གཞན་པ་བདག་ཤེས་རིག་གི་སྐྱེས་བུ་ལས་འོས་མེད་ལ་དེ་ལྟར་ན་མིག་སོགས་དེའི་དོན་བྱེད་པར་གྲུབ་ནས་བདག་ཀྱང་གྲུབ་སྙམ་ད་སངས་རྒྱས་པ་ལ་འགོད་པ་ཡིན་ལ། འདིར་ཞེ་འདོད་བདག་ལ་བསྙེགས་པ་མིན་པར་མིག་སོགས་ཀྱིས་མིག་སོགས་ལས་གཞན་པའི་དངོས་པོ་ལ་ཕན་འདོགས་པ་ཙམ་ཞིག་སྒྲུབ་ན་ནི་གྲུབ་ཟིན་སྒྲུབ་པར་འགྱུར་བ་ཙམ་དུ་ཟད་པས་ཞེ་འདོད་གྲུབ་པ་ལ་ཅི་ཡང་མི་ཕན་ལ། ཞེ་འདོད་ལྟར་བསྒྲུབ་པར་ནི་རྟགས་དེས་མི་ནུས་ཏེ་འབྲེལ་པ་མེད་པའི་ཕྱིར་རོ། །དེས་ན་སྦྱོར་བ་དེ་དག་འགོད་ཚུལ་གྱིས་འགལ་བར་འགྱུར་བའི་ཚུལ་ཞིབ་པར་རྣམ་འགྲེལ་ལས་གསུངས་པ་བཞིན་ནོ། །གཙོ་བོ་དགག་སྐབས་མེད་པ་གཞན་ལས་གྲོལ་ཞེས་པ་རི་རྭ་སོགས་མིན་པ་ཙམ་སྟེ་མེད་པ་གཞན་མིན་ཀྱང་རང་ཉིད་ཡོད་པར་མི་གྲུབ་པའོ། །བདེ་སྡུག་གཏི་མུག་ཙམ་ལ་གཙོ་བོས་ཁྱབ་པ་ཞེས་དང༌། བདེ་སྡུག་གཏི་མུག་ཙམ་ལས་གཙོ་བོའི་ཁྱབ་པ་ཞེས་དཔེ་མི་འདྲ་བ་གཉིས་འདུག་ཀྱང༌། གང་ལྟར་ཀྱང་འགལ་བ་མེད་དེ། དང་པོ་ལྟར་ན་ཚོར་བ་གསུམ་ལ་གཙོ་བོར་གཅིག་གིས་ཁྱབ་པ་མེད་དེ། གཙོ་བོ་ཉིད་མེད་པའི་ཕྱིར་ཞེས་པ་དང༌། གཉིས་པ་ལྟར་ན་བདེ་སྡུག་བཏང་སྙོམས་ཀྱི་རྟགས་ལས་གཙོ་བོ་ཡོད་པའི་ཁྱབ་པ་མེད་དེ། དེ་དག་དང་རྗེས་སུ་འགྲོ་ལྡོག་མི་འགྲུབ་པའི་ཕྱིར། ཤིང་དང་ནམ་མཁའ་བཞིན་ནོ། །ཞེས་འགོད་པ་ལས་འདིར་ཕྱི་མ་ལྟར་བཟུང་བའོ། །ཡང་གཙོ་བོའི་གཟུགས་བརྙན་གྱི་བདེ་སྡུག་དམིགས་པ་ཞེས་པ། གཙོ་བོ་ཡོད་དེ། གཙོ་བོའི་གཟུགས་བརྙན་བདེ་སོགས་དམིགས་པའི་ཕྱིར་ཟེར་ན། ཆོས་ཅན་གཙོ་བོ་ཉིད་གཞི་མ་གྲུབ་པས་ཕྱོགས་མ་གྲུབ་པའོ། །ཡང་རང་བཞིན་དང་ནུས་པ་རྗེས་སུ་བྱེད་པ་ཙམ་ལ་གཅིག་ཏུ་འགྱུར་བས་མ་ཁྱབ་སྟེ་ཞེས་པ། རང་བཞིན་རྗེས་སུ་འགྲོ་བ་བདག་དང་གཙོ་བོ་ལ་ཤེས་བྱ་ཙམ་གྱི་རང་བཞིན་རྗེས་སུ་འགྲོ་བ་དང༌། ཝ་དང་སེང་གེ་ལ་སྲོག་ཆགས་ཙམ་གྱི་རང་བཞིན་རྗེས་སུ་འགྲོ་ཡང་དེ་དག་གཅིག་མིན་པར་བསྟན་པ་ནི། སྔ་མ་ཁོ་རང་གིས་ཁས་བླངས་དང༌། ཕྱི་མ་མངོན་སུམ་གྱིས་གནོད་པ་བརྗོད་པའོ། །ནུས་པ་རྗེས་སུ་བྱེད་པས་ས་བོན་ལས་མྱུ་གུ་འབྱུང་བ་ལྟ་བུ་སྟེ། དེ་དགག་སླད་འགྲེལ་པར། བསྐྱེད་པས་ཡོད་པར་སྒྲུབ་ན་ནི་འགལ་བའི་རྟགས་ཡིན་ཏེ་ཞེས་སོགས་དོན། ས་བོན་གྱིས་མྱུ་གུ་བསྐྱེད་པས་ས་བོན་ཉིད་ད་ལྟ་ཡོད་པར་སྒྲུབ་ན་འགལ་ཏེ། འབྲས་དུས་རྒྱུ་འགགས་ནས་སླར་སྐྱེ་མི་རུང་བས་དེ་མེད་པ་བཞིན་རྒྱུ་གཙོ་བོ་དེ་ད་ལྟ་འབྲས་དུས་ན་ཡོད་པར་མི་འགྲུབ་པའོ། །འདུས་པ་མ་ཡིན་པའི་གཞན་ཅེས་པས་བསྒྲུབས་ན་ཞེས་སོགས་དོན། སྔར་ལྟར་མིག་སོགས་གཞན་དོན་བྱེད་པར་བསྒྲུབ་པའི་རྟགས་དེ་དོན་མེད་ཚུལ། གཞན་ཙམ་ཞིག་གྲུབ་པས་བདག་མི་འགྲུབ་པ་བུམ་པ་ལས་སྣམ་བུ་བསྒྲུབ་པ་བཞིན་འབྲེལ་མེད་དུ་འགྱུར་ལ། འདིར་གཞན་ཞེས་པ་ཞེ་འདོད་ཀྱི་བདག་ཤེས་རིག་གི་སྐྱེས་བུ་ལ་ཟེར་ན་དཔེ་མལ་སྟན་སོགས་ཀྱིས་རྟག་བདག་གི་དོན་བྱེད་པར་གྲུབ་ཟིན་པ་མིན་པས་དཔེ་ལ་རྗེས་འགྲོ་མེད་ཅེས་སྨྲས་པ་ན། གཞན་ཙམ་བསྒྲུབ་བྱ་ཡིན་ནོ་ཟེར་བ་མིག་སོགས་ཀྱིས་གཞན་གཟུགས་སོགས་ཤེས་པ་ལྟ་བུའི་དོན་བྱེད་པ་ཙམ་གྲུབ་ཟིན་བསྒྲུབས་པས་ཅི་ཡང་མི་ཕན་ལ། འདིར་གྲངས་ཅན་པས་རྟགས་འགོད་ལུགས་ཀྱང༌། མིག་སོགས་འདུས་ཤིང་བསགས་པ་མིན་པའི་ཡུལ་ཅན་གཞན་གྱི་དོན་བྱེད་དེ། འདུས་ཤིང་བསགས་པའི་ཕྱིར་ཞེས་འགོད་ལ། དེ་ཡང་རྡུལ་དང་སྐད་ཅིག་སོགས་ཆ་དུ་མ་ཡོད་པ་ནི་འདུས་བསགས་དང་དེ་མིན་པ་ནི་རྟག་པ་དང་ཡུལ་ཅན་ནི་ཤེས་པ་ལ་བྱའོ། །དེ་ལ་རྟགས་འདི་ཞེ་འདོད་ལ་རྗེས་འགྲོ་མེད་ཅིང། སྨྲས་ཆོས་ལ་འགལ་བ་ཡོད་དེ་དང་པོ། འདུས་བསགས་མིན་པ་ཞེས་པའི་ཆོས་འདི་ཆོས་ཅན་མིག་སོགས་ཀྱི་ཁྱད་ཆོས་སུ་ཡར་སྦྱར་ནས། དེས་གཞན་དོན་བྱེད་ཅེས་འདུས་བསགས་མིན་པའི་རྟགས་ཀྱིས་བསྒྲུབ་ན། ཆོས་ཅན་གྱི་ཆོས་དང་འགལ་བའི་རྟགས་སུ་འགྱུར་ཏོ། །གལ་ཏེ་འདུས་བསགས་མིན་པ་ཁྱད་གཞི་བྱས་ནས་མིག་སོགས་དེའི་ཁྱད་པར་དུ་བཟུང་ན་ཆོས་ཅན་གྱི་ངོ་བོ་དང་འགལ་བའི་རྟགས་སུ་འགྱུར་རོ། །ཡང་བསྒྲུབ་བྱ་གཞན་དོན་བྱེད་པ་དེ་ལ་མར་སྦྱར་ན་འདུས་བསགས་མིན་པ་ནི་རྡུལ་དང་སྐད་ཅིག་མ་སོགས་ཀྱི་ཆ་མེད་པ་ཡིན་ལ་དེ་མེད་པ་གཅིག་པུ་དང་རྟག་པ་དེ་ཁྱད་གཞིར་བྱས་ནས་དེའི་དོན་བྱེད་ཅེས་ཟེར་ན་ཆོས་ཀྱི་ངོ་བོ་དང་འགལ་ཏེ་འདུས་ཤིང་བསགས་པས་རྟག་པའི་དོན་བྱེད་པ་མི་སྲིད་དེ། དོན་བྱེད་ན་རྟག་པ་ཡིན་པ་འགལ་བས་སོ། །དོན་བྱེད་པ་ཁྱད་གཞིར་བཟུང་ནས་དེའི་ཁྱད་པར་འདུས་བསགས་མིན་པའི་ཡུལ་ཅན་དུ་བྱས་ན་ཆོས་ཀྱི་ཁྱད་པར་དང་འགལ་ཏེ། རྟག་པ་ཆ་མེད་ནི་འདུས་བསགས་ཀྱིས་ནམ་ཡང་བྱ་མི་ནུས་ཏེ་ནུས་ན་འདུས་བསགས་མིན་པ་ཉམས་སོ། །དེས་ན་དེ་འདྲ་ཟོལ་སྦྱོར་གྱི་རྟགས་བླུན་པོས་སྨྲ་བའོ། །གྲངས་ཅན་པའི་རྟགས་འདི་འགལ་ཚུལ་རྣམ་འགྲེལ་གྱི་གཞུང་འཆད་པ་རྣམས་ཀྱིས་སྣ་ཚོགས་བཤད་ཀྱང་བདག་གིས་འདི་ན་བཤད་པ་ཙམ་ཁོ་ན་ལེགས་པར་གནས་སོ། །བུམ་པ་འཇིག་ཚེ་བུམ་པའི་བསྐལ་པ་དང་གསལ་བ་དང་ངོ་བོ་གསུམ་གཅིག་གམ་ཐ་དད་ཅེས་པའི་སྐབས། གྲངས་ཅན་ལུགས་ལ་འགགས་པ་ཞེས་པ་བསྐལ་བའི་དོན་ཙམ་ལ་འཛིན་པས་བསྐལ་བའི་དོན་ཙམ་ལ་འགགས་པའི་བརྡ་བརྗོད་པར་གོ་དགོས་སོ། །ཚུལ་འདིས་རང་སེམས་སངས་རྒྱས་སུ་འདོད་པའང་ཁེགས་པ་ཞེས་སོགས་སྐབས་གཞན་གྱིས་མ་དག་པའི་སེམས་ལ་སངས་རྒྱས་སུ་འདོད་ལ། འདིར་ནི་ཞེས་རང་ལུགས་ལ་སྣང་ཚུལ་ལ་སངས་རྒྱས་དང་སེམས་ཅན་དུ་སྣང་ཡང་དོན་ལ་ལ་དག་མ་དག་པ་མེད་པས་དག་མཉམ་སྤྲོས་བྲལ་དུ་གཏན་ལ་ཕབས་པ་ལ་ཆོས་ཀུན་ཡེ་ནས་རྣམ་པར་དག་ཅིང་སངས་རྒྱས་པ་ཞེས་ཐ་སྙད་དུ་བྱེད་དོ། །ཞེས་སོ། བྱེ་བྲག་པའི་སྐབས། བློ་སོགས་བདག་གི་ཡོན་ཏན་ཅན། །ཞེས་པའི་ལུང་འདྲེན་ཚིགས་བཅད་འདིར། རྟོག་གེ་འབར་བར། བློ་སོགས་བདག་གི་ཡོན་ཏན་བཅད་ཞེས་དང༌། བྱེ་བྲག་པ་ཡིས་ཐར་བར་ཤེས་ཅེས་གསུངས་ཀྱང་འགྱུར་ཁྱད་ལྟ་བུ་ལས་དོན་ལ་མི་འགལ་བས་མ་བཅོས་ཏེ། བློ་སོགས་བདག་གི་ཡོན་ཏན་རྣམས་མ་འོངས་པ་ན་མི་འབྱུང་བར་བྱས་ནས། ཡིད་ལ་བདག་ཅེས་པའི་རྣམ་རྟོག་ལོག་པ་ན་ཐར་པ་ཡིན་ནོ་ཞེས་བྱེ་བྲག་པས་འདོད་པའོ་ཞེས་སོ། །དབང་ཕྱུག་མི་རྟག་པ་ནི་ནམ་ཡང་མེད་པས་ཞེས་སོགས་དོན་དབང་ཕྱུག་མི་རྟག་པ་གཅིག་གིས་སྣོད་བཅུད་ཀུན་བྱེད་པ་ནི་རིགས་པས་མི་འཐད་ལ། བྱེ་བྲག་པས་ཀྱང་དེ་ལྟར་མི་འདོད་པས་ནམ་ཡང་མེད་ཅེས་སོ། །ཡང་ན་དབང་ཕྱུག་རྟག་པ་ཉིད་བྱེད་པ་པོ་དེ་ཡང༌། རིགས་པས་མི་འཐད་ཅེས་སྦྱར་ཀྱང་འདྲ་བས་དགག་ཚིག་ཡོད་མེད་གང་ལྟར་ཀྱང་རུང་མོད་འདིར་མ་དཔེ་ན་མཐོང་བ་ལྟར་མ་བཅོས་སོ། །དབང་ཕྱུག་འགོག་སྐབས་འདོད་ན་མ་བྱས་པར་གསལ་ལོ་ཞེས་པ། རང་གིས་རང་མི་བྱེད་དེ། རང་མ་གྲུབ་པའི་སྔོན་ནས་བྱ་བར་མི་ནུས། གྲུབ་ན་བྱ་མི་དགོས་པའི་རིགས་པས་མ་བྱས་པར་གསལ་ལོ་ཞེས་སོ། །དེས་ན་དབང་ཕྱུག་མ་བྱས་པས་ཀྱང་ཐམས་ཅད་ཀྱི་བྱེད་པ་པོར་མི་རུང་བ་ཡིན་ནོ་ཞེས་པ་མ་སྐྱེས་མ་བྱས་ན་མོ་གཤམ་བུ་བཞིན་མེད་པར་ངེས་པའི་རིགས་པས་སོ། །སྣོད་བཅུད་ཀྱང་རང་བྱུང་དུ་མཚུངས་པའི་ཕྱིར་རོ་ཞེས་པ་དབང་ཕྱུག་མ་བསྐྱེད་པར་བྱུང་རུང་ན་སྣོད་བཅུད་ཀྱང་དེར་ཅིས་མི་རུང་ཞེས་པའི་དོན་ཏོ། །སྡུད་བྱེད་ཀྱི་ལྷ་ཉིད་ཀྱང་སྣང་རུང་མ་དམིགས་པའི་ཕྱིར་རོ་ཞེས་པ། དབང་ཕྱུག་རྟག་པ་སྡུད་པའི་ལྷ་ཁམས་ཞིག་ཡོད་ན་དེ་ཡང་དབང་ཕྱུག་ལས་ཁྱབ་ཆེ་ཞིང་རྩ་བའི་གྲུབ་མཐའ་ལའང་གནོད་ལ། དེ་འདྲའི་དབང་ཕྱུག་རྟག་པ་གཞི་མི་སྲིད་པས་དེ་སྡུད་བྱེད་ཀྱི་ལྷ་ཡང་མི་སྲིད་དེ། མོ་གཤམ་བུའི་སྡེ་ཚན་བཞིན་དུ་མེད་ལ། གལ་ཏེ་ཡོད་ན་ལྷ་ཡིན་པས་སྣང་རུང་ཡིན་ཀྱང་དེ་ལྟ་བུ་སུས་ཀྱང་དམིགས་པ་མེད་པས་སོ། །ཞེས་སོ། །གཞན་དུ་ལྷ་ཁམས་ཙམ་སྣང་རུང་མ་དམིགས་པས་འགོག་པ་ཙམ་དུ་བཟུང་ན་གོ་བ་ཤིན་ཏུ་ལོག་པའོ། །དུས་གཅིག་པ་མི་རུང་བ་ནི་དུས་ཀྱི་འཇོག་བྱེད་བུམ་སྣམ་ལྟ་བུ་ཉིད་མ་གྲུབ་པ་དང༌། དུས་མཉམ་པ་མི་རུང་བའི་སྐབས་སོགས་ཕལ་ཆེར་དུ། ཕན་ཚུན་ལྟོས་པའི་ཕྱིར་ཞེས་པ། ལྟོས་ནས་གྲུབ་པ་ཐམས་ཅད་གཅིག་ལ་བརྟེན་ནས་ཅིག་ཤོས་སུ་བཏགས་པ་ཙམ་ལས་ངོ་བོས་མ་གྲུབ་པའི་དོན་ཏེ་དབུ་མའི་གཞུང་སྤྱིར་ཡོངས་སུ་གྲགས་པ་བཞིན་ནོ། །དུས་མཉམ་པར་ཕྲད་པ་མེད་དེ་གཅིག་ལ་གཉིས་མེད་པས་སོ་ཞེས་དང༌། གཉིས་ཀ་ཚོགས་པའི་ཕྲད་པ་མེད་དེ་རང་གཞན་རྫས་འགལ་བའི་ཕྱིར་རོ་ཞེས་པ། དུས་མཉམ་པའི་དངོས་པོ་གཅིག་པུ་དེ་ཅིག་ཤོས་དང་འབྲེལ་པ་མེད་པའི་ཕྱིར་དང༌། གཉིས་ཀ་ཚོགས་པ་ཞེས་པའང་བརྟགས་ན་རང་གཞན་རྫས་འགལ་བས་ཕན་ཚུན་འདྲེ་བ་མེད་པས་ན་དོན་དམ་པར་ཕྲད་པ་མི་སྲིད་དོ། །ཆ་མེད་ལ་ཕྲད་པ་མེད་དེ་ཕྱོགས་ཐམས་ཅད་དང་གཅིག་གིས་ཕྲད་པ་གང་ལྟར་ཀྱང་མི་འཐད་པའི་ཕྱིར་དང༌། ཆ་བཅས་ལ་ཕྲད་པ་མེད་དེ་ཆ་མེད་ཕྲད་པ་མ་གྲུབ་བར་དུ་ཆ་བཅས་ཉིད་དཔྱད་གཞིར་འགྱུར་ཏེ་མ་ཕྲད་པ་བཞག་ནས་གང་ཕྲད་དཔྱད་དགོས་པའི་ཕྱིར་རོ། །མཚམས་བཅས་མཚམས་མེད་ཕྲད་པ་ཡང་མི་རུང་སྟེ། དང་པོ་ལྟར་ཤ་དང་གྲིའི་བར་ན་དེ་གཉིས་མ་ཕྲད་པའི་མཚམས་ཡོད་ན། དེ་ཚུར་གྲི་ལ་གཏོགས་པ་ཡིན་ནམ། ཕར་ཤ་ལ་གཏོགས་པ་ཡིན་ནམ། དེ་གཉིས་ཀ་གང་དུའང་མི་གཏོགས་པའི་གཞན་ཞིག་ཡིན། དང་པོ་ལྟར་མཚམས་སྟོང་པར་གྲི་ཡོད་པར་ཐལ་ལ་དེ་ལྟ་ན་གྲིའི་སོས་མ་རེག་པར་གཅོད་པར་ཐལ་ཞིང༌། གཉིས་པ་ལྟར་ན་མཚམས་དེ་ཤ་ཡིན་པས། ཤ་དང་གྲི་ཕན་ཚུན་བསྣོལ་ནས་གཅིག་གི་གོ་སར་གཅིག་ཞུགས་པའི་ཚེ། མཚམས་ཀྱི་ཤ་དེ་བརྒལ་ནས་ཤ་དངོས་ལ་གྲི་ཕྲད་པ་མི་སྲིད་ཅིང༌། ཕན་ཚུན་བསྣོལ་བས་ན་ཤས་གྲི་གཅོད་པར་ཐལ་ལ། གསུམ་པ་ལྟར་ན་ཤར་གྱི་གྲི་དང་ནུབ་ཀྱི་ཤ་ཡི་བར་དུ་འདོམ་ལ་སོགས་པས་ཆོད་པ་བཞིན་དུ་མ་ཕྲད་པས་གཅོད་པའང་མི་རིགས་སོ། །གཉིས་པ་ལྟར་བར་མེད་ནའང་དེ་གཉིས་འདྲེས་པར་འགྱུར་བས་གཅོད་བྱ་གཅོད་བྱེད་དུ་མི་སྲིད་དེ། ཤ་ནང་དུ་གྲི་བཅུག་པ་གོང་བུ་གཅིག་གི་དངོས་པོ་བཞིན་དུ་རོ་གཅིག་ཏུ་གྱུར་ནས་སོ་སོར་ཡོད་པར་མི་འགྱུར་ལ། དེ་ལྟ་ན་དེས་དེ་ཆོད་པའང་ག་ལ་འགྱུར་རོ། །དེས་ན་གྲི་སོའི་རྡུལ་ཕྲན་དང་ཤ་ཡི་རྡུལ་མ་འདྲེས་པས་བར་མེད་པ་མ་ཡིན་ནོ། །བར་ཡོད་ན་ཕྲད་པ་མེད་པ་ནི་བཤད་མ་ཐག་པ་བཞིན་ནོ། །ནམ་མཁའ་ན་སྒྲ་ཡོད་ན་རྟག་ཏུ་ཐོས་པར་འགྱུར་ཞིང༌། ཞེས་སོགས་དོན། ཨོཾ་བརྗོད་པས་སྒྲིབ་བྱེད་ཀྱི་རླུང་བསལ་ཚེ་ཨོཾ་སྒྲ་ཐོས་ན་ཨོཾ་གྱི་སྒྲ་ཡོད་པའི་ནམ་མཁའི་ཁོང་དེ་ན་གནས་པའི་དུང་སྒྲ་སོགས་ཀྱང་དུས་དེར་ཐོས་པར་ཐལ་ཏེ། སྒྲ་ཀུན་ནམ་མཁའི་ཁྲོད་ན་རྟག་ཏུ་གནས་པ་ལ་ཁྱད་མེད་པས། ཁ་ཅིག་གི་སྒྲིབ་བྱེད་བསལ་དུས་དེར་གནས་ཀུན་ཀྱང་ཐོས་པར་ཐལ་ཏེ་ཁྱད་མེད་དོ། །འོ་ན་ལྕེ་རྐན་ལས་སྒྲ་བྱུང་བའང་མི་འཐད་དོ་ཞེ་ན་ཞེས་དོགས་པ་སྐབས་འདིར་བཀོད་པ་ནི། སྒྲ་ནི་བྲེ་བ་སོགས་སྦུབས་སྟོང་པའི་ཆ་ལས་འབྱུང་བ་མིན་ན་ལྕེ་རྐན་ལས་འབྱུང་བའང་མི་འཐད་དོ་ཞེ་ན། དེ་མི་མཚུངས་ཏེ་ལྕེ་རྐན་ལས་འབྱུང་བ་དམིགས་ལ། རྐྱེན་མེད་པའི་ནམ་མཁའ་ལས་འབྱུང་བར་མ་དམིགས་པའི་ཕྱིར་རོ། །འོ་ན་ནམ་མཁའ་མེད་པར་ཡང་སྒྲ་འབྱུང་བ་མ་དམིགས་སོ་ཞེ་ན། ནམ་མཁའ་མེད་ཅེས་བྱ་བ་ནི་ལྕེ་རྐན་སོགས་སྒྲའི་རྐྱེན་ཉེ་བར་མི་གནས་པར་བྱེད་པའི་གེགས་ཡོད་པ་ལ་འཁྲུལ་བར་ཟད་ཀྱི། སྒྲ་སྐྱེད་ནུས་ཀྱི་དངོས་པོ་གཞན་མཁའ་ཞེས་བྱ་བར་མི་འདོད་དོ། །འོ་ན་བཅོམ་ལྡན་འདས་ཀྱིས་གཟུགས་མཐོང་བ་ལ་ནམ་མཁའ་དང་སྣང་བ་སོགས་རྐྱེན་དུ་གསུངས་བ་མིན་མན་ཞེ་ན། དེ་ནི་ཐོག་རེག་གི་སྒྲིབ་པ་མེད་པ་ཙམ་ལ་གསུངས་ཏེ། ཐོགས་རེག་མེད་ཙམ་ལ་འཇིག་རྟེན་ན་ནམ་མཁའ་ཞེས་གདགས་པ་དེ་དང་སྒོ་བསྟུན་གྱི་ཁྱོད་ལྟར་དངོས་པོར་འདོད་པ་མིན་ནོ། །ཞེས་སོ། །དངོས་པོ་ལ་སྒྲ་དང་གཞན་ཡང་མ་གྲུབ་པར་གསུངས་སོ་ཞེས་པའི་དོན། དོན་དམ་པར་སྒྲ་ལྕེ་རྐན་སོགས་ལས་ཀྱང་གྲུབ་པར་མི་འདོད་པས་སྒྲ་དང་གཞན་གཟུགས་སོགས་ཀྱང་བདེན་པ་མེད་པ་གསུངས་སོ། །ཞེས་པའོ། །དེ་ཡིན་མིན་གཉིས་ཀ་མ་གྲུབ་པའི་ཕྱིར་ཞེས་པ། སྤྱི་དེ་གསལ་བ་དེ་ཡིན་པ་དང༌། དེ་མིན་པར་རང་སྐྱེ་བར་ཡོད་པ་གཉིས་ཀ་མ་གྲུབ་ཅེས་སོ། །ཡང་འགལ་བ་གསུམ་གྱི་བརྟག་པ་ལས། ཞེས་སོགས་སྐབས་གསུམ་ནི། ལུས་དང་ཡན་ལག་གཅིག་ན་ཡན་ལག་ལ་བརྟེན་ནས་དང༌། ལུས་ལ་བརྟེན་ནས་འགལ་བ་གཉིས། ལུས་ཡན་ལག་ཐ་དད་ན་སྣང་རུང་མ་དམིགས་པས་གནོད་པ་སྟེ་རིགས་པ་དང་འགལ་བ་གནས་སོ། །རྫས་ལྡོག་དང་སྤྱི་ཁས་ལེན་པའང་འདི་ཁོ་ནས་ཁེགས་པ་ཡིན་ནོ་ཞེས་པ་ལྡོག་པ་དང་སྤྱི་དངོས་པོར་སྨྲ་བ་ཁེགས་པའོ། །སྤྱོད་པ་པའི་སྐབས་སུ། འཇུག་པ་དང་པོའི་སྒོ་ཞེས་པ་དམ་བཅའི་འཇུག་པ་དང་པོའོ། །གསང་ཚིག་ལས། སངས་རྒྱས་གསུང་ནི་ཚད་མ་མིན། །ལྟ་བ་གསུམ་པོ་སུན་འབྱིན་ཕྱིར། །ཞེས་ཟེར་བའི་ལྟ་བ་གསུམ་ནི། སྙན་ངག་དང༌། མཆོད་སྦྱིན་དང༌། སྲིད་སྲུང་ཞེས་བྱ་བ་གསུམ་པོ་གྲུབ་མཐའ་ཐམས་ཅད་ཀྱི་རྩ་བ་སྟེ་ལམ་གསུམ་ཞེས་ཀྱང་ཟེར་བ་དེའོ། །འདྲེས་པས་ཁྱབ་པ་མེད་ཀྱང་ཟླར་ཡོད་པས་ཞེས་པ། འོ་ཆུ་བཞིན་ཏུ་འདྲེས་ནས་ཁྱབ་པ་ཡིན་ཀྱང་ལུས་ལ་གོས་ལྟར་ཟླར་ཡོད་པའི་ཚུལ་གྱིས་ཁྱབ་ཟེར་ན་དེ་མིན་སྟེ་ཁྱབ་བྱ་དང་ཁྱབ་བྱེད་ཕན་ཚུན་ལྟོས་པས་དོན་ལ་མ་གྲུབ་བོ་ཞེས་སྤྱིར་བསྟན་ལ། ཁྱབ་འཇུག་ནི་སྣང་རུང་མ་དམིགས་པས་ཀྱང་ཁེགས་སོ། །ལྡོག་པ་ནི་འདུ་བར་བཀག་ཟིན་ཏོ་ཞེས་པ་སྤྱིའམ་རྣམ་བཅད་ཙམ་གྱིས་ཁྱབ་པའང་དོན་ལ་མེད་ཚུལ་སྔར་བཤད་ཟིན་ཏོ། །ཁྱད་པར་ནི་དུ་མ་དང་དབྱེར་མེད་ན་དུ་མར་འགྱུར་བས། ཁྱད་པར་མི་རྙེད་དེ་ཆུ་དང་འདྲེས་པའི་འོ་མ་བཞིན་ནོ་ཞེས་པ་འདི་ཁྱབ་པ་མི་རྙེད་ཞེས་པའི་ཡི་གེ་ནོར་བ་ཡིན་ནམ། ཡང་ན་ལྡོག་པའི་བཀག་ལུགས་ཁྱབ་བྱེད་ཁྱབ་འཇུག་དང་ཁྱབ་བྱའི་ཁྱད་པར་མི་རྙེད་ཚུལ་དཔྱད་པ་ཡིན་ནམ། ཡང་ན་ཁྱད་པར་ཞེས་ཁྱབ་བྱ་དུ་མ་ཉིད་བས་ཁྱད་པར་ཡང་མཐར་མི་གྲུབ་ཚུལ་དཔྱད་པ་གང་ཡིན་ཀྱང་འགལ་བ་མེད་མོད་བརྟགས་པར་བྱའོ། །འདིར་དུས་དང་སྐད་ཅིག་གི་བརྟགས་པས་ལྷ་མ་གྲུབ་པས་ལྷ་ལ་ནུས་པ་མེད་པར་ཁེགས་ན་རང་གི་ལྷ་ལའང་མཚུངས་སོ་ཞེ་ན་མི་མཚུངས་ཏེ། རང་གི་ལྷ་བདེན་གྲུབ་ཏུ་མི་འདོད་ལ། འདིས་བདེན་གྲུབ་ཏུ་འདོད་པས་དེ་འདྲའི་ལྷ་གཞི་མ་གྲུབ་པའོ། །ལོ་རྒྱུས་མི་སྲིད་དེ་ཞེས་སོགས་དོན་དམ་པའི་དབང་དུ་བྱས་པ་དག་གོ །ཇི་ལྟར་སྣང་བཞིན་པའི་ཤེས་བྱ་ལས་ལྐོག་གྱུར་གྱི་ཟབ་མོའི་དོན་མི་འཐད་དེ་ཞེས་སོགས་དོན། མུ་སྟེགས་རྣམས་ན་རེ། ཕ་རོལ་མངོན་སུམ་མཐོང་བ་ཡི། །དྲང་སྲོང་དེ་དག་ཚིག་ལ་ནི། །རྗེས་སུ་དཔག་པས་གནོད་པ་མེད། །ཅེས་མངོན་གསུམ་སྣང་བ་ལས་རྗེས་སུ་དཔག་པའི་དོན་དང་འགལ་ཀྱང་གསང་ཚིག་ལ་བརྟེན་ནས་ཁས་ལེན་པ་ཡོད་པ་དེ་དགག་ཚུལ་ཡིན་ལ། རང་གི་ཟབ་མོ་ཚུར་མཐོང་ལས་འདས་པར་འདོད་པ་ནི་དེ་དང་མི་འདྲ་སྟེ་ཚུར་མཐོང་ལ་བརྟེན་ནས་ཚུར་མཐོང་ལས་འདས་པར་རིམ་གྱིས་ངེས་པར་བྱར་ཡོད་ཀྱི། ཚུར་མཐོང་གིས་ཡུལ་ལ་ཚུར་མཐོང་དང་འགལ་བའི་དོན་སྨྲ་བ་ཡིན་ནོ། །བཟླས་པ་དགག་པའི་སྐབས། འདོད་ན་དུས་གཅིག་ཏུ། གཅིག་གིས་སྒྲ་ཐམས་ཅད་བརྗོད་མི་ནུས་པར་གསལ་ལོ་ཞེས་པའི། འདོད་ཅེས་པ་འདི་སྒྲ་ཐམས་ཅད་སྒྲར་རིགས་མཐུན་པས་སྔགས་སུ་འདོད་ཟེར་ན་སྔགས་མིན་ཏེ། སྔགས་ནི་ཚང་བར་བཟླ་དགོས་ན་སྒྲ་ཐམས་ཅད་ཚད་མེད་པས་དེ་ཀུན་དུས་གཅིག་སུས་ཀྱང་བཟླ་མི་ནུས་པས་ཡང་བསྐྱར་བ་མ་གྲུབ་བོ་ཞེས་སམ། སྔགས་འབྲུ་ཀུན་དུས་གཅིག་དུ་བརྗོད་མི་སྲིད་ལ། གཅིག་དུས་གཅིག་མེད་པས་བསྐྱར་བའམ་བཟླས་ཞེས་པ་བློས་ཕར་བཏགས་པ་ཙམ་སྟེ་དོན་ལ་མ་གྲུབ་བོ། །འབྲུ་རེ་རེ་བཞིན་སྔགས་ཡིན་རིག་བྱེད་ཀྱི་གཞུང་གི་སྔགས་ཁྱད་པར་བདེན་པར་འདོད་པར་དོན་མེད་པ་སོགས་སུ་ཐལ་ལོ་ཞེས་སོ། །འོན་ཀྱང་འདི་སྤྱི་མཐའ་བཅད་པ་ཙམ་ལས་ཁྱབ་འཇུག་པའི་འདོད་པ་སྒེར་ལ་གནོད་པ་མིན་པ་འདྲ་སྟེ་བར་ནས་ཡི་གེ་ཅུང་ཉམས་སམ་བརྟག་གོ །ཐ་སྙད་དུ་སྟོང་པས་མ་ཟིན་པའི་སྔགས་ཀུན་དོན་ཆུང་ཞེས་གསུངས་པ། གོ་འཕང་མཆོག་འགྲུབ་པའི་སྔགས་བཟླ་ཚུལ་རྣམ་དག་མིན་པ་ལ་གསུང་ངོ༌། །སྤྱིར་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པའི་སྔགས་ཟབ་མོ་གཡེང་བཞིན་དང་བདེན་ཞེན་དང་བཅས་པས་བཟླ་ཀྱང་དོན་ཆེ་སྟེ། འཇམ་དཔལ་རྩ་རྒྱུད་ལས། དེ་ལྟ་ན་ཡང་རིག་སྔགས་མཆོག །བཟླ་པ་རྣམ་ཀུན་དོན་ཡོད་དེ། །གང་གིས་མིག་ཟུར་གྱིས་བལྟས་པའང༌། །རྗེས་སུ་འཛིན་པ་ཉིད་དུ་འགྱུར། །ཞེས་གསུངས་པ་བཞིན་ནོ། །ཐམས་ཅད་རྒྱུ་མེད་དུ་བསྟན་པ་ཞེས་པ་འདི་དང་སྤྱིར་གསང་ཚིག་ན་རྒྱུ་མེད་པ་བསྟན་པ་གོང་དུ་གསུངས་པ་འདི་རྣམས་སྣོད་བཅུད་ཁྱབ་འཇུག་སོགས་ཀྱིས་བྱེད་པ་ལས་རྒྱུ་གཞན་མེད་པའམ། བྱེད་པོ་ཐམས་ཅད་རྒྱུ་མེད་དུ་བསྟན་པའི་རིགས་པས་རྒྱུ་ཅན་ཀུན་ལ་འགལ་ཞེས་འགལ་བ་བསྟན་པ་ལྟ་བུ་སྟེ། སྤྱིར་ཁྱབ་འཇུག་རྒྱུར་སྨྲ་བས་རྒྱུ་མེད་པ་ཁོ་ནར་ཁས་མི་ལེན་ཀྱང་གཞུང་དང་གསང་ཚིག་གི་ཁས་ལེན་མི་འདྲ་བ་འགལ་བ་སོགས་རྣམ་པར་བརྟག་པར་བྱའོ། །ཆོས་བསྟན་པ་ཡང་དེ་དང་མཚུངས་སོ་ཞེ་ན་ཞེས་པའང༌། སངས་རྒྱས་ཀྱི་གསུང་པའང་དོན་སྣ་ཚོགས་སུ་གནས་པས་དེ་དང་འདྲ་ཟེར་ན་མི་འདྲ་སྟེ། དེ་དག་བློའི་རིམ་པ་དང་སྦྱར་ནས་བསྟན་ཀྱང་གཅིག་གི་གནད་དུ་འགལ་མེད་དུ་འཇུག་པ་ཡིན་ནོ། །ཞེས་སོ། །ཁྲུས་ཀྱིས་དག་པ་དགག་པའི་སྐབས་མུ་སྟེགས་པ་ཁོ་རང་གི་ལུང་རྒྱལ་བྱེད་དྲང་བ་ལས། སྐྱོང་མཛད་དེ་ཡིས་ཅི་ཞིག་བགྱི་ཞེས་པ་ནི། རྒྱལ་པོ་ལ་སྐྱོང་མཛད་ཅེས་དྲང་སྲོང་རྒྱས་པས་བོད་པའི་ཚིག་སྦྱར་བའོ། །རྒྱུ་མེད་དགག་སྐབས། རྣམ་པ་བུམ་པར་ཡོད་པ་ལྟར། །ཞེས་སོགས་དོན་ལྟོ་ལྡིར་བའི་རྣམ་པ་བུམ་པར་ཡོད་པའམ། གོང་བུ་འདི་རྣམ་པ་ལྟོ་ལྡིར་བའི་བུམ་པར་ཡོད་པ་ལྟར། སྣམ་བུར་ཡང་ཡོད་པར་ཐལ་ཏེ་སྣམ་བུ་དང་བུམ་པའི་རྣམ་པའི་ཁྱད་པར་གཉིས་ཀའི་རྒྱུ་སོ་སོར་མེད་པར་ངོ་བོས་བྱུང་བས་སོ། །དེས་ན་བུམ་པ་ཡང་སྣམ་བུའི་རྣམ་པར་དང༌། སྣམ་བུ་ཡང་བུམ་པའི་རྣམ་པར་འབྱུང་བར་ཐལ་ལོ། །ཞེས་སོ། །ཡང་ན་རྟོག་པ་མེད་པར་ཐལ་ཏེ། ཞེས་པ་རྒྱུ་མེད་ཡིན་ན་བུམ་པ་ལྟོ་ལྡིར་བར་རྟོག་པའམ་བློ་ངོར་སྣང་བའང་མེད་པར་ཐལ་ཏེ། རྫ་མཁན་སོགས་ཀྱིས་ཀྱང་ལྟོ་ལྡིར་བའི་རྣམ་པར་བྱ་མི་ནུས་ཏེ་དེ་ལ་རྒྱུ་མེད་པས་སོ། །དཔེ་ཁ་ཅིག་ན་ལྟོས་པ་མེད་ཅེས་པ་མ་དག་ལ། ལྡོག་པ་མེད་ཟེར་ན་རྟག་ཏུ་མི་ལྡོག་པར་གོ་རྒྱུ་ཡོད་ཀྱང་མ་དཔེ་བཞིན་བཤད་པའོ། །རྐྱེན་ལ་ལྟོས་པ་ནི་རུང་བར་འགྱུར་ཏེ་ཞེས་པ་རང་ལུགས་རྒྱུ་ཡོད་དུ་སྨྲ་བ་ལྟར་ན་ཕྱོགས་དེར་བུམ་པ་སྔར་མེད་གསར་དུ་བཞག་ཚེ་ཡོད་པ་དང་གཞན་དུ་བསལ་ཚེ་དེ་ན་མེད་པ་སོགས་ཀྱི་ཐ་སྙད་རུང་ཞེས་སོ། །འདི་ལ་སོགས་པའི་སྐབས་འགའ་ཞིག་ཏུ་ཡི་གེ་ཅུང་ཟད་ཉམས་པ་ཡིན་ནམ་སྙམ་སྟེ་བརྗོད་སྒྲོས་མི་གསལ་བ་ལྟ་བུ་རེ་འདུག་ཀྱང་དོན་ལ་འགལ་བ་མེད་ཅིང༌། མ་དཔེ་གང་ནའང་མི་གསལ་བ་དག་ནི་ཇི་བཞིན་བཅོས་པའི་གདིང་མ་རྙེད་པས་བཞག་ལ། སླར་དཔེ་དག་པ་རྙེད་ནས་འབྲུ་བཅོས་ཀྱིས་ཤིག རྫས་གཅིག་ལ་ཆ་ཤས་ཀྱི་སྐྱེད་བྱ་སྐྱེད་བྱེད་གཉིས་མི་སྲིད་པའི་ཕྱིར་ཏེ། ཞེས་པ། ཉི་མ་ཤར་བ། ཆུ་མཐུར་འབབ། སྲན་མ་ཟླུམ་པ་ནི་ངོ་བོ་ཉིད་ཀྱིས་མ་ཡིན་ཏེ། དེ་འཆར་བ་ལ་སོགས་པའི་ཆོས་ཅན་དུ་རང་རྒྱུས་བསྐྱེད་པའི་ཕྱིར། རྒྱུ་མེད་པར་རང་གི་ངོ་བོས་བྱ་བ་བྱེད་ན་བྱེད་པོ་ཉི་མ་རྒྱུ་དང༌། བྱ་བ་འཆར་བ་འབྲས་བུ་ཡིན་དགོས་ན་དེ་ཆ་གཉིས་སུ་ཐལ་བ་དང༌། ཡང་ཉི་མ་བསྐྱེད་པའི་རྒྱུ་དེས་འཆར་བའང་བསྐྱེད་པ་ཡིན་གྱི་འཆར་བ་རྒྱུ་མེད་མིན་ཏེ། འཆར་བ་ཉི་མའི་ཆོས་ཡིན་པའི་ཕྱིར། ཉི་མ་གཅིག་པུ་ལ་རྒྱུས་བསྐྱེད་པ་དང་མ་བསྐྱེད་པའི་ཆོས་གཉིས་ཡོད་པ་འགལ་ཏེ་རྒྱུ་གཅིག་གིས་གྲུབ་པའི་རྫས་གཅིག་ཡིན་པས་སོ། །ཞེས་པའོ། །འདི་སྐབས་སྤྲིན་དང་འཇིག་རྟེན་ཆགས་པ་དག་བཤད་པ་ནི། འཇིག་རྟེན་ན་མཐོང་བའི་དཔེ་མཁའ་ལ་སྤྲིན་འདུས་པ་དེ་རྒྱུ་མེད་གློ་བུར་དུ་བྱུང་སྙམ་པ་དང༌། བསྟན་བཅོས་ལས་བཤད་པ་འཇིག་རྟེན་ཞིག་ཅིང་སྟོང་པ་ལས་སླར་ཆགས་པ་རྒྱུ་མེད་ཀྱི་དཔེར་རུང་སྙམ་པའི་ལོག་རྟོག་བཀག་པའོ། །མ་མཐོང་བའི་དངོས་པོ་རྒྱུ་མེད་འགའ་ཞིག་སྲིད་དམ་ཅེ་ན་ཞེས་སོགས་དོན། ད་ལྟའི་སྣང་བ་འདི་རྣམས་ཕལ་ཆེར་ལ་རྒྱུ་མཐོང་ཡང་མཐོང་མ་མྱོང་བ་ཁ་ཅིག་ལ་རྒྱུ་མེད་པའང་སྲིད་སྙམ་ན་མི་སྲིད་དེ། དུ་བ་མེ་ལས་མ་སྐྱེས་པར་མི་འབྱུང་བས་ན། དུ་བ་ཙམ་མཐོང་ནས་རྒྱུ་མེ་མ་མཐོང་ཡང་མེ་ལྐོག་ན་ལ་རྒྱབ་སོགས་སུ་ཡོད་པ་བཞིན། རྒྱུ་ཉིད་ལྐོག་ཏུ་གྱུར་ནས་དངོས་སུ་མ་མཐོང་ན་ཡང༌། འབྲས་བུ་ཐམས་ཅད་ལ་རྒྱུད་ཡོད་པར་ངེས་ཏེ། རྒྱུ་མེད་ན་འབྲས་བུ་འབྱུང་མི་སྲིད་པར་རིགས་པས་ངེས་པའི་ཕྱིར་ཞེས་པའི་དོན་ཏོ། །གསང་བ་པའི་སྐབས། མ་ཁྱབ་པར་རྟག་པ་མེད་པ་བདེན་མོད་ཀྱི་ཞེས་པའི་དོན། གང་དུ་མ་ཁྱབ་པ་དེར་གསར་དུ་འཕོ་རུང་བས་རྟག་པར་དེ་ན་མེད་པ་བདེན་ཀྱང་ཞེས་སོ། །དེས་ན་གཟུགས་ཡོད་མེད་མཐོང་མི་མཐོང་འདྲེ་བཞིན་ཡོད་པར་མི་རུང་བ་ཉིད་དོ་ཞེས་པ། ཡོད་མེད་དང་མཐོང་མི་མཐོང་འདྲེས་ནས་ཡོད་པ་མི་འཐད་ཅེས་སོ། །འོ་ན་རི་མི་འགུལ་ཡང་ཤིང་དང་རྩ་སོགས་སྐྱེད་པའི་བ་བཞིན་ནོ་ཞེ་ན་ཞེས་སོགས་དོན། འགྲོ་འོང་སོགས་མེད་ན་བྱ་བ་བྱེད་པ་མིན་འཐད་པར་བསྟན་པ་ལ། རི་མི་འགུལ་ཀྱང་རྩ་སོགས་བསྐྱེད་པ་ལྟར་བདག་ཆེན་པོ་ཁྱབ་ཅིང་རྟག་པ་འགྲོ་འོང་སོགས་མི་བྱེད་ཀྱང་བྱ་བ་བྱེད་སྙམ་ན་མི་འཐད་དེ། རིས་མ་ཁྱབ་པའི་སྟེན་ནའང་ཤིང་སྐྱེ་བ་ཉིད་དང་ཞེས། ཤིང་སྡོང་གི་རྩེ་མོ་ལྟ་བུ་ལ་རིས་མ་ཁྱབ་པ་བཞིན་དུ་སྐྱེ་བ་ཡོད་པས་ན། བདག་གིས་ཁྱབ་བཞིན་དུ་སྐྱེད་པའི་དཔེར་མི་རུང་ངོ༌། །སྡོང་པོའི་རྩ་བསྐྲད་ཀྱིས་གར་ཆོད་པའམ་ཁྱད་པར་ན་དེ་ཡིས་མེད་པར་ཕུལ་བའམ་དེད་པའི་ཕྱིར་རིས་ཤིང་ལམ་ཁྱབ་བོ། །ཞེས་པ་ལྟར་བཤད་ཀྱང་ཆོག་མོད་ལར་འབྲུ་ཟུར་ཅུང་ཉམས་པའམ་ཡང་ན་སྡོང་པོའི་རྩ་བ་ཞེས་དཔེ་ལ་ལར་བྱེད་སྒྲ་མེད་པ་ལྟར་ན་མཚོན་སོགས་ཀྱིས་བཅད་པའི་དོན་སོགས་སྣ་ཚོགས་སུ་བཤད་ན་རིགས་པའི་འཇུག་ཚུལ་དང་སྐྱོན་འཕུལ་ཚུལ་སྣ་ཚོགས་འོང་ཀྱང་མ་སྤྲོས་ལ་སྤྱིར་རིགས་པའི་འཇུག་པ་མཐའ་ཡས་པའི་གོ་བས་ཀྱིས་ཚིག་གི་ཟུར་གཅོད་ཚུལ་སོགས་སྣ་ཚོགས་ཞིག་འོང་བས་ན་འདི་དང་འདི་འདྲའི་རིགས་ཕལ་མོ་ཆེ་ལ་དོན་གྱི་གནད་ལ་འགལ་བ་མེད་ཕན་ཆོད་ཚིག་གི་བབ་གོ་བ་འདྲ་མིན་སྣ་ཚོགས་ལེན་ཤེས་པ་ནི་བློ་གྲོས་འཇུག་པ་ཡངས་པའི་མཐུ་ཡིན་པས་ཕྱོགས་གཅིག་གི་མུན་འཐའ་སྤངས་ལ་སླར་ཡང་ཇི་བདེར་དཔྱོད་ཅིང༌། །གཅེར་བུ་བའི་སྡོམ་པ་དགག་སྐབས། སྡོམ་པ་བསྡམ་བྱ་ལ་ལྟོས་པའི་ཕྱིར་དང༌། རྒྱུད་གཅིག་ལ་བསྡམ་བྱ་སྡོམ་བྱེད་དུས་གཅིག་ཏུ་རྫས་འགལ་བས་མ་གྲུབ་པའི་ཕྱིར་ཞེས་པ་སྤྱིར་སྡོམ་བྱེད་བསྡམ་བྱ་ཕན་ཚུན་མ་ལྟོས་པར་མི་འགྲུབ་ལ། གཅིག་ཡོད་ཚེ་གཅིག་མེད་པས་ལྟོས་ནས་བཏགས་པ་ཙམ་ལས་དོན་དུ་མ་གྲུབ་པར་བསྟན་པའོ། །འདི་སྐབས་ཤིང་སེམས་པ་མེད་ཅེས་བསྟན་པ་ནི་ཤིང་མི་གཅོད་པའི་སྡོམ་པ་སོགས་དོན་མེད་པར་བསྟན་པའི་སླད་དུའོ། །རྡུལ་ཆ་ཕྲ་བ་ཡང་མེད་པའི་ཕྱིར་རོ་ཞེས་པ་འདིས་ཤིང་ལས་སེམས་མེད་པར་མ་ཟད་ཤིང་རྡུལ་ཕྲ་རབ་ཙམ་དུ་ཡང་དོན་དམ་པར་མེད་ཅེས་དགག་པའམ། རྡུལ་དུ་གྲུབ་པ་ནི་བེམ་པོ་ཡིན་པས་སེམས་མ་ཡིན་སྟེ་སེམས་རྡུལ་དུ་གྲུབ་པ་མེད་ཅེས་པ་ལྟ་བུའི་དོན་དུ་རུང་ཀྱང་འདིར་ཡིག་སྐྱོན་ཅུང་ཞུགས་པ་འདྲ་སྟེ་དཔེ་དག་པ་དང་བསྟུན་ནས་ངེས་པ་རྙེད་ན་བཅོས་པར་བྱའོ། །ཐར་པ་འགོག་སྐབས། དངོས་པོ་ནི་གཞི་མེད་པས་མི་སྲིད་པའི་ཕྱིར་རོ། །ཞེས་པ། ཐར་པ་དངོས་པོ་བ་རིགས་པས་བརྟགས་ན་གཞི་མི་སྲིད་པའི་དོན་ཡིན་ནམ་སྙམ་མོ། །ཤེས་བྱ་དུ་མ་རང་བཞིན་གཅིག་པ་འགོག་པའི་སྐབས་སུ། འཁྲུལ་མ་འཁྲུལ་དུ་མི་འཐད་ཅེས་པའི་དོན། དུ་མ་གཅིག་ཡིན་ན་ལྷས་བྱིན་ལྟས་བྱིན་དུ་རྟོག་པ་མ་འཁྲུལ་པ་དང༌། ལྷས་བྱིན་ལ་མཆོད་སྦྱིན་དུ་རྟོག་པ་འཁྲུལ་པ་ཡིན་པར་མི་འཐད་དེ། དེ་གཉིས་གཅིག་ཡིན་པའི་ཕྱིར་ཅེས་པ་ལ་སོགས་པ་ལྟ་བུའོ། །རྒྱང་འཕེན་པའི་སྐབས་སུ་འཇིག་རྟེན་སྔ་ཕྱི་མེད་དེ། ལུས་སེམས་རྫས་གཅིག་པའི་ཕྱིར་དང་ཞེས་སོགས་ཀྱི་དོན་རིམ་བཞིན་དུ་དེ་ཡང་ལུས་རྡུལ་ཕྲན་དུ་དེངས་པས་སོགས་ཀྱིས་བཤད་ལ། འདི་སྐབས་གཉིས་བཅས་ཞེས་པ་ནི་རྒྱང་འཕེན་པས་འཇིག་རྟེན་ཕ་རོལ་མེད་པའི་གཏན་ཚིགས་བཀོད་པ་ཡིན་ཏེ། དེ་ཡང་ཟོལ་སྦྱོར་་གྱི་སྒོ་ནས་གྲུབ་པ་རེ་བས་འདི་སྐད་དུ། བུམ་པ་ཆོས་ཅན། འཇིག་རྟེན་ཕ་རོལ་ནས་མ་འོང་བའི་སྐྱེས་བུའང༌། བུམ་པ་གང་རུང་གི་གཉིས་དང་བཅས་པ་ཡིན་ཏེ། ཨུཏྤ་ལ་མ་ཡིན་པའི་དངོས་པོ་ཡིན་པའི་ཕྱིར། བུམ་ལྡན་རྩིག་པ་བཞིན་ཞེས་འགོད། ཡང་ན་ཆོས་ཅན་དང་རྟགས་དང་དཔེ་འདྲ་བས་བ་ལ་ལུས་སེམས་རྫས་གཅིག་པའི་སྐྱེས་བུའི་ལུས་དང་བུམ་པ་གང་རུང་གི་གཉིས་དང་བཅས་པ་ཡིན་ཏེ་ཞེས་སྦྱར། དེ་གཉིས་གང་ཡིན་ཀྱང་དོན་འདྲ་སྟེ། འཇིག་རྟེན་ཕ་རོལ་མེད་པར་སྒྲུབ་པའི་གཏན་ཚིགས་དངོས་སུ་འགོད་མ་ནུས་ནས། བུམ་པ་དེ་ལུས་སེམས་རྫས་གཅིག་པའི་སྐྱེས་བུའི་ལུས་སམ། འཇིག་རྟེན་ཕ་རོལ་ནས་མ་འོང་པའི་སྐྱེས་བུའི་གཉིས་བཅས་སུ་སྒྲུབ་རྟགས་ཨུཏྤ་ལ་མིན་པ་བཀོད་ནས་འདི་སྙམ་དུ། བུམ་པ་ལ་ཨུཏྤ་ལ་མིན་པའི་ཕྱོགས་ཆོས་གྲུབ་ལ། དཔེ་བུམ་པ་རྩིག་རྩར་བཞག་པ་ན་རྩིག་པ་དེ་ལ་གང་རུང་གི་གཉིས་བཅས་ཀྱི་ཁྱབ་པ་གྲུབ་སྟེ་རྩིག་པ་དེ་ཨུཏྤ་ལ་མིན་པའི་དངོས་པོ་ཡིན་ལ། བུམ་པའི་གཉིས་བཅས་ཀྱང་ཡིན་པའོ། །དེ་ལྟ་ན་སྐབས་ཀྱི་ཆོས་ཅན་བུམ་པ་ནི་བུམ་པ་རང་ཉིད་ཀྱི་གཉིས་བཅས་སམ་ཟླ་བཅས་སུ་མི་སྲིད་པས། སྐབས་འདིར་སྨོས་པའི་ཟླ་བོར་འཇིག་རྟེན་ཕ་རོལ་ནས་འོང་བ་མིན་པའི་སྐྱེས་བུའམ། ལུས་སེམས་རྫས་གཅིག་པའི་སྐྱེས་བུའི་གཉིས་བཅས་པ་ལས་འོས་མེད་པས་དེ་སྒྱུ་ཐབས་ཀྱིས་འགྲུབ་པར་རེ་བའོ། །དེ་ལ་དངོས་པོ་ཡིན་ན་དངོས་པོ་གཞན་གྱི་གཉིས་དང་བཅས་པ་ཁྱབ་པ་ཡོད་པ་ནི་སྤྱིར་བཏོང་སྟེ། དངོས་པོ་རྣམས་ནི་གཅིག་ཁོ་ན་མིན་པར་དུ་མ་སྲིད་པས་ན་དངོས་པོ་ཡིན་ཚད་རང་དང་ཅིག་ཤོས་སུ་བགྲང་རྒྱུ་ཡོད་པ་ཙམ་གྱི་གཉིས་བཅས་ཡིན་ལ། དེའི་ཕྱིར་ཨུཏྤ་ལ་མིན་པའི་དངོས་པོ་ཡིན་ནའང་གཉིས་པ་བཅས་ཙམ་ཡིན་པ་གཞིར་བཞག་ལ་བསམས་ནས། ངག་སྦྱོར་བའི་སྐབས་སུ་སྐྱེས་བུའི་ཚིག་ཚིག་གྲོགས་སུ་བཞག་པས་གཉིས་བཅས་སུ་འདོད་ན་སྐྱེས་བུའི་གཉིས་བཅས་གྲུབ་པ་ལས་འོས་མེད་ལ། སྐྱེས་བུ་དེ་ཡང་འཇིག་རྟེན་ཕ་རོལ་ནས་མ་འོང་པའམ། ལུས་སེམས་རྫས་གཅིག་པའི་ཆོས་དང་ལྡན་པར་སྨྲས་པས་དོན་ལ་སྐྱེས་བུ་ནི་འཇིག་རྟེན་ཕ་རོལ་ནས་མ་འོང་པའམ། ལུས་སེམས་ཅན་གཅིག་པས་ལུས་ཀྱི་སྔོན་དུ་བློ་མེད་ལ། ལུས་ཞི་གནས་ཀྱང་སེམས་པས་འཇིག་རྟེན་སྔ་ཕྱི་མེད་པར་གྲུབ་སྙམ་པའོ། །དེ་ཡང་དེ་འདྲའི་སྐྱེས་བུའི་གཉིས་བཅས་རྐྱང་པར་སྨྲས་ན་དཔེ་ལ་རྗེས་འགྲོ་བསྟན་མི་ནུས་པས་འཇིགས་ནས། བུམ་པ་དང་གང་རུང་གི་གཉིས་བཅས་ཞེས་གཡོ་ཐབས་སུ་འགོད་པའང༌། འདི་ལྟ་བུའི་ཟོལ་སྦྱོར་གྱི་རྟགས་དེས་ཞེ་འདོད་ནི་སྒྲུབ་པར་མི་ནུས་ཅི་ཡང་མི་ཕན་ལ། སྨྲས་ཆོས་ལ་སྨྱོན་པ་གཏོལ་མེད་ཀྱི་རྡོལ་ཐབ་སྨྲ་བ་ལྟ་བུའི་སྐྱོན་ཆགས་པ་ལས་ལེགས་པ་ཅི་ཡང་མེད་དེ། སྤྱིར་དངོས་པོ་ལ་དུ་མ་ཡོད་པས་དངོས་པོ་གང་ཡང་གཉིས་དང་བཅས་པ་ཙམ་ནི་གྲུབ་ཟིན་པས་བསྒྲུབ་མི་དགོས་ལ། སྐབས་ཀྱི་ངག་སྦྱོར་གྱི་དོན་ལྟར་ན་གང་རུང་གི་གཉིས་བཅས་གཏན་ནས་མིན་སྟེ་བུམ་པ་བུམ་པའི་གཉིས་བཅས་དང་གློ་བུར་བའི་སྐྱེས་བུའི་གཉིས་བཅས་གཉིས་ཀ་མིན་པའི་ཕྱིར་ཏེ། བུམ་པ་བུམ་པའི་ཟླ་བོར་འགལ་ལ། གློ་བུར་བའི་སྐྱེས་བུ་རི་རྭ་བཞིན་དུ་གཞི་མ་གྲུབ་པས་དེའི་གཉིས་བཅས་ཡིན་པས་འགལ་ལོ། །དེས་ན་དཔེ་བུམ་ལྡན་རྩིག་པ་ལའང་སྦྱིང་གཉིས་བཅས་ཙམ་ཡོད་ཀྱང་སྐབས་པ་འདིའི་ཞེ་འདོད་ཀྱི་གཉིས་བཅས་ནི་གཏན་མེད་པས་ཅི་ཡང་མི་ཕན་ནོ། །གལ་ཏེ་ལུས་བུམ་པ་ཕྱེ་བར་དེ་གཉིས་ཐུན་མོང་གི་སྤྱི་ཙམ་ལ་བཟུང་ན་རུང་སྙམ་ན་མི་རུང་སྟེ་ལུས་བུམ་གཉིས་མིན་པའི་གང་རུང་ཞེས་པ་དོན་གཞན་ཅི་ཡང་མེད་པས་སོ། །འོ་ན་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། བུམ་པ་བཞིན་ཅེས་པ་ལའང༌། དཔེ་དང་ཆོས་ཅན་ལ་ཐུན་མོང་དུ་གནས་པའི་བྱས་པ་དང༌། མི་རྟག་མེད་པས་དེ་ཡང་མི་གྲུབ་བོ་ཞེ་ན་མི་མཚུངས་སྟེ། མི་རྟག་པ་ཙམ་སྒྲ་དང་བུམ་པའི་ཁྱད་པར་མ་བྱས་པར་སྒྲུབ་རུང་སྟེ་སྒྲ་བུམ་གཉིས་ཀའང་མི་རྟག་པར་ཁྱད་མེད་པས་ན་མི་རྟག་པ་དེ་གཉིས་ཀ་ལ་ཡོད་ཀྱང༌། ལུས་བུམ་གང་རུང་གི་སྤྱི་ཞེས་པ་དོན་གཞན་ཞིག་ཡོད་པར་གྱུར་ན། བུམ་པ་ལ་མི་རྟག་པ་ཡོད་པ་བཞིན་དུ་ལུས་བུམ་གང་རུང་ཞེས་པའང་ཡོད་པར་འགྱུར་དགོས་ན་དེ་མི་སྲིད་པའི་ཕྱིར་རོ། །དེས་ན་དེ་འདྲའི་རྟགས་འགོད་པ་ནི་གྱི་ན་སྟེ། རྣམ་འགྲེལ་ལས། བརྗོད་བྱས་སྟོང་པ་བརྗོད་རྣམས་ཀྱི། །འདི་དེ་མི་ཤེས་ཀྱིས་བསླད་ཡིན། །ཞེས་གསུངས་པ་བཞིན་ནོ། །ལུས་སེམས་རྫས་གཅིག་བཀག་པའི་སྐབས། སྐད་ཅིག་ཀྱང་མི་གསལ་ན་བྱིས་པའི་ཚད་མ་གང་གིས་ཀྱང་མི་མཐོང་བར་ཐལ་ལོ། །ཞེ་ན་འདོད་དེ། བྱིས་པས་སྐད་ཅིག་དངོས་སུ་མཐོང་བ་མེད་པ་ཡིན་ནོ་ཞེས་པ། འཁྲུལ་རྒྱུས་བསླད་པ་དང་བྲལ་ནས་དོན་ངེས་པའི་ཚུལ་གྱིས་མཐོང་བ་མེད་ཅེས་པའི་དོན་ཏོ། །རྟོག་མེད་ཤེས་པས་སྐད་ཅིག་མ་མཐོང་མ་མྱོང་ཞེས་པའི་དོན་དུ་བཟུང་བར་མི་བྱའོ། །ཉན་ཐོས་ཀྱི་གྲུབ་མཐའི་སྐབས་སུ་སྡེ་བ་བཅོ་བརྒྱད་སོ་སོའི་འདོད་ཚུལ་འགོག་པ་རྣམས་དོན་ལ་འགལ་བ་མི་འདུག་ཀྱང་ཚིག་གི་བརྗོད་སྒྲོས་ཅུང་མི་གསལ་བ་རྣམས་ཡི་གེ་ཉམས་པ་ཕྲ་མོ་བྱུང་བ་འདྲ་སྟེ་མ་དཔེ་གང་ནའང་མི་གསལ་བ་རྣམས་ནི་སྤྱི་བརྟོལ་གྱིས་བཅོས་པར་མ་བྱས་པར་སོར་བཞག་པས་ན། སླར་ཡང་དཔེ་དག་ངེས་མཐོང་ནས་དོན་ཇི་བཞིན་སློང་ནུས་པ་བྱུང་ན་འབྲུ་ཟུར་བཅོས་པར་གྱིས་ཤིག ཉན་ཐོས་པའི་ཐུན་མོང་གི་འདོད་པ་བདུན་གྱི་རྩོམ་བྱེད་རྡུལ་ཕྲན་དོན་དམ་དུ་འདོད་པ་བཀག་པའི་སྐབས་སུ་ཕྲད་མ་ཕྲད་བརྟག་པ་སོགས་རིགས་པ་ལྔ་གསུངས་པའི་གསུམ་པ་གྲིབ་མ་དང་ཉི་ལོགས་ཀྱིས་བརྟག་པ་ནི། རྡུལ་ཕྲན་ལ་ཆ་མེད་པས་ན་ཉི་མ་ཤར་བའི་ལོགས་སུ་བལྟས་པའི་ཆ་དང༌། ཉི་མ་མ་ཕོག་པར་གྲིབ་མ་ཅན་གྱི་ཆ་གཉིས་ཡོད་མི་ཤེས་ཏེ་ཡོད་ན་ཆ་གཉིས་སུ་འགྱུར་ལ། ཆ་གཉིས་མེད་པར་ཆ་ཐམས་ཅད་ལ་ཉི་མ་ཕོག་ན་གྲིབ་མ་གཏན་ནས་མེད་པས་ཤར་ངོས་མའི་གྲིབ་མ་ནུབ་ངོས་མ་ལ་འཕོག་པ་མེད་ཅིང་དེའི་ཚུལ་གྱིས་རྡུལ་ཐམས་ཅད་ལ་གྲིབ་མ་མེད་པར་སྣང་བ་བསྒྲིབ་པ་མི་སྲིད་པས་རི་རབ་ཀྱི་ཤར་དུ་ཉི་མ་ཤར་བ་ནུབ་དུ་མི་བསྒྲིབ་པར་ཐལ་ཏེ་ཤེལ་གོང་བཞིན་དུ་འགྱུར་རོ། །ཡང་ཆ་ཐམས་ཅད་གྲིབ་མ་ཡིན་ན་ཉན་པར་ཡང་མུན་ནག་ཏུ་ཐལ་སྟེ། ཉི་འོད་ཕོག་པ་ཤར་གྱི་ཕུག་པ་ལྟ་བུའང་ཉི་འོད་མ་ཕོག་པ་བྱང་བལྟས་ཕུག་པ་བཞིན་དུ་འགྱུར་ཏེ་ཐམས་ཅད་དུ་ཉི་འོད་མ་ཕོག་པའི་ཕྱིར་རོ། །དེས་ན་གོང་བུ་ལྟ་བུ་ལ་ཉི་འོད་འཕོག་ཚེ་རྡུལ་ཕྲ་རབ་ལ་ཕོག་དགོས་པས་དེ་ལ་ཉི་འོད་ཕོག་མ་ཕོག་གི་ཆ་ལ་དཔྱད་པ་དེ་ལྟར་བྱའོ། །ཉི་འོད་ཕོག་མ་ཕོག་གི་ལོགས་ཐ་དད་དུ་ཡོད་ན་ཆ་མེད་ཡིན་པས་ཉམས་སོ། །བཞི་པ་འཕོ་བའི་བརྟག་པ་ནི། ཁང་མིག་ཏུ་ཉི་ཟེར་ནུར་ཏེ་འགྲོ་བ་དང༌། མདའ་འཕང་བ་མྱུར་དུ་འགྲོ་བ་གཉིས་ཀས་ཀྱང་ཅུང་ཟད་ཀྱང་མི་སྡོད་པར་ས་གཞི་ཁྱོན་རིམ་བཞིན་འདའ་དགོས་ལ། ཆ་མེད་ཀྱི་རྡུལ་གཅིག་གི་ཁྱོན་ལས་ཆུང་བ་ནི་སུས་ཀྱང་འདའ་རྒྱུ་མེད་པས་ན། ཆ་མེད་ཀྱི་རྡུལ་རེ་རེ་ནས་མི་སྡོད་པར་འདའ་བར་མཚུངས་པའི་ཕྱིར། མདའ་དང་ཉི་ཟེར་མགྱོགས་བུ་ལ་མཉམ་པར་ཐལ་ལ་མི་མཉམ་པར་ཉི་ཟེར་གྱིས་ས་ནས་གང་ཙམ་གཅོད་པའི་ཡུན་ལ་མདའ་ཡི་ས་ནས་སྟོང་ཕྲག་མང་པོའི་ས་ཁྱོན་གཅོད་ནུས་ན་ནི་ཉི་ཟེར་ནུར་བས་འདའ་བྱ་ཆ་མེད་གཅིག་གི་ཁྱོན་ལ་མདའ་འགྲོ་བས་ཆ་མེད་སྟོང་གི་ཁྱོན་འདའ་རུ་ཡོད་པར་འགྱུར་ཏེ། ཇི་ལྟར་མགྱོགས་ཀྱང་ཆ་མེད་རེ་རེ་ནས་འདའ་དགོས་ལ། ཉི་ཟེར་གྱི་ཆ་གཅིག་གཅོད་ཡུལ་ལ་མདས་དེ་འདྲ་སྟོང་ཙམ་ཆོད་ཐུབ་པས་མདའི་དུས་ཆ་སྟོང་ལྟ་བུ་དེ་རིམ་ཅན་དུ་འབྱུང་ཞིང་ཆ་རེ་རེ་ལས་ཁྱོན་རེ་རེ་ཆོད་རྒྱུ་ཡོད་དགོས་པས་སོ། །མདའ་འཕངས་པ་ལས་ཀྱང་མཁའ་རྒྱུའི་ཡི་དྭགས་སོགས་ཀྱིས་མགྱོགས་པར་གསུངས་པའི་ཚུལ་ལའང༌། འགོམ་བྱ་འགོམ་བྱེད་ཀྱི་རྡུལ་བསྣོལ་སྟེ་འདའ་ཚུལ་དེ་བཞིན་དུ་དཔྱད་པས་ཆ་མེད་མི་གྲུབ་པར་ཤེས་སོ། །རིགས་པ་དེས་དུས་ཆ་མེད་ཀྱང་དུ་མར་མཆེད་པས་མ་གྲུབ་པར་གཏན་ལ་ཕེབས་སོ། །མདའ་དེས་ཅིག་ཆར་དུ་འགྲོ་བར་ནི་སྨྲ་བར་མི་ནུས་ཏེ་ལམ་རྣམས་མདས་འཇའ་ཚོན་ལྟར་ཁྱབ་པར་འགྱུར་བའི་ཕྱིར་རོ་ཞེས་པ། སྔ་མའི་ས་ཁྱོན་བཏང་ནས་ཕྱི་མ་ཕྱི་མའི་བཞིར་རིམ་བཞིན་འཇུག་པ་མིན་པ་ཅིག་ཆར་གཅོད་ན་ལམ་གྱི་ཆ་རྣམས་ཐམས་ཅད་ཀྱི་སྟེང་ན་རེས་འཇོག་མེད་པར་ཅིག་ཆར་སྣང་བ་དཔེར་ན་འཇའ་ཚོན་ཡུལ་གྱི་ཆ་གང་ན་སྣང་བ་དེ་ཕྱོགས་གཅིག་ཏུ་ངེས་པ་མེད་པར་ཕ་ཀི་ནས་བལྟས་ན་ཚུར་ཁར་དང༌། ཚུར་ཁ་ནས་བལྟས་ན་ཕ་ཀིར་སྣང་ཞིང་གར་ཡང་ཁྱབ་པ་ལྟར་ཡིན་དགོས་ནའང་དེ་ལྟར་མ་ཡིན་པར་མཐོང་བའི་ཕྱིར་རིམ་ཅན་དུ་འགྲོ་བ་ཡིན་ནོ་ཞེས་སོ། །ལྔ་པ་རིང་ཐུག་གིས་བརྟགས་པ་ནི་རྡུལ་གཉིས་གཤིབ་པའི་སྲུབ་ནོན་དུ་རྡུལ་གཅིག་བཞག་དུས་འོག་གི་གཉིས་དང་སྟེང་གི་གཅིག་པོ་ལས་ཁྱོན་ཆེ་ཆུང་ངམ་རིང་ཐུང་ཡོད་དམ་མེད། མེད་ན་རྡུལ་དུ་མ་གཤིབ་ཀྱང་ཇེ་ཆེར་མི་འགྱུར་ལ། ཡོད་ན་སྟེང་འོག་གི་རྡུལ་གསུམ་ཀ་ཆ་བཅས་སུ་འགྱུར་ཏེ། འོག་མ་གཉིས་པོའི་ཕྱེད་སྟེང་མས་ནོན་པའི་ཆ་དང༌། ཕྱེད་མ་ནོན་པའི་ཆ་ཡིན་པས་སོ། །སྟེང་མ་ལའང་ཕྱེད་རྡུལ་ཤར་ངོས་པ་ནོན་པའི་ཆ་དང༌། ཕྱེད་ནུབ་ངོས་པ་ནོན་པའི་ཆ་ཡིན་པས་གཉིས་སུ་ཐལ་ལོ། །དེ་ཡང་དཔེར་ན་ཡུངས་ཀར་གཉིས་གཅིག་ལ་གཅིག་ཕྲད་པར་གཤིབ་པའི་སྲུབ་མཚམས་དེར་གཅིག་བཞག་རུང་བཞིན་དུ་རྡུལ་ཆ་མེད་གཉིས་གཤིབ་པའི་གྲུབ་ཏུ་གཅིག་བློས་བཞག་སྟེ་དཔྱད་པའོ། །ཚུལ་འདིས་དུས་ཀྱི་ཆ་མེད་ལའང་བརྟགས་ན། ལྷས་བྱིན་དུ་ཤེས་པ་དང་མཆོད་སྦྱིན་དུ་ཤེས་པའི་བློའི་སྐད་ཅིག་གཉིས་སྐྱེ་བ་ན། དེའི་མཚམས་སུ་སྲུབ་ནོན་དུ་མཆོད་སྦྱིན་ཤེས་པའི་ཤེས་པ་སྐད་ཅིག་མ་སྐྱེས་ན། ཤེས་པ་གཉིས་པོ་དང་སྲུབ་ནོན་གཅིག་པོ་ལ་ཡུན་རིང་ཐུང་ཡོད་དམ་མེད། ཡོད་ན་གསུམ་ཀ་ཆ་བཅས་སུ་ཐལ་བ་མེད་ན་བསྐལ་པའང་སྐད་ཅིག་ཏུ་ཐལ་ཏེ་སྐད་ཅིག་དུ་མ་མཐུད་ཀྱང་སྐད་ཅིག་གཅིག་ལས་རིང་རྒྱུ་མེད་པས་སོ། །འདི་རང་རྒྱུད་གཅིག་གི་དབང་དུ་བྱས་ཀྱང་རྣམ་པར་དཔྱད་པ་འཇུག་པས་འགལ་བ་མེད་ཀྱང༌།བློ་ལ་འཆར་བདེ་བའི་ཕྱིར་རྒྱུ་ཐ་དད་པའི་དབང་དུ་བྱས་ན་སྐྱེས་བུ་ལྷས་བྱིན་གྱི་རྟོག་པ་སྐད་ཅིག་གཉིས་སྐྱེ་བའི་མཚམས་དེར། མཆོད་སྦྱིན་གྱི་རྟོག་པ་སྐད་ཅིག་གཅིག་སྐྱེས་ཏེ། དེ་ཡང་ལྷས་བྱིན་གྱི་རྟོག་པ་སྔ་མ་ཙམ་མ་སྔ། ཕྱི་མ་ཙམ་མ་ཕྱི་བར་བར་དེར་སྐྱེ་བ་སྲིད་པས་ན། དེ་འདྲའི་སྐད་ཅིག་གསུམ་ལ་ཡུན་རིང་ཐུན་མོང་མེད་བརྟག་པས་སྐད་ཅིག་ཆ་མེད་མ་གྲུབ་ཚུལ་གཏན་ལ་ཕེབས་སོ། །བར་དེར་སྐྱེ་བ་སྲིད་པ་ཡང་སྐད་ཅིག་གཉིས་ཀྱི་ཡུན་ལ་གཅིག་མི་ཤོང་མི་སྲིད་ལ་དེ་ཡང་དེར་སྐྱེས་སམ་བར་མཚམས་དེར་སྐྱེ་བ་ལ་འགོག་བྱེད་མེད་པས་སོ། །བྱེ་བྲག་སྨྲ་བའི་འདོད་པ་བདུན་བཤད་པའི་སྐབས་བརྗོད་པ་གསལ་བས་རྒྱས་བཤད་མི་དགོས། བརྗོད་མེད་ཀྱི་བདག་རྫས་གྲུབ་ཏུ་ཁས་ལེན་པ་ནི་གནས་མ་བུའི་སྡེ་བ་ཙམ་ཡིན་པར་སྤྱིར་གྲགས་ལ་འདིར་བྱེ་སྨྲ་སྤྱིའི་འདོད་པར་བཤད་ཀྱང་ཐ་སྙད་ཀྱི་འདོད་ཚུལ་ཙམ་ཡིན་པའམ། ཉན་ཐོས་པའི་འདོད་ཚུལ་ཐུན་མིན་ཆེ་ལོང་བསྡུས་པའི་སྐབས་ཡིན་པས་བྱེ་མདོ་གཉིས་ཀྱི་ནང་ནས་བྱེ་སྨྲ་ལ་འདི་འདྲ་འདོད་མཁན་བྱུང་བ་ཙམ་བསྟན་པའི་ཆེད་སོགས་གང་ཡིན་ཀྱང་རུང་བར་སྣང་ལ། ཉན་ཐོས་པའི་གྲུབ་མཐའ་ཚུལ་བཞིན་སྨྲ་བ་ཡིན་ན་གང་ཟག་གི་བདག་མེད་སྨྲ་བ་ཡིན་པས་སྐབས་སོ་སོའི་ཤན་མ་འདྲེས་པ་བྱེད་པར་བྱ་དགོས་སོ། །མདོ་སྡེ་པའི་སྐབས་ནས། བདག་རྐྱེན་མེད་དེ་ཁྱད་པར་ཁོ་ན་སྐྱེད་ན་ཆ་ཤས་རྐྱང་པ་བསྐྱེད་བྱར་འགྱུར་ཞིང་ངོ་བོ་ལ་སྐྱེད་རྒྱུ་དང་རྣམ་དབྱེ་མེད་པར་འགྱུར་རོ་ཞེས་པ། ཁྱད་པར་ཁོ་ན་སྐྱེད་ན་ངོ་བོ་མེད་པའི་ཆ་ཤས་རྐྱང་པ་བསྐྱེད་དགོས་ན་དེ་མི་སྲིད་ལ། ངོ་བོ་བསྐྱེད་ན་རྒྱུ་རྐྱེན་དང་བདག་རྐྱེན་ཁྱད་མེད་དུ་འགྱུར་ཏེ་མཚན་ཉིད་ངོ་བོ་དང་ཁྱད་པར་ལ་ཕན་འདོགས་པ་ཞེས་བཞག་པ་དོན་མེད་དོ་ཞེས་སོ། །སྐྱེད་ཚུལ་མི་འཐད་དེ་ཤེས་པའི་སྐྱེ་འཇིག་གཉིས་ཤེས་པ་ལས་རྫས་ཐ་དད་དུ་ཐལ་ཏེ། བུམ་པའི་རྣམ་པ་སྣང་ཆོས་འགལ་བའི་ཕྱིར་རོ། །འདོད་ན་ཤེས་པ་འདུས་བྱས་རྟག་པར་ཐལ་ཏེ། ཞེས་པ་འདི། ཤེས་པའི་སྐྱེ་འཇིག་གཉིས་རིམ་བཞིན་བུམ་བར་སྣང་བ་དང་མི་སྣང་བའི་རང་བཞིན་ཡིན་ལ། དེ་དག་གིས་བསྐྱེད་བྱ་ཤེས་པ་ཙམ་གྱི་རང་བཞིན་ཏུ་གཅིག་པ་འགལ་བས་ཤེས་པ་ལས་ཐ་དད་པར་འགྱུར་ཞིང༌། དེ་ལྟ་ན་ཤེས་པ་འདུས་བྱ་ཡིན་ལ། སྐྱེ་འཇིག་མེད་པའི་རྟག་པར་ཡང་ཐལ་ཕྱིར། འདུས་བྱས་རྟག་པར་ཐལ་བའི་འགལ་བ་གནས་སོ་ཞེས་པ་ཙམ་དུ་གོ་བ་བསླང་ནའང་རུང་སྟེ་ཡིག་སྐྱོན་ཅུང་བྱུང་བ་འདྲ་སྟེ་དོན་གྱིས་དཔྱད་པར་གྱིས་ཤིག ཡུལ་ལྐོག་གྱུར་དགག་པའི་ཐད་ལྐོག་གི་བུམ་པ་མཐོང་མི་སྲིད་ཅེས་པ། དོན་དམ་པར་དཔྱད་ན་ཡུལ་རྗེན་ཙམ་དུ་མཐོང་མི་སྲིད་པ་བཞིན་ལྐོག་གི་བུམ་པའང་བློ་དང་འབྲེལ་པ་མེད་པས་མཐོང་མི་སྲིད་པས་ན་དེ་མཐོང་བར་སྒྲུབ་བྱེད་མེད་པ་དང༌། འདྲ་བ་བཀག་པའང་ལྐོག་གྱུར་མཐོང་བ་དང་མཐོང་རྒྱུའི་རྣམ་པ་འདྲ་ཞེས་བཞག་ཏུ་མེད་པ་དང༌། བུམ་པ་རྡུལ་དུ་མར་གནས་ལ་ཤེས་པ་རྡུལ་དུ་མ་གྲུབ་པ་ཡིན་པས་རྣམ་པ་ཤེས་པ་ཡིན་ན་རྡུལ་ཆ་ཅན་དུ་གྲུབ་པའི་མི་ཤེས་པས་རིལ་པོར་སྣང་བདེ་དང་ཕྱི་དོན་འགལ་ནས་འདྲ་བ་མེད་པའི་ཕྱིར་ཞེས་སོ། །མྱང་འདས་དངོས་མེད་དགག་སྐབས། སངས་རྒྱས་མྱ་ངན་ལས་འདས་ནས་དངོས་མེད་ཡིན་ན། ད་རུང་སེམས་ཅན་ཡོད་པས་དམ་བཅའ་འགྲོ་དོན་མ་རྫོགས་པ་དང༌། ཐེག་དམན་ནི་སྒྲིབ་པ་གཏན་ནས་མ་ཟད་པས་ཤེས་པ་འགགས་ཏེ་དངོས་མེད་དུ་འགྱུར་མི་སྲིད་ཅེས་སོ། །སེམས་ཙམ་སྐབས་གཏན་དུ་འཁོར་བར་གནས་པ་མི་སྲིད་མོད། །འཁོར་བའི་རྫས་ལ་ཟད་པའི་ཐ་མ་ཡོད་ཅིང༌། རིགས་ལ་ཐ་མ་མེད་པས་སྐྱོན་གང་ཡང་མེད་ཅིང༌། ཤར་ཕྱོགས་འཇིག་རྟེན་གྱི་མཐའ་བཞིན་ནོ། །ཞེས་པ། གང་ཟག་སྒེར་གྱི་རྫས་ལ་བསམ་ན་མཐའ་ཡོད་དང༌། སྤྱིར་རིགས་ལ་བསམ་ན་མཐའ་མེད་དེ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ལ་རེ་རེའི་དབང་དུ་མཐའ་ཡོད་ཅིང༌། སྤྱི་ལ་མཐའ་མེད་པ་བཞིན་ནོ། །ཞེས་སོ། །རྣམ་བདེན་སྐབས་སྒོ་ང་ཕྱེད་ཚལ་པས་སོགས་གསུམ་གྱི་འདོད་པ་ནི། གཟུང་རྣམ་འཛིན་རྣམ་མང་ཉུང་ལས་ཕྱི་ཡང་སྐབས་འདིར་ཤེས་པ་ཆ་གཉིས་སུ་བདེན་པ་དང༌། དུ་མར་བདེན་པ་དང༌། གཅིག་པུར་བདེན་པར་འདོད་པ་དགག་པའི་ཚུལ་གྱིས་ཤེས་པར་བྱའོ། །རང་རྒྱུད་འོག་མ་ནི་བདེན་གཉིས་རོ་གཅིག་ཏུ་སྒྲུབ་མ་ནུས་པ་སྟེ། དེ་ལ་བདེན་པ་གཉིས་ཆར་ཡང་སྒྱུ་མ་ལྟར་འདོད་པ་དང༌། ཀུན་རྫོབ་དཔྱད་མི་བཟོད་པ་དང༌། དོན་དམ་སྟོང་པ་དཔྱད་བཟོད་སོ་སོར་ཁས་ལེན་པ་གཉིས་ཡོད་ལ། རང་རྒྱུད་གོང