འོད་གསལ་རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པ་སྤྱིའི་ཁྱད་པར་གྱི་ཁྲིད་ཡིག་་་

From Rangjung Yeshe Wiki Texts
Revision as of 07:46, 24 March 2013 by Eric (talk | contribs)
Jump to navigation Jump to search
{{{1}}}

༄༅། །འོད་གསལ་རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པ་སྤྱིའི་ཁྱད་པར་གྱི་ཁྲིད་ཡིག་ལམ་བཟང་ཡེ་ཤེས་སྙིང་པོ་བཞུགས་སོ། །[1]

ངོ་བོ་ཀ་དག་སྤྲོས་པ་ལས་འདས་གཏིང་གསལ་ཆོས་ཀྱི་སྐུ། །རང་བཞིན་ལྷུན་གྲུབ་འདུས་མ་ཡེ་བྱས་འོད་གསལ་ལོངས་སྤྱོད་རྫོགས། །ཐུགས་རྗེ་ཀུན་ཁྱབ་གདུལ་བྱ་གང་འདུལ་དེར་སྣང་སྤྲུལ་པའི་སྐུ། །ཐ་དད་མ་ཡིན་རྡོ་རྗེའི་བླ་མར་སྒོ་གསུམ་གུས་པས་འདུད། །སྐུ་གསུམ་སྟོན་པས་གདུལ་བྱའི་ཁམས་དབང་པོ། །སོ་སོར་འདུལ་བྱེད་ཐེག་པ་མཐའ་ཡས་པའི། །རྒྱུད་ལུང་མན་ངག་ཀུན་གྱི་སྙིང་པོའི་དོན། །མངོན་སུམ་སྟོན་བྱེད་ལམ་འདི་གསལ་བར་བྱ། །རིག་འཛིན་མཁའ་འགྲོ་དམ་ཅན་རྒྱ་མཚོ་སྤྱི། ཁྱད་པར་སྲོག་བདག་རྣམ་གསུམ་ཐ་ཚིག་བདག །རང་དོན་ཆོས་བརྒྱད་དུག་གིས་མ་བསླད་ཅིང་། །གཞན་ཕན་ཕྱིར་ན་དགྱེས་བཞིན་གནང་བ་སྩོལ། །དེ་ལ་རང་ལུགས་གཏེར་ཁ་གསར་རྙིང་གང་རུང་གི་སྔོན་འགྲོ་ཐུན་མོང་ཐུན་མིན་གྱི་ཁྲིད་ཉན་ཅིང་གོ་མྱོང་གིས་ལེགས་པར་གཏན་ལ་ཕབ་པར་བྱས་ཏེ། དངོས་གཞི་ཁྱད་པར་གྱི་ཁྲིད་ལ་བཞི། ཆོས་སྤྱིའི་འཇུག་སྒོ་དང་། ཆོས་ཉིད་རང་ལུགས་ཀྱི་འཇུག་དང་། དངོས་གཞི་ལས་དང་པོ་པ་ཐབས་ཀྱིས་ལམ་ལ་དྲང་བ་ནས་ཉམས་རྟོགས་ཀྱི་རྩད་གདར་གཅོད་པ་སྤྱི་དང་བྱེ་བྲག་ལྟར་བཤད་པ་དང་། སྐབས་སུ་བབས་པའི་གདམ་ངག་རང་ལུགས་འོད་གསལ་རྫོགས་པ་ཆེན་པོ་བསྟན་པ་བཞིའོ། །དང་པོ་ནི། རྒྱུད་གསང་བ་སྙིང་པོ་ལས། མ་རྟོགས་པ་འགྲོ་དྲུག་སེམས་ཅན་དང་ལོག་པར་རྟོགས་མུ་སྟེགས་རྟག་ཆད། །ཕྱོགས་རྟོགས་ཐེག་དམན་ཉན་རང་གཉིས་ཡང་དག་ཉིད་མ་རྟོགས་ཐེག་ཆེན་དབུ་སེམས། །འདུལ་བ་བྱ་སྤྱོད་ཀྱི་རྒྱུད་དགོངས་པ་རྣལ་འབྱོར་གྱི་རྒྱུད། གསང་བ་ཕ་རྒྱུད་མ་རྒྱུད་གཉིས་མེད་ཀྱི་རྒྱུད་དང་། །རང་བཞིན་གསང་བའི་དོན་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་རྒྱུད་རྣམས་ཏེ། །ཞེས་གསུངས་པ་ལྟར། ཀློང་ཆེན་སྙིང་ཐིག་གི་ཀུན་ཏུ་བཟང་པོའི་དགོངས་ཉམས་ལས་རྡོ་རྗེའི་ཚིག་གིས་རིམ་པར་སྟོན་པ་སྟེ། རྩ་བའི་དང་པོ། ཇི་ལྟར་དབུལ་པོའི་ཁྱིམ་གྱི་གཏེར་བཟང་པོ༔ རང་ལ་ཡོད་ཀྱང་དེ་ཉིད་མ་རིག་པས༔ དབུལ་པོའི་རང་བཞིན་འགྱུར་བ་མེད་པ་ལྟར༔ མ་རིག་རྟོག་པའི་དྲྭ་བར་འཐུམ་ཆེས་པའི༔ མ་རྟོགས་འཁོར་བའི་སེམས་ཅན་སྙིང་རེ་རྗེ༔ ཞེས་པ་ལྟར། མ་རྟོགས་པའི་སེམས་ཅན་མ་རིག་གསུམ་གྱིས་བཅིངས་ཤིང་གཟུང་འཛིན་གཉིས་སུ་འཁྲུལ་ཏེ་ཆགས་སྡང་གི་ལས་ཟག་བཅས་དགེ་སྡིག་གཉིས་ཀྱི་འབྲས་བུ་ཁམས་གསུམ་དུ་འཁོར་ཞིང་སྡུག་བསྔལ་གསུམ་ལས་མ་འདས་སོ། །རྩ་བའི་གཉིས་པ་ཡང་དེ་ཉིད་ལས། ཇི་ལྟར་རྣལ་མའི་ལམ་ལ་རྒྱབ་ཕྱོགས་ནས༔ ལོག་པའི་འདུ་ཤེས་ཤིན་ཏུ་མི་བཟད་པས༔ རྟག་ཆད་ཁ་ན་མ་ཐོའི་གྲུབ་པའི་མཐའ༔ ཕྱོགས་གཅིག་ཁོ་ནར་འཛིན་པའི་དཀའ་ཐུབ་ཅན༔ ལོག་རྟོགས་མུ་སྟེགས་ཅན་དག་ཉོན་རེ་མོངས༔ ཞེས་པས། མུ་སྟེགས་པ་ལ་ལྟ་ལོག་སུམ་བརྒྱ་དང་དྲུག་ཅུ་ཡོད་དེ། བསྡུ་ན་རྟག་ཆད་གཉིས་སུ་འདུ། དེའང་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་མེད་པར་འདོད་པའི་ཆད་ལྟ་བ་དང་། རང་བཞིན་རྟག་པར་འདོད་པའི་གྲངས་ཅན་པ་དང་། བྱེད་པ་པོ་རྟག་པར་འདོད་པའི་དབང་ཕྱུག་པ་དང་ཁྱབ་འཇུག་པ། རྡུལ་ཕྲན་རྟག་པར་འདོད་པའི་བྱེ་བྲག་པ། རིག་པ་རྟག་པར་འདོད་པའི་ཚངས་པ་བ། ངོ་བོ་ཉིད་རྟག་པར་འདོད་པའི་གཅེར་བུ་བ། རིག་བྱེད་ཀྱི་གསང་བར་སྨྲ་བ་སོགས་རྟག་ལྟ་ཅན་ཏེ་ལོག་པར་ལྟ་བའོ། །དེ་ནས་ནང་པ་སངས་རྒྱས་ཀྱི་ཐེག་པ་ལའང་དགུ་སྟེ། སྲས་གཅིག་གི་རྒྱུད་ལས། ཇི་སྲིད་སེམས་ཅན་བློ་མང་བས༔ དེ་སྲིད་ཐེག་པ་བསམ་ཡས་པ༔ ཀུན་ཏུ་བཟང་པོ་ང་ཡིས་བསྟན༔ འོན་ཀྱང་དབང་པོའི་བྱེ་བྲག་ལས༔ ཐེག་པའི་རྣམ་གྲངས་དགུ་རུ་བསྟན༔ ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག༔ དབང་བསྒྱུར་ཐབས་ཀྱི་ཐེག་པ་འོ༔ ཞེས་པས། ཕྱི་ཀུན་འབྱུང་འདྲེན་པའི་ཐེག་པ་ལས་རྩ་བའི་གསུམ་པ་ནི། དགོངས་ཉམས་ལས། གདོད་ནས་དག་པའི་སེམས་ཉིད་ནམ་མཁའི་ཁམས༔ ཤེས་བྱའི་ཆོས་ཀྱིས་ཅི་ལྟར་བཙལ་བྱས་ཀྱང༔ སྲིན་བུའི་ཁ་ཆུས་དེ་ཉིད་འཆིང་བ་ལྟར༔ དོན་ལ་རྒྱབ་ཀྱིས་ཕྱོགས་པའི་མངོན་ཞེན་ཅན༔ ཉན་ཐོས་འགོག་པའི་བློ་ཅན་ཨ་ཐང་ཆད༔ ཅེས་པས། སློབ་དཔོན་ཆེན་པོ་བི་མ་ལའི་ཞལ་ལུང་ལྟར་འཆད་ན། ཉན་ཐོས་ཀྱི་ཐེག་པ་ལ་བདུན་ཏེ༔ དང་པོ་འཇུག་པའི་སྒོ་ནི༔ སྡུག་བསྔལ་བ༔ ཀུན་འབྱུང་བ༔ ལམ་དང༔ འགོག་པ་སྟེ་བདེན་པ་བཞིའི་སྒོ་ནས་འཇུག་པའོ༔ གཉིས་པ་ལ་རྟོགས་པའི་ལྟ་བ་ནི༔ གང་ཟག་གི་བདག་མེད་པ་རྟོགས་ལ་ཆོས་ཀྱི་བདག་མེད་པ་མ་རྟོགས་པའོ༔ དེའང་གང་ཟག་གི་བདག་ནི་སྟོང་ཞིང་བདག་མེད་པར་རྟོགས་པའོ༔ ཆོས་ཀྱི་བདག་ནི་ཕྱི་གཟུང་བའི་ཡུལ་དང་ནང་འཛིན་པའི་སེམས་གཉིས་དོན་དམ་དུ་ཤིན་ཏུ་ཕྲ་བ་ཡོད་པར་འདོད་དོ༔ གསུམ་པ་སྒོམ་པ་ནི༔ འགོག་པའི་ཞི་གནས་རྐྱང་པ་དེས་ཚོགས་དྲུག་གི་ཡུལ་འགོག་ནས་སྒོམ་པའོ༔ བཞི་པ་སྤྱོད་པ་ནི༔ ཆོས་དགེ་བ་བཅུ་རང་དོན་ཁོ་ན་འབའ་ཞིག་ཏུ་སྤྱོད་དོ༔ ལྔ་པ་འབྲས་བུ་ནི༔ སྐྱེས་བུ་ཟུང་བཞི་ཡ་བརྒྱད་ཀྱི་མཐར་དགྲ་བཅོམ་པའི་ས་འཐོབ་པའོ༔ དྲུག་པ་ཐོབ་པའི་དུས་ནི༔ ཐེག་པ་སྤྱི་ལྟར་ན༔ སྲིད་པ་གཉིས་དང་གསུམ་ལ་སོགས་པས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་འདོད་དོ༔ རབ་ཀྱིས་བསྐལ་པ་བརྒྱ༔ འབྲིང་གིས་ཉིས་བརྒྱ༔ ཐ་མས་སུམ་བརྒྱ་ན་འབྲས་བུ་འཐོབ་བོ༔ བདུན་པ་རང་གཞན་གྱི་དོན་བྱེད་པ་ནི༔ རང་གི་ཉོན་མོངས་པ་དུག་ལྔ་ཞི་བར་བྱེད་པའི་ཐབས་ཁོ་ན་ལ་བརྩོན་པར་བྱེད་དོ༔ རྩ་བའི་བཞི་པ་ཡང་། འཁོར་འདས་ཀུན་གྱི་རྩ་བ་རང་གི་སེམས༔ བཅས་བཅོས་མེད་པའི་ངང་དུ་སངས་རྒྱས་པ༔ མ་རིག་རྟེན་འབྲེལ་འཁོར་བའི་ཆོས་འཁོར་ལ༔ འདུ་ཤེས་གཅིག་ཏུ་གཞུངས་པའི་ཕྱོགས་འཛིན་ཅན༔ རང་རྒྱལ་བཅོས་མའི་སངས་རྒྱས་ཉམས་རེ་དགའ༔ ཞེས་པས། རང་རྒྱལ་གྱི་ཐེག་པ་ལ་བདུན་ཏེ༔ དང་པོ་འཇུག་པའི་སྒོ་ནི༔ རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་ལམ་དུ་འཇུག་སྟེ༔ དེའང་རྟེན་འབྲེལ་བཅུ་གཉིས་དེ་ལུགས་སུ་འབྱུང་བས་འཁོར་བ་དང༔ ལུགས་ལས་ལྡོག་པས་མྱ་ངན་ལས་འདས་པ་ཤེས་པར་བྱེད་དོ༔ གཉིས་པ་ལྟ་བ་ནི༔ བདེན་པ་གཉིས་ལས་ཕྱི་ཀུན་རྫོབ་ཀྱི་བདེན་པ་རྟེན་འབྲེལ་བཅུ་གཉིས་སྒྱུ་མ་ཙམ་དུ་འདོད༔ དོན་དམ་དུ་གང་ཟག་གི་བདག་མེད་པ་ཉན་ཐོས་དང་མཚུངས༔ ཆོས་ཀྱི་བདག་ལ་ཕྱི་གཟུང་བའི་ཡུལ་སྟོང་པར་འདོད༔ ནང་འཛིན་པའི་སེམས་དོན་དམ་དུ་ཡོད་པར་འདོད་པའོ༔ གསུམ་པ་སྒོམ་པ་ནི༔ གོང་དུ་བཤད་པའི་རྟེན་འབྲེལ་བཅུ་གཉིས་ལུགས་ལྡོག་ཏུ་སྟོང་པར་བསྒོམ་པའོ༔ བཞི་པ་སྤྱོད་པ་ནི༔ གཙོ་བོ་རང་དོན་འབའ་ཞིག་ཏུ་གཉེར༔ ལུས་ཀྱི་རྫུ་འཕྲུལ་ལ་སོགས་པས་གཞན་དོན་འགའ་ཞིག་ལ་ཡང་སྤྱོད་དོ༔ ལྔ་པ་འབྲས་བུ་ནི༔ ཡིད་བཞིན་བདེ་བའི་ས་འཐོབ་བོ༔ དྲུག་པ་ཐོབ་པའི་དུས་ནི༔ གོང་གི་ཉན་ཐོས་དང་མཚུངས་སོ༔ ཐེག་པ་ཐུན་མོང་བའི་ལུགས་ལྟར་ན། བསེ་རུ་ལྟ་བུའི་རང་རྒྱལ་གྱིས་བསྐལ་པ་བརྒྱའི་ཚོགས་སྔོན་དུ་བསགས་ཏེ། སྲིད་པ་ཐ་མའི་དུས་སུ་ཚེ་གཅིག་གིས་ལམ་བཞི་མངོན་དུ་བྱེད་པ་དང་། ཚོགས་སྤྱོད་གཉིས་ཀྱིས་སྲིད་པ་གསུམ་ལ་སོགས་པའི་མཐར་རང་རྒྱལ་དགྲ་བཅོམ་མངོན་དུ་བྱེད་པར་འདོད་དོ། །མཆན། བདུན་པ་རང་གཞན་གྱི་དོན་ནི་སྤྱོད་པའི་སྐབས་སུ་བསྟན་ཏོ༔ རྩ་བའི་ལྔ་པ་ཡང་། གདོད་ནས་རང་རྩལ་རྫོགས་པའི་སེམས་ཉིད་དེ༔ མ་བཅོས་གཉུག་མའི་ལྷུམས་སུ་ཞུགས་པ་ལ༔ བདེན་གཉིས་ཚིག་ལ་འཆེལ་བའི་རྟོག་དཔྱོད་ཀྱིས༔ ཡིན་ཚུལ་བཅོས་མར་གཏོང་བའི་ཚུལ་འཆོས་ཅན༔ བྱང་ཆུབ་སེམས་དཔའི་གྲུབ་མཐའ་ཕྱི་ཐག་རིང༔ ཞེས་ཐེག་དམན་གྱི་རབ། བྱང་ཆུབ་སེམས་དཔའི་ཐེག་པ་ལའང་བདུན་ཏེ༔ དང་པོ་འཇུག་པའི་སྒོ་ནི༔ བདེན་པ་གཉིས་དང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས་འཇུག་པའོ༔ གཉིས་པ་ལྟ་བ་ནི༔ ཆོས་དང་གང་ཟག་གཉིས་ཀ་བདག་མེད་སྟོང་པར་རྟོགས་པ་སྟེ༔ རྨོངས་པའི་སྒྲིབ་གཡོག་དང་བྲལ་བ་ཡིན་ནོ༔ གསུམ་པ་སྒོམ་པ་ནི༔ རྣམ་པར་མི་རྟོག་པའི་ཏིང་འཛིན་ཞི་ལྷག་ཟུང་འཇུག་ཏུ་བསྒོམ་པའོ༔ བཞི་པ་སྤྱོད་པ་ནི༔ རང་དོན་དུ་མི་དགེ་བཅུ་སྤང༔ གཞན་དོན་དུ་དགེ་བཅུ་བསྒྲུབས་ནས་གཙོ་བོར་གཞན་དོན་འབའ་ཞིག་ལ་གཉེར་བ་ཡིན་ནོ༔ ལྔ་པ་འབྲས་བུ་ནི༔ ས་བཅུ་རིམ་གྱིས་བགྲོད་དེ་མཐར་ཕྱིན་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནོན་པའོ༔ དྲུག་པ་ཐོབ་པའི་དུས་ནི༔ བསྐལ་པ་གྲངས་མེད་གསུམ་ན་ཐོབ་བོ༔ བདུན་པ་རང་གཞན་གཉིས་ཀའི་དོན་ནི༔ རང་དོན་མཐར་ཕྱིན་ཏེ་ཕར་ཕྱིན་དྲུག་གི་སྒོ་ནས་གཞན་དོན་ཁོ་ན་ལ་སྤྱོད་པར་བྱེད་དོ༔ དེ་རྣམས་ཀྱང་རིམ་པར་འོག་མ་ལས་གོང་མ་འཕགས་སོ༔ དེ་དག་དབང་པོ་ཐ་མའི་ལམ་སྟེ་སྡེ་སྣོད་རྒྱུ་ཡི་ཐེག་པ་བྱ་བ་ཡིན་ནོ༔ རྩ་བའི་དྲུག་པ་འབྲས་བུ་སྔགས་ཀྱི་ཐེག་པ་ལ་དྲུག་སྟེ། ཕྱི་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ་ནི། ཡང་སྔ་མ་ལས། བཟང་ངན་བླང་དོར་མེད་པའི་སེམས་ཉིད་ལ༔ གཙང་བཙོག་སྤང་ལེན་སྒྲིན་པོའི་ལྷད་ཀྱིས་བསླད༔ གཉིས་མེད་དོན་ལ་གཉིས་འཛིན་གཟུགས་ཀྱིས་བཅོས༔ ཐོབ་བྱ་མེད་ལ་གོ་འཕང་དོན་གཉེར་བའི༔ བྱ་རྒྱུད་ཀྲི་ཡའི་གྲུབ་མཐའ་ཉམས་རེ་མཚར༔ ཞེས་པས། ཀྲི་ཡའི་ཐེག་པ་ལའང་བདུན་ཏེ༔ དང་པོ་འཇུག་པའི་སྒོ་ནི༔ ཁྲུས་དང་གཙང་སྦྲ་ལྡན་པས་འཇུག༔ ཁྲུས་ལའང་ཕྱི་ཆུའི་ཁྲུས༔ ནང་རྣམ་པར་མི་རྟོག་པ་སྒོམ་པའི་ཁྲུས་སོ༔ གཙང་སྦྲ་ནི་ཟས་དཀར་གསུམ་དང་མངར་གསུམ་ཟ་བ་ལ་སོགས་པའི་སྒོ་ནས་འཇུག་གོ༔ གཉིས་པ་རྟོགས་པའི་ལྟ་བ་ནི༔ དོན་དམ་པ་ཡང་དག་པའི་མཐའ་བཞི་དང་བྲལ་བའི་ཆོས་ཉིད་དུ་བལྟ༔ ཀུན་རྫོབ་ནི་གོང་གི་དེ་རྟོགས་པའི་ཡོན་ཏན་རིགས་གསུམ་གྱི་ལྷར་བལྟ་ཞིང་སྣང་བར་འདོད་དོ༔ གསུམ་པ་སྒོམ་པ་ནི༔ བདག་དམ་ཚིག་སེམས་དཔའ་དང་ལྷ་ཡེ་ཤེས་སེམས་དཔའ་གཉིས་རྗེ་དང་ཁོལ་གྱི་ཚུལ་དུ་བལྟ་ཞིང་བསྒོམ༔ ཏིང་ངེ་འཛིན་མཚན་བཅས་ལྷའི་ཏིང་ངེ་འཛིན་དང་མཚན་མེད་དེ་བཞིན་ཉིད་བསྒོམ་པ་ཡིན་ནོ༔ བཞི་པ་སྤྱོད་པ་ནི༔ རང་གཞུང་གི་རྩ་བ་ལྔ་དང་ཡན་ལག་གཉིས་ཏེ་བདུན་རང་གཞན་གཉིས་ཀྱི་དོན་དུ་སྤྱོད་པ་ཡིན་ནོ༔ ལྔ་པ་འབྲས་བུ་ནི༔ རིགས་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་བོ༔ དྲུག་པ་ཐོབ་པའི་དུས་ནི༔ སྐྱེ་བ་བཅུ་དྲུག་གམ་བདུན་ན་འཐོབ་པ་ཡིན་ནོ༔ བདུན་པ་འགྲོ་བའི་དོན་ནི༔ རང་གཞན་གཉིས་ཀའི་དོན་དུ་ཕྲིན་ལས་བཞི་ལ་སྤྱོད་པ་ཡིན་ནོ༔ རྩ་བའི་བདུན་པ་ཡང་། བཟང་ངན་འཕེལ་འགྲིབ་མེད་པའི་གནས་ལུགས་ལ༔ ལྟ་སྒོམ་སྤྱོད་པའི་ཐ་སྙད་གདགས་ན་ཡང༔ ཐབས་དང་ཤེས་རབ་སྤྱོད་པའི་དངོས་འཛིན་བློས༔ བྱར་མེད་བྱ་བར་གཡེལ་བའི་གྲུབ་མཐའ་ཅན༔ སྤྱོད་རྒྱུད་ཨུ་པའི་བརྟུལ་ཞུགས་ཐང་རེ་ཆད༔ ཅེས་པས། ཨུ་པ་ལའང་བདུན་ཏེ༔ དང་པོ་འཇུག་པའི་སྒོ་ནི༔ ཁྲུས་དང་གཙང་སྦྲ་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་སྒོ་ནས་འཇུག་གོ༔ གཉིས་པ་ལྟ་བ་ནི་གོང་མ་དང་མཐུན་ནོ༔ གསུམ་པ་སྒོམ་པ་ནི༔ དེ་ཁོ་ན་ཉིད་བཞི་ལྡན་དུ་བསྒོམ་སྟེ༔ བདག་གི་དེ་ཁོ་ན་ཉིད་དམ་ཚིག་སེམས་དཔར་བསྒོམ༔ ལྷའི་དེ་ཁོ་ན་ཉིད་ཡེ་ཤེས་སེམས་དཔའ་མདུན་དུ་བསྒོམ༔ ཡིག་འབྲུའི་དེ་ཁོ་ན་ཉིད་དམ་ཚིག་ཡེ་ཤེས་གཉིས་ཀའི་ཐུགས་ཀར་ས་བོན་བསྒོམ༔ བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་བདག་དང་ཡེ་ཤེས་པ་གཉིས་འཕྲོ་འདུའི་ཚུལ་དུ་བསྒོམ་མོ༔ བཞི་པ་སྤྱོད་པ་གོང་དང་མཐུན་ནོ༔ ལྔ་པ་འབྲས་བུ་ནི༔ རིགས་བཞི་རྡོ་རྗེ་འཆང་གི་ས་འཐོབ་བོ༔ དྲུག་པ་ཐོབ་པའི་དུས་ནི༔ སྐྱེ་བ་ལྔའམ་བདུན་ན་འཐོབ་བོ༔ བདུན་པ་མཛད་པའི་འགྲོ་དོན་ནི་གོང་དང་མཚུངས་ཏེ༔ རང་གཞན་གཉིས་ཀའི་དོན་བྱེད་པའོ༔ རྩ་བའི་བརྒྱད་པ་ཡང༔ ཕྱི་ནང་བར་མཚམས་མེད་པ་དྲན་པའི་གཤིས༔ བཅོས་མའི་བློ་དང་བྲལ་བའི་སེམས་ཉིད་ལ༔ ཟབ་གསལ་ཕྱག་རྒྱར་བཅོས་པའི་རྣམ་རྟོག་ཅན༔ རྣལ་འབྱོར་ཡོ་གའི་གྲུབ་མཐའ་ཆོད་རེ་ཆུང༔ ཞེས་པས། ཡོ་གའི་ཐེག་པ་ལའང་བདུན་ཏེ༔ དང་པོ་འཇུག་པའི་སྒོ་ནི༔ ཏིང་ངེ་འཛིན་གཙོ་བོར་འདོན་པའི་སྒོ་ནས་འཇུག་གོ༔ གཉིས་པ་ལྟ་བ་ནི༔ དོན་དམ་པ་ཆོས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་ཡེ་ཤེས་སུ་བལྟ༔ ཀུན་རྫོབ་ནི་གོང་གི་དེ་ལྟར་རྟོགས་པའི་འབྲས་བུ་རིགས་ལྔའམ་རྡོ་རྗེའི་རིགས་ཀྱི་ལྷ་ཚོགས་སུ་འདོད་པ་ཡིན་ནོ༔ གསུམ་པ་སྒོམ་པ་ནི༔ མཚན་བཅས་མངོན་པར་བྱང་ཆུབ་ཀྱི་སྒོ་ནས་ལྷ་བསྒོམ་སྟེ༔ མཚན་མེད་ཆོས་ཉིད་ཀྱི་ངང་ལ་རྟག་ཏུ་མཉམ་པར་འཇོག་པར་བྱེད་དོ༔ ལྷ་བསྒོམ་དུས་ཀྱང་བདག་དམ་ཚིག་པ་དང་ལྷ་ཡེ་ཤེས་པ་གཉིས་མཉམ་པ་སྤུན་གྲོགས་ལྟ་བུར་བསྒོམ་པ་ཡིན་ནོ༔ བཞི་པ་སྤྱོད་པ་ནི༔ རིགས་ལྔའི་སྡོམ་བཟུང་ལྟར་གཞུང་བཞིན་སྤྱོད་དོ༔ ལྔ་པ་འབྲས་བུ་ནི༔ ཕྱི་ནང་རྣམ་པར་དག་པའི་ཡེ་ཤེས་མངོན་དུ་བྱས་ཏེ་སྟུག་པོ་བཀོད་པ་རྣམ་དག་གི་ས་འཐོབ་བོ༔ དྲུག་པ་ཐོབ་པའི་དུས་ནི༔ སྐྱེ་བ་ལྔའམ་གསུམ་ན་འཐོབ་བོ༔ བདུན་པ་འགྲོ་དོན་ནི༔ མཛད་པའི་ཕྲིན་ལས་རྣམ་པ་བཞིས་བདག་གཞན་གཉིས་ཀའི་དོན་སྤྱོད་པར་བྱེད་དོ༔ ཐེག་པ་གསུམ་པོ་དེའང་གོང་ནས་གོང་དུ་རིམ་པར་འཕགས་ཏེ་དབང་པོ་འབྲིང་གི་དོན་དུ་དགོངས་པ་སྔགས་ཕྱི་རྒྱུད་སྡེ་གསུམ་ཞེས་བྱ་སྟེ༔ ལམ་གྱི་རིམ་པ་དེ་ལྟར་སྤྱད་ཅིང་མཐའ་བཞིའི་དྲི་མ་རྣམས་རང་ཤུགས་ཀྱིས་སངས་ཏེ་འབྲས་བུ་འཐོབ་པ་ཡིན་ནོ༔ རྩ་བའི་དགུ་པ། ནང་དབང་བསྒྱུར་ཐབས་ཀྱི་ཐེག་པ་གསུམ་ནི། སྔ་མ་ལས། ཞལ་ཕྱག་མཚན་མ་བྲལ་བའི་སེམས་ཉིད་ལ༔ སྣང་སྲིད་ལྷ་སྐུར་ལྟ་བའི་གོལ་བ་དང༔ སྒྲར་གྲགས་སྔགས་སུ་གོལ་བའི་འཛིན་རྟོག་ཅན༔ མ་ཧཱ་ཡོ་གའི་ལམ་གྱིས་འདི་མི་མཐོང༔ ཞེས་པས། མ་ཧཱ་ཡོ་ག་ལའང་བདུན་ལས༔ དང་པོ་འཇུག་པའི་སྒོ་ནི༔ བསྐྱེད་རྫོགས་ཟུང་འབྲེལ་ཐབས་ཤེས་གཉིས་སུ་མེད་པ་ལ་བསླབ་པའི་སྒོ་ནས་འཇུག་གོ༔ གཉིས་པ་ཆོས་ཉིད་དུ་རྟོགས་པའི་ལྟ་བ་ནི༔ འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་སྟོང་གསལ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་སུ་བལྟའོ༔ གསུམ་པ་སྒོམ་པ་ནི༔ གཙོ་བོར་ལྷའི་ཏིང་ངེ་འཛིན་ཡོངས་རྫོགས་སམ་ཆོ་ག་གསུམ་གྱི་རང་བཞིན་རྫོགས་རིམ་བློ་འདས་ཆོས་ཉིད་སྤྲོས་བྲལ་གྱི་ངང་ལ་འཇོག་པ་ཡིན་ནོ༔ བཞི་པ་སྤྱོད་པ་ནི༔ རྩ་བ་གསུམ༔ ཡན་ལག་ཉེར་ལྔ༔ སྦྱོར་བ་དང་སྒྲོལ་བ༔ རྟོག་བྲལ་སྤང་བླང་མེད་པར་སྤྱོད་པའོ༔ ལྔ་པ་འབྲས་བུ་ནི༔ ངོ་བོ་སྐུ་ལྔ་འཐོབ་པ་སྟེ་པདྨ་ཅན་གྱི་ས་མངོན་དུ་བྱེད་པ་ཡིན་ནོ༔ དྲུག་པ་ཐོབ་པའི་དུས་ནི༔ བརྩོན་འགྲུས་དང་དམ་ཚིག་ལྡན་པས་ཚེ་གཅིག་ལ་འཐོབ་པར་འགྱུར་རོ༔ བདུན་པ་དོན་གཉིས་ནི༔ ཕྲིན་ལས་རྣམ་པ་བཞིས་རང་གཞན་གཉིས་ཀའི་དོན་ལ་སྤྱོད་པའོ༔ རྩ་བའི་བཅུ་པ་ནི་ཡང་། འབད་རྩོལ་རྒྱུ་ལ་མ་ལྟོས་སེམས་ཀྱི་ངང༔ འབྲས་བུ་ལམ་དུ་བྱེད་པའི་ཆོས་ཉིད་ལ༔ རྩ་རླུང་སེམས་ཀྱི་ངལ་གསོས་དབུགས་འབྱིན་པའི༔ སྤྲོས་བཅས་ཨ་ནུའི་གྲུབ་མཐའ་ཐང་རེ་ཆད༔ ཅེས་པས། ཨ་ནུ་ལའང་བདུན་ཏེ༔ དང་པོ་འཇུག་པའི་སྒོ་ནི༔ དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྒོ་ནས་འཇུག་སྟེ་རང་བཞིན་གྱི་སེམས་ཉིད་ལ་སྤྱོད་པའོ༔ གཉིས་པ་ལྟ་བ་ནི༔ འཁོར་འདས་གཉིས་སྣང་གི་ཆོས་ཐམས་ཅད་རང་གི་རིག་པ་ཐིག་ལེ་ཉག་གཅིག་སྤྲོས་བྲལ་ཆོས་ཀྱི་སྐུ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པར་རྟོགས་པ་ཡིན་ནོ༔ གསུམ་པ་སྒོམ་པ་ནི༔ རིམ་གྱིས་པ་དང་ཆོ་ག་ལ་སོགས་པའི་རྒྱུ་འབྲས་ཅན་མ་ཡིན་ཏེ༔ སྐད་ཅིག་དྲན་རྫོགས་སམ་མཉམ་རྫོགས་སུ་བསྐྱེད་དེ༔ རྩ་ཁམས་འཁོར་ལོ་ཐམས་ཅད་ཡེ་ནས་ལྷའི་དཀྱིལ་འཁོར་བསྒོམ་པར་བྱེད་དོ༔ བཞི་པ་སྤྱོད་པ་ནི༔ གོང་ལྟར་མ་ཧཱ་དང་མཐུན་ཞིང༔ རླུང་དང་ཙཎྜ་ལཱིའི་བདེ་དྲོད་འབར་འཛགས་ཀྱི་རྣལ་འབྱོར་ལ་སྤྱོད་པར་བྱེད་པ་ཡིན་ནོ༔ ལྔ་པ་འབྲས་བུ་ནི༔ ཐབས་ཤེས་དབྱེར་མེད་ཀྱི་ཡེ་ཤེས་དེས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་མངོན་དུ་བྱེད་པ་ཡིན་ནོ༔ དྲུག་པ་ཐོབ་པའི་དུས་ནི༔ ཐབས་ཁྱད་པར་ཅན་གྱིས་འཕགས་ཏེ་ཚེ་གཅིག་ལ་འཐོབ་པ་ཡིན་ནོ༔ བདུན་པ་འགྲོ་དོན་ནི༔ ལྟ་སྒོམ་བྱ་རྩོལ་དང་བྲལ་བའི་ངང་ནས་ལས་བཞི་ཞར་བྱུང་དུ་སྤྱོད་ཅིང་འགྲོ་བ་འདུལ་བ་ཡིན་ནོ༔ དེ་ལྟར་རྒྱུ་མཚན་ཉིད་ཀྱི་ཐེག་པ་ནས་འབྲས་བུ་ཡང་གསང་རྫོགས་པ་ཆེན་པོའི་བར་དུ་ལམ་འོག་མ་ནས་རིམ་པར་གོང་མ་གོང་མ་འཕགས་པ་ནི་སྤྲོས་མི་དགོས་ཀྱང་། ནང་རྒྱུད་ཡོ་ག་གསུམ་ནང་གསེས་གསུམ་གསུམ་དུ་དབྱེ་ནས་གསང་སྔགས་རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་བུ་རྒྱུད་ལུང་མན་ངག་གསུམ་གྱི་ཚུལ་དུ་གསུངས་མོད་ཀྱང་། སྐབས་འདིར་ཐེག་རྩེ་རྫོགས་པ་ཆེན་པོ་ནི་ཀུན་དང་མཐུན་ལ་ཀུན་ལས་ཁྱད་པར་དུ་འཕགས་པའི་དབྱེ་བ་དང་། གང་ཟག་གི་ཁྱད་པར་རང་ལུགས་ལ་དབང་པོ་རབ་འབྲིང་ཐ་མ་གསུམ་ལ་ནང་གསེས་དགུར་དབྱེ་བའོ། །བསྡུ་ན་རིག་པ་རང་སྣང་གི་བློ་ཅན་དང་། སྣང་བ་ཡུལ་གྱི་བློ་ཅན་གཉིས་སུ་འདུ་གསུངས། དང་པོ་ནི། ཚེ་རབས་ཀྱི་བླ་མ་དང་སློབ་མ་རང་གི་སྐལ་པ་རིག་པ་རང་སྣང་གི་བློ་ཅན་ནམ་དབང་པོ་རྣོན་པོ་རྒྱུའི་སྟོབས་དང་ལྡན་པ་གཉིས་རྟེན་འབྲེལ་འཛོམས་ནས་ལམ་སྦྱོང་བགྲོད་ལ་མི་ལྟོས་པར་སྐད་ཅིག་གིས་གྲོལ་བ་དང་། གཉིས་པ་བླ་མ་བསྟེན་ཚུལ་ལ་མི་རྨོངས་ཤིང་། མོས་གུས་ལམ་དུ་ཁྱེར་ནས་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཁོ་ནར་གཅིག་ཆོག་ཏུ་བརྩོན་ནུས་པ་དག་ལ། དགོངས་བརྒྱུད་དོན་གྱི་འཕོ་བ་བསྐུར་ཐོབ་བྲལ་བ་ཆོས་དབང་སེམས་ལ་ཐོབ་པ་ཞེས་རྣལ་འབྱོར་གྱི་དབང་ཕྱུག་ཕྱག་རྫོགས་བརྒྱུད་པ་སྔ་མའི་རྣམ་ཐར་ཚད་མས་ཀྱང་གྲུབ་མོད། ད་དུས་སྙིགས་མའི་གདུལ་བྱར་དེ་འདྲ་ཉིན་སྐར་ལས་དཀོན་ཞིང་། གནས་ལུགས་ཁོ་ན་ཉམས་སུ་ལེན་པ་རྣམས་ཀྱིས་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་བར་ནས་འཛོལ་ཞིང་ཉམས་དང་རྟོག་པ་ཤན་མ་ཕྱེས་པའི་རྐྱེན་གྱིས་མྱུར་ལམ་ཟབ་མོ་ནོར་གོལ་གྱི་འཕྲང་ལ་ཤོར་བ་མང་བས། དེ་ངོས་འཛིན་ཞིང་བསལ་བའི་ཐབས་ཁོ་ན་གནད་ཆེ་བའི་ཕྱིར། ཕྱི་ཐོས་པས་སྒྲོ་འདོགས་གཅོད་དགོས་པའི་རྒྱུ་མཚན་དེ་ཡིན་པར་འདུག །ཐོས་པ་ཙམ་གྱིས་མི་ཆོག་དེའི་དོན་ལ་བསམ་སྟེ། ནང་སྒོམ་པས་སེམས་ཉིད་གཏན་ལ་དབབ་སྟེ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པ་ནི་དོན་ལ་རྟོན་པའི་ཆོས་སུ་ངེས་ཀྱང་། ད་དུས་ཐོས་པ་ཆེ་རུང་རང་རྒྱུད་གཏན་ལ་དབབ་མ་ནུས་ཤིང་ཁ་ཕྱིར་བལྟས་ང་རྒྱལ་གྱི་སྣོན་མ་དང་། སྒོམ་ཡུན་རིང་ཡང་ཐབས་དང་ཤེས་རབ་བླ་མའི་མན་ངག་གིས་མ་ཟིན་པའི་སྐྱོན་གྱིས་དོན་དམ་གནས་ལུགས་ཀྱི་ལྟ་བ་ཇི་བཞིན་པ་མ་རྟོགས་ཤིང་། ཕལ་ཆེར་མངོན་པའི་ང་རྒྱལ་ཅན་དུ་སོང་བ་འདི་ནི་རང་གཞན་གྱི་རྒྱུད་ལ་བརྟགས་ན་ཤེས་པ་འདིའོ། །དོན་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དུ་གྲགས་པའི་བབས་སོ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་འདུ་ཞིང་། དེའང་ཕྱག་རྫོགས་དབུ་གསུམ་གྱི་ལྟ་སྒོམ་སྤྱོད་འབྲས་བཞིར་འདུ། དེ་ལས་ཀྱང་ཁྱད་པར་དུ་མས་འཕགས་པ་འོད་གསལ་རྫོགས་པ་ཆེན་པོར་འདུའོ། །དེ་དག་བློ་རིམ་གསུམ་ལ་དགོངས་ཏེ་སེམས་ཀློང་མན་ངག་སྡེ་གསུམ་དུ་འཇམ་དཔལ་བཤེས་གཉེན་གྱིས་བཀྲལ། དེའང་དུས་དང་གདུལ་བྱར་དགོངས་ཏེ་སློབ་དཔོན་ཆེན་པོ་ཤྲཱི་སིདྷས་མན་ངག་སྡེ་སྐོར་ཚོ་བཞིར་ཕྱེས་པའི་ནང་ནས། ཡང་གསང་བླ་ན་མེད་པ་གདུལ་བྱ་འདུལ་བྱེད་དུས་སུ་བབ་པ་ནི་བཀའ་གཏེར་ལུང་བསྟན་མང་པོ་ནས་གསལ་བ་ལྟར། འདུལ་བྱེད་དེ་ལྟར་ཡིན་ནའང་། གདུལ་བྱའི་སྐལ་པ་དང་བློའི་རིམ་པ་ནི། རྣལ་འབྱོར་བཞི་རིམ་བས་ཀྱང་རིགས་ཅན་གསུམ་དུ་དབྱེ་བ་ནི་ཅིག་ཅར། ཐོད་རྒལ། རིམ་གྱིས་པའོ། །དེ་ལའང་ཅིག་ཅར་བའི་ཅིག་ཅར། ཅིག་ཅར་བའི་ཐོད་རྒལ། ཅིག་ཅར་པའི་རིམ་གྱིས། ཐོད་རྒལ་བའི་ཅིག་ཅར། ཐོད་རྒལ་བའི་ཐོད་རྒལ། ཐོད་རྒལ་བའི་རིམ་གྱིས། རིམ་གྱིས་པའི་ཅིག་ཅར། རིམ་གྱིས་པའི་ཐོད་རྒལ། རིམ་གྱིས་པའི་རིམ་གྱིས་སོགས་བློ་དང་གོང་གི་རིགས་ཅན་དགུ་ལས་གཞན་མ་ཡིན་པར་ཤེས་དགོས། མཆན། སྐལ་པ་གཅིག་ཏུ་མི་ངེས་ལ། སྟོན་བྱེད་མཚན་ཉིད་དང་ལྡན་པའི་བླ་མས་དབང་པོའི་གོ་རིམ་ལྟར་ལམ་མ་ནོར་བར་བསྟན་ཅིང་། ཁྱོད་ཀྱིས་འདི་ལྟར་གྱིས་ཤིག་ཅེས་བཀའ་བསྩལ་པ་དེ། རང་གིས་གཏན་ནས་མི་ནུས་ན་ལན་གཅིག་གམ། གཉིས་སམ། གསུམ་གྱི་བར་དུ་གནང་བ་ཞུ། མ་གནང་ཚེ་སྲོག་ལ་བབ་ཀྱང་བསྒྲུབ་དགོས་ཏེ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས། བླ་མས་སློབ་མར་ལོག་པ་བསླབ་མི་སྲིད། །གལ་ཏེ་བསླབ་ཀྱང་བཀའ་བཅག་དམྱལ་བར་འགྲོ །ཞེས་སོགས་མོད་རྒྱུད་མན་ངག་དུ་མ་ནས་ལུང་དང་ཚད་མའི་རྣམ་ཐར་དཔེ་བཅས་ཡང་ཡང་གསུངས་པས་དེ་ལྟར་བྱ་དགོས་སོ། རྩ་བའི་ས་བཅད་གཉིས་པ་ཆོས་ཉིད་རང་ལུགས་ཀྱི་འཇུག་སྒོ་ནི། །སྐབས་སུ་བབས་པ་བྱར་མེད་འོད་གསལ་རྫོགས་པ་ཆེན་པོ་སྤྲོས་མེད་དོན་གྱི་སྙིང་པོ་ཉམས་སུ་ལེན་པ་ལ། དེའི་དགོངས་དོན་དང་། འཇུག་སྒོ་དངོས་བསྟན་པའོ། །དང་པོ། ཀུན་ཏུ་བཟང་པོའི་དགོངས་ཉམས་རྡོ་རྗེའི་ཚིག་ལས། ཀྱེ་ཧོ༔ ང་ཡི་རང་བཞིན་རྫོགས་པ་ཆེན་པོ་ལ༔ འཁོར་འདས་ཆོས་རྣམས་སྤང་ཐོབ་བྲལ་བར་རྫོགས༔ མན་ངག་གནད་རྣམས་རང་གྲོལ་ཆེན་པོར་རྫོགས༔ ལྟ་བའི་གནད་རྣམས་རྟག་ཆད་མེད་པར་རྫོགས༔ སྒོམ་པའི་ལམ་རྣམས་འབད་རྩོལ་མེད་པར་རྫོགས༔ སྤྱོད་པའི་ཆོས་རྣམས་གནང་བཀག་མེད་པར་རྫོགས༔ འབྲས་བུའི་ངོ་བོ་ཡིད་སྨོན་བྲལ་བར་རྫོགས༔ རྫོགས་ཞེས་བྱ་བའང་བློས་བཏགས་ཙམ་དུ་ཟད༔ ཆོས་རྣམས་ཀུན་གྱི་ངོ་བོ་བྱང་ཆུབ་སེམས༔ སངས་རྒྱས་ཀུན་གྱི་ཐུགས་ཀྱང་བྱང་ཆུབ་སེམས༔ སེམས་ཅན་ཀུན་གྱི་སྲོག་ཀྱང་བྱང་ཆུབ་སེམས༔ བྱང་ཆུབ་སེམས་ལ་ཀུན་རྫོབ་དོན་དམ་མེད༔ མེད་ཅེས་སྨྲ་ནས་སྟོང་པར་རྒྱས་མི་གདབ༔ ཡོད་ཅེས་བཟུང་ནས་རྟག་པར་བློས་མི་འཆོས༔ མ་བཟུང་མ་བཏང་རང་གར་བློ་འདས་དབྱིངས༔ བསམ་ཡུལ་སྤྲོས་པ་ཀུན་དང་བྲལ་བའི་ཀློང༔ ང་ལ་བཅོས་མའི་རྣམ་རྟོག་མེད་པའི་ཕྱིར༔ དགེ་སྡིག་ལས་དང་འབྲས་བུ་གཏན་ནས་ཟད༔ ལྷ་སྔགས་ཏིང་ངེ་འཛིན་གྱིས་ཅི་ཞིག་བྱ༔ བསྒྲུབས་པས་འགྲུབ་པའི་སངས་རྒྱས་ང་མ་ཡིན༔ ང་ཡི་རང་བཞིན་ཀུན་ཁྱབ་ཆེན་པོ་ལ༔ ས་ལམ་བགྲོད་པས་མཐོང་བ་ག་ལ་སྲིད༔ དེ་ཕྱིར་རེ་དོགས་འཇུར་བུས་མི་འཆིང་བར༔ ལྟ་བ་བཟང་པོའི་ངར་དང་ཕྲོལ་ལ་ཞོག༔ སྒོམ་པ་བཟང་པོའི་ཤུབས་ནས་ཐོན་ལ་ཞོག༔ སྤྱོད་པ་འཇུར་བུའི་ཚུལ་འཆོས་ཤིགས་ལ་ཞོག༔ འབྲས་བུ་ཆེན་པོའི་རེ་དོགས་བསྐྱུར་ལ་ཞོག༔ བསྒོམ་དང་མི་བསྒོམ་ལས་འདས་དྲན་པའི་ངང༔ བྱ་དང་མི་བྱའི་རྩིས་གདབ་དབྱིངས་སུ་ཡལ༔ སྟོང་དང་མི་སྟོང་ལས་འདས་བྱང་ཆུབ་སེམས༔ ཡོད་དང་མེད་པའི་ཕྱོགས་ཞིག་གཉུག་མའི་ཀློང༔ སྨྲ་བསམ་བརྗོད་དུ་མེད་པའི་རིག་པ་ལ༔ དེར་འཛིན་གཉེན་པོ་མེད་པའི་སྲོག་ཤིང་ཅན༔ གཅེར་བུ་ལྡིང་པ་རང་གྲོལ་སོ་མའི་གཤིས༔ འབད་རྩོལ་སྤྲོས་པ་ཀུན་དང་བྲལ་བའི་ཀློང༔ དུས་གསུམ་འཕེལ་འགྲིབ་མེད་པའི་ངང་ལ་གནས༔ ཞེས་སོ། གཉིས་པ་འཇུག་སྒོ་དངས་བསྟན་པ་ནི། བི་མའི་ཞལ་ལུང་ལས། རྣམ་པ་བདུན་གྱིས་བསྟན་ཏེ༔ དང་པོ་འཇུག་པའི་སྒོ་ནི༔ རྩོལ་མེད་བྱ་བྲལ་ཤུགས་འབྱུང་རྒྱ་ཡན་གྱི་ངང་ནས་འཇུག་གོ༔ གཉིས་པ་རྟོགས་བྱའི་ལྟ་བ་ནི༔ བརྗོད་བྲལ་གཟའ་གཏད་དང་བྲལ་བ་སྟོང་ཉིད་བསམ་འདས་སོ༔ གསུམ་པ་སྒོམ་པ་ནི༔ དམིགས་གཏད་མཚན་མ་དང་བྲལ་བ་དེ་མ་བཅོས་འཛིན་མེད་ངང་དྭངས་ལྷུན་གྲུབ་ཡོངས་རྫོགས་མཉམ་ཉིད་རྩ་བྲལ་ཟང་ཐལ་ལོ༔ བཞི་པ་སྤྱོད་པ་ནི༔ བྱ་བྲལ་ཤུགས་འབྱུང་སྤང་བླང་གི་མཐའ་ཟད་རོལ་པ་གཅིག་གི་ངོ་བོའོ༔ ལྔ་པ་འབྲས་བུ་ནི༔ ཡེ་ཤེས་བླ་མའི་ས་ཞེས་བྱ་སྟེ་སྤང་ཐོབ་མེད་པ་ཡེ་ནས་ལྷུན་རྫོགས་ཆེན་པོ་ཡིན་ནོ༔ དྲུག་པ་ཐོབ་པའི་དུས་ནི༔ དུས་གསུམ་མ་ངེས་ཏེ་ཡེ་གདོད་མ་ནས་རང་ཆས་རང་ཐོབ་པ་ཡིན་ནོ༔ བདུན་པ་དོན་གཉིས་ནི༔ རྩོལ་མེད་དུ་ཡེ་རྫོགས་ལྷུན་གྲུབ་ཁྱབ་བརྡལ་ཆེན་པོ་ཡིན་ནོ༔ དེ་རྣམས་ཀྱང་མོས་པའི་རིམ་པས་ཡར་ལ་རིམ་པ་བཞིན་འཕགས་ཏེ༔ མཐར་ཐུག་དོན་གྱི་རྩ་བ་ནི་བྱར་མེད་བླང་དོར་དང་བྲལ་བ་ཡེ་ནས་ཆོས་སྐུ་བློ་འདས་ཡིན་ཞིང༔ མདོར་ན་ཐེག་པའི་རིམ་པ་དེ་དག་ཀྱང་སྤྲོས་ན་དཔག་ཏུ་མེད་དེ་ཉི་མའི་ཟེར་དང་མཚུངས་ཤིང༔ བསྡུ་ན་གཅིག་ཏུ་འདུས་ལ་ཉི་མའི་སྙིང་པོ་ལྟར་དང༔ སེམས་ཀྱི་ཆོ་འཕྲུལ་དང་གང་འདུལ་ཐབས་དང་ཐུགས་རྗེའི་རང་བཞིན་ནི་འདུལ་བྱེད་དུ་ཤེས་པར་བྱ་བ་གཅེས་ཤིང༔ དེ་ལྟར་ཐེག་པའི་རིམ་པ་མ་ཤེས་ན་ཐེག་པ་ཐུན་མོང་བ་དང་འདྲ་སྟེ༔ ས་ལམ་ལྟ་དགོངས་གྲུབ་མཐའ་ཁྱད་ཕྱེ༔ དཔྱོད་བྱེད་ལ་སོགས་པའི་རིམ་པ་མ་ཤེས་པས་ཕྱོགས་སུ་གོལ་བ་ཀུན་ཀྱང་རྟོགས་ཤིང་ཁོང་དུ་ཆུད་པས་ནམ་མཁའ་མདུང་བསྐོར་ལྟར་ཕྱོགས་ལྷུང་མེད་པ་གནད་ཆེ་བས་དེ་ལྟར་ཤེས་པར་བྱའོ༔ ཞེས་སོ། །དེ་ལྟར་འོད་གསལ་རྫོགས་པ་ཆེན་པོ་རྒྱུ་འབྲས་ལས་འདས་པ། ས་ལམ་གཅིག་ཆོད། རྟོགས་གྲོལ་དུས་མཉམ། སྒྲ་ཇི་བཞིན་པ་ཡིན་ཡང་གང་ཟག་ལམ་འདི་ལ་མོས་པ་དང་གོ་བ་ཙམ་ཡོད་སྲིད་ན་ཆོས་ལ་སྙད་བཏགས་པ་ཙམ་ལས་མེད་པས་ན་ཡང་བསྐྱར་ནི། ཨོ་རྒྱན་ཆེན་པོས། ཨ་ཏིའི་བསྟན་པ་ཉམས་པའི་རྟགས། ཁ་ལྟ་སྟོང་སྐད་སྦད་ཁམས་ཆེ། །དགེ་མེད་སྡིག་མེད་ཡིན་ཞེས་གླེང་། ཁྲིམས་སྤངས་ཐ་མལ་སྤྱོད་པ་སྐྱོང་། །ཚོགས་འཁོར་ཡིན་ཞེས་སྲོག་ཆགས་གསོད། །སྒོམ་སྒྲུབ་དོར་ནས་སྲང་མདོར་འཁྱམས། །ཞེས་པའི་ལུང་དོན་གྱི་ཐོག་ཏུ་བབས་པ་ལ་ཐུགས་དཔྱད་རེ་མཛད་ནས་ལམ་ཇི་བཞིན་པ་ཉམས་སུ་ལེན་པར་ཞུ། རྩ་བའི་ས་བཅད་གུམ་པ་དངོས་གཞི་ལས་དང་པོ་པ་ཐབས་ཀྱིས་ལམ་ལ་དྲང་བ་ནས་ཉམས་རྟོགས་ཀྱི་རྩད་གདར་གཅོད་པ་སྤྱི་དང་བྱེ་བྲག་ལྟར་བཤད་པ་ནི། དངོས་གཞི་ལས་དང་པོ་པ་ཐབས་ཀྱིས་ལམ་ལ་དྲང་བའི་ཐོག་མར་རྡེའུ་སོགས་ལ་སེམས་འཛིན་ཞིང་དེ་ལ་སེམས་ཟིན་ནས་རིམ་པར་གཙོ་དེད་དང་། བྱུང་གནས་འགྲོ་གསུམ་བཙལ་ལུགས་དང་། དང་པོ་འཁོར་འདས་རུ་ཤན་སྔོན་དུ་འགྲོ་བས་སྒོ་གསུམ་སྦྱང་བའི་སྐབས་བྱུང་གནས་རྩད་གཅད་སོགས་ཕྱག་སྲོལ་འདུག་ཀྱང་། འདི་སྐབས་བླ་མ་རྡོ་རྗེ་འཆང་ཆེན་པོས་ཁོ་བོ་རྗེས་སུ་བཟུང་བའི་སྐབས་ཀྱི་ཕྱག་སྲོལ་དང་། ལས་དང་པོ་པ་ལ་རྟོགས་སླ་བའི་ཕྱིར་ཉམས་མྱོང་གི་སྒོ་ནས་སྟོན་པ་ལ། དང་པོ་འཁོར་འདས་ཀྱི་བྱེད་པོ་ལུས་ངག་ཡིད་གསུམ་གང་ཡིན་བརྟགས་ཤིང་རྩད་གཅོད་དགོས་པ་ནི། སྲས་གཅིག་གི་རྒྱུད་ལས། གནས་ལུགས་གཏན་ལ་དབབ་པ་ལ༔ རང་གི་རྟོག་པ་རྩད་གཅོད་གཅེས༔ ད་བར་འཁོར་བར་འཁྱམས་མཁན་གང༔ མ་འོངས་འཁོར་འདས་བྱེད་མཁན་གང༔ དགག་སྒྲུབ་སྤང་བླང་བྱེད་པོ་གང༔ ལེགས་པར་བརྟགས་ལ་གདར་ཤ་གཅོད༔ ཅེས་པའི་དོན་ཕྲལ་ཏེ་གོ་བརྡ་སྤྲད་པ་ནི། ཁྱོད་ཀྱི་དགེ་སྡིག་གི་ལས་བྱེད་མཁན། བདེ་སྡུག་གི་རྒྱུ་སྒྲུབ་མཁན། འཁོར་འདས་ཀྱི་བྱེད་པོ་སོགས་ལུས་པོ་འདི་རེད་དམ། གཏམ་སྨྲ་བྱེད་ཀྱི་ངག་འདི་རེད་དམ། མི་དྲན་དགུ་དྲན་གྱི་སེམས་འདི་རེད་དམ་སོགས་རྩད་གཅད་དགོས་ཚུལ་ཞིབ་ཏུ་བཤད་ལ། དེ་ལ་ཐོག་མར་ལ། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ཏེ་སངས་རྒྱས་ཀྱི་ས་ལ་བདག་གཅིག་པུས་འགོད་པར་བྱ་བའི་ཕྱིར། སེམས་ཀྱི་གནས་ལུགས་སྒོམ་པ་ཡིན་པས་མྱུར་དུ་རྟོགས་ནུས་པར་བྱིན་གྱིས་རློབས་ཤིག་སྙམ་པས། བླ་མའི་རྒྱངས་འབོད་གསོལ་འདེབས་གང་ཤེས་བྱ། དེ་ནས་ལུས་རྣམ་སྣང་ཆོས་བདུན་ནམ་དྲང་པོར་འདུག་ལ། མིག་སྣ་རྩེར་ཕབ་ནས་ཐུན་ཐུང་ལ་གྲངས་མང་དང་། འགྲོ་འཆག་ཟ་ཉལ་སོགས་ཀྱི་སྐབས་དྲན་ཤེས་ཀྱིས་རྟོག་དཔྱོད་གྱིས་ཤིག་ཅེས་གདམས། དེའང་ཐག་ཆོད་ཞུ་རྒྱུ་མ་རྙེད་ཚེ། ཁྱོད་ཀྱི་ལུས་ངག་ཡིད་གསུམ་འདི་གཅིག་རེད་དམ། སོ་སོ་རེད་ལྟོས་ལ་ཤོག་ཅེས་བལྟར་བཅུག །གཅིག་རེད་ཟེར་ན། ཡང་ལུང་དེ་ཉིད་ལས། བར་དུ་སེམས་ཀྱི་མཚང་བཙལ་བ༔ སྒོ་གསུམ་གཅིག་གམ་ཐ་དད་པ༔ གཅིག་ན་སོ་སོར་སྣང་འདི་ཅི༔ ཡང་ན་སེམས་དངོས་མ་གྲུབ་བཞིན༔ སྒོ་གསུམ་དེ་ལྟར་འགྱུར་དགོས་ཤིང༔ ཐ་དད་ཡིན་ན་ལུས་གྲུབ་བཞིན༔ ངག་དང་སེམས་ཀྱང་གྲུབ་དགོས་ཏེ༔ དེ་སོགས་འགལ་འདུ་རྣམ་མང་ཡང༔ གཅིག་དང་ཐ་དད་ཡིན་མིན་གྱི༔ དགག་སྒྲུབ་བྱེད་པོ་སྒོ་གསུམ་གྱི༔ གང་གཙོ་བརྟགས་ཤིང་དཔྱད་བྱས་ནས༔ མཚང་འདོན་རྟོག་པའི་ཕུ་ཐག་གཅོད༔ ཅེས་གསུངས་པ་ལྟར་བརྟག་བཅུག་སྟེ། དལ་བུས་ཁྲིད་ལ་རྫུན་ལབ་མི་ཡོད་དར་བས་འགགས་ལ་ཡང་ཡང་གཏུགས། སེམས་གཙོ་ཆེ་ངེས་རེད་ཟེར་ན། ལུས་ངག་གཉིས་སེམས་ཀྱི་གཡོག་པོ་དགེ་སྡིག་གང་ཡང་སེམས་ཀྱིས་དྲན་ཅིང་། དེའི་རྗེས་སུ་ལུས་ངག་འབྲངས་ལ། ཤི་ནས་ངག་རླུང་དང་འགྲོགས་ཏེ་ཡལ་འགྲོ །ལུས་རྡོ་བ་ལྟར་ཤུལ་དུ་ལུས། གང་བྱས་ཀྱི་ལས་སེམས་རྣམ་པར་ཤེས་པའི་རྗེས་སུ་འབྲངས་ནས། བར་དོ་དང་། ཕྱི་མའི་བདེ་སྡུག་མྱོང་ཚུལ་སོགས་ཐག་ཆོད་ངེས་སུ་ངོ་སྤྲད་དོ། །གཉིས་པ་བྱུང་གནས་འགྲོ་གསུམ་རྩད་གཅད་ཅིང་གཏན་ལ་དབབ་པ་ནི། ཡང་ལུང་དེ་ཉིད་ལས། ཐ་མ་བྱུང་གནས་འགྲོ་གསུམ་ཡང༔ སེམས་འདི་ཐོག་མར་བྱུང་ས་གང༔ བར་དུ་གར་གནས་མཐར་གར་འགྲོ༔ བྱུང་ས་བྱུང་མཁན་གནས་ས་དང༔ གནས་མཁན་འགྲོ་ས་འགྲོ་མཁན་སོགས༔ མཁན་པོ་རང་གི་ངོ་བོར་བརྟགས༔ གཅིག་དང་ངོ་བོ་གཟུགས་ཁ་དོག༔ གནས་འགྱུ་བདེ་གསལ་མི་རྟོག་ཉམས༔ བརྟགས་པས་གཟུགས་དབྱིབས་ཁ་དོག་རྣམས༔ མཐོང་ངམ་གྲངས་སོགས་ཡོད་པ་ན༔ ཡོད་པའི་དངོས་པོ་གང་ལ་གནས༔ གནས་པ་དེ་ཉིད་ཤེས་མཁན་གང༔ བརྟགས་ཤིང་བློ་ལས་འདས་པར་བྱ༔ ཐུན་མོང་མ་ཡིན་ལམ་གྱི་གནད༔ བརྟགས་ཤིང་གདར་ཤ་ཆོད་པས་ན༔ ཡེ་ཤེས་མཐོང་བ་ཆེན་པོར་འགྱུར༔ ཞེས་པ་ལྟར། ཁྱོད་ཀྱི་སེམས་ཞེས་པ་མི་དྲན་དགུ་དྲན་བཟུང་ན་མི་ཟིན་བཏང་ན་མི་འགྲོ་བའི་རྟོག་པ་སྐད་ཅིག་མ་ཝལ་གྱིས་ཤར་བ་དེ་ལས་གཞན་མེད། འོ་དེ་ཕྱི་རོལ་གཟུགས་སྒྲ་དྲི་རོ་རེག་བྱའི་ཡུལ་དེ་ལས་ཚུར་བྱུང་ངམ། མིག་སོགས་དབང་པོའི་ཕྱོགས་ནས་ཕར་སོང་བ་གང་ཡིན་ཡང་ཡང་ལྟོས་ཤོག་ཅེས་གདམས། འདི་ལས་བྱུང་ཟེར་ན། དེ་ལས་བྱུང་སྙམ་མཁན་དེ་དང་བྱུང་བ་དེ་གཉིས་གཅིག་རེད་དམ་སོ་སོ་རེད་ལྟོས་ཤོག་བྱ། གཉིས་རེད་ཟེར་རམ་ཡང་ན་གཅིག་རེད་ཟེར་ན་དེའི་གཟུགས་ཅི་འདྲ་འདུག ཁ་དོག་དཀར་དམར་མཐིང་ལྗང་སོགས་ཅི་འདྲ་འདུག་ལྟོས་ལ་ཐག་ཆོད་པར་གྱིས་ལ་ཤོག་ཅེས་གདམས། དེ་བཞིན་དུ་ཚོགས་དྲུག་ཐ་དད་དུ་དབྱེ་ནས་བརྟག་བཅུག་པའམ། ཡུལ་གང་ལ་རྟོག་པ་འཕྲོ་ཞིང་དེར་འཛིན་མཁན་པོ་ལ་བརྟག་པ་སོགས་ཐབས་སྣ་ཚོགས་ཀྱིས་ཐག་ཆོད་ངེས་བྱ། ཡང་གནས་ས་གནས་མཁན་ལ་བརྟག་པ་ནི། ཕྱིའི་ཡུལ་དང་དབང་རྟེན་གང་ལ་གནས་སྔ་མ་ལྟར་རྩད་གཅད་དེ་བརྟག་བཅུག་ལ། འདིར་གནས་ཟེར་ན་གཟུགས་ཁ་དོག་སོགས་སྔར་ལྟར་དྲི་རྨེད་ཀྱིས་རྩད་ཆོད་ངེས་བྱས་པས་གནས་ས་མ་རྙེད་ཚེ། མཐར་འགྲོ་ས་དང་འགྲོ་མཁན་ལ་བརྟག་པ་ནི། ཁྱོད་ཀྱིས་མིག་གིས་གཟུགས་དང་། རྣ་བས་སྒྲ། ལྕེས་རོ། སྣས་དྲི། ལུས་ཀྱིས་ཚ་གྲང་སོགས་ཀྱི་ཡུལ་མྱོང་ཚོར་གྱི་དུས་སུ་དང་པོའི་ཤེས་པ་དེ་འགགས་ནས། ཡང་གཞན་ཞིག་དྲན་ཨི་འོང་ལྟོས་ལ་ཤོག་ཅིག་གདམ། དེ་ལྟར་རེད་ཟེར་ན་རྟོག་པ་སྔ་མ་དེ་ཡུལ་དེ་ལ་ཐིམ་ནས། ཡང་གཅིག་དེའི་ཤུལ་ནས་སྐྱེ་བ་རེད་དམ། དེ་ཕར་སོང་ནས། ཡང་ཚུར་ལ་འོང་བ་རེད་ལྟོས་ལ་ཐག་ཆོད་པར་གྱིས་ཤིག་ཅེས་གདམ། ཡང་འདི་འདྲ་རེད་ཟེར་ན་གཟུགས་ཁ་དོག་སོགས་གོང་ལྟར་རྩད་གཅོད། གང་ཡང་ཟེར་མི་ཤེས་པའི་ཧད་དེ་ལྷང་ངེ་ཞིག་རེད་ཟེར་ན། དེ་ཡང་ཡང་བརྟག་བཅུག་ལ། དེ་ལས་མེད་ངེས་སུ་ཐག་ཆོད་བྱུང་ཚེ། འོ་དེ་ལྟར་ཡིན། སེམས་འདི་ཐོག་མར་སྐྱེ་མ་མྱོང་བས་བྱུང་ས་མེད། བར་དུ་འགགས་མ་མྱོང་བས་གནས་ས་མེད། ཐ་མ་འགྲོ་འོང་གི་མཚན་མར་མ་གྲུབ་པས་འགྲོ་འོང་མེད། དེ་ལྟར་བརྟག་པའི་མཁན་པོ་དེའང་མེད་པས་གཞི་མེད་རྩ་བྲལ་གྱི་ངང་དེར་ལྷོད་ལ་སྒོམས་ཤིག་ཅེས་གདམ་མོ། །གསུམ་པ་གནས་འགྱུ་ཞི་ལྷག་གི་ཤན་དབྱེ་བ་ནི། གནས་ལུགས་རྡོ་རྗེའི་ཚིག་རྐང་ལས། གཞི་ཡི་གནས་ལུགས་སྤྲོས་དང་བྲལ༔ གཞི་སྣང་རིག་པ་ཆོས་ཀྱི་སྐུ༔ ལམ་ལ་བྱ་རྩོལ་ཡེ་ནས་དག༔ དེ་ཉིད་མངོན་གྱུར་གྲོལ་ས་ཆེ༔ འབྲས་བུ་གུད་དུ་བཅད་མ་ཡིན༔ འབྲས་ཉིད་རྒྱུ་རུ་ཡོད་པའི་དུས༔ ཆམ་གྱིས་གནས་པ་ཞི་གནས་ཡིན༔ ཐོལ་གྱིས་ཤར་བ་རིག་པའི་གདངས༔ ཧྲིག་གིས་རིག་པ་ལྷག་མཐོང་ཡིན༔ ཞེས་པ་ལྟར་ན། ཞི་ལྷག་གཉིས་མཚན་བཅས་དང་མཚན་མེད་ཀྱི་སྒོ་ནས་གཏན་ལ་དབབ་པའི་མན་ངག་བཞེད་སྲོལ་སྣ་ཚོགས་ཡོད་ཀྱང་། འདི་ནི་ཀུན་མཁྱེན་ཀློང་ཆེན་པའི་མན་ངག་གི་ཡི་གེ་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ་སོགས་ལས་གསུངས་པས་ཡིག་འབྲུའི་གཟུགས་ཤེས་པ་དག་ལ་འདི་ལྟར་ཁྲིད་པར་བྱས་ན། དབང་པོ་རྣོ་བརྟུལ་གྱི་སྐབས་དབྱེ་བ་སོགས་གཞན་དང་མི་འདྲ་བའི་ཉམས་མྱོང་ཡོད་པས་དེ་ལྟར་ན། ཐོག་མར་མཚན་མ་ཨ་དཀར་ལ་སེམས་གཟུང་བ་ནི། དབེན་པར་ལུས་ལྷོད་ཆགས་པའི་སྐྱིལ་ཀྲུང་བཅས་ཏེ། སྣ་རྩེའམ་སྨིན་མཚམས་སུ་ཨ་དཀར་པོ་འོད་དང་ལྡན་པ་གཅིག་བསྒོམས་ཏེ་རླུང་སྣ་ནས་ཕར་འགྲོ་དུས་རྒྱང་གིས་སོང་། ཚུར་བྱུང་དུས་ཧྲིལ་གྱིས་འོང་ནས་སྔར་གྱི་དམིགས་ས་དེར་གནས་པར་བསམ། དེའང་ཚ་བ་ཤས་ཆེ་ན་རླུང་དང་ཡིག་འབྲུ་གྲང་བ། གྲང་བ་ཤས་ཆེ་ན་ཚ་བའི་རེག་བྱ་ཅན་དུ་བསྒོམས་ལ་ཉམས་སུ་བླངས་པས། རིམ་པར་གོམས་ནས་ཕར་འགྲོ་ཚུར་འོང་ལན་བརྒྱད་དགུ་རེ་ཙམ་ལ་རྣམ་རྟོག་གི་བར་མི་གཅད་པར་སེམས་རྩེ་གཅིག་ཏུ་ཨ་ལ་དམིགས་པ་ཟིན་པ་ཞི་གནས། དེ་ནས་དམིགས་རྟེན་ཨའི་འཛིན་པའང་མེད་པར་སྐྱེ་མེད་བསམ་ངོ་ཐམས་ཅད་དང་བྲལ་བ་ལན་གཅིག་མིན་པར་ཡང་ཡང་བྱུང་ན། ཏིང་ངེ་འཛིན་ཐུན་མོང་ཞི་ལྷག་ཟུང་འཇུག་འགྲུབ་པ་ཡིན། དེས་རྣམ་རྟོག་མི་ཆོད་པར་འདུག་ན། བར་ཆད་སེལ་བའི་ཡི་གེ་ཕཊཿལ་སེམས་གཟུང་བ་ནི། ལུས་སེམས་ཁོང་ལྷོད་ལ་རང་སོར་བཞག་ནས་ཕཊཿདྲག་པོ་ཞིག་བརྗོད་པས། རྟོག་པ་གང་ཡང་མེད་པའི་ཤེས་པ་ཧད་དེ། སེང་ངེ་བ་ཞིག་བྱུང་བའི་ངང་དེར་ཀློད་ལ་བཞག །ཡང་རྟོག་པ་ཕྱི་མ་སྐྱེས་དུས་དེ་ག་ལྟར་ཕཊཿཀྱིས་བཅད། མི་ཆོད་ན་དྲག་ལ་ཐུང་བ་ཡང་ཡང་བརྗོད་དེ་ཉམས་སུ་བླངས་པས། རང་བཞིན་སྤྲོས་པ་དང་བྲལ་བའི་ཡེ་ཤེས་འཆར་བའང་ཡོད་དེ་ཉམས་འགྱུར་བ་ཅན་ནམ་ཡེ་ཤེས་ཡིན་མིན་བརྟག་གོ །དེས་ཆོད་རུང་མ་ཆོད་རུང་ཁྲོ་བོ་དགྱེས་པའི་གད་མོ་ལ་སེམས་གཟུང་བ་ནི། གོང་ལྟར་ཀློད་ལ་མཉམ་པར་བཞག་དུས་རྣམ་རྟོག་བདེ་སྡུག་རགས་པ་གང་བྱུང་ཧ་ཧ་ཞེས་དྲག་ལ་ཐུང་བ་བརྗོད་དེ་ཞི་བའི་དུས་ངང་ལ་བཞག་གོ །སྐབས་སུ་ཧ་སྒྲ་དང་བཅས་རླུང་ཕྱིར་འཛིན་ཁོག་པ་སྟོང་སང་ངེ་བ་རེ་བྱ། དེས་སེམས་མི་དགའ་བ་དང་། རླུང་དང་ཁམས་འཁྲུགས་པ་སེལ་ཞིང་། ཆོས་ཉིད་རང་བྱུང་གི་ཡེ་ཤེས་ཀྱི་ཉམས་འཆར་རོ། །དེས་ཀྱང་མ་ཞི་ན་ལྷ་མ་ཡིན་རྩོད་པ་འགྱེད་པ་ལ་སེམས་གཟུང་བ་ནི། རི་རྩེ་ལ་སོགས་པ་མཐོ་སར་ཕྱིན་ལ་ལུས་སེམས་གོང་ལྟར་ཀློད་དེ། དང་པོ་མགོ་དང་ལུས་པོ་དལ་བུས་སྒྲིལ། དེ་ནས་ཁམས་ཀྱི་ཐུབ་ཐང་དྲག་ཏུ་སྒྲིལ་ཏེ། ལྟེ་བར་རཾ་དམར་པོ་ལ་སེམས་གཏད། རླུང་ནང་དུ་གཟུང་། རླུང་ལ་ཤིས་པའི་ཟས་བརྟེན་པས་ཕྱིའི་སྣང་བ་རང་འགགས་ལ་སོང་ནས། ཅིའི་ངོ་བོར་ཡང་མ་གྲུབ་པ་ཉམས་སུ་མྱོང་སྟེ་སྟོང་ཉིད་བསམ་ངོ་དང་བྲལ་བའི་ཉམས་སྐྱེའོ། །རབ་ལ་ཨ་གཅིག་པུས་ཆོག་པའང་ཡོད། མིན་ཡང་བག་ཆགས་སྲེག་བྱེད་རཾ་ལ་སེམས་འཛིན་པ་ནི། སྨིན་མཚམས་སུ་རཾ་ཡིག་དམར་པོ་ཤིན་ཏུ་ཕྲ་བ་ཞིག་ཡུན་རིང་ཐུང་སྤེལ་ཏེ་བསྒོམས་པས་ཐུན་མོང་ཉམས་ཀྱི་ཞི་ལྷག་དུས་གཅིག་མཐོང་བའང་ཡོད། དེ་གཉིས་གང་ཡང་རུང་བའམ། ཡང་ན་རྣམ་པར་རྟོག་པ་ཧཱུྃ་གིས་འདེད་པ་ལ་སེམས་གཟུང་བ་ནི། ལུས་སེམས་གོང་ལྟར་ཀློད། སྣ་རྩེར་ཧཱུྃ་སྔོན་པོ་གཅིག་དམིགས་ལ་སེམས་ཟིན་པ་ན། ཧཱུ་ྃདེ་ཕར་འགྲོ་དུས་ངག་གིས་ཧཱུྃ་གླུ་དལ་བུས་སྒྲ་གདངས་ཆུང་བར་བརྗོད་པ་དང་ཧཱུྃ་དབྱེར་མེད་དབུགས་ཐེག་གཅིག་གིས་རླུང་ཕྱིར་འཛིན་དང་སྦྲགས་ཏེ། ཕར་འགྲོ་ཚུར་འགྲོ་གྲངས་བདུན་བརྒྱད་ཙམ་ལ་རྣམ་རྟོག་གིས་བར་མི་གཅོད་པའི་ཚེ། རྒྱང་ཇེ་རིང་མིག་གིས་མཐོང་ས་བར་བཏང་བའི་འདུན་པ་བྱས་ནས་ཡང་ཡང་སྦྱངས་པས། ཅི་ཞིག་ན་ཧཱུྃ་གི་དམིགས་པ་གཏན་ཡལ་དུ་སོང་སྟེ་དམིགས་མི་ཤེས་པ་དང་། ངག་གིས་ཧཱུྃ་གི་སྒྲ་བརྗོད་པའི་རླུང་ཡང་ཆད་དེ། གཏད་མེད་ཧད་དེ་སེང་ངེ་སལ་ལེ་བ་བརྗོད་མི་ཤེས་པའི་ཉམས་ལན་གཅིག་མིན་པར་ལན་གྲངས་དེ་ལྟར་བྱུང་ཚེ་མཚན་བཅས་དམིགས་པ་ལ་བརྟེན་པའི་ཞི་ལྷག་གི་ཉམས་ངེས་པར་འགྲུབ་པ་ཡིན། ཡིག་འབྲུ་མི་ཤེས་པའི་མི་སྐྱ་ཕོ་མོ་ཐ་མལ་པ་རྣམས་ལ། རྡོ་དང་རྡེའུ་རྩ་ཤིང་སོགས་ཕྲ་མོ་ལ་སེམས་འཛིན་པའམ། ཡང་ན་བླ་མ་སྐྱབས་གནས་ཀུན་འདུས་ཡིན་པའི་ངེས་ཤེས་ཀྱིས་རང་གི་མདུན་ནམ་སྤྱི་བོར་བསྒོམ་པ་སོགས་ལ་བསླབ་བོ། །དེ་ལྟར་ཐབས་ལ་བརྟེན་ནས་ཉམས་ཀྱི་ཞི་ལྷག་གི་གཞི་ཚུགས་ནས། བླ་མ་མི་བརྗེད་པའི་དྲན་པས་འགྲོ་འདུག་ཉལ་འཆག་བཟའ་བཏུང་སོགས་ཀྱི་དུས་ཐམས་ཅད་དུ་བསྐྱང་ཚེ། དང་པོ་བརྗེད་ངེས་ཆེ། རྒྱུན་དུ་ཅི་ཙམ་གོམས་རིམ་ལྟར་མི་བརྗེད་པ་ཡོང་། དེ་སྐབས་རྣམ་རྟོག་བཟང་ངན་གྱི་དབང་དུ་ཤོར་ནས་ཡེངས་པ་དང་། སྐབས་སུ་ལུང་མ་བསྟན་དུ་ཤོར་ཏེ་ཡེངས་པ་གང་བྱུང་དུས་གཅེར་བལྟས་དང་འཇུར་དྲན་མི་བྱ་བར། བླ་མ་དྲན་པའི་མོས་གུས་ཀྱིས་མིག་གྱེན་དུ་ཅུང་ཟད་ལྷོག་ལ་བལྟས་པས་སེལ་འགྲོ །དེ་ལྟར་ཡུན་རིང་ཉམས་སུ་བླངས་པས་ནི། ཇ་ཕོར་དོ་གསུམ་ཙམ་བཏུང་ཚེ་ལས་མི་བརྗེད་པའི་དུས་སུ། རུ་ཤན་ནམ་ངོ་སྤྲོད་ཀྱིས་ཟིན་པ་གལ་ཆེ། དེའང་མཉམ་གཞག་རྗེས་ཐོབ་གཉིས་འཇུར་དྲན་ཨ་འཐས་ཀྱིས་བཅིངས་པ་མ་ཡིན་པར་ཉམས་སུ་བླངས་ཚེ། བྱིང་རྨུགས། འཕྲོ་རྒོད། འགྱེད་འཐོར། ལུང་མ་བསྟན་སོགས་ཀྱི་དབང་དུ་མི་གཏོང་བླ་མའི་ཞལ་ཤེས་ལྟར་བྱ། ཉམས་ཀྱི་བདེ་གསལ་མི་རྟོག་འཕེལ་འགྲིབ་ཅན་སྣ་ཚོགས་འོང་བས་གདམ་པ་ཟབ་མོའི་ཐབས་ལ་མ་བརྟེན་ན་ཉམས་དང་རྟོགས་པའི་ནོར་ས་དང་ཤོར་གོལ་སོགས་ཕྲ་ཞིང་ཕྲ་བ་རང་སྟོབས་ཀྱིས་བསལ་མི་ཤེས་པས་ན། མན་ངག་ཟབ་མོ་རྣལ་འབྱོར་བཞི་རིམ་དང་། ཕར་ཕྱིན་གྱི་ལམ་ལྔའི་འགྲོས་ལྟར་འདི་བཞིན་ཉམས་སུ་ལེན་པ་གནད་ཆེ། རྫོགས་པ་ཆེན་པོ་བྱར་མེད་བློ་འདས་ས་ལམ་གཅིག་ཆོད་རྟོགས་གྲོལ་དུས་མཉམ་ཡིན་པས། ཐུན་མོང་ཐེག་པ་དང་། ཕྱག་ཆེན་རྣལ་འབྱོར་བཞི་རིམ་སོགས་ཀྱིས་བསླད་པ་དོན་མེད་སྙམ་ན། ལྟ་སྒོམ་སྤྱོད་པ་ཅིག་ཅར་དུ་རྟོགས་པའི་གང་ཟག་དང་། རྫོགས་པ་ཆེན་པོའི་ཁྱད་ཆོས་རྡོ་རྗེའི་གད་མོ་བཅུ་གཉིས་དང་། ངོ་མཚར་བའི་ཚིག་ཆེན་བརྒྱད་སོགས་དབང་པོ་ཤིན་ཏུ་རྣོན་པོ་ལྟ་བ་ཐག་ཆོད། སྒོམ་པ་དྲོད་རྟགས་ཐོན། སྤྱོད་པ་ལམ་ཁྱེར་གྱིས་བོགས་ཐོན་པས་རྫོགས་ཆེན་སེངྒེའི་རང་སྐད་ཡིན། གང་ཟག་དབང་པོ་རབ་འབྲིང་ཐ་མ་གོང་སྨོས་ལྟར་ཁྱད་ཆེ་བའི་ཕྱིར་དང་། ཁྱད་པར་སྟོན་པ་ཐུབ་པའི་དབང་པོས་མདོ་སྡེ་པདྨ་དཀར་པོ་ལས་སྙིགས་མ་ལྔ་ལུང་བསྟན་པའི་ཐོག་ཏུ་ཁེལ་བ་མཐོང་ཆོས་སུ་གྱུར་པ་ལྟར་ལྟ་བའི་སྙིགས་མ་ནི། ད་ལྟ་སྤྱིར་མདོ་སྔགས་གཉིས་ཀྱི་བསྟན་པ་དང་། སྒོས་སུ་ཕྱག་རྫོགས་སྙིང་པོའི་བསྟན་པ་རིན་པོ་ཆེ་ཁ་ལྟ་ཡིད་དཔྱོད་གོ་ཡུལ་དུ་སོང་ནས་ཤིན་ཏུ་ཉམས་དམའ་བ་འདི་ལ་ལེགས་པར་དཔྱད་ན། སྔོན་བསྟན་པའི་སྙིང་པོ་དར་བའི་དུས་སུ་སྐྱེད་རྫོགས་གཉིས་ཀྱི་ལམ་ཉམས་སུ་བླངས་པའི་འབྲས་བུ་སྐུ་ཚེ་དེར་ཐུན་མོང་གྲུབ་པ་བརྒྱད་སོགས་བརྙེས་ཚུལ་དང་། རང་གྲོལ་ཕྱག་རྒྱ་ཆེན་པོ་དང་། འོད་གསལ་རྫོགས་པ་ཆེན་པོའི་ལམ་ཉམས་སུ་བཞེས་ཤིང་། ལམ་རྟགས་མངོན་དུ་མཛད་པ་སྔོན་བྱོན་གྲུབ་པའི་དབང་ཕྱུག་སྐར་ཚོགས་ལྟ་བུ་བྱོན་པ་ཡིན་ཏེ། ད་ལྟ་དེ་དག་གི་ཐུགས་ཉམས་སུ་བཞེས་རྒྱུའི་གདམ་ངག་ཆོས་ཀྱི་ངོས་ནས་བྲི་གང་མེད་པར་བཞུགས་མོད་ཀྱང་། གང་ཟག་ལ་ལ་ལས་འཕྲོ་སྨོན་ལམ་གྱི་མཐུས་བླ་སློབ་རྟེན་འབྲེལ་རང་འགྲིག་ཏུ་སོང་བ་རེ་ཟུང་ཙམ་ཡོད་ན་ཐང་། དེ་མིན་དང་པོ་བརྟེན་བྱ་བརྟེན་ཚུལ་གང་ལ་བརྟགས་ཤིང་དཔྱད་རུང་མ་དཔྱད་རུང་སློབ་མའི་ཀུན་སློང་ཚེ་འདི་དོན་གཉེར་གྱི་ལོག་པའི་བསམ་སྦྱོར་ངན་པ་ཤུགས་ཆེ་ཞིང་། བསྟན་བྱའི་གདམ་པ། སྟོན་བྱེད་ཀྱི་བླ་མ། བསྟན་ཡུལ་གྱི་སློབ་མ་རྣམས་བཀའ་ལུང་དང་མཐུན་པར་བླ་སློབ་གཉིས་ཀའི་རྟེན་འབྲེལ་བརྟག་པ་སོགས། བཟང་ངན་གྱི་དབྱེ་བ་མེད་པར་འཆོལ་པོར་སྤྱོད་པའི་རྐྱེན་གྱིས་བསྟན་པ་གཟུགས་བརྙན་ཙམ་དུ་སོང་བ་འདི་ལ་དགོངས་ཏེ། སྔ་འགྱུར་ལུང་རྟོགས་ཀྱི་བསྟན་པ་སྤྱིའི་བདག་པོ་སྒྲོ་བཏགས་པ་ཙམ་མིན་པར་གངས་ཅན་ལྗོངས་འདིར་འགྲན་ཟླ་དང་བྲལ་བ། ཀཿཐོག་པ་ཆོས་རྗེ་དམ་པ་བདེ་གཤེགས་ཡབ་སྲས་སློབ་བརྒྱུད་དང་བཅས་པའི་བཞེད་སྲོལ། དབང་འབྲིང་མན་ཆད་ཉམས་རྟོགས་ནོར་ཤོར་གོལ་ས་བསལ་ཞིང་ཡང་དག་པའི་ལམ་བཟང་ལ་དཀྲི་བའི་ཕྱིར། རྫོགས་ཆེན་བསྟན་པའི་ཤིང་རྟ་རྩོད་མེད་ཉི་ལྟར་ཡོངས་སུ་གྲགས་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་འཇིགས་མེད་གླིང་པའི་གསུང་ལས། ཨོ་རྒྱན་རིན་པོ་ཆེ་གྲུབ་པའི་རིག་འཛིན་གྱི་རྫུ་ལ་ཞུགས་པ་ཆོས་རྒྱལ་དྭགས་པོ་ལྷ་རྗེའི་བཞེད་སྲོལ་ར་ལཱི་བསམ་གྱིས་མི་ཁྱབ་པའི་རྒྱུད་རྩ་བར་བཞག་སྟེ། རྣལ་འབྱོར་བཞི་རིམ་ཞེས་པ་ལམ་གྱི་དོད་པོར་བརྩིས་ནས་གསུངས་པ་དང་། ཇོ་བོ་རྗེས་ཀྱང་ཉེ་གནས་སྒོམ་པ་བར་ལྷན་ཅིག་སྐྱེས་སྦྱོར་གསུངས་དུས་སྦྱོར་བཞིའི་བཤད་པ་བདེ་མཆོག་གི་རྒྱུད་ནས་ལུང་དྲངས་ཏེ་བཤད་པར་མངོན་པས་རྒོལ་བ་བྱེད་པ་རང་མཚང་སྟོན་བྱེད་ཤིན་ཏུ་ཐ་ཆད་ཆོས་སྤང་གི་ལས་ཕྱོགས་ལྷུང་ཅན་དུ་ངེས་སོ། །དེའི་ཕྱིར་ན་ཡང་སྒོམ་པ་ཕ་ཝང་ཁ་པ་སོགས་ཀྱིས་ཀྱང་རྒྱ་ཆེར་ལྟོ་སྦྱར་ནས་བཤད་ཅིང་། རང་ཅག་ཀྱང་རོང་པ་རྫོགས་ཆེན་པས་ཅི་སྐད་གསུངས་པ་བཞིན། ཨོ་རྒྱན་རིན་པོ་ཆེས་ཤྲཱི་སིདྷ་ལ་ཞུས་པ་དང་། ཀ་དག་རང་བྱུང་རང་ཤར་ལས། མཆན། མཚོ་རྒྱལ་གྱི་ཉམས་མྱོང་དུའང་ཆ་འདྲ་གསལ་ཞིང་། མཁས་མཆོག་སོག་ཟློག་པས་ཀྱང་སེམས་སྡེའི་ཉམས་རིམ་དང་སྦྱར་ནས་བཤད་ལ། ཁྱད་པར་ཐུགས་གཏེར་ཆེན་པོ་རྩོད་པ་དང་བྲལ་བ་གྲོལ་ཏིག་དགོངས་པ་རང་གྲོལ་ལས་རྣལ་འབྱོར་བཞི་རིམ་གྱི་མིང་མ་བཏགས་པ་ཙམ་ལས། ཕར་ཕྱིན་གྱི་ལམ་ལྔའི་འགྲོས་དང་བསྟུན་ནས་བཤད་ཚུལ་ཁྱད་དུ་འཕགས་པ་གསུངས་པས་གང་ཟག་རིམ་གྱིས་པའི་དོན་དུ་དཔྱད་བཟོད་པའི་མན་ངག་འདི་ཁོ་ནའི་དགོངས་པ་ལྟར་བཤད་པར་བྱའོ། །ཞེས་དང་། མཁས་ཤིང་གྲུབ་པའི་དབང་ཕྱུག་འཕགས་ལམ་མཐོན་པོར་གཤེགས་པའི་ཀཿཐོག་པ་སྡོང་བྱ་བྲལ་བསོད་ནམས་དོན་གྲུབ་ཀྱིས་རིགས་ཅན་སྤྱི་དང་། ཁྱད་པར་རིམ་གྱིས་པ་ལ་བརྩེ་བ་ཆེན་པོས་རྗེས་སུ་བཟུང་ནས། མན་ངག་ཟབ་དོན་སྙིང་པོ་ཞེས་གཞི་ལམ་འབྲས་གསུམ་ཕྱག་ཆེན་རྣལ་འབྱོར་བཞི་རིམ་ལྟར་གསུངས་པ་དང་། དེ་གཉིས་ཀ་ལྟོ་སྦྱར་ཏེ་མན་ངག་སྙིང་ཐིག་གི་ལམ་ཉམས་སུ་ལེན་པའི་གང་ཟག་སྤྱི་དང་། རིམ་གྱིས་པའི་ལས་ཅན་གསར་བུ་པ་རྣམས་ཀྱི་ཆེད་དུ་ལྷག་བསམ་དག་པས་བཀོད་པ་ལགས། དེ་ལྟར་ཡང་བཞེད་སྲོལ་འདི་རྣམས་གོང་སྨོས་ལྟར་དུས་དང་གདུལ་བྱ་ལ་དགོངས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་ཤིང་ཐུགས་རྗེ་རླབས་ཆེ་བའི་ཕྲིན་ལས་ཡོལ་བ་མེད་པས་སྙིགས་དུས་གདུལ་བྱ་རང་རེའི་བགོ་སྐལ་དུ་ཤར་བ་ཡིན་ངེས་པའི་རྒྱུ་མཚན་ཤེས་པས། དྭངས་འདོད་ཡིད་ཆེས་ལྡོག་མེད་ཀྱི་དད་པ་བཞིའི་ཀུན་ནས་བསླངས་ཏེ་ལམ་འདིར་འཇུག་པར་བྱོས་ཤིག །བཞི་པ་ཉམས་དང་རྟོགས་པའི་རྩད་གདར་གཅོད་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ཕྱིར་སྐྱོན་ཡོན་ངོས་གཟུང་བ་ནི། བྱ་བྲལ་བའི་བསྡུས་དོན་ལས། ཨེ་མ་ཧོ། སྣང་ཞིང་སྲིད་པའི་ཆོས་རྣམས་ཐམས་ཅད་ཀུན། །སེམས་ཉིད་ཆོས་སྐུའི་ངོ་བོར་གནས་པ་དེ། །བློ་རབ་ཅིག་ཅར་རྟོགས་ནས་འབྲས་བུ་ཐོབ། །བློ་འབྲིང་རྟོགས་ཀྱང་མི་བརྟན་འཕེལ་འགྲིབ་ཆེ། །བློ་ཐ་དེ་ལྟར་མི་རྟོགས་རིམ་གྱིས་སྐྱེ། །ཞེས་གསུངས་པའི་དོན་རྒྱས་པར་བཤད་པ་ལ། ལས་དང་པོ་པས་དབེན་རིའམ་བསམ་གཏན་གྱི་ཁང་པར་བསམ་གཏན་གྱི་སྤྱོད་ལམ་སྤྱི་དང་མཐུན་པར་བྱས་ལ། ལུས་རྣམ་སྣང་གི་ཆོས་བདུན་ལྷོད་ཆགས་པར་བཅའ། རླུང་རོ་འབུད་ཅིང་བྱང་ཆུབ་སེམས་ཀྱི་ཀུན་སློང་བཟང་པོར་བཅོས། བླ་མ་ལ་སྙིང་ནས་དད་མོས་ཁྱད་པར་ཅན་དང་བཅས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་གནས་ལུགས་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ། ཕྱིན་ཅི་མ་ལོག་པའི་ལྟ་བ་རྒྱུད་ལ་མྱུར་དུ་སྐྱེ་བར་བྱིན་གྱིས་རློབས་ཤིག་ཅེས། ཁ་ཙམ་མིན་པས་བློ་སྙིང་བྲང་གསུམ་ལྟོས་མེད་ཀྱི་ངང་དུ་བླ་མའི་རྒྱང་འབོད་སྣང་བ་འགྱུར་ངེས་བྱས་ལ། བྱུང་གནས་འགྲོ་གསུམ་གཏན་ལ་ཕབས་ཟིན་པའི་བརྗོད་མེད་ཀྱི་ཤེས་པ་དེ་རང་བབ་བཅོས་མེད་བཞག །བློ་རབ་ཅིག་ཅར་པ་དང་པོ་ནས་ཞི་གནས་དྭངས་མའམ། ཞི་ལྷག་ཟུང་འཇུག་ལྷོད་འབོལ་ལེར་འབྱུང་བའང་ཡོད། འབྲིང་ཐོད་རྒལ་པ་ལ་དེ་ལྟར་རམ་མ་ངེས་པའི་ཚུལ་དུ་འབྱུང་། ཐ་མ་རིམ་གྱིས་པ་ལ་གོམས་ཤུགས་དང་བསྟུན་ཏེ་གདམ་ངག་རིམ་ཅན་དུ་མ་བསྟན་ན་ཉམས་དང་རྟོགས་པའི་དབྱེ་བ་སོ་སོར་འབྱེད་མི་ཤེས་ཤིང་གནས་ལུགས་ཀྱི་དོན་རྟོགས་དཀའ་བས་དེའི་ཕྱིར། ཡང་། གནས་པ་དང་པོ་རི་གཟར་འབབ་ཆུ་འདྲ། །བར་པ་ཆུ་ཀླུང་དལ་འབབ་ལྟ་བུ་སྟེ། །ཐ་མ་རྒྱ་མཚོ་རླུང་གིས་མ་བསྐྱོད་འདྲ། །བདེ་གསལ་མི་རྟོག་ཉམས་ཀྱི་སྣང་བ་ལ། །ཞེན་འཛིན་བརྒྱལ་འབོག་ཧོན་གསུམ་གནས་པའི་སྙིགས། །ཞེན་འཛིན་བརྒྱལ་འབོག་ཧོན་གསུམ་མེད་པ་རུ། །གསལ་དྭངས་སིང་ངེར་གནས་པ་སོ་མ་ཡིན། །འདི་ནས་བཟུང་སྟེ་སངས་རྒྱས་མ་ཐོབ་བར། །རླུང་སེམས་ལས་རུང་ནང་དུ་གནས་པ་ཡི། །རྟགས་དང་ཡོན་ཏན་མ་ངེས་སྣ་ཚོགས་འབྱུང་། །དེ་ལ་ཆགས་སྡང་བྱས་ན་བདུད་དུ་འགྱུར། །ཆགས་སྡང་མེད་པར་ལྟ་སྒོམ་ལམ་ཁྱེར་ནས། །རང་ཤར་རང་གྲོལ་བྱུང་རྒྱལ་ཉིད་དུ་སྐྱོངས། །ཞེས་པས། དང་པོ་སྔ་མའི་བརྗོད་མི་ཤེས་པའི་སེམས་དེ་ལས་གཞན་མེད་ཀྱང་། དེ་མ་ཡིན་པ་ཞིག་གཞན་ན་མངོན་སུམ་མྱོང་བྱ་ཅན་གྱི་སྒོམ་ཟེར་བ་ཞིག་ཡོད་དུ་རེ་ནས་སྡུག་རུས་བསྐྱེད་པས། ཅི་ཡང་མ་རྙེད་མ་མཐོང་བ་ལ་ཡིད་ཆད་དེ། སྒོམ་སྣ་སུན་བུད་པ་ཞེས་སྐྱུགས་བྲོ་བ་ལྟར་བསྐྱུར་ཉེན་ཡོད། མིན་ཡང་ཡུན་རིང་ཐུན་དུ་བཅད་དེ་བསྒོམས་པས་ཅི་ཡིན་འདི་ཡིན་མེད་པ། ས་སྲོས་ཁའི་སྣང་བ་ལྟ་བུ་དྲན་རྒྱུ་བསམ་རྒྱུ་གང་ཡང་མེད་པ་ཞིག་འོང་། དེ་ཁོ་ན་ལྟར་བསྒོམ་ན་བརྒྱལ་འབོག་ཧོན་གསུམ་གྱི་ཐ་སྙད། ཚོགས་དྲུག་གི་ཡུལ་འགགས་ནས་ཞེན་པ་ཕྲ་མོ་གཏིང་ནས་ཡོད་པ་ཞིག་བྱུང་དུས། ཞི་གནས་སྙིགས་མ་ཞེས་ཕལ་ཆེར་དུད་འགྲོ་འཕྱི་བ་སོགས་དགུན་ཟླ་གསུམ་ལ་གཉིད་དུ་འགྲོ་བ་གཏི་མུག་ཅན་གྱི་རྒྱུ་ཡིན། ཡང་ན་བདེ་གསལ་མི་རྟོག་པའི་ཉམས་དུམ་པ་རེ་སྐྱེ་བ་ལ་དེར་འཛིན་གྱི་ཞེན་པ་དམ་བྲིང་ངེ་བ། དེ་ལས་འདའ་མི་བྲ་བ་ལྟ་བུ་རང་མཐོང་གི་སྙེམས་དང་བཅས་པས་ནི་ལེགས་ན་སྙོམས་འཇུག་དགུར་གོལ། ཉེས་ན་དུད་འགྲོ་ཕག་སོགས་རྣམ་སྨིན་ཡིད་དུ་མི་འོང་བའི་རྒྱུ་ལས་གྲོལ་བར་དཀའ། ཐོད་རྒལ་བའི་ཉམས་འཕེལ་བ་མྱུར་ཡང་། རེས་བདེ་གསལ་མི་རྟོག་དུམ་བུ་དུམ་བུ་རེ་དང་། རེས་གློ་བུར་དུ་ཟས་ནོར་དང་བུད་མེད་ལ་སྲེད་པ། དགྲ་གཉེན་ལ་ཆགས་སྡང་། དོན་མེད་པར་རང་གིས་རང་ངམ་གཞན་ལ་ཚིག་པ་ཟ་བ། རེས་རྨི་ལམ་དང་ཉམས་ལ་ལེགས་ཉེས་ཅི་འོང་ཤེས་པ་རེ་བྱུང་བ་ལ་དགའ་ཞིང་རང་གི་ཡོན་ཏན་དུ་རློམ་ནས་ང་རྒྱལ། རེས་འགའ་སེམས་འཁྲུགས་ཤིང་བག་མི་ཕེབས། ལ་ལ་རྩེ་གཅིག་ཆུང་འབྲིང་ངམ། སྤྲོས་བྲལ་དེ་མཚུངས་དུས། རོ་གཅིག་གམ་སྒོམ་མེད་རྟོགས་པའང་ཡོད། ཅིག་ཅར་པ་དང་ཐོད་རྒལ་བ་ཡིན་རུང་བླ་མའི་གདམ་ངག་གིས་ཟིན་པ་གལ་ཆེ། ཡང་རེས་འགའ་ངའི་ལྟ་སྒོམ་འདི་རྟག་ཆད་དུ་སོང་ཡོད་དམ་སྙམ་པ་དང་། ཕྱལ་བ་དོན་མེད་དུ་སོང་གི་དོགས་པ་དང་། བྱིང་རྨུགས་སུ་སོང་བ་ཨི་ཡིན་སྙམ་པ་དང་། ང་ལ་སྒོམ་མེད་དོ་སྙམ་པ་སོགས་འབྱུང་བས་དེ་སྐབས་འདི་ལྟར་ངེས་ཤེས་བསྐྱེད། གསལ་སྟོང་དབྱེར་མེད་དུ་ཤེས་པས་ན་རྟག་ཆད་དུ་མི་འགྲོ །ཡིན་ལུགས་ཀྱི་ངང་ལ་དྲན་པ་ཟིན་ན་ཕྱལ་བར་མི་འགྲོ །ཞེན་མེད་ཀྱི་དངས་ཆ་མ་འགགས་ན་བྱིང་རྨུགས་སུ་མི་འགྲོ །མ་ཡེངས་ན་སྒོམ་མེད་པར་མི་འགྲོ་བས་དེ་ལྟར་ཤེས་པར་བྱ་དགོས་སོ། །གཞན་ཡང་བར་དུ་གཅོད་པ་བཅུ་དྲུག་ངོས་གཟུང་བ་ནི། ལེ་ལོ་ཆེ་བ། བྱ་བྱེད་མང་བ། སེམས་ཡུལ་ལ་ཡེངས་པ། ཡིན་མིན་གྱི་རྟོག་དཔྱོད་རགས་པ། རྣམ་རྟོག་གཅིག་ཏུ་དགག་པ། སྔ་ཕྱིའི་བསམ་པ་མང་པོའི་རྗེས་སུ་འབྲང་བ། སེམས་རྨུགས་པ། སེམས་མི་གནས་ཤིང་རྟོག་པ་སྤན་སྤུན་མང་བ། ཡོན་ཏན་བཟང་པོ་ཨི་ཐོབ་ལ་རེ་བ། རང་མ་ལེགས་ཀྱི་དོགས་པ། འདོད་ཆགས་ཆེ་བ། བརྩོན་འགྲུས་ཆུང་བ། གཉིད་ལ་དགའ་བ། ཁ་ཏོན་དང་ཡི་གེ་ཀློག་ལ་དགའ་བ། དཔེ་སྣ་མང་པོ་བྲི་བ་ལ་དགའ་བ། དོན་ཡོད་མེད་ཀྱི་ལོང་གཏམ་ལ་དགའ་བ་དེ་རྣམས་བསམ་གཏན་སྤྱིའི་བར་ཆད་ཡིན་ལ། ཁྱད་པར་དུ་རྩེ་གཅིག་གི་བར་ཆད་ཡིན་པས་སྤང་བ་གལ་ཆེའོ། །ཞེས་གསུངས་སོ། །སྤྱིར་སྒོམ་གྱི་ངོ་བོ་སོ་མ་མ་བཅོས་ལྷུག་པར་འཇོག་པ་གསུམ་ཡིན་ཏེ། དེ་ལ་ནོར་ས་ཤོར་ས་གོལ་ས་གསུམ་ཡོད་པས་དེ་སོ་སོར་བཤད་པ་ལ། དང་པོ་ནོར་ས་ནི། སེམས་ཀྱི་རང་བཞིན་གསལ་སྟོང་ཉམས་དང་ངེས་ཤེས་རགས་པ་འཛིན་པ་ཅན། །མཆན། ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ་རིག་པ་ཡུལ་མེད་རང་གསལ་སལ་ལེ་སང་ངེ་། ཡེ་རེ་བའི་ཤེས་པ་སོ་མ་མ་བཅོས་ལྷུག་པ་གསུམ་རྩེ་གཅིག་གི་དུས་སོ། །སེམས་ཀྱི་ངོ་བོ་ཉམས་ཀྱི་ངེས་ཤེས་རགས་པའི་ཕྲ་བ། མཆན། སྤྲོས་མཐའ་དང་བྲལ་བ་རང་རིག་ཡུལ་མེད་དུ་ཧྲིག་གེ་བའི་ཤེས་པ་སོ་མ་མ་བཅོས་ལྷུག་པ་གསུམ་ནི་སྤྲོས་བྲལ་གྱི་དུས་སོ། །སེམས་ཀྱི་མཚན་ཉམས་ཀྱི་ངེས་ཤེས་ཕྲ་བ། །མཆན། ཉིད་དུ་མ་རོ་གཅིག་ཏུ་རྟོགས་ཏེ། ཐ་མལ་གྱི་ཤེས་པ་སོ་མ་མ་བཅོས་ལྷུག་པ་གསུམ་ནི་རོ་གཅིག་གི་དུས་སོ། །སེམས་ཀྱི་གནས་ལུགས་ཉམས་ཀྱི་ངེས་ཤེས་ཕྲ་བའི་ཕྲ་བ་དང་ཡང་ཕྲ། །མཆན། ལྷུན་གྲུབ་མཉམ་པ་ཉིད་ཀྱི་དོན་རྟོགས་ཏེ། སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ཤེས་པ་སོ་མ་མ་བཅོས་ལྷུག་པ་ཁོར་ཡུག་ཏུ་སོང་བ་ནི་སྒོམ་མེད་ཀྱི་དུས་ཡིན་པས་ས་མཚམས་མ་ནོར་བ་གལ་ཆེ། རྩེ་གཅིག་གི་ཉམས་གསལ་སྟོང་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུའོ་སྙམ་པའི་ཉམས་ཀྱི་འཛིན་ཞེན་བཅས་ཅུང་ཟད་བརྟན་པ་ཐོབ་ཚེ། རེས་འགའ་ད་ནི་ཉིན་མཚན་ཁོར་ཡུག་ཏུ་སོང་འདུག་པས་སྒོམ་མེད་ཡིན་ནོ་སྙམ་པ་དང་། སྤྲོས་བྲལ་གྱི་དུས་སུ་སྤྲོས་མཐའ་ཐམས་ཅད་དང་བྲལ་བ་འདི་བསྒོམ་བྱ་སྒོམ་བྱེད་ཀྱི་མཚན་འཛིན་མེད་པ་ལ་དེར་འཛིན་གྱི་ངེས་ཤེས་སྐྱེ་སྟེ་སྒོམ་མེད་ཡིན་ནོ་སྙམ་པ་དང་། རོ་གཅིག་གི་དུས་ཐ་མལ་གྱི་ཤེས་པ་སོ་མ་རང་བྱུང་རང་གསལ་འདི་བསྒོམས་པས་འཕེལ་རྒྱུ་མེད། མ་བསྒོམ་པས་འགྲིབ་རྒྱུ་མི་འདུག་གོ་སྙམ་པའི་ངེས་ཤེས་སྐྱེ་སྟེ་སྒོམ་མེད་ཡིན་ནོ་སྙམ་པ་དང་། སྒོམ་མེད་མཚན་ཉིད་པ་རྣམས་ལའང་ནོར་ས་ཡོད་དེ། རྩེ་གཅིག་ཆུང་ངུ་ནས་རགས་ཆོད་ཀྱི་འགོ་ཟིན་ཀྱང་། ས་བཅུའི་རྒྱུན་མཐའ་མན་ཆོད་ཀྱི་སྤང་བྱ་ཕྲ་རགས་རྣམས་རིམ་པར་སློངས་ཤིང་ཆོད་དགོས་པ་ལ། འོག་མ་འོག་མའི་རགས་ཆོད་དང་། གོང་མ་གོང་མའི་མཉམ་གཞག་གི་སྟེང་དུ་ཕྲ་བའི་ཕྲ་བ་ཡང་ཕྲ་རྣམས་ཆོད་དགོས་པ་གཉིས་འདྲ་ནོར། རྟོག་པ་གང་ཤར་གྱི་ངོ་བོར་བལྟས་པས་རང་ཞིར་འགྲོ་བ་ཉམས་ཡིན་པ་དང་། རྣམ་རྟོག་སྐད་ཅིག་མ་དེ་དྲན་པས་ཅུང་ཟིན་ཙ་ན་བློ་འདས་སུ་ཤར་བ་གཉིས་འདྲ་ནོར། རྣམ་རྟོག་སྤྲོས་བྲལ་དུ་གོ་བས་གོ་མཁན་ཡུལ་མེད་དེར་འཛིན་པ་དང་། སྐད་ཅིག་མའི་ངོ་བོར་རང་གསལ་དུ་ཤར་ཏེ་འཁོར་འདས་ཀྱི་བློ་ཡུལ་ཟད་པ་གཉིས་འདྲ་ནོར། དུ་མར་སྣང་བའི་ཆོས་ཐམས་ཅད་སེམས་གསལ་སྟོང་ཉམས་ཀྱི་ངོ་བོར་རོ་གཅིག་པ་དང་། སེམས་ཉིད་ཆོས་སྐུའི་ངོ་བོར་ཡེ་ནས་རོ་གཅིག་པར་རྟོགས་པ་གཉིས་འདྲ་ནོར། དེ་ལྟར་ནོར་ས་དང་། ཡང་ཐ་མལ་གྱི་ཤེས་པ་ཟེར་བ་ལའང་གསུམ་སྟེ། འཁྲུལ་རྟོག་ཐ་མལ་གྱི་ཤེས་པ། ཉམས་ཀྱི་ཐ་མལ་གྱི་ཤེས་པ། རྟོགས་པའི་ཐ་མལ་གྱི་ཤེས་པའོ། །དང་པོ་ནི་འཁྲུལ་རྟོག་ཐ་མལ་པའི་རྣམ་ཤེས་རང་ཁ་མ་འདི་ཡིན། གཉིས་པ་རྟོག་པ་གང་ཤར་དྲན་པས་ཟིན་མ་ཐག །དྲན་པ་དང་རྟོག་པ་གཉིས་ཀ་དག་ནས་མ་བཅོས་ཐ་མལ་གྱི་ཤེས་པ་ཡུལ་མེད་རང་གསལ་དུ་འགྲོ་བ་དེའོ། །གསུམ་པ་སེམས་ཉིད་གནས་ལུགས་ཀྱི་དོན་གདོད་མ་ནས་བྱ་རྩོལ་ལས་འདས་པའི་ཐ་མལ་གྱི་ཤེས་པ་སོ་མ་དྲན་པས་ཆེད་འཛིན་མི་དགོས་པའོ། །དེ་ལ་སྤྲོས་བྲལ་ནི་སེམས་ཉིད་གནས་ལུགས་ཀྱི་སྟོང་ཆའི་དོན་དམ་བདེན་པ་རྟོགས་པའི་ཐ་མལ་གྱི་ཤེས་པ་ཡིན། འཁྲུལ་རྟོག་གི་ཐ་མལ་གྱི་ཤེས་པ་སོ་མ་དེ་སྒོམ་དུ་མི་ཤར། རོ་གཅིག་ནི་སྣང་སྟོང་དབྱེར་མེད་བདེན་གཉིས་དབྱེར་མེད་ཀྱི་དོན་ཅི་བཞིན་པ་རྟོགས་པའི་ཐ་མལ་གྱི་ཤེས་པ་སོ་མ་དེ་སྒོམ་དུ་ཤར་བའོ། །འདི་རྣམས་ཕལ་ཆེར་གྱིས་ནོར་འདུག་པས་མ་ནོར་བ་གལ་ཆེ་གསུངས་འདུག །ཡང་གོ་མྱོང་རྟོགས་པ་གསུམ་ཀའི་ངོ་བོ་ནི་སེམས་ཉིད་གནས་ལུགས་ཀྱི་དོན་ཡིན་ལ། དེ་ལ་སྤྲོས་བྲལ་གྱི་ངོ་བོ་དང་རོ་གཅིག་གི་ངོ་བོ་གང་ཡིན་ཡང་། སྤྱི་མཚན་མ་ནོར་བར་ཅི་ལྟ་བ་བཞིན་དུ་བློ་ཡུལ་དུ་གོ་བ་ནི་གོ་བ། རང་མཚན་མངོན་སུམ་དུ་མྱོང་བ་ནི་མྱོང་བ། མྱོང་ཞེན་ཉམས་ཀྱི་དྲི་མ་དང་། ངེས་ཤེས་ཡུལ་འཛིན་གྱི་དྲི་མ་དག་ནས་རང་མཚན་མ་གྲུབ་པ་མངོན་སུམ་དུ་རྟོགས་པ་ནི་རྟོགས་པའོ། །ཡང་ཤེས་བྱ་ཤེས་བྱེད་ཀྱིས་གོ་བ་ནི་གོ་བ། ཤེས་བྱ་ཤེས་བྱེད་ཀྱིས་མངོན་སུམ་དུ་ཉམས་སུ་མྱོང་བ་ནི་མྱོང་བ། མྱོང་ཞེན་དག་ནས་ཤེས་བྱེད་དང་ཤེས་བྱའི་དངོས་པོར་ཤར་བ་ནི་རྟོགས་པའོ། །ཡང་ཤེས་བྱ་ཤེས་བྱེད་གཉིས་མེད་དུ་གོ་བ་ནི་གོ་བ། གཉིས་མེད་མངོན་སུམ་དུ་མྱོང་བ་ནི་མྱོང་བ། མྱོང་ཞེན་དག་ནས་གཉིས་མེད་རང་རྐང་དུ་སོང་བ་ནི་རྟོགས་པའོ། །འདི་རྣམས་ལ་ནོར་ས་ཆེན་པོ་ཡོད། དེ་མི་ནོར་བའི་རྟགས་ལ། གོ་བ་ཡིན་པའི་རྟགས་སུ་ཉམས་ལེན་གཏན་ལ་དབབ་དཀའ། རྐྱེན་མི་ཐུབ། མྱོང་བ་ཡིན་པའི་རྟགས་སུ་ཉམས་ལེན་ལ་འཕེལ་འགྲིབ་ཡོད། རྟོགས་པ་ཡིན་པའི་རྟགས་སུ་འཕེལ་འགྲིབ་མེད་པའོ། །ཐོད་རྒལ་བའི་རྟོགས་པ་ལ་ཕྱོགས་གཅིག་ངེས་པ་མེད་པ་གོང་སྨོས་ལྟར་རོ། །འདྲ་ནོར་དེ་རྣམས་རང་གི་ཤེས་རབ་དང་། དེ་དག་མ་ནོར་བའི་བླ་མ་ཉམས་མྱོང་གི་སྤྱན་དང་ལྡན་པའི་ཞལ་ལས་ཤེས་དགོས་སོ། །ཉམས་མྱོང་མེད་པ་གོ་བ་ཙམ་ཡོད་པའི་བླ་མས་ངོ་སྤྲད་ཉེས་ཀྱིས་ནོར་བའང་ཡོད། རྟོགས་པ་རྒྱུད་ལ་སྐྱེས་ཀྱང་ངོ་མ་སྤྲད་ན་ཉམས་ཀྱི་ཐོག་ཏུ་ལུས་ཉེན་ཡང་ཡོད། ངོ་སྤྲད་སྔ་བས་གོ་ཡུལ་དུ་འགྲོ་བ་སོགས་བླ་སློབ་འཛོལ་ནས་ནོར་བའང་ཡོད། རང་གི་ཤེས་རབ་འཆལ་ནས་ནོར་བའང་ཡོད། གར་ལྟར་ལྟ་སྒོམ་སྤྱོད་གསུམ་ཀུན་ལ་ནོར་ས་ཆེན་པོ་ཡོད་པས་མ་ནོར་བ་ཞིག་དགོས་སོ། །གཉིས་པ་ཤོར་ས་ནི། སྟོང་ཉིད་ཤེས་བྱའི་གཤིས་ལ་ཤོར་བ་དང་། ལམ་དུ་ཤོར་བ། གཉེན་པོར་ཤོར་བ། རྒྱས་འདེབས་སུ་ཤོར་བ་དང་བཞིའོ། །དེ་རེ་རེ་ལའང་ཡེ་ཤོར་འཕྲལ་ཤོར་གཉིས་རེ་སྟེ་བརྒྱད་དོ། །དེའང་ཡེ་ཤོར་བཞི་ནི་དོན་སྤྱི་ནོར་བ། འཕྲལ་ཤོར་བཞི་ནི་ཉམས་མྱོང་གི་ལག་ལེན་འཁྲུལ་པའོ། །དང་པོ་ཡེ་ཤོར་བཞིའི་གཤིས་ཤོར་ནི། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ་བའི་དོན་མ་གོ་བར། ཕྱི་ནང་གི་ཆོས་ཐམས་ཅད་གདོད་ནས་ཡོད་མ་མྱོང་སྙམ་པའི་སྟོང་པ་ཕྱོགས་གཅིག་པ་ལ་ཞེན་པའོ། །ལམ་ཤོར་ནི་ད་ལྟ་ལམ་ཏིང་ངེ་འཛིན་བསྒོམ་པའི་དུས་ནས་སྐུ་གསུམ་ལམ་སྣང་རྒྱུ་འབྲས་དབྱེར་མེད་ཡིན་པའི་དོན་མ་གོ །ནམ་ཞིག་འབྲས་བུ་སྐུ་གསུམ་ཐོབ་འདོད་ཀྱི་རེ་བའོ། །གཉེན་པོར་ཤོར་བ་ནི་དཔེར་ན་སྤང་བླང་རང་གྲོལ་གྱི་ལམ་ཁྱེར་མ་ཤེས་པས། རྟོག་པའི་གཉེན་པོར་མི་རྟོག་པ་བསྒོམ་པའི་གཉིས་འཛིན་ནོ། །རྒྱས་འདེབས་སུ་ཤོར་བ་ནི་དཔེར་ན་བསྔོ་བའམ་སྦྱིན་པ་ལ་སོགས་པའི་དུས་ཐབས་ཤེས་དབྱེར་མེད་ཀྱི་དོན་མ་གོ་བར། དམིགས་བཅས་ཐབས་ཀྱི་ཆ་དམིགས་མེད་སྟོང་པ་ཤེས་རབ་ཀྱི་རྒྱས་འདེབས་པའོ། །གཉིས་པ་འཕྲལ་ཤོར་བཞིའི་གཤིས་ཤོར་ནི། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་རང་གི་བློ་ཡུལ་དུ་གོ་ཞིང་། གཞན་ལའང་བཤད་ཤེས་རུང་དོན་ཇི་བཞིན་གནད་དུ་དབབ་མ་ཤེས་པའོ། །ལམ་ཤོར་ནི་རྟོགས་པ་ཐ་མལ་གྱི་ཤེས་པ་སོ་མ་དེས་སྙིང་མ་ཚིམ་པར། ཕྱག་ཆེན་པས་གཉུག་མ་ལྷན་སྐྱེས་ཡེ་ཤེས་ཉེ་དྲགས་པས་ངོ་མ་ཤེས་སླ་དྲགས་པས་ཡིད་མ་ཚིམ་གསུངས་པ་ལྟར་སྒོམ་གྱི་ལྷན་པ་ཡང་ཡང་བཏབ་ཅིང་བསྒོམ་པའོ། །གཉེན་པོར་ཤོར་བ་ནི་རང་བྱུང་རང་ཤར་རང་གྲོལ་གྱི་གནད་མ་གོ །རྣམ་རྟོག་འཇུར་དྲན་གྱིས་བཅིངས་ནས་བསྒོམ་པའོ། །རྒྱས་འདེབས་སུ་ཤོར་བ་ནི་གོ་མྱོང་གི་ཉམས་དང་རྟོགས་པ་རེ་འགའ་བས་ང་རྒྱལ་ཏེ། ཆོས་ཐམས་ཅད་སེམས་ཡིན་ནོ། །སྟོང་པ་ཡིན་ནོ། །ཟུང་འཇུག་ཡིན་ནོ། །ཆོས་སྐུ་ཡིན་ནོ། །དགེ་སྡིག་མེད་དོ་སྙམས་ཏེ་བློས་ཕར་ལ་རྒྱས་འདེབས་ཤིང་བསྒོམ་པའོ། །འདི་དག་གོ་ལོ་ཐོས་ལོ་ཙམ་གྱིས་རང་མགོ་མི་གཡོག་པར་མཚན་ལྡན་བླ་མའི་གདམ་པ་ཟབ་མོ་དང་། རང་གི་དད་བརྩོན་མོས་གུས་ཀྱི་ཉེར་ལེན་འཛོམ་པར་བྱས་ནས་ཤན་འབྱེད་པ་གལ་ཆེའོ། །གསུམ་པ་གོལ་ས་ལ་གསུམ། བདེ་གསལ་མི་རྟོག་གསུམ་གོལ་ས་དང་གོལ་ས་མ་ཡིན་པའི་དབྱེ་བ་ནི། ཞི་གནས་ཀྱི་དང་། ཉམས་ཀྱི་དང་། རྟོགས་པའི་དང་། ཞེན་བཅས་ཀྱི་དང་། ཞེན་མེད་ཀྱི་བདེ་གསལ་མི་རྟོག་པའོ། །དེ་ལའང་རྟོགས་པའི་དང་། ཞེན་མེད་ཀྱི་བདེ་གསལ་མི་རྟོག་ནི། སྐུ་གསུམ་མངོན་དུ་བྱེད་པའི་ཕྱིར་རོ། །ཞི་གནས་དང་། ཉམས་དང་། ཞེན་བཅས་རྣམས་སུ་གོལ་ན་སྙོམས་འཇུག་དགུ་སྟེ། དེའང་བསམ་གཏན་བཞི་དང་། སྐྱེ་མཆེད་མུ་བཞིའི་སྙོམས་འཇུག་གི་སྟེང་དུ་འགོག་པའི་སྙོམས་འཇུག་བསྣན་པས་དགུའོ། །ཞི་གནས་བདེ་གསལ་མི་རྟོག་ལ་ཞེན་ན་བསམ་གཏན་བདེ་བའི་རོ་མྱོང་ཞེས་ང་རྒྱལ་མཆོག་འཛིན་གྱི་ངང་དུ་རྟོགས་པ་དེ་ལས་ལྡང་མི་བྲ་བ་ལྟ་བུ་ད་ནི་འདི་ལས་སུ་ལ་ཡང་དྲི་རྒྱུ་མེད་འཕགས་པའི་ས་ཐོབ་པ་ཡིན་སྙམ་པ་འབྱུང་ངོ་། །ཉམས་ཀྱི་གསུམ་ནི་ངེས་ཤེས་ཀྱི་ཞེན་པ་ཆེར་ཡོད་པའི་རེས་འགའ་བའོ། །ཡང་བྱིང་རྒོད་ལ་སོགས་པ་གསུམ་ཚན་བཞི་སྟེ། བྱིང་རྨུགས་འཐིབ་གསུམ། རྒོད་འཐོར་འགྱོད་གསུམ། ཆགས་ཞེན་འཛིན་གསུམ། འོག་འགྱུ་རང་ཁ་ལུང་མ་བསྟན་དང་གསུམ་མོ། །དང་པོ་བྱིང་བ་ནི། ཁམས་རྙོག་ག་བས་ཤེས་པ་དྭངས་མ་ཐོན་པ། རྨུགས་པ་ནི་དེ་བས་ཤེས་པའི་གསལ་ཆ་ཇེ་འགྲིབ་ཏུ་སོང་བ། འཐིབས་པ་ནི་སྣང་ཡུལ་དང་ཤེས་པ་ཐམས་ཅད་མུན་ནེར་སོང་བའོ། །དེ་ལའང་གནས། དུས། གྲོགས། ཟས། འདུག་སྟངས། སྒོམ་གྱིས་བྱིང་བ་དང་དྲུག་ཡོད། གནས་ནི་ཡུལ་དགོན་ཉམས་གྲིབ་ཅན་གྱི་རྐྱེན་གྱིས་བྱིངས་ན་ཁྲུས་དང་གྲིབ་བསང་བྱ། གྲིབ་ཅན་གྱི་གནས་ལ་འཛེམ། དུས་ནི་དབྱར་དང་དཔྱིད་འབྱུང་ཁམས་ཀྱིས་བྱིངས་ན་མཐོ་ས་དང་བསིལ་སར་བསྒོམ། གྲོགས་ཉམས་གྲིབ་ཅན་གྱི་རྐྱེན་གྱིས་བྱིངས་ན་སྨེ་བརྩེགས་རྣམ་འཇོམས་སོགས་ཀྱི་ཁྲུས་དང་། རྩ་གསུམ་གྱི་སྐོང་བཤགས་དང་མེ་མཆོད་བྱ། ཟས་ཀྱིས་འགྲངས་ཆེ་བ་དང་། བཅུད་ཅན་གྱི་བཟའ་བཏུང་གིས་བྱིངས་པ་ལ་ཟས་རན་ཚོད་ཙམ་ལས་བག་མེད་དུ་མི་ཟ། བཅུད་ཅན་ཡང་མང་པོ་བཟའ་བཏུང་མི་བྱ། འདུག་སྟངས་ཀྱིས་བྱིངས་པ་ནི་ཉལ་བ་དང་། སྔས་པ་དང་། ལུས་གནད་ལྷོད་ཆེ་བའི་རྐྱེན་ཡིན་པས་ལྟ་སྟངས་བསྟོད། རྣམ་སྣང་གི་ཆོས་བདུན་སོགས་བྱས་ལ་བསྒོམ་མོ། །སྒོམ་གྱིས་བྱིངས་པ་ནི་དྲན་པས་བཟུང་ཆེ་བའི་སྡུག་རུས་ཀྱི་རྐྱེན་ཡིན་པས་ཤེས་པ་ཧུར་བཏོན། སྣང་བ་གཟེངས་བསྟོད་པ་སོགས་ཁམས་བསངས་ཤིང་བསྒོམ་པ་གལ་ཆེའོ། །གཉིས་པ་རྒོད་འཐོར་འགྱོད་གསུམ་སྟེ། རྒོད་པ་ནི། སྔར་སོང་གི་བྱ་བ་སྣ་ཚོགས་དྲན་ནས་ཆགས་སྡང་གི་རྟོག་པ་རགས་པ་སྔ་མའི་རྗེས་གཅོད། ཕྱི་མའི་མདུན་བསུ། བདེ་སྡུག་གི་ཚོར་བས་སྙིང་མི་བདེ་བ་ལྟ་བུའོ། །འཐོར་བ་ནི། རྟོག་པ་སྔ་མའི་འཕྲོ་མཐུད་དེ་མ་འོངས་པ་ཚེ་འདི་སྣང་གི་བྱ་བ་འདི་བྱ་འདི་བྱེད་སོགས་རེ་བའམ་དོགས་པའི་ཉེར་ལེན་ཤུགས་ཆེ་བའོ། །འགྱོད་པ་ནི། ད་འཁྲུལ་མི་ཉན་སྙམ་སྟེ་འགྱོད་ནས་འཇུར་དྲན་བྱས་ན་སླར་ཡང་ཇེ་རྒོད་དུ་འགྲོ་བའོ། །གནས་ཀྱི་ཁྱད་པར་ཡང་ཡོད་པས་འདུག་སའི་མཐོ་དམན་སོགས་སྤང་བླང་བྱ། གསུམ་པ་ཆགས་ཞེན་འཛིན་གསུམ་གྱི། ཆགས་པ་ནི། ཏིང་ངེ་འཛིན་བདེ་གསལ་ལ་ཆགས་པའོ། །ཞེན་པ་ནི། གླ་རྩི་དང་སྒོག་སྐྱའི་དྲི་སྣོད་ལ་ཆགས་པའི་དཔེས་ཏིང་ངེ་འཛིན་གྱི་རོ་ལ་ཆགས་པའོ། །འཛིན་པ་ནི། ལམ་གོང་མའི་ཡོན་ཏན་མ་ཤེས་པས་རང་ལ་ཡོན་ཏན་ཕྲ་མོ་རེ་ཡོད་པ་ལ་མཆོག་ཏུ་འཛིན་པའོ། །དེ་གསུམ་ཀ་ཕྱོགས་མཐུན་ཏེ་བླ་མའི་ཁྱད་པར་གྱིས་ཞེན་པ་དང་། རང་གི་ཤེས་རབ་ཀྱིས་མ་འབྱེད་པས་ཞེན་པ་ཡོང་གསུངས། དང་པོའི་རྐྱེན་གྱིས་ཞེན་ན་མཁས་པའམ་ཉམས་མྱོང་ཅན་བཙལ་ཏེ་བསྟེན་པར་བྱའོ། །གཉིས་པས་ཞེན་ན་རང་སྐྱོན་ངོས་འཛིན་ཅིང་གོང་མའི་རྣམ་ཐར་སོགས་ལ་བལྟའོ། །བཞི་པ་འོག་འགྱུ་རང་ཁ་ལུང་མ་བསྟན་གསུམ་གྱི། འོག་འགྱུ་ནི། ཕུབ་མའི་ཞབས་སུ་ཆུ་འགྲོ་བ་མ་མཐོང་བ་ལྟར་རང་མཉམ་བཞག་ཡིན་བློ་སྙམ་ཡང་རྟོག་པ་འོག་འགྱུ་རུ་སོང་བ་མ་ཚོར་བའོ། །རང་ཁ་ནི། ཐ་མལ་པ་ལྟ་བུར་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་དྲན་ཤེས་ཀྱིས་མ་ཟིན་པར་བག་མེད་རང་ཁ་མར་སོང་བའོ། །ལུང་མ་བསྟན་ནི། བཟང་ངན་གྱི་རྟོག་པ་གང་ཡང་མེད་པའི་ཐོམ་ཡོར་རེ་སོང་བའོ། །དེ་གསུམ་གང་ལའང་ཐུན་ཐུང་ངུར་བཅད་དྲན་པས་བསླངས་ཏེ་བསྒོམ་པའོ། །སྐྱོན་དེ་རྣམས་སྤང་བ་ལ་ལུས་སེམས་བཙའ་བ་གལ་ཆེ་གསུངས། ལུས་ཀྱིས་འགྲོ་འདུག་དང་། མཆོང་རྒྱུག་དང་། ལས་ཀ་དྲག་པོ་ལ་སོགས་པས་ལུས་ངལ་ཞིང་དུབ་པ་བྱིང་རྨུགས་ཀྱི་རྒྱུ་ཡིན་པས་དྲག་ཤུལ་གྱི་ལས་མི་བྱ། ལྟད་མོ་བལྟ་འདོད་དང་ངག་ཀྱལ་གྱི་གཏམ་སོགས་རྣམ་པར་གཡེང་བ་ལ་དགའ་བ་སོགས་ཚེ་འདིའི་བྱ་བ་གང་ཡིན་གྱི་ཕྱི་ནང་གི་གཡེང་བ་ཐམས་ཅད་ནི་རྒོད་འཐོར་གྱི་རྒྱུ་ཡིན་པས་སྤང་། ལུས་ཀྱི་འབྱུང་བ་མི་སྙོམས་ན་སོ་སོའི་བཅོས་ཐབས་བྱ། སེམས་ཀྱི་བཙའ་ཐབས་དྲུག་ནི། གསང་སྔགས་ཀྱི་དམ་ཚིག་སྤྱི་དང་། ཁྱད་པར་བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་མ་ཉམས་པར་བསྲུང་བ་དང་གཅིག །ལས་དང་པོ་པས་རང་གི་ཉམས་ལེན་ལ་རེ་དོགས་རྟོག་དཔྱོད་མི་བྱ་བར་བླ་མའི་དྲུང་དུ་ཕུ་ཐག་བཅད་པ་དང་གཉིས། ཐུན་ཚོད་རན་པར་བྱ་བ་དང་གསུམ། གཉིས་འཛིན་རྩད་ནས་མ་ཆོད་ཀྱི་བར་དུ་གཡེང་བ་སྤངས་ནས་དབེན་ས་བརྟེན་ཅིང་དགེ་སྦྱོར་ལ་བརྩོན་པ་དང་བཞི། ཡོན་ཏན་ཆེན་པོ་ཐོབ་ཀྱང་ང་རྒྱལ་སྤངས་ཤིང་དམན་ས་འཛིན་པ་དང་ལྔ། བླ་མས་གནང་བའི་མན་ངག་དང་། རང་ལ་ཉམས་རྟོགས་བཟང་པོ་ཡོད་པ་རྣམས་ཤིན་ཏུ་གསང་བ་དང་དྲུག་གི་སྒོ་ནས་བཙའ་བར་བྱའོ། །དེ་དྲུག་ལས་ལྡོག་ན་གནས་སྐབས་སུ་དགེ་སྦྱོར་གྱི་བར་ཆད་གློ་བུར་དུ་འོང་བ་སོགས་སྐྱོན་ཤིན་ཏུ་ཆེ་བས་སྤང་བླང་ཤེས་པས་ཉམས་སུ་ལེན་ནོ། །དེ་ལྟར་ཉམས་སུ་བླངས་པས་ཏིང་ངེ་འཛིན་མ་སྐྱེས་པ་སྐྱེ། སྐྱེས་པ་གོང་ནས་གོང་དུ་འཕེལ་ཞིང་མཐར་ཕྱིན་པར་འགྱུར་རོ། །དེ་བཞིན་དུ་ལུས་ངག་ཡིད་གསུམ་གཅིག་དྲིལ་དུ་བསྒོམ་པ་རྣམས་ལ་འབྱུང་བ་ལྔའི་རླུང་རེ་རེ་ཟིན་པའི་རྟགས་བཞི་བཞི། སྣང་ཉམས། སེམས་ཉམས། ལུས་ཉམས། རྨི་ཉམས་སོགས་སྣ་ཚོགས་འབྱུང་ཡང་། གང་ལའང་ཞེན་ཅིང་ཡོན་ཏན་དུ་མི་རློམ། ཞེན་ཅིང་རློམས་ན་མཐུན་རྐྱེན་ཐམས་ཅད་འགལ་རྐྱེན་ཡོན་ཏན་ཐམས་ཅད་སྐྱོན་དུ་སོང་ནས། མཆོག་ཐུན་མོང་གི་དངོས་གྲུབ་ཀྱང་ཡིན་རློམ་བཟང་ཞེན་གྱི་གེགས་དང་བར་ཆད་དུ་འགྲོ་བར་གསུངས་པས། ལམ་དུ་ཁྱེར་ཚུལ་ནི། བཟང་ངན་གང་ཤར་ཐམས་ཅད་ཉམས་ཡིན་པར་ཤེས་པས་ངོས་བཟུང་། གང་ཡང་རྩིས་མེད་བདག་མེད་དུ་བཞག་ནས་ལམ་དུ་ཁྱེར་ཞིང་སྐྱོང་ཤེས་ན་གོང་གི་སྐྱོན་ལས་ལྡོག་སྟེ། མཆོག་ཐུན་མོང་གི་དངོས་གྲུབ་རྩོལ་མེད་དུ་འབྱུང་བར་ཐེ་ཚོམ་མེད་དོ། །དེ་ལྟ་བུའི་ཉམས་རྟགས་འགའ་ཞིག་ལ་འོག་མ་རྣམས་ལས་གོང་མ་རྣམས་ལ་མི་འོང་། འགའ་ཞིག་ལ་འོག་མ་རྣམས་ལ་མི་འོང་ཡང་གོང་མ་རྣམས་ལ་འབྱུང་། དེ་ལྟར་འོག་མའི་དུས་ཕྲ་མོ་འབྱུང་ཞིང་གོང་མ་རྣམས་ལ་ཇེ་ཆེར་འགྲོ་བ་སོགས་ཉམས་གཅིག་ཏུ་མི་ངེས་པ་འབྱུང་ངོ་། །དེ་དག་ཕལ་ཆེར་འཕེལ་འགྲིབ་ཉམས་ཀྱི་རྟགས་དང་། བར་ཆད་བདུད་རྟགས་འདྲེས་མར་འབྱུང་བ་ཡིན་པས་བླ་མའི་མན་ངག་ལྟར་ལམ་ཁྱེར་ཤིན་ཏུ་གལ་ཆེའོ། །ལམ་ཇི་བཞིན་པར་ཉམས་སུ་བླངས་ཤིང་ཞི་གནས་དྭངས་མར་གོམས་པའི་ཉམས་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུའམ། ཐུན་མོང་ཞི་ལྷག་བཟང་པོ་རྒྱུད་ལ་སྐྱེ་བའི་ཏིང་ངེ་འཛིན་བསྒོམ་པ་དག་ལ་ས་མཚམས་ཀྱི་ཡོན་ཏན་ནི། རྙེད་པ། བཀུར་སྟི། གྲགས་པ། སྙན་པ་བཞི་ལ་སྔར་བས་ཀྱང་དགའ་ཞིང་ཆགས་ཏེ་དོན་དུ་གཉེར་བ་དང་དེའི་ལྡོག་ཕྱོགས་བཞི་ལ་མི་དགའ་ཞིང་སྤང་བློ་ལྟ་བུ་སྐྱེ་ཡང་མིན་ཏེ་སྤང་བྱ་ངོས་ཟིན་པ་ཡིན་ལ། འཇིག་རྟེན་ཆོས་བརྒྱད་པོ་འདི་དང་པོ་ནས་རོ་སྙོམས་དཀའ་བས་སྐྱོན་ངོས་ཟིན་ནས་རིམ་གྱིས་བྲི་ཞིང་སྔར་དང་མི་འདྲ་བའི་སྤང་བླང་རེ་དོགས་དགའ་སྡུག་གི་རྟོག་པ་ཇེ་ཉུང་དུ་སོང་ནས། གཞན་ཆོས་བརྒྱད་དོན་གཉེར་ཆེ་བ་མཐོང་ཐོས་རྣམས་ལ་སྙིང་རྗེ་ཤུགས་ཀྱིས་སྐྱེ་ཞིང་། བླ་མ་དང་གདམ་ངག་གི་ཕྱོགས་སུ་ལུས་སྲོག་ཕངས་པ་མེད་ཅིང་། ཆོས་དང་བླ་མ་འདི་ལྟ་བུར་འཕྲད་པའི་སྐལ་པ་བཟང་པོའི་གནས་སྐབས་རྨི་ལམ་ཡིན་ནམ་དངོས་སུ་ཡིན་སྙམ་པ་སོགས། སྤྲོ་སེམས་དང་ལྡན་པས་བརྩོན་འགྲུས་གོང་འཕེལ་དང་། བླ་མ་སངས་རྒྱས་དངོས་སུ་ཤེས་པས་མི་ལྡོག་པའི་དད་པ་ཐོབ། ཡོན་ཏན་དང་བཀའ་དྲིན་དྲན་པས་ཞབས་ཏོག་རྣམ་པ་གསུམ་གོང་འཕེལ་དང་། ཉམས་སྣང་དང་རྐྱེན་བཟང་ངན་ཐམས་ཅད་ལམ་དུ་ཁྱེར་ཤེས་ཤིང་། ཕལ་ཆེར་ལམ་དུ་སློང་ནས་རོ་སྙོམ་ནུས་པ། སྤྱིར་འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་པ་རྨི་ལམ་ལྟར་ཡིན་པའི་དོན་ཁོང་དུ་ཆུད། རང་ཡང་ནམ་འཆི་ཆ་མེད་ན་བུན་ལས་ཡུན་ཐུང་བའི་མི་རྟག་པ་གཏིང་ནས་སྐྱེ་ཞིང་བློ་སྣ་ཇེ་ཐུང་དུ་སོང་ནས་ལས་རྒྱུ་འབྲས་ལ་ཡིད་ཇེ་ཆེས་སོང་བས་སྤང་བླང་གི་གནས་ལ་ཤི་ཡང་འགྱོད་པ་མེད་པའི་གདིང་ཐོབ། གཞན་རྒྱུད་བདེ་སྡུག་གི་འདམ་ཁ་ནོར་ཞིང་། རྒྱུ་འབྲས་སྤང་བླང་མི་ཤེས་པའི་སེམས་ཅན་མཐོང་ཐོས་གང་ལ་དགྲ་གཉེན་ཆགས་སྡང་མེད་པའི་བྱམས་སྙིང་རྗེ་རྒྱུན་ཆགས་སུ་འབྱུང་བ་དང་། དངོས་སུ་ལུས་ཡང་བ། སེམས་བདེ་སྡུག་ཤོངས་ཆེ་བ། ཤིག་སོགས་ལུས་ཀྱི་སྲིན་བུ་ཉུང་བ། ཆགས་སྡང་ཆེ་བའི་གྲོང་ཡུལ་དགྲ་ལྟར་མཐོང་ཞིང་གནས་ཕྱོགས་མེད་འགྲིམ་པ་ལ་དགའ་བའམ། ཡང་ན་ཆགས་སྡང་སོགས་མི་མཐུན་པའི་གནས་སུ་སྡོད་ནའང་གཟེ་རེ་མེད་པ། སྣང་བ་སྒྱུ་མ་རྨི་ལམ་ཆུ་ཟླ་ལྟ་བུ་རུ་ཤེས་ཤིང་འཇིག་རྟེན་ཆོས་བརྒྱད་ལས་ལྡོག་པ་ནི་ལྟ་ཕྱོགས་སུ་སྤྱོད་པ་མ་ཤོར་བའི་ལམ་རྟགས་ཡིན། དེ་དུས་རང་རྒྱུད་ཐ་མལ་པའི་ལྟ་སྤྱོད་ཀྱི་སྤང་བླང་རེ་དོགས་རྣམས་ལས་གྲོལ་ཀྱང་། རང་མཐོང་གི་རྩིང་སྤྱོད་སོགས་ལ་མི་ཤོར་བ་གལ་ཆེ་བ་ཡིན་ནོ། །འདི་སྐབས་དག་སྣང་ཕྱོགས་མེད་དུ་ཤར་ནས་སྔོན་བྱོན་གོང་མའི་རྣམ་ཐར་དང་། གཞན་ཡོན་ཏན་ཅན་རྣམས་ཀྱི་མཛད་པ་ལ་སྙིང་ནས་རྗེས་སུ་ཡི་རང་ཞིང་། རང་ངོས་ནས་དམན་ས་རང་ཤུགས་ཀྱིས་འཛིན་ཞིང་གང་སྣང་ལམ་དུ་ཁྱེར་ཤེས་ཀྱང་། ཡང་ནས་ཡང་དུ་དེ་ལྟར་ལམ་ཁྱེར་ལ་འབད་དགོས། མདོར་ན་སྔར་གྱི་རང་གཤིས་ཀྱི་སྐྱོན་ཐམས་ཅད་རིམ་གྱིས་དག་ནས། ཡོན་ཏན་གོང་འཕེལ་བྱ་བྱེད་ཐམས་ཅད་བླ་མ་དང་གདམ་ངག་དྲན་རྒྱུ་ཁོ་ན་ལས་མེད་པ་ཞིག་འབྱུང་དུས། ཉམས་དང་རྟོགས་པའི་ས་མཚམས་ཀྱང་མཉམ་གཞག་ངང་ལ་གནས་ཚེ་ཉམས་སམ་རྟོགས་པ་འདྲེས་མ་སྣ་ཚོགས་འབྱུང་ཡང་ངེས་པ་མེད། དོན་མཉམ་རྗེས་གང་གི་དུས་སུའང་བཟང་རྟོག་ལ་མི་ཆགས་ངན་རྟོག་ལ་མི་སྡང་། ལུང་མ་བསྟན་གཏི་མུག་དང་བྲལ་བ་ཞིག་འོང་ཡང་གོང་སྨོས་ལྟར་རློམ་སེམས་དང་དགའ་བྲོད་ཀྱི་དབང་དུ་མི་ཤོར་བ་གལ་ཆེའོ། །ཡང་དེ་ལས་ལྡོག་པའི་སྐྱོན་ངོས་གཟུང་བ་ནི། བླ་མ་མང་པོ་བསྟེན་ཞིང་མདོ་རྒྱུད་ཀྱི་གཞུང་མང་དུ་ཐོས་ཀྱང་རང་རྒྱུད་ལ་མེད་བཞིན་གོ་བ་ཙམ་ལ་སྙེམས་ནས། གཞན་ལ་བཤད་ཤེས་པའི་མཁས་རློམ་དང་། རི་ཁྲོད་འགྲིམས་པ་སོགས་དཀའ་སྤྱད་དང་སྒྲུབ་ཡུས་འདྲེན་ཅིང་། བསྒྲུབ་བྱ་སྒྲུབ་བྱེད་ཀྱི་བར་ནས་འཛོལ་བཞིན། རྟོགས་ལྡན་དུ་རློམས་པ་དག་གིས་རང་རྒྱུད་ལ་ཡང་ཡང་བརྟགས་དཔྱད་མ་བྱས་ན་ལམ་ནོར་གོལ་ཤོར་བ་སོགས་བཟང་རློམ་བདུད་དུ་ཆེ་བ་དང་། ཧ་ཅང་སྒྱིད་ལུག་སྟེ་ལམ་ལ་རེ་ཐག་ཆད་པའི་མཐའ་གཉིས་ལ་མ་ལྷུང་བར་སྐྱོན་ཡོན་སོ་སོར་ཤེས་དགོས་པ་ནི་ཆོས་པའི་སྤྱི་ནོར་དང་ཁྱད་པར་ལུགས་འདིའི་སྙིང་ནོར་དམ་པར་འཛིན་དགོས་པའི་གནད་གལ་པོ་ཆེ་ལགས་སོ། །གཉིས་པ་བྱེ་བྲག་ཉམས་རྟོགས་ཀྱི་སྐྱོན་ཡོན་རྒྱས་པར་དབྱེ་བསལ་རྣལ་འབྱོར་བཞི་རིམ་ལྟར་གང་ཟག་རིམ་གྱིས་པའི་ཞར་ལ་གཉིས་པོའང་ཚང་བའི་དབང་དུ་བྱས་པའི་ཁྲིད་ལ་བཞི། གནས་པ་རྩེ་གཅིག །མི་གཡོ་སྤྲོས་བྲལ། མཉམ་ཉིད་རོ་གཅིག །ལྷུན་གྲུབ་སྒོམ་མེད་ཀྱི་རྣལ་འབྱོར་རོ། །དང་པོ་ལ་གཉིས། རྩེ་གཅིག་དང་། རྩེ་གཅིག་གི་རྣལ་འབྱོར་རོ། །དང་པོ་གནས་པ་རྩེ་གཅིག་ལ་གསུམ། དེའང་གོང་དུ་བཤད་པའི་ཕྱི་ནང་གསང་གསུམ་སྔོན་འགྲོའི་ཆོས་རྣམས་ལེགས་པར་སྦྱངས་ནས། དངོས་གཞི་ལུས་ངག་ཡིད་གསུམ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་སེམས་མ་བཅོས་རང་བབས་སུ་བཞག་ནས་བསྒོམ་ཚེ་རྣམ་རྟོག་སྔར་བས་ཀྱང་འཚུབས་ནས་འོང་། དེ་གནསྃ་པྃ་དངྃ་པོྃ་གཡོ་བའི་ཉམས་རི་གཟར་གྱི་འབབ་ཆུ་ལྟ་བུ་ཞེས། རྣམ་རྟོག་འཚུབས་པ་ལ་སྡང་སེམས་ཀྱིས་བདག་ལ་སྒོམ་གྱི་སྐལ་པ་མི་འདུག་སྙམ་པའི་སྒྱིད་ལུགས་ཐེ་ཚོམ་འོང་སྟེ། སྔར་ཐ་མལ་པའི་རྟོག་པ་ཁ་ཡན་དུ་ཤོར་བས་ངོ་མ་ཤེས་པ་ཡིན། ད་སེམས་ཅུང་ཟད་ཟིན་ནས་སྒོམ་བཟང་པོ་སྐྱེ་བའི་སྔ་ལྟས་ཡིན་པས་ཡིད་ཆད་དང་ཐེ་ཚོམ་མེད་པར་བླ་མ་ལ་ཅི་མཛད་ཁྱེད་ཤེས་ཀྱིས་གསོལ་བ་ཡང་ཡང་འདེབས་ཤིང་ཐུན་ཐུང་ལ་གྲངས་མང་བ་སྡུག་རུས་འཇུར་དྲན་གྱིས་མི་བཅིང་བར་གྲིམ་ལྷོད་རན་པས་ཉམས་སུ་ལེན། རྣམ་རྟོག་དགག་ཆེ་ན་སྙིང་རླུང་ལྡང་བ་སོགས་སྒོམ་སྣ་སུན་ཁུར་འགྲོ་བས་ཧ་ཅང་མི་དགག །མི་བསྒྲུབ། བརྩོན་དུ་མི་གཟུང་། ལུང་མ་བསྟན་དུ་མི་ཤོར་བར་གང་ཤར་བདག་མེད་རྒྱ་ཡན་དུ་ལྷོད་ཀྱིས་ཀློད་ལ་བབ་ཀྱིས་རྒྱང་འཚོ་བྱེད་དགོས། དེ་ལ་རང་བཟོ་ཕོ་ཚོད་མིན་པར་བླ་མའི་ཞལ་ཤེས་ལྟར་ཐབས་སྣ་ཚོགས་ཀྱི་སྒོ་ནས་སེམས་གནས་པའི་ཐབས་ལ་བརྩོན་ན་རྣམ་རྟོག་རགས་པ་ཅུང་ཙམ་ཞི་ནས་སེམས་རང་ཐོག་ནས་རེས་གནས་རེས་འགྱུ་བ་ཞིག་འོང་བའི་དུས། གནས་འགྱུ་གང་ལའང་སྔར་ལྟར་སྤང་བླང་གི་ཆགས་སྡང་མི་དགོས་པ་བྱུང་དུས་གནསྃ་པྃ་བྃར་མྃ། ཐོབ་པའི་ཉམས་ཆུ་ཀླུང་དལ་འབབ་ལྟ་བུ་བྱ་བ་ཡིན། དེའི་ངང་དུ་བླ་མར་མོས་གུས་གཙོར་འདོན་གྱིས་གཉུག་བསྲིངས་ཏེ་བསྒོམས་པས་རྣམ་རྟོག་ཕྲ་རགས་ཐམས་ཅད་ཇེ་ཞི་དང་། གནས་ཆ་ཇེ་ཆེར་སོང་སྟེ། བར་མེད་ལྟ་བུར་གྱུར་དུས་གནསྃ་པྃ་ཐྃ་མྃ། བརྟན་པའི་ཉམས་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུ་བྱ་བ་ཡིན་ཏེ། འདི་སྐབས་བདེ་གསལ་མི་རྟོག་གི་ཉམས་ཆ་མཉམ་མི་འོང་། ཆ་མ་མཉམ་ན་སྐྱོན་ཆེ་སྟེ། བདེ་བ་ཤས་ཆེ་ན་བདེ་ཉམས་མཚན་མ་ཅན་ཞེས་འདོད་ཆགས་ཆེ་བས་བསླབ་པ་ཉམས་པ་དང་། མིན་ཀྱང་ཆགས་ཞེན་འཛིན་གསུམ་ཇེ་ཆེར་འགྲོ །བདེ་ཉམས་ཆུང་ཞིང་མི་རྟོག་པ་ཤས་ཆེ་ན་དྲན་མེད་འགོག་པའི་ཞི་གནས་ལྡིང་ནས་ཐར་པའི་གེགས་བྱེད་པའམ་བྱིང་རྨུགས་ཀྱི་དབང་དུ་འགྲོ །གསལ་བ་དང་མི་རྟོག་པ་གཉིས་ཆ་མཉམ་ཡང་བདེ་ཆ་ཆུང་ན་སྒོམ་ལ་སྤྲོ་བ་མི་སྐྱེ་ཞིང་བསྒོམ་སྙིང་མི་འདོད་པ་དང་། གནས་ཆ་ཆུང་ན་འཕྲོ་རྒོད་ཀྱི་དབང་དུ་འགྲོ །གཉིས་པོ་མཚུངས་ཀྱང་གསལ་ཆ་ཆུང་ན་རིག་པ་བག་ལ་ཉལ་བས་སྒོམ་དྭངས་སྙིགས་མི་འབྱེད། དྭངས་ཆ་ཆུང་ཞིང་བྱིང་རྨུགས་ཀྱི་དབང་དུ་འགྲོ །བདེ་གསལ་གཉིས་པོ་ཆ་མཉམ་ཡང་མི་རྟོག་པ་མེད་ན་སྒོམ་གྱི་སྣ་མི་ཟིན་ཞིང་འདུག་ཚུགས་ཆུང་ལ་བྱ་སྤྱོད་ཐ་མལ་གྱི་དབང་དུ་ཤོར་འགྲོ །གོང་གི་སྐྱོན་གསུམ་པོ་དེ་ལས་ལྡོག་པའི་ཐབས་ཉམས་སུ་བླངས་ནས་ཡོན་ཏན་གོང་འཕེལ། བདེ་གསལ་མི་རྟོག་ཆ་མཉམ་སྐྱེས་ཤིང་མཉམ་གཞག་སྐྱོན་མེད་ཡུན་ཇེ་རིང་དུ་འགྲོ་བས། བླ་མའི་མན་ངག་ལ་བརྟེན་ནས་ཆ་མཉམ་པར་བྱེད་དགོས། ལ་ལ་དང་པོ་ཚོགས་བདུན་གྱི་རྟོག་པ་འགགས་ཏེ་ཀུན་གཞི་རྟོག་མེད་ཀྱི་ངང་དུ་གནས་པ་ཡོད་དོ། །དེ་ལ་རྣམ་རྟོག་ཁ་འཐམ་ཞེས་འདོད། གོང་གི་གཡོ་ཉམས་ཕྱིས་ནས་འོང་། འགའ་ཞིག་ལ་དང་པོ་གཡོ་ཉམས་འོང་ནས། ཕྱིས་གནས་ཆ་ཇེ་ཆེར་འགྲོ་བ་སོགས་ཡོད་པས་མ་ངེས་ཀྱང་ཐུན་མིན་སྔོན་འགྲོའི་སྐབས་ཀྱི་སྐྱབས་འགྲོ་སོགས་དམིགས་རིམ་བརྡ་དོན་རྟགས་ལ་སེམས་ལེགས་པར་ཟིན་པ་རྣམས་ལ་གཡོ་ཉམས་མི་འོང་བ་ཡང་ཡོད། གང་ལྟར་བྱིང་རྨུགས་ཆེ་ན་ལུས་གནད་བསྲངས། ལྟ་སྟངས་མཐོ་བར་བྱས་ལ་ཤེས་པ་ཧུར་འདོན། རྒོད་འཐོར་ཤས་ཆེ་ན་ལུས་སེམས་ཀློད་ཅིང་བསྒོམ། འདི་སྐབས་བདེ་གསལ་མི་རྟོག་གང་ལའང་བདེའོ། །གསལ་ལོ། །མི་རྟོག་གོ་སྙམ་པའི་སོ་སོའམ། ཆ་མཉམ་ཡང་འདིའོ་སྙམ་པའི་དེར་འཛིན་གྱི་དགའ་སྡུག་མི་བྱ་བར། བདག་མེད་དུ་བཞག །མི་ཆགས། མི་ཞེན། ལུང་མ་བསྟན་དུ་མི་བཏང་བར་རང་ཐོག་ཏུ་ལྷོད། གོང་གི་ཤས་གང་ཆུང་དེ་ལ་བླ་མའི་ཞལ་ཤེས་ལྟར་བསྐྱེད་པའི་ཐབས་སོ་སོར་ཐུན་དུ་བཅད་ཅིང་བསྒོམ། སྐབས་སུ་ངལ་བསོ། སྐབས་སུ་གནས་འགྱུ་གཉིས་གཅིག་གམ་ཐ་དད་ཡིན་མིན་བལྟ་བ་སོགས་སྤེལ་མར་བྱས་ཏེ་བསྒོམས་པའི་མཐུས། རྗེས་ཤེས་ཀྱི་རྟོག་པའང་ཇེ་ཞི། མཉམ་གཞག་སྐབས་ཇེ་བདེ་ཇེ་གསལ་ཇེ་བརྟན་དུ་འགྲོ་སྐབས་བདེ་གསལ་མི་རྟོག་ལ་ངེས་ཤེས་སྐྱེ་སྟེ། ཉམས་དེ་དང་འབྲལ་མི་ཕོད་པར་ལུས་ཨེ་ཡོད་མི་ཚོར་བ་དང་། བཟའ་བཏུང་བརྗེད་པ། ནམ་སླ་གར་སོང་མི་ཚོར་བ་སོགས་འོང་དུས་གང་ལ་ཞེན་ན་ཁམས་གསུམ་དུ་གོལ་འགྲོ་བས། ཞེན་མེད་ཀྱི་ཐབས་ལ་མཁས་པར་བྱ་ཞིང་སྐྱོང་། དེ་ལ་བརྟེན་ནས་ཉམས་ཀྱི་ལྷག་མཐོང་ཡང་སྐྱེ་དགོས་པས་ན། ཞི་གནས་འདི་ཐོག་མར་གལ་ཆེ། སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ལོ་དྲུག་ཏུ་དཀའ་ཐུབ་ལ་བརྟེན་ནས་བསྒོམ་ཚུལ་སོགས་དཔེ་ལུང་མང་། ཉམས་ཀྱི་ཞི་ལྷག་དེ་རྟོགས་པའི་ལྷག་མཐོང་དང་སྦྱར་མ་ཤེས་ན་ཉིན་མཚན་ཁོར་ཡུག་ཏུ་སོང་ཡང་འཁོར་བ་ལས་མི་འཕགས་པའི་ཚུལ་ཡང་ལུང་མང་། དེ་ལྟར་རྩེ་གཅིག་ཅེས་པའི་ས་བཅད་ཚིག་ཟིན་ཙམ་སྨོས་པའོ། །གཉིས་པ་རྩེ་གཅིག་གི་རྣལ་འབྱོར་དངོས་ལ། སྡོང་བྱ་བྲལ་བའི་བསྡུས་དོན་ལས། གོལ་ས་སྙོམ་འཇུག་དགུ་སྐོར་རབ་སྤངས་ནས། །ཞི་གནས་དྭངས་ཆ་ལྷག་མཐོང་ཉིད་ལ་སྦྱོར། །སྦྱོར་ཚུལ་ལྷག་མཐོང་དམིགས་པའི་དཔྱོད་ཚུལ་འཇུག །སྣང་བ་སེམས་ཤེས་སེམས་ཀྱི་རང་བཞིན་ནི། །གསལ་སྟོང་ནམ་མཁའ་དྭངས་པའི་དཀྱིལ་ལྟར་རྟོགས། །ཐབས་ཤེས་ཟུང་འབྲེལ་རྩེ་གཅིག་རྣལ་འབྱོར་ཡིན། །ཞེས་པས་དེ་ལ་ལྔ་སྟེ། ངོ་བོ་སྤྱིར་བསྟན་པ། བྱེ་བྲག་ཆུང་འབྲིང་ཆེ་གསུམ་དུ་དབྱེ་བ། སྐྱོན་དག་ཚུལ། ཡོན་ཏན་སྐྱེ་ཚུལ། ཏིང་ངེ་འཛིན་དེ་བོགས་འདོན་ཅིང་གོང་མ་ལ་སྦྱོར་ཚུལ་ལོ། །དང་པོ་ངོ་བོ་སྤྱིར་བསྟན་པ་ནི། འོག་མ་རྩེ་གཅིག་གི་ཏིང་ངེ་འཛིན་དེའི་འཛིན་ཞེན་རགས་པ་ཐབས་ཀྱིས་སྤངས་ཤིང་། དེའི་དྭངས་ཆ་རྩེ་གཅིག་གི་རྣལ་འབྱོར་ལྷག་མཐོང་དུ་འདོད་དེ། ལྷག་མཐོང་ལའང་རྒྱུ་རྐྱེན་ངོ་བོ་གསུམ་ལས། རྒྱུ་ནི་བདེ་གཤེགས་སྙིང་པོ། རྐྱེན་ཐོས་བསམ་སྒོམ་གསུམ། ངོ་བོ་ནི་ཉམས་ཀྱི་ལྷག་མཐོང་དང་རྟོགས་པའི་ལྷག་མཐོང་གཉིས་སོ། །དེ་ལ་བསམ་སྒོམ་མམ་ལྷག་མཐོང་དམིགས་པ་ནི། སེམས་སྐད་ཅིག་མའི་གནས་འགྱུ་འགྲོ་འོང་ངོ་བོ་སོགས་ཅི་འདྲ་ཞིག་ཡིན་བརྟགས་ཤིང་དཔྱད་པ་ནི་ལྷག་མཐོང་གི་དམིགས་པ་ཡིན་ཏེ། དཔྱོད་ཚུལ་འཇུག་ཚུལ་རྣམས་བླ་མའི་ཞལ་ལས་ཤེས་པར་བྱས་པས། སྣང་བ་སེམས་སུ་ཤེས། སེམས་སྣ་ཚོགས་སུ་ཤར་བ་དེ་སྐད་ཅིག་མའི་སྟེང་ཐག་ཆོད། སེམས་ཀྱི་རང་བཞིན་གསལ་སྟོང་ནམ་མཁའ་ལྟ་བུར་རྟོགས་དུས་ཉམས་ཀྱི་ལྷག་མཐོང་ངམ་རྩེ་གཅིག་ཆུང་ངུའི་རྣལ་འབྱོར་ཡིན་ཚུལ་ལུང་མང་ངོ་། །གཉིས་པ་བྱེ་བྲག་ཆུང་འབྲིང་ཆེ་གསུམ་དུ་དབྱེ་བ་ལ། མདོར་བསྟན་རྒྱས་བཤད་གཉིས་ལས། དང་པོ་ནི། ཡང་། རྟོགས་དང་གོམས་དང་མཐར་ཕྱིན་ཆུང་འབྲིང་ཆེ། །ཞེས་པས། སེམས་ཀྱི་རང་བཞིན་གསལ་སྟོང་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ་རྟོགས་ཏེ། ངེས་ཤེས་སྐྱེ་བའི་ཆ་ནས་རྩེ་གཅིག་ཆུང་དུ། དེའི་ངང་ལས་དྲན་པ་ཡེངས་པ་མེད་པར་བསྒོམས་པས། རྗེས་ཤེས་ཕྲ་རགས་རྣམས་རིམ་པར་དག་ཅིང་མཉམ་གཞག་གོམས་འདྲིས་བརྟན་གསུམ་ནི་འབྲིང་པོ། དེ་ལ་བརྟན་པ་ཐོབ་ནས་ཞེན་འཛིན་དང་བཅས་པ། མཆན། གདིང་དུ་གྱུར་ཏེ་ཁོར་ཡུག་ཏུ་འགྲོ་བ་ནི་ཆེན་པོའོ། །ཞེས་སོ། །ཕར་ཕྱིན་གྱི་སྦྱོར་ལམ་དང་མཚུངས་པར་སྟོན་པ་འཇིག་རྟེན་གྱི་རྣལ་འབྱོར་ལ་ནང་གསེས་ཆུང་འབྲིང་ཆེ་གསུམ་ལས། དང་པོ་འཇིག་རྟེན་ཆུང་ངུ་ནི། ཐུགས་གཏེར་ཆེན་པོ་གྲོལ་བའི་ཐིག་ལེ་ལས། ངོ་བོ་ངོས་གཟུང་མེད་པ་སྟོང་པའི་རང་བཞིན་ལ༔ རང་བཞིན་མ་འགགས་སལ་ལེ་སིང་ངེ་རྗེན་ནེ་བ༔ འཇིག་རྟེན་ཆུང་ངུའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིན༔ ཞེས་པས་དེའི་དགོངས་པ་ཉམས་མྱོང་གིས་བཀྲལ་བ་ན། རིམ་གྱིས་པའི་གང་ཟག་དེས་བླ་མ་དམ་པ་ཞིག་གི་དྲུང་དུ་རྣམ་གཡེང་སྤངས་ཏེ་བསྒོམས་པས་སེམས་ཀྱི་ངོ་བོ་ཡོད་མེད་མུ་བཞི་དང་བྲལ་བར་ཐག་ཆོད་ཅིང་། དེ་ལྟར་ཆོད་པ་ལ་གསལ་ལ་རྟོག་པ་མེད་པའི་ཞི་གནས་དེ་ཉིད་བསྒོམ་བྱའི་རང་བཞིན་དུ་ངོ་སྤྲོད་ལག་བཅང་མཛད་པ་ལ་དྲན་པ་གཞུར་ཏེ་བསྒོམས་པས། རྣམ་རྟོག་ཉི་ཟེར་གྱི་སྦྲང་བུ་བས་ཀྱང་བྱ་བྱེད་མང་ལ་འགྱུར་ལྡོག་ཆེ་བས་སྒོམ་གྱི་ལས་འཕྲོ་མེད་དམ་སྙམ་ནས་སྐྱུག་ལོག་པ་ཞིག་གི་རྗེས་སུ། ཅི་ཞིག་ན་དྲན་པའི་ངོ་བོ་གསལ་ལ་གོ་མ་འགགས་པ། དྭངས་སེང་ངེ་རྗེན་ཡེར་རེ་བ་སྟོང་པའི་ཉམས་ཤུགས་ཆེ་བ་ཞིག་འཆར་བ་དེ་ཉིད་ཇི་ཙམ་སྒོམ་རིང་ལ་ཡོད། མ་བསྒོམ་ན་ཐ་མལ་དུ་འཆོར་བ་ཞིག་འབྱུང་བ་སྟེ། འདི་ལ་མ་ཧཱ་མུ་དྲས་རྩེ་གཅིག་ཆུང་ངུར་འབོད། འགའ་ཞིག་གིས་ཕོ་ཚོད་བྱས་པས་དེ་ལྟ་བུའོ་སྙམ་པ་ནི་གོ་བ་ཡིན་པས་གྲོལ་མི་བཏུབ་བོ། །ཞེས་གསུངས་སོ། །གཉིས་པ་རྒྱས་སྤྲོས་ཀྱི་གོ་བ་བཤད་པ་ལ། རྣལ་འབྱོར་བཞི་རིམ་པས། ཡང་། ཆུང་ངུ་རྟོགས་ཀྱང་མི་བརྟན་འཕེལ་འགྲིབ་ཆེ། །ཞེས་པ། རྩེ་གཅིག་ཆུང་ངུ་ན་ཉམས་ཀྱི་ལྷག་མཐོང་རེས་འགའ་བ་འཛིན་ཞེན་དང་བཅས་ཉམས་སུ་མྱོང་བ་ཅན་འོག་མའི་རྩེ་གཅིག་དྭངས་ཆ་མེད་པའི་ཞི་གནས་རྐྱང་པ་དེ་མ་ཡིན་པ། རྩེ་གཅིག་གི་རྣལ་འབྱོར་ནི་སྣང་བ་སེམས་སུ་ཤེས་ཤིང་སེམས་ཀྱི་རང་བཞིན་ནམ་མཁའི་དཔེ་ཅན་ཏེ། ཞི་ལྷག་ཟུང་འཇུག །ཐབས་ཤེས་ཟུང་འཇུག་གོ །འོག་མའི་བདེ་གསལ་མི་རྟོག་པའི་ངང་ལ་ཅི་ཙམ་གནས་ཀྱང་རྩེ་གཅིག་རྣལ་འབྱོར་གྱི་ལྷག་མཐོང་དང་མ་འབྲེལ་ན་རྩེ་གཅིག་མུན་པར་འཁྱམས་བྱ་བ་ཡིན། ཟུང་འཇུག་ལྷག་མཐོང་གི་ལྟ་བ་མྱོང་ཞེན་ཕྲ་རགས་མཉམ་རྗེས་གང་གི་སྐབས་སུ་རྩེ་གཅིག་དང་། རྩེ་གཅིག་གི་རྣལ་འབྱོར་གྱི་ཁྱད་བདེ་གསལ་འགྱུ་གནས་ཐམས་ཅད་ངོ་བོ་སྟོང་པར་ཤར་ཏེ། སལ་ལེ། སིང་ངེ་། ཡེ་རེར་གནས་པ་ཡིན། དེ་དུས་ལ་ལ་དག་ལ་རླུང་རྟགས་བརྒྱད་དམ་བཅུ། སྟོང་གཟུགས་ཀྱི་སྣང་བ་སྣ་ཚོགས་འབྱུང་། འདི་སྐབས་སེམས་ཀྱི་ངོ་བོ་སྟོང་པར་རྟོགས་པ་ནི་མི་རྟོག་པ། སེམས་སྟོང་པའི་རང་བཞིན་གསལ་སེང་ངེ་བ་ནི་གསལ་བ། དེ་གཉིས་དབྱེར་མེད་ཀྱི་ངང་ལ་བདེ་ལྷན་ནེར་གནས་ཤིང་། བྱིང་རྨུགས་དང་རྒོད་འཐོར་གྱི་སྐྱོན་མེད་པ་བདེ་བ། དེ་ལྟར་བདེ་གསལ་མི་རྟོག་དབྱེར་མེད་ཀྱི་སོ་མ་མ་བཅོས་ལྷུག་པ་གསུམ་གྱི་ངང་ལ་གནས་པ་མཉམ་གཞག །དེ་ལ་ལུས་ངག་གི་བྱ་སྤྱོད་ལ་མི་ལྟོས་པར་འདུག་ཚུལ་ལེགས་ཀྱང་དྲན་པ་ཡེངས་ན་རྗེས་ཤེས་སུ་འགྲོ་ཞིང་། བྱེད་སྤྱོད་སོགས་ཀྱི་སྐབས་ཨ་འཐས་སུ་སྐྱེ་བྱ་བ་ཡིན། དེ་ལ་ཨ་འཐས་དངོས་འཛིན་གྱི་དྲི་མའམ་སྒྲིབ་པ་ཡོད་པ་ནི། དཔེར་ན་གླ་རྩིའི་སྣོད་དང་། སྒོག་ཕོར་སྟོང་པ་ལ་དྲི་མ་མ་སངས་པ་ལྟར་ཡིན་པས། དེ་ལྟ་བུ་མཉམ་གཞག་ལ་མེད་ཀྱང་རྗེས་ཤེས་ལ་ཡོད་པ་ནི་མཉམ་རྗེས་མཚན་ཉིད་པ་མིན། ཅིའི་ཕྱིར་ན་དྲན་པས་ཟིན་པ་ཙམ་གྱིས་མཉམ་གཞག་གི་སྟེང་དུ་འགྲོ་བས་སོ། །དེ་རྩེ་གཅིག་ཆུང་ངུའི་སྐབས་ཀྱི་མཉམ་རྗེས་ཡིན་ཡང་། དོན་ལ་རྗེས་སྣང་ཤས་ཆེ་བ་ཡིན། གསལ་སྟོང་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ་གསུངས་པ་དེ་ཏིང་ངེ་འཛིན་ལས་སུ་མ་རུང་བའི་རྐྱེན་གྱིས་རེས་བསྒོམས་ཀྱང་འོང་། རེས་མ་བསྒོམ་ཡང་འོང་། རེས་བདེ་རེས་མི་བདེ་བ་སོགས་འཕེལ་འགྲིབ་སྣ་ཚོགས་འོང་བའི་སྐབས་རྩེ་གཅིག་ཆུང་ངུ་ཡིན་ནོ། །ཞེས་སོ། །གཉིས་པ་འཇིག་རྟེན་འབྲིང་པོའི་རྣལ་འབྱོར་ནི། གྲོལ་ཏིག་ལས། གང་དེ་མ་ཡེངས་བསྐྱངས་པས་བརྟན་པ་ཆེར་ཐོབ་ཅིང༔ བསྒོམས་ཀྱང་ཡེངས་ལ་མ་བསྒོམ་ཆ་ཤས་ཡེངས་བ་ནི༔ འཇིག་རྟེན་འབྲིང་པོའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིན༔ ཞེས་པས། སྔ་མའི་འཕྲོ་མཐུད་དེ་སྙིང་རུས་ལ་ནན་ཏན་བསྐྱེད་པས་ཉམས་ཀྱི་འཛིན་སྟངས་སྔ་མ་ལྟར་ལས་ཅུང་ཟད་དྭངས་ཆ་ཆེ་རུ་འགྲོ་ཞིང་། དེ་ཉིད་མ་བསྒོམ་པའི་གནས་སྐབས་འགའ་ལའང་དྲན་པས་ཧྲིག་ཧྲིག་སླེབས་ནས་གསལ་སྟོང་རྗེན་ཡེ་རེ་བར་འཆར་བས་འདི་ལ་མ་ཧཱ་མུ་དྲ་བས་རྩེ་གཅིག་འབྲིང་པོ་ཟེར་རོ། །ཞེས་སོ། །རྣལ་འབྱོར་བཞི་རིམ་པས། ཡང་། འབྲིང་པོ་ཏིང་འཛིན་ལས་རུང་འཕེལ་འགྲིབ་མེད། །ཅེས་པས་རྩེ་གཅིག་འབྲིང་པོའི་རྣལ་འབྱོར་ནི། གོང་ལྟར་མཉམ་རྗེས་གང་ལ་དྲན་པས་ཟིན་ཅིང་ཡེངས་བ་མེད་པའི་སྒོ་ནས་ཉམས་སུ་ལེན་པ་ལ་བརྩོན་པས་ཏིང་ངེ་འཛིན་ལས་སུ་རུང་སྟེ། གསལ་སྟོང་གི་ཉམས་དེ་ནམ་བསྒོམ་ཚེ་བདེ་ལྷང་འོང་བ་ཡིན། དེ་ནི་རྩེ་གཅིག་འབྲིང་པོའི་ཏིང་ངེ་འཛིན་ལ་དབང་ཐོབ་བྱ་བ་ཡིན་ཏེ། རྣལ་འབྱོར་དང་པོའི་སྐབས་རྗེས་ཤེས་ཕལ་ཆེར་ཨ་འཐས་སུ་ཡིན་པས་ན་དྲན་པ་ཡང་ཨ་འཐས་ཀྱི་དྲན་པ་ཡིན། མཉམ་གཞག་དུས་གསལ་སྟོང་ཕྱོགས་གཅིག་ལ་དམིགས་ཏེ་བསྒོམས་པས་ཨ་འཐས་ཀྱི་དྲན་པ་ཞེས་བྱ། དེ་ལྟ་བུའི་དྲན་པས་སྐད་ཅིག་ཀྱང་མ་ཡེངས་པར་ཉམས་སུ་བླངས་པས་རྗེས་ཤེས་རགས་པ་རྣམས་རིམ་གྱིས་ཆོད་ཅིང་མཉམ་གཞག་རིམ་པར་ཇེ་བདེ་ཇེ་གསལ་ཇེ་སྟོང་བརྟན་པ་ཇེ་ཆེར་འགྲོ་བ་སོགས་འབྱུང་ངོ་། །ཞེས་སོ། །གསུམ་པ་འཇིག་རྟེན་ཆེན་པོའི་རྣལ་འབྱོར་ནི། གྲོལ་ཏིག་ལས། ཏིང་འཛིན་དེ་ཉིད་སྔར་བས་གསལ་མདངས་ཆེར་སོང་ཞིང་། རྩོལ་མེད་ཉིན་མཚན་ཁོར་ཡུག་ཉིད་དུ་འབྱུང་བ་ནི༔ འཇིག་རྟེན་ཆེན་པོའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིན༔ ཞེས་པས་བརྟན་པ་ཆེར་ཐོབ་སྟེ་གསལ་སྟོང་རྗེན་པ་ངོས་གཟུང་དང་བྲལ་བའི་ཉམས་ཉིན་མཚན་ཁོར་ཡུག་ཏུ་འབྱམས་པ་ལ་མ་ཧཱ་མུ་དྲས་རྩེ་གཅིག་ཆེན་པོར་བཏགས། རྫོགས་ཆེན་སེམས་སྡེ་པས་གནས་པའི་ཉམས་ཤེས་པ་ཡུལ་ཕྱིར་མི་འཕྲོ་བ་ཞེས་པའང་འདིར་མཚུངས། འདིའི་ཉམས་ནི་ལུས་ལ་བདེ་ཉམས་དང་སེམས་ལ་དགའ་སྤྲོ་དཔག་མེད་འཆར། མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུའི་སྒོམ་ལ་ངེས་ཤེས་དང་བྲོད་ཁ་སྐྱེ། ལུས་ཡོད་དུ་མི་ཚོར། འཇིག་རྟེན་མི་ཆོས་ལ་ཞེན་པ་ཆུང་དུ་འགྲོ །ཉམས་ཀྱི་མཐོ་དམན་ཤིན་ཏུ་ཆེ་བ་འོང་ངོ་། །རེ་འགའ་འདི་ལས་ལྷག་པ་སུ་ལ་ཡོད་སྙམ་པའི་རང་མཐོང་སྐྱེ། རེས་ཤེས་པ་རླན་དང་བྲལ་ནས་ང་ལ་སྒོམ་མེད་སྙམ་པའི་ཡི་མུག་སྐྱེ་བ་ཡང་ཡོད། རེས་སེམས་ཅན་ལ་སྙིང་རྗེ་སྐྱེ་ཞིང་། སངས་རྒྱ་རྒྱུ་དང་འཁོར་བར་འཁྱམས་རྒྱུ་མི་འདུག་སྙམ་པའི་སྟོང་འུད་ཀྱང་འཆར། གསལ་སྣང་ལ་འདུ་ཤེས་གྲུང་པོས་དཔྱད་ན་མཐོང་སྣང་མང་བ་འབྱུང་སྟེ་ཞལ་གཟིགས་ལུང་བསྟན་དུ་བཟུང་ན་ནོར་ས་རྔམས་པོ་ཆེ་ཡིན་ཡང་བྱེད་མཁན་མང་། འདིའི་མཉམ་གཞག་གནད་དུ་སོང་ན་སྒོ་ལྔའི་རྣམ་ཤེས་ཐད་ཀར་བག་ལ་ཞ་འགྲོ་བས། ཕྱིའི་སྒྲ་སྐད་གཟུགས་ཡུལ་ལ་སོགས་པའི་ཡུལ་རྐྱེན་གྱིས་མི་འཕྲོག །འོན་ཀྱང་ཕར་ཕྱིན་ཐེག་པ་དང་བསྟུན་ན། དག་པ་ས་གསུམ་ནས་སྒོ་ལྔའི་རྣམ་ཤེས་གནས་འགྱུར་ཏེ་ཞིང་ཁམས་རྣམ་དག་ལ་དབང་ཞིང་། དག་པའི་ཚེ་བྱ་གྲུབ་ཡེ་ཤེས་སུ་ཤར་བར་བཤད་པའི་ཕྱིར། འདི་ཉིད་དངོས་གནས་མ་ཡིན་ཡང་སེམས་འཛིན་ཡུལ་རྐྱེན་གྱིས་མི་འཕྲོག་པའི་ཆ་ནས་དེ་སྐད་དུ་བཏགས་པའང་ཤེས་པར་བྱའོ། །དེའང་ཚོགས་ལམ་པས་གོ །སྦྱོར་ལམ་པས་མྱོང་། མཐོང་ལམ་པས་རྟོགས་ཞེས་གོ་མྱོང་རྟོགས་གསུམ་སྦྱོར་བ་དང་། བླ་མ་ཡང་ཏིག་ཏུ་ལྷ་མིའི་སེམས་འཛིན། བྱང་ཆུབ་སེམས་དཔའི་བསམ་གཏན། སངས་རྒྱས་ཀྱི་དགོངས་པ་ཞེས་བཤད་པ་ལའང་རྣམ་པར་དཔྱད་ན་དབྱེ་བ་ཁྱད་པར་ཅན་དུ་ཁོ་བོས་རྟོགས་ལ། དེའི་ཕྱིར་འདི་མན་ཆད་ནི་སོ་སྐྱེའི་ལམ་དུ་བཞག་པས་ལྷག་མཐོང་མཚན་ཉིད་པ་མེད་པའི་ཕྱིར། ཐུགས་དམ་གྱི་ངོ་བོ་ཇི་ལྟར་བཟང་ཡང་ཉམས་ཙམ་མྱོང་བ་ཙམ་ཡིན་པས། རྩ་གཟུགས་ཀྱི་རྟེན་འབྲེལ་ལ་མངོན་ཤེས་དང་གྲུབ་རྟགས་ཐོན་པ་བྱུང་ཡང་རློམས་སེམས་བྱ་བའི་ཡུལ་མ་ཡིན་མོད། དེ་ལྟར་ནའང་ཕྱི་དུས་འདིར་ལམ་འདི་མཐར་སོན་པའང་རྙེད་པར་དཀའ་ཞིང་། སྙིང་རུས་ཅན་རེ་རེ་ཙམ་སྣང་བ་ལའང་བཤེས་གཉེན་རྣམས་ཀྱིས་རྟོགས་པ་ཉིན་མཚན་འདྲེས་པར་ངོ་སྤྲོད་བྱེད་པ་འདུག་པས་ལོང་བས་ལོང་བ་ཁྲིད་དོ། །སྒོམ་དམིགས་གཏད་ཉམས་མྱོང་ཅན་སྟོང་པ་དགྲར་ལངས་ཀྱི་བདུད་ཞུགས་པ་ཞིག་ལ་མི་ཚེ་སྟོང་པར་འཛད་པ་ལས་ཡོན་ཏན་སྐྱེ་བའི་རེ་བ་ཟད་མོད། འགའ་ཞིག་ནི་མཉམ་གཞག་གནད་དུ་མ་སོང་བ་ཅི་ཡིན་འདི་ཡིན་མེད་པའི་ལུང་མ་བསྟན་འཐོམ་ཡོ་རེ་བ་ཞིག་གི་ངོ་བོ་སྨྲ་བརྗོད་མི་ཤེས་པ་ལྟ་བུ་ཞིག་ལ་ང་འདྲའི་རྟོགས་པ་སུ་ལ་ཡོད། སྒོམ་མེད་བྱ་བའང་འདི་ཁ་ཡིན་སྙམ་པའི་རང་རྩིས་སྐྱེས་ཏེ། ཡུལ་གོང་མ་ལ་དག་སྣང་གཏན་ནས་མི་སྐྱེ་ཞིང་། བོགས་འདོན་བྱེད་པའི་བློ་དང་བྲལ་བས་ནོར་བ་རྔམས་པོ་ཆེར་སོང་སྟེ། རྒྱུ་འབྲས་རྟེན་འབྲེལ་མི་བསླུ་བའི་བསྟན་པ་ཐམས་ཅད་བསྣུབས་པས། དགེ་སྟོང་སྡིག་སྟོང་དུ་གོལ་བ་འབའ་ཞིག་ལས་མི་འདའ་བས། ཚུལ་དེ་ལ་བསམ་ནས་ཨོ་རྒྱན་རིན་པོ་ཆེས་རྒྱལ་པོ་ལ་གདམ་པ་བཞིན་ལྟ་བའི་ཕྱོགས་སུ་སྤྱོད་པ་མ་ཤོར་བ་དང་། སྤྱོད་པའི་ཕྱོགས་སུ་ལྟ་བ་མ་ཤོར་བ་ལ་བསླབ་ཅིང་། ཉམས་མྱོང་དང་ལྡན་པའི་བླ་མ་དམ་པ་མིག་བཞིན་དུ་བསྟེན། མཉམ་འགྲོགས་ཀྱི་བདུད་དབང་དང་། མིར་འཛིན་གྱི་ལོག་ལྟ་མེད་པས། སྤྱོད་པའི་ཕྱོགས་སུ་ལྟ་བ་མ་ཤོར་བ་ལ་བསླབ་ཅིང་། གསོལ་འདེབས་མོས་གུས་དང་ལྡན་པས་དབང་བཞི་ཡང་ཡང་བླངས། ལྕགས་ལ་ཞུན་ཐར་གཏོང་བ་ལྟར་བརྡར་ཤ་ཤིན་ཏུ་ཆོད་པ་གལ་ཆེ་བ་ཡིན་ནོ། །འདིར་ཕར་ཕྱིན་ཐེག་པ་ལྟར་ན་དྲོད་རྩེ་གཉིས་སུ་དབང་པོ་ལྔ་དང་། བཟོད་ཆོས་གཉིས་སུ་སྟོབས་ལྔ་སྒོམ་པའི་སྦྱོར་ལམ་ངེས་འབྱེད་ཆ་བཞིའི་ཡེ་ཤེས་ཀྱི་ངོ་བོ་མཉམ་གཞག་གི་ཆ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ། རྗེས་ཐོབ་ཀྱི་ཆ་རྟོག་བཅས་རྟོག་མེད་ཅི་རིགས་སུ་ཡོད་ཅིང་། གཉེན་པོ་བཞི་ལ་བརྟེན་ནས་སྤང་བྱ་སྒྲིབ་པའི་ས་བོན་ཉམས་སྨད་པས། རྟོགས་པའི་ཁྱད་པར་སྒོམ་བྱུང་ཡེ་ཤེས་ཀྱིས་བདག་མེད་གཉིས་རྟོགས་ཏེ། ཡོན་ཏན་གྱི་ཁྱད་པར་སྤྱན་དང་མངོན་ཤེས་སོགས་དུ་མ་དང་ལྡན་ཞིང་། ཚོགས་ལམ་ཆེན་པོ་ལས་འདིའི་ཡེ་ཤེས་དྲོད་བརྟན་པས་མཐོང་ལམ་ཐག་ཉེ་བ་སྟེ། བརྒྱད་སྟོང་འགྲེལ་ཆེན་ལས། བར་ཆད་མེད་ན་མཐོང་བའི་ལམ་ཆེས་ཉེ་བར་འབྱུང་བ་ཞེས་བྱ་བ་ནི་ཐར་པའི་ཆ་དང་མཐུན་པ་ལས་འདིའི་ཁྱད་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པ་སྟེ། དེ་ལྟ་བུའི་སྦྱོར་ལམ་གྱི་འགྱུར་འདི་རུ་བརྩི་བ་ཡིན་ནོ། །ཞེས་སོ། །རྣལ་འབྱོར་བཞི་རིམ་པས། ཡང་། ཆེན་པོ་གསལ་སྟོང་ཉམས་ཀྱི་ཁོར་ཡུག་འབྲེལ། །ཞེས་པས། རྩེ་གཅིག་ཆེན་པོ་ངོས་གཟུང་བ་ལ་གཉིས། ངོ་བོའི་ཆ་དང་བརྟན་པའི་ཆ་ནས་ངོས་བཟུང་བའོ། །དང་པོ་སེམས་ཀྱི་རང་བཞིན་གསལ་སྟོང་མཐའ་དབུས་ཞེན་འཛིན་མེད་པའི་ཉམས་རིག་པ་གཞི་མེད་རྩ་བྲལ་རྗེན་ལྷང་ངེ་བ། མཐོང་ལམ་ཡེ་ཤེས་ཀྱི་སྣང་བ་མཐོང་ལ་ཁད་དེ་མཉམ་གཞག་གསལ་སྟོང་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ་དེ་ལ་བརྟན་པ་ཐོབ་ནས། ཉིན་མཚན་ལ་སོགས་ཁོར་ཡུག་ཏུ་འགྲོ་བ་ཡིན་སྙམ་པའི་ངེས་ཤེས་ཀྱི་དྲི་མ་ཕྲ་བ་ཡོད་པ་ནི་རྩེ་གཅིག་ཆེན་པོ་ཡིན་ཚུལ་ལུང་དང་བཅས་གསུངས་འདུག་གོ །དེ་ལྟར་རྩེ་གཅིག་ཆུང་ངུ་རྩེ་གཅིག་གི་གཞི། འབྲིང་པོ་ལམ། ཆེན་པོ་འབྲས་བུའོ། །འདི་སྐབས་མདོ་རྒྱུད་མན་ངག་ཐོབ་མཐོང་ཡོད་པ་འགའ་ཞིག་གིས་གོ་བས་ལྷན་པ་བཏབས་ཏེ། རང་མཐོང་དང་། སྒོམ་ལ་རྩོལ་རུང་མ་རྩོལ་རུང་སྒོམ་མེད་ཀྱི་ས་ལ་བསླེབས་འདུག །བླ་མ་ལའང་འདི་ལས་ལྷག་པའི་ཉམས་རྟོགས་མེད་མོད་སྙམ་སྟེ་མངོན་པའི་ང་རྒྱལ་དང་། རེས་འགའ་མངོན་ཤེས་དང་རྫུ་འཕྲུལ་སོགས་རྟགས་ཕྲན་བུ་ཡོད་པ་ལ་གྲུབ་པ་ཐོབ་འདུག་སྙམ་པ་དང་། རེ་འགར་གཉིད་ཀྱི་དུས་དང་། རྗེས་ཤེས་ཀྱི་སྤྱོད་ལམ་འདྲེས་པ་རེད་སྙམ་པ་སོགས་རློམ་སེམས་ཆེན་པོ་རྣམས་སྐྱེ་འོང་། སྐབས་དེར་བླ་མའི་གདམ་ངག་གི་ངོ་སྤྲོད་དམ། རང་གིས་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་མ་འབྱེད་ན། ཉམས་རྟོགས་པར་རློམས་ནས་དེར་ཤོར་ཉེན་ཡོད། དེ་ཁོ་ནས་བྱང་ཆུབ་ཐོབ་མི་ནུས་པའི་ལུང་མང་དུ་གསུངས་འདུག་གོ །གསུམ་པ་སྐྱོན་དག་ཚུལ་ནི། སློབ་དཔོན་པདྨས། རྩེ་གཅིག་གི་རྩལ་རྫོགས་ཙ་ན་སྣང་བ་སེམས་སུ་ཤེས་པས་ལས་ཀྱི་སྒྲིབ་པའི་སྐྱོན་དག །ངན་སོང་དུ་མི་ལྡོག །ཉོན་མོངས་པའི་བདུད་ཆོམ་མོ། །ཞེས་གསུངས་སོ། །བཞི་པ་ཡོན་ཏན་སྐྱེ་ཚུལ་ནི། སློབ་དཔོན་པདྨས། ཡོན་ཏན་སློབ་དཔོན་བླ་མར་ཤར་བས་འཁོར་བ་ལས་བློ་ལྡོག །ཆོས་ལ་དགའ་བ་དང་བྲོད་པ་སྐྱེ་སྟེ་བློ་རྩེ་གཅིག་ཏུ་འགྲོ །ཚོགས་སྦྱོར་གྱི་ལམ་གྱི་ཡོན་ཏན་སྐྱེ། ལས་རྒྱུ་འབྲས་ལ་ཨ་འཐས་ཀྱི་རྟེན་འབྲེལ་བསྒྲིགས་ཤེས། བླ་མ་སངས་རྒྱས་སྤྲུལ་སྐུར་མཐོང་ནས་གསོལ་བ་བཏབ་ན་བྱིན་རླབས་འཇུག །རང་དོན་བསྒྲུབ་པའི་དུས་ལ་བབ་པས་ཐེག་པ་དང་བསྟུན་ན་ཉན་རང་དང་མཐུན། ཞེས་གསུངས་སོ། །ལྔ་པ་ཏིང་ངེ་འཛིན་དེ་བོགས་འདོན་ཅིང་གོང་མ་ལ་སྦྱར་ཚུལ་ནི། བྱ་བྲལ་བས། དེ་ལྟར་རྩེ་གཅིག་རང་རྩལ་རྫོགས་ཙ་ན། །རང་སྐབས་སྐྱོན་དག་ཡོན་ཏན་ཐམས་ཅད་སྐྱེ། །དེ་ཡི་དྭངས་ཆ་རྟོགས་པའི་ལྷག་མཐོང་སྦྱོར། །སྦྱོར་ཚུལ་ཐབས་དང་ཤེས་རབ་ཟུང་འབྲེལ་གྱིས། །ཞེས་པས། རྩེ་གཅིག་གི་རྣལ་འབྱོར་ནི་བྱང་ཆུབ་སྒྲུབ་པའི་ལམ་ལ་དཔེར་ན་མྱུ་གུ་འཁྲུངས་པ་ཙམ་ཞིག་ཡིན། ལོ་ཏོག་ལ་མཚོན་ན་མྱུ་གུ་འཁྲུངས་པས་མི་ཆོག་སྟོན་མཐར་མ་ཕྱིན་བར་སོ་ནམས་བྱེད་དགོས་པ་ལྟར། རྩེ་གཅིག་གི་རྣལ་འབྱོར་ལྟ་བ་ཉམས་སུ་མྱོང་ཙམ་ལས་མེད་པས་དེས་མཐར་ཐུག་གི་འབྲས་བུ་མི་ཐོབ་པས་ན། བླ་མའི་གདམ་ངག་དང་། རང་གི་ཤེས་རབ་ཟབ་མོའམ་མོས་གུས་ཀྱི་ཉེར་ལེན་འཛོམ་པའི་སྒོ་ནས་ལྟ་སྒོམ་སྤྱོད་གསུམ་ཡ་མ་བྲལ་བར་ཉམས་ལེན་ལ་བརྩོན་ཞིང་གོང་མ་ལ་སྦྱོར་དགོས་ཚུལ་གྱི་ལུང་ཤིན་ཏུ་མང་ངོ་། །གཉིས་པ་མི་གཡོ་སྤྲོས་བྲལ་ནི། སྡོང་བྱ་བྲལ་བས། སེམས་ཀྱི་ངོ་བོ་རྩ་བྲལ་སྟོང་པ་ཉིད། །ངོས་གཟུང་སྤྲོས་པའི་མཐའ་དང་བྲལ་བར་རྟོགས། །དོན་དམ་བདེན་མཐོང་སྤྲོས་བྲལ་རྣལ་འབྱོར་ཡིན། །ཞེས་པས་དེ་ལའང་ལྔ་སྟེ། ངོ་བོ་སྤྱིར་བསྟན་པ། བྱེ་བྲག་ཏུ་ཆུང་འབྲིང་ཆེ་གསུམ་དུ་དབྱེ་བ། སྐྱོན་དག་ཚུལ། ཡོན་ཏན་སྐྱེ་ཚུལ། ཏིང་ངེ་འཛིན་དེ་བོགས་འདོན་ཅིང་གོང་མ་ལ་སྦྱར་ཚུལ་ལོ། །དང་པོ་ངོ་བོ་སྤྱིར་བསྟན་པ་ནི། འོག་མ་རྩེ་གཅིག་གི་ཏིང་ངེ་འཛིན་ཞེན་པའི་དྲི་མ་ཅན་དེ་གཅོད་བྱེད་ཀྱི་ཐབས་ལ་མཁས་པའི་ཤེས་རབ་ཀྱིས་ཟིན་པར་བྱས་ནས། དེའི་དྭངས་ཆ་རྟོགས་པའི་ལྷག་མཐོང་ངམ་སྤྲོས་བྲལ་གྱི་རྣལ་འབྱོར་མཐོང་ལ། དེ་ལའང་ནང་གསེས་ཅིག་ཅར་བ་དང་ཐོད་རྒལ་བས་ལྟ་བ་གདིང་དུ་ཚུད་ཅིང་སྒོམ་པ་ཉམས་ཐོག་ཏུ་ཕེབས། རིམ་གྱིས་པ་ཞི་གནས་ལ་བརྟེན་ནས་ལྷག་མཐོང་སྐྱེ་བར་བཞེད་དོ། །ཞི་གནས་ནི་འཛིན་ཞེན་དང་བཅས་པའི་བདེ་གསལ་མི་རྟོག་གསལ་སྟོང་གི་ངང་ལ་རྩེ་གཅིག་ཏུ་གནས་པ་ཙམ་ཡིན་པས། འདི་འོག་མ་ལ་ལྟོས་ཏེ་ལྷག་མཐོང་། གོང་མ་སྤྲོས་བྲལ་ལ་ལྟོས་ན་འདི་མན་ཆད་ཞི་གནས་ལ་བཞག་པ་ཡིན། ལྷག་མཐོང་ནི་ཞི་ལྷག་གམ། ཐབས་ཤེས་སམ། བདེན་གཉིས་སམ། འཁོར་འདས་ལ་སོགས་པའི་གཉིས་ཆོས་ཐམས་ཅད་ཡང་དག་པ་ཅི་ལྟ་བ་བཞིན་དུ་སོ་སོར་རྟོགས་པའི་ཤེས་རབ་ཡིན། འགའ་ཞིག་ལ་ཞི་གནས་ཀྱི་དྭངས་ཆ་ལ་ལྷག་མཐོང་གི་རྟོགས་པ་བདེ་བླག་ཏུ་སྐྱེས། འགའ་ཞིག་ལ་ཞི་གནས་ཀྱི་སྙིགས་མ་སེམས་ཀྱི་རང་བཞིན་གསལ་བཞིན་དུ་སྟོང་། སྟོང་བཞིན་དུ་གསལ། གསལ་སྟོང་དབྱེར་མེད་སྙམ་པའི་ངེས་ཤེས་གཏིང་ནས་སྐྱེ་བའི་ཟག་བཅས་ཀྱི་ཉམས་ཞེན་བརྟན་ཆ་ཅན་རི་བཙུག་པ་ལྟ་བུ་ཡོད་པ་དེ་བཤིགས་ནས་ལྷག་མཐོང་ལ་སྦྱོར་དགོས་ཀྱང་རང་སྟོབས་ཀྱིས་བཤིག་དཀའ་བས། བླ་མ་བཟང་པོའི་གདམ་ངག་དང་། རང་གིས་མོས་གུས་ལམ་དུ་ལྷོང་པའམ་ཤེས་རབ་ཟབ་མོས་ཟིན་པར་བྱས་ཏེ། ཕྱི་ནང་གི་གཡེང་བ་སྤངས་ནས་བསྒོམ་པར་བྱས་ན་ལྷག་མཐོང་གི་ངོ་བོ་མཐོང་བར་འགྱུར་ལ། གང་མཐོང་ན་རང་གི་སེམས་ཀྱི་ངོ་བོ་གཟོད་མ་ཉིད་ནས་སྟོང་ཉིད་མཐའ་ཐམས་ཅད་དང་བྲལ་བ་དེ་མཐོང་། གང་གིས་མཐོང་ན་རང་རིག་པའི་ཡེ་ཤེས་ཀྱིས། ཅི་མཐོང་ན་ཡུལ་ཡུལ་ཅན་གཉིས་མེད་རྟོགས་པའི་ལྷག་མཐོང་ངམ་སྤྲོས་བྲལ་གྱི་རྣལ་འབྱོར་རོ། །དེ་ལ་རྩེ་གཅིག་དང་སྤྲོས་བྲལ་གྱི་ཁྱད་པར་ནི། རྣམ་རྟོག་ཆོས་སྐུར་རྟོགས་མ་རྟོགས་ཡིན། རྩེ་གཅིག་མན་ཆད་མཐར་འཛིན་གྱི་ཉམས། འདི་ནི་མཐའ་བྲལ་ཆོས་སྐུ། སྔ་མ་ནི་འཇིག་རྟེན་པའི་སྒོམ། འདི་ནི་འཇིག་རྟེན་ལས་འདས་པའི་སྒོམ། སྔ་མ་དོན་དམ་བཏགས་པ་བ། འདི་ནི་དོན་དམ་མཚན་ཉིད་པ། སྔ་མ་ཉམས་ཀྱི་ལྷག་མཐོང་། འདི་ནི་རྟོགས་པའི་ལྷག་མཐོང་། སྔ་མ་ཞི་གནས། འདི་ནི་ལྷག་མཐོང་། སྔ་མ་སེམས་ཀྱི་རང་བཞིན། འདི་ནི་སེམས་ཀྱི་ངོ་བོ། སྔ་མ་རྣམ་པར་མི་རྟོག་པའི་སྒོམ། འདི་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས། སྔ་མ་མོས་པས་སྤྱོད་པའི་ས། འདི་ནི་ནུས་པ་སྐྱེད་པའི་ས། སྔ་མ་རྗེས་དཔག་གི་ཚད་མ། འདི་ནི་ཤེས་རབ་ཀྱི་དངོས་གཞི་ཡིན་ཚུལ་སོགས་མང་དུ་གསུངས་པའི་དོན། གཞིའི་གནས་ལུགས་གདོད་མའི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ། འཁོར་འདས་གང་གིའང་མ་རེག །འདུས་མ་བྱས་པའི་སེམས་ཀྱི་ངོ་བོ་སྟོང་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དེ་རྟོགས་པའི་དུས། དཔེར་ན་ཐེ་ཚོམ་བྲལ་བ་མ་དང་བུ་འཕྲད་པ་ལྟ་བུའི་རིག་པ་ཆོས་སྐུའི་ངོ་བོ་རྟེན་མེད་གཅེར་བུ་ཟང་མར་བུད་དེ། གོལ་ཤོར་གྱི་འཕྲང་ཐམས་ཅད་དུས་གཅིག་ཏུ་ཆོད་དེ། འཁོར་བའི་སྡུག་བསྔལ་ལས་གྲོལ་ནས་ཕྱིར་མི་ལྡོག་པ་སེམས་ཉིད་ཆོས་སྐུའི་གཏན་སྲིད་ཟིན་པ་ནི། རྒྱལ་པོའི་བུ་ལ་རྒྱལ་སྲིད་ཕོག་པ་བཞིན་དུ། བླ་མ་ལ་སངས་རྒྱས་དངོས་སུ་མཐོང་ཞིང་མི་ལྡོག་པའི་དད་པ་གཏིང་ནས་སྐྱེ། སེམས་ཅན་ལ་བྱམས་སྙིང་རྗེ་བཅོས་མིན་དམིགས་མེད་ཕྱམ་གདལ་ཏེ། བླ་མ་དང་སེམས་ཅན་རང་སེམས་སོགས་གཉིས་རྟོག་གི་མཚན་མ་ཐམས་ཅད་གཉིས་མེད་ཀྱི་ངང་དུ་ཡུལ་ཡུལ་ཅན་བསྒོམ་བྱ་སྒོམ་བྱེད་དང་བྲལ་བའི་གུ་ཡངས་བློ་བདེའི་དགའ་བ་གཏིང་ནས་སྐྱེ་ཞིང་། སྔར་གྱི་གོ་མྱོང་རྟོགས་པའི་གཟུང་འཛིན་གྱི་རྟོག་པ་བྱ་ལམ་རྗེས་མེད་དཔེས་མཚོན་དུ་མེད། ཚིག་གིས་བརྗོད་དུ་མེད། བློས་གཞལ་དུ་མེད། སྣང་བཏགས་ཀྱི་ཆོས་ཐམས་ཅད་སེམས་སུ་ཤེས་ཤིང་། སེམས་སྟོང་པ་སྤྲོས་པ་དང་བྲལ་ནས་ཤེས་བྱའི་ཡུལ་ལས་འདས་པས་ཐ་སྙད་ཀྱི་གདགས་གཞི་མ་གྲུབ། བློ་དང་ཡིད་ཀྱིས་ཡུལ་དུ་བྱར་མི་བཏུབ་པས་ཡུལ་མེད་དུ་རང་ངོ་ཤེས་པ་ལ་འཛིན་མེད་ཀྱི་སྒྲོ་འདོགས་ཆོད་པ་ནི་སྤྲོས་བྲལ་གྱི་ངོ་བོ་མཐོང་བའོ། །ཞེས་ལུང་གིས་རྒྱབ་སྐྱོར་བཅས་གསུངས་འདུག་གོ །གཉིས་པ་བྱེ་བྲག་ཆུང་འབྲིང་ཆེ་གསུམ་དུ་དབྱེ་བ་ལ། མདོར་བསྟན་པ། རྒྱས་བཤད་གཉིས་ལས། དང་པོ་ནི། བྱ་བྲལ་བས། རྟོགས་དང་གོམས་དང་མཐར་ཕྱིན་ཆུང་འབྲིང་ཆེ། །ཞེས་པས། སེམས་ཀྱི་ངོ་བོ་སྟོང་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དང་པོ་རྟོགས་ཏེ། ངེས་ཤེས་སྐྱེ་བའི་ཆ་ནས་སྤྲོས་བྲལ་ཆུང་ངུ་། དེ་ལ་དྲན་པ་ཡེངས་མེད་ཀྱི་ངང་དུ་བསྒོམས་པས་སྤྲོས་བྲལ་རང་སྐབས་ཀྱི། །མཆན། སྤང་བྱ་ཕྲ་རགས་རྣམས་རིམ་པར་ཆོད་ཅིང་། རྟོགས་པའི་དོན་ལ་གོམས་འདྲིས་བརྟན་གསུམ་ཐོབ་པ་ནི་འབྲིང་པོ། བརྟན་པ་ཐོབ་ནས་གདིང་དུ་གྱུར་ཏེ་ཕྱི་ནང་གི་ཆོས་ཐོས་བསམ་ཐམས་ཅད་ལ་སྒྲོ་འདོགས་ཆོད་པ་ནི་ཆེན་པོའོ། །ཕར་ཕྱིན་གྱིས་མཐོང་ལམ་དང་མཚུངས་པར་སྟོན་པས་མིང་དེ་སྐད་དུ་བཏགས་པ་མཐོང་ལམ་གྱི་རྣལ་འབྱོར་ཆུང་འབྲིང་ཆེ་གསུམ་ལས། དང་པོ་ཆུང་ངུའི་རྣལ་འབྱོར་ནི། གྲོལ་ཏིག་ལས། མཁན་པོ་ཉིད་དང་གནས་ཉམས་དེ་དག་ཡུལ་ཕུད་ནས༔ སེམས་མེད་སྟོང་པ་དྲི་མེད་མཁའ་ལྟར་རྟོགས་པ་ནི༔ མཐོང་ལམ་ཆུང་ངུའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིན༔ ཞེས་སྔར་གྱི་རྩེ་གཅིག་པའི་རྣལ་འབྱོར་དེ་ཟབ་ཟབ་དང་གོ་བ་སྐམ་པོ་ལ་མ་ལུས་པར་རིག་པ་ལ་ངར་ཆ་བཏགས་ཏེ་བསྒོམས་པས་གནད་དུ་སོང་ན། རང་གི་མོས་གུས་དང་། བླ་མའི་རྣལ་འབྱོར་གྱི་ནུས་པས་ཆན་ལ་ཕབ་བཏབ་པ་ལྟ་བུ་ལས། གུ་ཡངས་ལྟོ་འཚོལ་གྱི་སླད་དུ་མ་ཡིན་པར། སྐབས་འདིར་སྙིང་ཐག་པ་ནས་སེང་གེ་རི་སུལ་འགྲིམ་པ་ལྟར་དུར་ཁྲོད་ཉུལ་བའི་སྤྱོད་ཡུལ་ཟབ་མོ་ལྷོང་འཚུབས་འཇིགས་སྐྲག་ལ་སོགས་པ་དེ་མ་ཐག་པའི་རྐྱེན་གྱིས། སྔར་གཉེན་པོས་གཅུན་པའི་སྒོམ་གསལ་སྟོང་ཙམ་དུ་ཁས་ལེན་དང་དམིགས་གཏད་ཡོད་པའི། བདེ་བདེ་མོ་སྤྲོ་སྤྲོ་མོ་སྒོམ་བྱེད་ཀྱི་མཁན་པོ་དང་ཞི་གནས་ཀྱི་མྱོང་བ་སྦྲང་མ་རྩི་ལ་འབྱར་བ་ལྟ་བུ་དེ་གཏན་ཡལ་དུ་སོང་ནས། ཤེས་པའི་ངོ་བོ་གསལ་ལ་རྟོག་མེད་ཀྱི་ངང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སར་དག །ཡོད་མེད་རྟག་ཆད་ལ་སོགས་པའི་ཁས་ལེན་དང་བྲལ་བ་ནམ་མཁའི་དཀྱིལ་ལྟ་བུ་ཞིག་འཆར་བ་དེ་ལ་མ་ཧཱ་མུ་དྲ་པས་སྤྲོས་བྲལ་ཆུང་ངུར་བརྟགས། འདིའི་ཚེ་ཐོས་པ་ཉུང་བ་དང་། བླ་མ་དམ་པས་མ་ཟིན་པ་རྣམས་སྔར་གྱི་བདེ་གསལ་མི་རྟོག་པའི་ཉམས་དེ་ཡལ་བས། ངའི་སྒོམ་བོར་བའམ་སྙམ་ནས་ཙབ་ཙུབ་བློ་མང་ཅི་ཡང་དྲན་ཞིང་ཡི་མུག་སྐྱེ་བའང་འདུག་གོ །རློམ་པ་ཆེ་བ་དག་སྒོམ་མེད་ཨཾ་དེ་འདི་ཁ་ཡིན་སྙམས་ཏེ་འགྲོ་དོན་ལ་རིངས་པས་གཡེང་བས་ཁྱེར་བའང་འདུག་གོ །དེའི་ཚེ་དེ་དག་གེགས་སུ་ཤེས་པར་བྱས་ཏེ་སེམས་ཞུམ་པ་དང་ཁེངས་པའི་ཕྱོགས་ལྷུང་གཉིས་ཀ་སྤངས་ནས་ད་ལྟའི་དྲན་པ་དེ་ཁས་སྒོམ་གོ་ཆོད་པར་བྱའོ། །འདི་ཤེས་པའི་ངར་གདངས་བྲལ་བའི་ལུང་མ་བསྟན་གྱིས་གཏད་མེད་དང་མ་ནོར་བ་གལ་ཆེ་བ་ཡིན་ནོ་གསུངས་སོ། །གཉིས་པ་རྒྱས་སྤྲོས་ཀྱིས་གོ་བ་བཤད་པ་ལ་རྣལ་འབྱོར་བཞི་རིམ་པས། ཡང་། ཆུང་ངུ་རིག་སྟོང་ལམ་སློང་ངེས་ཤེས་སྐྱེ། །ཞེས་པས། སྤྲོས་བྲལ་ཆུང་ངུ་ནི་བདག་མེད་གཉིས་ཀྱི་དོན་མངོན་སུམ་དུ་རྟོགས་པར་འདོད་ལ། འོག་མ་རྩེ་གཅིག་པའི་དུས་ཀྱི་གསལ་སྟོང་ཕྱོགས་གཅིག་པ་དེ་ངེས་ཤེས་མྱོང་ཞེན་གྱི་དྲི་མ་རགས་པ་དང་བཅས་པའི་ཟག་བཅས་ཀྱི་ཉམས་ཡིན། འདིར་ཉམས་ཞེན་གྱི་དྲི་མ་རགས་པ་དག་ཅིང་སེམས་ཀྱི་ངོ་བོ་སྟོང་ཉིད་སྤྲོས་མཐའ་དང་བྲལ་བ་རྟོགས་པས་ན། ཟག་མེད་ཀྱི་ལྷག་མཐོང་ཕུང་པོ་ལྔ་བྲལ་གྱི་རྟོགས་པ་ཡིན་གསུངས། དེའང་དངོས་པོའི་ངོ་བོ་མེད་པས་གཟུགས་ཀྱི་ཕུང་པོ་དང་བྲལ། མྱོང་རེག་འཛིན་པ་དག་པས་ཚོར་ཕུང་དང་བྲལ། ཐ་སྙད་ཀྱི་གཏད་སོ་མེད་པས་འདུ་ཤེས་ཀྱི་ཕུང་པོ་དང་བྲལ། ཀུན་སྦྱོར་གྱི་སེམས་པ་མེད་པས་འདུ་བྱེད་ཀྱི་ཕུང་པོ་དང་བྲལ། ངེས་ཤེས་ཡུལ་འཛིན་དང་བྲལ་བས་རྣམ་ཤེས་ཀྱི་ཕུང་པོ་དང་བྲལ་བར་རྟོགས་པ་ནི་སངས་རྒྱས་ཀྱི་དགོངས་པ་རྣལ་འབྱོར་པས་རང་དོན། །མཆན། མངོན་སུམ་དུ་བྱས་པ་ཡིན། དེ་ལྟར་རྟོགས་པའི་ངོ་བོ་ལ་གཞི་ལམ་འབྲས་གསུམ། ལྟ་སྒོམ་སྤྱོད་གསུམ། གོ་མྱོང་རྟོགས་གསུམ། འཁོར་འདས་ལམ་གསུམ། སྣང་རིག་སྟོང་གསུམ་སོགས་ཤེས་བྱར་བཏགས་པ་རྣམས། ངོས་གཟུང་གི་མཐའ་ཐམས་ཅད་དང་བྲལ་ཏེ་སྟོང་པས་ན་སྐྱེ་བའི་མཐའ་དང་བྲལ། སྟོང་ཆད་མིན་པའི་སེམས་ཉིད་སྟོང་པའི་རང་མདངས་རང་རིག་རང་གསལ་བས་འགག་པའི་མཐའ་དང་བྲལ། དེ་དག་གསལ་རིག་མ་འགག་པས་ཆད་པའི་མཐའ་དང་བྲལ། ངོ་བོ་སྟོང་པས་རྟག་པའི་མཐའ་དང་བྲལ། རིག་སྟོང་དབྱེར་མེད་པས་ཐ་དད་ཀྱི་མཐའ་དང་བྲལ། གཉིས་མེད་ཟུང་འཇུག་གི་ཐ་སྙད་ཀྱང་མེད་པས་གཅིག་པུའི་མཐའ་དང་བྲལ། དེ་ལྟར་མཐའ་བྲལ་ཆེན་པོ་དེ་འདས་པའང་མ་ཡིན། མ་འོངས་པའང་མ་ཡིན། ད་ལྟ་བའང་མ་ཡིན། གང་ནས་ཀྱང་མ་འོང་བས་འོང་བའི་མཐའ་དང་བྲལ། གང་དུའང་མི་འགྲོ་བས་འགྲོ་བའི་མཐའ་དང་བྲལ། གར་ཡང་མི་གནས་པས་གནས་པའི་མཐའ་དང་བྲལ་བའོ། །མཐའ་བྲལ་གྱི་དོན་དེ་ལ་ངེས་ཤེས་གཏིང་ནས་སྐྱེས་པས་མྱོང་ཞེན་ཉམས་ཀྱི་དྲི་མ་དང་། ངེས་ཤེས་ཡུལ་འཛིན་གྱི་དྲི་མ་ཕྲ་བ་ཡོད། དེ་མ་ཆོད་ཀྱི་བར་དུ་སྤྲོས་བྲལ་ཆུང་ངུ་ཡིན། འདིའི་དུས་སུ་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་སངས་ཀྱང་། ལས་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པ་མ་སངས། སྟོང་པ་ཉིད་ཀྱི་དོན་རྟོགས་ཀྱང་སྣང་ཆའི་རྟེན་འབྲེལ་མ་གོ་བས་སྟོང་ཉིད་ཀྱི་དོན་ལ་ངེས་ཤེས་ཧ་ཅང་ཐལ་ཆེ་བས། དགེ་སྡིག་གི་རྒྱུ་འབྲས་འཁོར་འདས་ལམ་གསུམ་གང་ཡང་མ་གྲུབ། ཐམས་ཅད་སྟོང་ཉིད་ཡིན་སྙམ་དུ་ལས་རྒྱུ་འབྲས་ཁྱད་དུ་བསད་ནས་ནག་པོ་ཁ་འབྱམས་བདུད་ལྟས་རང་གཞན་ཕུང་ལ་སྦྱོར་བ་ནི། སྟོང་ཉིད་ཤེས་བྱའི་གཤིས་ལ་ཤོར་བའམ། སྟོང་པ་ཕྱལ་ཆད་ལྟ་བའི་བདུད། །ཅེས་པའམ། སྟོང་ཉིད་ཐལ་དྲག་ཆད་པའི་མཐའ་རུ་གོལ། བྱ་བའང་དེ་ཡིན་པས་སྤང་བྱར་ངོ་ཤེས་དགོས། སེམས་ཉིད་ངོ་བོ་སྟོང་པའི་གཤིས་ཅི་ཡང་མ་ཡིན་པའི་གནད་ཀྱིས། རྐྱེན་གྱིས་ཅིར་ཡང་བྱར་བཏུབ་སྟེ། དགེ་བས་མཐོ་རིས་དང་། མི་དགེ་བས་ངན་སོང་། གནས་ལུགས་རྟོགས་པས་སངས་རྒྱས། མ་རྟོགས་པས་འཁོར་བར་འཁྱམས་པ་སོགས། སྤྱོད་ཡུལ་མི་འདྲ་བ་སྣ་ཚོགས་པའི་རྐྱེན་གྱིས་བསྒྱུར་བས་སེམས་ཉིད་འགག་པ་མེད་པའི་རང་སྣང་སྣ་ཚོགས་སུ་སྣང་བའོ། །རྣལ་འབྱོར་པ་ཉམས་རྟོགས་ཀྱི་གདིང་ཆེན་པོ་དང་ལྡན་ཡང་ལས་ལ་དབང་མ་ཐོབ་ཀྱི་བར་དུ་རྒྱུ་འབྲས་ཕྲ་ཞིང་ཕྲ་བ་ནས་སྤང་བླང་མ་བྱས་ན་རྣམ་རྟོག་མ་ཟད་བར་དུ་ལས་ཡོད་པས་རྒྱུ་འབྲས་ལ་ཡིད་ཆེས་པ་གལ་ཆེ། རྟག་ཆད་སོགས་ཞེན་འཛིན་ཕྲ་བའི་ཕྲ་བ་དང་ཡང་ཕྲས་བཅིང་བ་མངོན་གྱུར་མེད་པས། དེའི་ཕྱིར་མཉམ་རྗེས་ཐམས་ཅད་དུ་རགས་གཅུན་ཕྲ་གཅུན་ངར་གཅུན་དབྱིངས་གཅུན་གྱི་ངང་དུ་བསྒོམ་པས་ན། སྤྲོས་བྲལ་ཞེས་པའི་དོན་པོ་རྟག་ཆད་ཀྱི་མཐར་མ་ལྷུང་བས་མཐའ་དང་བྲལ་བ་མི་རྟོག་པ། སྟོང་པའི་རང་མདངས་རང་རིག་རང་གསལ་བ་ནི་གསལ་བ། གསལ་སྟོང་དབྱེར་མེད་གཟུང་འཛིན་སྤྲོས་མཚན་ལས་འདས་པ་ནི་བདེ་བའོ། །དེ་ལྟར་སོ་མ་མ་བཅོས་ལྷུག་པ་གསུམ་གྱི་ངང་དུ་གཉུག་བསྲིངས་ཤིང་བསྒོམ་པ་ནི་མཉམ་གཞག །ད་དུང་དྲན་པ་ཡེངས་ན་རྗེས་ཐོབ་ཏུ་འགྲོ་ཡང་། རྗེས་ཤེས་ཀྱི་རྟོག་པ་སྒྱུ་མ་ལྟར་ཤར་བ་ནི་སྤྲོས་བྲལ་གྱི་རྗེས་ཤེས་སུ་འདོད་ཀྱང་། རྗེས་ཤེས་སྤྲོས་བྲལ་མཉམ་གཞག་དུས་ལྟར་མ་ཤར་བ་ལ་ངོ་མ་ཤེས་པའི་དྲི་མ་དཔེར་ན་མི་འགྲོ་ཤུལ་དུ་མི་རྗེས་དོད་པ་བཞིན། མཉམ་གཞག་སྟོང་ཉིད་ལ་རྗེས་ཤེས་སྒྱུ་མར་ཤར་བ་ནི་རྗེས་ཤེས་མཚན་ཉིད་པ་མིན་པའི་རྟགས་སུ། དྲན་པས་ཟིན་ན་མཉམ་གཞག་གི་ཐོག་ཏུ་ཕོག་འགྲོ་བ་དེ་མཉམ་གཞག་ཀྱང་མཚན་ཉིད་པ་མ་ཡིན། སྤྲོས་བྲལ་མཉམ་རྗེས་འདྲེས་དགོས་ཟེར་བའི་དོན་ཡང་དེ་ཡིན་པར་འདུག །སྐབས་སྐབས་སུ་རྗེས་ཤེས་ཨ་འཐས་ཕལ་ཆེར་དྲན་པས་ཟིན་དུས་གསལ་སྟོང་དུ་ཤར་བ་དེ་རྩེ་གཅིག་གི་དུས་སུ་མཉམ་གཞག །སྤྲོས་བྲལ་གྱི་རྗེས་ཤེས་ཙམ་དུ་འདོད་པས་ཉམས་ཐོག་ཏུ་མི་ཤོར་བར་རྡོ་རུས་འཕྲོད་པ་གལ་ཆེ། ནང་རྟོག་གང་རུང་ཐོལ་གྱིས་ཤར་ཚེ་རང་ཁར་མི་གཏོང་བར་རང་ངོར་བལྟས་པས་ངོ་བོ་རང་སྟོང་དུ་ཤར་བ་ལ་རགས་གཅུན་ཞེས། དེའི་ངང་ལ་ཀློད་ཅིང་གཅུན་པས་སྟོང་འཛིན་གྱི་ཞེན་པ་གཅོད་པ་ཕྲ་གཅུན་ཞེས། ཞེན་མེད་ཀྱི་སྟོང་ཉིད་སྤྲོས་བྲལ་དེ་ལ་ངར་བཏོན་ནས་རྡོ་རུས་སྤྲོད་པ་ངར་གཅུན་ཞེས། དེ་ལྟར་གཅུན་ལྷོད་གཉིས་སྤེལ་ཞིང་བསྒོམས་པས་གོམས་འདྲིས་བརྟན་གསུམ་བྱེད་པ་ལ་དབྱིངས་གཅུན་ཞེས། དེ་ལས་དྲན་པ་ཡེངས་ནས་རྗེས་ཤེས་ཀྱི་རྟོག་པ་རང་ཁར་སོང་ན་སྐྱོན། རང་ངོ་ཤེས་ན་ཡོན་ཏན། ཨ་འཐས་སུ་ཤོར་ན་སྐྱོན། སྒྱུ་མར་ཤར་ན་ཡོན་ཏན་ནོ། །གོང་གི་གཅུན་ལུགས་བཞི་འདི་རྩེ་གཅིག་ཆུང་ངུ་ནས་བཟུང་སྒོམ་མེད་ཆེན་པོའི་བར་མེད་དུ་མི་རུང་བའི་གདམ་པ་ཁྱད་པར་ཅན་ཡིན་འདུག །དེ་ཡིན་ཚུལ་ཤེས་ན་ལྟ་སྒོམ་ལམ་ཁྱེར་གྱི་སྤྱོད་པ་ཞེས་གྲགས་པ་འདི་ཁོ་ནར་ངེས་པ། །དེ་ཕྱིར་དྲན་པ་སྐད་ཅིག་ཀྱང་ཡེངས་པ་མེད་པར་བསྒོམས་པས་ངོ་ཤེས་པ་ནི་ཆུང་ངུའོ། །གཉིས་པ་ཕར་ཕྱིན་འབྲིང་པོའི་རྣལ་འབྱོར་ནི། གྲོལ་ཏིག་ལས། སྟོང་འཛིན་ཡིད་ཆོས་ཉམས་ཀྱི་དྲི་མ་དེ་བུད་ཅིང༔ གང་ཤར་དྲན་རྟོག་ཡུལ་མེད་རྩ་བྲལ་རྟོགས་པ་ནི༔ མཐོང་ལམ་འབྲིང་པོའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིན༔ ཞེས་པས། སྔར་གྱི་གསལ་སྟོང་ནམ་མཁའི་དཀྱིལ་ལྟ་བུ་ཡོད་མེད་རྟག་ཆད་ཀྱི་མཐའ་ལས་འདས་པ་དེ་ལ་ངེས་ཤེས་སྐྱེས་པའི་སྟོང་འཛིན་ཕྲ་མོ་ཡོད་པ་དེ་སྦྲུལ་གྱི་ཤུན་པ་ལྟར་བུད། རྟོག་པ་གང་ཤར་ལ་རྩེར་འཛིན་གྱི་དྲན་པས་རྒྱས་འདེབས་བྱེད་མ་དགོས་པར་རྣམ་རྟོག་རང་སྟོང་གཞི་མེད་རྩ་བྲལ་དུ་ཤར་བ་ཞིག་འོང་། འདི་ནི་དྲན་པ་ཙམ་གྱིས་ངོ་བོར་ཁྲོལ་གྱིས་འགྲོ །དྲན་པས་གསལ་མ་ཐེབས་ན་ཐ་མལ་པ་དང་ཁྱད་མེད་པས། འདིའི་ཚེ་མ་ཡེངས་མི་སྒོམ་ལ་ལྟ་བའི་མཐིལ་བཅོལ་བ་ཡིན་ལ་མ་ཧཱ་མུ་དྲས་སྤྲོས་བྲལ་འབྲིང་པོར་བཏགས་སོ། །ཞེས་གསུངས། རྣལ་འབྱོར་བཞི་རིམ་པས། ཡང་། འབྲིང་པོ་སྟོང་ཞེན་ངེས་ཤེས་རིམ་གྱིས་དག །ཅེས་པས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་རང་རྐང་དུ་ཡུལ་མེད་ལྷང་ངེར་སོང་བའི་དུས་ནི་སྤྲོས་བྲལ་འབྲིང་པོ་ཡིན་ལ། མྱོང་སྣང་རགས་པ་ཆོད་ཀྱང་རྩེ་མོའི་སྐྱོན་ཕྲ་བ་དང་ཕྲ་བའི་ཕྲ་བ་ཡང་ཕྲ་རྣམས། ས་བདུན་པ་མན་ཆད་ལ་ཡོད་གསུངས། རྩེ་མོའི་སྐྱོན་ནི་མྱོང་སྣང་ཡིན་ཏེ། མཉམ་གཞག་གི་མྱོང་སྣང་དང་རྗེས་ཤེས་ཀྱི་མཚན་མ་གཉིས་ལ་འདུ། དེའང་སྤྱི་མཚན་ནོར་བའི་མྱོང་སྣང་། རང་མཚན་འཁྲུལ་པའི་མྱོང་སྣང་། རང་མཚན་མ་འཁྲུལ་པའི་མྱོང་སྣང་དང་གསུམ་ལས། དང་པོ་མུ་སྟེགས་རྟག་ཆད་སྙོམས་འཇུག་དགུ་སོགས་ལོག་རྟོགས་དང་ཕྱོགས་རྟོགས་གོལ་ཤོར་དུ་སོང་བའི་ཉམས་མྱོང་ལ་ཞེན་པའོ། །གཉིས་པ་ཕྱི་མཚན་ནོར་བའི་གོ་རྟོགས་ཡོད་ཀྱང་ཉམས་མྱོང་གི་ལག་ལེན་འཁྲུལ་པའོ། །གསུམ་པ་ཉམས་རྟོགས་ལ་ནོར་འཁྲུལ་མེད་ཀྱང་ཞེན་འཛིན་ཕྲ་རགས་ཀྱིས་བཅིངས་པ་རྣམས་སོ། །དེ་རེ་རེ་ལའང་ཕྲ་རགས་མང་དུ་ཡོད་གསུངས། རྗེས་ཤེས་ཀྱི་མཚན་མ་བཟང་རྟོག །ངན་རྟོག །རྟོག་མེད་ལུང་མ་བསྟན་པ་དང་བཞིར་འདུས་ཀྱང་རེ་རེ་ལའང་ཕྲ་རགས་མང་དུ་ཡོད་གསུངས། དེ་ལྟ་བུའི་སྤང་བྱ་ཕྲ་རགས་རྣམས་གཅོད་པར་བྱེད་པ་ལ། སྐད་ཅིག་ཀྱང་ཡེངས་མེད་ཀྱི་དྲན་པས་གང་ཤར་སྐད་ཅིག་མ་རང་ཐོག་ཏུ་ཕྲ་གཅུན་ངར་གཅུན་བྱེད། སྐབས་འདིར་རྐྱེན་དྲག་པོ་དང་འཕྲད་དུས་རྐྱེན་དབང་དུ་ཅུང་ཟད་འགྲོ །རྐྱེན་མེད་ཀྱི་དུས་སུ་དྲན་པས་ཟིན་ཐོག་ནས་འགྱུ་བ་ཕྲ་རགས་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་གྱི་ངང་ལ་རང་གྲོལ་དུ་འགྲོ་བས་ན་འགྱུ་བ་ལམ་དུ་སློང་བ་ཞེས་པ་ཡིན། དེ་ལྟར་འགྱུ་བ་ལམ་དུ་སློང་བ་སྤྲོས་བྲལ་འབྲིང་པོའི་སྐབས་འདིར་སྦྱང་དཀའི་ཕྲ་གནད་རྒྱུད་ཐོག་ཏུ་གབ་པ་རྣམས་ཡོད་པ་དཔེ་དང་བཅས་པ་གསུངས་ཀྱང་། དོན་བླ་མའི་མན་ངག་གིས་ངོ་མ་སྤྲད་ན་རང་སྟོབས་ཀྱིས་རིག་དཀའོ། །སྤང་བྱ་རགས་པ་རྣམས་གཅོད་བྱེད་ཀྱི་གཉེན་པོ་རྩོལ་བའི་སྒྲིབ་བྱེད་ཕྲ་མོ་དེ་གང་ཤར་གྱི་སྐད་ཅིག་མར་རང་ཐོག་ཏུ་ཕྲ་གཅུན་ངར་གཅུན་བྱེད་དགོས་ཀྱང་། སྦྱང་དཀའི་ཕྲ་གནད་མ་ཆོད་ཀྱི་བར་དུ་ཀློད་ཤེས་པ་གལ་ཆེ། གཅུན་ལྷོད་སྤེལ་མ་མ་ཤེས་ན་གཉེན་པོས་རྩོལ་བའི་སྒྲིབ་བྱེད་འཇུར་བུའི་དྲན་པས་འཆིང་ངོ་། །ཀློད་ཤེས་ན་སྤང་བྱ་རང་གྲོལ་དུ་ངོ་ཤེས་ནས་ཆོད་ཐུབ་པའོ། །དེའང་རགས་པ་ཆོད་པ་ཙམ་དུ་མི་བཞག་པར་གཅུན་ལྷོད་སྤེལ་ཏེ་བསྒོམས་པས་གོང་མ་གོང་མའི་ཕྲ་བ་ཡང་ཕྲ་རྣམས་རིམ་པས་སློངས་ཤིང་ཆོད་ཐུབ། དེ་ལྟར་མ་བྱས་ན་མེ་ཐལ་བས་གཡོགས་པ་བཞིན་སྤང་བྱ་ཟད་པར་ཕྱིན་པའི་འབྲས་བུ་མཐར་ཕྱིན་མི་འོང་། འོག་མ་འོག་མའི་རགས་པ་རྣམས་ཆོད་པའི་མཐུས་གོང་མ་གོང་མའི་ཕྲ་བ་རྣམས་རིམ་པས་སློངས་ཤིང་ཆོད་ཐུབ་པས་རྟོག་པའི་སྒྲོ་འདོགས་ཐམས་ཅད་ཆོད་ནས་རྟོག་པ་རྗེན་པར་ཤར་ཏེ་ངེས་ཤེས་ཡུལ་འཛིན་དང་བྲལ། ཐ་སྙད་ཀྱི་གདགས་ས་མ་རྙེད། བློ་ཡུལ་དུ་བྱར་མ་བཏུབ། ལྟ་སྒོམ་གྱི་ཁས་ལེན་སྟོར་བས་ཐེ་ཚོམ་འོང་སྟེ། ད་སེམས་ལ་གཏད་སོ་དང་དོན་གྱི་བཞག་ས་འདི་ཡིན་གཅིག་ཀྱང་མི་འདུག །སྒོམ་རྒྱུ་དང་ཉམས་སུ་ལེན་རྒྱུའང་མི་འདུག །ཆགས་སྡང་གི་རྟོག་པ་སོགས་དགག་ནི་མ་ནུས། ལུས་ངག་གི་དགེ་སྦྱོར་ཡང་མེད་པར་ཐལ། གནས་སྐབས་ཀྱི་རྟགས་ཡོན་ཏན་སྐྱེ་རྒྱུའང་མི་འདུག །མཐར་ཐུག་གི་འབྲས་བུ་འདི་ཐོབ་པ་ཡིན་སྙམ་པའང་མི་འདུག །ཅི་ཡིན་འདི་ཡིན་མེད་པ་འདི་བསྒོམས་པས་ཅི་ཕན་སྙམ་པའི་ཐེ་ཚོམ་སྐྱེ་བ་འོང་། དེའི་དུས་སུ་ཡོན་ཏན་སྐྱོན་དུ་མཐོང་བ་ཡིན་པས་ཐེ་ཚོམ་མི་བྱ། སྔར་གྱི་ཡོད་ཡོད་འདྲ་མོ་རྣམས་སྐྱོན་མ་རུངས་པ་ཉམས་རྟོགས་དྲི་མ་ཅན་ཞེས་དག་བྱ་ཡིན་ཡང་དེ་ལ་དགའ་སྤྲོ་ཡང་མི་བྱ། སྐྱོན་མིན་ཡོན་ཏན་ཡིན་པས་སླར་ཉམས་སུ་ལེན་པ་ལ་བརྩོན་པར་བྱའོ། །དེ་ལྟར་བརྩོན་པས་ཏིང་ངེ་འཛིན་ཇེ་བརྟན་ལ་སོང་སྟེ་འགྲོ་འདུག་སོགས་སྤྱོད་ལམ་གང་གིའང་མི་གནོད་པ་འདྲ་བ་འོང་བས། དེ་དུས་ད་ཆོག་སྙམ་ནས་བརྩོན་པ་ཇེ་ལྷོད་ལ་ཤོར་ཉེན་ཡོད་པས། དེར་ཤོར་ན་སྔར་བཞིན་ཡང་བསྐྱར་གོང་མའི་ཕྲ་དབྱིངས་ཇེ་ཟབ་ནམ་མཁའི་གཏེར་བཞིན་ཐོན་དཀའ་བ་ཟག་མེད་ཟུག་རྔུའི་ཕྲ་དབྱིངས་གལ་ཆེ་བ་རྣམས་གཟོད་སློང་ཞིང་ཆོད་དགོས་པས། ཐེ་ཚོམ་དང་ཡིན་རློམ་རྣམས་སྤངས་ནས་ས་བཅུའི་རྒྱུན་མཐའ་མན་ཆད་ཀྱི་སྒོམ་སྤང་ཕྲ་རགས་རྣམས་ཟད་སར་མ་ཕྱིན་གྱི་བར་དུ་ལེགས་པར་བསྒོམས་ནས་ཏིང་ངེ་འཛིན་མཐར་བསྐྱལ་བ་གལ་ཆེ་ཚུལ་གྱི་ལུང་མང་ངོ་། །གསུམ་པ་ཕར་ཕྱིན་ཆེན་པོའི་རྣལ་འབྱོར་ནི། གྲོལ་ཐིག་ལས། སྣང་བ་སེམས་སུ་ཤེས་ཤིང་སེམས་ཉིད་རྩ་བྲལ་ཡང༔ སྟོང་འཛིན་སེམས་ཀྱི་དྲི་མ་ཕྲ་མོ་ཡོད་པ་ནི༔ མཐོང་ལམ་ཆེན་པོའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིན༔ ཞེས་པས། འདི་ལྟར་རྟོག་པས་བརྟགས་པའི་ཚེ་སྣང་བ་སེམས་ཀྱི་ཆོ་འཕྲུལ་དུ་གོ་ནས་སེམས་སྣང་ཐོག་ཏུ་བཞག་པས་སྣང་སེམས་ཡུལ་མེད་རྩ་བྲལ་དུ་གྲོལ་ཞིང་། རང་ངོར་སྟོང་འཛིན་ཞིག་པ་ལྟར་སྣང་ཡང་ལམ་གོང་མས་གཞལ་ན་རིག་པ་ལ་སེམས་ཀྱི་དྲི་མས་སྦགས་པའི་སྟོང་འཛིན་ཕྲ་མོ་ཡོད་ལ། རྫོགས་ཆེན་སེམས་སྡེ་པས་ཏིང་འཛིན་ལ་བྱིང་རྒོད་ལ་སོགས་པའི་རྐྱེན་གྱིས་མི་གནོད་པར་བཤད་པ་དང་མཚུངས། འདི་ལ་ཐུགས་དམ་གྱི་ངོ་བོ་བྱ་རྒྱུ་གང་ཡང་མེད་ཅིང་གནད་དུ་སོང་ན་ཡིད་ཀྱི་རྣམ་ཤེས་གནས་འགྱུར་བས། ཆེད་དུ་བསྒོམས་པས་མྱོང་རྒྱུ་དང་བྲལ་ཀྱང་། ལྷུན་གྲུབ་ཀྱི་དྲན་པས་མ་བསྐྱང་ན་བྲལ་ཐོབ་ཤིན་ཏུ་ཆེ་བ་ཡོད་དོ། །དེ་ལྟ་ནའང་སྦྱོར་བཞིའི་བཤད་པ་གཞན་དག་ནས་འདི་ལ་མ་བསྒོམ་ཡང་ཡེངས་འཁྲུལ་མེད་པ་དང་། རྨི་ལམ་དུའང་མི་འབྲལ་བར་འཆད་ཀྱང་རང་གཞུང་འདི་ནས་སྒོམ་ལམ་ཆེན་པོའི་སྐབས་སུའང་མཚན་འཁྲུལ་ཡོད་པར་བཤད་ཅིང་། རང་གི་མྱོང་བ་དང་ཡང་མ་འབྱོར་བས་བཏང་སྙོམས་སུ་བཞག་གོ །དེ་ཅིའི་ཕྱིར་སྙམ་ན། ལྷུན་གྲུབ་ཀྱི་དྲན་པ་ལ་ཉིན་མཚན་ཁོར་ཡུག་ཏུ་ལ་བཟླ་བ་དྲི་མ་མཐའ་དག་ལས་རྣམ་པར་གྲོལ་བ་སངས་རྒྱས་ཁོ་ནའི་སྐབས་ལས་གཞན་དུ་མ་ཡིན་ཏེ། ཕར་ཕྱིན་ཐེག་པར་མ་དག་པ་སེམས་ཅན་གྱི་རིགས། དག་པ་བྱང་ཆུབ་སེམས་དཔའི་རིགས། ཤིན་ཏུ་དག་པ་དེ་བཞིན་གཤེགས་པའི་རིགས་ཞེས་གནས་སྐབས་ཀྱི་སྒོ་ནས་དབྱེ་སྟེ། ས་ལམ་གོང་འོག་གི་རིམ་པས་མིང་འདོགས་ཐ་དད་དུ་བཞག་པའི་ཕྱིར་ཏེ། འགྲོ་བའི་ཁམས་ལ་བདེ་གཤེགས་སྙིང་པོ་ཡོད་པ་གཞིར་བཞག་ནས། བྲལ་བྱའི་དྲི་མའི་དཔེ་ཡང་མགོན་པོ་བྱམས་པས་རྒྱུད་བླ་མར། འཆིང་བ་ཐ་དག་གིས་བཅིངས་པའི་སོ་སོའི་སྐྱེ་བོ་པདྨ་དང་། སྦྲང་མ་དང་། སྤུན་པ་དང་། འདམ་རྫབ་ཀྱི་སྦུབས་ན་སངས་རྒྱས་བཏུམས་པའི་དཔེ་དང་། ཉན་རང་དགྲ་བཅོམ་པའི་རྒྱུད་ལ་ཡོད་པའི་མ་རིག་པས་སྙིང་པོ་བསྒྲིབས་པ་ས་འོག་གི་དབུལ་པོའི་གཏེར་གྱི་དཔེས་བསྟན་པ་དང་། སློབ་པ་སོ་སོའི་སྐྱེ་བོའི་རྒྱུད་ལ་ཡོད་པའི་ཐེག་ཆེན་མཐོང་སྤང་གི་དྲི་མ་རགས་པ། མཆན། དང་། འཕགས་པའི་རྒྱུད་ཀྱི་སྒོམ་སྤང་གི་དྲི་མ་ཕྲ་བ་ལྷན་སྐྱེས་བལྟར་མི་མངོན་པའི་ཁྱད་དོ། །མཆན། གཉིས་ནི། ཤུན་ལྤགས་དང་། གོས་ཧྲུལ་གྱི་དཔེས་བསྟན་པ་ཡིན་ལ། ཁྱད་པར་སྐབས་འདིར་བདེན་པ་མཐོང་བའི་ལམ་དུ་བྱེད་པས་སར་གནས་ཀྱི་ས་བཅུའི་དྲི་མའང་མ་དག་ས་བདུན་མན་ལ་བརྟེན་པའི་དྲི་མ་དང་། དག་པ་ས་གསུམ་ལ་བརྟེན་པའི་དྲི་མ་ནི། མངལ་དང་འདམ་གྱི་གསེར་དཔེ་གཉིས་ཀྱིས་བསྟན་པའི་ཕྱིར་ཏེ། དེ་སྐད་དུ། ས་བདུན་ལ་བརྟེན་དྲི་མ་ནི། །མངལ་སྦུབས་དྲི་མ་དག་དང་མཚུངས། །མངལ་སྦུབས་བྲལ་འདྲ་མི་རྟོག་པའི། །ཡེ་ཤེས་རྣམ་པར་སྨིན་པ་བཞིན། །ས་གསུམ་རྗེས་འབྲེལ་དྲི་མ་རྣམས། །ས་འདམ་གོས་བཞིན་ཤེས་བྱ་སྟེ། །བདག་ཉིད་ཆེན་པོ་རྡོ་རྗེ་ལྟའི། །ཏིང་ངེ་འཛིན་གྱི་གཞོམ་བྱ་ཡིན། །ཞེས་སོ། །དེ་ལྟར་སྐབས་འདིར་མཐོང་ལམ་གྱི་བརྡ་ཆད་བཞག་པའང་ཕར་ཕྱིན་ཐེག་པའི་སྐབས་སུ་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་པས་ཆོས་ཀྱི་མིག་རྡུལ་དང་བྲལ་བ་ཐོབ་ཅེས་པ་དང་མཚུངས་ལ། དེའི་ཚེ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོག་མར་ཐོབ་པས་དགའ་བ་རྒྱ་ཆེན་པོ་སྔོན་བས་ཆེས་འཕགས་པ་ཐོབ་པས་ས་དང་པོ་རབ་ཏུ་དགའ་བ་ཞེས་བྱ་ཞིང་། འདིའི་ལམ་རྟགས་སུའང་རྗེས་ཐོབ་ལ་དགའ་སྤྲོའི་སྣང་བ་དཔག་ཏུ་མེད་པ་འཆར། ཐམས་ཅད་མཁྱེན་པའི་ཉེ་རྒྱུ་ཤེས་རབ་ཀྱི་རལ་ཁ་བྱེ་བ་སོགས་ངེས་པར་འབྱུང་བས་མཐོང་ལམ་མངོན་དུ་བྱས་ཏེ་ས་དང་པོ་ནོན་པའི་འགྱུར་རྩི་བ་ཡིན་ནོ། །འོ་ན་ཡོན་ཏན་གྱི་ཁྱད་པར་དུས་སྐད་ཅིག་མ་ལ་སངས་རྒྱས་བརྒྱའི་ཞལ་བལྟ་བ་ནས། ལུས་རེ་རེ་ལའང་འཁོར་ཕུན་སུམ་ཚོགས་པ་བརྒྱ་བརྒྱས་བསྐོར་བ་སྟོན་པའི་བར་གྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས། སྤྱན་དང་མངོན་ཤེས། སྐྱེ་འཆི་རང་མཚན་པ་མེད་ཅིང་། འཛམ་བུའི་གླིང་གི་རྒྱལ་པོའི་སྐྱེ་བ་འཛིན་ནུས་པ་ལ་སོགས་པའི་ནུས་པ་མངོན་གྱུར་དུ་མེད་པས་སོ་སྙམ་ན། རྫོགས་པ་ཆེན་པོའི་རྒྱུད་ནས་ཁྱུང་ཕྲུག་སྒོ་ངའི་སྦུབས་ནས་རྩལ་རྫོགས་ཏེ་སྒོ་ངའི་རྒྱ་ལས་གྲོལ་མ་ཐག་འཕུར་བ་ལ་ཆགས་ཐོགས་མི་མངའ་བ་དང་། བྱ་ཕྲན་སྒོང་རྒྱ་ལས་གྲོལ་ནས་ཀྱང་ཡུན་རིང་པོར་ཚང་དུ་བསྐྱེད་བསྲིང་བྱའི་དཔེས་བསྟན་ཏེ། ཕར་ཕྱིན་དུ་བསྐལ་པ་གྲངས་མེད་ལ་སོགས་པར་ལམ་ལ་ཞུགས་ནས་ཅི་ཞིག་ན་འབྲས་བུ་མངོན་གྱུར་དུ་བྱ་བ་དང་། རྡོ་རྗེ་ཐེག་པའི་སྐབས་སུ་སྤང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་སྒོམ་ཆེན་གྱི་ལུས་རྒྱའི་སྦུབས་སུ་རྩལ་རྫོགས་ཏེ་ལུས་ཀྱི་སྒོ་ངའི་རྒྱ་ལས་གྲོལ་མ་ཐག་དག་པ་གཉིས་ལྡན་གྱི་ས་ལ་མིག་འཕྲུལ་ལྟར་བཙན་ས་ཟིན་པའི་ངེས་པ་འདྲེན་རྒྱུ་ཡོད་པས་ཅིས་ཀྱང་ཡོན་ཏན་དེ་དག་མངོན་གྱུར་དུ་མཐོང་མི་དགོས་སོ། །འདིའི་ཚུལ་ཞིབ་པ་ནི་མཛོད་བདུན་ལ་སོགས་པ་མན་ངག་གི་བསྟན་བཅོས་རྣམས་སུ་བལྟའོ། །ཞེས་གསུངས། རྣལ་འབྱོར་བཞི་རིམ་པས། ཡང་། ཆེན་པོ་ཕྱི་ནང་ཆོས་ལ་སྒྲོ་འདོགས་ཆོད། །རིག་པ་རྟེན་མེད་གཅེར་བུ་ལྡིང་མར་བུད། །ཅེས་པས། ཉམས་རྟོགས་ཀྱི་ས་མཚམས་སོགས་ཕར་ཕྱིན་ཐེག་པའི་མཐོང་ལམ་ཆེན་པོ་དང་འདྲ་བས་ཆེར་སྤྲོས་མ་དགོས་ཀྱང་། འདིར་ཏིང་ངེ་འཛིན་གྱི་མཆོག་དམ་པའི་མདོ་ལས། ལུང་ཁུངས་འདི་དཔྱད་པ་ཅན་དུ་འདུག་ཀྱང་གོང་འོག་གི་གནད་རྣམས་འདུ་བས་གསུང་བཙན་པ་ཞིག་སྣང་། མཆན། འདི་ལ་ནན་གྱིས་མཉམ་པར་གཞག །ཡེངས་པ་མེད་པའི་བརྩོན་འགྲུས་བྱ། །མཚན་མའི་ཆོས་སྤྱོད་འདིར་མི་བརྟེན། །དབེན་པའི་གནས་སུ་གཅིག་པུར་འདུག །འདི་ལ་ཐེ་ཚོམ་མི་དགོས་ཏེ། །ད་དུང་འདི་ལ་ཐེ་ཚོམ་འོང་། །ཉི་མ་ཤར་བ་ཙམ་གྱིས་ནི། །ས་གཞི་དྲོས་པར་མི་ནུས་ཀྱང་། །རིམ་གྱིས་འོད་ཟེར་རྒྱས་ནས་དྲོས། །ནོར་བུ་ལོན་པ་ཙམ་གྱིས་ནི། །དགོས་འདོད་འབྱུང་བར་མི་འགྱུར་ཡང་། །མཆོད་དང་གསོལ་བ་བཏབ་གྱུར་ན། །དགོས་འདོད་ཐམས་ཅད་འབྱུང་བར་འགྱུར། །བྱིས་པ་མི་ལས་མ་འདས་ཀྱང་། །སྐྱེས་མ་ཐག་ནས་སྟོབས་ལྡན་མིན། །རིམ་གྱིས་བསླབ་པས་སྣ་ཚོགས་ཤེས། །དེ་བཞིན་བདེན་པའི་སྟོབས་མཐོང་ཡང་། །མ་གོམས་ཡོན་ཏན་འབྱུང་མི་འགྱུར། །གོམས་པ་ལས་ནི་མཆོག་ཐོབ་བོ། །ཐུན་མོང་གྲུབ་ཆེན་བརྒྱད་ལ་སོགས། །འདི་ཀུན་རྟེན་ཅིང་འབྲེལ་བའི་མཐུས། །ང་རྒྱལ་རློམ་པར་བཅས་པ་ཡི། །མངོན་པར་ཤེས་པ་ཤར་བས་ཕོངས། །མཆོག་ལ་མ་བསླེབ་དེ་ཡིས་བསྒྲིབས། །ལྷ་སོགས་འགྲོ་བ་མ་ལུས་པ། །ལས་ཀྱི་རྫུ་འཕྲུལ་བསམ་མི་ཁྱབ། །དེ་ཀུན་ཐར་པའི་རྒྱུར་མ་གསུངས། །འདི་ལ་ས་དང་ལམ་མེད་དོ། །ཉམས་མྱོང་སྐྱེ་བའི་རིམ་པ་ཡིན། །ཡང་དག་བདེན་རྫུན་ཟད་པ་ལ། །རྟགས་དང་མཚན་མ་ག་ལ་ཡོད། །འོན་ཀྱང་འདི་ལ་ཐེ་ཚོམ་འབྱུང་། །དྭ་ཕྲུག་མ་དང་འཕྲད་ངེས་ཀྱང་། །ད་དུང་མ་ལ་ཡིད་མི་རྟོན། །ལོ་རྒྱུས་བརྗོད་པས་ངེས་པ་རྙེད། །དེ་བཞིན་རང་ལ་གནས་པའི་དོན། །གཉུག་མ་ངོས་བཟུང་བྲལ་བ་ལ། །མྱོང་བ་ཅི་ཡང་མེད་པའི་ཕྱིར། །འདི་ལ་ཅི་ལྟར་ཉམས་སུ་བླང་། །ཐ་མལ་ཤེས་པ་སད་པ་ཙམ། །གུད་ན་ཐོབ་རྒྱུ་ཡང་མི་འདུག །འདི་ལ་བདེན་པའི་དོན་མཐོང་ཞེས། །རྟོགས་དང་ལྡན་པ་ཅི་ཕྱིར་སྨྲ། །འདི་ལ་ཆགས་སྡང་ཅི་ཕྱིར་སྐྱེ། །ཉོན་མོངས་རྣམ་རྟོག་ལ་སོགས་པ། །འདི་ཡིས་འགག་པར་མ་ནུས་ཞེས། །ཤིན་ཏུ་དྭངས་བདེ་གསལ་བ་འམ། །ཡང་ན་དྲན་པ་འགགས་པར་འདོད། །བདུད་ཀྱི་འཇུག་སྒོ་དང་པོ་ཡིན། །དེ་ཚེ་མདོ་རྒྱུད་བསྟན་བཅོས་བལྟ། །བླ་མའི་དྲུང་དུ་སྒྲོ་འདོགས་གཅོད། །རྒྱུན་ཆད་མེད་པར་གསོལ་བ་བཏབ། །ངེས་ཤེས་ཡང་དང་ཡང་དུ་སྐྱེད། །ཡང་ན་རྩོད་པ་དྲག་པོ་དང་། །གྲུབ་པའི་མཐའ་ལ་བརྟག་ཅིང་དཔྱད། །སེམས་ཀྱིས་སེམས་ལ་ནན་གྱིས་བལྟ། །ཉམས་མྱོང་གདམ་པ་དུ་མར་བལྟ། །རི་ཁྲོད་འགྲིམས་ཤིང་སྐྱོ་བ་སྐྱེད། །དེས་ནི་སྒྲོ་འདོགས་ཆོད་པར་འགྱུར། །དམ་ཆོས་གང་བལྟ་བདུད་རྩིར་མཐོང་། །དེ་དག་ཐེག་པ་གཅིག་ཏུ་གོ །འགྲོ་བ་རྣམས་ལ་སྙིང་རྗེ་སྐྱེ། །དེ་དག་སྒྱུ་མ་ལྟ་བུར་གོ །བླ་མ་སངས་རྒྱས་ཉིད་དུ་བལྟ། །གང་ཡང་སྤྲུལ་པའི་མཛད་པར་རིགས། །ཅི་ལྟར་གླ་རྩིའི་ཤུན་དང་ནི། །ཉི་མ་ནུབ་པའི་མདངས་བཞིན་དུ། །ཉོན་མོངས་རྟོག་པའི་ཚོགས་རྣམས་ཀུན། །འདི་ཡིས་ནུས་པ་མེད་པར་བྱས། །རིམ་གྱིས་འགག་པར་ཐེ་ཚོམ་མེད། །འདི་ལ་འཇོག་ཚུལ་གསུམ་ཡོད་དོ། །དབང་པོ་རབ་ཏུ་གྱུར་པ་ཡིས། །དེ་བཞིན་གཤེགས་པའི་འཇོག་ཚུལ་ནི། །སེམས་འཛིན་མ་བཅོས་རང་སར་ཞོག །ཤེས་པ་མ་བསྒྲིམ་ཀློད་ལ་ཞོག །གཉུག་མ་ངོས་གཟུང་མེད་པར་ཞོག །སྒོ་ལྔ་མ་དགག་ཡན་པར་ཞོག །སྤྲོ་བསྡུ་མ་བྱེད་གཞི་ལ་ཞོག །བྱུང་ཚོར་མི་དགག་ལྷུག་པར་ཞོག །ཡུལ་རྗེས་མ་འབྲངས་རང་སར་ཞོག །མ་ཡེངས་རྒྱུན་ཆད་མེད་པར་ཞོག །ལྷོད་དེ་ཤིགས་སེ་ཀློད་ལ་ཞོག །སེང་ངེ་ཙེན་ནེར་གསལ་བར་ཞོག །ཕྱལ་ལེ་སང་ངེ་སྟོང་པར་ཞོག །མ་བཅོས་པ་ལ་བཞག་པ་མེད། །བཞག་པ་མེད་ལས་མ་འདའ་ཞིག །མ་ཡེངས་པ་ལ་དྲན་རྒྱུ་མེད། །དྲན་རྒྱུ་མེད་ལས་མ་འདའ་ཞིག །གཉུག་མའི་ངང་ལ་དམིགས་གཏད་མེད། །དམིགས་གཏད་མེད་ལས་མ་འདའ་ཞིག །སྒོམས་ཤིག་སྒོམས་ཤིག་མ་སྒོམས་ཤིག །སྒོམ་དུ་མེད་པའི་ངང་ལ་ཞོག །ཞོགས་ཤིག་ཞོགས་ཤིག་མ་འཇོག་ཅིག །གཞག་རྒྱུ་མེད་པའི་ངང་ལ་ཞོག །ཡེངས་ཤིག་ཡེངས་ཤིག་མ་ཡེངས་ཤིག །ཡེངས་མེད་ངང་ལ་མ་ཡེངས་ཤིག །རྒྱལ་བའི་དགོངས་པ་ཉག་གཅིག་པོ། །ཐོག་མ་མེད་ནས་དེ་ལྟར་གནས། །ཡུལ་ལ་མི་འཕྲོ་གནས་པའི་ཚད། །དམིགས་གཏད་མེད་ན་སྒོམ་པའི་ཚད། །ཉིན་མཚན་མེད་ན་གསལ་བའི་ཚད། །རྒྱུན་ཆད་མེད་ན་གོམས་པའི་ཚད། །ཡེངས་བ་མེད་ན་གོམས་པའི་ཚད། །གོམས་ཚད་ལྔ་པོ་དེའི་སྟེང་དུ། །མ་ཕྱིན་བར་དུ་བསྒོམ་དགོས་སོ། །མ་སྒོམ་རྟོགས་དང་མ་རྟོགས་མེད། །དྲན་པས་ཟིན་ན་གཉེན་པོ་ཡིན། །གཉེན་པོ་ཞིག་ན་སངས་རྒྱས་ཡིན། །ཞེས་གསུངས་པ་འདི་ཞིབ་ཏུ་དཔྱད་ན་སྤྲོས་བྲལ་ཆུང་འབྲིང་ཆེ་གསུམ་གྱི་ཉམས་དང་རྟོགས་པའི་ས་མཚམས་བཞག་ཐབས་སམ་བསྒོམ་ཚུལ་རྫོགས་ཆེན་སྣང་བ་ཡུལ་གྱི་བློ་ཅན་ནམ་དབང་འབྲིང་མན་ཆད་ཀྱི་ལམ་རྟགས་མེད་མི་རུང་བ་རྣམས་འདི་ལྟར་རོ། །མཆན། སོགས་འདུ་ཞིང་། གོང་གསལ་ལྟར་ཤེར་ཕྱིན་མཐོང་ལམ་ཆེན་པོའི་དོན་ཡང་གཅིག་ཏུ་འབབ་པས་དེ་བས་མི་དགོས་ཀྱང་། བྱ་བྲལ་ཆེན་པོའི་གསུང་ལྟར་ཚིག་སྣ་ཅུང་ཟད་བསྟུངས་ཏེ་སྤྲོས་ན། གོང་གི་ཐེ་ཚོམ་དང་ཐང་ལྷོད་སྤངས་ནས་ཉམས་ལེན་ལ་བརྩོན་པས་སྤང་བྱ་ཕྲ་རགས་རྣམས་ཆོད། རྟོགས་པ་གོམས་ཤིང་ཀློང་དུ་གྱུར་རིམ་བཞིན་ཆུང་འབྲིང་ཆེ་གསུམ་གྱི་ས་མཚམས་གསུངས་པས་ཀྱང་མ་ཟད་རང་རང་གི་ཁམས་དབང་གིས་ཉམས་རྟོགས་བཟང་ངན་གྲངས་མེད་གཅིག་འབྱུང་སྟེ། ཅི་ལྟར་བྱུང་ཡང་རགས་པ་ཆོད་པའི་དུས་མི་ཀློད་པར་བསྒོམས་པས། གོང་མའི་ཕྲ་བ་དང་ཕྲ་བའི་ཕྲ་བ་ཡང་ཕྲ་རྣམས་རིམ་པས་སློང་ཞིང་ཆོད་ནུས། ཅི་ལྟར་ཆོད་ཀྱང་སྣང་སྟོང་སོ་མ་དེས་སྒོམ་གྱི་གོ་མི་ཆོད་པར་འཆར་སྒོ་སྔ་མ་རྣམས་འགག་ནས་སྟོང་ཉིད་སྤྲོས་བྲལ་གྱི་ངང་དུ་ལྷངས་ཀྱིས་ཕོག་དགོས་པས་ན། སྟོང་ཉིད་གཟུང་དྲན་ཟེར་བའི་དོན་དེ་ཡིན་པས། འདི་དུས་གཞན་དོན་ལ་གཡེང་བ་སོགས་བྱས་ན་དགེ་སྦྱོར་འཕེལ་འཕྲོ་ཆད་ནས་ཉམས་རྟོགས་ཡལ། སེམས་རྒྱུད་ཐ་མལ་དུ་སོང་སྟེ་ཁ་ལྟ་མཐོ་ཞིང་རང་གི་ཡོན་ཏན་ལ་ང་རྒྱལ། གཞན་གྱི་ཡོན་ཏན་ལ་ཕྲག་དོག་དང་ཁྱད་གསོད་བྱེད། ཉོན་མོངས་པ་དང་ཆོས་བརྒྱད་ཀྱི་ཞེན་པ་དང་སྤྲོས་པ་ཇེ་ཆེར་འོང་། འདིའི་དུས་སུ་བསམ་པས་གཞན་དོན་དུ་སེམས་བསྐྱེད་པ་དང་། སྦྱོར་བ་སྐད་ཅིག་ཀྱང་ཡེངས་བ་མེད་པ་ཞིག་གི་རྣམ་པར་རྟོག་པ་རང་རྒྱུད་པ་མ་ཡིན་པས། རྣམ་པར་དཔྱོད་པ་ཡིད་ལས་འདས་པའི་ཤེས་རབ་ཟབ་མོ། མཆན། དང་བཅས་པས་ཏིང་ངེ་འཛིན་བསྒོམ་དགོས་གསུངས་པ་འདི་འོག་མའི་རེ་དོགས་འཇུར་དྲན་ཡིད་དང་མཚུངས་ལྡན་རྟ་རྔ་དང་སྦྲུལ་མདུད་ཀྱི་དཔེས་བསྟན་པ་ལྟར་གཉིས་འཛིན་རགས་པ་རྣམས་རིམ་གྱིས་ཞིག་པ་ལ་ཆོད་ཅེས་པའི་དོན་ཡིན་པར་འདུག་པས། ཡིད་ལས་འདས་པའི་ཤེས་རབ་ནི་ངོ་ཤེས་ཀྱི་མི་དང་འཕྲད་པའམ་ཁང་སྟོང་དུ་རྐུན་མ་ཕྱིན་པའི་དཔེ་དེ་ལྟ་བུ་ཡིན་ཚུལ་གོང་མ་རྣམས་ལའང་སྦྱར་ཏེ་གོ་བ་ལེན་དགོས་པར་འདུག །འདི་སྐབས་རྟོག་པའི་ངོ་བོ་བསྒོམ་རྒྱུ་མེད་ཐག་ཆོད་ཀྱང་སྒོམ་མེད་ཀྱི་ངང་ལ་ཡེངས་མེད་བསྐྱང་གསུངས་པ་འདིའང་། ཡང་དག་གི་དྲན་པས་མི་སྒོམ་པའི་ཚུལ་གྱིས་བསྒོམ་པར་བྱའི་ཞེས་གསུངས་པ་ཡིན་འདུག་པས། རགས་ཆོད་ཕྲ་ཆོད་ཤིན་ཏུ་ཕྲ་ཆོད་སོགས་ཀྱང་དེ་ལྟ་བུ་ལ་དགོངས་པའི་ཆོས་སྐད་ཡིན་པས་དེ་ལྟར་གོ་བ་ལེན་དགོས་སོ། །འདི་སྐབས་ཉིན་མཚན་ཁོར་ཡུག་ཏུ་འགྲོ་ཚུལ་གསུངས་ཀྱང་། དྲན་པ་བརྟན་ན་ཉིན་པར་རྒྱུན་ཆད་མེད་དེ། རྨི་ལམ་དུ་འཛིན་པ་ད་དུང་ཡོད་པ་ནི་སྤྲོས་བྲལ་གྱི་རྗེས་ཤེས་རྟོགས་པར་ཤར་བ་ཡིན། འདི་ཡན་ཆད་དྲན་པ་ལ་དབང་ཐོབ་པ་ཟེར་ཡང་། སྒོམ་མེད་ཆེན་པོར་མ་སླེབ་བར་མཚན་མོའི་རྨི་རྟོག་མ་ངེས་པ་ཡོད། ཉིན་པར་ཡང་ཡུལ་རྐྱེན་དྲག་པོ་དང་འཕྲད་ཚེ་རྐྱེན་ཐུབ་དཀའ་ཚུལ་སོགས་ནི་རྒོད་ཚང་པས་བཞེད་འདུག་གོ །དེ་ལྟར་བསྒོམས་པའི་ཕན་ཡོན་དང་མ་བསྒོམ་པའི་ཉེས་དམིགས་རྣམས་གོང་དུ་བཤད་པ་ལྟར་ཡིད་ལ་བྱས་ཏེ། ཏིང་ངེ་འཛིན་ལ་སྐད་ཅིག་ཀྱང་ཡེངས་པ་མེད་པར་བསྒོམ་པས་སྤྲོས་བྲལ་རང་སྐབས་ཀྱི་སྤང་བྱ་ཕྲ་རགས་རྣམས་ཆོད་ནས་ཏིང་ངེ་འཛིན་མཐར་ཕྱིན་ཏེ། སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་མ་སྟོང་པ་མེད་པས་སྤྲོས་པ་ཐམས་ཅད་དང་བྲལ་བ། མཚན་མ་མེད་ཅིང་འཛིན་པའི་སྒྲོ་འདོགས་ཆོད་པ་ནི་སྤྲོས་བྲལ་ཆེན་པོའོ། །དེ་ལྟར་ཆུང་ངུ་ནི་སྤྲོས་བྲལ་གྱི་གཞི། འབྲིང་པོ་ནི་ལམ། ཆེན་པོ་ནི་འབྲས་བུའོ། །གསུམ་པ་སྐྱོན་དག་ཚུལ་ནི། སློབ་དཔོན་པདྨས། སྤྲོས་བྲལ་རྩལ་རྫོགས་ཙ་ན་སེམས་སྟོང་པར་ཤེས་པས་ཉོན་མོངས་པའི་སྒྲིབ་པའི་སྐྱོན་དག །འཁོར་བར་མི་ལྡོག །ཕུང་པོའི་བདུད་བཅོམ་མོ། །ཞེས་སོ། །བཞི་པ་ཡོན་ཏན་སྐྱེ་ཚུལ་ནི། སློབ་དཔོན་པདྨས། ཡོན་ཏན་གདམ་ངག་བླ་མར་མཐོང་། དངོས་འཛིན་མཚན་མའི་ཆོས་ལས་བློ་ལོག །ཡང་དག་པའི་ཆོས་ལ་དགའ་བའི་ངེས་ཤེས་སྐྱེ། མཐོང་ལམ་ཆོས་ཉིད་ཀྱི་བདེན་པའི་ཡོན་ཏན་ཐོབ། ལས་རྒྱུ་འབྲས་ལ་རྨི་ལམ་ལྟ་བུའི་རྟེན་འབྲེལ་བསྒྲིག་ཤེས། བླ་མ་སངས་རྒྱས་ལོངས་སྐུར་མཐོང་། གཉིས་མེད་ཀྱི་བྱིན་རླབས་འཇུག །རང་དོན་གཙོ་ཆེ་ཞིང་གཞན་དོན་ཞོར་ལ་བསྒྲུབ་པས་ཐེག་པ་ཆེན་པོ་མཚན་ཉིད་པ་དང་མཐུན་ནོ། །ཞེས་སོ། །ལྔ་པ་ཏིང་ངེ་འཛིན་དེ་བོགས་འདོན་ཅིང་གོང་མ་ལ་སྦྱོར་ཚུལ་ནི། བྱ་བྲལ་བས། དེ་ལྟར་སྤྲོས་བྲལ་རང་རྩལ་རྫོགས་ཙ་ན། །རང་སྐབས་སྐྱོན་དག་ཡོན་ཏན་ཐམས་ཅད་སྐྱེ། །དེ་ཉིད་རོ་གཅིག་རྣལ་འབྱོར་ཉིད་ལ་སྦྱོར། །སྦྱོར་ཚུལ་ཐབས་དང་ཤེས་རབ་ཟུང་འབྲེལ་གྱིས། །ཞེས་པས། སྤྲོས་བྲལ་གྱི་རྣལ་འབྱོར་འདི་ཐར་པ་བྱང་ཆུབ་ཀྱི་ལམ་ལ་སྙེ་མ་བུད་པ་ཙམ་ཡིན་ཏེ། ལོ་ཏོག་ལ་སྙེ་མ་བུད་པ་ཙམ་གྱིས་མི་ཆོག་པར་སྟོན་ཐོག་མཐར་མ་ཕྱིན་གྱི་བར་དུ་སོ་ནམ་བྱེད་པ་ལྟར་བོགས་འདོན་དགོས་པས་ན། སྤྲོས་བྲལ་ལུགས་ཀྱི་ལྟ་བ་རྣམ་དག་རྟོགས་ཀྱང་མཐར་ཐུག་གི་འབྲས་བུ་ཐོབ་པའི་ངེས་པ་མེད་པས། ད་དུང་ཚེ་འདིའི་བྱ་བ་བཏང་ནས་བླ་མ་དགེ་བའི་བཤེས་གཉེན་དང་། མདོ་རྒྱུད་དགེ་བའི་བཤེས་གཉེན་བསྟེན་ཅིང་། རང་གི་མོས་གུས་ཁྱད་པར་ཅན་དང་ཤེས་རབ་ཟབ་མོའི་ཉེར་ལེན་འཛོམས་པའི་སྒོ་ནས། ལྟ་སྒོམ་སྤྱོད་གསུམ་ཅིག་ཅར་དུ་དྲིལ་ཏེ་ཉམས་སུ་བླང་ནས་བོགས་འདོན་ཅིང་གོང་མ་ལ་སྦྱོར་བ་གལ་ཆེ་ཚུལ་གྱི་ལུང་མང་ངོ་། །གསུམ་པ་མཉམ་ཉིད་རོ་གཅིག་ནི། སྡོང་བྱ་བྲལ་བས། སེམས་ཀྱི་མཚན་ཉིད་མ་སྐྱེས་མི་འགགས་ཤིང་། །དབྱེར་མེད་ཟུང་འཇུག་མཐའ་བྲལ་ལྷུན་གྲུབ་རྟོགས། །བདེན་གཉིས་དབྱེར་མེད་རྣལ་འབྱོར་རོ་གཅིག་ཡིན། །ཞེས་པས། དེ་ལའང་ལྔ་སྟེ། རོ་གཅིག་གི་ངོ་བོ་སྤྱིར་བསྟན་པ། བྱེ་བྲག་ཆུང་འབྲིང་ཆེ་གསུམ་དུ་དབྱེ་བ། སྐྱོན་དག་ཚུལ། ཡོན་ཏན་སྐྱེ་ཚུལ། ཏིང་ངེ་འཛིན་དེ་བོགས་འདོན་ཅིང་གོང་མ་ལ་སྦྱོར་ཚུལ་ལོ། །དང་པོ་ངོ་བོ་སྤྱིར་བསྟན་པ་ནི། འོག་མ་སྤྲོས་བྲལ་གྱི་ཏིང་ངེ་འཛིན་དེ་མོས་གུས་དང་ཤེས་རབ་ཀྱིས་ཟིན་པར་བསྐྱངས་པས། དེ་ཉིད་རོ་གཅིག་གྱི་རྣལ་འབྱོར་དུ་ཤར་ཏེ་ཆོས་ཉིད་སེམས་སུ་འདུས་ཤིང་སེམས་ཉིད་ཅི་ཡི་ངོ་བོར་ཡང་མ་གྲུབ་པས་ངོས་གཟུང་གི་མཐའ་ཐམས་ཅད་དང་བྲལ་ཏེ་སྟོང་། དེའང་སྟོང་རྐྱང་ཁོ་ན་མ་ཡིན་པར་སེམས་ཉིད་སྟོང་པའི་རང་མདངས་སྣང་སྲིད་འཁོར་འདས་ལམ་གསུམ་གྱི་ཤེས་བྱའི་ཆོས་དུ་མ་སྣ་ཚོགས་སུ་རང་སྣང་། སྣང་སྟོང་གཉིས་དུས་དང་རྣམ་པ་ཐམས་ཅད་དུ་ཆུ་དང་རླབས་བཞིན་སྐད་ཅིག་ཀྱང་ཐ་དད་དུ་ཡོད་མ་མྱོང་། ཡེ་གདོད་མ་ནས་དབྱེར་མེད་ཟུང་འཇུག་ཡངས་པ་ཆེན་པོར་ལྷུན་གྱིས་གྲུབ་པའོ། །དེ་ལྟར་སེམས་ཉིད་དངོས་པོའི་ཆོས་སུ་མ་སྐྱེས་པས་སྐྱེ་བ་མེད་པ། དངོས་མེད་ཀྱི་ཆོས་སུ་མ་འགགས་པས་འགག་པ་མེད་པ། ཐ་དད་ཀྱི་ཆོས་སུ་མི་གནས་པས་དབྱེར་མེད་པ་སྟེ། སྐྱེ་འགག་གནས་གསུམ་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བ་མཐའ་བྲལ་ལྷུན་གྲུབ་ཀྱི་ཆོས་སྐུ་ཆེན་པོའོ། །དེས་ན་དུ་མར་སྣང་བའི་ཆོས་ཐམས་ཅད་སེམས་ཉིད་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་ངོ་བོར་རོ་གཅིག་པས། ཤེས་བྱའི་ཆོས་ཐམས་ཅད་རང་ས་ནས་མདོག་མ་འགྱུར། གྲ་མ་ཆག །ཟུར་མ་ཉམས། རྒྱ་མ་ཞིག་པར་ཅི་ལྟར་གནས་པ་དེ་ལ། སྤང་གཉེན། བསལ་གཞག །འཆིང་གྲོལ། བྲལ་ཐོབ་གང་ཡང་མེད་ཅིང་། གཉེན་པོས་བཟོ་བཅོས་མ་བྱས་པར་རང་སར་རང་གྲོལ་བ་དེ་རང་ངོ་ཤེས་པ་ནི་རོ་གཅིག་གི་རྟོགས་པའོ། །དེའང་སྤྲོས་བྲལ་དང་རོ་གཅིག་གི་ཁྱད་པར་ནི་སྣང་བ་ཟུང་དུ་ཚུད་མ་ཚུད་ཡིན་པར་གསུངས་པས། སྟོང་ཐོག་ཏུ་ཉམས་ལེན་བྱེད་པ་སྤྲོས་བྲལ། སྣང་སྟོང་དབྱེར་མེད་རོ་གཅིག །དོན་དམ་བདེན་པ་སྤྲོས་བྲལ། བདེན་གཉིས་དབྱེར་མེད་རོ་གཅིག །རིག་སྟོང་དབྱེར་མེད་སྤྲོས་བྲལ། སྣང་སྟོང་དབྱེར་མེད་རོ་གཅིག །དབྱིངས་སྤྲོས་བྲལ། དབྱིངས་ཡེ་དབྱེར་མེད་རོ་གཅིག །འདས་པ་སྤྲོས་བྲལ། འཁོར་འདས་དབྱེར་མེད་རོ་གཅིག །རྫོགས་རིམ་སྤྲོས་བྲལ། བསྐྱེད་རྫོགས་རོ་མཉམ་པ་རོ་གཅིག །སྤྲོས་བྲལ་ནི་སྣང་ཐོག་ཏུ་སྒྲོ་འདོགས་ཆོད་པ་དོན་དམ་པའི་ཤེས་རབ། རོ་གཅིག་ནི་སྣང་ཐོག་ཏུ་སྒྲོ་འདོགས་ཆོད་པ་ཀུན་རྫོབ་པའི་ཤེས་རབ། སྤྲོས་བྲལ་ནི་སེམས་ཀྱི་ངོ་བོ། རོ་གཅིག་ནི་སེམས་ཀྱི་མཚན་ཉིད། སྤྲོས་བྲལ་ནི་གཞི་གནས་ལུགས་དོན་གྱི་ཕྱོགས་གཅིག་ལས་མི་རྟོགས་པ། རོ་གཅིག་ནི་གཞི་དོན་ཅི་ལྟ་བ་བཞིན་རྟོགས་ཏེ་ཆོས་ཐམས་ཅད་སེམས་སུ་འདུས་ཤིང་། སེམས་ཉིད་གདོད་མ་ནས་མ་སྐྱེས་མི་འགག་དབྱེར་མེད་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་སྤྱོད་ཡུལ་དོན་དམ་པ་ལྷག་པའི་ཆོས་སྐུ་ཆེན་པོ་ཕྱག་རྒྱ་སྤྲོས་པའི་དགོངས་པ་ཡལ་ནས། སྣང་བ་དཀར་དམར་ལ་སོགས་པའི་འཆར་སྒོ་མཐའ་དག་སེམས་ལ་ཐིམ་པས་ཕྱི་གཟུང་ཡུལ་མངོན་གྱུར་རགས་པ་མེད། སེམས་ཀྱི་འགྱུ་དྲན་ཐམས་ཅད་རིག་པ་བརྗོད་བྲལ་ལ་ཐིམ་པས་ནང་འཛིན་པའི་འདུ་ཤེས་གྲུང་པོ་དང་བྲལ་ཞིང་། འཁོར་འདས་ཀྱི་རྟེན་འབྲེལ་ཐམས་ཅད་དུ་མ་རོ་གཅིག་ཏུ་ཤར་བ་ལ་མ་ཧཱ་མུ་དྲས་རོ་གཅིག་ཆུང་ངུར་བཏགས་པའོ། །ཞེས་གསུངས། གཉིས་པ་རྒྱས་པར་བཤད་པ་ལ། རྣལ་འབྱོར་བཞི་རིམ་པས། ཡང་། ཆུང་ངུ་སྣང་སྟོང་ལམ་སློང་ངེས་ཤེས་སྐྱེ། །ཞེས་པས། རོ་གཅིག་ཆུང་ངུ་དེའི་གོ་བ་ནི་བདེན་གཉིས་དབྱེར་མེད་ཀྱི་དོན་མངོན་སུམ་དུ་རྟོགས་པར་འདོད་ཀྱང་། འོག་མ་སྤྲོས་བྲལ་གྱི་དུས་སུ་སྣང་སྟོང་གང་ཤར། སྟོང་མི་སྟོང་། སྤྲོས་པ་དང་བྲལ་མ་བྲལ། བདེ་མི་བདེ་སོགས་སྤྲོས་བྲལ་རང་སྐབས་ཀྱི་གཉིས་འཛིན་རགས་པ་དག་ནས། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཉིད་ཆོས་སྐུ་ཐིག་ལེ་ཉག་གཅིག་རོ་གཅིག་མཉམ་པ་ཉིད་དུ་རྟོགས་ཏེ་གང་ཤར་ཐ་མལ་གྱི་ཤེས་པ་སོ་མ་རང་སྒོམ་དུ་ཤར་ཏེ། གཉིས་ཆོས་ཐམས་ཅད་གཉིས་མེད་ཟུང་འཇུག་ཡངས་པ་ཆེན་པོར་རྟོགས་པའི་དོན་ལ་ངེས་ཤེས་གཏིང་ནས་སྐྱེས་ཏེ། དོན་ལ་མྱོང་ཞེན་ཉམས་ཀྱི་དྲི་མ་དང་། ངེས་ཤེས་ཡུལ་འཛིན་གྱི་དྲི་མ་ཕྲ་བ་ཡོད་པས་དེ་མ་ཆོད་བར་དུ་རོ་གཅིག་ཆུང་ངུ་ཡིན་ནོ། །འདིའི་དུས་སུའང་དེ་ཁོ་ན་ཉིད་ལ་རྨོངས་པའི་དྲི་མ་སངས་ཀྱང་། ལས་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པ་མ་སངས། དུ་མ་རོ་གཅིག་ཏུ་རྟོགས་ཀྱང་རོ་གཅིག་དུ་མར་ཤར་བའི་རྟེན་འབྲེལ་གྱི་ཆོས་ཉིད་མ་ཤེས་པས་ཟུང་འཇུག་གི་དོན་ལ་ངེས་ཤེས་ཧ་ཅང་ཐལ་དྲགས་ཏེ། ཐ་མལ་གྱི་ཤེས་པ་རང་ག་འདི་ལ་བསྒོམས་པས་འཕེལ་རྒྱུ་དང་། མ་བསྒོམ་པས་འགྲིབ་རྒྱུ་མེད་པས་བསྒོམས་མ་བསྒོམ་ཁྱད་མེད། ལས་རྒྱུ་འབྲས་ལ་སྤང་བླང་དགག་སྒྲུབ་བྱེད་རྒྱུ་མེད། ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་ཡིན་ནོ་སྙམ་དུ་ངེས་ཤེས་ཀྱི་རྟོགས་པ་དེའི་རྗེས་སུ་འབྲངས་ནས་ཡར་བླ་མ་དཀོན་མཆོག་ལ་མོས་གུས་ཆད་ཅིང་དམ་ཚིག་ཉམས་ནས་ངན་སོང་དུ་འགྲོ །མར་སེམས་ཅན་ལ་བྱམས་སྙིང་རྗེའི་དཔྱང་ཐག་ཆད། ཉམས་རྟོགས་ཇེ་ཡལ། སེམས་རྒྱུད་ཇེ་དྲེད་ལ་འགྲོ །ལས་རྒྱུ་འབྲས་ཁྱད་དུ་བསད་ནས་སངས་རྒྱས་ཀྱི་བསྟན་པ་བཤིག་ཅིང་སེམས་ཅན་གྱི་ལོག་རྟོག་གསོག་པའི་རྐྱེན་དུ་འགྱུར་བས། རོ་གཅིག་འདྲེད་པའི་རྦ་ལ་གཡེང་བྱ་བའང་དེ་ཡིན། ས་བདུན་པ་མན་ཆོད་ན་ཉན་ཐོས་ཀྱི་སར་ལྡོག་པའི་སྐབས་ཡོད་ཅེས་པ་དང་། ཨ་ཏི་ཁ་འབྱམས་སུ་སྨྲ་བའི་གོལ་ས་བྱ་བ་དང་། ཟུང་འཇུག་ཐལ་དྲག་དམུ་རྡུག་མཐའ་རུ་གོལ་བྱ་བའང་དེ་ཡིན་པས། དེ་དག་ངོས་ཟིན་པར་བྱས་ལ་སྐྱོན་དུ་ཤེས་པ་གལ་ཆེ། རོ་གཅིག་སྣང་ཐོག་ཏུ་སྒྲོ་འདོགས་ཆོད་ན་ཀུན་རྫོབ་ཤེས་པའི་ཤེས་རབ་ཡིན་པས་རྟོགས་པའི་རྩལ་དང་རོལ་པ་མཁྱེན་རབ་དང་ཐུགས་རྗེ་ཕྲིན་ལས་ཕྱོགས་མེད་དུ་ཤར་ནས། བསྟན་པ་དང་སེམས་ཅན་ལ་ཕན་པའི་ཐབས་ལ་འབད་ཅིང་རྟོགས་པའི་དོན་ལ་སྐད་ཅིག་ཀྱང་ཡེངས་བ་མེད་པར་བསྒོམ་པ་ནི་རོ་གཅིག་ཆུང་ངུའོ། །གཉིས་པ་ཕར་ཕྱིན་འབྲིང་པོའི་རྣལ་འབྱོར་ནི། གྲོལ་ཏིག་ལས། ཡིད་ཆོས་ཉམས་ཟད་གང་ཤར་ཡུལ་ལ་འཛིན་པ་བྲལ༔ སྣང་སེམས་འདྲེས་ཤིང་མཉམ་རྗེས་ཕལ་ཆེར་འདྲེས་པ་ནི༔ སྒོམ་ལམ་འབྲིང་པོའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིན༔ ཞེས་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྒྲོག་རང་གྲོལ་ལ་སོང་ནས་ཆུ་ལ་ཆུ་བཞག་པ་ལྟར་ཟུང་འཇུག་བློ་འདས་སུ་རྟོགས་པའི་བསམ་གཏན་དེ་ལ་དེར་འཛིན་ཡིད་ཆོས་ཀྱི་གཉེན་པོའི་སྒྲིབ་པ་ཅུང་ཟད་ཡོད་པ་དེའང་བྲལ་བས་ཉོན་ཡིད་ཀྱི་རྣམ་ཤེས་དག །སྣང་སེམས་ལ་རང་བྱན་ཆུད་པའི་མཐུ་ལས་ཡང་དག་གི་དྲན་པས་སླེབ་པ་ཙམ་གྱིས་སྤང་གཉེན་རང་གྲོལ་དུ་ཤར། ཡུལ་དང་ཡུལ་ཅན་ཐ་དད་དུ་འཛིན་པའི་འདུ་ཤེས་སྤངས་པའི་མཉམ་རྗེས་ཕལ་ཆེར་འདྲེས་པས་ཅི་ལྟ་བའི་མཉམ་རྗེས་སུ་གོ་ལ། འདིའི་མཉམ་རྗེས་ཀྱི་ངོས་འཛིན་ནི་རང་ལུགས་རྫོགས་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་འདོད་པ་ཁོ་བོའི་མན་ངག་གོལ་ཤོར་ཚར་གཅོད་དུ་ཤེས་པར་བྱས་ལ། སྐབས་སུ་མཉམ་རྗེས་རང་མཚན་པར་ཤར་བའི་ཕྱིར། རྫོགས་ཆེན་སེམས་སྡེ་པས་མཉམ་གཞག་ལ་འཁོར་འདས་རོ་མཉམ། རྗེས་ཤེས་ཚོགས་བརྒྱད་སྒྱུ་མ་ལྟར་ཁོང་དུ་ཆུད་ནས་འཇིགས་པ་དང་བྲལ་བར་བཤད་པའང་འདིར་མཚུངས་སྦྱོར་བཞིའི་བཤད་པ་བཞིན་དུ་སྤྲོས་བྲལ་ཆེན་པོ་མི་ཐོབ། རོ་གཅིག་འབྲིང་པོས་སྨྲས་ཏེ་འདི་དང་མི་མཚུངས་ཙམ་སྣང་སྟེ། ལུགས་སྲོལ་འདི་ལ་རྡོ་རྗེའི་ཚིག་རྐང་གི་དགོངས་པ་འཕྱུགས་པ་མེད་པར་བཀོད་པས་བསྲེས་བསླད་མི་བྱ་ལ། རྣལ་འབྱོར་དབང་ཕྱུག་མི་ལ་ཡང་འདི་ལྟར་བཞེད་པ་ཡིན་ནོ། །ཞེས་གསུངས། རྣལ་འབྱོར་བཞི་རིམ་པས། ཡང་། འབྲིང་པོ་མྱོང་ཞེན་ངེས་ཤེས་རིམ་གྱིས་དག །ཅེས་པས། ཆུང་ངུའི་སྐབས་ཀྱི་གཉིས་འཛིན་རགས་པ་དང་ཕྲ་བ་རྣམས་རིམ་གྱིས་དག་སྟེ། འདི་སྐབས་བདེ་གསལ་མི་རྟོག་གསུམ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་ཉིད་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་ངོ་བོར་དུ་མ་རོ་གཅིག་མཉམ་ཉིད་དུ་རྟོགས་པ་ནི་མི་རྟོག་པ། རྟོག་མེད་རང་གསལ་བ་ནི་གསལ་བ། དེའི་ངང་ལ་གང་ཤར་མ་བཅོས་སོ་མ་གཟུང་འཛིན་མཚན་མ་དང་བྲལ་བ་ནི་བདེ་བའོ། །དེ་ལྟར་བདེ་གསལ་མི་རྟོག་དབྱེར་མེད་པའི་ངང་ལ། སོ་མ། མ་བཅོས། ལྷུག་པ་གསུམ་གྱིས་མཉམ་རྗེས་སྣང་སྟོང་རོ་མཉམ་དུ་བསྒོམ་དགོས། དེ་ལ་འདའ་ཉམས་མེད་པ་མཉམ་གཞག །སྣང་སྟོང་རོ་མཉམ་རང་ངོ་མ་ཤེས་པར་མཉམ་གཞག་སྟོང་པ་ཕྱོགས་གཅིག་ཏུ་སོང་བ་དེ་རོ་གཅིག་གི་རྗེས་ཤེས་སྟོང་པར་སྐྱེ་བྱ་བ་སྟོང་ཞེན་ཉམས་ཀྱི་དྲི་མ་ཡིན། རྗེས་ཤེས་སུ་ཐམས་ཅད་སྒྱུ་མར་ཤར་བ་ཞིག་དགོས་ཀྱང་རེས་འཇོག་ཅན་ནི་རྗེས་ཤེས་ཉམས་ཀྱི་དྲི་མ་ཡིན་ཚུལ་ལུང་མང་། དྲི་མ་རགས་པ་ཇེ་དག་ཏུ་སོང་ནས་དྲན་པས་མ་ཟིན་དུས་རྗེས་ཤེས་སུ་སྐབས་ཙམ་འགྲོ་ཡང་། རྟོགས་པ་ཆོས་ཉིད་ཀྱི་ངང་ལས་བྲལ་མ་མྱོང་བས། ངོ་ཟིན་ཙམ་གྱིས་མཉམ་གཞག་གི་སྟེང་དུ་ལྷན་གྱིས་འགྲོ་བ་ནི་རོ་གཅིག་གི་མཉམ་རྗེས་འདྲེས་བྱ་བ་དེ་ཡིན། བྲལ་བ་མེད་ཀྱང་ཐོབ་པ་ཡོད། །སྐྱེས་ཆ་མེད་ཀྱང་གྲོལ་ཆ་ཡོད། །གསུངས་འདུག །མཉམ་རྗེས་གཉིས་ཀྱི་ཚེ་ཡང་དག་གི་དྲན་པའི་ངང་དུ་སྐད་ཅིག་ཀྱང་ཡེངས་པ་མེད་པ་ཞིག་བསྒོམ་པ་གལ་ཆེ་གསུངས། དེ་ལྟར་བསྒོམས་པས་སྔར་བཤད་པའི་མྱོང་ཞེན་ཉམས་དང་ངེས་ཤེས་ཡུལ་འཛིན་གྱི་དྲི་མ་རགས་པ་རྣམས་ཆོད་ནས་སེམས་ཀྱི་མཚན་ཉིད་གདོད་མའི་གནས་ལུགས་མཉམ་པ་ཉིད་ཀྱི་ཆོས་ཉིད་རང་རྐང་དུ་ཡུལ་མེད་ལྷང་ངེར་སོང་བ་ནི་རོ་གཅིག་འབྲིང་པོའོ། །འདིའི་དུས་སུ་ཤེས་བྱ་ཤེས་བྱེད་གཉིས་སུ་མེད་པར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཉིད་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་དངོས་གཞི་རྗེན་ལྷང་ངེར་ཤར་བས་ན། འདི་ཡན་ཆད་ནས་མྱོང་བ་ཇེ་བརྟན་དུ་སོང་བ་ལས། རྟོགས་པའི་ངོ་བོ་ལ་འཕར་རྒྱུ་མེད་པར་གསུངས་ཀྱང་། སྤང་བྱ་ཕྲ་རགས་རྣམས་རིམ་གྱིས་ཆོད་དེ་རྟོགས་པའི་དོན་ལ་གོམས་ཤིང་ཀློང་དུ་གྱུར་པ་ལས། རོ་གཅིག་ཆེ་འབྲིང་དང་སྒོམ་མེད་ཆུང་འབྲིང་ཆེ་གསུམ་རྣམས་དབྱེ་དགོས་པའི་རྒྱུ་མཚན་ཡང་། སྤང་བྱ་རགས་པ་རྣམས་ཆོད་ཀྱང་ཕྲ་བའི་ཕྲ་བ་དང་ཡང་ཕྲ་རྣམས་ད་དུང་ཡོད་དོ། །དེ་ལ་སྤང་བྱ་ཕྱིར་དབྱེ་ན་མང་ཡང་། བསྡུ་ན་མཉམ་གཞག་གི་ཉམས་སྣང་དང་རྗེས་ཤེས་ཀྱི་མཚན་མ་གཉིས་སུ་འདུ་སྟེ། འོག་མ་སྤྲོས་བྲལ་ཙམ་མི་དགོས་ཀྱང་། ཡེངས་མེད་ཀྱི་ངང་དུ་གང་ཤར་སྐད་ཅིག་མ་རང་ཐོག་ཏུ་གཅུན་ལྷོད་སྤྲད་ཅིང་བསྒོམ་པ་ཕྲ་གཅུན་ངར་གཅུན་བྱེད་ལུགས་མི་འདྲ་བའང་ཤེས་པར་བྱས་ཏེ། འོག་མ་སྟོང་ཐོག་ཏུ་སྒྲོ་འདོགས་བཅད་པ། འདི་ནི་སྣང་ཐོག་ཏུ་སྒྲོ་འདོགས་བཅད་པ་ཡིན། དེ་ལའང་བློ་རབ་ཀྱིས་སྤང་བྱ་ཕྲ་རགས་ཐམས་ཅད་དུས་གཅིག་རང་ཆོད་དུ་འགྲོ་བ་ཡོད། བློ་འབྲིང་མན་ཆད་ལ་ད་དུང་མཉམ་རྗེས་རེས་འཇོག་ཐེ་ཚོམ་ཕྱོགས་ཞེན་ལ་སོགས་པ་ཡོད་པས། ཆོས་ཉིད་ཀྱི་རང་ངར་ཤིན་ཏུ་བཏོན་ནས་མ་བསྒོམ་ན་རང་མཐོང་ཕྲ་མོས་ཐ་མལ་གྱི་ཤེས་པ་འདི་ལ་གཞན་མི་དགོས་སྙམ་པའི་དྲན་པ་བཏང་ནས་སྒྲུབ་པ་ལྷོད་ན་ཐོ་ཕྱིན་ཙམ་གྱི་ལྟ་བ་གོ་ཡུལ་དུ་ལུས་པས་མཐར་ཕྱིན་གོང་མའི་ཡོན་ཏན་མི་ཐོབ། གོང་མའི་དུས་སུའང་། སྒོམ་ལམ་འབྲིང་པོར་ཐང་ལྷོད་འོང་། །ཡོན་ཏན་སྙིང་རུས་བརྩོན་འགྲུས་བྱ། །སྒོམ་ལམ་ཆེན་པོར་བཏང་སྙོམས་འོང་། །གཉེན་པོ་སྐད་ཅིག་ཡེངས་མེད་བྱ། །ཞེས་གསུངས་འདུག་ན་གོང་སྨྲས་བློ་འབྲིང་མན་ཆད་ཀྱིས་ཐང་ལྷོད་ཀྱི་དབང་དུ་མི་བཏང་བར་བླ་མའི་གདམ་ངག་རང་གི་ཉམས་རྟོགས་དང་སྦྱར་ཏེ། རགས་པ་ཙམ་ཆད་པའི་ངང་དུ་མི་བཞག་པར། གཅུན་ལྷོད་སྤེལ་མས་གོང་མའི་ཕྲ་བའི་ཕྲ་བ་ཡང་ཕྲ་རྣམས་རིམ་པས་སློང་ཞིང་ཆོད་དགོས་པ་ཡིན་ནོ། །གསུམ་པ་ཕར་ཕྱིན་ཆེན་པོའི་རྣལ་འབྱོར་ནི། གྲོལ་ཏིག་ལས། ཡུལ་སྣང་སོ་མ་བཅོས་བསླད་མི་དགོས་སྒོམ་དུ་ཤར༔ མཉམ་རྗེས་ཁོར་ཡུག་འདྲེས་ཀྱང་མཚན་འཁྲུལ་ཡོད་པ་ནི༔ སྒོམ་ལམ་ཆེན་པོའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིན༔ ཞེས་པས། སྔར་སྣང་སེམས་རོ་གཅིག་ཏུ་འདྲེས་ཤིང་ཇི་ལྟ་བའི་མཉམ་རྗེས་ལ་རེས་འཇོག་ཡོད་པ་དེའང་བརྟན་པ་ཆེར་ཐོབ་སྟེ་ཉིན་སྣང་ལ་ཁོར་ཡུག་འདྲེས། འཇིགས་སྐྲག་ལ་སོགས་གློ་བུར་བའི་ཡུལ་སྣང་ལ་གཉེན་པོས་འཇུན་མི་དགོས་པར་རྗེས་ཐོབ་ཀྱི་རྩལ་དུ་འཆར་བ་ལ་མ་ཧཱ་མུ་དྲས་རོ་གཅིག་ཆེན་པོར་བཏགས་པའོ། །ཕར་ཕྱིན་ཐེག་པ་དང་བསྟུན་ན་སྐབས་འདིར་སྒོམ་ལམ་ཆུང་འབྲིང་ཆེ་གསུམ་གྱི་ཐ་སྙད་བཞག་ནས་འཕགས་ལམ་ཡན་ལག་བརྒྱད་བསྒོམས་ཏེ། ས་གཉིས་པ་དྲི་མ་མེད་པ་ནས་བཟུང་། བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་དུ་བགྲོད་པ་ཡིན་ལ། དེའང་འདི་ལྟར་མདོ་སྡེ་རྒྱན་གྱི་དགོངས་དོན་ལྟར་ཆུང་འབྲིང་ཆེ་གསུམ་གསུམ་དུ་ཕྱེ་བས་དགུར་འགྱུར་བའི། ཆུང་ངུའི་ཆུང་ངུས་ས་གཉིས་པ་དྲི་མ་མེད་པ་སྟེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཆུང་ངུའི་འབྲིང་གིས་ས་གསུམ་པ་འོད་བྱེད་པ་སྟེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཆུང་ངུའི་ཆེན་པོས་ས་བཞི་པ་འོད་འཕྲོ་བ་སྟེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འབྲིང་གི་ཆུང་ངུས་ས་ལྔ་པ་སྦྱང་དཀའ་བ་སྟེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །འབྲིང་གི་འབྲིང་པོས་ས་དྲུག་པ་མངོན་དུ་གྱུར་པ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འབྲིང་གི་ཆེན་པོས་ས་བདུན་པ་རིང་དུ་སོང་བ་སྟེ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཆེན་པོའི་ཆུང་ངུས་ས་བརྒྱད་པ་མི་གཡོ་བ་སྟེ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཆེན་པོའི་འབྲིང་གིས་ས་དགུ་པ་ལེགས་པའི་བློ་གྲོས་ཏེ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཆེན་པོའི་ཆེན་པོས་ས་བཅུ་པ་ཆོས་ཀྱི་སྤྲིན་ཏེ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ས་བཅུའི་འགྱུར་འདི་རུ་བརྩི་བ་ཡིན་པས་བྱང་ཆུབ་སེམས་དཔའ་དང་མཚུངས་ལ། དེའི་ངང་ཚུལ་ནི་རྒྱུད་བླ་མ་ལས། བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང་། །སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། །དེ་ལྟར་མོད་ཀྱི་ས་རྡུལ་དང་། །རྒྱ་མཚོ་བ་གླང་རྨིག་རྗེས་ཆུ། ཁྱད་པར་གང་ཡིན་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའི་ཁྱད་པར་ཉིད། །ཅེས་ཕྲིན་ལས་ཀྱི་བྱེད་ཚུལ་འདྲ་བའི་ཆ་ནས་སེམས་ཅན་སྒྲོལ་བ་ལ་སངས་རྒྱས་དང་ཕྱོགས་མཚུངས་པ་བསྟན་ཀྱང་། དོན་དུ་བྱ་བ་དང་བྱེད་པ་གཉིས་ཀའི་སྒོ་ནས་སངས་རྒྱས་ལྷག་པར་ས་རྡུལ་ལ་སོགས་པའི་དཔེས་བསྟན་པ་ཡིན་ལ། ཡོན་ཏན་གྱི་ཁྱད་ས་གཉིས་པ་ནས་བཟུང་དང་པོའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སྐད་ཅིག་མ་རེ་རེ་བཞིན། སྟོང་འགྱུར་དུ་འགྲོ་ནུས་པ་མངོན་འགྱུར་དུ་ཡོད་མེད་ནི་སྔར་ཁྱུང་དང་བྱ་བྲན་གྱི་དཔེས་བཤད་ཟིན་ཏོ། །ཞེས་སོ། །རྣལ་འབྱོར་བཞི་རིམ་པས། ཡང་། ཆེན་པོ་ཆོས་ཉིད་གཉུག་མ་རང་བབ་ཀློང་། །ཆོས་རྣམས་ཐམས་ཅད་དེ་ཡི་ངང་དུ་ཞི། །ཞེས་པས། དེ་ལ་སྔ་མའི་མཉམ་རྗེས་ཀྱི་དྲི་མ་རགས་པ་ཆོད་ཀྱང་ཕྲ་བ་བག་ལ་ཉལ་དུ་ཡོད་པ་སློང་ནས་ཆོད་དགོས་པས། གཅུན་ལྷོད་སྤེལ་ཏེ་མ་བསྒོམ་ན་རོ་གཅིག་གདིང་ཐོབ་ཀྱི་རྣལ་འབྱོར་མཚན་ཉིད་པ་མིན་པས། དེའི་ཕྱིར་གང་ཤར་ཐ་མལ་གྱི་ཤེས་པ་སོ་མ་དེ་སྒོམ་དུ་ཤར་བའི་ཡང་དག་གི་དྲན་པས་མཉམ་རྗེས་གཉིས་ཉིན་པར་ཁོར་ཡུག་ཏུ་མ་སོང་བར་བསྐྱང་དགོས། དེའང་དལ་བུར་འདུག་ཅིང་བསྒོམ་པ་ལ་མཉམ་གཞག་དང་། ལངས་ཏེ་སྤྱོད་ལམ་བྱས་དུས་རྗེས་ཐོབ་ཀྱི་ཐ་སྙད་མི་ཕྱེད་པར། རྣམ་པ་ཀུན་དུ་བཟང་ངན་གཉིས་ཀྱི་ཉམས་རྟོགས་ཀྱིས་མ་བསླད་པར་རྟོག་པའི་ངོ་བོ་ལ་བསྒོམ་རྒྱུ་མེད་པས། སྒོམ་མེད་ཀྱི་ངང་ལ་ཡེངས་མེད་དུ་བསྐྱང་དགོས་པའི་ལུང་མང་དུ་གསུངས་འདུག །དེ་ལྟར་ཐ་མལ་རང་ཁར་མི་བཏང་བར་བསྒོམས་པས་མཚན་མོ་རེས་འགའ་གཉིད་དུ་འདྲེས་པའང་འོང་སྲིད། དེ་ལྟར་བསྒོམས་པའི་ཕན་ཡོན། མ་བསྒོམ་པའི་སྐྱོན་ནམ་ཉེས་དམིགས་གོང་བསྟན་ལྟར་བཏང་སྙོམས་སུ་མི་བཞག་པར་སྒོམ་མེད་ཡེངས་མེད་ངང་དུ་ཉམས་སུ་བླངས་པས། རོ་གཅིག་སྐབས་ཀྱི་སྤང་བྱ་ཕལ་ཆེར་ཆོད་ནས་ཏིང་ངེ་འཛིན་མཐར་ཕྱིན་ཏེ་རོ་གཅིག་གི་རྟོགས་པ་དེ་དུ་མའི་སྣང་བར་ཤར་ནས། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཉིད་ཆོས་སྐུ་ཐིག་ལེ་ཉག་གཅིག་དངོས་གཞིར་ལྷང་ངེར་ཤར་བ་དེ་ལ་སྐྱེ་འཇིག་འཕོ་འགྱུར་འཕེལ་འགྲིབ་མེད་པ་རྒྱ་མཚོ་ཆེན་པོའི་འཇིངས་ལྟར་འགྱུར་བ་མེད་པའི་གདིང་ཆེན་པོ་ཐོབ་པ་ནི་རོ་གཅིག་ཆེན་པོའོ། །སློབ་དཔོན་པདྨས། སྣང་བ་དང་སྟོང་པ་ཡང་མིང་ཙམ་དུ་ལྟོས་པའི་ཆོས་ཉིད་ཀྱི་སྣང་བ། དངོས་པོ་མཚན་མར་མ་གྲུབ་པས་སྟོང་པར་མིང་བཏགས། སྟོང་པ་མེད་པ་མ་ཡིན། རང་བཞིན་གསལ་བ་མ་འགགས་པས་སྣང་བར་མིང་བཏགས་པ་ལས་དོན་ལ་སྣང་སྟོང་གཉིས་སྐད་ཅིག་ཀྱང་སྔ་ཕྱི་འཕོ་འགྱུར་ཐ་དད་ཡོད་མ་མྱོང་བས་སེམས་ཀྱི་མཚན་ཉིད་ཅིར་ཡང་མ་འགགས། མ་གྲུབ་མི་གནས། ཐམས་ཅད་དབྱེར་མེད་འོད་གསལ་ཆེན་པོར་གདོད་ནས་ཡོད་པ་དེ་མངོན་སུམ་དུ་རིག་པ་ནི་རོ་གཅིག་ཆེན་པོ་རྟོགས་པ་ཡིན་གསུངས་སོ། །འདིའི་སྐབས་སུ་དགེ་འདུན་གྱི་ཚོགས་དཔོན་ཆོས་བཤད་དབང་བསྐུར་སོགས་གཞན་དོན་གྱི་དུས་ཡིན་པས་རང་ལ་མི་གནོད་ཅིང་གཞན་དོན་མཚན་ཉིད་པ་འབྱུང་བ་སོགས་ལུང་མང་ངོ་། །ཧ་ཅང་གཡེང་ཐལ་ན་ཉམས་རྟོགས་འགྲིབ་ནས་བོགས་ཐོན་པ་དཀའ་བས། རྟོགས་པའི་ངོ་བོ་ལ་བོགས་འདོན་རྒྱུ་མེད་ཀྱང་གོམས་པ་མཐར་ཕྱིན་དགོས་པས། རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་བློ་ལས་འདས་མ་འདས་ཀྱི་ཁྱད་པར་ཡིན་པས་བློ་འདས་ཀྱི་ཤེས་རབ་ཏིང་ངེ་འཛིན་ལ་བརྩོན་པ་ནི་གལ་ཆེ་གསུངས་འདུག་གོ །དེ་ལྟར་རོ་གཅིག་ཆུང་ངུ་རོ་གཅིག་གི་གཞི། འབྲིང་པོ་ནི་ལམ། ཆེན་པོ་ནི་འབྲས་བུའོ། །གསུམ་པ་སྐྱོན་དག་ཚུལ་ནི། སློབ་དཔོན་པདྨས། རོ་གཅིག་རྩལ་རྫོགས་ཙ་ན་སྣང་སེམས་གཉིས་མེད་ཀྱི་འོད་གསལ་ཤར་བས་ཤེས་བྱའི་སྒྲིབ་པའི་སྐྱོན་དག །ཉན་རང་དུ་མི་ལྡོག །དགའ་བྲོད་ལྷའི་བུའི་བདུད་བཅོམ་མོ། །ཞེས་སོ། །བཞི་པ་ཡོན་ཏན་སྐྱེ་ཚུལ་ནི། སློབ་དཔོན་པདྨས། ཡོན་ཏན་སྣང་བ་བླ་མར་ཤར། ཆོས་བརྒྱད་རོ་སྙོམས། སྣང་བ་བདེན་རྫུན་བྲལ། འོད་གསལ་གྱི་དོན་ལ་དགའ་བྲལ་གྱི་དགའ་བ་སྐྱེ། སྒོམ་ལ་ཕྱིར་མི་ལྡོག་པའི་ཡོན་ཏན་སྐྱེ། རྒྱུ་འབྲས་སྟོང་ཉིད་དུ་ཤེས་པས་སྒྱུ་མ་ལྟ་བུའི་རྟེན་འབྲེལ་ལ་དབང་ཐོབ་ནས་སྒྲིག་ཤེས། བླ་མ་སངས་རྒྱས་ཆོས་སྐུར་མཐོང་བས་གཉིས་མེད་ཀྱི་བྱིན་རླབས་འཇུག །རང་དོན་ཞོར་ལ་འབྱུང་ཞིང་། གཞན་དོན་བསྒྲུབ་པའི་དུས་ཡིན་པས་ཐེག་པ་ཆེན་པོ་བླ་མེད་དང་མཐུན་ནོ། །ཞེས་སོ། །ལྔ་པ་ཏིང་ངེ་འཛིན་དེ་བོགས་འདོན་ཅིང་གོང་མ་ལ་སྦྱོར་ཚུལ་ནི། བྱ་བྲལ་པས། དེ་ལྟར་རོ་གཅིག་རྩལ་ཀ་རྫོགས་ཙ་ན། །རང་སྐབས་སྐྱོན་དག་ཡོན་ཏན་ཐམས་ཅད་སྐྱེ། །དེ་ཉིད་སྒོམ་མེད་རྣལ་འབྱོར་ཉིད་ལ་སྦྱོར། །སྦྱོར་ཚུལ་ཐབས་དང་ཤེས་རབ་ཟུང་འབྲེལ་གྱིས། །ཞེས་པས། རོ་གཅིག་ཆུང་འབྲིང་ཆེ་གསུམ་འདི་བྱང་ཆུབ་སེམས་དཔའི་ལམ་མཐར་ཕྱིན་ཙམ་ཞིག་ཡིན་ཡང་། དཔེར་ན་ལོ་ཏོག་ལ་སྲུས་བྱུང་བ་ཙམ་གྱིས་མི་ཆོག །མཐར་མ་ཕྱིན་གྱི་བར་དུ་སོ་ནམ་གྱི་འབད་རྩོལ་དགོས་པ་བཞིན་དུ། རོ་གཅིག་རྣལ་འབྱོར་མངོན་དུ་གྱུར་ཀྱང་མཐར་ཐུག་གི་འབྲས་བུ་མིན་པའི་ཕྱིར། རོ་གཅིག་འབྲིང་པོར་མ་སླེབ་བར་དུ་དགེ་བའི་བཤེས་གཉེན་བསྟེན་དགོས། འབྲིང་པོར་བསླེབས་ནས་བཤེས་གཉེན་བསྟེན་རུང་མ་བསྟེན་རུང་། མདོ་རྒྱུད་དམ་སྣང་སྲིད་དགེ་བའི་བཤེས་གཉེན་བསྟེན་ཅིང་། གང་གི་མན་ངག་ཟབ་མོའི་བདག་རྐྱེན་དང་། རང་གིས་མོས་གུས་ལམ་དུ་སློང་བའམ་ཤེས་རབ་ཟབ་མོའི་ཉེར་ལེན་གཉིས་འཛོམས་པའི་སྒོ་ནས་ལྟ་སྒོམ་སྤྱོད་གསུམ་ཡ་མ་བྲལ་བས་ཉམས་སུ་བླངས་ནས་བོགས་འདོན་ཅིང་གོང་མ་ལ་སྦྱོར་ཚུལ་ལུང་མང་ངོ་། །བཞི་པ་ལྷུན་གྲུབ་སྒོམ་མེད་ནི། སྡོང་བྱ་བྲལ་བས། ཡང་དག་དྲན་པ་རྟོལ་ནས་སྒོམ་དང་བྲལ། །མ་བསྒོམས་རང་བྱུང་ཡེ་ཤེས་འདུ་འབྲལ་མེད། །མཉམ་གཞག་ཡེ་ཤེས་ཁོར་ཡུག་སྒོམ་མེད་ཡིན། །ཞེས་པས་དེ་ལ་ལྔ་སྟེ། སྒོམ་མེད་ཀྱི་ངོ་བོ་སྤྱིར་བསྟན་པ། བྱེ་བྲག་ཆུང་འབྲིང་ཆེ་གསུམ་དུ་དབྱེ་བ། སྐྱོན་དག་ཚུལ། ཡོན་ཏན་སྐྱེ་ཚུལ། ཏིང་ངེ་འཛིན་དེ་ལ་བོགས་འདོན་རྒྱུ་མེད་པར་བསྟན་པའོ། །དང་པོ་ངོ་བོ་སྤྱིར་བསྟན་པ་ནི། དེའང་འོག་མའི་རོ་གཅིག་གི་ཏིང་ངེ་འཛིན་ཐབས་མཁས་ཀྱི་སྒོ་ནས་བསྐྱངས་པའི་མཐུས་སྒོམ་མེད་ཀྱི་རྣལ་འབྱོར་དུ་ཤར་ཏེ། གདོད་མའི་གནས་ལུགས་ལྷུན་གྲུབ་མཉམ་པ་ཉིད་ཀྱི་དོན་མངོན་དུ་གྱུར་ནས། ཤེས་བྱ་ཤེས་བྱེད། རྟོགས་བྱ་རྟོགས་བྱེད། བསྒོམ་བྱ་དང་སྒོམ་བྱེད་སོགས་གཉིས་མེད་གཞི་ཐོག་ཏུ་འབྲས་བུ་སྨིན་ཏེ་སྐུ་གསུམ་མ་དང་འཕྲད་པས། རྩོལ་སྒྲུབ་དང་བོགས་འདོན་རྒྱུ་གང་ཡང་མེད་པར་ཡེ་ཤེས་ཆེན་པོ་ཁོར་ཡུག་ཏུ་སོང་བའོ། །དེ་ལ་རོ་གཅིག་དང་སྒོམ་མེད་ཀྱི་ཁྱད་པར་ནི། ཡང་དག་པའི་དྲན་པ་ལས་མ་འདས་ན་རོ་གཅིག །འདས་ན་སྒོམ་མེད། རོ་གཅིག་ནི་སེམས་ཀྱི་མཚན་ཉིད། སྒོམ་མེད་ནི་སེམས་ཀྱི་གནས་ལུགས། རོ་གཅིག་ནི་སློབ་པའི་ཟུང་འཇུག །སྒོམ་མེད་ནི་མི་སློབ་པའི་ཟུང་འཇུག་ཡིན་པས། འོག་མའི་ཏིང་ངེ་འཛིན་མཐར་ཕྱིན་པའི་འབྲས་བུ། གདོད་མའི་གནས་ལུགས་ལྷུན་གྲུབ་མཉམ་པ་ཉིད་ཀྱི་དོན་མངོན་དུ་གྱུར་པ་ལ། སྒོམ་སྒྲུབ་ཀྱི་རྩོལ་བ་མི་དགོས་པར་ཡེ་ཤེས་ཆེན་པོ་ཁོར་ཡུག་ཏུ་སོང་བ་ཡིན་པའི་དོན་བློ་དང་བྲལ་དགོས་པ་སྟེ། སོ་སོའི་སྐྱེ་བོ་ཐ་མལ་པ་ལ་གཟུང་འཛིན་གྱི་རྟོག་པ་རང་ཁ་མའི་བློ། ཚོགས་སྦྱོར་དུ་སྤང་བྱ་གཟུང་འཛིན་དང་གཉེན་པོ་ཡེ་ཤེས་འདོར་ལེན་གྱི་བློ། མཐར་ལམ་དུ་གཉེན་པོ་ཡེ་ཤེས་ཀྱི་ཕྲ་བའི་ཡང་ཕྲ་སྙེམས་ཀྱི་བློ། སངས་རྒྱས་ནས་བློ་དེ་དག་ཐམས་ཅད་ལས་འདས་པའི་འཛིན་མེད་ཀྱི་ཡེ་ཤེས་སམ། གྲོལ་ཚུལ་ཡང་། བློ་གཉིས་འཛིན་གྱི་སྒྲིབ་པ་ཇེ་སངས། གཉིས་མེད་ཀྱི་ཡེ་ཤེས་ཇེ་རྒྱས་ལ་སོང་སྟེ། མཐར་སྒྲིབ་པ་མ་ལུས་པ་སངས་པས་ཡེ་ཤེས་མ་ལུས་པ་ཕྱོགས་མེད་དུ་རྒྱས་པའོ། །གཉིས་པ་བྱེ་བྲག་ཆུང་འབྲིང་ཆེ་གསུམ་དུ་དབྱེ་བ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། བྱ་བྲལ་པས། རྟོགས་དང་གོམས་དང་མཐར་ཕྱིན་ཆུང་འབྲིང་ཆེ། །ཞེས་པས། གདོད་མའི་གནས་ལུགས་ལྷུན་གྲུབ་མཉམ་པ་ཉིད་ཀྱི་དོན་མངོན་སུམ་དུ་གྱུར་པ་ལ། བསྒོམ་བྱ་སྒོམ་བྱེད་མེད་པར་མཉམ་གཞག་ཡེ་ཤེས་ཀྱི་ཁོར་ཡུག་གཅིག་ཏུ་གྱུར་ཀྱང་ཤེས་བྱ་བག་ཉལ་གྱི་སྒྲིབ་པ་ཕྲ་བའི་ཕྲ་བ་ཡོད་པའི་ཆ་ནས་སྒོམ་མེད་ཆུང་ངུ་། ཡང་ཕྲ་ཡོད་པའི་ཆ་ནས་འབྲིང་པོ། ཡང་ཕྲ་དང་བཅས་པ་དག་ནས་སྒྲིབ་གསུམ་གཏན་དག་ལ་གནས་པའི་ཆ་ནས་ཆེན་པོའོ། །ཕར་ཕྱིན་ཐེག་པའི་ལུགས་མི་སློབ་པའི་ལམ་ལ་ཆུང་འབྲིང་ཆེ་གསུམ་དུ་བཞེད་པའི། དང་པོ་ཆུང་ངུའི་རྣལ་འབྱོར་ནི། གྲོལ་ཏིག་ལས། དྲན་འདུན་རྩོལ་བའི་བློ་ཟད་མཉམ་རྗེས་ཁོར་ཡུག་འདྲེས༔ གཉིད་དུས་འཁྲུལ་པའི་དྲི་མ་ཕྲ་མོ་ཡོད་པ་ནི༔ མི་སློབ་ཆུང་ངུའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིན༔ ཞེས་པས། ལམ་འོག་མ་རྣམས་རྗེས་ཐོབ་ཀྱི་རྩལ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པར་རྫོགས་པའི་མཐུ་ལས། འདོད་ཁའི་ལྟ་བ་ལུང་རིགས་ཀྱི་དངོས་པོས་བརྟག་ཏུ་བཟོད་པ་ཟུང་འཇུག་དང་། གཉིས་མེད་དང་། བརྗོད་བྲལ་ཙམ་དུའང་འཛིན་པའི་ཁས་ལེན་མཐའ་དག་རང་སར་ཞིག་སྟེ། ད་ལྟའི་ཤེས་པ་གྲྭ་མ་ཉམས་ཤིང་མདོག་མ་བསྒྱུར་ལ། བློས་མ་བྱས་པའི་ཡེ་ཤེས་ཀྱི་ངོ་བོར་བསྒོམ་བྱ་རྡུལ་ཙམ་མི་འདུག་པ་ལ་སྒོམ་བྱེད་གང་ནས་རྙེད། མཉམ་པར་གཞག་བྱ་འཇོག་བྱེད་དང་བྲལ་བས་རྗེས་ཐོབ་གང་ནས་འཚོལ། ལྟ་བ་བཟང་པོའི་ཤུབས་ནས་ཐོན་པ་ལ་དྲན་པས་གང་ལ་འཛིན། ཡེངས་ཡུལ་ཆོས་ཉིད་དུ་སོང་པས་ཡེངས་མཁན་སུས་བྱེད། དགོངས་པ་ཀློང་ནས་གྲོལ་ཏེ་གཏད་མེད་ཡེ་འབྱམས་སུ་སོང་བ་ལ་བྱ་རྩོལ་གང་ནས་བསྒྲུབ། འཁོར་འདས་ཀྱི་སྣང་ཆ་ཇི་ལྟར་ཤར་ཡང་ཞེན་མེད་ལྷུན་གྲུབ་ཏུ་མྱོང་བ་ལ་དྲན་པའི་སོ་པ་གང་ལ་འཛུག །སྒོམ་པའི་ཞེ་འདོད་རྨིང་ནས་ཞིག་པས་བཞག་པས་ཆོག་གོ །འཇོག་རྒྱུ་ནི་མེད་དེ་ལྷུན་གྲུབ་ཏུ་འདུག་གོ །ཡོད་པ་ནི་མ་ལགས་ངོས་གཟུང་དང་བྲལ་ལོ། །མེད་པ་ནི་མ་ལགས་སངས་རྒྱས་ཀྱི་དགོངས་པ་ལགས་སོ། །ད་རེས་ཀློང་ཆེན་རབ་འབྱམས་ཀྱི་བུ་རྒྱུད་དུ་སོང་བས། རང་ཉིད་གཅིག་པུར་བྲག་ཕུག་ནང་དུ་ཆིག་རྒོད་ཤོར་ནས། ཨ་ལ་ལ་ཧོ། ཨ་ལ་ལ་ཧོ། ཨ་ལ་ལ་ཧོ། ཞེས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྫ་རྔ་བརྡུང་ངོ་། །དོན་རྨོངས་ཚིག་ལ་ཞེན་པ་ཁྱེད་ཅག་གིས་བལྟས་ན་ཧ་ཤང་གི་ལྟ་བ་ཨི་ཡིན་སྙམ་པ་ལོས་ཡོད་དོ། །བོན་པོའི་ལྟ་བ་ཡིན་པ་འདྲ་དགོངས་པ་ལོས་ཡོད་དོ། །གཅེར་བུ་རྒྱང་འཕེན་པའི་གྲུབ་མཐའ་འདྲ་སྙམ་པ་འདུག་གེ །ཧེ་ཧེ། དབུ་མར་རབ་ཏུ་མི་གནས་པའང་འདི་གར་འདུག་གོ །ཕྱག་རྒྱ་ཆེན་པོ་བློ་ལས་འདས་པའང་འདི་གར་འདུག་གོ །རྫོགས་པ་ཆེན་པོ་གདོད་ནས་རྣམ་དག་ཀྱང་འདི་གར་འདུག་གོ །གཞི་མེད་རྩ་བྲལ་གྱི་གདོན་ཆེན་རྣལ་འབྱོར་པའི་སྙིང་ལ་ཞུགས་ནས་ཅི་བྱེད་མི་གདའ་འོ། །ཀུན་གཞིའི་རྣམ་ཤེས་ཆོས་སྐུར་ཐིམ་པའི་སྨྱོན་པ་ལ་གཟའ་གཏད་ཀྱི་དྲན་པ་ཡོད་པ་མ་ལགས་པས། བྱ་རྒྱུ་དང་བྱེད་རྒྱུ་མེད་པའི་ངང་ལ་འདར་ཉལ་བྱས་ཏེ་བསྡད་པས་ཡུལ་ལྔའི་རང་གདངས་ཀྱི་ཤེས་པ་ཕྲ་མོ་དེ་ཉིད་ཡིད་ཀྱི་རྣམ་པར་ཤེས་པ་དང་འདྲེས་ནས་མི་གདའ་འོ། །འདྲེས་པ་དེ་སླར་ཀུན་གཞིའི་རྣམ་ཤེས་ཀྱི་སྦུབས་སུ་ཆུད་པ་ལ་ཆོས་སྐུའི་འོད་གསལ་གྱི་མར་མེ་རང་འབར་བས་རང་བཞིན་གྱི་སྤྲོས་པ་དང་བྲལ་བར་གནས་སོ། །དེ་ལྟར་ནའང་ལྷག་མཐོང་གསལ་བའི་ཡེ་ཤེས་ཀྱི་རྩལ་མ་རྫོགས་པས་སྔར་གྱི་ཀུན་གཞིའི་སྦུབས་སུ་འཐུམས་ནས་འོད་གསལ་གྱི་མར་མེ་དེ་ཤི་ནས་མི་འདུག་གོ །དེའི་ཚེ་ཡིད་ཤེས་ཁོ་གཅིག་པུར་ལངས་ནས་རྨི་ལམ་གྱི་གྲོང་ཁྱེར་ག་ལ་བ་དེར་ཕྱིན་ནས་སྣང་བ་དཀར་དམར་སྣ་ཚོགས་ཀྱིས་བསླུས་པ་ཞིག་བྱུང་བས་འཁྲུལ་པའི་ཆ་ཤས་ཤིག་ད་དུང་འདུག་གོ །ཞེས་རང་ཉིད་ཀྱིས་ཅི་ལྟར་མཐོང་བའི་སྟེང་ནས་མིང་ཚིག་གིས་དྲངས་ནས་གསལ་ལ་དབྱིངས་ཆེ་བར་བཤད་པ་སྟེ་མ་ཧཱ་མུ་དྲས་སྒོམ་མེད་ཆུང་ངུའི་མིང་འདོགས་ཙམ་ཆ་མཚུངས་སུ་སྦྱོར། ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། རྣལ་འབྱོར་བཞི་རིམ་པས། ཡང་། འོག་མ་ལས་འཕགས་འོག་མའི་ལྟོས་ཆོས་ཡིན། །ཆུང་འབྲིང་བག་ལ་ཉལ་བ་གཉིས་ཀྱིས་ཕྱེ། །ཞེས་པས་སྒོམ་མེད་ཆུང་ངུ་ནི། བསྒོམ་བྱ་སྒོམ་བྱེད་མེད་པར་མཉམ་གཞག་ཡེ་ཤེས་ཀྱི་ཁོར་ཡུག་གཅིག་ཏུ་གྱུར་པའོ། །དེའང་འོག་མ་རོ་གཅིག་གི་དུས་སུ་དྲན་པས་ཟིན་མ་ཟིན་ལ་ལྟོས་ཏེ། བྲལ་བ་མེད་ཀྱང་ཐོབ་པ་ཡོད་པའི་གཉིས་འཛིན་རོ་གཅིག་ཆུང་ངུའི་དུས་སུ་རགས་པ། དེ་ནས་ཏིང་ངེ་འཛིན་ཇེ་བརྟན་ལ་སོང་བ་བཞིན་དུ་གཉིས་འཛིན་ཇེ་ཕྲ་ཇེ་ཕྲར་སོང་སྟེ། རོ་གཅིག་ཆེན་པོར་ཡང་གཉིས་འཛིན་ཕྲ་མོ་ཞིག་ཡོད། འདིར་གཉིས་འཛིན་ཕྲ་མོ་དེའང་མཉམ་གཞག་ཡེ་ཤེས་ཀྱི་ཁོར་ཡུག་གཅིག་ཏུ་གྱུར་ཀྱང་ཤེས་བྱ་བག་ལ་ཉལ་གྱི་དྲི་མ་ཆ་ཕྲ་བ་ཞིག་ཡོད་གསུངས། དེ་ངོས་གཟུང་བ་ནི། ཉིན་པར་མཉམ་རྗེས་མེད་ཀྱང་མཚན་མོ་གཉིད་ཀྱི་དུས་སུ་ངོ་མ་ཤེས་སམ་ལུང་མ་བསྟན་མངོན་ཙམ་རེ་ཡོད་གསུངས། འདི་ཤེས་བྱའི་སྒྲིབ་པ་གཉིས་ལས་ཤེས་བྱ་ཤེས་སུ་མི་སྟེར་བའི་སྒྲིབ་པ་ལྷག་མ་ཡིན། བག་ལ་ཉལ་གཉིས་ལས་ཉོན་མོངས་པ་བག་ལ་ཉལ་གྱི་སྒྲིབ་པའི་ལྷག་མ་ཡིན། ཤེས་བྱ་ཤེས་སུ་མི་སྟེར་བ་དང་། ཉོན་མོངས་པ་བག་ལ་ཉལ་བ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན། ཤེས་བྱ་དམ་འཛིན་གྱི་སྒྲིབ་པ་དང་། ཤེས་བྱ་བག་ལ་ཉལ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན། དེ་བཞི་ཀ་ཕྱོགས་གཅིག་ཏུ་སྡོམ་པ་ལ་ཤེས་བྱ་བག་ལ་ཉལ་གྱི་སྒྲིབ་པ་ཟེར། དེའང་དཔེར་ན་མུན་རུབ་རྒྱུ་མེད་ན་ནམ་ལངས་མི་དགོས། མུན་རུབ་པ་ལ་ལྟོས་ནམ་ལངས་དགོས་པ་བཞིན་དུ། སྤང་བྱ་ཉོན་མོངས་པ་བག་ལ་ཉལ་དེ་མེད་ན་གཉེན་པོ་ཡེ་ཤེས་ལ་གསལ་འགྲིབ་མེད། སྤང་བྱ་བག་ལ་ཉལ་བ་དེ་ཡོད་པ་དེ་ཡོད་པ་ལ་ལྟོས་ཏེ་གཉེན་པོ་ཡེ་ཤེས་རང་གསལ་དུ་ཤར་བའི་ངང་ལ་སྒོམ་དགོས་པ་ལ་ཤེས་བྱ་དམ་འཛིན་ནམ་ཤེས་བྱ་བག་ལ་ཉལ་ཟེར། དེ་ལྟར་བསྒོམ་ཡང་འོག་མ་གཟུང་དྲན་ལྟ་བུའི་རྩོལ་བ་མེད་པ་ཨ་ཅང་ཆེ། ཡང་དག་དྲན་པ་ལྟ་བུའི་རྩོལ་བ་ཡང་མེད་པར་ཆོས་ཉིད་དང་སྒོམ་ཡིན་པས། རྩོལ་མེད་ཀྱི་དྲན་པ་ཟེར། དེ་ལྟར་རྩོལ་མེད་ཀྱི་ངང་དུ་སྒོམ་དགོས་ཏེ། དེའང་བག་ཉལ་འདི་གཅོད་པར་བྱེད་པ་ལ། སྡིག་པ་མི་དགེ་བའི་ལས་དང་ཡ་ང་བ་སྡུག་བསྔལ་བའི་ལས་ལ་སོགས་རོ་སྙོམས་ཀྱི་སྤྱོད་པ་དང་བསྲེས་ཤིང་བསྒོམ་ན་ཆོད་ཐུབ་པར་གསུངས། དེ་ལྟར་རོ་སྙོམས་ཀྱི་སྤྱོད་པ་ལ་བརྟེན་རུང་མ་བརྟེན་རུང་བག་ལ་ཉལ་ཆོད་ཚུལ་ནི། དཔེར་ན་ཉི་མ་ཤར་པས་མུན་པ་རང་ཤུགས་ཀྱིས་སངས་པ་བཞིན་དུ། གཉེན་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་ནས་ཁོར་ཡུག་ཏུ་སོང་བས། སྤང་བྱ་བག་ཉལ་གྱི་སྒྲིབ་པ་རང་ཤུགས་ཀྱིས་སངས་པའོ། །དེ་ལྟར་ཉོན་མོངས་བག་ལ་ཉལ་ཆོད་པས་ཤེས་བྱ་བག་ལ་ཉལ་རང་ཤུགས་ཀྱིས་ཆོད་པའོ། །དེ་ལྟར་སྒོམ་མེད་ཆུང་ངུའི་སྐབས་ཀྱི་བག་ལ་ཉལ་ཕྲ་བ་དང་ཡང་ཕྲ་ཡོད་པར་གསུངས་པ་ན། བག་ཉལ་གྱི་ངོ་བོ་སྔ་མ་དང་འདྲ་ཡང་ཕྲ་རགས་ཀྱི་ཁྱད་པར་དབྱེ་བའོ། །སྔ་མ་ནི་ཞག་རེར་ལན་རེའམ་ལན་གཉིས་གསུམ་འོང་བར་ཡང་རུང་ལ། ཟླ་རེར་ཐང་རེའམ་ལན་གཉིས་གསུམ་འོང་ཡང་ཐང་ངོ་། །འདིར་ལོ་རེ་རེ་ལན་རེའམ་ལོ་ཆ་ཤས་མཚམས་ལན་རེ་ཙམ་འོང་བར་གསུངས། བག་ལ་ཉལ་ཕྲ་བ་དང་ཡང་ཕྲ་ཉིན་པར་རྗེས་ཤེས་དང་། མཚན་མོ་གཉིད་ཀྱི་སྐབས་སུ་རེ་འགའ་ཙམ་འོང་གསུངས་ལ། སེམས་ཅན་གྱི་ཁམས་ལ་དམིགས་མེད་ཀྱི་སྙིང་རྗེར་འཇུག་པ་ནི་སྒོམ་མེད་ཀྱི་རྗེས་ཤེས་སྙིང་རྗེར་ཤར་བྱ་བ་ཡིན་ཡང་མཉམ་གཞག་གི་ངང་ལས་མ་གཡོས་སོ། །གཉིས་པ་ཕར་ཕྱིན་འབྲིང་པོའི་རྣལ་འབྱོར་ནི། གྲོལ་ཏིག་ལས། ཉིན་མཚན་ཀུན་དུ་འོད་གསལ་ཁོར་ཡུག་གཅིག་ཏུ་འགྱུར༔ གཉིད་ཀྱི་འོད་གསལ་ཕྲ་མོ་ཉམས་སུ་ཤར་བ་ནི༔ མི་སློབ་འབྲིང་པོའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིན༔ ཞེས་པ་ལ་འདི་སྐད་འཆད་དོ། །ཉིན་སྣང་ལ་སྔ་མ་ལས་ལྷག་པའི་རྟོགས་པ་ཞིག་བཙལ་ཀྱང་མི་རྙེད་པ་ཞིག་ལགས་སོ། །མཚན་སྣང་སྔ་མ་ལྟར་སྣང་མཆེད་ཀྱི་ཐིམ་རིམ་ལུགས་འབྱུང་ལུགས་ལྡོག་གི་རྟེན་འབྲེལ་སྣ་ཚོགས་ལ་བརྟེན་མ་དགོས་པར། ཡུལ་ལྔའི་གཟུང་ཡུལ་ནུབ་པའི་ངང་ལས་ཡིད་གསུམ་གྱི་རྩལ་བག་ལ་ཞ་སྟེ། མུན་པ་ལྟ་བུའི་གཏི་མུག་ཀྱང་མ་ཡིན་ལ། གསལ་ཆེ་གོ་ཡང་མི་ཕྱེད་པའི་མི་རྟོག་པའི་འོད་གསལ་ཞིག་ལ་གནས་སོ། །དེ་ནས་ལྷག་མཐོང་གསལ་བའི་ཡེ་ཤེས་ཀྱིས་སད་པར་མ་བྱས་ན་གཟུགས་མེད་སྐྱེ་མཆེད་མུ་བཞིར་གོལ་བ་ཡིན་ནོ། །ཞེས་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱིས་ངོ་སྤྲོད་བྱུང་བ་ཡིད་ལ་བཅགས་ནས་གྲུང་ཆ་བཏོན་པས་མི་མཇེད་ཀྱི་བཀོད་པའང་གསལ་ལམ་སྙམ་པའི་སྣང་ཆ་གོ་མ་འགགས་པ་འདུ་ཤེས་གྲུང་པོ་ལས་འདས་པ་ཞིག་བྱུང་ངོ་། །དེ་ནི་གསལ་བའི་འོད་གསལ་གྱི་རང་བཞིན་ཡིན་ཏེ་ཆགས་ན་གཟུགས་ཁམས་སུ་སྐྱེ་བ་ཡིན་ནོ་ཞེས་ཀུན་མཁྱེན་བླ་མས་ཞལ་ཆེམས་སུ་བཞག་འདུག་པས། མཐའ་གྲོལ་ཀློང་ཡངས་ཆེན་པོའི་གནད་ལ་རྒྱུན་དུ་སློབ་པ་ཞིག་ལགས་སོ། །ཨ་ལ་ལ་ཧོ། ཕ་ཨོ་རྒྱན་ཆོས་རྗེའི་བྱིན་རླབས་དང་། །མ་ཡེ་ཤེས་ཌཱཀྐིའི་ཐུགས་རྗེ་ཡིས། །དབུ་མ་འོད་གསལ་གྱི་ཁང་མཛེས་ན། །ངའི་དགོངས་པ་ཅོག་གཞག་ཆེན་པོར་འཁྱིལ། །སྤྱིར་སྙིང་ཐིག་ཟབ་མོའི་བཀའ་དྲིན་དང་། །དགོས་ཀུན་མཁྱེན་བླ་མའི་དགོངས་གཏེར་གྱིས། །ངའི་ཉམས་མྱོང་སོམ་ཉིའི་སྒྲོག་ལས་གྲོལ། །གྲོགས་གྲུབ་ཐོབ་འཚོགས་ཀྱང་གནོད་རྒྱུ་མེད། །ཚིག་དཔྱད་ལེགས་ཀྱི་སྟོང་པའི་འབྲུག་སྒྲ་དང་། །དོན་ལག་བསྟར་གྱི་གསེར་ཞུན་དྭངས་མའི་བཅུད། །དེ་བསྲེས་པས་འདྲེས་པ་མ་ལགས་པས། །ངའི་མན་ངག་ལ་བཅོས་བསླད་མ་བྱེད་ཅིག །ཐབས་ལམ་གྱི་བདེ་བའི་འོད་གསལ་དང་། །ཐོད་རྒལ་གྱི་སྣང་བའི་འོད་གསལ་གཉིས། །འདིར་འཆད་པའི་སྐབས་སུ་མ་བབས་པས། །མ་མཁའ་འགྲོའི་ཡང་ཐིག་དེ་ལ་དྲིས། །ཞེས་སྐབས་ཀྱི་རྡོ་རྗེའི་མགུར་དང་བཅས་པའོ། །རྣལ་འབྱོར་བཞི་རིམ་པ་ལྟར་ན། རྩ་བའི་སྡོམ་ཚིག་ཆུང་ངུའི་ཞར་ལ་བསྟན་པ་ཡིན་ལ། འདིར་སྒོམ་མེད་འབྲིང་པོ་ཐོ་ཙམ་གསུངས་པ་ནི། གདོད་མའི་གནས་ལུགས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་ཡེ་ཤེས་མངོན་དུ་གྱུར་པ་ལ། སྒོམ་སྒྲུབ་ཀྱི་རྩོལ་བ་མེད་པར་མཉམ་གཞག་ཡེ་ཤེས་ཀྱི་ཁོར་ཡུག་གཅིག་ཏུ་གྱུར་ཀྱང་། ཡེ་ཤེས་ཀྱི་རང་སྒྲིབ་ལ་མི་ཤེས་པའི་ཟིལ་ཞེས་བྱ་བའི་རྟོག་མེད་ལུང་མ་བསྟན་མངོན་ཙམ་རེ་འོང་བ་དེས། ཇི་སྙེད་མཁྱེན་པའི་ཡེ་ཤེས་ལ་སྐད་ཅིག་མ་རེ་སྒྲིབ་ནུས་པ་དེ་ལ་སྒོམ་མེད་ཉི་མ་སྤྲིན་གྱིས་བཀབ་པ་ཟེར་རོ། །བག་ལ་ཉལ་ཡང་ཕྲ་དེ་ཆོད་པས་ན། དཔེར་ན་ཉི་མའི་སྙིང་པོ་ལ་མུན་པ་ཆགས་པའི་གཞི་མེད་པ་བཞིན་དུ་གཉེན་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་ནས་ཁོར་ཡུག་ཏུ་སོང་བས། སྤང་བྱ་བག་ལ་ཉལ་གྱི་སྒྲིབ་པ་རང་ཤུགས་ཀྱིས་སངས་པའོ། །གསུམ་པ་ཕར་ཕྱིན་ཆེན་པོའི་རྣལ་འབྱོར་ནི། གྲོལ་ཏིག་ལས། གཉིས་སྣང་ཤེས་བྱའི་དྲི་མ་ཕྲ་མོ་དེ་ཟད་ཅིང༔ གཞི་དང་ལམ་གྱི་འོད་གསལ་གཅིག་ཏུ་འདྲེས་པ་ནི༔ མི་སློབ་ཆེན་པོའི་རྣལ་འབྱོར་ཞེས་བྱ་དེ་ཉིད་ཡིན༔ ཞེས་པས། ཕྱི་སྣང་བའི་ཡུལ་ཟད། ནང་འཛིན་པའི་སེམས་ཟད། ལས་དང་བག་ཆགས་ཀྱི་མཐའ་སྟོང་སྟེ། གདོད་མའི་གཞིའི་གནས་ལུགས་འཁོར་འདས་ཀྱི་བློས་སྒྲོ་མ་བཏགས་ཤིང་གྲོལ་འཁྲུལ་གྱི་མཚམས་ལས་འདས་པ། ཅི་ཡང་མ་ཡིན་ལ་ཅིར་ཡང་བྱར་བཏུབ་པ། གཞི་ཐོག་ནས་ཆོས་དྲུག་གིས་སངས་རྒྱས་པའི་ཡེ་ཤེས་འོད་གསལ་གྱི་སྦུབས་རང་བཞིན་གྱིས་རྣམ་པར་དག་པ་དེའི་ངང་དུ། ད་ལྟ་ལམ་གྱི་རིག་པ་བཟང་རྟོག་ངན་རྟོག་ལུང་མ་བསྟན་གསུམ་ཀའི་སྐྱོན་ཡོན་དགག་སྒྲུབ་ལས་འདས་པ་ནམ་མཁའ་དྭངས་པའི་ཀློང་ལྟ་བུ་དང་འདྲེས་པས། སྒོམ་པའི་ཆོས་མེད། བླང་དོར་གྱི་རིས་མེད། ཡིན་མིན་གྱི་རྩིས་མེད། ས་ལམ་གྱི་འཕྲང་མེད། སྐུ་གསུམ་འདུ་འབྲལ་མེད་པའི་ངང་དུ་ཉིན་མཚན་རིས་མེད་དུ་ལ་བཟླས་པ་ཞིག་ལ་ཟེར་བ་གདའ་སྟེ། རྫོགས་ཆེན་སེམས་སྡེ་བས་ལྷུན་གྲུབ་ཀྱི་ཉམས་ཏིང་ངེ་འཛིན་ཐུན་མཚམས་ལས་འདས་པ་ཞེས་འཆད། ལ་ལ་མ་ཧཱ་མུ་དྲ་བས་སྒོམ་མེད་ཆེན་པོ་སྟེ། མན་ངག་དངོས་ནི་སྙིང་ཐིག་གི་དགོངས་པ་དང་སྦྱར་ནས་བཤད་པས་ཁྱད་པར་ཅུང་ཟད་ཡོད་པ་ཤེས་དགོས་སོ། །ཞེས་སོ། །རྣལ་འབྱོར་བཞི་རིམ་པས། ཡང་། ཆེན་པོ་དེ་ཉིད་དག་ནས་ལམ་མཐར་ཕྱིན། །འབྲས་བུའི་ཡེ་ཤེས་མངོན་གྱུར་རྫོགས་སངས་རྒྱས། །སྐུ་ལྔ་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །རང་གཞན་དོན་གཉིས་ཕུན་སུམ་ཚོགས་པའོ། །ཞེས་པས། གོང་གི་ཤེས་བྱའི་སྒྲིབ་པ་ཡང་ཕྲ་དང་བཅས་པ་ཆོད་ནས་ལམ་གྱི་འོད་གསལ་མཐར་ཕྱིན། གཞིའི་འོད་གསལ་མ་ཐོག་ཏུ་བསླེབས་ནས་སྒྲིབ་གཉིས་གཏན་ནས་དག་སྟེ། དོན་གཉིས་ཕུན་སུམ་ཚོགས་པའི་སངས་རྒྱས་ཀྱི་ས་ཐོབ་པ་ནི་སྒོམ་མེད་ཆེན་པོའོ། །དེ་ལ་རྒྱབ་སྐྱོར་ལུང་མང་དུ་གསུངས་འདུག །དེ་ལྟར་སྒོམ་མེད་ཆུང་ངུ་ནི་སྒོམ་མེད་ཀྱི་གཞི། འབྲིང་པོ་ནི་ལམ། ཆེན་པོ་ནི་འབྲས་བུའོ། །གསུམ་པ་སྐྱོན་དག་ཚུལ་ནི། བྱ་བྲལ་བས། དེ་ལྟར་སྒོམ་མེད་རང་རྩལ་རྫོགས་ཙ་ན། །མ་ལུས་སྐྱོན་དག་ཡོན་ཏན་ཐམས་ཅད་ཀུན། །འབད་མེད་རང་བཞིན་ལྷུན་གྱིས་གྲུབ་པའོ། །ཞེས་པའི་དོན། སློབ་དཔོན་པདྨས། སྒྲིབ་པའི་སྐྱོན་ཐམས་ཅད་དག །ས་བཅུ་པ་མན་ཆད་དུ་མི་ལྡོག །འཆི་བདག་གི་བདུད་བཅོམ། །སྐྱེ་ཤི་དང་བྲལ། ཞེས་སོ། །བཞི་པ་ཡོན་ཏན་སྐྱེ་ཚུལ་ནི། སློབ་དཔོན་པདྨས། ཡོན་ཏན་ནི་བླ་མ་དང་གཉིས་སུ་མེད་པར་སངས་རྒྱས། སྣང་སྲིད་ཆོས་སྐུར་གྲོལ། ལྷན་ཅིག་སྐྱེ་དགའི་བདེ་བ་སྐྱེ། མཐར་ཕྱིན་པའི་ཡོན་ཏན་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་ཡེ་ཤེས་མི་སློབ་པའི་ཟུང་འཇུག་རང་དོན་ཆོས་སྐུར་སངས་རྒྱས་ནས་ནམ་མཁའ་ལྟ་བུའི་རྟེན་འབྲེལ་ལ་དབང་བསྒྱུར་པས། གཟུགས་སྐུ་གཉིས་ཀྱིས་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་དོན་རྒྱུན་ཆད་མེད་པར་མཛད་པས། ཐེག་པའི་མཐར་ཐུག་བླ་ན་མེད་པའི་དགོངས་པ་དང་མཐུན་ནོ། །ཞེས་སོ། །ལྔ་པ་ཏིང་ངེ་འཛིན་དེ་ལ་བོགས་འདོན་རྒྱུ་མེད་པར་བསྟན་པ་ནི། ཡང་། དྲན་པ་བཞི་ཡི་ཏིང་འཛིན་རབ་ཏུ་རྒྱས། །ཏིང་འཛིན་མཐར་ཕྱིན་ཚེ་གཅིག་སངས་རྒྱས་ཐོབ། །གསང་སྔགས་རྡོ་རྗེ་ཐེག་པའི་ཁྱད་ཆོས་ཡིན། །ཞེས་པས་རྣལ་འབྱོར་བཞི་པའི་ལམ་འདི་ཐར་པ་བྱང་ཆུབ་ཀྱི་ལམ་མཐར་ཕྱིན་པའི་འབྲས་བུ་ཡིན་ཏེ། དཔེར་ན་སྟོན་ཐོག་མཐར་ཕྱིན་ནས་བདག་གིར་བྱེད་པ་ལྟར། སྒོམ་མེད་ཆེན་པོའི་རྣལ་འབྱོར་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པས་དེ་ལ་བོགས་འདོན་མེད་པའོ། །ཤེར་ཕྱིན་ཀུན་མཁྱེན་ཆེན་པོ་འཇིགས་བྲལ་གླིང་པ། མཆན། ལམ་ལྔ་དང་སྦྱར་བའི་དགོས་ཆེད་དང་། འབྲས་བུའི་ཡོན་ཏན་སྐུ་གསུམ་གྱི་དབྱེ་བ་ནི། འདི་ལྟ་བུའི་དགོངས་པ་དེ་སུ་ལ་མངའ་ན་གྲུབ་ཐོབ་ཆེན་པོ་རྣམས་ལའང་རྣལ་ལམ་བྱུང་བའི་ལོ་རྒྱུས་འདུག་པས་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་དང་། པཎ་ཆེན་བི་མ་ལའི་དགོངས་པའི་ཀློང་ཆེན་པོར་འཁྱིལ་བར་རྟོགས་པས། བླུན་སྒོམ་མུ་ཅོར་སྨྲ་བ་རྣམས་ཕུ་ཐག་མ་ཆོད་པའི་ཅལ་ཅོལ་འུད་སྐད་དུ་མ་སྨྲ་བར་བག་ཡོད་པར་བགྱིད་ན་ཅི་མ་རུང་བ་ཤར་ཏེ་ཡི་གེར་འགོད་པའང་ཐལ་ལོ། །ཞེས་དང་། གནས་ལུགས་གཅེར་མཐོང་རང་གྲོལ་གྱི་མཇུག་ཏུ་ཡང་འདི་ལྟར་གསུངས་ཏེ། ཕྱག་རྫོགས་གཉིས་ཀའི་རྒྱུད་དང་མན་ངག་ནས་རིག་པ་ཅིག་ཆོད་རང་གྲོལ་ལས་ས་ལམ་གྱི་རྣམ་གཞག་མ་གསུངས་ཀྱང་། སྔོན་བྱོན་གྲུབ་ཐོབ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བསྟན་པ། རྗེས་ཐོབ་ཀྱི་རིག་པའི་རྩལ་ཆེན་རྫོགས་པ་ལ་དགོངས་ནས། རྩེ་གཅིག་སྤྲོས་བྲལ་རོ་གཅིག་སྒོམ་མེད་སོ་སོར་ཆུང་འབྲིང་ཆེ་གསུམ་གྱི་མིང་བཏགས་ནས་ས་ལམ་གྱི་དོད་པོ་བརྩི་བར་མཛད་པ་བཞིན་ནོ། །ལྷག་དོན་ཕྱི་རབས་པ་དག་སྤྲོས་བྲལ་མཚན་མ་ཅན་དུ་གོལ་བ་དང་། རྩེ་གཅིག་ཆེན་པོའི་བག་ཆགས་ལ་སྒོམ་པ་ཉིན་མཚན་ཁ་སྦྱོར་དུ་རློམ་སེམས་སྐྱེ་བ་སོགས་ཤེས་རབ་རྣམ་པ་གསུམ་གྱིས་བཏང་བར་ཟད་མོད། འདིས་མཚུངས་པར་མཐར་ཐུག་གི་གྲོལ་གཞི་གྲོལ་ས་ཁྱད་ཆོས་དྲུག་ལྡན་གྱི་ཀུན་ཏུ་བཟང་པོའི་དགོངས་པ་ངེས་པར་ཤེས་དགོས་པར་འདུག །རྫོགས་ཆེན་གསང་བ་སྙིང་ཐིག་པའི་ཟུར་སྐད་དོ། །གནད་དེ་ལྟ་བུ་གོ་བར་བྱེད་པ་ལ་ཀུན་མཁྱེན་ཀློང་ཆེན་པའི་གསང་མཛོད་བརྟོལ་དགོས་པས་ཕྱི་རབས་སུ་དགོངས་བརྒྱུད་ཀྱི་འཕོ་བ་ཐོབ་པའི་དོན་གྱི་རྣལ་འབྱོར་པ་རིམ་པར་འབྱོན་པ་དག་ལ། ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱིས་ཁ་ཆེམས་སུ་བྲིས་ཤིང་ད་ལྟ་བའི་དམིགས་བསལ་དག་པའི་སྣང་བ་ཅན་ཁྱབ་གདལ་ནམ་མཁའི་ཤེས་པས་ཟིན་བྲིས་སུ་བགྱིས་པའོ། རྩ་བའི་ས་བཅད་བཞི་པ་སྐབས་སུ་བབས་པའི་གདམ་ངག་རང་ལུགས་འོད་གསལ་ཛོགས་པ་ཆེན་པོ་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་དེ་གཉིས་ཟུང་འཇུག་གི་ལམ་ཁྱེར་བཅས་བསྟན་པ་ནི། །དེ་ལ་སྐབས་སུ་བབ་པའི་གདམ་ངག་ནི་རང་ལུགས་འོད་གསལ་རྫོགས་པ་ཆེན་པོའོ། །དེ་སྟོན་བྱེད་ཀྱི་བླ་མ་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། མཁས་ཤིང་བྱ་བ་བྲལ་བ་དང་། །ཆོས་ཉིད་དོན་ལྡན་ཚད་ཕེབས་པ། །འདོད་པའི་དོན་ལ་རྨོངས་པ་མེད། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་གསུངས་པའི་དོན་ཐུན་མོང་དང་ཐུན་མིན་གྱི་སྔོན་འགྲོའི་སྐབས་རྣམས་སུ་བཤད་པ་ལྟར། བརྒྱུད་པའི་བྱིན་རླབས་དང་ལྡན་པའམ། ཕྱི་ནང་ཁྱད་པར་གྱི་ཁྲིད་ལ་ཉམས་མྱོང་གི་གདར་ཤ་ཆོད་ཅིང་། སློབ་མའི་བློ་དང་སྐལ་པར་འཚམས་པའི་གདམ་ངག་སྟེར་ཤེས་པ་ཞིག་གལ་ཆེ། མིན་ཡང་ཚེ་རབས་ནས་བཟང་འབྲེལ་ཆེ་བའི་བླ་མ་དང་འཕྲད་ན། སློབ་མའི་རབ་འབྲིང་སོགས་ལ་མི་ལྟོས་པར་ལམ་གོང་མ་ལ་དཀྲི་ནུས་སོ། །བཤད་ཡུལ་གྱི་སློབ་མ་ཡང་། ཀློང་གསལ་ལས། རྒྱུད་དུལ་སྡིག་འཛེམ་དབང་པོ་རྣོ། །སྐྱོ་ཤས་སྡུག་སྲན་སྙིང་རུས་ཆེ། །ཞེས་དང་། དད་ལྡན་སྙིང་རྗེ་གཏོང་ཕོད་ཡངས་པ་ཆེ། །དབང་པོ་རྣོ་ཞིང་ངག་འཇམ་དུལ་ཚིག་སྨྲ། །བླ་མ་ལ་གུས་ཚིག་གི་སྤྲོས་པ་ཆོད། །མ་བརྟགས་གསང་ཚིག་ཡོན་ཏན་རྡུལ་ཙམ་ཡང་། །གཞན་ལ་མི་བརྗོད་ཉམས་ལེན་དག་ལ་བརྩོན། །དེ་ནི་གསང་སྔགས་གསུང་བའི་སྣོད་ཡིན་ནོ། །ཞེས་གསུངས་པ་ལྟར་མདོ་རྒྱུད་མན་ངག་རྣམས་ནས་གསུངས་པའི་བླ་སློབ་ཀྱི་རྟེན་འབྲེལ་མཚན་ཉིད་པ་དཀའ་ཡང་ཕྱོགས་ཙམ་རེ་ངེས་པར་ཚང་དགོས། །མ་བརྟག་བབ་ཅོལ་གྱིས་མན་ངག་ཟབ་མོ་ཉན་བཤད་བགྱིས་ན་ཉེས་པ་ཚད་མེད་དེ་རྡོ་རྗེ་དམྱལ་བར་ཡང་ལྟུང་ངེས་པས། དེ་ལྟར་བརྟགས་ཏེ་གདམ་པ་རིམ་པར་ངོ་སྤྲོད་ཀྱང་རིམ་གྱིས་གདབ་དགོས་སོ། །དེའང་རང་ལུགས་ལ་དབང་པོ་རབ་འབྲིང་ཐ་གསུམ་ལས། རབ་ཀྱི་རབ། རབ་ཀྱི་འབྲིང་། རབ་ཀྱི་ཐ་མ། འབྲིང་གི་རབ། འབྲིང་གི་འབྲིང་། འབྲིང་གི་ཐ་མ། ཐ་མའི་རབ། ཐ་མའི་འབྲིང་། ཐ་མའི་ཐ་མ་དང་དགུ་ཡོད། གཞན་གོང་གི་རྣལ་འབྱོར་བཞི་རིམ་སྐབས་བཤད་ལྟར། ཅིག་ཆར། ཐོད་རྒལ། རིམ་གྱིས་དང་གསུམ་ལའང་ནང་གསེས་དབྱེ་ཚུལ་འདྲ་བར་འདུག་གོ །གོང་གི་རང་ལུགས་འབྲིང་གི་འབྲིང་མན་ཆད་རིམ་གྱིས་པའི་རིགས་སྣང་བ་ཡུལ་གྱི་བློ་ཅན་རྣམས་ལ་ཁྲིད་ཚུལ་འདི། བསྒྲུབ་བྱ་སྒྲུབ་བྱེད་མི་འཛོལ་བའི་ལམ་ཡང་དག་པ་ཡིན་ལ། དབང་པོ་རྣོན་པོ་རྒྱུའི་སྟོབས་ཅན་རིག་པ་རང་སྣང་གི་བློ་ཅན་རྣམས་ནི་མ་གཏོགས་སོ། །དེ་མན་ཆད་ཀྱིས་ལུགས་གཞན་ལ། མཆན། ཐོས་བསམ་གཏན་ལ་དབབ་པའི་གོ་མྱོང་རྟོགས་གསུམ་གྱིས་སྦྱངས་གོམས་ཁོ་ནར་བཞེད་ཀྱང་། གང་ལྟར་བླ་མ་དང་གདམ་ངག་ཟུང་དུ་འཇུག་པའི། དྭངས་འདོད་ཡིད་ཆེས་ཀྱི་དད་པ་རྟག་བརྟན་འཕོ་འགྱུར་མེད་པ་ཞིག་གི་སྒོ་ནས། ཅི་གསུང་ཆེད་དུ་བཀར་བ་ཐུན་མོང་ཐུན་མིན་གྱི་གསག་སྦྱང་སོགས་ཚུལ་བཞིན་ཉམས་སུ་ལེན་ཞིང་སྐད་ཅིག་ཀྱང་བླ་མ་མི་བརྗེད་པའི་ལམ་ཁྱེར། མི་ཁྲེལ་གསུམ་ལ་མཐིལ་བཅོལ་ཏེ་བླ་མའི་རྣལ་འབྱོར་སྤྲོས་བཅས་སྤྲོས་མེད་ཀྱི་ཉམས་ལེན་རང་བློ་དང་མཐུན་པ་གལ་ཆེ་ཚུལ་ནི། དཔལ་ས་ར་ཧས། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲིབ་པ་སྦྱངས་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བརྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་པ་ལྟར། སྤྱིར་བློ་ལྡོག་རྣམ་བཞི་ནས་དངོས་གཞིའི་ཁྲིད། ཨ་ནུ་མན་ཆད་ཀྱི་ཐེག་པའི་རིམ་པར་རང་གི་གསག་སྦྱང་དང་། མྱོང་གོམས་ཀྱི་ཁྱད་པར་ལ་རག་ལས། དེའི་ཕྱིར་ཀུན་དང་མཐུན་ཞིང་ཀུན་ལས་ཁྱད་པར་དུ་འཕགས་པ་ནི་རྫོགས་ཆེན་ཡང་གསང་བླ་ན་མེད་པ་ཡིན་ཞེས་པའི་དོན་དེ་ཡིན་པར་འདུག་གོ །དེ་ལ་དགའ་རབ་རྡོ་རྗེས་གསུངས། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་གདུལ་བྱའི་ཁམས་དབང་དང་མཐུན་པར། རིམ་འཇུག་ཅན་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་སྡེ། །ཞེས་གསུམ་དུ་བཀྲལ་བའི་དང་པོ། རྒྱུད་ཕྱི་མ་ལས། དེ་ལྟར་དགོངས་པ་དོན་རྒྱུད་ལ༔ ཚིག་རྒྱུད་རྣམ་པ་གསུམ་དུ་བྱུང༔ སེམས་ཀློང་མན་ངག་སྡེ་གསུམ་མོ༔ དང་པོ་སེམས་སྡེའི་ངོ་བོ་ནི༔ མིག་གཉིས་ནམ་མཁའི་ཁམས་སུ་བལྟ༔ འགྱུ་བའི་དབུགས་ཀྱང་རང་སོར་ཀློད༔ སྐྱིལ་ཀྲུང་མཉམ་གཞག་ལྷོད་ཆ་ཅན༔ ཡང་ན་ལག་གཉིས་པུས་མོར་བཀབ༔ ཆོས་ཀུན་བྱང་ཆུབ་སེམས་ཀྱི་ངང༔ གསལ་དྭངས་ཕྱེད་པའི་རིག་པ་ལ༔ འདུ་ཤེས་གྲུང་པོས་མི་བལྟ་བར༔ བལྟ་བྱ་བལྟ་བྱེད་གཉིས་མེད་པའི༔ གནས་ལུགས་ཡེ་བཞག་ཆེན་པོ་ལ༔ སྒྲིམ་པོའི་བློ་ཡིས་མི་འཆོས་སོ༔ དྲན་པའི་གཟེབ་ཀྱིས་མི་འཆིང་ངོ༔ གཉེན་པོའི་ལྷད་ཀྱིས་མི་བསླད་དོ༔ དེ་ཚེ་དྲན་བསམ་ཅི་ཤར་ཡང༔ སེམས་ལས་བྱུང་ཞིང་སེམས་ཀྱི་ངང༔ འཁོར་འདས་མ་ལུས་སེམས་སུ་རྫོགས༔ དེ་ལྟར་གནས་པའི་ཆོས་ཉིད་ལ༔ ཐ་སྙད་ཚིག་གིས་སྨྲ་མ་ཤེས༔ བཅོས་མའི་མིག་གིས་མཐོང་མི་འགྱུར༔ ཀ་དག་གཏིང་གསལ་ཆེན་པོ་འོ༔ ཞེས་དང་། གཉིས་པ། ཡང་དེ་ཉིད་ལས། གཉིས་པ་ཀློང་སྡེའི་ངོ་བོ་ནི༔ ཕྱོགས་རིས་མེད་པ་ལྟ་བའི་ཀློང༔ དམིགས་གཏད་མེད་པ་སྒོམ་པའི་ཀློང༔ རེ་དོགས་མེད་པ་སྤྱོད་པའི་ཀློང༔ ཐེ་ཚོམ་མེད་པ་འབྲས་བུའི་ཀློང༔ བཟང་ངན་མེད་པ་ཆོས་སྐུའི་ཀློང༔ དྲན་འཛིན་མེད་པ་ལོངས་སྐུའི་ཀློང༔ རྟག་ཆད་མེད་པ་སྤྲུལ་སྐུའི་ཀློང༔ སྒོམ་དུ་མེད་པ་འོད་གསལ་ཀློང༔ གཉེན་པོ་མེད་པ་དྲན་པའི་ཀློང༔ བདེ་ཆེན་ཀུན་ཏུ་བཟང་མོ་ཡི༔ བྷ་ག་ཡངས་པའི་ཀློང་ཆེན་མོར༔ བཅོས་མའི་ཆོས་རྣམས་རྫོགས་སངས་རྒྱས༔ དེ་ཕྱིར་ང་ཡི་མཁའ་ཀློང་དུ༔ རྒྱལ་བ་ཀུན་གྱི་ཐུགས་རྡོ་རྗེ༔ འདུ་འབྲལ་མེད་པ་ཨེ་མ་ཧོ༔ ཞེས་དང་། གསུམ་པ་མན་ངག་སྡེ་ལའང་། རིག་འཛིན་ཆེན་པོ་ཤྲཱི་སིདྷས་ནང་གསེས་ཕྱི་སྐོར་ནང་སྐོར་གསང་སྐོར་ཡང་གསང་བླ་ན་མེད་པ་སྟེ་བཞིར་དབྱེ་བའི་སྔ་མ་གསུམ་ཞར་ལ་ཚང་བའི་ཡང་གསང་བླ་ན་མེད་པ་སྟེ་ཀ་དག་ཁྲེགས་ཆོད་ལ་བཟླ་སྐོར་གསུམ་དང་ལྷུན་གྲུབ་ཐོད་རྒལ་གཙོ་བོར་བསྟན་པ་ཡིན་ལ། གནད་གསུམ་ཤན་འབྱེད་ལས། སྙིགས་མའི་དུས་ན་རྫོགས་ཆེན་བསྒོམ་པ་རྣམས༔ གཞི་ལམ་འབྲས་བུའི་གནད་ལ་རྨོངས་གྱུར་པས༔ འདོད་ཁའི་ལྟ་སྒོམ་མཐོན་པོར་ཕྱོགས་འཛིན་ལས༔ ཡིད་དཔྱོད་སྒྲོག་ལས་གྲོལ་བ་ཉིན་སྐར་ཙམ༔ དེ་ཕྱིར་འདི་ན་གནད་གསུམ་ཤན་འབྱེད་ལ༔ སེམས་རིག་དབྱེ་བ་སེངྒེ་རྩལ་རྫོགས་བསྟན༔ ཞེས་པ་ལྟར། སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེའི་འདས་རྗེས་ཚིག་གསུམ་གྱི་དོན། ངོ་རང་ཐོག་ཏུ་སྤྲོད། ཐག་གཅིག་ཐོག་ཏུ་བཅད། གདིང་གྲོལ་ཐོག་ཏུ་བཅའ་བ་གསུམ་གྱིས་ཁྲེགས་ཆོད་གཏན་ལ་དབབ་དགོས་པས་ན། དེ་ལ་སྤྱི་དང་ཁྱད་པར་གཉིས་ལས། དང་པོ་བླ་མ་ཡང་ཏིག་གི་དོན་ཁྲིད་ལྟར་ན། ཡེ་གྲོལ་ཚངས་པའི་དབང་དང་། སྤྱི་བླུགས་ཚངས་པའི་དབང་གཉིས་ཀྱིས་བསྟན་ཏེ། དེའང་ཕྱི་སྣང་བའི་ཡུལ་ལྔ་རང་གསལ་མིང་མེད་དུ་ལ་བཟླ་བ་ནི། མེ་ལོང་དུ་ཤར་བའི་གཟུགས་བརྙན་བསྟན་ལ། དང་པོ་གང་ནས་བྱུང་། ད་ལྟ་གང་ན་གནས། ཐ་མ་གང་དུ་འགག །མེ་ལོང་གི་ངོས་དང་དེའི་གཟུགས་བརྙན་གཉིས་གཅིག་གམ་ཐ་དད་བརྟགས་པས། གཟུགས་བརྙན་དེ་དང་པོ་གང་ནས་ཀྱང་མ་བྱུང་སྟེ་ངོ་བོ་མེད། ད་ལྟ་སྣང་སྣང་འདྲ་ཡང་གང་དུ་ཡང་མི་གནས་ཏེ་རང་བཞིན་མེད། ཐ་མ་གང་ཡང་མི་འགྲོ་སྟེ་བཞིན་མེ་ལོང་དུ་མ་འོངས་པས། གཟུགས་མ་གྲུབ་པས་རྣམ་པ་ལ་ཡལ་རྒྱུའི་དངོས་པོ་མེད་པའི་ཕྱིར་རོ། །དེ་བཞིན་དུ་སྣང་བ་ཡུལ་གྱི་གཟུགས། དྲན་རིག་སེམས་ཀྱི་ངོ་བོ་དང་བཅས་པ་ཡེ་ནས་ཡོད་མ་མྱོང་བས། སྣང་སྣང་ཡོད་ཡོད་གྲུབ་གྲུབ་འདྲ་ཡང་ཡེ་སྟོང་རྩ་བྲལ་ཆེན་པོར་གཏན་ལ་ཕེབས་སོ། །དེ་བཞིན་དུ་སྒྲ་གྲགས་དུས་ནས་ཕྱི་ནང་བར་གསུམ་ན་མེད་པ་དང་། དྲི་དང་། རོ་དང་། རེག་བྱར་སྣང་དུས་ནས་སྣང་བའི་ཡུལ་དང་དེར་འཛིན་གྱི་སེམས་གཉིས་ཀ་ཕྱི་ནང་བར་གསུམ་ན་མེད་ལ་སྣང་དུས་ངོ་བོ་མེད་པས་གང་ནས་ཀྱང་མ་བྱུང་། གང་དུ་ཡང་མི་གནས། གར་ཡང་མི་འགྲོ་བའི་རང་བཞིན་དུ་ཤེས་པར་ཐག་བཅད་དོ། །དེ་ནི་ཡེ་གྲོལ་ངང་གནས་ཆེན་པོའི་དབང་ངོ་། །དེ་ནས་སྤྱི་བླུགས་སུ་སེམས་མེད་པའི་ཡེ་ཤེས་རང་བབས་སུ་བསྟན་པ་ལ་གསུམ་ལས། སྣང་བ་ལ་བརྟག་པ་ནི། རི་མཐོན་པོའི་རྩེར་ཕྱིན་ལ། ཕྱོགས་བཞིར་ཅེར་ཅེར་བལྟར་བཅུག་ལ་གང་ཡིན། ལ་འུར་ཤོད་ཅིག་ལ་འུར་ཤོད་ཅིག་བྱས་དུས། ཡུལ་སྣང་ལ་འདི་ཡིན་དུ་མིང་མ་ཐོགས་པའི་རིག་པ་སལ་ལེ་བ་ཞིག་འབྱུང་སྟེ། འདི་དང་འདིའོ་ཞེས་པའི་སེམས་འགགས་ལ། ཡེ་ཤེས་ཀྱི་ཡུལ་རིག་པ་ཞེས་བྱའོ། །ཡང་ན་ཁ་སྣའི་རླུང་བསྡམས་ལ། ཕྱིའི་ཡུལ་ལ་ཅེར་རེར་བལྟས་པས། བུ་ཆུང་གིས་ལྷ་རྟེན་མཐོང་བ་ལྟ་བུར་ཡུལ་སྣང་ལ་མིང་དོན་དང་བྲལ་བའི་རིག་པ་བཀྲ་ཡལ་ལེ་བ་ལ་འཛིན་པ་མེད་པ་འབྱུང་སྟེ། དེ་དུས་རླུང་སྙིང་གར་ཐིམ་པས་གདངས་རང་སོར་གནས་ཏེ། སེམས་འགགས་ལ་ཡེ་ཤེས་གསལ་བའི་དགོངས་པའོ། །རིག་པ་ལ་བརྟག་པ་ནི། རང་སེམས། སེམས་ཡུལ། ཡུལ་སྟོང་། ཨ་འཐས། བཅིངས་པ་གྲོལ། ཕྱམ་ཕྱམ་ཅི་ལ་ཟེར། ཞེས་འབྲེལ་མེད་ཅི་ཐོན་དུ་བགྲངས་ཏེ། ལ་འུར་ཤོད་བྱས་པས། སྒྲ་སྤྱི་ལས་ངོས་གཟུང་གང་ཡང་མེད་པར་ཧད་དེ་ཕྱམ་མེ་སོང་བ་ནི་འབྲལ་མེད་ཡེ་གྲོལ་གྱི་དགོངས་པའོ། །ཡང་ན་ང་དང་ཁྱོད་གཉིས་ཚེ་སྔ་མ་གར་སྐྱེས། ཕྱི་མ་གང་དུ་འགྲོ །ལ་འུར་ཤུགས་རྡོལ་ལ་ཤོད་ཅིག་བྱས་དུས། ཅི་ཟེར་ཕྱམ་བརྡལ་ནས་ཧད་དེ་ཕྱམ་མེ་བ་ལུས་པ་ནི། སེམས་འགགས་ལ་རིག་པ་རང་གསལ་གྱི་དགོངས་པར་ཐག་བཅད་དོ། །སྣང་སེམས་གཉིས་མེད་ལ་བརྟག་པ་ནི། བླ་མས་སློབ་མ་ལ་ས་ཆོད་ཅིག་བསྟན་ནས། ཕ་གིར་སོང་ཞིག་བྱས་ལ། ཕྱེད་ཙམ་སླེབས་དུས་ད་ཚུར་ལ་ལོག་ཤོག་ཅིག་ཅེས་པའི་བར་དེར་འགྲོ་འདུག་དང་སྣང་ཡུལ་མ་འགགས་ཀྱང་། མིང་དོན་དུ་མའི་འཛིན་པ་སེམས་ཀྱི་རྟོག་པ་འགགས་ཏེ། སལ་ལེར་རིག་པ་ཕྱམ་མེར་ཤར་བའི་རང་བཞིན་གྱི་རིག་པའི་ཡེ་ཤེས་སུ་ཐག་བཅད་དོ། །དེ་ལྟར་བརྡ་དང་ཐབས་དུ་མས་གཟུང་འཛིན་དང་བྲལ་བའི་རིག་པ་ཡེ་བབས་རང་གནས་ཆེན་པོའི་དགོངས་པ་རང་ཆས་ལྷུན་གྲུབ་ཆེན་པོར་དུས་ཐམས་ཅད་དུ་ངོས་གཟུང་བ་ནི་སེམས་ལས་འདས་པའི་ཡེ་ཤེས་ངོས་གཟུང་བའོ། །དངོས་གཞི་རིག་པའི་རང་ངོ་སྤྲད་པ་ལ་གཉིས་ལས། དགོངས་པ་རང་གནས་སུ་ངོ་སྤྲད་པ་ནི། ལུས་གནད་བསྣུན་ནས་དར་གཅིག་ཙན་གྱིས་ཀློད་པའི་ངང་དེར་ངོ་སྤྲོད་པ་ནི། ཀྱེ་སྐལ་ལྡན་ད་ལྟའི་ཤེས་པ་འཕྲོ་འདུ་དང་བྲལ་ལ་གདངས་མ་འགག་པར་ཧད་དེ་ཕྱམ་མེ་བ་འདི་ཉིད་ཀ་དག་ཆོས་སྐུའི་དགོངས་པ་སྟེ། ཕྱི་དང་ནང་མེད་པ། ལྟ་སྒོམ་སྤྱོད་འབྲས་མེད་པ། ཡོད་མེད་ཡིན་མིན་མེད་པ། ཚིག་དང་ཐ་སྙད་མེད་པ། རང་བབས་སུ་ཕྱམ་མེ། ངང་དྭངས་སུ་ལྷོད་དེ། ཡེ་གྲོལ་དུ་ཝལ་ལེ། འཛིན་མེད་དུ་ཤིག་གེ །གསལ་སྟོང་དུ་སིང་ངེ་། བདེན་མེད་དུ་བུན་ནེ། ངོ་བོ་ངོས་གཟུང་མེད་པའི་ངང་ལ་རྩོལ་སྒྲུབ་དང་བདེན་ཞེན་མེད་པར་གནས་པ་འདི་ཉིད། རིག་པ་ཡེ་གྲོལ་ཆོས་སྐུ་ལྷུན་གྲུབ་ཆེན་པོར་ངོས་གཟུང་ལ་རྟོག་མེད་དུ་བུན་ནེ། སྒོམ་མེད་དུ་ཁྲེས་སེ། རྩོལ་མེད་དུ་སིང་ངེ་། རྗེས་མེད་དུ་ཝལ་ལེ། གང་ལའང་འཛིན་ཞེན་མེད་པ་ནམ་མཁའ་ལྟ་བུའི་ངང་དུ་ཞོག་ཅིག །མི་འགྱུར་བརྟན་པ་རི་བོ་བཞིན་དུ་ཞོག །མི་གཡོ་དྭངས་པ་རྒྱ་མཚོ་ལྟར་དུ་ཞོག །རེ་དོགས་བྲལ་བ་ལས་ཟིན་ལྟ་བུར་ཞོག ཁོང་ཡངས་བློ་བདེ་རྒད་པོ་ལྟ་བུར་ཞོག །མ་བཅོས་རང་སར་བཞག་པའི་ཆོས་ཉིད་ལ། །མི་གནས་གདོད་མའི་ཆོས་སྐུར་ལྷུན་གྱིས་གྲུབ། །བཅའ་བཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག །ཅེས་གདབ་བོ། །དྲན་རིག་འཆར་ནུབ་མེད་པར་ངོ་སྤྲོད་པ་ནི། ཡང་སྐལ་ལྡན་དེ་ལྟར་བཞག་པའི་ངང་ལས་འགྱུ་དྲན་སྣ་ཚོགས་སུ་འཆར་འཆར་འདྲ་ཡང་། ཤར་བ་དང་ཤར་མཁན་མེད་པས་ཤར་བ་དང་ཡལ་བ་མེད་པར་ངོས་ཟུངས་ཤིག །ཇི་ལྟར་ཤར་དུས་དེ་ཉིད་ལ་ལྟོས་དང་། ཕྱི་ནང་ངོ་བོ་ངོས་གཟུང་མེད་པར་ཤར་བ་དང་གྲོལ་བ་ཞེས་བྱ་བ་ཡེ་ནས་མེད་པར་ལ་ཟློས་ཤིག །ངང་ལ་གནས་པས་གཡོ་མེད་ལྷུན་གྱིས་གྲུབ། །ཤར་དང་མ་ཤར་མེད་པར་ཐག་ཆོད་པས། །གྲོལ་དང་མ་གྲོལ་མེད་པར་ཡིད་ཆེས་སོ། །དོན་མེད་སེམས་ལ་གཉེན་པོས་མ་འཆོས་པར། །སྐྱེ་མེད་ངང་དེར་རང་ཡན་ཆེན་པོར་ཞོག །བལྟས་པས་མི་ལང་བདས་ཀྱང་ཟིན་པ་མེད། །ཡོད་མ་མྱོང་སྟེ་ཡོད་པར་མ་འཛིན་པར། །གང་ལྟར་ཤར་ཡང་རང་ཤར་ལྷུག་པར་ཞོག །ཕན་གནོད་མེད་པའི་སེམས་ལ་སེམས་མཐུད་ཀྱང་། །རྟོག་པའི་འཁོར་ལོ་ནམ་ཡང་ཞིག་དུས་མེད། །རང་བཞག་སྐད་ཅིག་ངང་དེར་ཆོས་ཀྱི་སྐུ། །སེམས་འགགས་ཡེ་ཤེས་རིག་པའི་གནས་ལུགས་ཡིན། །ཇི་ལྟར་དྲན་བསམ་འཕྲོ་བར་གང་སྣང་ཡང་། །སྣང་དུས་ཉིད་ནས་ཡོད་མ་མྱོང་བས་ན། །འཛིན་ཞེན་མེད་པའི་ལུང་པ་སྟོང་པ་རུ། །རང་བབས་གར་གར་ཕྱམས་ཅིག་ལ་སྐྱུར་ཅིག །གཟོག་དང་གཟེ་རེས་མ་བསླད་པའི་རིག་པ། །ངང་དྭངས་འགག་མེད་ཡེ་གྲོལ་ལ་ལྟོས་དང་། །བལྟས་པས་མ་རྙེད་རྒྱུ་མཚན་མེད། །གཞི་རྩ་བྲལ་བའི་སྟོང་གསལ་གནས། །རང་སོར་བཞག་པས་ངོས་གཟུང་མེད། །ཐ་མལ་ཤེས་པ་ཆོས་ཉིད་ངང་། །ཡེ་བབས་ལྷུག་པར་ཀློད་ལ་ཞོག །རྫོགས་པ་ཆེན་པོའི་གནས་ལུགས་ཡིན། །གང་ཤར་སྣང་བ་སྣང་དུས་རང་བབས་སུ་ལྷོད་ཀྱིས་ཐོངས་ལ། ངང་དྭངས་རིག་པའི་ངོ་བོ་ལ་མ་ཡེངས་ཙམ་དུ་ངོས་ཟུངས་དང་། ཤར་གནས་གང་ཡང་ཡོད་མ་མྱོང་བས་ཕན་གནོད་ཀྱི་ཡུལ་ལས་འདས་པ་ཡིན་ནོ། །དེའི་ངང་དེར་ཀློད་པ་ཙམ་གྱིས་རྣམ་རྟོག་མ་སྤང་དབྱིངས་སུ་དག་ནས། དགོངས་པ་ཡེ་བབ་ཆོས་ཉིད་ཆེན་པོར་གནས་ཏེ། སེམས་ཀྱིས་མ་བསླད་པའི་རིག་པ། སལ་ལེ་བ་ལ་རྟོག་པ་མེད་པ། རང་བབས་ཀྱི་ཤེས་པ་བཅོས་བསླད་མེད་པ་འདི་ལ་ལྟོས་དང་། སྤྲོས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནམ་མཁའ་དྭངས་པ་ལ་ཉི་མ་ཤར་བ་ལྟར་ཕྱོགས་བྲལ་རྒྱ་ཡན་གསལ་སྟོང་རིག་པ་རྗེན་པའི་ངོ་བོར་ཤར་རོ། །གནས་སམ། ཇི་ལྟ་བུའི་དུས་ནའང་རང་བབས་ཡེ་གྲོལ་འགྱུར་མེད་ཕྱམ་མེ་ཕྱལ་ལེ། བསམ་བརྗོད་འདས་པའི་རང་བཞིན་དུ་ཉམས་སུ་བླང་བར་བྱའོ། །ཞེས་ཐེབས་པར་གདབ་བོ་གསུངས་སོ། །གཉིས་པ་ཁྱད་པར་གྱི་ངོ་སྤྲད་པ་ནི། བླ་མ་དགོངས་བརྒྱུད་དོན་གྱི་འཕོ་བ་ཅིག་ཆར་དུ་ཐོབ་ཅིང་། ལྟ་སྒོམ་སྤྱོད་པའི་ཉམས་མྱོང་རྡོ་རུས་འཕྲོད་པ་དག་གིས་སློབ་མའི་རྒྱུད་ཚོད་བརྟགས་ཏེ། སྒྲ་ཇི་བཞིན་པ་ཚོགས་དྲུག་གི་ཤེས་པ་ཐིག་ལེ་ཉག་གཅིག་གི་དབྱིངས་སུ་ལ་བཟླ་བ་ལ། ངོ་བོ་རང་ཐོག་ཏུ་མཛུབ་བཙུག་གི་ཚུལ་དུ་སྤྲད་དེ་ཐག་གཅིག་ཐོག་ཏུ་ཆོད་པར་བྱས་ནས། ཡེ་གྲོལ། ཡོངས་གྲོལ། རང་གྲོལ། ཅེར་གྲོལ་ཏེ། གདིང་གྲོལ་ཐོག་ཏུ་བཅའ་བ་འདི་ནི་གལ་ཆེ། རབ་ཀྱི་རབ་ཡིན་ཡང་དོན་བརྒྱུད་དགོངས་པའི་འཕོ་བ་མངོན་དུ་བྱས་པ་ཡིན་ན་མ་གཏོགས་ལས་འཕྲོ་སད་པ་རིག་འཛིན་བླ་མའི་ཞལ་ནས་ལམ་གོང་མ་རིམ་པར་རྫོགས་རྒྱུ་ངེས་པར་ཡོད་པ་རྣ་བའི་བདུད་རྩིར་ཐོབ་པ་ལྟར་བཤད་པས་དམར་བཅིངས་སུ་ངོ་སྤྲོད་ཀྱིས་ཐག་བཅད་དགོས། དེ་མ་བཅད་ན་ལྟ་བའི་ཕྱོགས་སུ་སྤྱོད་པ་ཤོར་ནས་མཐར་ཐུག་གི་གྲུབ་པའི་རྟགས་ཚད་མིན་པར་བར་ཆད་བདུད་རྟགས་ཀྱིས་གཞན་སྣང་སྒྱུར་བྱེད་མངོན་ཤེས་རྫུ་འཕྲུལ་སོགས་ཆོ་རོལ་དུ་སྤྱོད་ཅིང་རང་གཞན་ཕུང་ལ་སྦྱོར་ཉེན་ཡོད། དེའང་མཐའ་གཅིག་ཏུ་ངེས་པ་མ་ཡིན་པར་ཤེས་དགོས་ཀྱང་། ཀུན་མཁྱེན་ཀློང་ཆེན་ཡབ་སྲས་གཉིས་གསུང་གཅིག་པར་ཕྱི་རབས་རྣམས་ལ་གོ་བའི་ཕྱིར། ཁོང་རྣམ་གཉིས་ཀྱིས་ནི་ཉམས་ལེན་གྱི་གྲུབ་རྟགས་ངེས་འབྱུང་སྐྱོ་ཤས་བྱམས་སྙིང་རྗེ་རྒྱུད་ལུང་མན་ངག་དང་ཤེས་བྱའི་ཆོས་ཐམས་ཅད་ཀློང་རྡོལ་དུ་མཁྱེན་པ་སོགས་འདི་ལྟར་མངོན་ཚུལ་དང་། ཕྱག་རྫོགས་གྲུབ་པའི་དབང་ཕྱུག་རྣམས་ཀྱི་རྣམ་ཐར་ནའང་དེ་ལྟར་གསལ་བཞིན་ལགས་སོ། །དེ་ལྟར་ན་ལྟ་བ་རྟོགས་ཀྱང་སྒོམ་པས་ངང་སྐྱོང་སྤྱོད་པ་ལམ་དུ་སློང་དགོས་པས། རང་ལུགས་ཅོག་གཞག་བཞི་ལས། དང་པོ་ལྟ་བ་ཅོག་གཞག་ནི། རླུང་སྣ་ནས་མི་གཏང་ཁ་སོ་མ་ཐུག་ཙམ་གྱི་བར་ནས་བཏང་སྟེ་ཡིན་ལུགས་ཀྱི་སྟེང་ནས་བཅས་བཅོས་མེད་པར་རི་བོ་ལྟར་ཅོག་གེར་གཞག་པ་དང་། གཉིས་པ་སྒོམ་པ་ཅོག་གཞག་ནི། དེའི་ངང་ནས་མིག་བཙུམ་པ་སོགས་མི་བྱ་བར་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟར་རང་སར་བཞག་སྟེ་གོམས་པའི་ཚད་མིག་འབྱེད་འཛུམ་མི་དགོས་པ་འོང་དུས་སྒོམ་པ་རྒྱ་མཚོ་ཅོག་གཞག །གསུམ་པ་སྤྱོད་པ་ཅོག་གཞག་ཚོགས་དྲུག་གི་སྣང་བ་གང་ཤར་ཐམས་ཅད་སྤང་བླང་མི་བྱ་བར་ལམ་དུ་ཁྱེར་ནས་རེ་དོགས་འཁུ་འཕྲིགས་མེད་པར་ལྷོད་དེ་ཀློད་པ་ནི་སྤྱོད་པ་སྣང་བ་ཅོག་གཞག །བཞི་པ་འབྲས་བུ་ཅོག་གཞག་རིག་པ་རང་ངོ་ཤེས་པས། འབྲས་བུ་འཐོབ་བྱ་འཐོབ་བྱེད་ལས་འདས་པའི་ལྟ་བ་དེ་སྐུ་གསུམ་ལམ་སྣང་དུ་ཤར་བ་ཡིན་པས་འབྲས་བུ་ཡིད་སྨོན་དུ་མ་སོང་བ་ནི་འབྲས་བུ་རིག་པ་ཅོག་གཞག་གོ །དེ་ལྟ་བུའི་རྒྱུན་བསྐྱང་སྟེ་སྐབས་སུ་ཉམས་རྟོགས་ཀྱི་ཕུ་ཐག་བླ་མའི་དྲུང་དུ་ཡང་ཡང་གཅད། གོང་གི་རྣལ་འབྱོར་བཞི་རིམ་ལས། རོ་གཅིག་ཡན་ཆད་དང་། ཤེར་ཕྱིན་པས་སྒོམ་ལམ་འབྲིང་པོ་ཡན་ཆད་ཀྱི་ཉམས་དང་རྟོགས་པའི་ས་མཚམས་རིམ་པར་གསུངས་པ་ལྟར་རང་རྒྱུད་དུ་སྦྱར་རོ། །གང་ལྟར་ཅོག་གཞག་ལམ་དུ་བསླངས་ནས་ངོ་སྤྲོད་སྔ་མའི་སྟེང་དུ་བསླེབས་ཚེ། རི་བོ་མཐོན་པོའི་རྩེར་ཕྱིན་པས་རི་ཕྲན་འབར་འབུར་མངའ་འོག་ཏུ་ཚུད་པ་ལྟར་མཉམ་གཞག་རྗེས་ཐོབ་ཀྱི་རིས་དང་བྲལ། བསྒོམ་བྱ་སྒོམ་བྱེད་ལས་འདས་པའི་འཁོར་འདས་ཤེས་བྱའི་ཆོས་ཐམས་ཅད་རྒྱ་མཚོ་དྭངས་མར་ནམ་མཁའ་དྭངས་པའི་གཟའ་སྐར་ཤར་བ་ལྟར། མ་བསླབ་རང་ཤུགས་ཀྱིས་ཚིག་དོན་ལ་མི་རྨོངས་པ་དང་། ཁྱུང་ཆེན་ནམ་མཁར་ལྡིང་བ་ལྟར་ཡ་ང་བའི་གཡང་ས་ཆོད་དེ། སྣང་སྤྱོད་ཀྱི་སྤང་བླང་དགག་སྒྲུབ་ཐམས་ཅད་རྩལ་དང་རོལ་པར་ཤར། རང་བྱུང་ཡེ་ཤེས་གསུམ་གྱི་ཐ་སྙད་ངོ་བོ་རང་བཞིན་ཐུགས་རྗེ་དབྱེར་མེད་ཐིག་ལེ་ཉག་གཅིག་ཏུ་འུབ་ཆུབ་སྟེ་འབྲས་བུའི་བཙན་ས་ཟིན་པར་ངེས་སོ། །དེ་ལྟར་སེམས་རིག་དབྱེ་བ་རྒྱས་པར་ལ་བཟླ་ཚུལ་བཤད་པ་ལ། དང་པོ་འཁྲུལ་ཏེ་སེམས་ཅན་མ་བྱུང་། གྲོལ་ཏེ་སངས་རྒྱས་མ་བྱུང་བའི་དུས་སུ་ཡེ་གདོད་མ་དོན་གྱི་ཀུན་གཞི་ཞེས། དེའི་ཁམས་ཅི་མི་སྙོམ་པ། དཔེ་བྱའི་སྒོ་ངའི་རྒྱ་ལྟ་བུ། དོན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་སོགས་རང་བྱུང་དུ་ཡོད་པ་དེ། ཡིན་ཚུལ་ཤེས་ནས་གྲོལ་བ་ནི་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་སོགས་གཞི་ཐོག་ནས་སངས་རྒྱས་པས་ན་ཡར་ལ་སྦྱོར་བ་དོན་གྱི་ཀུན་གཞི་ཞེས། མ་རིག་པའི་ལས་རླུང་གཉིས་འཛིན་གྱི་སྣང་བ་ཡིད་དཔྱོད་བྱེད་དུ་ལངས་ནས། མར་སེམས་ཅན་འཁྲུལ་པའི་སྡུག་བསྔལ་ལ་སྦྱོར་བས་ན་དོན་གྱི་ཀུན་གཞི་ལས་འཁྲུལ་ཚུལ་ནི། ཆོས་ཉིད་ཡུལ་གྱི་འཁྲུལ་གཞི། འོད་ལྔ་སྣོད་བཅུད་ཀྱི་འཁྲུལ་གཞི། རིག་པ་སེམས་ཀྱི་འཁྲུལ་གཞིར་སོང་སྟེ་སྣོད་བཅུད་ཀྱི་སྡུག་བསྔལ་བསྐྱེད་ཚུལ་ནི། གཟུང་འཛིན་འཁྲུལ་པའི་ཐོག་མར། ཆོས་ཉིད་གདོད་ནས་རྣམ་པར་དག་པ་སྤྲོས་བྲལ་ཀ་དག་སྟོང་པ་ཉིད་ངོ་མ་ཤེས་ཏེ། སྟོང་པ་ཅི་ཡང་མིན་པ་འདི་ཅི་ཡིན་ནམ་སྙམ་པས་ཡུལ་གྱི་འཁྲུལ་གཞི་རུ་སོང་། ངོ་བོ་རང་བཞིན་དབྱེར་མེད་མན་ཤེལ་དྭངས་མ་དང་རྨ་བྱའི་སྒོང་ཆུ་ལྟ་བུར་ཡོད་པའི་ཡེ་ཤེས་འོད་ལྔའི་སྣང་བ་ལ་གཉིས་སུ་བཟུང་ནས། ང་ལས་འོད་ཕ་གི་བྱུང་ངམ། འོད་ཕ་གི་ལས་ང་བྱུང་ངམ་སྙམ་པས་སྣོད་བཅུད་ཀྱི་འཁྲུལ་གཞིར་སོང་། རང་བྱུང་གི་རིག་པ་ལ་འཁྲུལ་པའི་དྲི་མ་གཏན་ནས་མེད་ཀྱང་། མ་རིག་གཉིས་འཛིན་ཉོན་རླུང་སེམས་ཀྱི་དྲི་མས་བསླད་དེ་སེམས་ཅན་གྱི་འཁྲུལ་གཞིར་སོང་བའོ། །དེའང་དང་པོས་གཟུང་ཡུལ་སོ་སོར་དེར་འཛིན་གྱི་སྣང་བ་བསྐྱོད། གཉིས་པའི་རྐྱེན་གྱིས་ས་ཆུ་མེ་རླུང་སོགས་སྣོད་ཀྱི་འཇིག་རྟེན་རིམ་པར་ཆགས་གནས་འཇིག་སྟོང་གི་སྣང་བའི་བག་ཆགས་བདེན་བདེན་མོ་གྲུབ་པ་ལ་གནས་དང་། སྐྱེ་གནས་བཞིའི་སེམས་ཅན་གྱི་ལུས་འབྱུང་བ་ལྔ་འདུས་ཀྱི་ཕུང་པོ་གྲུབ་པ་ལ་བག་ཆགས་ལུས་ཀྱི་ཀུན་གཞི་ཞེས་སོ། །གསུམ་པས་ཕུང་པོ་ཁམས་དང་སྐྱེ་མཆེད་སོགས་སེམས་དང་སེམས་ལས་བྱུང་བའི་རྟོག་ཚོགས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཞི་རུ་སོང་བས་བག་ཆགས་སྣ་ཚོགས་ཀྱི་ཀུན་གཞིའོ། །བག་ཆགས་ཀྱིས་བསྐྱོད་པ་དེ་རྣམས་ལས་གཙོ་བོ་སེམས་ཡིན་པས། དེ་དབྱེ་ན་ཀུན་གཞིའི་རྣམ་ཤེས། ཡིད་ཀྱི་རྣམ་ཤེས། ཉོན་མོངས་པའི་རྣམ་ཤེས། སྒོ་ལྔའི་རྣམ་ཤེས་སོ། །དང་པོ་ཀུན་གཞི་གཉིད་འཐུག་པོ་ལྟ་བུ་མ་རིག་པ་རྣམ་ཤེས་དང་མཚུངས་ལྡན་དུ་ཡོད་པ་ཡུལ་ལ་མ་སད་པའི་དུས་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ། དེ་ཡུལ་ལ་ཅུང་ཟད་སད་པའི་དུས་ཡིད་ཀྱི་རྣམ་ཤེས་སམ་ལྷན་ཅིག་སྐྱེས་པའི་མ་རིག་པ། སོ་སོར་ཉེ་བར་ལེན་པའི་ཆ་ནས་ཉོན་མོངས་པའི་རྣམ་ཤེས་ཀུན་བརྟགས་ཀྱི་མ་རིག་པ་སྟེ། དེ་གསུམ་མཚུངས་ལྡན་སྒོ་ལྔའི་རྣམ་ཤེས་གཟུང་འཛིན་དུ་འཁྲུལ་པ་འགྲོ་བ་རིགས་དྲུག་སོགས་སྡུག་བསྔལ་མུ་མེད་པ་ཟོ་ཆུན་འཁྱུད་མོ་བཞིན་དུ་སྐྱེ་བ་ཐོག་མ་དང་། ཐ་མའི་མཐའ་མེད་པར་འགྲོ་ཞིང་འཁོར་བས་ན་མ་རིག་པ་འགྲོ་བ་སེམས་ཅན་ནོ། །ཡང་ཡིད་ཀྱི་རྣམ་པར་ཤེས་པས་ཉོན་མོངས་པ་ཉེ་བར་བླངས་ཏེ་འཁྲུལ་པ་ཆེར་སོང་བ་སྒོ་ལྔའི་རྣམ་ཤེས་ཕྲ་རགས་སུ་གྱུར་པ་ལ་ཚོགས་བདུན་ཞེས་འདོད་ལ། དེ་རྣམས་ཤིན་ཏུ་གོ་བར་བྱ་བའི་ཕྱིར་དཔེ་ལ་བརྟེན་ནས་ངོ་སྤྲོད་ཀྱི་ཚུལ་དུ་བཤད་པར་བྱ་བ་ལ། དཔེར་ན་མི་ཞིག་གིས་རང་ལ་དངོས་པོའི་རྒྱུ་རྫས་ཆེ་ཕྲ་བདག་གིར་བཟུང་བ་ཡོད་བཞིན། དགྲ་རྐུན་གྱི་དོགས་པར་འདུག་དགོས་བྱུང་ཚེ་རྐུ་ལ་ཤོར་དོགས་གིས་ཉེར་སྤྱད་རང་གི་ཉེ་བར་བཞག་སྟེ་མེལ་ཚེ་བྱ་བཞིན་གཉིད་དུ་སོང་བ་ལྟ་བུ། རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ཀུན་གཞིའི་རྣམ་ཤེས་དང་མཚུངས་ལྡན་ནོ། །གཉིད་འཐུག་པོ་དེ་ལས་སད་ནས་དངོས་པོ་ཚང་མི་ཚང་བལྟས་ཀྱང་ཕྱོགས་ཙམ་ལས་མ་ཤེས་པའི་སྐབས་ལྟ་བུ་ལྷན་སྐྱེས་མ་རིག་པའི་ཡིད་ཀྱི་རྣམ་ཤེས། དངོས་པོ་ཚང་མི་ཚང་ཤེས་ཏེ་ཚང་ན་དགའ་བའི་ཆགས་སེམས་དང་། མ་ཚང་ན་ཉོན་མོངས་པའི་སྡང་སེམས་སྐྱེ་བ་ལྟ་བུའི་ཉེར་ལེན་ནི་ཉོན་ཡིད། དེ་ཁ་ཕྱིར་ལྟས་སྒོ་ལྔའི་ཤེས་པ་དང་བསྡོངས་ཏེ་དགའ་སྡུག་གི་ཚོར་བ་ཡང་ཡང་ཉམས་སུ་མྱོང་སྟེ། ཡུལ་སོ་སོའི་གཟུང་འཛིན་དུ་སོང་བ་ནི་སྒོ་ལྔའི་རྣམ་ཤེས་ཡིན་ནོ། །དེ་དག་ཚུར་བསྡུ་ན་མ་རིག་པའི་ཀུན་གཞི་ལུང་མ་བསྟན་དང་། ཡིད་རྣམ་ཤེས་དང་མཚུངས་ལྡན་ལྷན་སྐྱེས་མ་རིག་པ་དང་། དེ་གཉིས་མཚུངས་པར་ལྡན་པའི་མ་རིག་པ་སེམས་དང་གསུམ་ལ་འདུ། སེམས་རིག་དབྱེ་བའི་ངོ་སྤྲོད་གོང་བསྟན་ལྟར་སློབ་མའི་རྒྱུད་ལ་ཇི་ལྟ་བ་བཞིན་ཐེབས་ཚེ། ཀུན་གཞིའི་མ་རིག་པ་སངས་ཏེ། རྒྱ་ཆད་ཕྱོགས་ལྷུང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་སྟོང་པ་ཕྱང་ཆད་མིན་པའི་ངོ་བོ་ཀ་དག་གཏིང་གསལ་གྱི་ཡེ་ཤེས་དང་མཚུངས་ལྡན་དུ་ཐག་ཆོད་པས་ཀུན་གཞི་ཆོས་སྐུར་ལ་བཟླ་བའམ་དབྱེ་བ་དང་། ལྷན་སྐྱེས་མ་རིག་པ་དང་མཚུངས་ལྡན་ཡིད་ཀྱི་རྣམ་ཤེས་རང་བཞིན་འགག་མེད་དམ་ལྷུན་གྲུབ་ཀྱི་འོད་གསལ་ཡེ་ཤེས་སུ་ལ་བཟླ་བའམ་དབྱེ་བ། ཉོན་ཡིད་ཀུན་བརྟགས་ཀྱི་མ་རིག་པ་དང་མཚུངས་པར་ལྡན་པའི་སེམས་ཀྱི་མ་རིག་པ་སངས་ཏེ་འཁོར་འདས་ཤན་ཕྱེ་ནས་རིག་པར་ཤར་ཏེ། གང་སྣང་གི་རྟོག་པ་རིག་པའི་རྩལ་དང་རོལ་པའི་རང་བཞིན་སྤང་བླང་དགག་སྒྲུབ་ལས་འདས་པ་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་སོ། །དེ་ལྟ་བུའི་མ་རིག་པ་གསུམ་གྱིས་འཁོར་བའི་བག་ཆགས་ས་བོན་དང་བཅས་པ་སྐད་ཅིག་ཙམ་གྱིས་ཡེ་ཤེས་གསུམ་གྱི་བདག་ཉིད་དུ་ངོ་སྤྲད་ཅིང་ལ་བཟླས་ཏེ་ཐག་ཆོད་པར་བྱ་བ་ནི་འབྲས་བུ་ཡིད་སྨོན་དུ་མ་ལུས་པ། གཞི་ལས་འཕགས་ཤིང་བྱེ་བྲག་ཕྱེད་མ་ཐག་གྲོལ་བ་ནི་འོད་གསལ་རྫོགས་པ་ཆེན་པོའི་རང་སྐད། གཞི་ཀ་དག་ཁྲེགས་ཆོད་ཅེས་པའི་དོན་ཁོང་དུ་ཆུད་པའི་རྣལ་འབྱོར་དུ་ཁོ་བོས་ཐག་ཆོད་པའི་ངེས་ཤེས་བཟང་པོ་ཁོང་ནས་ཤར་བ་ལྟར་བཤད་པ་ལགས། གོང་དུ་ཡེ་གདོད་མ་དོན་གྱི་ཀུན་གཞི་དྲི་མ་བྲལ་བ་དངོས་བསྟན་ཚིག་གིས་ཤེས་ཀྱང་། སྦྱོར་བ་མ་རིག་པས་མཚམས་སྦྱར་བའི་ཡུན་རིང་འཁྲུལ་པའི་རྣམ་ཤེས་ཚོགས་བདུན་མ་རིག་གསུམ་དང་མཚུངས་ལྡན། ཡེ་ཤེས་གསུམ་གྱི་བདག་ཉིད་སོ་སོར་ཤན་ཕྱེས་ཏེ་ལ་བཟླ་བ་དེ་དོན་ཚུལ་བཞིན་དུ་ངོ་ཤེས་པས་ངོ་བོ་ཡེ་དག་ལ། མ་རིག་དྲི་མས་བསྒྲིབ་པ་རང་སངས་དུ་དག་པ་ལ་གློ་བུར་རྣམ་དག་ཅེས་བྱའོ། །ཀློང་ཆེན་པས། དེའང་ཀུན་གཞི་དབྱིངས་སུ་ནུབ་པའི་ཆ་ཆོས་དབྱིངས་ཡེ་ཤེས། ཀུན་གཞིའི་རྣམ་ཤེས་དབྱིངས་སུ་ནུབ་པའི་ཆ་མེ་ལོང་ཡེ་ཤེས། ཡིད་ཤེས་ནུབ་པས་མཉམ་པ་ཉིད་དང་། ཉོན་ཡིད་ནུབ་པས་སོ་སོར་རྟོག་པ་དང་། སྒོ་ལྔའི་རྣམ་ཤེས་དབྱིངས་སུ་ནུབ་པས་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ལྟར་དབྱིངས་གདོད་མའི་འོད་གསལ་བདེ་གཤེགས་སྙིང་པོར་སྦྱོར་བ་དོན་གྱི་ཀུན་གཞི་གཤིས་ཐོག་ཏུ་ཕེབས་པ་ནི་མཐར་ཐུག་གི་འབྲས་བུ་སྟེ། དེའི་ཚེ་བག་ཆགས་སྣ་ཚོགས་པའི་ཀུན་གཞི་རྣམ་ཤེས་ཚོགས་བརྒྱད་དང་བཅས་པ་ཉི་མ་ཤར་བས་མུན་པ་སངས་པ་བཞིན་དག་པས་སངས་རྒྱས་ཞེས་སྤང་རྟོགས་མཐར་ཕྱིན་པའོ། །དེའི་ཚེ་ནང་དབྱིངས་ཡེ་ཤེས་དང་འདུ་འབྲལ་མེད་པ་ནི། ཆོས་ཀྱི་སྐུའི་ཞིང་ན་མངའ་དབང་རྫོགས་པའི་སྟོན་པ་ཀུན་ཏུ་བཟང་པོ་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་ལ་དུས་ཆོས་ཉིད་འཕོ་འགྱུར་མེད་པའི་ཚེ། ཆོས་རང་བཞིན་རྫོགས་པ་ཆེན་པོ་འོད་གསལ་བའི་དེ་ཁོ་ན་ཉིད་རང་ཆས་སུ་བརྗོད་དུ་མེད་པར་སྟོན་པ་ཞེས་བྱའོ། །ཡེ་ཤེས་ཀྱང་གསུམ་སྟེ། ངོ་བོ་ཀ་དག་གི་ཡེ་ཤེས་ཆོས་སྐུ། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་ལོངས་སྐུ། ཐུགས་རྗེ་རིག་པའི་ཡེ་ཤེས་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་གྱི་བདག་ཉིད་གཅིག་དང་དུ་མ་མེད་པའི་ངང་ལས་མི་གཡོ་བར་བཞུགས་པའོ། །ཞེས་དང་། ཡང་རྗེས་སྣང་ཉམས་ཀྱི་སྐྱོང་ཐབས་བསྟན་པ་ལ་གཉིས་ལས། མཉམ་གཞག་ཏུ་རིག་སྟོང་རྗེན་པའི་ཡེ་ཤེས་ལ་ཞེན་པའི་འཁྲིས་མི་གདགས་པར་རང་གསལ་རྒྱ་ཡན་ལྷུག་པར་ཀློད་པའོ། །དེའང་མིག་གཟུགས། རྣ་བ་སྒྲ། སྣ་དྲི། ལྕེ་རོ། ལུས་རེག་བྱ། ཡིད་དགག་སྒྲུབ་ཀྱི་རྟོག་ཚོགས་ཆོས་སུ་སྣང་བ་དྲུག་ལ་ཡུལ་མི་དགག་པར་ཤེས་པ་ཀློད་དེ། རིག་པའི་ངང་དུ་ཤེས་པ་རྗེས་ཕྱིར་མ་འབྲང་བར་གསལ་དྭངས་ཕྱེད་པ། རེ་དོགས་དང་བཅོས་བསླད་མེད་པའི་རྣམ་པས་ཉམས་སུ་བླངས་པས། སྣང་བའི་ཡུལ་མ་སྤངས་རང་གྲོལ། འཛིན་པའི་སེམས་མ་སྤངས་རང་གྲོལ། སྣང་སེམས་གཉིས་མེད་དུ་དག་པའི་མིག་གིས་ལྷའི་སྤྱན་སྒྲིབ་པ་མེད་དོ། རྩིག་པ་དང་། རྭ་བ་དང་། རི་ལ་སོགས་པས་ཆོད་པའི་ཕ་རོལ་ཟང་ཐལ་དུ་མཐོང་བ་ལ་སོགས་པ་དང་། རྣ་བས་ལྷའི་སྐད་དང་། ཀླུ་ལ་སོགས་པའི་སྒྲ་སྐད་ཆེ་ཆུང་ཤེས་པ་དང་། སྣས་མི་ལས་འདས་པའི་དྲི་དག་པ་ཚོར་བ་དང་། ལྕེས་བསམ་གཏན་གྱི་རོ་བརྒྱ་ལ་སྤྱོད་པས་ཟས་མི་དགོས་པ་དང་། ལུས་ཀྱིས་བདེ་གསལ་ཡེ་ཤེས་ཀྱི་དྲོད་ཕེབས་པ་དང་། ཡིད་ཀྱིས་རང་གཞན་གྱི་ཚེ་རབས་དུ་མ་དྲན་ཞིང་། མངོན་པར་ཤེས་པས་དབང་བསྒྱུར་ཏེ་ཟག་པ་ཟད་པ་ལ་སྤྱོད་པ་ཡིན་ནོ། །རྗེས་ཐོབ་ཏུ་གང་སྣང་སྒྱུ་མའི་དཔེ་བརྒྱད་དུ་ཤེས་པས་ཆགས་སྡང་དང་ཉོན་མོངས་ལས་གྲོལ་བར་བྱ་ཞིང་། དགག་སྒྲུབ་སེམས་ཀྱི་རོལ་པར་ཤར་ཚད་གཞི་མེད་རྩ་བ་དང་བྲལ་བར་ཐག་བཅད་ལ་འཛིན་ཞེན་དང་བླང་དོར་མི་བྱ། ཇི་སྲིད་བདག་འཛིན་དབྱིངས་སུ་མ་ནུབ་ཀྱི་བར་དུ་ཟབ་མོའི་གདམ་པ་བསྒོམ་ཞིང་རྒྱུ་འབྲས་ཀྱི་ལས་ལ་འཛེམ། དག་སྣང་དང་མོས་གུས་བསྐྱེད་དེ་རང་སེམས་སྐྱོན་མེད་བྱ། དམ་ཚིག་དང་སྡོམ་པ་བསྲུང་ཞིང་གཅིག་པུར་དབེན་པར་འདུག །རྣམ་གཡེང་དང་འདུ་འཛི་སྤང་ཞིང་དགོས་མེད་རྒྱུད་ལ་བརྟེན། ཆགས་མེད་ཞེན་མེད་བྱ་ཞིང་འཛིན་མེད་ལམ་དུ་སློང་། རྟག་ཏུ་འཆི་བ་བསམ་ཞིང་བརྩོན་འགྲུས་མེ་བཞིན་སྦར། ཉིན་མཚན་དགེ་བས་འདའ་ཞིང་ཚེ་འདིའི་བྱ་བ་བཏང་། རྟག་ཏུ་བླ་མ་བསྟེན་ཅིང་མོས་གུས་ཀྱིས་གསོལ་བ་གདབ། གཏད་མེད་ལམ་དུ་ཁྱེར་ཞིང་བྱར་མེད་ངང་ལ་བཞག །བདག་གཞན་གཉིས་འཛིན་སྤང་ཞིང་རེ་དོགས་རྩ་བ་བཅད། རྐྱེན་ངན་ལམ་དུ་སློང་ཞིང་ཅིར་སྣང་བླ་མར་བལྟ། ཐམས་ཅད་རང་སྣང་ཤེས་པས་བདག་འཛིན་ཞེན་པ་དོར། གང་ཡང་སྙིང་པོ་མེད་པས་བདེན་མེད་ཡོ་ལངས་བསྐྱང་། ཡེ་སྟོང་བབ་སྟོང་ཤེས་པས་རང་སྣང་ཞར་ལ་འཆར། དེ་ལྟ་བུའི་ཐབས་དང་སྤྱོད་པས་གནས་ཤིང་ཉིན་མཚན་འདའ་བར་བྱའོ། །བློ་རྐྱེན་ཁར་འཆོར་རིང་ལ་རིག་པའི་རྩལ་སྦྱོང་དང་དབེན་པར་ཉམས་ལེན་ལ་འབུངས། དགག་སྒྲུབ་ཞེན་འཛིན་ཡོད་རིང་ལ་དགེ་སྡིག་བླང་དོར་བྱ་ཞིང་གཉིས་མེད་དོན་ལ་སྦྱོང་། གང་ཡང་གྲོགས་སུ་མ་ཤར་བའི་རིང་ལ་གདམ་པའི་སྣ་ཁ་བསྒྱུར་ཞིང་རིག་པའི་དོན་ལ་བལྟ། སྐྱེ་ཤིའི་འཇིགས་དངངས་སྐྱེ་རིང་ལ་སྐྱེ་མེད་དོན་ལ་སྦྱངས་པས་ཕྱི་ནང་ཐམས་ཅད་ཆོས་ཉིད་དུ་འཆར་བའི་དུས་ན་སྒོམ་མེད་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་གནས་པ་ཡིན་ནོ། །ཞེས་ཀུན་མཁྱེན་ཀློང་ཆེན་པས་གསུངས་སོ། ཁོ་བོའི་རང་ཉམས་དང་སྦྱར་ན། གང་ཟག་རབ་སོགས་ལ་ཇི་སྐད་གསུངས་པ་ལྟར་འོང་བ་གཞིར་བཅས་ཀྱང་། འབྲིང་མན་ཆད་ཀྱིས་ཆོས་བརྒྱད་འཇིག་རྟེན་གྱི་བྱ་བ་སེམས་ཀྱིས་རྒྱང་བསྲིངས་ཏེ། སྐྱོ་ཤས་དང་ངེས་འབྱུང་གིས་བློ་རྒྱུད་ཡང་ཡང་སྦྱང་ཞིང་། བླ་མ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་ཡིན་པར་ཤེས་པའི་ཡོན་ཏན་གྱི་ངོས་ནས། དགེ་བའི་བཤེས་གཉེན་ནི་མདོ་རྒྱུད་ཀུན་ནས་གདུལ་བྱ་སེམས་ཅན་གྱི་དོན་དུ་གང་འདུལ་དེར་སྟོན་སངས་རྒྱས་སྤྲུལ་པའི་སྐུ་དངོས་ཡིན་པར་གསུངས་པས་ཡིད་ཆེས་ཀྱི་དད་པ་དང་། བཀའ་དྲིན་གྱི་ངོས་ནས་རང་ལའང་ལམ་དང་ལམ་མ་ཡིན་པའི་ཤེས་བཞིན་གྱི་མིག་འབྱེད། བརྩེ་བས་རྗེས་སུ་བཟུང་ནས་མས་བུ་བསྐྱང་བ་ལྟ་བུས་འཐོབ་བྱ་སྐུ་གསུམ་ལམ་སྣང་དུ་ངོ་སྤྲད་དེ། འཁོར་འདས་ཀྱི་ས་མཚམས་ཕྱེས་ཤིང་སངས་རྒྱས་ཀྱི་སར་བཀོད་པའི་བདག་རྐྱེན་གྱི་བཀའ་དྲིན་དྲན་པའི་སྒོ་ནས། འགྲོ་འཆག་ཉལ་འདུག་སོགས་དུས་དང་རྣམ་པ་ཀུན་དུ། བསམ་རྒྱུ་བླ་མ་ལས་མེད་པ། བློ་སྣ་མོས་གུས་ཀྱིས་འཕྲོག་ནུས་པའི་ལམ་ཁྱེར་ཁོ་ན་ཐུགས་དམ་གྱི་མཐིལ་བཅོལ་ནས་ཉམས་སུ་བླང་ན། ཅི་ཞིག་ན་མོས་གུས་ལམ་དུ་ལྷོངས་ཏེ་རྣལ་དུ་འབྱོར་བའི་རྐྱེན་གྱིས། ལྟ་སྒོམ་སྤྱོད་པ་ཐམས་ཅད་རང་ཤུགས་ཀྱིས་གཞག་ཐབས་སྐྱེས་བུས་ལས་ཟིན་པ་ལྟར་བློ་བདེ་ངང་གིས་འབྱུང་བ་དང་། རང་འཐག་གི་ཆུ་ཆད་པ་ལྟར་བྱ་རྩོལ་གང་ཡང་མི་དགོས་པར་གུ་ཡངས་རྒྱུན་མི་ཆད་པ་དང་། གང་ལའང་རག་མ་ལུས་ཤིང་ཅི་ལའང་བརྟེན་པ་མེད་པ་ནམ་མཁའི་སྤྲིན་ལྟ་བུ། རྣམ་པར་རྟོག་པ་ཐམས་ཅད་བྱ་ལམ་རྗེས་མེད། གཟུགས་སུ་སྣང་བ་ཐམས་ཅད་ཆུ་ཟླ་ལྟར་གཟུང་འཛིན་དག་པ། སྒྲ་གྲགས་ཐམས་ཅད་གྲགས་སྟོང་བྲག་ཆ་ལྟ་བུ་སྐྱེ་མེད་འགག་མེད་རང་བྱུང་རང་གྲོལ་དུ་སོང་བའི་ཚེ་སྔར་མི་ཤེས་པའི་ཆོས་ཀྱི་ཚིག་དོན་ཐུག་ཕྲད་དུ་ཤེས་པ་དང་། ཚེ་འདིའི་བྱ་བ་ཐམས་ཅད་དོན་མེད་པར་ཐག་ཆོད་ལ། སྤྱིར་འདུས་བྱས་ཀྱི་ཆོས་ཐམས་ཅད་དང་རང་གི་ལུས་སེམས་ཀྱི་ཚོགས་པ་སྐད་ཅིག་ཙམ་ལའང་རྟག་བརྟན་མེད་པ་སོགས་བློ་བཅོས་མི་དགོས་པར་ངམ་ངམ་ཤུགས་ཀྱིས་སྐྱེ། འཆི་མེད་ཀྱི་དོན་རྟོགས་པས་ཚབ་ཚུབ་ཀྱི་བློ་དང་བྲལ་བ་ཞིག་ནི་ངེས་པར་འབྱུང་ངོ་། །ཉིན་པར་མཉམ་རྗེས་རིས་མེད་མཚན་མོ་ཀ་དག་ལྷུན་གྲུབ་གང་ལ་གོམས་ཤུགས་ཆེ་བའི་འོད་གསལ་ཡང་ཟིན། གང་ཤར་གང་སྣང་ཆོས་ཉིད་ཀྱི་རིག་རྩལ་དང་རོལ་པར་ཐག་ཆོད་དེ་གཞི་མེད་རྩ་བྲལ་བརྗོད་མེད་བློ་འདས་ཐིག་ལེ་ཉག་གཅིག་སྤང་བླང་ཡེ་གྲོལ་ཆེན་པོའི་དོན་ཁོང་དུ་ཆུབ་སྟེ་དོན་གཉིས་ལྷུན་གྲུབ་ཆོས་ཀྱི་སྐུའི་གོ་འཕང་མངོན་དུ་བྱས་པ་ལ་ཉེ་བ་ཡིན་ནོ། །དེ་ལྟ་བུ་སོགས་རྟགས་ཚད་གང་ཡང་མེད་ན་ངེས་ཤེས་ཀྱི་སྒྲིབ་པ་བག་ཉལ་ཤིན་ཏུ་ཕྲ་བའི་སྙེམས་དང་མ་བྲལ་བའི་རྟགས་ཡིན་པས། ས་ལམ་གྱི་རིམ་པ་གང་ཉམས་སུ་བླང་ཚེ་ཕྱི་ནང་གསང་བའི་ལམ་རྟགས་དེ་ལྟར་འཛོམ་དུས་ཁམས་གསུམ་གྱི་ལས་དང་བག་ཆགས་ལས་འདས་པའི་གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བ་མངོན་སུམ་དུ་རྟོགས་པ་ཡིན་ནོ། །དེའི་ཕྱིར་རིན་པོ་ཆེ་སྤུངས་པའི་རྒྱུད་ལས། རྡོ་རྗེའི་གད་མོ་གཅུ་གཉིས་གསུངས་པ་ནི། ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ལྟོས་དང་། དགེ་སྡིག་དང་ལྟ་སྒོམ་ལས་འདས་པ་ངོ་མཚར། གཞི་མ་བསྐྱོད་པར་ལུས་ཀྱི་བྱ་བ་ཅི་བྱས་ཀྱང་། དགེ་སྡིག་གི་ཕན་གནོད་དང་བྲལ་བ་ཧ་ཧ། དངོས་པོ་གཤིས་ཀྱི་འདུག་ཚུལ་ལ་ལྟོས་དང་། སྣང་བ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བ་ངོ་མཚར། བདེ་སྡུག་ཅི་ལྟར་བྱས་ཀྱང་དོན་ལ་འགྱུར་བ་མེད་པ་ཧ་ཧ། སྟོང་པ་ཆེན་པོ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྟོས་དང་། དྲན་བསམ་གྱི་སྤྱོད་པ་སྣ་ཚོགས་རོལ་པར་ཤར་བ་ངོ་མཚར། ཇི་ལྟར་བྱས་ཀྱང་འགག་མེད་ཀྱི་ཀློང་དུ་སྐྱེ་མེད་དུ་གྲོལ་བ་ཧ་ཧ། ཆོས་སྐུ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྟོས་དང་། སྐྱེ་བ་མེད་པ་ཡེ་ནས་ལྷན་ཅིག་ཏུ་གནས་པ་ངོ་མཚར། མཚོན་ཐོགས་ནས་འགྲོ་བ་དུས་གཅིག་ལ་བསྒྲལ་ཀྱང་རྒྱུད་ལ་ཕན་གནོད་དང་བྲལ་བ་ཧ་ཧ། རིག་པ་སྟོང་པ་ཀུན་སྣང་གི་ཡེ་ཤེས་ལ་ལྟོས་དང་། གང་སྣང་རང་གི་གྲོགས་སུ་འཆར་བ་ངོ་མཚར། ཅིར་སྣང་རང་གི་གཞི་ལས་མ་གཡོས་པ་ཧ་ཧ། རིག་པ་སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང་། རང་གི་གཉེན་པོར་རང་ཆེ་བ་ངོ་མཚར། ཉོན་མོངས་པ་རྣམས་རང་གིས་རང་གྲོལ་བ་ཧ་ཧ། རིག་པ་ཡེ་ནས་སྟོང་པ་ཀུན་དག་གི་ངོ་བོ་ལ་ལྟོས་དང་། འབད་རྩོལ་མེད་པར་འབྲས་བུ་རྙེད་པ་ངོ་མཚར། གཅིག་ཟིན་པས་འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ། ངོ་བོ་སྟོང་པ་ཀུན་གཞིའི་ངོ་བོ་རང་བཞིན་ལ་ལྟོས་དང་། འགྲོ་དྲུག་སྐུ་གསུམ་དུ་སྣང་བ་ངོ་མཚར། འགྲོ་བས་སྒོམ་པ་རྡུལ་ཙམ་ཞིག་མ་བྱས་པར་དུས་གཅིག་ལ་སངས་རྒྱས་པ་ཧ་ཧ། སྐུ་གསུམ་སྟོང་པ་ཡེ་རྫོགས་ཀྱི་འབྲས་བུ་ལ་ལྟོས་དང་། དུས་གསུམ་འདུ་འབྲལ་མེད་པའི་ཆོས་ཉིད་ངོ་མཚར། ཕ་རོལ་ཏུ་ཕྱིན་པ་དྲུག་མ་སྤྱད་པར་ཚོགས་གཉིས་དུས་གཅིག་ལ་རྫོགས་པ་ཧ་ཧ། རིག་པ་ཅེར་བཞག་ཀུན་མཉམ་གྱི་ཡེ་ཤེས་ལ་ལྟོས་དང་། བྱ་བྱེད་ཐམས་ཅད་རྒྱན་དུ་ཤར་བ་ངོ་མཚར། སྤང་ལེན་ཐམས་ཅད་ལྟ་བས་གྲོལ་བ་ཧ་ཧ། མི་སྟོང་པའི་སྟོང་པ་དངོས་ཅན་ལ་ལྟོས་དང་། མེད་པ་ལ་བདག་ཏུ་འཛིན་པའི་ཐེག་པ་ངོ་མཚར། སྐྱེས་པས་སྐྱེ་མེད་ཐོབ་པ་ཧ་ཧ། ཞེས་སོ། །རིག་པའི་གཤིས་ལ་དགག་སྒྲུབ་རེ་དོགས་སྤང་བླང་གང་ཡང་བྱར་མེད་པའི་དོན་ཡིན་པ་ཤེས་པར་གྱིས་ལ། ལྟ་ཕྱོགས་སུ་སྤྱོད་པ་མི་འཆོར་བར་སྒོམ་མེད་ཡེངས་མེད་ངང་གནས་སམ་ཡང་དག་གི་དྲན་པའམ་ཡིད་ལས་འདས་པའི་ཤེས་རབ་སོགས་མིང་དུ་མ་བཏགས་ཀྱང་བླ་མའི་ཞལ་གྱི་བདུད་རྩི་ཡང་ཡང་མྱང་དགོས་པ་ནི་སྒོམ་སྤྱོད་ཀྱི་ལམ་ཁྱེར་ཁོ་ན་ལ་རག་ལས་པས། ཉིན་མཚན་གྱི་འོད་གསལ་གོང་ནས་གོང་འཕེལ་ལ་བརྩོན་ཏེ་སྣང་བཞི་ཟད་པའི་སར་མ་འཁྱོལ་གྱི་བར་དུ་བརྩོན་འགྲུས་ཐང་ལྷོད་མེད་པས་ཉམས་སུ་ལེན་དགོས་སོ། ཁྲེགས་ཆོད་ཀྱི་གནད་རྣམས་རྡོ་རྗེའི་ཚིག་གིས་ཐུང་ངུར་གདམ་པ་རྡོ་རྗེའི་ཚིག་རྐང་ལས། གཉུག་མར་གནས་པ་ཆོས་ཀྱི་སྐུ༔ ཤེས་བཞིན་འཆར་བ་ལོངས་སྤྱོད་རྫོགས༔ གནས་འགྱུ་གཉིས་མེད་སྤྲུལ་པའི་སྐུ༔ སྐུ་གསུམ་རིག་པ་དེ་ལ་ཟེར༔ ལྷོད་དེ་གནས་པ་དེར་འཛིན་མེད༔ ཧྲིག་གེར་འགྱུ་བ་ངོས་གཟུང་བྲལ༔ ལྷང་ངེར་གྲོལ་ལ་རྗེས་ཤེས་མེད༔ སྐུ་གསུམ་ལྷུན་གྲུབ་དེ་ལ་ཟེར༔ ལྟ་བ་མེད་ལ་བྱིང་རྒོད་བྲལ༔ སྒོམ་པ་མེད་ལ་ལྷུམས་སུ་ཞུགས༔ སྤྱོད་པ་མེད་ལ་གཟའ་གཏད་བྲལ༔ རྣལ་འབྱོར་དབང་ཕྱུག་དེ་ལ་ཟེར༔ ཐོལ་གྱིས་ཤར་བའི་རྣམ་རྟོག་དེ༔ རིག་ཅིང་དེ་ཁའི་རྒྱུན་བསྐྱང་ན༔ གཤིས་ལ་ཤོར་བའི་ལྷག་མཐོང་ཡིན༔ མིང་ལ་རྗེས་ཐོབ་འདོགས་ན་ཐོགས༔ རྣམ་རྟོག་ཆོས་སྐུར་གྲོལ་བ་ཡིན༔ ཐད་ཀར་རྩད་གདར་ཆོད་པ་དགོས༔ ཡེ་ནས་རིག་པ་སྤྲོས་བྲལ་ལ༔ ལྟ་སྒོམ་སྤྱོད་པའི་ཐ་སྙད་དང༔ དེར་འཛིན་གཞི་རྩ་མེད་པར་སངས༔ བཟང་རྟོག་ངན་རྟོག་ལུང་མ་བསྟན༔ གང་གི་ཕྱོགས་སུ་མ་ལྷུང་ཞིང༔ ཤར་གྲོལ་དབྱེ་བའི་མཁན་པོ་མེད༔ ཤེས་རིག་རང་ཚུགས་མ་ཤོར་ན༔ འདི་ལས་ལྷག་པ་གཞན་མ་དགོས༔ མཁས་བཙུན་བརྒྱ་དང་གྲུབ་ཐོབ་སྟོང༔ ལོ་པཎ་ཁྲི་དང་མན་ངག་འབུམ༔ བསྟན་བཅོས་བྱེ་བ་ས་ཡ་དང༔ མཇལ་ཀྱང་ཐེ་ཚོམ་བཅད་མ་དགོས༔ ཞེས་སོ། །དེ་ལྟར་ཁྲེགས་ཆོད་ཀྱི་ལྟ་སྒོམ་སྤྱོད་པའི་ལམ་ཁྱེར་རྣམས་ལ་བརྟན་པ་ཐོབ་ནས་སྣང་སྲིད་ཀྱིས་བསྡུས་པའི་རྟོག་ཚོགས་ཐམས་ཅད་རིག་པའི་རྩལ་དང་རོལ་པར་གོ་མྱོང་ཆགས་པའི་སྐབས། སྔར་སྦྱངས་ཟིན་ཀྱང་ཁྱད་པར་གྱི་སྔོན་འགྲོ་ཞེས་པའི་དོན་ལན་གྲངས་སྦྱང་ན་གཞན་ལས་ཁྱད་པར་འཕགས་པས་ན་རུ་ཤན་སྔོན་དུ་འགྲོ་བས་ཐོད་རྒལ་ལ་འཇུག་ན་ལེགས། གང་ལྟར་ཐུན་མོང་ཉན་རང་ནས་ཨ་ནུ་ཡོ་གའི་བར་བསྒྲུབ་བྱ་རང་བྱུང་དོན་གྱི་ཡེ་ཤེས་མཐར་ཐུག་མྱ་ངན་ལས་འདས་པ་སངས་རྒྱས་ཀྱི་གོ་འཕང་། སྒྲུབ་བྱེད་རང་རང་གི་སྐལ་བ་དང་འཚམས་པའི་སྤང་བླང་ཅི་རིགས་གསུངས་པ་རྣམས་སོ་སོ་ཤེས་པར་བྱས་ཏེ་གསག་སྦྱང་ཐབས་ཟབ་མོས་ཟིན་ན་འབྲས་བུ་ཤེས་རབ་ཆེ་ཆུང་གི་ཁྱད་པར་ལས་ཡུན་རིང་ཐུང་མི་ངེས་ཀྱང་ཐོབ་པ་ནི་ཐེ་ཚོམ་མེད་དོ། །འདིར་ས་ལམ་གཅིག་ཆོད་གཞན་ལས་འཕགས་པའི་ཐབས་ཟབ་མོའི་ཁྱད་ཆོས་ནི། ལས་དང་པོ་པའི་དབང་དུ་སྒོ་གསུམ་གཙོ་ཆེ་ཆུང་བརྟགས་ཏེ། འཁོར་འདས་ཀྱི་བྱེད་པོ་སེམས་ཁོ་ན་ཡིན་པའི་དུས་སམ། ཡང་ན་བྱུང་གནས་འགྲོ་གསུམ་མཁན་པོ་དང་བཅས་པ་རྩད་ཆོད་ནས། དེའི་བོགས་འདོན་པའི་ཆེད་དུ་སྔར་བརྒྱུད་པའི་ཕྱག་སྲོལ་མ་ཉམས་པའི་དུས་ན་དེ་ལྟར་ལས། ཐ་མལ་པས་རྒྱུ་མཚན་གང་ཡང་མི་ཤེས་བཞིན་རུ་ཤན་བྱ་བ་ལ་འདུན་པའི་ཕན་ཡོན་རེ་ཡོད་ཐང་། དེ་བས་བོགས་འདོན་བྱ་འདོན་རྒྱུ་གང་ཡང་མེད་པས་རྩེད་མོའམ་རྩིང་སྤྱོད་ཙམ་ལས་རྒྱུ་མཚན་ཆེར་མི་འདུག །དེའི་ཕྱིར་རྫོགས་ཆེན་ཁྱད་པར་གྱི་ཁྲིད་ཕལ་ཆེར་མཐུན་པས་ཡེ་ཤེས་བླ་མའི་བཞེད་སྲོལ་ཡང་དེ་ལྟར་ལགས། གང་ལྟར་རང་གིས་ཐུན་མོང་ཐུན་མིན་ཁྱད་པར་གྱི་ཁྲིད་རང་གི་ལས་སྐལ་དང་མཐུན་པའི་ཉམས་སུ་ལེན་བྱ་གང་ཡིན་གྱི་རུ་ཤན་སོགས་གཞན་ལ་འགྲམ་ཆུ་མི་ལྡང་བ་གལ་ཆེ། དོན་རུ་ཞེས་པ་ཟུང་ངམ་གཉིས་ཞེས་པའི་དོན་ཡིན་འདུག་པས། དེ་ལ་དགེ་སྡིག་གཉིས། བདེ་སྡུག་གཉིས། སྤང་བླང་གཉིས། མཐོ་རིས་དང་ངན་སོང་། ཐེག་ཆེན་དང་ཐེག་དམན་སོགས། རེ་དོགས་བཟང་ངན་གྱི་བག་ཆགས་ཡུན་རིང་དུ་བརྟས་པའི་འཁྲུལ་སྣང་ཐ་མལ་རང་ཁ་མ་དང་། ཤེས་བྱའི་ཀུན་དཀྲིས་ཀྱི་བློ་དང་ཡིད་དཔྱོད་ཁོ་ནའི་རེ་དོགས་སྤང་བླང་སོགས་འུ་ཅག་འཁྲུལ་པའི་ཐོག་མ་དང་། ཐ་མའི་མཐའ་མི་མངོན་པར་དམྱལ་བ་ནས་སྲིད་རྩེའི་བར་བདེ་སྡུག་སྤེལ་མ་ཟོ་ཆུའི་འཁྱུད་མོའམ། ཤིང་རྟའི་འཕང་ལོ་ལྟར་འཁོར་ཞིང་སྡུག་བསྔལ་བར་མེད་ཟུག་གཟེར་རྒྱུན་མི་འཆད་པའི་ནད་པ་ལྟ་བུ་སོ་སོའི་འཁྲུལ་སྣང་ལ་དབང་མེད་དུ་སྤྱོད་པ་རྣམས་ཡང་དག་པའི་སྣང་བར་སྒྱུར་བྱེད་ཆགས་སྡང་བར་མའི་བློ་སྦྱོང་བའི་ཐབས་ཐེག་ཆེན་ཀུན་སློང་ནས་ཐོས་བསམ་སྒོམ་པ་སྐྱེད་རྫོགས་སོགས་ཐབས་ཚུལ་དུ་མ་བཞུགས་པ་ལས། འདི་ནི་ཐབས་མཁས་བརྟུལ་ཞུགས་ལ་བརྟེན་ནས་འོད་གསལ་རྫོགས་པ་ཆེན་པོའི་ཁྱད་པར་གྱི་སྔོན་འགྲོ་རེ་དོགས་གཉིས་ཆོས་ཐམས་ཅད་འཁོར་འདས་གཉིས་མེད་དུ་ལ་བཟླ་བ་ལ་ཤན་ཅེས་པའི་དོན་ཡིན་ལ། དེ་ལྟ་བུའི་རྒྱུ་མཚན་ཤེས་པའི་ངང་ནས་སྒོ་གསུམ་གཅིག་ཏུ་དྲིལ་ཏེ་སྤྱོད་པ་ལ་ཞུགས་ཚེ་ཁྲིད་རིམ་རྣམས་ནས་གསུངས་པ་ལྟར་རིམ་ཅན་རེས་འཇོག་ཅན་མིན་པའི་འཇིག་རྟེན་འཁོར་བའི་བྱ་བ་ཆོས་བརྒྱད་སོགས་ཐར་པ་བྱང་ཆུབ་ཆེན་པོའི་གེགས་སུ་གྱུར་པ་ཚེ་འདིའི་འཛིན་ཞེན་རེ་དོགས་བཟང་ངན་ཐམས་ཅད་སེམས་ཀྱིས་བསླངས་ཤིང་། ལུས་ངག་གི་རྣམ་འགྱུར་ཧ་ཅང་ཐལ་དྲགས་པའི་བག་མེད་རྩིང་སྤྱོད་ཐ་མལ་ཆགས་སྡང་གི་ཕྱོགས་སུ་མ་ཤོར་བ་དང་། རང་གིས་ཅི་བྱས་མ་ཤེས་པའི་སྨྱོ་སྤྱོད་དུ་མ་སོང་བའི་སྒོ་ནས་འབད་རྩོལ་ཆེན་པོ་བྱེད་སྐབས། ངལ་དུབ་ཀྱི་རྐྱེན་གྱིས་གཟུང་འཛིན་འཁྲུལ་པའི་ཡིད་དང་རྣམ་ཤེས་སྐབས་དེར་འགགས་ཏེ། སྨྲ་བརྗོད་ལས་འདས་པའི་གཞི་མེད་རྩ་བྲལ་སེམས་ཉིད་ཀྱི་ངོ་བོ། ལྷང་ངེ་། སལ་ལེ། ཡེ་རེ་བ་འབྱུང་ཡང་རྐྱེན་གྱིས་བྱས་པའི་ཉམས་ཡིན་པས་དེར་འཛིན་གྱི་སྙེམས་མ་ཞུགས་པར། ཡང་ཡང་སྦྱང་རྩོལ་ལ་གོམས་པས་བྱ་སྤྱོད་ཀྱི་སྐབས་སུའང་དེ་ལྟར་ཡུན་ཇེ་རིང་ཇེ་རིང་། བློ་འབྲིང་ཡན་ཆད་ལ་ངལ་དུབ་ཀྱི་རྐྱེན་ལ་མི་ལྟོས་པར། རྒྱུན་དུ་དེ་ངང་གནས་པའང་འབྱུང་། འབྲིང་ཐ་རྣམས་ལ་སླར་ངོ་སྤྲོད་ཀྱི་གཟེར་འདེབས་སླ་བའི་སྟ་གོན་ཙམ་ལས་མི་འོང་བའང་ཡོད། གང་ལྟར་དུས་གཅིག་ཞག་གྲངས་ཧ་ཅང་མང་ཆེ་ན་སྡུག་རུས་ཁོ་ནས་བྱས་པ་ལེ་ལོ་གསུམ་གང་རུང་གིས་བདུད་དབང་དུ་འཆོར་ཉེན་ཡོད་པས། ཡང་ནས་ཡང་དུ་དཔེ་ལ་བརྟེན་པའི་ཉམས་དེ་རྒྱུན་ཆགས་སུ་སོང་ནས། འཛིན་ཞེན་གྱི་བདེ་གསལ་མི་རྟོག་པ་གང་ཤས་ཆེ་བ་དེར་འཛིན་གྱིས་ཁམས་གསུམ་དུ་ངེས་པར་གྲོལ་ཐུབ་པ་ད་དུས་གང་ཟག་བརྩོན་འགྲུས་ཞན་ཅིང་སྙིང་རུལ་བའི་དུས་འདིར་དཀའ་ཡང་། ཕྱོགས་མཚུངས་ཙམ་ཉམས་ཞེན་ངེས་ཤེས་ཀྱི་སྒྲིབ་པས་རང་མཐོང་ཅན་དུ་འགྲོ་ཉེན་ཡོད་པ་བླ་མའི་ཞལ་ལ་གཏུགས་ཏེ་ཡང་ཡང་ཕུ་ཐག་ཆོད་པར་བྱ་དགོས། དེས་ཆོས་ཉིད་ཡུལ་གྱི་འཁྲུལ་གཞིར་སོང་བའི་སྔར་གྱི་བག་ཆགས་བྱང་ཞིང་། ཕྱིའི་ཡུལ་ཅན་སེམས་ཀྱི་གཟུང་འཛིན་རགས་པ་བདེན་བདེན་མོ་སྲ་ཞིང་འཐས་པ་ཐམས་ཅད་རུ་ཤན་གྱི་བྱ་སྤྱོད་འདི་དང་ཁྱད་མི་འདུག་སྙམས་པའི་ཚེ་འདིའི་བྱ་བ་དོན་མེད་ཚུལ་ཤེས་ཤིང་འདིར་སྣང་གི་འཁྲུལ་རྟོག་ཕལ་ཆེར་མགོ་ནོན། ཡོན་ཏན་ལོ་ཟླ་མང་པོའི་བསྒྲུབས་ཡུས་འདྲེན་པའི་སྒོམ་དྲེད་པོ་མཁན་རྣམས་དང་། ཤེས་བྱ་ཁ་ལྟའི་ཚིག་ལ་ཤོར་ནས་རང་མཐོང་ང་རྒྱལ་གྱིས་གང་མཐོང་གང་ཐོས་གཞན་ལ་འགྲན་པའི་ཟུར་ཟ་ཁྱད་གསོད་ཅན་རྣམས་དང་མི་འདྲ་བ་ནི་རང་རང་གི་ཉམས་མྱོང་ཁོ་ནའི་རང་སེམས་ཚད་མས་གྲུབ་ཡོང་ངོ་། །དེའི་ཕྱིར་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་ཤིན་ཏུ་སྤྲོས་མེད་དབང་གི་དངོས་གཞིའི་སྟ་གོན་དུའང་ལུས་ངག་ཡིད་གསུམ་ཆིག་དྲིལ་དུ་བསྡུས་ཏེ། སྒོ་གསུམ་སྤྲོས་རུང་མ་སྤྲོས་རུང་ལས་དང་སྐལ་པར་རག་ལས་པར་མཛད་དེ་སྒོ་གསུམ་གྱི་རུ་ཤན་མི་འཆད་པའི་དོན་ཡང་དེ་ཡིན་པར་འདུག །ཡེ་ཤེས་བླ་མ་སོགས་ཕྱག་སྲོལ་འགའ་ཞིག་ན་འཁོར་འདས་རུ་ཤན་ལ་ཕྱི་ཞེས་བཞག་སྟེ། ནང་གི་རུ་ཤན་རིགས་དྲུག་ས་བོན་བསྲེག་སྦྱང་གི་དམིགས་བཟླས། སྒོ་གསུམ་ཞེས་ལུས་ངག་སྦྱང་བ་དང་སེམས་ཀྱི་བྱུང་གནས་འགྲོ་གསུམ་མཁན་པོ་བཅས་ཡོད་མེད་གྲུབ་མཐའ་གཞན་གྱི་ཕྱོགས་སུ་ལྷུང་མ་ལྷུང་སོགས་རྩད་གདར་ཡང་ཡང་བཅད་པའི་ལུགས་འདི་ཤིན་ཏུ་ལེགས་མོད། གང་ལྟར་ལུས་སེམས་གཅེས་འཛིན་གྱི་བག་ཆགས་གཟུང་འཛིན་རགས་པ་རྣམས་མ་ཆོད་ཀྱི་བར་དུ་ལྟ་སྒོམ་སྤྱོད་པ་བཟང་རློམ་ཅི་ལྟར་ཡོད་ཀྱང་གཞི་རྫོགས་ལམ་རྫོགས་འབྲས་རྫོགས་ཞེས་འབད་རྩོལ་ལས་འདས་པའི་བྱར་མེད་ཀྱི་འོད་གསལ་རྫོགས་པ་ཆེན་པོའི་ཁྱད་པར་གྱི་སྔོན་འགྲོའི་ཕྱོགས་སུ་མི་ཉེ། ཅིའི་ཕྱིར་ན་ཐུན་མོང་མཚན་ཉིད་ཐེག་པས་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་ནས་བྱང་ཆོས་སོ་བདུན་ཐོས་བསམ་སྒོམ་པས་གཏན་ལ་དབབ་དགོས་པ་དང་། སྔགས་ཕྱི་ནང་གི་རྒྱུད་སྡེ་དྲུག་གི་ལམ་ཉམས་སུ་ལེན་བྱ་གང་ཡིན་དག་རྫོགས་སྨིན་གསུམ་སྒོམ་སྟོབས་ཀྱིས་རྟོགས་པའི་ཡེ་ཤེས་མངོན་དུ་བྱ་དགོས་པའི་དོད་པོ་ཕྱི་ནང་གསང་བའི་རུ་ཤན་དང་། གོ་བ་ཙམ་མིན་པར་མྱོང་ཐོག་ནས་ལ་བཟླ་བ་རང་ལུགས་མན་ངག་སྡེ་པའི་ཁྱད་ཆོས་སུ་འདུག་པས་ན། དེའི་ཕྱིར་ལུས་སྦྱང་གི་དོན་པོ་ཡང་རེག་ཚོར་སོགས་ཀྱི་ཡུལ་ཅན་བདག་རྟོག་གི་གཉིས་ཆོས་སྦྱང་ཕྱིར་ཡིན་ཚུལ་ཤེས་པ་ལས་མི་དྲེད་ཀྱི་ལད་མོ་ལྟ་བུའམ། རྩེད་མོ་ལྟ་བུ་མ་ཡིན་པར་ཀུན་སློང་བཟང་པོས་ལང་འདུག་གཉིས་ཀའི་ཕྱག་སྲོལ་གང་ལྟར་ཡིན་རུང་། རྐང་པའི་སོར་རྩེ་གཉིས་སར་བཙུག་དགོས་པའི་དོན་དེ་ཡིན་པར་འདུག །བཞེད་སྲོལ་གཞན་དག་ན་ལང་སྐབས་རྐང་པའི་ཕྱི་རྟིང་གཉིས་སྤྲད་དེ་རྐང་མཐིལ་གཉིས་ས་ལ་ཕབ་སྲོལ་དང་། འདུག་པའི་དུས་འཕོངས་ས་ལ་ཕབ། རྐང་མཐིལ་སྤྲད་དེ་གསང་རྩར་གཏད་པ་སྤྲུལ་སྐུའི་མངོན་བྱང་གི་འདུག་སྟངས་སུ་བཞེད་པའང་ཡོད། གང་ལྟར་སླ་ཆོས་ཀྱིས་རང་མགོ་མི་བསྐོར་བར་ཉམས་ལ་གང་ཕན་བྱ་ཆོག་པ་ནི། ཨོ་རྒྱན་པདྨ་དང་བི་མ་ལས་གནང་བ་ལྟར་ཡིན་པས་ཐེ་ཚོམ་དང་ཕྱོགས་ལྷུང་མི་མཛད་པར་ཞུ། ངག་སྦྱང་ཕྱི་ནང་རྒྱས་འདེབས། ཕྱི་ནང་རྩལ་སྦྱང་། མཉེན་བཙལ། ལམ་ཞུགས་རྣམས་ཀྱི་སྐབས་ཧཱུྃ་དྲག་དལ་རིང་ཐུང་སོགས་བརྗོད་ཅིང་དམིགས་པ་དང་བཅས་པ་འདི་རླུང་ཕྱིར་འཛིན་རང་ཤུགས་ཀྱིས་འོང་བའི་ཐབས་ཁྱད་པར་ཅན་ཡིན་པས། དགོས་པ་ནི་ལུས་ཀྱི་སྦྱང་བ་དེ་དག་གི་བོགས་འདོན་འོད་གསལ་རྫོགས་པ་ཆེན་པོར་ལ་བཟླ་བའི་ཆེད། རེ་དོགས་དེར་འཛིན་ཕྲ་མོ་བཅད་དེ་མཉམ་རྗེས་ཁོར་ཡུག་བཟང་ངན་རྟོག་པས་མི་བསླད་ཅིང་། ལུང་མ་བསྟན་གྱི་དབང་དུ་སྐད་ཅིག་ཀྱང་མི་འགྲོ་བའི་དགོངས་པ་ཡིན་པ་ཤེས་པར་བྱའོ། །སེམས་སྦྱང་ཡང་སྔ་མ་རྟོགས་ཟིན་ཀྱང་རྩད་གཅོད་བྱས་ན་ཤིན་ཏུ་ལེགས་པ་ལས་སྐྱོན་མེད་པའི་བོགས་འདོན་དུ་རིག་པར་གྱིས་ཤིག །བྱུང་གནས་འགྲོ་གསུམ་རྩད་བཅད་དེ་སྐྱེ་འགག་འགྲོ་འོང་མེད་པར་ཐག་ཆོད་ཚེ། རྣལ་ཕབ་ནི། སྒོ་གསུམ་བྱ་བ་དགུ་ཕྲུགས་སུ་བཞག་ནས་གུ་ཡངས་བློ་བདེར་སྡོད་ཆོག་པའི་དོན་ཡིན་པས། ཡིན་ཚུལ་མི་ཤེས་པའི་བག་མེད་སོས་དལ་དུ་འདུག་པའམ། ཡང་ན་ཞེན་འཛིན་བཟླས་སྒོམ་ལ་འབད་པའམ། ཡང་ན་དགེ་བའི་ཆོས་སྤྱོད་དོར་ཞིང་། མི་དགེ་སྡིག་པའི་རྒྱུ་དུག་ལྔ་དུག་གསུམ་གྱི་འཁྲུལ་པ་རྒྱུན་འབྱམས་སུ་མི་བཏང་བ་གནད་ཆེའོ། །སོར་གཞུག་ནི། གོང་མའི་བོགས་འདོན་ཕྱིར་དེར་འཛིན་ཞེན་པའི་སྙེམས་ཕྲ་མོ་ཡོད་པ་རྣམས་ལུས་ཀྱི་རྣམ་འགྱུར་དང་། ངག་གི་སྒྲ་སྐད་བྱུང་རྒྱལ་ཧ་ཧ་དང་རུ་ལུའི་གད་རྒྱངས་སྒྲོག་པས་བློ་བྲལ་རྫོགས་ཆེན་གྱི་དབྱིངས་སུ་ལ་བཟླ་བའི་དགོས་ཆེད་ཆེ་བས། ཁྲལ་སྤྲད་ཙམ་གྱིས་ཁྲིད་རྫོགས་པ་ཡིན་ཞེས་རང་གཞན་མགོ་སྐོར་གྱི་ལས་སུ་མི་འགྲོ་བའི་གདམ་ངག་ཡིད་ཆེས་སྤྲོ་སེམས་དང་ལྡན་པས་ཡང་ཡང་བརྩོན་པ་གལ་ཆེ་བས་ཕྱི་རབས་རྣམས་ཀྱི་ཐུགས་ལ་བཏགས་པར་ཞུ། དེ་ལྟར་སྤྱིར་ཁྲེགས་ཆོད་ཐོད་རྒལ་གཉིས་ལ་སྔོན་འགྲོ་ཞེས་རུ་ཤན་འདི་གལ་ཆེ། ཁྱད་པར་ཐོད་རྒལ་བྱ་བ་དགུ་ཕྲུགས་སྒོམ་སྟོབས་དང་མཐུན་པར་རང་ཤུགས་ཀྱིས་མ་སོང་བར་ལྟ་ཕྱོགས་སུ་སྒོམ་སྤྱོད་གཉིས་ཤོར་ན་བདག་ལྟ་རུ་གོལ་ཉེན་ཡོད་པས། དེའི་ཕྱིར་ལྟ་བ་ལུང་རིགས་དང་མཐུན་པ། སྒོམ་པ་ཉམས་མྱོང་དང་མཐུན་པ། སྤྱོད་པ་དུས་ཚོད་དང་མཐུན་པ་གལ་ཆེ་བ་ཡིན་པས་གནད་ཀྱི་ཆིངས་སུ་ཤེས་པར་གྱིས་ཤིག །འོད་ཕུང་ནས་འཕོ་ཆེན་གྱི་གོ་འཕང་མན་ཆད་མངོན་དུ་བྱེད་པའི་གསང་ལམ་ཁྱད་པར་ཅན་ཉམས་སུ་ལེན་པའི་སྐལ་བཟང་དག་གིས་རུ་ཤན་ཕྱི་ནང་གསང་གསུམ་སྔོན་དུ་འགྲོ་དགོས་སོ། ལྷུན་གྲུབ་ཐོད་རྒལ་ནི། །དེ་ནས་ཡང་གསང་བླ་ན་མེད་པ་མན་ངག་སྙིང་ཐིག་ཅེས་པའི་དོན་ལྷུན་གྲུབ་ཐོད་རྒལ་ཡིན་པས་ན། རྫོགས་པ་ཆེན་པོའི་རྒྱུད་ཕྱི་མ་ལས། གསུམ་པ་འོད་གསལ་མན་ངག་སྡེ༔ གནད་ཀྱི་ཡང་ཟབ་ཐིག་ལེའི་སྐོར༔ དཔྲལ་བའི་མིག་ལས་གཅེས་པ་སྟེ༔ སྙིང་གི་ཁྲག་ལས་ཕངས་པའི་དོན༔ ཅི་ཕྱིར་བློ་ཡིས་བྱས་པའི་ཆོས༔ ཐེག་བརྒྱད་ཚིག་གི་གྲུབ་མཐའ་དང༔ རྟོག་པས་བརྟག་པའི་སྟོང་པ་ཉིད༔ རྩོལ་བས་གཅུན་པའི་ཤེས་ཉམས་ལ༔ གནས་ལུགས་ཡིན་དུ་མི་རེ་བར༔ ཁྲེགས་ཆོད་གདིང་དུ་གྱུར་པ་ལས༔ ནང་དུ་སྟོང་པའི་ཉམས་ཤར་བས༔ ཕྱི་རུ་གསལ་བའི་ཡེ་ཤེས་ནི༔ སྙིང་ནས་མིག་ཏུ་འབྲེལ་བ་ཡི༔ རང་བྱུང་གསང་བ་ཆེན་པོའི་རྩ༔ ཀ་ཏི་ཤེལ་གྱི་སྦུ་གུ་ཅན༔ དར་དཀར་སྣལ་མ་ལྟ་བུའི་ལམ༔ བརྒྱུད་དེ་དབང་པོའི་མངོན་སུམ་པར༔ ལྷག་མཐོང་རྡོ་རྗེ་ལུ་གུ་རྒྱུད༔ མུ་ཏིག་བསྟར་ལ་བརྒྱུས་པ་ལྟར༔ གསལ་འཚེར་དྭངས་སྙིགས་ཕྱེད་པར་འཆར༔ འདི་ནི་སངས་རྒྱས་ཐམས་ཅད་ཀྱི༔ ཡེ་ཤེས་ཆེན་པོའི་ལམ་ཡིན་པས༔ མཐོང་ཞིང་གནད་ལ་སུས་ཕེབས་པ༔ ཁམས་གསུམ་ལྡོག་པ་མ་ཡིན་ནོ༔ དེ་ཕྱིར་ལྷག་མཐོང་རིག་པ་དེ༔ སྐུ་གསུམ་བཞུགས་སྟངས་གཟིགས་སྟངས་དང༔ སྒོ་ཡུལ་རླུང་གི་གནད་བསྟུན་ཏེ༔ སྒྲོན་མ་རྣམ་བཞིར་གཅུན་པ་ལས༔ ནང་དབྱིངས་རྣམ་དག་སྒྲོན་མའི་ཀློང༔ རིག་པ་བཅུད་དུ་སྨིན་པ་ལས༔ ཕྱེད་སྐུར་འཆར་བ་ཉམས་གོང་འཕེལ༔ རིགས་ལྔའི་ཚོམ་བུ་ཚད་ཕེབས་ཉམས༔ དེ་ཡང་སྣང་དང་མི་སྣང་གི༔ འཛིན་པའི་ཆོས་ཉིད་ལས་འདས་ཤིང༔ རགས་པའི་ལུས་དང་དབང་པོའི་ཡུལ༔ ཐམས་ཅད་དབྱིངས་སུ་དག་པ་ལ༔ ཆོས་ཉིད་ཟད་ཅེས་ང་ཡིས་བཤད༔ ཡིད་དཔྱོད་ཐེག་པའི་སྐུ་གསུམ་གྱི༔ འབྲས་སྣང་འདི་ཡི་ལམ་སྣང་དུ༔ སྐད་ཅིག་ཙམ་ལ་རྩལ་རྫོགས་པས༔ སྟོང་ཆེན་གཞོན་ནུ་བུམ་པའི་སྐུ༔ ནང་གསལ་ཐིམ་ལ་མ་རྨུགས་པའི༔ དབྱིངས་སུ་མངོན་པར་སངས་རྒྱས་ཚེ༔ སྤང་རྟོགས་མཐའ་རུ་ཕྱིན་པ་འོ༔ ཞེས་རྡོ་རྗེའི་ཚིག་གིས་མདོར་བསྡུས་ཏེ་བསྟན་པའི་ཡང་གསང་བླ་ན་མེད་པ་སྙིང་ཁྲག་གི་དྭངས་མ་ལྟ་བུར་གྲགས་པའི་དོན། གཞི་བདེ་གཤེགས་སྙིང་པོ་མཐོང་བྱེད་མིག་གི་དབང་པོ་ལ་བརྟེན་པའི་རྡོ་རྗེའི་མིག་གིས་མངོན་སུམ་ཐབས་ལ་བརྟེན་ཏེ། གོ་བ་དང་ཡིད་དཔྱོད་མིན་པར་ལྷག་གེར་མཐོང་བ་རྡོ་རྗེའི་ལུ་གུ་རྒྱུད་རྟེན་བརྟེན་པ་དང་བཅས་པའི་གདམ་པ་བསྟན་པ་ལ་ནི་དང་པོ། ཉི་མ་སྔ་དགོང་ཉི་འོད་གསལ་བའི་དུས། ཐོག་མར་སྤྲུལ་སྐུའི་འདུག་སྟངས་བྱེད་བཅུག་ཅིང་བལྟ་ཚུལ་ལ་བསླབ་སྟེ་ཞག་ཤས་གོམས་སུ་བཅུག་པས། སྣང་བའི་ཤར་ཆ་རྣམས་ཁ་ཚང་མཐོང་ཚེ། སླར་འཆར་གཞི་ཡུལ། འཆར་བྱེད་སྒོ། རིག་པ་སེམས་ཀྱི་གནད། སྒྲོན་མ་དྲུག་པོ་རྟེན་བརྟེན་པའི་ཚུལ་དུ་ཡོད་པ་སོགས་དབྱིངས་རིག་དབྱེར་མེད་ཀྱི་ངོ་སྤྲོད་ཐེབས་པར་སྤྲད། འོད་རྩ་དྭངས་བྱེད་དང་། བསམ་གཏན་གྱི་གོལ་ས་སྦྱང་བྱེད། ལུག་རྒྱུད་བརྟན་བྱེད་སོགས་ཡང་གསང་གབ་སྦས་རྣམས་སྣོད་ལྡན་ཚེ་གཅིག་སྒྲུབ་པ་ལ་གཞོལ་ངེས་རྣམས་ལ་རིམ་ཅན་དུ་བསྟན་པར་བྱའོ། །དེ་ནས་སྤྲུལ་སྐུ་དྲང་སྲོང་ཙོག་པུའི་འདུག་སྟངས་ལུས་སེམས་ཧ་ཅང་མི་སྒྲིམ་པར་ལྷོད་ཆགས་པར་བྱས་ཏེ། ལྟ་སྟངས་ཐུར་དུ་ཕབས་ནས་བལྟས་པས་ཅུང་གོམས་ཤིང་སྣང་བ་རྣམས་ཁ་ཚང་འཆར་དུས་ཐོ་རངས་ཆོས་སྐུ་སེངྒེའི་འདུག་སྟངས་ལག་སོར་གཉིས་བསྒོངས་ཏེ། ལོང་མོ་གཉིས་ཀྱི་ཐད་ནང་དུ་སར་བཙུགས་པའི་བཞེད་སྲོལ་ལྟར་བྱས་ཏེ། ལུས་ཅུང་ཟད་བསྒྲིམ་ཞིང་ཁ་ནས་རླུང་རོ་དབྱུངས་ཐུབ་པའི་ཧ་སྒྲ་གསུམ་དང་བཅས། གཟིགས་སྟངས་མིག་གྱེན་དུ་ལྡོག་སྟེ་ཀ་དག་གི་ངང་དུ་ལམ་ཁྱེར་བོགས་འདོན་བླ་མའི་ཞལ་ཤེས་དགོས། མཆན། བཞག །ཉིན་པར་སྐབས་སྐབས་གོང་གི་འདུག་སྟངས་ལྷོད་ཆགས་པར་བྱས་ནས་ཉི་མ་ལ་རྒྱབ་བསྟན་ཏེ། ནམ་མཁའ་དྭངས་པའི་དུས་མིག་ཅུང་ཙམ་ཟིམ་བུའི་ནམ་མཁའི་དཀྱིལ་དུ་ཡུན་རིང་བལྟས་ཚེ། དང་པོ་སྐྱ་ཙིག་ཙིག་པ་དང་། དེ་ནས་དབྱིངས་ཀྱི་གདངས་ད་ལྟ་ཕལ་ཆེར་གྱིས་ལུག་རྒྱུད་ཁོ་ནར་ངོས་འཛིན་སྲོལ་ཡོད་པའི་ལུག་རྒྱུད་ཀྱི་རྒྱུའམ་དབྱིངས་ཀྱི་གདངས་དེ་ཉིད་སྤོས་རྒྱ་ལྟ་བུའམ། འཁྱ་འཁྱོག་དང་རྒྱ་མཚོའི་གཉེར་མ་ལྟ་བུ་འོང་། ཅི་ཞིག་ན་ནམ་མཁའ་སྔོ་དྭངས་པ་དེ་སྤྲིན་གསལ་ལང་ལོང་ལྟ་བུ་བན་བུན་ཞིག་ཏུ་གྱུར་སྣང་ཡོང་བས་དེའི་ངང་ཡུན་རིང་པོར་བལྟས་ཚེ། ཅི་ཞིག་ན་ཕྱི་དབྱིངས་མཐིང་ག་ཁྱབ་པ་ཆེན་པོ་ཞེས། ནམ་མཁའ་སྔོ་བའི་མདོག་འདི་མིན་པའི་མཐིང་ག་བརྗོད་མེད་ཅིག་འཆར་འོང་བ་ནི་ནམ་མཁའ་ལྷུན་གྲུབ་ཀྱི་ངོ་བོ་མཐོང་བ་ཡིན། ཐོད་རྒལ་རིང་སྒྲུབ་བྱེད་འདོད་ན་དེ་ཁོ་ན་གཙོར་དགོས་པར་གསུངས། སྐབས་སུ་བབ་པའི་ ད་ལྟའི་མི་རྣམས་ཚེ་ཐུང་ཞིང་སྙིང་རུས་ཞན་པས་ཐོད་རྒལ་རིང་སྒྲུབ་རྟོགས་དཀའ། ཚ་དྲག་གིས་འདོད་ཐོག་མཐའ་ཀུན་ཏུ་རྟེན་བཞི་ལ་བརྟེན་ནས་བསྒྲུབ་པ་འདི་འགྲུབ་སླ་ཡང་སྣང་བཞི་མཚན་ཉིད་པ་ཡིན་པའི་ངེས་པ་མེད། མཆན། ཁྲིད་ལུགས་འདི་ལའང་དེ་ལྟར་ཉམས་སུ་བླངས་ན། དབྱིངས་རིག་ཟུང་འཇུག་ལ་གདིང་ཐོབ་བྱེད་ཀྱི་མན་ངག་ཁྱད་པར་ཅན་ཡིན་པར་འདུག །ཉི་མ་སྔ་དགོངས་གཉིས་ཀྱི་གྲིབ་སོ་ཤར་ནུབ་ཀྱི་རི་ལ་གུག་ཚེ་ལོངས་སྐུ་གླང་པོ་ཆེའི་འདུག་སྟངས་བྱས་ཏེ། གཟིགས་སྟངས་མིག་གཡས་གཡོན་དུ་བལྟ་ཞིང་སྣང་བ་ཁྲིད་པ་དང་། ཐད་སོར་ཁྲིད་པ་དང་། ཐུར་དུ་ཁྲིད་ལ་ཡུན་རིང་དུ་བལྟ། སྤྲུལ་སྐུ་དང་མངོན་བྱང་གི་བཞུགས་སྟངས་ཀྱིས། གཟིགས་སྟངས་དེ་ལྟར་ཁྲིད་ལུགས་སྔ་མ་དང་མཚུངས་པར་བྱ། སྐབས་སྐབས་སུ་ཉི་འོད་ལ་བརྟེན་ནས་འོད་སྣང་གི་ཁ་དོག་ཤས་གང་ཆེ་གཡས་གཡོན་སྟེང་འོག་ཏུ་ཁྲིད་དགོས་ཚུལ་རྣམས། ཞེན་འཛིན་གྱི་རེ་དོགས་མེད་ངེས་ཡིན་ན་མ་གཏོགས་ཧ་ཅང་འཐས་ན་ཤེས་པ་སྣང་ཐོག་ཏུ་ཤོར་བའི་གེགས་འབྱུང་ཉེན་ཆེ་བས། འཛིན་ཞེན་སྤང་བ་གནད་གལ་ཆེ་བ་ནི་ཐོག་མཐའ་ཀུན་ལ་ཁྱད་མེད་དོ། །ཉིན་པར་ཉི་མའི་རྐྱེན་གྱིས་མིག་གི་ཚ་བ་སེལ་བ་དང་། གོམས་པའི་ཚད་འཛིན་སོགས་ལ་གནད་ཆེ་བས། ཟླ་བ་ཉ་གང་བའི་དུས་སམ་ཚེས་བརྒྱད་ཡན་ཆད་ཀྱི་ཟླ་བའི་དཀྱིལ་འཁོར་ལ་མིག་ཅེར་རེ་ཟླ་གཟུགས་གཉིས་གསུམ་དུ་སོང་བའི་སྣང་བ་མ་ཤར་བར་བཞག་ན་འོད་རྩ་བཟང་བ་རེ་ཟུང་མ་གཏོགས། དང་པོ་ནས་སྣང་བ་འཆར་དཀའ་ཡང་། གོམས་ན་རིམ་པར་ལུག་རྒྱུད་དང་ཐིག་ཕྲན་འལ་འོལ་མཐོང་ཚེ་མིག་ཧ་ཅང་མི་ཟུམ་པར་བལྟས་ན་ཐིག་ལེ་དབྱིངས་སོགས་རིམ་གྱིས་ཇེ་མངོན་ཇེ་མངོན་དུ་འོང་། དེ་སྐབས་མར་མེ་སྡོང་བུ་དང་། མར་ཁུ་ཆོད་ངེས་སོགས་ལེགས་པར་བྱས་པའི་མེ་ལྕེ་དྭངས་ཤིང་གསལ་བ་ལ་དང་པོ་མིག་གཉིས་ཀ་ཤིན་ཏུ་ཟུམ་པས་མེ་ལྕེ་ལ་གཏད་དེ་སྦྱང་ཚེ་རྩ་བཟང་བ་རྣམས་ལ་དང་པོའམ། མིན་ཡང་གོམས་ཤུགས་ཀྱིས་དབྱིངས་ཐིག་ལུག་རྒྱུད་ཀྱི་སྣང་བས་མེ་ལྕེ་དངོས་མི་མཐོང་བའང་ཡོད་པས། དེ་ལ་ཡུན་རིང་དུ་བལྟ་བ་ཁོ་ནས་ཆོག །མིན་ཚེ་གཡས་ཕྱོགས་སུ་དལ་བུས་ཁྲིད་སྐབས་མིག་གཡོན་པ་རང་ཤུགས་ཀྱིས་བཙུམ་འོང་བས་དེ་ལྟར་དུ་བལྟ། མིག་གཡས་གཡོན་གྱི་རྩའི་ཁྱད་པར་གྱིས་ལུག་རྒྱུད་མཐོང་ཡང་དབྱིངས་དང་སྟོང་སྒྲོན་ཅི་བཞིན་མི་གསལ་བ་དང་། དབྱིངས་དང་སྟོང་སྒྲོན་མཐོང་ཡང་ལུག་རྒྱུད་ཇི་བཞིན་མི་གསལ་བ་ཡོད་དེ། སྐབས་སྐབས་གཡས་གཡོན་གོ་ལྡོག་སྟེ་བལྟ་ཚུལ་གཅིག་པས་ངལ་དུབ་མེད་པས་སྒྲིམ་ལྷོད་སྤེལ་མས་ཡང་ཡང་སྦྱང་ཞིང་གོམས་ན། དབང་པོ་སྒོ་ལྔའི་སྦུབས་ལས་ཐོན་པའི་སྔ་ལྟས་བླ་མའི་ཞལ་ལས་ཤེས་དགོས། མཆན། ཙམ་སྐབས་རེར་འོང་ཞིང་སྐབས་རེར་མེད་པ་ནི་འགྱུར་བ་ཅན་གྱི་ཉམས་ཡིན་པས། དེ་སྐབས་རེ་དོགས་ཡིན་མིན་གྱི་ཁུ་འཕྲིགས་སྣ་ཚོགས་ཁྲེགས་ཆོད་བརྟན་པ་ཐོབ་མ་ཐོབ་ཀྱིས་འོང་མི་འོང་ཡོད་དེ། གང་ལྟར་ཅི་མཛད་ཁྱེད་ཤེས་ཀྱིས་བླ་མ་དྲན་པའི་མོས་གུས་དང་། སྣང་བར་གང་ཤར་བཟང་ངན་རོ་སྙོམས་ཤིན་ཏུ་གལ་ཆེ། འདི་སྐབས་སྐྱེས་སྔོན་ཐོད་རྒལ་མན་ངག་ཇི་བཞིན་པས་མ་ཟིན་པ་དང་། གཞན་སྒྲ་འོད་ཟེར་གསུམ་ཤེས་རབ་ཆེན་པོ་འམ་མན་ངག་གི་རྩིས་མ་ཟིན་པས་ཡུན་རིང་སྦྱངས་པ་དག་གིས་སྔར་གྱི་བག་ཆགས་བསླངས་ཏེ་ཉམས་གོང་འཕེལ་དང་། ཚད་ཕེབས་ཀྱི་དུས་སུ་འབྱུང་བའི་སྐུ་དང་ཡིག་འབྲུ་སོགས་གཞུང་ན་བཤད་པ་ལྟར་དང་པོ་ནས་འབྱུང་བ་ཡོད་དེ། དེའང་ཕྱོགས་གཅིག་ཏུ་མི་ངེས་མོད་ཀྱང་ཕལ་ཆེར་ནི་ཤེས་པ་མཐར་འགྱུར་གྱི་ཉམས་ཡིན་པས། དེ་རང་སྟོབས་ཀྱིས་མི་ཆོད་ངེས་པས་བརྒྱུད་ལྡན་གྱི་བླ་མའི་མན་ངག་ལྟར་གཅོད་བྱེད་དམིགས་པ་ཁོ་ན་ལ་བརྟེན་པའི་ཐབས་ཤིན་ཏུ་གསང་ཞིང་ཡང་གསང་དུ་གབ་པ་རྣམས་ལ་མ་བརྩོན་ན། རླུང་གདངས་སྟོང་གཟུགས་ཙམ་ལས་རིག་གདངས་མཐོང་གྲོལ་ལྷུན་གྲུབ་སྣང་ཉམས་ཀྱི་ཕྱོགས་སུ་མི་ཉེ་ཞིང་། གནས་སྐབས་སུ་འཕེལ་འགྲིབ་འགྱུར་བ་ཅན་ཞེན་འཛིན་གྱི་དབང་དུ་ཤོར་ན་འདོད་གཟུགས་གཉིས་ལས་གཟུགས་ཁམས་ཀྱི་གོལ་སར་ཤོར་ངེས་པས་ན་གནད་གལ་པོ་ཆེ་འདིར་ཡོད། རབ་དང་ཡང་རབ་རྣམས་ནི་མ་གཏོགས་སོ། །འབྲིང་མན་ཆད་སྣང་བ་ཡུལ་གྱི་བློ་ཅན་ནམ་རིམ་གྱིས་པའི་གང་ཟག་གིས་དང་པོ་ཉི་ཟླ་དང་མར་མེ། ཞར་བྱུང་ཆུ་ལ་ཉི་ཟེར་ཕོག་པ་སོགས་རྟེན་བྱས་ཏེ་སྦྱངས། ཁང་པའི་སྐར་ཁུང་ལྟ་བུའི་མཐོང་བྱེད་ཕྲའུ་གྱེན་ཐུར་དུ་ཡོད་པའི་སོར་གཅིག་གམ་གཉིས་ལས་མི་ཆེ་བ། མཆན། འོད་དམ། བུ་ག་ཆེ་ཆུང་རན་པ་ཚོད་ཀྱི་འོད་གང་རུང་ལ། དང་པོ་མིག་ཤིན་ཏུ་ཟིམ་བུས་སེང་དཀར་ཁོ་ན་ལ་མར་མེ་དུས་ལྟར་བལྟས་ཚེ་དབྱིངས་ལང་ལོང་སྐྱ་བུན་པ་རེ་ཤར་ནས་རིམ་པར་ལུག་རྒྱུད་ཕྲའུ་མངོན་ཙམ་མི་མངོན་ཙམ་མཐོང་། དེའི་ངང་བསྐྱངས་ཏེ་བསྒོམས་པས་སྟོང་སྒྲོན་ཡང་ནག་ཐིག་གམ་སྔོ་ཐིག་ཙམ་ལས་རིམ་པར་ཤར་ཆ་ཇེ་གསལ་དབྱིངས་ཇེ་ཆེར་འགྲོ་བའི་དུས་ཀྱང་སྐལ་བཟང་ཐོབ་པའི་སྤྲོས་སེམས་ཀྱིས་ཀུན་ནས་བསླངས་པའི་བརྩོན་འགྲུས་ཞེན་མེད་འཛིན་མེད་ཀྱི་ངང་དུ། ནམ་ལངས་ནས་དགོང་མོ་བར་སྐབས་སྐབས་ངལ་བསོ་བ་ཁྲེགས་ཆོད་མཐའ་གཉིས་བསལ་བྱེད་མན་ངག་ཀློང་དྲུག་སོགས་ལམ་ཁྱེར་དང་བཅས། ཡེངས་མེད་སྒོམ་མེད་ཞེན་འཛིན་མེད་པར་དབྱིངས་རིག་དབྱེར་མེད་ལས་བལྟ་བྱ་ལྟ་བྱེད་བལྟ་ཡུལ་ཐ་དད་མེད་པའི་ངང་ནས་གྲིམ་ལྷོད་སྤེལ་བས་ཉམས་སུ་བླང་ཚེ་ཐིག་ལེ་སྟོང་སྒྲོན་སྣང་ཉམས་དངོས་ཐོག་མར་ཤར་བ་དེའི་གཙོས་སྟོང་སྒྲོན་ཕལ་ཆེར་འོད་ལྔའི་མུ་ཁྱུད་རིམ་གྱིས་ཇེ་གསལ་ཇེ་བརྟན་དུ་འགྲོ་ཞིང་ཕྱི་རོལ་མུ་ཁྱུད་དཀར་པོ་ཕུབ་ཀྱི་རྦ་ཁྱུད་ལྟ་བུའམ། སྲིན་བུའི་བ་རྒྱ་ལྟ་བུ་ཇེ་མང་དུ་སོང་ཞིང་ཐིག་ལེ་སྟོང་སྒྲོན་གྱི་དཀྱིལ་དུ་པདྨ་འདབ་བཞི་ལྟ་བུའི་སྣང་བ་ཐོབ་སྐབས། རིག་པ་སེམས་ཀྱི་འཁྲུལ་གཞིར་སོང་བའི་གདངས། འབྲས་མིང་རྒྱུ་ལ་ཆགས་པ་ཞེས་པའི་དོན་དབྱིངས་ཀྱི་གདངས་དང་མ་ནོར་བའི་ལུག་རྒྱུད་ཉོན་མོངས་པའི་རླུང་ཅི་ཙམ་དག་པ་དེ་ཙམ་གྱིས་འགྲོ་འོང་ཇེ་དལ་ཇེ་དལ་ལ་སོང་སྟེ། རྒྱུད་རྣམས་ནས་གསུངས་པ་ལྟར་གསེར་དངུལ་གྱི་སྐུད་པ་ལྟ་བུ་ཇེ་ཕྲ་ཇེ་ཕྲར་ཕྲ་བ་དང་ཡང་ཕྲ་མངོན་མི་མངོན་མང་པོ་དག །ཐིག་ཕྲན་དཀར་འཚེར་དུ་མ་འཐོར་བ་དང་སྤུངས་པ་མ་ངེས་པ་ནས། དྲྭ་བ་དང་དྲྭ་ཕྱེད་འཕྱང་འཕྲུལ་གྱི་རྣམ་པ་དུ་མས་ཕལ་ཆེར་ཁྱིམ་དང་བདག་པོའི་ཚུལ་གསུངས་པའི་སྟོང་སྒྲོན་ལ་འཁྲི་བ་ཤས་ཆེ་བ་སོགས་འབྱུང་དུས་ཕལ་ཆེར་ལ་སྟོང་སྒྲོན་དང་དབྱིངས་ཀྱི་རྒྱབ་ངོས་སུ་ཁ་དོག་མངོན་ཙམ་མི་མངོན་ཙམ་གྱི་བུམ་པའི་ཁ་རྒྱན་ཀུ་ཤའི་དབྱིབས་ལྟ་བུ་མང་པོ་མཐོང་དུས། འབྲས་བུ་རྡོ་རྗེ་ལུ་གུ་རྒྱུད་ཅེས་པ་མཐོང་ལ་ཉེ་བ་ཡིན་ཏེ། ལ་ལར་སྐབས་སྐབས་ཉམས་ཙམ་ལས་མི་འོང་བའང་ཡོད། གང་ལྟར་སྣང་བ་དགའ་བདེའི་ཉམས་ཞེས་དང་པོ་དགའ་སྡུག་སྤེལ་བའི་ཚུལ་བྱུང་དུས་ཡེ་ཤེས་དང་ཉོན་རླུང་གི་ཐ་སྙད། རིག་པ་དང་མ་རིག་པ་འཁོར་འདས་རྒྱབ་གྱེས་པ་ལ་ཉེ་བ་ཡིན་ཏེ། གང་ལ་ཆགས་སྡང་ཞེན་འཛིན་མེད་པས་རིམ་པར་ཉམས་ལེན་ལ་འབད་ན་རྐྱེན་ཆེར་དང་མ་འཕྲད་ཚེ་བློ་བདེ་གུ་ཡངས་རྟག་ཏུ་འབྱུང་ཡང་ལམ་རྟགས་སུ་རློམ་པ་དང་། ཞེན་འཛིན་གྱི་སྙེམས་མེད་པ་ཤིན་ཏུ་གལ་ཆེ། བླ་མའི་གདམ་ངག་མོས་གུས་ཀྱི་དྲན་པ་ཟུང་དུ་འཇུག་པའི་ཉམས་ལེན་གནད་ཆེ་བའི་དུས་སོ། །ཡང་ན་སྐྱེས་བུའི་འདུག་སྟངས་ཞེས། ཁ་སྦུབས་དང་གན་རྐྱལ་གཉིས་ལས། དང་པོ་ལུས་རྐང་ལག་བཅས་བརྒྱངས་ཏེ་ཁ་སྦུབ་ཏུ་མན་མཁལ་ས་ལ་བཙུག་སྟེ། མགོ་ཅུང་ཟད་དགྱེ་སྟེ་མིག་ཟིམ་བུས་ཉི་མའི་འོད་རིམ་པར་སྔ་དགོང་གི་རིའི་གྲིབ་མར་ཁྲིད་ཚུལ་གོང་དང་འདྲ། གཉིས་པ་འཆི་བའི་དུས་བར་དོ་དང་པོ་དང་གཉིས་པའི་ལམ་ཁྱེར་ནམ་མཁའ་དྭངས་པའི་སྐབས། དང་པོ་སྐྱིལ་ཀྲུང་གིས་འདུག་ཅིང་ཤེས་པའི་ངང་བསྐྱང་བཞིན་རྐང་ལག་རྣམས་ཤད་ཀྱིས་བརྐྱངས་ཏེ་ལུས་གན་རྐྱལ་གྱི་རོ་སྟོད་སར་ཕོག་དུས། ཁ་ནས་ཧ་སྒྲ་རིང་པོ་དང་བཅས་རླུང་ཕྱིར་འཛིན་དང་། ནམ་མཁའ་དྭངས་པ་དང་། ཤེས་རིག་དབྱེར་མེད་དུ་ཡུན་རིང་མིག་མི་འགུལ་བར་གཏད་ཚེ། ཕྱིའི་ནམ་མཁའ་དང་ཤེས་པ་འདྲེས་པའི་ཉམས་ཤར་ཡོང་། རང་ནམ་ཞིག་འཆི་བའི་སྐབས་སྣང་མཆེད་ཐོབ་གསུམ་ནས་ཉེར་ཐོབ་འོད་གསལ་ལ་ཐིམ་པའི་སྐད་ཅིག་མ་དེར་བར་དོ་དང་པོ་འཆི་སྲིད་ཆོས་སྐུའི་འོད་གསལ་ཞེས་པ་འདི་ལྟ་བུ་ལས་གཞན་མེད་པས་དེ་དུས་ངོ་ཤེས་དགོས་སྙམ་པས་ཐག་བཅད་དེ། དེའི་ངང་ཡུན་རིང་ཐུང་སྐབས་བསྟུན་བཞག་ལ། དེ་ནས་ལག་པའི་སོར་མོ་བཅུ་དྲྭ་མིག་ལྟ་བུ་འོང་བར་བྱས་ནས་མིག་ལ་མ་རེག་པས་བཀབ་སྟེ། ཉི་འོད་མིག་ལ་ཕོག་པ་ལག་མཐིལ་དུ་ཁྲིད་ནས་ཟིམ་བུའི་བལྟས་ཏེ། འཆི་སྲིད་ཆོས་སྐུའི་འོད་གསལ་དང་པོ་ལ་གྲོལ་མ་ནུས་ན། བར་དོ་ལོངས་སྐུའི་འོད་གསལ་རང་སྣང་འདི་ཡིན་ཚུལ་ངེས་པར་ཐག་བཅད་པ་གལ་ཆེ། མཉམ་གཞག་སྐབས་རྣ་བར་ཏིང་ཤག་གི་སྒྲ་ལྟ་བུ་སོགས་གྲགས་འོང་དུས་བར་དོའི་སྐབས་འབྲུག་སྟོང་དུས་གཅིག་ལྡིར་བ་སོགས་འཇིགས་པའི་སྒྲ་སྣ་ཚོགས་འབྱུང་བ་རང་བྱུང་ཆོས་ཉིད་ཀྱི་སྒྲ་འདི་ངོ་མ་ཤེས་པའི་འཁྲུལ་སྣང་ཡིན་པས་དེ་དུས་ངོ་ཤེས་དགོས་སྙམ་པ་མ་གཏོགས་སྒྲ་དེ་ལ་ཞེན་ན་གེགས་སུ་འགྲོ་བས་གནད་ཆེའོ། །དེ་རྣམས་ངོ་མ་ཤེས། ཤེས་ཀྱང་ཐག་མ་ཆོད། ཆོད་ཀྱང་མ་གོམས་པ་རྣམས་ལ་སྒྲ་འོད་ཟེར་གསུམ་གྱི་འཁྲུལ་པའི་སྣང་བ་ཤར་ཏེ། སྣང་བ་དེ་ཡི་དབང་དུ་སོང་ནས་འཇིགས་དངངས་སྐྲག་པའི་དུས། འོད་རིག་པ་ལ་འཇུག་པ་ཞེས་པའི་ཐ་སྙད་འཁྲུལ་སྣང་དུ་མ་འཆར་འོང་། དེ་དུས་རང་སྣང་དུ་ངོ་ཤེས་ན་མ་པང་དུ་བུ་འཇུག་པའམ། འོད་གསལ་མ་བུ་འདྲེས་པའམ། རིག་པ་འོད་ལ་ཞུགས་པ་ཞེས་པའི་དོན་དེ་ཡིན་པས་ད་ལྟ་ངེས་ཤེས་དང་བཅས་པས་ཡང་ཡང་གོམས་ན། རྫོགས་ཆེན་གསང་སྐོར་བར་དོའི་གདམ་པའང་འདི་ལ་འདུའོ། །རྡོ་རྗེ་སེམས་དཔའི་གསང་ལམ་ཡར་གྱི་ཟང་ཐལ་ཞེས་པའི་ཐ་སྙད། བར་དོ་དང་པོ་དང་གཉིས་པའི་གྲོལ་ས་འདི་ཡིན་པར་འདུག །དེ་ཕྱིར་དོན་ཤེས་པས་གོམས་པ་དང་ཉམས་སུ་མྱོང་བ་ནི་ཤིན་ཏུ་གལ་ཆེའོ། །དེ་ལ་བཙན་ས་མ་ཟིན་ན་འཁྲུལ་སྣང་གི་འཇིགས་སྐྲག་དང་བཅས། ཅི་ཞིག་ན་བླ་མ་དང་བླ་མས་གདམ་པ་ཡེ་སྲུང་རྒྱལ་པོའི་དམ་ཚིག་སོགས་མ་ཉམས་ཤིང་། ཉམས་པ་གསོ་སྦྱོང་ཟིན་པ་དག་གིས་ཆོས་ཉིད་བར་དོའི་དུས་ཡིན་པར་ངོ་ཤེས། བླ་མ་དང་གདམ་པ་དྲན་ཏེ། རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་བཞི་ནས་རིམ་གྱིས་ལོ་ལྔ་བརྒྱར་སྦྱང་རྫོགས་སྨིན་གསུམ་མཐར་ཕྱིན་ཏེ། ཤེས་རིག་གི་རྒྱལ་པོ་གཞོན་ནུ་དཔའ་བོ་སྟོབས་ལྡན་གྱི་ས་ལ་དབུགས་དབྱུང་བ་ནི་རྫོགས་པ་ཆེན་པོ་མན་ངག་སྙིང་ཐིག་གི་ཁྱད་ཆོས་བླ་ན་མེད་པ་ཡིན་ཡང་། ད་ལྟ་སྐྱེ་གནས་བར་དོའི་དུས་འདིར། ངག་གི་རུ་ཤན་ཕྱི་མའི་ལམ་ཞུགས་སྐབས་དང་། ཐིག་ལེ་གསང་བའི་ཉམས་ལེན་སྐབས་རིགས་དྲུག་གི་གནས་སྦྱངས་ཤིང་སྐུ་དང་ཞིང་ཁམས་སུ་ལ་བཟླ་བའི་ལམ་ཁྱེར་གྱི་མན་ངག་རྣམས་ལ་གོམས་པ་གལ་ཆེ་ཡང་། ད་དུས་ལུགས་འདིའི་བསྟན་པ་ཉག་ཕྲ་བས་བརྒྱུད་ལྡན་བླ་མའི་མན་ངག་ཉམས་སུ་མྱོང་བ་ལྟ་ཅི། ཐོ་ཕྱི་ཙམ་སྤྲོས་པའི་ཚུལ་གྱིས་བསྟན་པ་ཡི་གེའི་ལམ་ནས་བཤད་ཤེས་ཀྱང་ཉམས་མྱོང་རྟོགས་པ་ཇི་བཞིན་སྲིད་མཐའ་མ་བཀག་ཙམ་དུ་ཟད་པ་ལ་ཕོངས་ཆེས་པས་ན། ཁྲེགས་ཆོད་དང་ཐོད་རྒལ་ལ་བལྟ་ཚུལ་རགས་རིམ་ཙམ་དང་། གསང་སྐོར་བར་དོའི་གདམ་པ་རང་ཉམས་དང་མཐུན་པར་ཚིག་དོན་གནད་དུ་དྲིལ་ཏེ་བསྟན་པ་ལགས། ལར་ད་དུས་ཕལ་ཆེར་གྱིས་རྩོལ་མེད་ཀ་དག་ཁྲེགས་ཆོད་ཡིན། རྫོགས་པ་ཆེན་པོའི་ལམ་བྱར་མེད་ཡིན་པས་དེ་ཁོ་ནས་ཆོག་གོ་སྙམ་པའི་བློས་བྱས་ཡིད་དཔྱོད་ལེ་ལོ་གསུམ་དང་མཚུངས་ལྡན་གྱིས་ཐུན་མོང་ཞི་ལྷག་གི་ཉམས་ཞེན་ནམ། ངེས་ཤེས་ཀྱི་སྒྲིབ་པས་རང་རྒྱུད་འཆིང་བཞིན། ཐོད་རྒལ་རྩོལ་བཅས་ཡིན་པས་གེགས་དང་གོལ་ས་ཆེ་ཟེར་ནས་དོར་བར་བྱེད་མོད། སྒྲ་ཇི་བཞིན་པའི་ཐོབ་བྱ་སྐུ་དང་ཡེ་ཤེས་རང་བྱུང་བདེ་གཤེགས་སྙིང་པོ་འདི་ཉིད་རྟོགས་དང་མ་རྟོགས་ཀྱི་ཁྱད་ཙམ་ལས། སངས་རྒྱས་དང་སེམས་ཅན་ཐ་དད་མེད་པར་ཏིལ་དང་ཏིལ་མར། མན་ཤེལ་དང་རྨ་བྱའི་སྒོ་ངའི་དཔེ་སོགས་ཀྱིས་བསྟན་པ་དེ་ཉིད་མངོན་སུམ་སྟོན་པར་བྱེད་པའི་མན་ངག་ཀུན་ལས་ཁྱད་པར་དུ་མས་འཕགས་པ་འོད་གསལ་དབྱིངས་རིག་གཉིས་མེད་བླ་མའི་གདམ་པ་ཐབས་ཁྱད་པར་ཅན་དང་། རང་གི་དད་བརྩོན་ཆེ་ཆུང་གི་ཁྱད་པར་ཁོ་ན་ལས། གཞན་ཐོས་བསམ་དང་སྡུག་རུས་གང་གིའང་མིན་པ། རྒྱལ་བའི་བཀའ། བླ་མའི་ལུང་། གོང་མའི་རྣམ་ཐར་གང་ལ་དཔྱད་ནའང་། མཁས་བླུན་ལ་མི་ལྟོས་པར། རང་གིས་ཉམས་སུ་བླང་ན་ཉམས་མྱོང་ཚད་མས་ཤེས་འོང་ཡང་གོང་སྨོས་ལྟར་དབུལ་པོའི་ཁྱིམ་གྱི་ནོར་བུའམ། བགྲོད་པའི་ས་ཕྱོགས་ཤར་ནུབ་གོ་ལོག་པ་ལྟ་བུ་རང་གཞན་གང་ལ་བརྟགས་ཀྱང་སེམས་ཤིན་ཏུ་སྐྱོ་བས་མ་བཟོད་ནས་ཐོད་རྒལ་སྒོམ་ལུགས་གཏི་ཐུག་གི་ངག་གིས་བཤད་པར་བྱ་སྟེ། བསྐྱེད་རྫོགས་གཞུང་གཞན་ལྟར་ན་རྩ་འཁོར་བཞི་དང་ལྔ་སོགས་གསུངས་ཀྱང་། རང་ལུགས་འདིའི་དབང་དུ་བྱས་ན། འཁོར་ལོ་གསུམ་དང་། སྙིང་ག་དང་། སྤྱི་བོའི་འཁོར་ལོ་གཉིས་སུ་གསུངས་པ། ཉོན་རླུང་དང་ཡེ་ཤེས་ཀྱི་རླུང་། སེམས་དང་རིག་པའི་ཡེ་ཤེས་ཀྱི་གནས། ལམ། སྒོ། རྩལ་སོགས་དབྱེ་ཚུལ། ཁྱད་པར་ཐོད་རྒལ་གྱི་དབྱིངས་དང་སྟོང་སྒྲོན་ལུག་རྒྱུད་ཀྱི་གནས་དང་། འཆར་སྒོ་དབྱེ་བའི་དོན་ཡིན་ལ། གང་ལྟར་ཡང་ཐུན་མོང་སྔགས་ཀྱི་བསྐྱེད་རྫོགས་ཀྱི་ལམ་ནི་དག་རྫོགས་སྨིན་གསུམ་སོགས་རྩོལ་བཅས་ཀྱི་ཐེག་པ་དང་། འདིར་རྩོལ་མེད་ཨ་ཏི་ལམ་གོང་མའི་གོང་མ་རྣམས་ཀྱིས་གཉིས་ཆོས་འཁྲུལ་པའི་སྣང་བ་ཐམས་ཅད། གཉིས་མེད་སྟོང་ཉིད་རྣམ་ཀུན་མཆོག་ལྡན་ནམ། བདེ་གཤེགས་སྙིང་པོའམ། འདུས་མ་ཡེ་བྱས་སམ། འོད་གསལ་ཐིག་ལེ་ཉག་གཅིག་གྲོལ་བྱེད་ཐབས་ཀྱི་ལམ་དུ་བཞེད་པ་ཡིན་པས་ན། དེའི་ཕྱིར་ཀུན་དང་མཐུན་ལ་ཀུན་ལས་འཕགས་པ་ཡང་གསང་བླ་ན་མེད་པའི་ཁྱད་ཆོས། ཁྲེགས་ཆོད་ལས་ཁྱད་པར་བདུན་གྱིས་འཕགས་པ་ཟུང་འཇུག་ལྷུན་གྲུབ་ཐོད་རྒལ་འདི་ལ་བཞེད་པའི་དོན། རང་གི་ཉམས་མྱོང་དང་། རྡོ་རྗེ་འཆང་དངོས་ཀྱི་གསུང་གི་བདུད་རྩི་ཐོབ་པ་ལྟར་རང་འདྲར་ཕན་སེམས་ཀྱིས་ཀུན་ནས་བསླངས་ཏེ་ཅུང་ཟད་སྤྲོས་པ་ལ། དེ་ལ་རིམ་པར་འཆར་གཞི་ནམ་མཁའ་ཉི་ཟླ་མར་མེ་སོགས་རྐྱེན་བྲལ་ལ་བརྟེན་ནས། འཆར་བྱེད་སྒོ་རྒྱང་ཞགས་ཆུའི་སྒྲོན་མས་མཚམས་སྦྱར་ཏེ། རྩ་རྒྱ་མཚོ་གསེར་གྱི་ཉི་མ་ཅན་ལས་གྱེས་པའི་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ལམ་དུ་བྱས་ཏེ་མངོན་སུམ་དབང་པོའི་སྤྱོད་ཡུལ་དུ་གྱུར་པའི་ཐབས། ལྟ་སྟངས་དང་གཟིགས་སྟངས་སོགས་སྤྱིར་ལས་དང་པོ་པའི་ཆེད་དུ་ཆེ་རགས་ཙམ་ལས་མ་གསུངས་པས་རྩོལ་བཅས་སུ་གྲགས་པ་ཡིན། དོན་ལས་དང་པོ་ལ་སྣང་བ་ཐམས་ཅད་འཆར་སླ་བའི་ཐབས་སུ་གསུངས་པ་ལས་ཐོག་མཐའ་ཀུན་དུ་དེ་ལྟ་བུ་ཁོ་ན་མི་དགོས་ཏེ། ཅུང་ཟད་གོམས་ཚེ། སེང་རས་སམ་དབུས་ཐེར་སྲབ་བུའམ། རས་དམར་སྨུག་གམ། ནག་པོ། སྔོན་པོ་གང་རུང་གིས་སྐར་ཁུང་གི་སྒོ་གཡོལ་ལམ། ཡང་ན་རེ་བའི་སྦྲ་ཆུང་ལྟ་བུ། དོན་དཀར་པོ་དང་དམར་པོ། སེར་པོ་མིན་པའི་གདོང་ཁེབས་སོགས་རྩིང་པོ་ཉི་འོད་དང་ཐིག་ལེ་ལུག་རྒྱུད་གསལ་པོར་མཐོང་བ་ཞིག་གམ། ཡང་ན་རང་གྲིབ་མར་འདུག་ལ་གོང་སྨོས་ལྟར་འོད་ཆུང་ངུ་བརྟེན་ཏེ་གཡས་གཡོན་སོགས་གང་རུང་དུ་ཁྲིད་ལ། འདུག་སྟངས་རྐང་པ་བརྐྱངས་པའི་མཐིལ་གཉིས་གཏད་ས་ཡོད་ན་བཟང་། གང་ལྟར་མགོ་བོ་ནང་དུ་བཀུག་ནས་ལག་པ་གཉིས་ཀྱི་སོར་མོ་བསྣོལ་ལ་ལྟག་པར་འཁྱུད་དེ་བལྟ། དེ་ལ་ཅུང་ཟད་གོམས་ཚེ་འདུག་ཚུལ་སྔ་མ་ལྟར་ལ་མགོ་བོ་སྔས་ལ་ཕབ་སྟེ། ལག་པ་གཉིས་ཁུ་ཚུར་བསྣོལ་ནས་རྡོ་རྗེ་འཆང་གི་ཕྱག་རྒྱ་སྙིང་གར་བཞག་ལ་བལྟ། དེ་ལའང་ཅུང་ཟད་གོམས་ཚེ་ལུས་པོ་དང་མགོ་བོ་སྔ་མ་ལྟར་ལ་ལག་པ་གཉིས་གཞོག་གཡས་གཡོན་གྱི་ཟུར་བརྐྱངས་ཏེ་བལྟ་བ་དང་གསུམ་པོ་འདི་ཆོས་སྐུའི་འདུག་སྟངས་ཀྱི་ཡན་ལག་གོ །ཡང་སྐབས་སུ་སྣང་བ་དྭངས་བསང་གི་ཆེད་དམ། སྔ་མའི་འདུག་སྟངས་ཀྱིས་སུན་པའམ་མི་བདེ་ཚེ། རྐང་མཐིལ་སྤྲད་པ་སོགས་སྔར་དང་འདྲ་ལ། ལག་པ་གཉིས་སོར་མོ་བསྒོངས་ཏེ་རྒྱབ་ཀྱི་དཔྱི་ཐད་ཕན་ཚུན་གྱི་སར་བཙུགས། ལུས་ལྷོད་ཆགས་པས་སེང་སྐར་རམ། མར་མེ། ཆུའི་སྣོད་ཆེ་ཆུང་གང་རུང་ལ། ཉི་འོད་ཕོག་པའི་ཟེར་སྣ་རྩེར་ཕོག་པར་བྱས་ནས་མགོ་བོ་ཕྱིར་དགྱེ་ལ་མིག་གཡས་གཡོན་གང་བདེར་ཁྲིད་ལ་བལྟ། ཡང་ཉི་མར་བལྟ་ཚེ་གྲིབ་མར་འདུག་ཅིང་ཐོད་པ་དང་སྨིན་མ་ལ་ཉི་འོད་ཕོག་པར་བྱས་ཏེ་ཐུར་དུ་ཁྲིད་པ་སོགས་བྱས་ན་སྣང་བ་འཆར་སླ་ཞིང་བརྟན་པའི་དགོས་པ་ཡོད། ཡང་ན་པུས་མོ་གཉིས་བརྐུམ་ཞིང་གཞོག་གཡས་གཡོན་གང་བདེ་སར་ཕབ་ནས་སྣང་བ་ཁྲིད་དེ་བལྟ། དེ་ལ་ཅུང་གོམས་པ་ཞེས་པ་ནི། ཐིག་ལེ་ལུག་རྒྱུད་སོགས་ཇེ་གསལ་ཇེ་བརྟན་དུ་སོང་ནས་ཐིག་ལེ་ཁ་དོག་དང་བཅས་པ་མཐོང་དུས་སྣང་ཉམས་ཀྱི་ཐོད་རྒལ་དངོས་སུ་མཐོང་བ་ལ་གོམས་པའི་ཚད་ཡིན། ནམ་མཁའ་སོགས་འོད་གང་ལ་བརྟེན་ཀྱང་ཐིག་ཕྲན་ལུག་རྒྱུད་ཁྲ་ཤིག་ཤིག་གིས་ཁེབ་ཅིང་གཡོ་འགུལ་ཆེར་མེད་དུ་འབྱུང་དུས། ལུག་རྒྱུད་ཕལ་ཆེར་རྩེ་མོ་གྱེན་བསྟན་ཁོ་ན་དང་། གྱེན་བསྒྲེང་ཞེས་པ་ཀ་བ་བཙུགས་པ་ལྟ་བུས་ཁྲ་ཤར་ཅན་ཁོ་ནའམ། ཁ་དོག་ཆེར་མི་མངོན་པའི་སྣ་ཚོགས་སོགས་དང་། སྐབས་རེར་འཕྲེད་དུ་ཡོད་པ་ལ་རྩིབས་ཤར་དུ་འདོད། སྐབས་རེར་རེ་ལྡེ་ཞེས་པ་སེང་རས་ནག་པོའི་ཡོལ་བ་ལྟ་བུ་འཕྲེད་དམ་མ་ངེས་པའི་ཚུལ་དུ་འོང་། གཞན་གཞུང་རྣམས་ནས་གསུངས་པ་ལྟར་ལས་སྨོས་མ་དགོས་སོ། །དེ་དུས་ཆོས་ཉིད་མངོན་སུམ་ལས་གོང་འཕེལ་གྱི་ཉམས་སྐྱེ་བ་དང་ཉེ་བ་ཡིན་འདུག །ཚད་ཕེབས་སྟོང་སྒྲོན་གཅིག་ཆེར་རྒྱས་པའི་ནང་དུ་ལྔ་ཚོམ་ཤར་བའམ། ཕྱོགས་བཞི་དབུས་ལྔར་རེས་འགའ་མིན་པར་ནམ་བལྟས་སྐབས་ཡོད་པའི་ལྔ་ཚོམ་མང་པོ་ཇེ་མང་དུ་ཉི་ཤུ་རྩ་གཅིག་ནས། བརྒྱ་མན་ཆད་ཀྱིས་སྣང་ཡུལ་རི་བྲག་སོགས་སྒྲིབ་ནུས་པའི་བར་རྒྱས་ཏེ། ལུག་རྒྱུད་ཐིག་ལེ་སྟོང་སྒྲོན་དེ་དབྱིངས་ལ་ཐིམ་རིམ་བཞིན་ནང་གི་རྣམ་པར་ཤེས་པའི་བྱེད་ལས། བློ་དང་ཆོས་དང་སྣང་བ་ཐམས་ཅད་ཟད་དེ། གཞོམ་མེད་ངོ་བོ་ཉིད་སྐུ་མངོན་དུ་བྱས་ཚེ་ཟད་པ་ཞེས། རང་དོན་མཐར་ཕྱིན་ཏེ་གཞོན་ནུ་བུམ་སྐུར་གྲོལ་བའོ། །སླར་གཞན་དོན་དུ་གཞོན་ནུ་བུམ་སྐུའི་རྒྱ་རལ་པའི་ཐ་སྙད་འགྲོ་བ་གང་ལ་གང་འདུལ་གྱི་སྤྲུལ་པ་བསམ་མི་ཁྱབ་པས་འཁོར་བའི་སེམས་ཅན་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་མཛད་པའོ། །རབ་ཀྱིས་དད་བརྩོན་ལྡན་པས་ལྷུན་གྲུབ་ལུས་སྦུབས་ཀྱི་མ་རིག་པའི་རྩ་ཅི་ཙམ་དྭངས་རིམ་དང་། ཡེ་ཤེས་ཀྱི་འོད་རྩ་རྒྱས་རིམ་ལྟར་སྣང་བའི་དབྱིངས་ཐིག་ཇེ་མཐོར། སྨིན་མཚམས་ནས་དྲལ་དུས་རྣ་བ་གཉིས་དང་ལྟག་པའི་བདུད་སྒོ་རྣམས་ནས་ཆུ་བུར་མིག་གིས་མཐོང་བ་མིན་པའི་དང་པོ་འོད་ཀོར་དཀར་པོ་ནས་རིམ་པར་ཐིག་ལེ་སྟོང་སྒྲོན་ནམ། ཐིག་ཕྲན་རྣམས་མངོན་ཚེ། རང་ལུས་ཡོད་མེད་དེར་འཛིན་ཆེར་མེད། དབུ་མའི་འོད་རྩ་དྭངས་པའི་སྔ་ལྟས་དབྱིངས་ཐིག་རྣམས་བདེ་ཆེན་འཁོར་ལོར་མངོན་འོང་དུས་སྣང་ཉམས་ཇི་བཞིན་པ་ཚད་ལ་ཕེབས་ཉེ་བ་ཡིན་པས་བརྩོན་འགྲུས་རང་ཤུགས་ཀྱིས་ཇེ་ཆེར་འབྱུང་ཡང་། རྣམ་གཡེང་ཐམས་ཅད་སྤངས་ནས་བརྩོན་པའི་དུས་ཡིན་པར་ཤེས་དགོས་སོ། །དེ་ལྟར་ཤེས་ཉམས་སམ་རླུང་གདངས་དང་། འོད་རྩ་དྭངས་སྟོབས་ཀྱིས་རིག་གདངས་སམ། སྣང་ཉམས་ཚད་ཕེབས་སྒྲ་ཇི་བཞིན་པ་བཅས་གབ་པ་མངོན་ཕྱུང་དུ་བསྟན་པའོ། །དེ་ལྟ་བུའི་ལམ་ཉམས་སུ་ལེན་པ་རྣམས་ལ་ཡང་བསྐྱར་གྱིས་གོང་ནས་གོང་དུ་འཕེལ་བའི་ཐབས་ནི། ཉིན་མཚན་འོད་གསལ་གྱི་བོགས་འདོན་ཐབས་ལ། ཉི་མའི་མདངས་འོད་སོགས། མར་མེ་ལ་ཡུན་རིང་བལྟས་ནས་སྐབས་སུ་མིག་བཙུམ་སྟེ་སྡོད་ཚེ། ལུ་གུ་རྒྱུད་ཕྲ་ལ་ཆུང་བ་ནག་པོའམ་སྐྱ་ལང་ལོང་མཐོང་བ་དེ་རང་ཡལ་དུ་མ་སོང་བར་དེར་འཛིན་གྱི་ཞེན་པ་མེད་པར་ཤེས་པ་གཏད། ཡང་གོང་བསྟན་བཞིན་སེང་དཀར་སོགས་ཀྱི་འོད་ལ་ཐིག་ལེ་སྟོང་སྒྲོན་ཇེ་མངོན་ཁ་དོག་བཅས་མཐོང་དུས། དབྱིངས་གདངས་དང་ལུག་རྒྱུད་འཐོར་ནས་རྣམ་འགྱུར་སྣ་ཚོགས་ཅན་དང་། ཐིག་ཕྲན་དཀར་པོ་འདུ་འཐོར་དྲྭ་བ་དྲྭ་ཕྱེད་སོགས་ཀྱི་སྣང་བས་བརྟེན་ཡུལ་ཁེབས་འོང་དུས། སྣང་ཡུལ་རང་ཁམས་དང་མཐུན་པའི་ཡངས་པར་གཏད་དེ་ཉམས་སུ་ལེན། དེ་དུས་རྒྱུད་ལས། སྣང་བ་ཐམས་ཅད་ཐིག་ལེ་རུ། །ཤར་ནས་ཁྲིག་གེར་སྡོད་པའི་དུས། །མཆོག་ཏུ་གོམས་པའི་ཚད་ཡིན་ནོ། །ཞེས་གསུངས་པའི་དུས་དེར་ངེས་པར་བསླེབས་པ་ཡིན་པས། ད་དུང་ཐང་ལྷོད་མེད་པར་ཉམས་སུ་བླངས་ན། རིམ་པར་མཐོང་ཡུལ་གྱི་རི་སོགས་གང་ལ་བལྟས་ཀྱང་དེ་ལྟར་སྣང་བས་ཁེབས་ནུས་ཚེ། རབ་ཏུ་གོམས་པའི་ཚད་ཉིན་སྣང་གི་སྐབས་སོ། །མཚན་མོ་མུན་ནག་ནང་དུ་བལྟས་ཚེ། ཐིག་ལེའམ་ལུག་རྒྱུད་འལ་འོལ་ཙམ་ཡུན་དུ་མི་གནས་པར་ཡལ་འགྲོ་བ་དང་། ཐོ་རངས་གཉིད་སད་མ་ཐག་མུན་ནང་མིག་རང་སོར་བཞག་སྟེ་བལྟས་ན་མཚན་མོའི་དུས་ལྟར་ཐིག་ལེ་ལུག་རྒྱུད་མཐོང་འོང་ཚེ་དབྱིངས་རིག་དབྱེར་མེད་དུ་ཐག་བཅད་ལ་མཚན་མོ་ལའང་དེ་ལྟར་གལ་ཆེའོ། །གོམས་རིམ་དང་མཐུན་པའི་ཇེ་གསལ་ལ་འོང་དུས་དེ་ལ་ཤེས་པ་གཏད་དེ་ཡུན་བསྲིང་ནུས་ན། མུན་ཁང་འབད་རྩོལ་ངལ་དུབ་ལ་བརྟེན་པའི་སྣང་བ་སྣ་ཚོགས་མཐོང་བ་ལས་འདི་ཁོ་ནས་ཆོད་ཆེ། དེ་ལྟར་ཉིན་མཚན་འདྲ་བར་སྐྱིལ་ཀྲུང་དྲང་པོར་མངོན་བྱང་འདུག་སྟངས་སོགས་གང་བདེ་བྱས་ནས་སྤྲོ་སེམས་ཀྱི་བརྩོན་འགྲུས་དང་ཡིད་ཆེས་ཀྱི་དད་པས་སྲོག་བཟུང་ངོ་། །དེ་བོགས་འདོན་བྱེད་མར་མེའི་སྣང་བ་ལ་ཐུན་རིང་ངེས་རེ་བལྟ་ལ། དེ་མ་ཐག་གོས་ཀྱིས་མགོ་བཏུམས་ནས་མིག་བཙུམ་པའམ། རང་སོར་གཞག་ན་རིམ་གྱིས་མར་མེའི་རྟེན་དང་ཧ་ལམ་འདྲ་བའི་སྣང་བ་ཤར་འོང་། དེ་སྐབས་ཉལ་ཏེ་མིག་བཙུམ་པའམ། མགོ་རུམ་དུ་བཅུག་སྐབས། ཁྲེགས་ཆོད་ལ་གོམས་པ་ཆེར་སོང་བ་རྣམས་ལ་མུན་སྣང་རང་རྒྱུད་པ་མིན་པའི་སྣང་སྟོང་དབྱེར་མེད་ཀྱི་འོད་གསལ་ཁོར་ཡུག་ཏུ་འགྲོ་བའི་སྔ་ལྟས་ལྟ་བུ་ཐོག་མའི་ཐོག་མར་རང་བྱུང་ཁྲེགས་ཆོད་སྟོང་པའི་འོད་གསལ་ཕྱོགས་ཙམ་མཐོང་བ་དང་། ལུག་རྒྱུད་ནས་རིམ་པར་ཇེ་ཆེར་རྒྱས་འོང་། དེའི་ངང་དུ་ཞེན་མེད་ལྷོད་ཆགས་སུ་བསྐྱངས་པས་གཉིད་ཐིམ་འགྲོ་ཁར་སྣང་མཆེད་ཐོབ་གསུམ་ཁམས་ཀྱི་ཁྱད་པར་འོང་མི་འོང་ཡོད་པས་མི་ངེས་ཀྱང་། གང་ལྟར་ཉེར་ཐོབ་འོད་གསལ་དུ་བཞེངས་པ་ཞེས་ལྷུན་གྲུབ་སྣང་བའི་འོད་གསལ་ཉིན་པར་ལས་ཀྱང་ཆེས་གསལ་ལ་བརྟན་པ་འོང་། འདི་དུས་ལ་ལ་དག་གི་ཉིན་པར་མི་མཐོང་བའི་གོང་འཕེལ་དང་། ཚད་ཕེབས་ཀྱི་སྣང་བ་མཐོང་བའང་ཡོད་དོ། །ཉིན་པར་ཐོད་རྒལ་རང་གཞུང་རྣམས་ནས་གསུངས་པ་ལྟར། བྱ་བ་དགུ་ཕྲུགས་སམ་ཁྱད་པར་ངག་གི་བྱ་བ་ཐམས་ཅད་སྤངས་ཏེ། གོང་སྨྲས་ལྟར་གྲིམ་ལྷོད་རན་པས་ཉམས་སུ་བླངས་པ་རྣམས་ལ་རེས་འགའ་འོང་། རེས་འགའ་མི་འོང་བ་ནི་ཞེན་འཛིན་ཡོད་པའི་ཉམས་ཀྱི་རྟགས་ཡིན་པར་འདུག །ཇེ་བརྟན་ཇེ་གསལ་རྒྱུན་དུ་འོང་སྐབས་ད་དུང་ཡང་ཡང་ཉམས་ལེན་གོང་འཕེལ་དུ་བརྩོན་ན་ཐོད་རྒལ་སྣང་བའི་འོད་གསལ་ཁོར་ཡུག་ཏུ་སོང་སྟེ། ཚད་ཕེབས་ཟད་པ་ལ་ཉེ་བ་ཡིན་པས་དེ་ལྟར་ཉམས་སུ་བླང་ན། བཀའ་གཏེར་རྣམས་ཀྱི་དགོངས་པར་རྟེན་བཞིའི་རྣལ་འབྱོར་དུ་གྲགས་པ། དཀར་ཁྲིད་ཉི་མ། སེར་ཁྲིད་ཟླ་བ། དམར་ཁྲིད་མར་མེ། ནག་ཁྲིད་མུན་པའི་རྣལ་འབྱོར་ཞེས། སྐུ་བཞིའི་རྟེན་གྱི་ཉམས་ལེན་སྤྲོས་མེད་གཅིག་ཆོད་འདི་ཙམ་ལ་འདུའོ། །འདི་དག་གི་ལྡོག་ཆ་ཙམ་ལ་ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ་བཏགས་འདུག་ཀྱང་། དབང་པོ་རྣོན་པོ་རྒྱུའི་སྟོབས་ཅན་རྣམས་ལ་ཆོས་ཉིད་མངོན་སུམ་དུས་ཟད་པའི་སར་སླེབ་པ་དང་། གོང་འཕེལ་དུས་ཟད་པ་དང་། ཚད་ཕེབས་རྫོགས་ཏེ་ཟད་པ་སོགས་མ་ངེས་པ་རྒྱུད་ནས་གསུངས་པ་དང་། ཚུལ་མཐོང་ཡང་མི་ངེས་པས་ཕྱོགས་གཅིག་ཏུ་ཁས་འཆའ་མི་ཤེས་པ་ནི་ངེས་པའོ། །དོན་བལྟ་བྱ་ལྟ་བྱེད་བལྟ་ཡུལ་གྱི་མཁན་པོ་སོགས་ཐ་དད་མ་ཡིན་གཉིས་སུ་མེད་ཅིང་བྱར་མེད་པ་ཡེ་ནས་དབྱིངས་ཡེ་དབྱེར་མེད་ངོ་བོ་རང་བཞིན་ཐུགས་རྗེ་སྐུ་གསུམ་རང་ཆས་ཡིན་ཚུལ་དཔེར་བཅས་བསྟན་པའི་ཐོག་ཏུ་ཐག་བཅད་ཅིང་། གདིང་དང་ལྡན་པ་ནི་མེད་དུ་མི་རུང་བའི་མདོ་ཆིངས་སུ་ཤེས་པར་གྱིས་ཤིག ཀ་ལྷུན་ཟུང་འཇུག་གི་ལམ་ཁྱེར་ནི། །ཕྱི་རྟགས་དེ་དག་གི་རྟགས་ཡིག་དང་ཚད་ཡིག་བཀའ་གཏེར་རྣམས་ནས་མང་དུ་གསུངས་ནའང་། འཕེལ་འགྲིབ་ཉམས་ཀྱི་རྟགས། བར་ཆད་བདུད་ཀྱི་རྟགས། མི་འགྱུར་བ་གསང་བའི་རྟགས་གསུམ་ལ་འདུ། འཕེལ་འགྲིབ་ཉམས་ཀྱི་རྟགས་ནི། ཁྲེགས་ཆོད་ཐོད་རྒལ་གཉིས་ཀར་འཛིན་ཞེན་ཅན་བདེ་སྡུག་རེ་དོགས་ཆགས་སྡང་གི་སྙེམས་དང་བཅས་ཏེ་འགྱུར་བ་ཅན་དེ་ལ་ཞེན་ན་གོལ་ས་ཆེ། བར་ཆད་བདུད་རྟགས་ཀྱང་གོང་བསྟན་ཤེར་ཕྱིན་ལམ་ལྔ་རིམ་པར་ཆུང་འབྲིང་ཆེ་གསུམ་དབྱེ་བའི་རྣམ་གྲངས་དང་། ཕྱག་ཆེན་རྣལ་འབྱོར་བཞི་རིམ་ཡང་དེ་མཚུངས་དབྱེ་བ་གཉིས་ནས་སྤྱིར་བཏང་ཡང་ཡང་གསུངས་པའི་ཉམས་རྟོགས་ཀྱི་ས་མཚམས་སོ་སོའི་རྟགས་དང་མཚན་ཉིད་གསལ་པོར་གསུངས་པའི་གནད་རྣམས་གལ་ཆེ། འདི་སྐབས་རྫོགས་ཆེན་པས་ངན་རྐྱེན་ཁྱག་ཀྱང་བཟང་རྐྱེན་མི་ཁྱག་ཟེར་དཔེ་བཟང་པོར་རློམ་པའི་ཉམས་དང་རྨི་ལམ་དངོས་སྣང་གང་བྱུང་དེར་འཛིན་གྱི་རློམ་སེམས་ཅན་དེ་རྫོགས་པ་ཆེན་པོ་བཀའ་གཏེར་རྣམས་དང་གོང་བསྟན་སོགས་སེལ་བྱེད་ཀྱི་གདམ་ངག་དང་བཅས་ཡོད་པ་དེར་གཟིགས་མཛོད། མི་འགྱུར་བ་གསང་བའི་རྟགས་ནི། དོན་ཕྱི་རྟགས་ཁོ་ན་ལ་མི་ལྟོས། ནང་རྟགས་སྐྱོ་ཤས་དང་ངེས་འབྱུང་བྱམས་སྙིང་རྗེ་སོགས་བཅོས་མིན་ཤུགས་འབྱུང་ཡུལ་ཡུལ་རྐྱེན་ལས་འདས་པའི་རྟོགས་པ་རྒྱུན་ཆགས་དང་། བླ་མ་ལའང་གདུལ་བྱའི་སྣང་ངོར་ཙམ་ལས། སྐྱོན་ཀུན་ཟད། ཡོན་ཏན་ཀུན་ལྡན་ཡེ་ཤེས་ཀྱི་སྐུ་ཅན་དངོས་སུ་མཐོང་ཞིང་། བྱ་སྤྱོད་ཐམས་ཅད་བླ་མའི་ཕྱོགས་སུ་འགྲོ་བ་དང་། དངོས་བརྒྱུད་ནས་སེམས་ཅན་ལ་ཆགས་སྡང་བར་མ་གསུམ་བཏང་སྙོམས་ཀྱི་བློས་སྙོམས་པར་བྱས་ཏེ་ཕན་བདེ་ལ་སྦྱར་འདོད་ཤུགས་ཀྱིས་བྱུང་ནས་ཚེ་འདིའི་ཞེན་པ་དང་འཁོར་བའི་བྱ་བ་ནང་ནས་ངེས་པར་ཐོངས་པ་ཞིག་མེད་ན། ཕྱི་རྟགས་གཅིག་པུ་ལ་རློམ་པས་མི་འོང་། གསང་རྟགས་བཟང་ངན་རྟོག་པས་ཕན་གནོད་བྲལ་ཞིང་ལུང་མ་བསྟན་དུ་མ་ཤོར་བས། ཉིན་པར་མཉམ་རྗེས་ཁོར་ཡུག་དང་། མཚན་མོ་ཀ་དག་ལྷུན་གྲུབ་གང་ལ་གོམས་པའི་སྣང་བ་ཁོར་ཡུག་ཏུ་ཟིན་པ་བྱུང་ན་ཉམས་ལེན་ལམ་དུ་ལྷོངས་པའི་རྟགས་ཡིན། དེ་རྣམས་ལས་ལྡོག་ན་བོགས་འདོན་འདི་ལྟར་བྱ་དགོས། དུས་བཞི་སངས་རྒྱས་མཉམ་སྦྱོར་སོགས་སྤྲོས་བཅས་སྤྲོས་མེད་རང་ཁམས་དང་མཐུན་པའི་ལམ་ཁྱེར་བྱ་ཞིང་། གནས་དབེན་པ་བརྟེན། ཉམས་ལེན་ཐུན་དུ་བཅད། ལྟོ་རན་ཚོད་ཚད་གཅིག་ཏུ་བྱ། གཉིད་སྲང་ལ་གཞལ་ཞེས་པ་ཉལ་ཚོད་དང་གཉིད་ཚོད་གཅིག་ཏུ་བྱ་ཞིང་། བཟླས་བརྗོད་སོགས་ངལ་དུབ་ཀྱི་བྱ་བ་ཐམས་ཅད་སྤང་བ་གལ་ཆེ་སྟེ། རྫོགས་ཆེན་ཁྲིད་རིམ་རྣམས་དང་། རྗེ་བླ་མ་དམ་པ་རྣམས་ཀྱི་ཞལ་རྒྱུན་ཡང་དེ་ལྟར་ལགས། དེ་ལྟར་ཕྱི་ནང་གི་རྟགས་མཚན་འཛོམ་ནའང་། ང་རྒྱལ་དང་རློམ་སེམས་སྤང་བའི་ཐབས་ཚུལ་ལ་མ་འབད་ན་སླར་ལྡོག་ཉེན་ཡོད་པ་ནི། རྣལ་འབྱོར་གྲུབ་པའི་དབང་ཕྱུག་རྣམས་ཀྱི་གསུངས་དང་། རྗེས་དཔག་གི་བློ་ས་དཔྱད་ནའང་ཇི་སྙེད་ཀྱི་ཡེ་ཤེས་མངོན་དུ་མ་བྱས་ཀྱི་བར་དུ། རྟག་གུས་ཀྱི་སྦྱོར་བའི་བརྩོན་འགྲུས་ཀྱིས་ལམ་མཐར་ཕྱིན་པར་བྱ་དགོས་པ་ལགས། གོང་གི་ཕྱི་ནང་གི་རྟགས་ཚད་ཉིན་མཚན་གྱི་འོད་གསལ་སོགས་ཀྱི་སྣེ་ཟིན་ནས། ལེ་ལོ་གསུམ་བབ་ཀྱིས་ཞི་ཞིང་བརྩོན་འགྲུས་གསུམ་རང་ཤུགས་ཀྱིས་གོང་དུ་འཕེལ་ནས་གཉིད་ཀྱང་རབ་འོད་གསལ་ཁོར་ཡུག །མིན་ཡང་ཇེ་ཆུང་ཇེ་སྲབ་ཏུ་མི་འགྲོ་བའི་ཐབས་མེད། གཞན་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་རྒྱ་ཆེ་ཞིང་གྲངས་མང་བ་བཀའ་གཏེར་བསྟན་བཅོས་མ་དྲོས་རྒྱ་མཚོ་ལྟ་བུར་བཞུགས་པའི་ནང་ནས། བཅུ་བདུན་རྒྱུད་ཀྱི་དགོངས་པ་གསལ་བར་བསྟན་ཅིང་བཀྲལ་བ་ཀུན་མཁྱེན་ཀློང་ཆེན་པའི་མཛོད་ཆེན་པོ་བདུན། ངལ་བསོ་སྐོར་གསུམ། རང་གྲོལ་སྐོར་གསུམ་སོགས་བཀའ་མ་དང་། གཏེར་ཕྱོགས་མཁའ་འགྲོ་སྙིང་ཐིག །མཁའ་འགྲོ་ཡང་ཏིག །བི་མའི་སྙིང་ཐིག །བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ། ཟབ་མོ་ཡང་ཏིག །བྱང་གཏེར་ཀུན་བཟང་དགོངས་པ་ཟང་ཐལ། ཀ་དག་རང་བྱུང་རང་ཤར་སོགས་ཟབ་ཅིང་རྒྱ་ཆེ་བ་གྲངས་མང་བ་དང་། གཏེར་གསར་ལྕེ་བཙུན་སྙིང་ཐིག་གོང་འོག །སངས་རྒྱས་མཉམ་སྦྱོར། མཆན། དགའ་རབ་སྙིང་ཐིག །མན་ངག་གསེར་གྱི་ཡང་ཞུན་ནམ་ཉི་མའི་འཁོར་ལོ། ཤིན་ཏུ་ཡང་ཟབ་པདྨ་སྙིང་ཐིག །བཻ་རོ་སྙིང་ཐིག་སོགས་ཁམས་དབུས་ཀྱི་གཏེར་སྟོན་ཚད་མ་མང་པོའི་བླ་རྫོགས་ཐུགས་གསུམ་མང་དུ་བཞུགས་པའི་རྫོགས་ཆེན་ཡང་གསང་བླ་ན་མེད་པའི་སྐོར་ཁོ་ནར་བཞུགས་པ་རྣམས་དང་། རང་ལུགས་ཁམས་དབུས་མཁས་གྲུབ་དམ་པ་རྣམས་ཀྱིས་གནང་བའི་ཁྱད་པར་གྱི་ཁྲིད་ཡིག་རྒྱས་བསྡུས་རྣམས་ལ་གཟིགས་མཛོད། སྐབས་སུ་བབ་པ་འདི་ནི་མཚན་ཉིད་ཀྱི་ཐེག་པ་ནས་ཨ་ཏི་མན་ཆད་གང་ཟག་ཤེས་རབ་ཞན་ཅིང་གོ་བ་མེད་པ་རྣམས་ལ། ལམ་རྩོལ་བཅས་དང་རྩོལ་མེད་འབྲས་བུ་ཐོབ་མྱུར་བུལ་སོགས་ཀྱི་སྣང་བ་སྟོན་བྱེད་སྲིན་བུ་མེ་ཁྱེར་གྱི་འོད་ཙམ་བསྟན་པ་ལགས། ཤེར་ཕྱིན་ལམ་ལྔ་དང་ལྟོ་སྦྱར་ཚུལ་ཀུན་མཁྱེན་འཇིགས་བྲལ་གླིང་པའི་གསུང་ཇི་བཞིན་དང་། རྣལ་འབྱོར་བཞི་རིམ་བྱ་བྲལ་བ་བསོད་ནམས་དོན་གྲུབ་ཀྱིས་གནང་བའི་མན་ངག་ཟབ་དོན་སྙིང་པོའི་ཚིག་སྣ་ཕལ་ཆེར་ཅུང་ཟད་བསྟུངས་ཏེ་ཆུང་འབྲིང་ཆེ་གསུམ་དགུར་དབྱེ་བའི་དོན། རང་ལུགས་ལྟར་ན་སྣང་བ་ཡུལ་གྱི་བློ་ཅན་ནམ། གང་ཟག་རིམ་གྱིས་པ་སོགས་གང་ཟག་གིས་ལམ་གྱི་སྙིང་པོ་ད་ལྟ་དཔེའི་བླ་མ། མཉེས་པ་གསུམ་གྱིས་ཐུགས་རྒྱུད་བཟུང་ཞིང་། དོན་ཅི་མཛད་ཁྱེད་ཤེས་བློ་གཏད་ལིང་བསྐྱུར་གྱི་ལམ་ཁྱེར་དྭངས་འདོད་ཡིད་ཆེས་ཀྱི་དད་པ་རྟག་བརྟན་འཕོ་འགྱུར་མེད་པ་དང་ལྡན་པའི། རིག་པ་རང་སྣང་གི་བློ་ཅན་དག་གིས་ལམ་ཁྱེར་གྱི་ཉེར་ལེན་ལ་བརྟེན་ནས། དོན་གྱི་བླ་མའི་རང་ཞལ་ལོ་ཟླ་ཙམ་གྱིས་མཇལ་ཏེ་བཅུ་དྲུག་པ་ཡེ་ཤེས་བླ་མའི་ས་མཆོག་མངོན་དུ་བྱ་བ་ནི་ངེས་པའོ། །སྣང་བ་ཡུལ་གྱི་བློ་ཅན་ནམ་ས་ཁམས་རིམ་གྱིས་པས་ཐུན་མོང་ཞི་ལྷག་ནས། བླ་མས་མན་ངག་མཛུབ་བཙུག་གི་ཚུལ་དུ་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་ལྟ་བ་ཅིག་ཅར་དུ་ངོ་སྤྲད། སྒོམ་སྤྱོད་གཉིས་ཞར་བྱུང་དུ་གསུངས་པའི་ནང་ནས། སྤྱོད་པའང་གོང་བཤད་ཐེག་རིམ་སོ་སོར་རྡོ་རྗེའི་ཚིག་གིས་མདོ་ཙམ་བསྟན་པ་ནི་ཆོས་སྤྱིའི་སྤྱོད་པ་དང་། རང་ལུགས་ལའང་ལྟ་ཕྱོགས་སུ་སྤྱོད་པ་མ་ཤོར་བ་གཙོ་བོར་ཉམས་རྟོགས་ཀྱི་ས་མཚམས་སོ་སོའི་ནོར་ཤོར་གོལ་འཕྲང་བསལ་ཏེ། ཡང་དག་པའི་ལམ་ལ་རིམ་གྱིས་དཀྲི་བའི་སྤྱོད་པ་གཙོ་བོར་བྱ་དགོས་པ་ནི། སྙིང་པོ་དོན་ལེན་པའི་རྒྱུད་ལས། དཔེར་ན་བྱིས་པ་བཙས་མ་ཐག །ནུ་ཞོ་ལ་སོགས་རིམ་བསླབ་སྟེ། །ཕྱི་ནས་སྲ་བ་འབྲས་ཆན་སོགས། །མང་པོ་ཟོས་ན་སྟོབས་འཕེལ་འགྱུར། །དེ་བཞིན་ང་ཡི་སྲས་རྣམས་ལ། །འདུལ་བ་མདོ་སྡེ་མངོན་པ་སོགས། །བསྟན་པའི་རྗེས་ལ་མན་ངག་འདི། །བསྟན་ན་བླ་མེད་བྱང་ཆུབ་འཐོབ། །ཞེས་པའི་དོན་ཐོས་བསམ་ལ་དགའ་བ་རྣམས་ཀྱིས་ཀུན་སློང་བསམ་པ་བཟང་པོར་བསླབས་ནས། སྦྱོར་བ་གོ་མྱོང་རྟོགས་གསུམ་ཁ་ནང་བསྐོར་རང་རྒྱུད་ལ་ཕན་ངེས་སུ་གཏན་ལ་ཕབ་སྟེ། མྱོང་གོམས་དང་ལྡན་པའི་བཅུད་ལྡན་གྱི་བླ་མས་ཉམས་རྟོགས་ཀྱི་ས་མཚམས་དབྱེ་ཞིང་ལྟ་སྒོམ་སྤྱོད་པ་ངོ་སྤྲད་དུས་སུ་བབ་པ་ལ་དམར་བཅིངས་སུ་ཐེབ་པར་སྤྲད་དགོས། ད་དུས་སྙིགས་མའི་དབང་གིས་བླ་མ་མཚན་ལྡན་བཞུགས་རུང་སློབ་མས་གོ་ལོ་ཐོས་ལོ་ཙམ་གྱིས་རང་མགོ་གཡོགས་ཤིང་། གཞན་དག་ལམ་ནེམ་ནུར་ཅན་དུ་དཀྲི་བ་མང་འདུག་པས། རང་གཞན་གང་ལ་བསམས་ནའང་ཡ་ང་བ་དང་། བག་གྲང་བ་ལས་མི་འདུག་ཀྱང་ཁོ་བོ་ནི་སྐྱེས་སྦྱང་ཞན་ཅིང་གོ་ས་དམན་པའི་གཅམ་བུ་རང་འདྲས་དངོས་སུ་བྱ་ཐབས་ནི་བྲལ། འདི་ཙམ་གྱིས་ཀྱང་རང་གི་དྲན་པའི་གསོས་འདེབས་ཀྱི་ཆེད་དང་། གཞན་ལམ་འདིར་འཇུག་འདོད་ཕྱི་རབས་བློ་དམན་རྣམས་ལ་ཅུང་ཙམ་རེ་ཕན་ནམ་སྙམ་པ་མ་གཏོགས་གྲགས་སྙན་རེ་བ་སོགས་ཀྱི་དུག་དང་མ་འདྲེས་ངེས་པའོ། །དེ་ལྟར་བསྐལ་པ་གྲངས་མེད་མང་པོར་སངས་རྒྱས་གྲངས་མེད་མངོན་པར་བསྟེན་ནས་བསྙེན་བཀུར་དང་སྨོན་ལམ་གྲངས་མེད་བརྗོད་དུ་མེད་པ་བྱས་པའི་མཐུ་ལས། སྐལ་བཟང་ཡང་རབ་ཀྱི་འཇུག་ངོག །རྡོ་རྗེ་བླ་མ་བཅུད་ལྡན་གྱི་དྲུང་དུ་ལྟ་སྒོམ་སྤྱོད་པའི་ལམ་ཁྱེར་གང་ལའང་གཞན་ལ་རེ་ལྟོས་མི་དགོས་པར་ཐག་བཅད་དེ། བླ་མས་འདི་ལྟར་གྱིས་ཞེས་པའི་ལུང་བསྟན་པ་ལྟར་ཉམས་སུ་བླངས་ན། རབ་ལོ་གཅིག་གམ་གསུམ། འབྲིང་ལོ་གསུམ་མམ་བདུན། ཐ་མ་ཡང་ལོ་བདུན་ནམ་བཅུ་གཉིས་ནས་སངས་རྒྱས་པ་ལ་ཐེ་ཚོམ་མེད་པའི་ལམ་བཟང་རྫོགས་པ་ཆེན་པོའི་མྱུར་ལམ་ཟབ་མོའི་ཆོས་དང་བླ་མར་འཕྲད་ནས་ཉམས་སུ་ལེན་པའི་སྐལ་བ་དང་ལྡན་སྐབས་འདིར། རབ་ཀྱི་རབ་གཤེགས་ཚུལ་མ་རིག་མིང་གཟུགས་ཀྱི་ཕུང་པོ་ཐུན་མོང་རྣམས་ལས་ཁྱད་པར་དུ་འཕགས་པའི་འོད་ལུས་དང་རྡུལ་ཕྲན་དུ་དེངས་ནས་མཐའ་གཉིས་ལས་འདས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོར་འགྱུར་ནུས་པ། འབྲིང་གངས་ཀྱི་སེངྒེ་དང་། བས་མཐའི་རི་དྭགས། གྲོང་གི་ཁྱི་འཁྱམས། བྱིས་པ་ལྟ་བུ་སྟེ། སྐྱེ་འཆི་དང་རེ་དོགས་ཀྱི་རྟོག་པ་ནང་ནས་ཟད་དེ། ན་དགའ་འཆི་བྲོད་ཀྱི་གདིང་བཞི་དྲོད་ཚད་དང་ལྡན་པ། ཐ་ནའང་འཆི་ཁ་གཞན་ལ་རེ་མི་དགོས་པའི་རང་སྐྱ་ཐུབ་ངེས་ཤིག་ཅི་ནས་དགོས་སོ། །དེ་ལྟར་མ་རྟོགས་སེམས་ཅན། ལོག་རྟོག་མུ་སྟེགས་ནས་ཐེག་པ་རིམ་དགུ་དང་། རྫོགས་པ་ཆེན་པོ་སེམས་སྡེ་ཀློང་སྡེ་མན་ངག་སྡེ་ཕྱི་ནང་གཉིས་ཞར་ལ་ཚང་བའི་གསང་སྐོར་རྣམས་དབང་རབ་ཅིག་ཅར་བ་མ་གཏོགས་ལྟ་སྤྱོད་ཟུང་འཇུག །ལྟ་བ་ལུང་རིག་དང་། སྒོམ་པ་ཉམས་མྱོང་དང་། སྤྱོད་པ་དུས་ཚོད་དང་འབྲེལ་བ་གསུམ་གལ་ཆེ། བླ་མ་དམ་པའི་གདམ་པ། ལོ་ཟླའི་གྲངས་ལ་མི་ལྟོས་པར་མཉམ་འགྲོགས་ཀྱི་བདུད་དུ་མ་ཤོར་བས་མཉེས་པ་གསུམ་གྱི་སྒོ་ནས་བསྟེན་ཏེ་རང་རྒྱུད་གྲོལ་སྨིན་གྱི་ལམ་རང་སྐྱ་ཐུབ་པའི་དྲན་གསོས། ཕྱག་རྫོགས་ཤེར་ཕྱིན་བཅས་ཀྱི་ལྟ་སྤྱོད་འབྲས་བུ་རིམ་པར་མངོན་དུ་གྱུར་ཚུལ། ཡང་གསང་བླ་མེད་ཀ་དག་ཁྲེགས་ཆོད། ལྷུན་གྲུབ་ཐོད་རྒལ། ཟུང་འཇུག་ལམ་ཁྱེར་བཅས་སྙན་ཆོས་མཛེས་ཆོས། རྟོག་གེའི་ཚིག་གི་སྤུ་རིས་ཀྱིས་དགག་བཞག་རྣམས་བཏང་སྙོམས་སུ་བཞག་ནས། གོ་སླ་ཐབས་མི་ནག་གི་གྲོང་ཚིག་ལྟ་བུར་བྲིས་པའི་ཡི་གེ་འདི་མཐོང་ནས་དད་པའི་ངེས་ཤེས་ཀྱིས་དང་དུ་ལེན་པ་དང་། འགལ་འདུ་ལོག་ལྟ་ཕྱོགས་ལྷུང་ཟུར་ཟ་སྡང་སེམས་ཅན་གང་དག་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་འབད་མེད་རྒྱུད་ལ་སྐྱེས་ཏེ། ལོ་ཟླ་ཙམ་མམ་སྐྱེ་བ་གཅིག་གིས་སངས་རྒྱས་ནས་ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པའི་རྒྱུར་གྱུར་ཅིག །ཨེ་མ། སྐྱེ་སྔོན་རྣམ་དཀར་འདུ་བྱེད་རྐྱེན་ཁ་རུ་མ་ཤོར། །སྦྱོར་དངོས་རྗེས་གསུམ་ཚང་བའི་སྨོན་འདུན་གྱི་འབྲས་བུ། །ཕ་མ་ཆོས་དང་ལྡན་པའི་བུ་རྒྱུད་དུ་སྐྱེས་ནས། །བགྲང་བྱ་བཅུ་གཉིས་ལོན་ཚེ་བཤེས་གཉེན་གྱི་ཞབས་ཟིན། །ལམ་བཟང་རྫོགས་པ་ཆེན་པོའི་ཐེག་པ་དང་འཕྲད་དེ། །དལ་འབྱོར་སྙིང་པོ་ལེན་འདོད་སྐྱོ་ཤས་ཀྱི་བསྐུལ་མ། །ཚེ་འདིའི་བྱ་བྱེད་མི་རྟག་བསླུ་བྲིད་དུ་ཤེས་ཀྱང་། །བྱེད་མྱོང་དཀར་ནག་འདྲེས་མའི་ལས་དབང་དེ་བཙན་པས། །ཚེ་འདིར་ཞེན་ལོག་འཁོར་བའི་རྩ་བ་ནི་མ་ཆོད། །ཕ་མཆོག་བླ་མའི་བཀའ་ལུང་སྤྱི་བོ་རུ་བཅིངས་ཏེ། །ལོ་ངོ་ཉེར་བརྒྱད་ནས་བཟུང་ཆོས་བཤད་དང་དབང་བསྐུར། །ཟ་འདོད་རྙེད་ཚོལ་མིན་ངེས་དོན་གཉེར་གྱིས་འབད་ཀྱང་། །ཐུན་མོང་ཐུན་མིན་གཏན་དབབ་གོ་མྱོང་ཅན་དཀོན་ན། །སྐྱེད་རྫོགས་རྫོགས་ཆེན་ཇི་བཞིན་ཁྲིད་མཁན་དང་ཁྲིད་ཡུལ། །གང་ལ་བརྟགས་ཀྱང་དེ་འདྲ་ཙམ་ལས་ནི་མི་འདུག །སོ་གཉིས་ལོ་ལ་སྔོན་སྨོན་སྐལ་བཟང་གི་འབྲས་བུ། །རིག་འཛིན་མཆོག་གི་རྗེས་ཆགས་རྡོ་རྗེ་ཡི་རོལ་མོས། །འོད་གསལ་རྫོགས་ཆེན་གཞི་ལམ་འབྲས་བཅས་ཀྱི་གོ་བ། །ཐོ་རངས་དང་པོའི་སྣང་ཙམ་ངེས་ཤེས་ཤིག་རྙེད་མཐུས། །རིས་མེད་བསྟན་འགྲོར་ལྷག་བསམ་གོང་འཕེལ་དུ་མངོན་བྱུང་། ཁྱད་པར་ཕྱག་རྫོགས་བསྟན་པ་ཕྲ་ཉག་ལ་བསམ་ཚེ། །བླུན་གཏམ་ཅལ་ཅོལ་ཐོས་ཆུང་ལས་གསར་ལ་ཕན་ཆེད། །རྣམ་གསུམ་ལྷག་བློ་དཀར་པོའི་ཀུན་སློང་གིས་འཕང་སྟེ། །མདོ་སྔགས་ཕྱག་རྫོགས་སྔར་བྱོན་དམ་པ་ཡི་ཕྱག་རྗེས། །གང་ཕན་ཁོལ་ཕྱུང་ཕྱོགས་བསྡུས་ཉམས་ཁྲིད་དུ་བྱས་འདིར། །མ་ཤེས་འགལ་འཁྲུལ་གང་ཡོད་དམིགས་མེད་ངང་བཤགས་སོ། །ལེགས་པའི་ཆ་མཆིས་གྱུར་ན་ཁམས་གསུམ་གྱི་སེམས་ཅན། །ཐམས་ཅད་བླ་མེད་བྱང་ཆུབ་ཆེན་པོ་རུ་བསྔོ་འོ། །རྒྱལ་བསྟན་སྤྱི་དང་ལམ་བཟང་འདི་ཉིད་ཇི་སྲིད་འཁོར་བའི་སེམས་ཅན་མ་སྟོངས་བར། །དེ་སྲིད་ནུབ་མེད་བསྟན་དང་བསྟན་འཛིན་དར་རྒྱས་མཁའ་ལ་གཟའ་སྐར་ལྟར་བཀྲ་ཞིང་། །འགྲོ་ཀུན་ཕན་བདེའི་དཔལ་ཡོན་རྫོགས་ལྡན་དུས་སྟོན་ཟླ་བོར་གོང་ནས་གོང་འཕེལ་ཏེ། །མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་ཞིང་བཀྲ་ཤིས་སྣང་བ་རྟག་འཆར་ཤོག །ཅེས་འོད་གསལ་སྤྲུལ་པའི་རྡོ་རྗེའི་ཞལ་སྔ་ནས་ལྕེ་བཙུན་སྙིང་ཐིག་གི་ཁྱད་པར་གྱི་ཁྲིད་ཡིག་གོ་སླ་གནད་འདུས་ཤིག་བྲིས་ཤིག་ཅེས་པའི་བཀའ་ལུང་དང་། བྱང་གཏེར་བསྟན་པའི་རྒྱལ་མཚན་༧ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་ཡང་སྲིད། མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་སྐུ་སྲས་ཐུབ་བསྟན་རྡོ་རྗེ་བྲག་གི་མཁན་ཟུར་དམ་པ་བསོད་ནམས་རྣམ་རྒྱལ་པས་དགོངས་པ་ཟང་ཐལ་ཐུན་མོང་ཐུན་མིན་ཁྱད་པར་གྱི་ཁྲིད་ཡིག་གོ་སླ་གནད་འདུས་ཤིག་བྲི་དགོས་ཞེས། དངོས་རྫས་ཕྱག་རིང་བརྐྱངས་པའི་གནང་སྦྱིན་ལན་གསུམ་བར་རྒྱ་ཆེན་བཅས་བསྐུལ་བ་དང་། ལམ་འདི་ལ་མོས་པ་ཆེ་བ་སྒྲུབ་བརྩོན་པདྨ་རྒྱལ་མཚན་གྱིས་གུ་རུ་སེང་གེ་སྒྲ་སྒྲོག་ཟངས་གསེར་ཅན་གྱི་འདྲ་འབག་གི་སྐྱེས་བཅས་ལྕེ་བཙུན་སྙིང་ཐིག་གི་ཁྱད་པར་གྱི་ཁྲིད་ཡིག་འབྲི་དགོས་ཚུལ་བསྐུལ་བས་རྐྱེན་བྱས། ད་ལྟ་རང་དང་ལམ་འདི་ལ་མོས་པ་རྣམས་དང་། མ་འོངས་སྐལ་ལྡན་རྣམས་ཀྱི་གདམ་ངག་གི་ལམ་མི་ནོར་བའི་བརྗེད་བྱང་ལྟ་བུ་ལ་དམིགས་ཏེ། རིས་མེད་རྒྱལ་བསྟན་སྤྱི་དང་ལམ་འདི་སོགས་ཀུན་གྱི་གྲལ་མཐར་འཁོད་པ་རིག་འཛིན་སྣ་ཚོགས་རང་གྲོལ་རྩལ་དུ་འབོད་པའི་གདོལ་སྤྱོད་པ་དེས་རང་ལོ་དྲུག་ཅུ་རྩ་དགུར་སོན་པའི་ལྕགས་ཁྱི་སྟོན་ཟླ་ར་བ། ལྕེ་བཙུན་སེངྒེ་དབང་ཕྱུག་འོད་ཕུང་དུ་གཤེགས་པའི་ཚེས་བཅུའི་དུས་མཆོད་ཉིན་རྫོགས་པར་བྲིས་པའི་ཡི་གེའི་འདུ་བྱེད་རང་སློབ་སྐལ་བཟང་ཟླ་བ་རྒྱལ་མཚན་གྱིས་བགྱིས་ཏེ། རང་གནས་བཀྲ་ཤིས་དུང་དཀར་འཁྱིལ་འདྲའི་རི་ཞོལ་འོད་གསལ་ཐེག་མཆོག་གླིང་ནས་ལེགས་པར་སྤེལ་བས་སྨོན་པའི་གནས་ཀུན་དེ་དེ་བཞིན་འགྲུབ་པར་གྱུར་ཅིག། །། ༈ ཨོཾ་སྭསྟི། ལམ་འདིར་སྐལ་བཟང་ཐོབ་ཅིང་ཉམས་མྱོང་ལ། །དབང་འབྱོར་ཀུན་བཟང་རང་གྲོལ་གཞན་ཕན་བློས། །ཡི་གེའི་ཕྱི་མོར་བསྐྲུན་དང་དུས་གསུམ་གྱི། །ལེགས་བྱས་དགེ་ཚོགས་རྒྱ་མཚོ་ཆབས་ཅིག་ཏུ། །རྒྱལ་དང་དེ་སྲས་ཡོངས་བསྔོས་ཇི་ལྟ་བུས། །བསྟན་འགྲོར་ཕན་བདེ་སྨོན་པའི་རྒྱུར་གྱུར་ཏེ། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །འགྲོ་འདུལ་པས་སོ། །དགེའོ། །དགེའོ། །དགེའོ།། །།

View PDF Chetsun 22

Notes[edit]

  1. Sechen