་མས་ནི་རྣམ་གྲངས་དང་རྣམ་གྲངས་མིན་པའི་ཚུལ་གྱིས་བདེན་པ་དབྱེར་མེད་ལ་རིམ་གྱི་འཇུག་པའོ། །ཐལ་འགྱུར་བས་བདེན་གཉིས་དབྱེར་མེད་ཀྱི་ཆོས་དབྱིངས་ཐ་སྙད་ཀུན་བྲལ་ཉིད་དང་པོ་ནས་གཏན་ལ་འབེབ་པར་བྱེད་དོ། །དེ་ལ་ཐལ་འགྱུར་སྐབས་འདིར་ལེགས་བཤད་སྔ་ན་མེད་པ་ཤིན་ཏུ་མང་ཞིང་ཞལ་གསལ་བས་གོ་སླ་ལ། ཐལ་འགྱུར་བ་ལ་དོན་དམ་དུ་ཁས་ལེན་མི་ལེན་གྱི་དཔྱད་ར་མེད་པས་ན། ཞེས་པ། ཁས་ལེན་ཡོད་མེད་ནི་ཐ་སྙད་དུ་ཁས་བླངས་མི་བླངས་ཡིན་གྱི། དོན་དམ་སྤྲོས་བྲལ་དུ་རང་རྒྱུད་པས་ཀྱང་བཞེད་པས་ན། ཐལ་འགྱུར་བས་དོན་དམ་དཔྱོད་བྱེད་ཀྱིས་དཔྱད་ནས་ཁས་བླངས་ཀྱི་དཔྱད་ར་སུས་ཀྱང་གཏོང་དོན་མེད་ཅེས་པའོ། །སྔགས་སྐབས་གསང་སྙིང་ལུང་དྲངས་པར། རྣམ་སྨིན་ཡུམ་དུ་ཤེས་པས་སྤྱད། །ཅེས་པ། མཱུཾ་ཡིག་ཡིན་ཀྱང་སྤྱད་བྱ་ཡུལ་ཡུམ་དུ་ཤེས་པའང་སྦས་དོན་ཡིན་ཕྱིར་དོན་གྱིས་འགྲེལ་པས་ཡིག་སྐྱོན་མིན་པ་འདྲ་སྟེ་དཔེ་ཀུན་ན་དེ་ལྟར་སྣང་ངོ༌། །བསམ་པའི་ཤེས་རབ་བསྟན་པའི་སྐབས་ཀྱི་ལེའུ་ལྔ་པོ་གསལ་བས་གོ་སླ་བར་ཟད་དོ། །ལེའུ་བཅོ་བརྒྱད་པའི་སྐབས། དེ་ཡང་བུམ་འཛིན་དགག་པ་ལ་དགོངས་ནས་ཞེས་སོགས་དོན། བདེན་འཛིན་གཞིག་པའི་ཕྱིར་རིགས་པས་དཔྱད་ནས་བཀག་ཀྱང༌། དོན་ལ་དགག་པ་རྐྱང་པ་ཙམ་ཞིག་དུ་མ་གྲུབ་སྟེ་སྣང་སྟོང་འདུ་འབྲལ་མེད་པ་ཉིད་གནས་ལུགས་ཡིན་གྱི་ཕྱོགས་སུ་ལྷུང་བ་མ་ཡིན་ནོ། །དེ་ཡང་བུམ་པའི་བདེན་འཛིན་ལོག་ནས་ཀྱང་སྣང་ཙམ་གྱི་བུམ་པར་རྣམ་པར་འཇོག་སྟེ། དཔེར་ན་བུམ་པ་མིན་པ་སྣམ་བུ་སོགས་རྣམ་བཅད་ལ་ཁེགས་པས། ཆུ་ལེན་པའི་བུམ་པ་ཉིད་ཡོངས་གཅོད་དུ་གྲུབ་པ་ལྟར། དགག་བྱ་རྣམ་པར་ཆོད་ཚེ་བདེན་མེད་ཀྱི་རྟེན་འབྱུང་ཤུགས་ལ་གྲུབ་པས་སྣང་སྟོང་དབྱེར་མེད་ཆེན་པོར་ངེས་དོན་དུ་བཞུགས་པ་མ་ཤེས་ནས་དགག་རྐྱང་ཙམ་ལ་གནས་ལུགས་སུ་རློམ་པ་ལ། རགས་པ་ཇེ་ཕྲར་བཏང་སྟེ་རྡུལ་ཕྲན་དུ་དཔྱད་ན་མ་གྲུབ་པ་བཞིན་དུ། རྡུལ་ཕྲན་མེད་པར་རྟོགས་ཀྱང་སྣང་ཚོད་དམ་ཐ་སྙད་འཇོག་ཚོད་དུ། རྡུལ་ཕྲ་བ་བསྒྲུབ་པ་ལ་དེ་བས་རགས་པར་སྣང་བས་བསྒྲུབ་ཅིང་རགས་པའང་ཇེ་རགས་ཀྱིས་བསྒྲུབ་སྟེ་མཐར་མངོན་སུམ་སྣང་བ་འདིས་བསྒྲུབ་ན་ཅི་གནོད་དེ་མགོ་མཚུངས་སོ། །མི་མཚུངས་ཏེ་བདེན་མེད་སྒྲུབ་པའི་རིགས་པ་སྟོབས་དང་ལྡན་ནོ་སྙམ་ན། སྣང་བའང་སྟོབས་དང་ལྡན་ཏེ། མདོ་ལས་འཇིག་རྟེན་ན་གང་ཡོད་པར་འདོད་པ་དེང་ཡང་འདོད་དོ། །ཞེས་སོགས་དང༌། འཇུག་པ་ལས། ཁྱོད་དང་འཇིག་རྟེན་འདིར་ནི་རྩོད་གྱིས་དང༌། ཞེས་སོགས་བཞིན་ནོ། །འོ་ན་བདེན་གྲུབ་མི་བཤིག་གམ་སྙམ་ན་མིན་ཏེ། རྣལ་དོན་ལ་བདེན་གྲུབ་དང་དགག་རྐྱང་འཛིན་པ་གཉིས་ཀ་བློས་ཕར་ཀུན་ཏུ་བཏགས་པ་ཙམ་དུ་ཟད་ལ། ཆོས་ཉིད་གཤིས་ལ་གང་ཡང་མ་གྲུབ་སྟེ་སྣང་སྟོང་མཉམ་པ་ཉིད་དུ་གནས་པས་ན་སྣང་སྟོང་འདི་གཉིས་གཅིག་སྤངས་ནས་གཅིག་ལ་མཆོག་ཏུ་ཞེན་པར་མི་བྱའོ། །ཞེས་པའི་དོན་ཏེ་གཞན་ཡང་དགོངས་པའི་དོན་ཟབ་པ་དུ་མ་ཡོད་པས་བློ་ལྡན་རྣམས་ཀྱིས་ཞིབ་མོར་ཕྱེ་བར་བྱའོ། །བདེན་པར་དབྱེར་མེད་སྐབས་དབྱེ་བ་ལ་འདྲེ་དགོས་པ་ལས་གཅིག་དང་ཐ་དད་དུ་འདྲེས་པ་མེད་པས་ཞེས་པའི་དོན། སོ་སོར་དབྱེ་བའམ་དབྱེར་མེད་པ་ཞེས་པའང་དང་པོ་འདྲེས་པ་སླད་ཀྱིས་དབྱེ་བའམ། དང་པོ་སོ་སོར་གཉིས་སུ་ཡོད་པ་ལ་སླད་ཀྱིས་འདྲེས་པ་ལྟ་བུ་ལ་བརྟེན་ནས་འཇུག་པ་ཡིན་ན་ཡང༌། གཅིག་ཏུ་འདྲེས་པ་མེད་དེ་དྲི་མ་གློ་བུར་བ་དང་འོད་གསལ་རང་བཞིན་གྱིས་གནས་པ་ཡིན་པ་དང༌། ཐ་དད་པ་འདྲེས་པ་མེད་དེ་མཚན་ཉིད་མི་མཐུན་པའི་ཕྱིར་རོ། །དེས་ན་གཉིས་ཆོས་ཀྱི་དབྱེ་བ་རང་བཞིན་གྱིས་ཟད་པའི་དོན་ལ་དབྱེ་བ་ཡེ་ནས་མེད་པའི་དོན་ཏོ། །ཀུན་རྫོབ་ཆུ་ཟླ་འདྲ་བ་འདི་ཡི་རང་བཞིན་སྟོང་པ་དེ་ནི་དོན་དམ་ལ། ཞེས་སོགས་ཀྱི་དོན་ཡང་ཐུན་མོང་དུ་གྲགས་པའི་བདེན་པ་དབྱེར་མེད་དོ། །ཡང་འཁོར་འདས་གཉིས་སྣང་ཙམ་དུ་གྲུབ་པ་ཡང་ངོ་བོ་རང་བཞིན་མེད་པས་དབྱེར་མེད་ལ། དོན་དམ་པར་གཉིས་ཀ་གཞི་མ་གྲུབ་པས་དབྱེ་བའི་ཡུལ་མེད་ཅེས་པའི་དོན་དུ་འདོད་པའང༌། ཐེག་པ་བླ་ན་མེད་པའི་དོན་ལ་རྨོངས་ཤིང་གཏི་མུག་པ་ཞེས་བྱ་སྟེ། ཞེས་གསུངས་པ་རང་བཞིན་མ་གྲུབ་པར་འདྲ་བ་ཙམ་དང་སྟོང་རྐྱང་ཕྱལ་ཆད་ལ་བདེན་པར་དབྱེར་མེད་ཀྱི་དོན་རྫོགས་པར་བཟུང་བ་མི་འཐད་ཅེས་སོ། །དེའི་རྒྱུ་མཚན་དུ་སྡེ་སྤར་མ་ན་སྣང་དུས་དབྱེར་མེད་པ་སྣང་བཞིན་ཏུ་དབྱེར་མེད་མི་འཐད་དོ། །ཞེས་དང༌། འཁོར་འདས་དབྱེར་མེད་སྣང་རང་བཞིན་མེད་པའང་དབྱེར་ཡོད་པ་ཁོ་ན་སྟེ། ཞེས་བཀོད་འདུག་ཀྱང་བདག་གི་བླ་མའི་ཕྱག་ན་བཞུགས་པའི་དཔེ་རྙིང་དག་པ་དེ་ན་ནི། སྣང་དུས་དབྱེར་སྣང་བཞིན་ཏུ་དབྱེར་མེད་མི་འཐད་དོ་ཞེས་དང༌། འཁོར་འདས་དབྱེར་སྣང་ན་རང་བཞིན་མེད་པའང་དབྱེར་ཡོད་ཁོ་ན་སྟེ་ཞེས་འདུག་པ་འདི་དག་པ་འདྲ་སྟེ། ཀུན་རྫོབ་འཁོར་འདས་གཉིས་སུ་སྣང་བའི་ངོ་བོ་རང་བཞིན་མེད་པར་དབྱེར་མེད་ཙམ་ལ་དབྱེར་མེད་ཅེས་དང༌། དོན་དམ་གཉིས་ཀ་གཞི་མ་གྲུབ་པས་དབྱེ་ཡུལ་ཀྱང་མེད་པར་འཛིན་པ་དག་ལ་གནོད་པ་སྟོན་པའི་ཆེད་དུ། སྣང་དུས་དབྱེར་མེད་ལ་སྣང་བཞིན་དབྱེར་མེད་མི་འཐད་ཅེས་བསྒྲུབ་དགོས་ནའང༌། ནན་གྱིས་འབྲུ་བསྣན་ན་བཤད་རྒྱུས་མ་ཕོངས་ཙམ་འབྱུང་ཡང་དོན་གསལ་པོར་གོ་རྒྱུ་མི་ཆེ་ལ། འཁོར་འདས་དབྱེར་མེད་སྣང་ན་རང་བཞིན་མེད་པའང་དབྱེར་ཡོད་ཁོན་ཞེས་པ་ཤིན་ཏུ་མི་བདེ་བས། འདིར་དབྱེར་མེད་བྱེད་ལ་དབྱེར་མེད་ནས་ཕུག་གི་གོ་བ་གཏིང་མ་ཕྱིན་པའི་ཞུ་བྱེད་པས་བཅོས་ཉེས་འདྲ་སྟེ། སྤྱིར་འདི་ཐད་གོ་བའི་བབས་ལ་ཐ་སྙད་དུ་འཁོར་འདས་སྣང་ཙམ་གྱི་ཐ་དད་ལ། དོན་དམ་རང་བཞིན་མ་གྲུབ་པའི་དགག་ཆ་ཙམ་དུ་དབྱེར་མེད་པ་ཙམ་ཞིག་གིས་འཁོར་འདས་དབྱེར་མེད་ཆེན་པོ་རྟོགས་པའི་མིན་ཚུལ་གསུངས་ཤིང༌། འཁོར་འདས་དབྱེར་མེད་ཆེན་པོ་ནི་རང་བཞིན་གཉུག་མ་གྲུབ་བསལ་མེད་པ་ཙམ་ཆོས་ཀུན་གྱི་རང་བཞིན་ནམ་གནས་ལུགས་སུ་གྲུབ་པ་དེ་ལ་མྱང་འདས་ཆེན་པོ་ཞེས་ཐ་སྙད་གདགས་པ་ཡིན་ལ། དེའི་དོན་ཇི་ལྟ་བ་བཞིན་བློ་ཡུལ་ལས་འདས་ཤིང༌། གཉིས་ཆོས་འཁོར་འདས་ཀྱི་ཟླས་ཕྱེ་བའི་མྱང་འདས་མིན་པར་གསུངས་པས་ན། སྣང་ཆ་ནས་སོ་སོར་དབྱེ་ཞིང་སྟོང་ཆ་ནས་དབྱེར་མེད་ཅེས་པ་དེ་ལ་བརྟག་ན། འཁོར་འདས་སྣང་དུས་སོ་སོར་དབྱེ་བར་སྣང་བཞིན་དུ་དབྱེར་མེད་མི་འཐད་དེ། ཀ་བུམ་སོ་སོར་སྣང་བཞིན་ཀ་བུམ་དབྱེར་མེད་པ་མི་འཐད་པ་བཞིན། སྟོང་པར་འདྲ་བ་ཙམ་གྱིས་དབྱེར་མེད་དོ་སྙམ་ན་མ་ཡིན་ཏེ། འཁོར་འདས་དབྱེར་སྣང་ན་སྣང་བ་ཐ་དད་ལ་ལྟོས་པའི་སྟོང་པའམ་རང་བཞིན་མེད་པའང་དབྱེར་ཡོད་ཁོ་ནའམ་ཐ་དད་དེ་ཀ་བའི་སྟེང་གི་དངོས་པོ་དང༌། བུམ་པའི་སྟེང་གི་དངོས་པོ་བཞིན་ནོ། །གལ་ཏེ་འདྲ་བ་ཙམ་གྱིས་དབྱེར་མེད་ཡིན་ན་ཆོས་ཐམས་ཅད་ཤེས་བྱར་མཚུངས་པས་རང་བཞིན་དབྱེར་མེད་ཀྱི་གཅིག་པར་འགྱུར་བས་གཅེར་བུ་པའི་ལུགས་རྣལ་མ་ཁས་བླངས་པ་ཡིན་ནོ། །དེས་ན་རང་བཞིན་མ་གྲུབ་ཙམ་གྱི་ཆ་ཁོ་ན་བཟུང་བའི་སྟོང་རྐྱང་ནི་འཁོར་བ་མིན་ལ་མྱང་འདས་ཀྱང་མིན་ཞིང༌། དེ་གཉིས་ཀའི་རང་བཞིན་ནམ་གནས་ལུགས་མཐར་ཐུག་ཀྱང་མིན་ཏེ་སྟོང་པ་ཚིག་རྐྱང་གི་ཕྱོགས་སུ་ལྷུང་བའི་ཕྱིར་རོ། །དགག་པ་དེ་རང་ལའང་མཚུངས་ཏེ་འཁོར་འདས་གཉིས་སྣང་ཙམ་དུ་དབྱེར་མེད་པས་སུས་ཀྱང་ཁས་བླངས་མི་ནུས་པའི་ཕྱིར་སྙམ་ན་མི་མཚུངས་ཏེ། འཁོར་འདས་ཞེས་སོ་སོར་སྣང་བའི་གཉིས་ཆོས་ཀྱི་རྣམ་པར་དབྱེ་བ། མཐར་ཐུག་གི་དོན་ལ་ཡེ་ནས་མ་གྲུབ་པའི་ཕྱིར་ན། གཉིས་སུ་སྣང་བའང་མེད་ཅིང་དེ་ལྟར་ན་སོ་སོའི་ཆོས་ཉིད་ཅེས་བློས་རྣམ་པར་བཞག་པའི་ཡུལ་ཀྱང་ཡེ་ནས་མེད་པས་ན་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བ་ཞེས་གསུངས་ཏེ། རྣམ་གྲངས་མིན་པའི་མྱང་འདས་ཡིན་ནོ། །འདི་སྐབས་དཔེ་རྙིང་བཞིན་དུ་དབྱེར་སྣང་ཞེས་བཞག་པ་ཡིན་ལ། དོན་གྱི་དགོངས་པ་འདི་ལྟར་གཞུང་ན་གསལ་ཀྱང༌། སྐབས་ཀྱི་ཚིག་ཕྲད་ལ་རང་བློའི་ནུས་པ་འདི་ཙམ་དུ་ཟད་ཀྱི། བདག་ཉིད་ཆེན་པོ་འདིའི་དགོངས་པ་ཤིན་ཏུ་ཟབ་པས་སླར་ཡང་རྟོགས་ཤིག །འཁོར་མ་གྲུབ་པ་ལ་སྣང་དོན་དམ་གྲུབ་པ་ལ་ད་ལྟ་མི་སྣང་ཞེས་པའི་སྐབས་འདིར་ཐ་སྙད་ཀྱིས་གཞལ་ནས་དངོས་པོའི་ཡིན་ལུགས། སྣང་སྟོང་གཉིས་མེད་འོད་གསལ་གཉུག་མའི་གཤིས་དེ་ཉིད་ཆོས་ཀུན་གྱི་གནས་ལུགས་མཐར་ཐུག་པ་ཡིན་པས་དཔེར་ན་དུང་གི་དཀར་པོ་ལྟར་ཡིན་ལུགས་ཡིན་ལ། འཁོར་འདས་སྣ་ཚོགས་སུ་སྣང་བ་དང་བཏགས་པའི་ཀུན་རྫོབ་དང་དོན་དམ་སོགས་གཉིས་ཆོས་ཐམས་ཅད་དུང་གི་སེར་པོ་ལྟར་ཡིན་ལུགས་མིན་པས་ན། གཅིག་དོན་ལ་གནས་གཅིག་དོན་ལ་མི་གནས་པར་མ་ཤེས་ན་དངོས་པོའི་ཡིན་ལུགས་དང་དེ་མ་ཡིན་པའི་ཁྱད་མི་བྱེ་བས་ཐ་སྙད་ཀྱི་འཇོག་ཚུལ་ཡིན་གྱི། མྱང་འདས་དོན་དམ་དཔྱད་བཟོད་དམ་བདེན་གྲུབ་ཏུ་མི་སྒྲུབ་པར་མ་ཟད་མཐའ་ཡི་སྤྲོས་པ་ཕྲ་མོ་ཡང་འདིར་དགག་པས་ན་གངས་ཅན་ན་ཕྱོགས་རེར་ཞེན་པའི་གཞུང་རྣམས་དང་གནམ་ས་བཞིན་དུ་རིང་མོད་ཀྱང་སོ་སོའི་ཞེ་འདོད་ཀྱིས་ཕྱོགས་སུ་འཐེན་པར་སྣང་སྟེ་ཕན་པར་མི་སྣང་ངོ༌། །འོ་ན་འདིར་ཡང་མྱང་འདས་ཞེས་ཐ་སྙད་གདགས་ལ་འཁོར་བ་མ་གྲུབ་མྱང་འདས་གྲུབ་ཅེས་འདོད་པས་གཉིས་སུ་ཕྱེ་བ་ཅི་སྟེ་མིན་སྙམ་ན། དོན་དམ་ལ་རྣམ་གྲངས་དང་རྣམ་གྲངས་མིན་པ་གཉིས་སུ་ཕྱེ་བ་དང་འདི་ཚུལ་གཅིག་སྟེ། འཁོར་འདས་གཉིས་སུ་ཕྱེ་བའི་བཏགས་པའི་མྱང་འདས་རྣམ་གྲངས་པ་དང༌། འཁོར་འདས་གཉིས་ཀྱི་སྤྲོས་པ་ཡེ་ནས་ཆད་པ་རང་བཞིན་གཉུག་མ་རྣམ་གྲངས་མིན་པའི་མྱང་འདས་གཉིས་སུ་ཡོད་པ་ལས། འདིར་ཕྱི་མ་ལྟར་མྱང་འདས་ཆེན་པོའི་དབང་དུ་བྱས་པ་སྟེ། རྩ་བ་ཤེས་རབ་ལས་ཀྱང༌། དངོས་དང་དངོས་མེད་འདུས་བྱས་ཡིན། །མྱ་ངན་འདས་པ་འདུས་མ་བྱས། །ཞེས་དང༌། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་པ་བཞིན་ནོ། །འདི་ལྟ་བུའི་དགོངས་པ་དྲང་དོན་དུ་བྱེད་པས་སྟོང་པ་སྤྲོས་བྲལ་དོན་དམ་དུ་འདོད་པ་དག་ཆད་པའི་མཐར་ལྟུང་ངོ༌། །བྲལ་གཞི་མེད་ན་གང་གི་སྟེང་དུ་སངས་པ་དང་རྒྱས་པ་དང་ཞེས་སོགས་ཀྱི་དོན། འདིར་བྲལ་གཞི་ཡེ་ནས་གནས་པའི་ཆོས་ཉིད་ཟུང་འཇུག་སྤྲོས་བྲལ་ཆེན་པོ་མ་ཤེས་པར། སྤྲོས་པའི་རྒྱུན་ཆད་པའི་མཐར་དབྱིངས་སྒྲིབ་བྲལ་འབའ་ཞིག་དོན་དམ་དུ་འདོད་པ་ན། སྔ་རབས་པ་འགའ་ཞིག་གི་ལུགས་དེ་ནི། ཐེག་དམན་མྱང་འདས་དང་འདྲ་ཞིང་མར་མེ་འགགས་པ་ལྟར་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ཡིན་པས་དངོས་པོའི་ཚུལ་མ་ཡིན་པས་རིགས་པའི་ལམ་གྱིས་ཤིན་ཏུ་ཡང་དགག་བྱར་གྱུར་པའོ། །བྲལ་གཞི་ཆོས་ཀུན་གྱི་གནས་ལུགས་ཟུང་འཇུག་འོད་གསལ་ཆེན་པོ་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བ་ན། བྲལ་འབྲས་རང་བྱུང་ཡེ་ཤེས་ཀྱི་སྐུ་ཞེས་བྱ་ལ། ངོ་བོའི་ཆ་ནས་གཞི་འབྲས་དབྱེར་མེད་དུ་བཞུགས་པའི་གནད་འདི་ངེས་དོན་གྱི་མདོ་སྡེ་རྣམས་དང༌། ཟབ་མོའི་སྔགས་རྒྱུད་རྣམས་ཀྱི་བསྟན་པའི་སྙིང་པོ་དྲི་མ་མེད་པ་ཡིན་པས་དེའི་ཚུལ་ཇི་ལྟ་བ་བཞིན་ཏུ་གཏན་ལ་དབབ་པར་བྱའོ། །ལེའུ་ཕྱི་མ་བཞི་ནི་གོ་སླའོ། །དེ་ལྟར་ཡིད་བཞིན་རིན་པོ་ཆེའི་མཛོད་ཅེས་པ་མདོ་སྔགས་གྲུབ་མཐའ་ཉམས་ལེན་ཐམས་ཅད་ཀྱི་ཟབ་ཅིང་རྒྱ་ཆེ་བའི་མན་ངག་མ་ལུས་པ་རྫོགས་པར་བཞུགས་པའི་གླེགས་བམ་རིན་པོ་ཆེ་འདི་ནི་འོད་གསལ་རྡོ་རྗེ་རྩེ་མོའི་ལམ་གྱི་ཆ་ལག བསྟན་པ་སྤྱི་ཡི་རྣམ་བཞག་མ་ལུས་པ་ཁོང་དུ་ཆུད་པར་བྱེད་པའི་གཞུང་ཡིན་པས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་རིང་ལུགས་འཛིན་པ་རྣམས་ཀྱིས། ཐོག་མར་ཐོས་བསམ་གྱིས་གཏན་ལ་དབབ་པའི་ཡུལ་ཉིད་དུ་ཤིན་ཏུ་གལ་ཆེ་བ་ཡིན་ན་ཡང༌། དཔེ་རྒྱུན་ལམ་དག་པ་མང་ཞིང༌། ས་བཅད་ཀྱི་སྐབས་དོན་འགའ་ཞིག་ཆད་པ་དང༌། གཞུང་ཤིན་ཏུ་རྒྱ་ཆེ་ལ་བརླིང་བས་ཇི་བཞིན་མཐར་ཆགས་སུ་འཆད་ཉན་བྱེད་པ་དཀའ་བར་དགོངས་ནས་སྙིགས་མའི་དུས་འདིར་སངས་རྒྱས་གཉིས་པའི་བསྟན་པ་ལ་ཐུགས་བསྐྱེད་འགྲན་ཟླ་དང་བྲལ་ཞིང༌། མཁས་བཙུན་བཟང་པོའི་སྙན་པས་ས་སྟེང་ཀུན་ཏུ་ཁྱབ་པ། རྒྱལ་སྲས་གཞན་ཕན་མཐའ་ཡས་འོད་ཟེར་གྱི་ཞལ་སྔ་ནས། སྨིན་གླིང་ཕྱག་དཔེ་དང་རོང་པོ་རྫོགས་ཆེན་པའི་དཔེ་སོགས་དབུས་གཙང་ཁམས་གསུམ་གྱི་ཡིད་བཞིན་མཛོད་ཀྱི་དཔེ་ཅི་རིགས་གཟིགས་རྟོག་དཔེ་བསྡུར་མཛད་དེ་འབྲུ་བཅོས་ཞིབ་པར་མཛད། ས་བཅད་ཀྱི་ཁོང་འགའ་སོགས་ཧོར་ཁོང་དུ་ཆད་པ་རྣམས་དཔེ་གཟིགས་རྒྱུ་དེ་རྣམས་གང་དུ་ཡང་མི་འདུག ད་རུང་དཔེ་རྙིང་དག་པ་ཅི་རྙེད་གཟིགས་ནས་ཆད་པ་སོགས་དེར་སྣང་ན་བསབ་ཅིང༌། མི་སྣང་རིགས་ལ་གསར་རྩོམས་ཀྱིས་ཁ་བསྐང་སྟེ་བསྟན་བཅོས་ཆེན་པོ་འདི་ཞུས་དག་ལེགས་པར་མཛད་པའི་ཐུགས་བཞེད་ཤིན་ཏུ་ཐུགས་ལ་བརྣག་ན་ཡང༌། སྙིགས་མའི་སྐྱེ་དགུ་བསོད་ནམས་ཞན་པའི་སྐྱོན་གྱིས་བཞེད་པ་བཞིན་མ་གྲུབ་པར་དེ་གར་ལུས། དུས་ཕྱིས་སྨྲ་བའི་དབང་ཕྱུག་ཆེན་པོ་དེའི་སློབ་མའི་ཐུ་བོ་མཁན་ཆེན་པདྨ་བཛྲ་དང༌། པདྨ་དོན་ཡོད། རྡོ་རྗེ་རབ་བརྟན་གསུམ་གྱིས་ཐུགས་བསྐྱེད་དང་བརྩོན་པ་ཆེར་མཛད་དེ་བླ་མའི་ཕྱག་དཔེ་བཅོས་ཕོག་ཟིན་པ་འདིའི་སྟེང་ནས་ཡིད་བཞིན་མཛོད་ལ་ཞུས་དག་ཞིག་གྲུབ་ན་ཤིན་ཏུ་གལ་ཆེ་ཞེས་ཡང་ནས་ཡང་དུ་བདག་ལ་བསྐུལ་བ་དང་དུས་འགྲིག་པར་རིས་མེད་བསྟན་པའི་སྦྱིན་བདག་ཆེན་པོ་བསོད་ནམས་དཔལ་གྱིས་མངོན་པར་མཐོ་བ་ལྭ་དཀར་སྐུ་མཆེད་རིགས་སྲས་རྣམས་ཀྱིས་ཀྱང་ཞུས་དག་གྲུབ་ན་དཔེ་དེ་ཉིད་སྤར་དུ་བརྐོ་བར་མཛད་པའི་ཐུགས་ཁུར་བཞེས་ཤིང༌། འཇམ་དཔལ་དབྱངས་དངོས་བདག་ཅག་གི་འདྲེན་མཆོག་བླ་མ་དམ་པས་ཀྱང་དེ་ལྟར་གྲུབ་ན་ལེགས་ཞེས་དགྱེས་པའི་གསུང་གིས་རྗེས་སུ་གནང་བ་ལ་བརྟེན་ནས། རབ་ཚེས་ཤིང་སྤྲེལ་གནམ་ལོ་གསར་དུ་ཤར་བའི་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ནས་བརྩམས་ཏེ། རྫོང་གསར་བཀྲ་ཤིས་ལྷ་རྩེ་ཞེས་བྱ་བའི་གནས་སུ། རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་ཞལ་སྔ་ནས་ཞུས་དག་མཛད་པའི་ཕྱག་དཔེ་དང༌། བདག་ཅག་གི་བླ་མ་དམ་པའི་ཕྱག་ནས་བྱུང་བའི་དཔེ་རྙིང་དག་པ་གཉིས་ལ་གཞི་བྱས། མདོ་རྒྱུད་བསྟན་བཅོས་ཀྱི་ལུང་ཁུང་སྣ་ཚོགས་དཀའ་ཚེགས་ལ་མ་འཛེམ་པར་བལྟས་ཤིང་ཅུང་ཟད་འབྲི་བསྣན་དགོས་པའི་རིགས་ལ་ཀློང་ཆེན་རབ་འབྱམས་ཉིད་ཀྱི་ཟློས་གར་མཁས་ཤིང་གྲུབ་པའི་རྒྱལ་པོ་བླ་མ་རིན་པོ་ཆེར་བཀའ་འདྲི་དང་རྩོམ་དཔེ་གཟིགས་རྟོག་ཞུས་པའི་སྒོ་ནས་རང་ལ་བློ་ནུས་གང་ཡོད་ཀྱིས་ཞུས་དག་བགྱིས་པ་ཡིན་ལ། དེ་ཡང་ལུང་ཁུངས་ནོར་བ་མང་པོ་འདུག་ཀྱང་ཀུན་མཁྱེན་ཆེན་པོ་འདི་མདོ་རྒྱུད་དགོངས་འགྲེལ་ཐམས་ཅད་ཐུགས་ལ་མངའ་བས་བསམས་ཡས་ལུང་མང་བ་ཞེས་ཡོངས་སུ་གྲགས་ལ། ཕྱིས་བསྟན་བཅོས་རྩོམ་ཚེ་དབེན་པར་དཔེ་བལྟར་ཀློག་མ་མཛད་པར་ཐུགས་ནས་བརྩམས་པར་གྲགས་པ་ལྟར་དོན་དུ་གནས་པས། ཁུངས་ནོར་དང་ལུང་གི་ཚིག་དོན་ཁྱད་མེད་ཀྱང་ཟུར་ཅུང་མི་འདྲ་བ་སྐབས་འགའ་ཞིག་བྱུང་བ་འདི་རིགས། ཕྱིས་སུ་ཡི་གེ་ཉམས་པའི་སྐྱོན་མ་ཡིན་ལ། དང་པོ་རྩོམ་གཞིའི་སྟེང་ན་ལྗགས་རྩོམ་འདི་ལྟར་མཛད་པ་ན། རྡོ་རྗེའི་གསུང་གི་ཟུར་མ་ཉམས་པར་བྱས་ན་བྱིན་རླབས་ཆེ་བས་སོར་བཞག་པ་ཡིན་ལ། འདི་འདྲའི་རིགས་ལ་དོན་གྱི་འགལ་བ་སྤུ་ཙམ་མེད་པར་མ་ཟད། བརྟགས་ཤེས་ན་ཡ་མཚན་པའི་ཡོན་ཏན་དུ་གནས་པས་ཕྱིས་ཀྱང་སུས་བཅོས་པར་མ་བྱས་ན་ལེགས། ས་བཅད་ཀྱི་དོན་ཆད་པ་ཁ་སྐོང་ལ། ལེའུ་བཅུ་གཉིས་པ་གྲུབ་མཐའི་རིགས་མཛོད་ཆེན་མོ་ནས་གྲངས་ཅན་སྐབས་བདེ་སྡུག་ལྐོག་གྱུར་དང༌། སེམས་ལྐོག་གྱུར་དགག་པ་གཉིས་ཆད། བྱེ་བྲག་པའི་དུས་འདོད་ཚུལ་འཆད་ཅིང༌། རྡུལ་གྱི་མགོ་ནས་ཅུང་མ་ཚང༌། ཕྱོགས་འདོད་ཚུལ་ཆད། དེ་བཞིན་དུ་ཕྱོགས་རྟག་པ་དགག་པ། བྱེ་བ་དགག་པ། གཞན་ཁྱད་པར་ཅན་ཐ་སྙད་དུ་དགག་པ། གཞན་མིན་དགག་པ་རྣམས་ཆད། སྤྱོད་པ་པར་ཤེས་པས་རང་མི་རིག་པར་དམ་བཅའ་བ་དང༌། རིགས་རྒྱུད་དགག་སྐབས་རྣམ་བཞག་འགལ་བ། ཤེས་པས་རང་མི་རིག་པ་དགག་སྐབས་བློ་འཁྲུལ་བར་ཐལ་བ་ཆད། འདི་ལ་དཔེ་འགའ་ན་བློ་མ་འཁྲུལ་བར་ཐལ་བ་ཞེས་འདུག་ཀྱང་དེ་ལྟར་རིགས་པས་འཕུལ་ན་བཤད་ནུས་ཀྱང་འཁྲུལ་བ་ལྟར་བདེ་བས་དེ་ལྟར་བྱས་ནས་བཀོད་ཀྱང་སླར་དཔེ་ཁུང་དག་རྙེད་ན་བརྟག་གཅེར་བུའི་སྐབས་སྲོག་མིན་དགག་པ། ཉན་ཐོས་པའི་སྐབས། བསྟན་ཡོད། ཐོགས་བཅས། ཐ་མི་དད་ཀྱི་རྫས། སྒྲ་སྐྱེད་པའི་ནུས་པ་རྣམས་དགག་པ་དང༌། སེམས་བྱུང་སོ་སོར་དགག་པ། འདུ་ཤེས་དགག་པ། མཚན་ཉིད་བཞི་སོ་སོར་རྟག་མི་རྟག་ཏུ་མི་རུང་བ། འཇིག་པ་དོན་གཞན་དགག་པ་རྣམས་ཆད། མདོ་སྡེ་པའི་སྐབས་ནས་རྡུལ་བར་མེད་དགག་པ་ཆད། དེ་ལྟར་ཆད་འཛུད་ཉེར་གཅིག་པོ་འདི་དག་གསར་ད་བསྣན་པ་ཡིན་ལ། འདི་དག་གི་དོན་འཕགས་ཡུལ་ཤིང་རྟ་ཆེན་པོ་རྣམས་ཀྱི་རིགས་པ་དྲི་མེད་ཤ་སྟག་ཡིན་པས་འགལ་བ་མེད་པར་གདིང་ཐོབ་ཀྱང༌། ཚིག་ཀུན་མཁྱེན་ཆེན་པོའི་གསུང་དངོས་མིན་པས་གཞུང་དུ་དཀྱུས་ལ་མ་བཙུད་པ་ཟུར་དུ་ཀ་ཁང་ཞིག་བསྒྲིག་ན་ལེགས་སྙམ་པ་རང་གི་ཡིད་ལ་ཡོད་དེ། ཀུན་མཁྱེན་ཆེན་པོའི་རྡོ་རྗེའི་གསུང་རྣམས་ནི་དོན་ལ་འཁྲུལ་པ་བྲལ་ཞིང་ཚིག་ལ་བྱིན་རླབས་ཀྱི་བབས་ཁྱད་པར་དུ་འཕགས་པ་ཡོད་ཅིང་མ་གཟའ་དམ་གསུམ་གྱིས་ཤོག་ལས་དང་ཡི་གེ་བྱས་ནས་བརྩམས་པར་ཡོངས་སུ་གྲགས་ཤིང་ཚིག་རེ་བཞིན་སྔགས་ཀྱི་སྲུང་མ་རྣམས་ཀྱིས་སྲུང་བར་གྲགས་པས་ན་བཀའ་གཉན་པས་གར་ཐོད་བྱ་མི་རུང་ན་ཡང༌། ཀུན་མཁྱེན་འཇམ་དབྱངས་བླ་མའི་ཞལ་སྔ་ནས་ཡང་ནས་ཡང་དུ་དཀྱུས་སུ་བཙུད་ན་དཔེ་བལྟ་རྟོག་བདེ་བ་སོགས་ལ་ཕན་པས་དེ་ལྟར་གྱིས་ཞེས་བཀའ་ལུང་གནང་བ་བཞིན་དཀྱུས་སུ་བཀོད་པ་ཡིན་ལ། གཞན་ཡང་རང་ཚིག་གསར་བསྣན་རིགས་རེ་ཟུང་ལའང་ཐོག་མཐར་གཡུང་དྲུང་གི་མཚན་མ་བཏབ་ནས་མི་ནོར་བར་བྱས་ཡོད་པ་འདི་བཞིན་ལགས། འགའ་ཞིག་ཏུ་དཔེ་རྒྱུན་ལ་འབྲུ་ཟུར་ཉམས་པ་ཅུང་ཟད་བྱུང་ངམ་སྙམ་པ་གོ་མི་བདེ་བདག་ལ་འབྲུ་བཅོས་ན་ཅུང་བདེ་བ་འདུག་ཀྱང༌། རྒྱལ་སྲས་ཀྱི་ཕྱག་དཔེ་སོགས་ན་མ་བཅོས་ཤིང་དཔེ་རྒྱུན་གཞན་ན་མི་སྣང་བ་རྣམས་ལ་རྡོ་རྗེའི་གསུང་གི་ཟུར་ཙམ་ཡང་ཇེ་བདེར་བཅོས་པ་དཀའ་སྙམ་དུ་ཡིད་ལ་བཞག་ནས་བབ་བབ་མ་བྱས་པར་སོར་བཞག་པ་སྤར་མ་གཞན་སོགས་དཔེ་རྙིང་རྣམས་ལ་དཔང་པོར་མཛོད་ཅིག སླར་ཁུངས་ལྡན་གྱི་དཔེ་དག་རྙེད་ནས་ཡིད་ཆེས་ཀྱིས་གདིང་ཐོབ་པ་བྱུང་ན་བློ་ལྡན་ལྷག་བསམ་ཅན་རྣམས་ཀྱིས་དཀའ་ཚེགས་ལ་མི་བལྟ་བར་ཆད་འཛུད་རྣམས་ཕྱུང་ལ་ཀུན་མཁྱེན་ཆེན་པོའི་རྡོ་རྗེའི་གསུང་སོར་འཛུད་པ་གལ་ཆེ་སྟེ། གཞན་ཕལ་པའི་ངག་དང་འདིའི་གསུང་མཆིང་བུ་དང་ནོར་བུ་བཞིན་དུ་ཤེས་པར་བྱའོ། །གཞུང་གི་དཀའ་གནད་ལ་རྒྱས་པར་བྲི་དགོས་པ་ཤིན་ཏུ་མང་ཡང༌། གོ་དཀའ་བའི་རིགས་ལ་གསལ་བྱེད་ཅུང་ཟད་དང༌། གྲུབ་མཐའ་འགྲེལ་པ་ན་གསུངས་པ་རྣམས་ཟབ་ཅིང་རྒྱ་ཆེ་བས་བློར་ཆུད་དཀའ་ཞིང༌། བསྡུས་པ་ལ་མོས་པའི་དོན་དུ་མདོར་བསྡུས་པ་དང༌། ལེའུ་བཅོ་བརྒྱད་པའི་ཚིག་རྣམ་པར་བཤད་པ་གཉིས་གལ་ཆེ་བར་མཐོང་ནས་ཟུར་དུ་བཀོལ་པ་དང༌། གཞུང་གི་ས་བཅད་དང་པ་འདི་ཙམ་ལ་བརྟེན་ན་བློ་ལྡན་རྣམས་ཀྱིས་གཞུང་མཐར་ཆགས་སུ་འཆད་ནུས་པས་ན་ལྷག་བསམ་བཟང་པོས་རང་ནུས་གང་ཡོད་དུ་འབད་པ་ཡིན་ན་ཡང༌། ཀུན་མཁྱེན་ཆེན་པོ་འདིའི་དགོངས་གནད་ཤིན་ཏུ་ཟབ་པ་ནམ་མཁའ་ལྟ་བུ་བདག་འདྲའི་བློ་ཁབ་མིག་ལྟ་བུའི་སྤྱོད་ཡུལ་དུ་མི་འགྱུར་བས་ན་དགོངས་དོན་མ་རྟོགས་པའི་ཆ་གང་ཡོད་པ་དབྱིངས་ན་བཞུགས་པའི་རྒྱལ་བ་དང་ཆོས་བདག་མཁའ་འགྲོའི་ཚོགས་དང་གང་ཟག་ཆོས་སྤྱན་དང་ལྡན་པ་རྣམས་ལ་མཐོལ་ཞིང་བཤགས་ན་དེ་རྣམས་ཀྱིས་ཐུགས་རྗེས་དག་ཚངས་སུ་འགྱུར་བ་དང༌། སླར་ཡང་ཆོས་སྤྱན་དང་ལྡན་པའི་གང་ཟག་རྣམས་ཀྱིས་ཆོས་བཞིན་རྗེས་སུ་བཅོས་པར་མཛད་པ་དང༌། འདིའི་དགོངས་དོན་གསལ་བར་བྱ་བའི་ཕྱིར་ཚིག་འགྲེལ་དང་དཀའ་འགྲེལ་དང་རྒྱས་འགྲེལ་དང་སྟོང་ཐུན་ལ་སོགས་པའི་བསྟན་བཅོས་རྩོམ་པ་དང༌། འཆད་ཉན་དང༌། བརྒལ་བརྟག་ལ་རྩོད་པའི་སྒོ་ནས་ཀུན་མཁྱེན་བླ་མ་མཆོག་གི་བསྟན་པ་ཕྱོགས་ཐམས་ཅད་དུ་རྒྱས་པའི་ཐུགས་ཁུར་ལྷོད་པ་མེད་པར་མཛོད་ཅིག་ཅེས་ཐལ་མོ་སྦྱར་ཏེ་ཞུ་ན་རེ་འབྲས་ཡོངས་སུ་སྨིན་པར་མཛད་དུ་གསོལ། །འདིར་སྨྲས་པ། གདོད་ནས་ལྷུན་གྲུབ་འོད་གསལ་རིག་པའི་གཤིས། །འགྱུར་མེད་རྒྱལ་བ་ཀུན་དང་རོ་མཉམ་པ། །མངོན་སུམ་གཟིགས་པ་ཀུན་མཁྱེན་ཆོས་ཀྱི་རྗེ། །དཔལ་ལྡན་བླ་མའི་ཞབས་པད་གཙུག་ཏུ་མཆོད། །གང་གི་ལེགས་བཤད་ནམ་མཁའི་ནོར་བུ་ལ། །བརྟེན་ནས་རྙིང་བསྟན་ཉིན་མོར་བྱས་པའི་ཚེ། །ཐེག་མཆོག་རིགས་ཅན་བློ་ལྡན་སྐྱེ་བོའི་ཚོགས། །ཨུཏྤལ་གཞོན་ནུའི་དགའ་ཚལ་ཅིར་ཡང་འཛུམ། །ལུང་རིགས་དབྱར་གྱི་རྔ་གསང་ཆེས་སྒྲོགས་པས། གསང་ཆེན་བསྟན་པའི་རྒྱལ་མཚན་བསྒྲེང་བ་ན། །དཀར་ཕྱོགས་ལྷ་ཀླུ་དགའ་བའི་དགེ་མཚན་གྱིས། །མེ་ཏོག་ཆར་པས་ས་གསུམ་མཛེས་པར་བྱས། །ལེགས་བཤད་རིན་ཐང་བྲལ་བའི་མཛོད་ཆེན་པོ། །བློ་ལྡན་སྐྱེ་བོའི་ཚོགས་ཀྱི་འདོད་འཇོ་སྟེ། །རྣམ་མང་ནོར་བུས་བཀང་བའི་བང་མཛོད་ཀྱང༌། །འདི་ལ་བསྐྲུན་ན་སྐྲ་རྩེའི་ཟིལ་པར་མཚུངས། །དེ་སླད་ཆོས་མཆོག་ཡིད་བཞིན་རིན་ཆེན་མཛོད། །གང་ན་གནས་པ་ཐོས་པས་མ་བཙལ་བར། །མནོག་ཆུང་ནོར་གྱི་གསོག་བྲིན་བར་མེད་པས། །ཚེ་འདི་འདའ་བ་བློ་མིག་ལྡན་ནམ་ཅི། རྒྱུ་འབྲས་ཐེག་པ་ཚང་ལ་མ་ནོར་བའི། །དྲང་སྲོང་ཆེན་པོའི་ཕ་ཕོག་བོར་ནས་སུ། །གཞན་ཟེར་ཚིག་གི་གཡམ་ལ་རྟག་རྒྱུ་བ། །རྒྱལ་བུ་དམངས་འཁྱམས་ལྟ་བུའི་རྙིང་མ་ཕལ། །རྟོག་གེའི་བློ་གྲོས་ཁབ་མིག་འདྲ་བ་ཡིས། །ཟབ་དོན་ནམ་མཁའ་གཞལ་བའི་ཅོ་ཅོའི་ཚིག །བདེན་དོན་ཇི་བཞིན་གཟིགས་པའི་དྲང་སྲོང་གི །ལུང་དང་མཉམ་པར་ལྟ་བ་ཤིན་ཏུ་བསླུས། །བདེན་གསུང་འདི་ན་བླུན་པོའི་སྒོམ་པ་ཕལ། །མུ་སྟེགས་ཕྱོགས་སུ་བླན་ལ་རང་གི་བློ། །འཁུ་འཕྲིག་ཙམ་ཡང་མེད་པར་ངའི་འདི་ནི། །རྫོགས་ཆེན་ཡིན་ཞེས་གསང་མཐོར་སྒྲོགས་པ་མང༌། །ཆོས་པ་ཤིན་ཏུ་རྒྱ་ཆེའི་ལམ་བཟང་ནས། །མན་ངག་སྙིང་པོའི་ཟབ་གནད་དང་བསྟུན་ཏེ། །ཐེག་མཆོག་ལྟ་བའི་རྒྱལ་པོར་ལེགས་འཇུག་པ། །ཀུན་མཁྱེན་བརྒྱུད་པའི་བཞེད་སྲོལ་དྲི་མ་མེད། །དེ་ཚུལ་དེ་བཞིན་རྟོགས་པའི་སྐལ་བཟང་ལ། །འདི་ཚུལ་འདི་བཞིན་ངེས་པའི་ཡན་ལག་ནི། །ལེགས་བཤད་ཡི་གེར་སྣང་བ་རྣམས་ཡིན་པས། །དེ་ལ་ཀུན་ནས་བརྩོན་པས་གཟིགས་འཚལ་ལོ། །མི་བཟད་སྙིགས་མས་རང་རྒྱུད་ཆེས་མནར་བ། །མཐོང་ནས་སྐྱོ་བས་དབེན་པའི་རི་ངོགས་སུ། །སྡོད་པའི་ངང་ཚུལ་སྙིང་ལ་རབ་གོམས་ཀྱང༌། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་གསུང་རབ་འདིར། །བགྱི་བ་ཅུང་ཟད་དུས་སུ་བབས་པ་ལའང༌། །ལྷག་བསམ་ཡལ་བར་བོར་བ་མི་བཟོད་པས། །དམ་པའི་གསུང་བསྐུལ་ཇི་བཞིན་རང་ནུས་ཀྱིས། །ཚུལ་འདིར་རྩེ་གཅིག་འབད་པ་ཉིད་ལ་ཞུགས། །འདི་ལ་བསམ་སྦྱོར་འབྲེལ་པའི་སྐྱེ་བོས་མཚོན། །མཐའ་ཡས་འགྲོ་ཀུན་གནས་སྐབས་མཐར་ཐུག་གི །དོན་གཉིས་ཡིད་བཞིན་གྲུབ་པའི་དགའ་སྟོན་ལ། །འདོད་དགུར་ལོངས་སུ་སྤྱོད་པ་ཉིད་གྱུར་ཅིག །ཅེས་པའང་འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་པོ་དང་མཁན་རིན་པོ་ཆེ་པདྨ་བཛྲ་སོགས་དམ་པ་དུ་མའི་ཞབས་རྡུལ་གཙུག་གིས་བསྟེན་པ་ཞུས་དག་བྱེད་པོ་མི་ཕམ་པར་རྒྱལ་བས་བྲིས་པའོ། །།མངྒ་ལཾ།། །།དགེའོ།། །།དགེའོ།། །།དགེའོ།། །།

Notes[edit]

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net