མི་ཟད་པའི་གཏེར་གྱི་མཛོད་ཡོངས་སུ་གང་བའི་གླུ་ཞེས་བྱ་བ་བཞུགས་སོ། །

From Rangjung Yeshe Wiki Texts
Jump to navigation Jump to search
The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.

༄༅། །མི་ཟད་པའི་གཏེར་གྱི་མཛོད་ཡོངས་སུ་གང་བའི་གླུ་ཞེས་བྱ་བ་བཞུགས་སོ།།

རྒྱ་གར་སྐད་དུ། དོ་ཧ་ནི་ངྷི་ཀོ་ཥ་ཨུ་པ་དེ་ཤ་གཱི་ཏི་ནཱ་མ། བོད་སྐད་དུ། མི་ཟད་པའི་གཏེར་མཛོད་ཡོངས་སུ་གང་བའི་གླུ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཀུན་ལྡན་ཀུན་མིན་ལྡན་པ་ཡི། །ལྷན་ཅིག་སྐྱེས་པའི་ངོ་བོ་དཔལ། །བདེ་དང་སྟོང་པ་དབྱེར་མེད་སྐུ། །གཉུག་མའི་དོན་ལ་ཕྱག་འཚལ་ཏེ། །བདག་གིས་དེ་ཉིད་བདག་འདྲ་བ། །བདག་འདྲ་གཞན་ལ་དེ་ཉིད་སྟོན། །བརྡ་ལས་ཤེས་ཤིང་མྱོང་བ་ཉིད། །སྨྲ་མེད་དོན་ནི་དེར་བཤད་བྱ། །དུག་སྦྲུལ་ལྟ་བུའི་སྐལ་མེད་ཀྱིས། །ངེས་པར་སྐྱེ་བོ་དམ་པ་ལ། །སྐྱོན་གྱི་དྲི་མས་འགོས་བྱེད་ཅིང་། །སྨད་ཚིག་མངོན་པར་བསྒྲུབ་པ་ལ། །རོ་སྙོམས་ལྡན་པའི་སྐྱེས་བུ་ཡིས། །མཐོང་བ་ཙམ་གྱིས་འཇིགས་པར་བྱོས། །དེ་ཉིད་ལ་འཁྲུལ་མུ་སྟེགས་ནི། །བྲམ་ཟེའི་སྤྱོད་པ་ལ་གནས་ཤིང་། །སྒྱུ་མའི་རིག་བྱེད་བཞི་དག་ནི། །ཐུན་བཞིའི་རྣམ་པར་གནས་ཤིང་འདོན། །སྒྱུ་མའི་དངོས་པོ་གཅོད་པར་བྱེད། །ལྟ་བ་སྐྱེ་ཉིད་མངོན་པར་འཛིན། །སྤྲེའུ་ལ་ལའི་བརྟུལ་ཞུགས་ནི། །ས་ཆུ་ཀུ་ཤ་བ་ཡུ་ཡིས། །གདན་དང་ཟ་དང་འཁྲུ་བར་བྱེད། །ཙནྡན་ཤིང་ལ་མེ་སྦར་ཏེ། །རླངས་པ་ཡིན་ཞེས་ལུས་ལ་གདུངས། །དོན་མེད་སྦྱིན་སྲེག་བྱེད་པ་ནི། །དུ་བས་མིག་ལ་གནོད་པར་ཟད། །སྤྲེའུའི་བརྟུལ་ཞུགས་འཛིན་པ་ནི། །བཙུགས་དང་དབྱུ་གུ་གཉིས་ལ་གནས། །སོས་ཀའི་གསལ་ཤིང་རྩེ་ལ་བཏབ། །ཟག་པས་ཉོན་མོངས་བཅོམ་ཟེར་ཏེ། །ལེགས་ལྡན་དག་གི་ང་རྒྱལ་གནས། །མངོན་པའི་ང་རྒྱལ་ཐ་དད་མེད། །རྒྱུ་བ་ངུར་གྱི་ངང་པའི་སྐད། །བསྟན་པས་གཞན་འདུལ་ཆོས་སྟོན་པ། །སྙིང་པོའི་དོན་དང་གཞན་མ་སེལ། །དེ་ལྟར་མངོན་པར་ཞེན་པ་ཡིས། །འགྲོ་བ་རྫུན་པ་ཉིད་དུ་གོལ། །བསམ་གཏན་ཚུལ་བྱེད་མུ་སྟེགས་ནི། །གུནྡྷེ་ཨེ་རའི་ཐལ་བས་བཀང་། །ཉལ་དུས་ཐལ་བྱུག་རལ་པ་བཀྲོལ། །བསོད་སྙོམས་ཐིག་ལེ་སྤྱི་བོར་བསྡུས། །གཙང་མ་ལྭ་བའི་སྟེང་ཉིད་དུ། །འདུག་ནས་ཚངས་པའི་ང་རྒྱལ་བྱེད། །ཨེ་རན་མར་མེས་དབང་ཕྱུག་མཆོད། །མཚམས་སུ་གཏོར་གཏོང་དྲིལ་བུ་དཀྲོལ། །སྐྱིལ་ཀྲུང་བཅས་ནས་མིག་བཙུམས་ཏེ། །བརྡ་མེད་ཚིག་གིས་གཡོ་སྒྱུ་བྱེད། །སྐྲ་མེད་རྒྱན་བྲལ་རིག་མ་སྟོན། །ཐོད་པས་དུར་ཁྲོད་དབང་བསྐུར་བྱེད། །བླ་མའི་ང་རྒྱལ་ཡོན་རྣམས་ལེན། །སྐྲ་སེན་རིང་ཞིང་དྲི་མས་བསྐུ། །གོས་བྲལ་སྐྲ་ནི་རྣམ་པར་འབལ། །ཡིད་ནི་ནམ་མཁའི་ཁམས་ལ་རྟོག །བསྟན་ལ་གནོད་བྱེད་ལམ་གཟུགས་སྟོན། །བདག་ཉིད་གྲོལ་འདོད་ཐར་ལ་མངོན་པར་དགའ། །གནས་མིན་བཟོད་པ་ཅན་ལ་གནས། །ཐེག་ཆེན་རྣམས་ཀྱིས་གཞའ་ཡི་ས། །གཅེར་བུ་ཉིད་ཀྱིས་གནས་བྱེད་ཅིང་། །ཝ་ཁྱིའི་བརྟུལ་ཞུགས་ཀྱིས་གྲོལ་ན། །དུར་ཁྲོད་ཁྱི་དང་ཝ་ཉིད་ཀྱང་། །ཁྱོད་དང་མཐུན་ཕྱིར་གྲོལ་བར་འགྱུར། །རྡོ་ལེབ་སྟེང་དུ་གནས་བྱེད་ཅིང་། །སྤུ་བྲེགས་གཞོན་ཚུལ་གྱིས་གྲོལ་ན། །བུད་མེད་ལང་ཚོ་གཞོན་ནུ་དག །ཁྱིམ་ལ་འགྲོ་དུས་སྐེད་སྤུ་འབྲེེག །མཆན་སྤུ་བཏོགས་པས་གྲོལ་བར་འགྱུར། །མུ་སྟེགས་པཎྜི་ཏ་པ་ཁྱོད། །མཇུག་མ་བཏགས་ནས་མཛེས་ཚུལ་སྟོན། །ཉི་མ་འགྲེམས་བལྟས་གྲོལ་འགྱུར་ཟེར། །དེ་ནི་ཤིན་ཏུ་མི་རིགས་ཏེ། །རྨ་བྱ་གཡག་སོགས་གྲོལ་བར་འགྱུར། །ནགས་ཚལ་གསེབ་ཏུ་ངེས་གནས་ཏེ། །ལངས་ཏེ་ཟ་བས་གྲོལ་འགྱུར་ན། །རྟ་དང་གླང་པོ་གྲོལ་བར་ཐལ། །སྤྱོད་པ་དེ་མཚུངས་འདོད་པ་ནི། །ནམ་མཁའ་དག་ལ་རྟོག་པའི་ཡིད། །དབུ་མའི་དོན་མཆོག་རྟོགས་མེད་པར། །མདའ་དཔུང་མཚོན་ཆ་རྣོ་ན་རེ། །ཐར་པ་མི་འཐོབ་མངོན་པར་སྨྲ། །ལོག་པའི་དཀའ་ཐུབ་ལུས་མི་བདེ། །ཡིད་ལོག་པས་ནི་དེ་ཉིད་མིན། །ལུས་ངག་སྤྱོད་པ་གཙོར་གྱུར་ཏེ། །དགེ་སློང་དགེ་ཚུལ་དགེ་བསྙེན་མ་རྣམས་དང་། །གནས་བརྟན་ལས་བྱེད་མངོན་པར་བསྐོས་པའི་གཞི། །ཁྱིམ་ནས་ཁྱིམ་སྤངས་རབ་ཏུ་བྱུང་བའི་ཚུལ། །ཐེག་པ་ཆུང་ངུའི་མདོ་སྡེ་ལ་སློབ་ཅིང་། །བདེན་པ་བཞི་ལ་མངོན་པར་རྨོངས་པའི་ཡིད། །སྡེ་པ་བཅོ་བརྒྱད་མི་མཐུན་གཞན་དུ་འདོར། །གང་ཟག་བདག་མེད་ཆོས་ལ་བདག་འཛིན་གནས། །ཤེས་པ་དུས་གསུམ་རྫས་སུ་སྨྲ་བྱེད་ཅིང་། །སོ་སོར་བརྟགས་མིན་འགོག་པ་མཐར་ཐུག་བྱེད། །མདོ་སྡེ་པ་ནི་རང་སངས་རྒྱས་ཉིད་དེ། །རྟེན་འབྲེལ་བཅུ་གཉིས་རྒྱུན་དང་ལུགས་ལས་ལྡོག །དེ་བཀག་པས་ནི་ཐར་པ་འཐོབ་པར་འདོད། །ཁ་ཅིག་ཐེག་ཆེན་དེ་ལ་རྒྱུར་བྱེད་ཅིང་། །ཚད་མ་དག་གིས་མངོན་པར་བརྟགས་པ་ཡིས། །ཤེས་པ་ཕྲ་རབ་རྡུལ་དུ་གྲུབ་པ་ལས། །དེས་ཀྱང་དགྲ་བཅོམ་དེ་ལས་གཞན་མ་ཡིན། །རྟོག་གེ་བློ་ཆུང་གང་ཟག་དག །བརྟགས་ནས་ལྷ་ཡི་དཀྱིལ་འཁོར་བསྒོམ། །མུ་སྟེགས་བདག་བཞིན་གྲུབ་པར་རྟོག །བུམ་གསང་ཤེས་རབ་ཡེ་ཤེས་དང་། །མཐར་ཐུག་མན་ངག་ཚིག་ཏུ་འདོན། །དོན་གྱི་རྣམ་པ་དེ་དང་བྲལ། །འབད་ཅིང་འཁོར་ལ་མངོན་པར་ཞེན། །སྟོང་པ་མཁའ་བཞིན་གཞན་དུ་རྟོག །ཁ་ཅིག་སྟོང་ཉིད་ལ་ལྟ་འཆིང་། །ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད། །རྟོགས་པས་མངོན་པར་གྲུབ་པ་སྟེ། །རང་ཉིད་མངོན་གྲུབ་གཞན་ལ་བལྟ། །རྒྱུ་ལ་འབད་པ་ལེགས་བྱས་པས། །མྱ་ངན་འདས་པ་འཐོབ་འགྱུར་སྨྲ། །ཚིག་དང་ལུས་ཀྱི་རྣམ་པ་ལ། །ཤིན་ཏུ་མཁས་པ་ལྟར་སྣང་ཡང་། །ཅིག་ཤོས་དེ་ལ་རྣམ་མེད་ཕྱིར། །ནུབ་པར་འགྱུར་པ་མ་ཡིན་ནོ། །གདམས་ངག་བཞི་རུ་གྲུབ་པའི་ཕྱིར། །གོང་མས་སྨྲས་ཚུལ་མི་རིགས་མིན། །གང་ཞིག་དོན་ལ་མོས་འགྱུར་ན། །སྤྱད་པས་འབྲས་བུ་འཐོབ་པར་འདོད། །གང་ཞིག་གཉིས་མེད་མྱོང་བྲལ་ན། །དཀའ་དང་དམན་པའི་བསམ་གཏན་ནི། །དགོས་པ་མེད་ཕྱིར་ཕྱིར་བསལ་ཏེ། །སྙིང་པོའི་དོན་མཆོག་རྟོགས་པ་ན། །མར་མེ་ལྷ་བཤོོས་དེ་ཅི་དགོས། །གཉིས་མེད་ལྡང་དང་འཇུག་མེད་ན། །སྤྱོད་པས་ཅི་བྱ་སྔགས་མི་སྨྲ། །ལས་དང་བྱ་བ་གཙོར་གྱུར་པའི། །འབབ་སྟེགས་ཆུ་ལ་ཁྲུས་བྱེད་ཅིང་། །སྨྱུང་བའི་དཀའ་ཐུབ་ཅི་དགོས་ཏེ། །དེ་ཉིད་དོན་དང་མ་འབྲེལ་ན། །ཁྲུས་ལ་སོགས་པས་གྲོལ་མི་འགྱུར། །ལས་དང་པོ་ཡི་སྐྱེས་བུ་ཡིས། །དེ་ཉིད་ཉམས་སུ་མྱོང་འགྱུར་ཏེ། །མ་རྟོགས་བར་དུ་དེ་མི་གཏོང་། །རྟོགས་ན་གཉུག་མའི་ལམ་ཡིན་ནོ། །སྙིང་རྗེ་བྲལ་བའི་སྟོང་ཉིད་ནི། །སྙིང་པོ་རྟོགས་པར་མི་འགྱུར་ཏེ། །ལམ་མཆོག་མངོན་པར་བོར་ནས་ཀྱང་། །ཉན་ཐོས་ས་ལ་ངེས་པར་གནས། །སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང་། །ལུས་དང་སེམས་ནི་གདུང་འགྱུར་བས། །མུ་སྟེགས་དག་དང་ཁྱད་མེད་དེ། །བདུད་ཀྱི་ལས་སུ་རིག་པར་བྱ། །སྐྱེས་བུ་མཆོག་ལྡན་གང་ཞིག་གིས། །གང་ཡང་གཉིས་པོ་སྦྱོར་ནུས་ན། །འཁོར་དང་མྱ་ངན་འདས་སྤངས་ཏེ། །མི་གནས་མཐའ་ལ་མངོན་པར་གནས། །ཀྱེ་ཧོཿབདག་ཏུ་འཛིན་པ་ཐོང་། །ལོག་པར་ཞེན་པ་རྫུན་དུ་སྨྲོས། །རྫུན་ལ་ངེས་པར་ཆགས་མ་བྱེད། །ཞེན་པའི་རྣམ་རྟོག་མ་བྱེད་པར། །རེ་དོགས་རྩོལ་བའི་སེམས་དེ་ཐོང་། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་ཤེས་མི་ནུས། །ཀློག་འཛིན་བསམ་དང་སྒོམ་པ་དེ་ཉིད་ཡིན། །བསྟན་བཅོས་སེམས་ལ་འཆད་ཅིང་གོ་བར་ངེས། །ཡིན་མིན་མཚོན་པའི་ལྟ་བ་ཡོད་མིན་ཏེ། །བདག་གིས་དེ་ཉིད་རྟོགས་པའི་མན་ངག་དེ། །ཉག་གཅིག་བླ་མའི་ཞལ་ལ་ལྟོས་པ་ཡིན། །བླ་མས་སྨྲས་པ་གང་ཞིག་སྙིང་ཞུགས་པ། །ལག་མཐིལ་དག་ཏུ་སྐྱུ་རུ་རློན་གཞག་དང་། །ནོར་བུ་རིན་ཆེན་མི་རྟོག་གསལ་བལྟ་འདྲ། །གཉུག་མའི་རང་བཞིན་བྱིས་པས་མ་ཚོར་བས། །འཁྲུལ་པས་བྱིས་པ་བསླུས་ཞེས་སྙིང་པོས་སྨྲས། །བསམ་གཏན་མེད་ཅིང་རབ་ཏུ་བྱུང་བ་མེད། །ཁྱིམ་གནས་ཆུང་མ་འཁོར་དང་ལྷན་ཅིག་ཏུ། །གང་ཞིག་ཡུལ་ཆགས་དགའ་བཅིངས་མི་གྲོལ་ན། །སྙིང་པོའི་དོན་མཆོག་ལྡན་པ་ངས་སྨྲས་པ། །དེ་ཉིད་དོན་ལ་རེག་པ་མ་ཡིན་ནོ། །གལ་ཏེ་མངོན་དུ་གྱུར་ན་བསམ་གཏན་གང་། །གལ་ཏེ་ལྐོག་ཏུ་ཡོད་ན་མུན་ཚོད་དཔོག །ལྷན་ཅིག་སྐྱེས་པ་འགྲོ་བའི་ཡེ་ཤེས་དེ། །རང་བཞིན་ཉིད་ཀྱིས་དངོས་དང་དངོས་མེད་པར། །སྙིང་པོའི་དོན་ནི་འོ་དོད་རྟག་ཏུ་འབོད། །གང་ཞིག་བླངས་ན་སྐྱེ་འཆི་གནས་འགྱུར་བ། །དེ་ཉིད་བླངས་ནས་བདེ་ཆེན་མཆོག་འགྲུབ་ཅེས། །སྐད་སྙན་གྲགས་པས་སྙིང་པོ་སྨྲ་བྱེད་ཀྱང་། །བྱོལ་སོང་འཇིག་རྟེན་མི་གོ་ཇི་ལྟར་བྱ། །བསམ་གཏན་བྲལ་བས་བསམ་བྱ་ཅི་ཞིག་ཡོད། །བརྗོད་དུ་མེད་པ་གང་ཞིག་བཤད་དུ་ཡོད། །སྲིད་པའི་ཕྱག་རྒྱར་འགྲོ་བ་མ་ལུས་ཞུགས། །རང་བཞིན་གཉུག་མ་སུས་ཀྱང་རྟོགས་པ་མེད། །རང་བཞིན་སྙིང་པོ་ཉམས་སུ་མྱོང་དུས་སུ། །རྒྱུད་མེད་སྔགས་མེད་སེམས་མེད་བསམ་གཏན་མེད། །མཉམ་དུས་དེ་ཀུན་རང་བཞིན་འཁྲུལ་པའི་རྒྱུ། །རང་བཞིན་ཤེས་པས་འཁྲུལ་པ་སྙིང་པོའི་དོན། །རང་བཞིན་དག་པའི་སེམས་ཀྱི་པངྨོ་ལ། །རྟོག་གེ་བསམ་གཏན་དག་གིས་མི་བསླད་དེ། །བདག་ཉིད་བདེ་ལ་གནས་ཀྱང་མ་ཞེན་ཅིག །བདག་ཉིད་བདེ་ཡིད་དག་ལ་འདུག་མི་བྱ། །བདག་ཉིད་ཟ་ཞིང་འཐུངས་ལ་གཉིས་སྦྱོར་ཏེ། །དགའ་བའི་ཡིད་ཀྱིས་སྤྲོད་པར་བྱེད་པ་ནི། །རྟག་ཏུ་ཡང་དང་ཡང་དུ་འཁོར་ལོ་འགེངས། །ཆོས་འདིས་འཇིག་རྟེན་ཕ་རོལ་འགྲུབ་འགྱུར་ཏེ། །རྨོངས་པས་འཇིག་རྟེན་མགོར་རྡོག་བཞག་ནས་སོང་། །གང་དུ་རླུང་དང་སེམས་ནི་མི་རྒྱུ་ཞིང་། །ཐབས་དང་ཤེས་རབ་འཇུག་པ་མེད་འགྱུར་བས། །སྐྱེས་བུ་མི་ཤེས་པ་དག་གནས་དེར་ནི། །གནས་ཤིང་གནས་སྐབས་སེམས་ནི་དབུགས་དབྱུང་ཞིང་། །སྙིང་པོའི་དོན་གྱི་ཡེ་ཤེས་དེ་ཁོ་ན། །བདག་མེད་མས་ནི་མན་ངག་བསྟན་ནས་སོང་། །གཉིས་སུ་མི་བྱ་གཅིག་ཏུ་བྱ་བ་སྟེ། །གཅིག་ཏུ་རྟོགས་ན་རྣལ་འབྱོར་སྤྱོད་པའི་ལམ། །རིགས་ལ་བྱེ་བྲག་བཟང་ངན་མ་བྱེད་པར། །ཁམས་གསུམ་མ་ལུས་འདི་དག་ཐམས་ཅད་ནི། །འདོད་ཆགས་རྣམ་སྤངས་འདོད་ཆགས་ཉིད་ཡིན་ཏེ། །འདོད་ཆགས་ཆེན་པོ་གཅིག་ཏུ་ཁ་དོག་བསྒྱུར། །དེ་ལ་ཐོག་མཐའ་དབུས་ནི་ཡོད་མིན་ཏེ། །སྲིད་དང་མྱ་ངན་འདས་པ་གཉིས་མི་རྟོག །མ་བཅོས་བདེ་བ་ཆེན་པོའི་མཆོག་འདི་ལ། །བདག་དང་གཞན་དུ་གྲུབ་པ་ཡོད་མ་ཡིན། །མདུན་དང་རྒྱབ་དང་གཡས་གཡོན་ཕྱོགས་བཅུ་རུ། །གང་དུ་རྟོག་དང་མྱོང་བ་དེ་དག་ནི། །དེ་ནི་འཁྲུལ་པའི་ལམ་ལ་མངོན་པར་གནས། །རང་བཞིན་མཚོན་ཆ་ཆེན་པོར་རྟོགས་པ་ན། །ད་ནི་སུ་ལའང་དྲི་བར་མི་བྱའོ། །སྣང་བའི་དབང་པོ་གང་དུ་ནུབ་འགྱུར་ཞིང་། །རང་གི་ངོ་བོ་མ་ཉམས་དངོས་ཉམས་འགྱུར། །ཀྱེ་ཧོ་གྲོགས་དག་ལྷན་ཅིག་སྐྱེས་པ་དེ། །གཞན་ནས་མི་རྙེད་བླ་མའི་ཞལ་ལ་དྲིས། །དོན་དམ་ཞལ་གྱི་ངོ་བོ་དེ་རྟོགས་ན། །ཡིད་ནི་འཆིང་མེད་རླུང་ཡང་ཆད་པ་མེད། །ཁམས་གསུམ་འདི་དག་ཐམས་ཅད་དེ་ཡི་བདག །དེ་ལ་རྟོག་པས་འཆིང་དང་འཆད་པར་འགྱུར། །ཁམས་གསུམ་འདི་ན་ཡན་ལག་དངོས་པོར་གནས། །དེ་ནི་རྨོངས་པས་རབ་ཏུ་ཤེས་པར་གྱིས། །མ་རིག་མི་རིག་གཏི་མུག་རྒྱ་མཚོ་ཆེ། །ཆད་པའི་ཚུལ་སྣང་དེ་ལ་མ་ཞེན་པའི། །འདི་ནི་སྙིང་པོའི་བདེ་ཆེན་མཆོག་ཡིན་ནོ། །འདི་ནི་སངས་རྒྱས་དགོངས་པ་སངས་རྒྱས་ཉིད། །གཞན་གྱི་སྤྱོད་མིན་ས་ར་ཧ་པས་བསྟན། །རྗེས་སུ་འགྲོ་བ་གླུ་ཡི་གར་བླང་བྱ། །ཀྱེ་ཧོཿའདི་ནི་རང་རིག་ཡེ་ཤེས་ཏེ། །འདི་ལ་ཐེ་ཚོམ་རྟོག་པས་མ་འཁྲུལ་ཞིག །དངོས་དང་དངོས་མེད་བདེར་གཤེགས་འཆིང་བ་སྟེ། །གཉུག་མའི་ཡིད་ལ་ལྟོས་དང་རྣལ་འབྱོར་པ། །མར་ལ་མར་བཞག་ཆུ་ལ་ཆུ་བཞག་བཞིན། །དཔེས་མཚོན་དོན་དེ་བཞིན་དུ་ཤེས་པར་གྱིས། །བསམ་གཏན་གཞན་རྟོག་དམན་ལ་དེ་མེད་དེ། །དངོས་གཞི་འཁྲུལ་པས་ཐར་པ་མི་རྙེད་དོ། །སྒྱུ་འཕྲུལ་དྲྭ་བ་ཇི་ལྟར་ཉམས་སུ་ལེན། །བླ་མ་དམ་པའི་བཀའ་ལ་ཡིད་ཆེས་པའི། །ཉམས་མྱོང་མྱོང་མེད་སྙིང་པོའི་ཡེ་ཤེས་དེ། །ང་ཡིས་བརྗོད་དུ་ཡོད་པ་མ་ཡིན་ཞེས། །སྙིང་པོའི་དོན་མཆོག་དེ་དག་དེ་སྐད་སྨྲ། །གདོད་ནས་དག་པའི་རང་བཞིན་ནམ་མཁའ་ལ། །བལྟས་ཤིང་བརྟགས་ཀྱང་མཐོང་བར་མི་འགྱུར་ཏེ། །ལྷན་ཅིག་སྐྱེས་པའི་ངོ་བོ་དེ་དག་ལ། །སྐྱེ་འགག་མཐོང་མེད་སྨྲ་བའི་བརྡ་དང་བྲལ། །གཉུག་མའི་ཆོ་འཕྲུལ་སྣ་ཚོགས་པར་སྣང་ལ། །གཅིག་ཏུ་མ་ཤེས་ཐ་དད་ཡུལ་ལ་བརྟགས། །རྣམ་རྟོག་ང་རྒྱལ་སྐྱོན་གྱིས་སྐྱེ་བོ་བསླུས། །ཚིག་གི་མཚོན་ཆས་གཞན་དག་སུན་འབྱིན་ཀྱང་། །རྣམ་རྟོག་སྐྱོན་གྱིས་དེ་ཉིད་མཚོན་མི་ནུས། །འཇིག་རྟེན་ལོག་པའི་བསམ་གཏན་གྱིས་རྨོངས་ཏེ། །རང་བཞིན་གཉུག་མ་སུས་ཀྱང་མཚོན་མ་ཡིན། །སེམས་ཀྱི་རྩ་བ་རང་བཞིན་འབྲས་མི་མཐོང་། །སྐྱེ་འགག་གནས་པར་ཤེས་པ་མ་ཡིན་ནོ། །ལྷན་ཅིག་སྐྱེས་པའི་ངོ་བོ་དེ་ཉིད་ནི། །བསྟན་དུ་མེད་ཀྱི་རང་བཞིན་ཆོས་སུ་ཁྱེར། །རྩ་བ་བྲལ་བའི་དེ་ཉིད་གང་སེམས་པ། །བླ་མའི་མན་ངག་དེ་ཡིས་ཐོབ་པ་སྟེ། །རྒྱུ་མེད་སེམས་ལ་གནས་པ་མཆོག་ཏུ་གསུངས། །འཁོར་བར་སྣང་བ་སེམས་ཀྱི་ངོ་བོ་སྟེ། །དེ་ལྟར་ཤེས་ནས་རྣལ་འབྱོར་སྙིང་པོ་ཆེ། །རྨོངས་རྣམས་མདའ་བསྣུན་ངས་སྨྲས་ཤེས་པར་བྱོས། །རང་བཞིན་གཉུག་མ་བརྗོད་བྱ་མ་ཡིན་ཏེ། །སློབ་དཔོན་མན་ངག་མིག་གིས་དེ་མཐོང་འགྱུར། །དེ་ལ་ཆོས་དང་ཆོས་མིན་རྟོག་པ་དང་། །ལམ་དང་གཉེན་པོས་བཅོས་པ་མ་ཡིན་ནོ། །འདི་ལ་ཉེས་པ་རྡུལ་ཙམ་ཡོད་མ་ཡིན། །གཉུག་མའི་ཡིད་ནི་གང་ཚེ་སྦྱངས་གྱུར་པ། །དེ་ཚེ་བླ་མའི་ཡོན་ཏན་སྙིང་ལ་འཇུག །དེ་ལྟར་རྟོགས་ན་སྙིང་པོ་གླུར་ལེན་ཏེ། །སྔགས་དང་རྒྱུད་རྣམས་ཀུན་ལ་འབད་བྱས་ཀྱང་། །རྟོག་གེ་དེ་བྲལ་ཞིག་ལ་མཐོང་ལམ་མེད། །འགྲོ་རྣམས་ལས་ཀྱིས་སོ་སོར་འཆིང་འགྱུར་ཏེ། །ལས་དང་སྡིག་ལས་གྲོལ་ན་ཡིད་མཐོང་སྟེ། །རང་ཡིད་རྟོགས་ན་གྲོལ་བ་གཞན་མེད་དོ། །མྱ་ངན་འདས་པའི་མཆོག་ཉིད་འཐོབ་པར་འགྱུར། །ཐོབ་ཅེས་མཚོན་ཀྱང་རྟོགས་པའི་དུས་ཉིད་ཡིན། །སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །དེ་ལས་འཁོར་དང་མྱ་ངན་འདས་སྣང་སྟེ། །སྲིད་པ་སྣ་ཚོགས་དེ་ལས་འཕྲོས་པ་ཡིན། །འཕྲོས་པ་དེ་ཉིད་ཆོས་ཀྱི་སྐུ་ཡིན་ཏེ། །ཆོས་ཀྱི་སྐུ་ལས་སྣང་བ་གཞན་མེད་དོ། །རྟོགས་པས་མྱ་ངན་འདས་པ་ཉིད་ཡིན་ཏེ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡིས། །ཡིད་བཞིན་ནོར་བུ་མཆོག་ལེགས་འབྱུང་བཞིན། །མན་ངག་མཆོད་ཕུལ་སེམས་ལ་ནོར་བུའི་ཚུལ། །རྣལ་འབྱོར་ཁྱད་པར་སེམས་ལ་ཕྱག་འཚལ་ལོ། །སེམས་བཅིངས་ན་ནི་འཁོར་བར་མཆིང་འགྱུར་ཏེ། །དེ་མ་བཅིངས་ན་གྲོལ་ཞིང་ཐར་བར་འགྱུར། །བླུན་པོ་གདམས་པ་བྲལ་བས་བཅིངས་གྱུར་པ། །བླ་མ་མཁས་པ་དག་གིས་མྱུར་དུ་འགྲོལ། །སེམས་ནི་ནམ་མཁའ་འདྲ་བར་བལྟ་བྱ་སྟེ། །ལུས་ནི་དེ་ཉིད་ཡིན་པས་ཆགས་མི་བྱ། །ཆོས་རྣམས་ཀུན་དང་སེམས་ཉིད་མཉམ་པ་སྟེ། །སེམས་དེ་བསམ་གྱིས་མི་ཁྱབ་བསམ་བྱས་ན། །དེས་ནི་བླ་ན་མེད་པ་འཐོབ་པར་འགྱུར། །ནམ་མཁའ་དག་ལ་སྤྲིན་བྱུང་རླུང་གིས་ཐིམ། །སེམས་ཀྱི་དེ་ཉིད་རྟོགས་བྱ་བརྟགས་པས་ཐིམ། །སྙིང་པོས་སྨྲས་པ་ནམ་ཞིག་ནུས་ལྡན་ན། །མི་རྟག་གཡོ་བ་མྱུར་དུ་སྤང་བར་འགྱུར། །རླུང་དང་མེ་དང་དབང་ཆེན་འགགས་པ་ན། །བདུད་རྩིའི་དྭངས་མ་རླུང་ཆེན་ལ་ཞུགས་པས། །ངྷཱུ་ཏཱིའི་རླངས་པ་སེམས་ལ་འཇུག་གྱུར་ཏེ། །སྲིད་པའི་ས་རུ་རྫོགས་པའི་སངས་རྒྱས་ནས། །སྦྱོར་བ་བཟང་པོས་འདི་ལ་སྣང་བ་ཐིམ། །ནམ་ཞིག་སྦྱོར་བ་བཞི་གནས་འགྱུར་ཚུལ་གྱིས། །སེམས་ཞུགས་དུས་སུ་བདེ་བ་ཆེར་རྒྱས་ཏེ། །ནམ་མཁའི་ཁམས་སུ་ཤོང་མིན་མྱོང་བའི་ཡུལ། །གནས་དང་ཁྱིམ་ན་དེ་ཡི་གཏམ་སྨྲ་ཡང་། །བདེ་ཆེན་གནས་ནི་ཡོངས་སུ་ཤེས་པ་མིན། །འགྲོ་ཀུན་བསམ་པ་སུན་འབྱིན་མདའ་བསྣུན་སྨྲ། །བསམ་གྱིས་མི་ཁྱབ་སྒྲུབ་པ་འགའ་ཡང་མེད། །སྲོག་ཆགས་ཐམས་ཅད་ཀུན་ལ་ཡང་། །དེ་ཉིད་ཡོད་དེ་རྟོགས་པ་མེད། །ཐམས་ཅད་རོ་མཉམ་རང་བཞིན་པས། །བསམ་ཡས་ཡེ་ཤེས་བླ་མེད་པའི། །དཔའ་བོ་རྣམས་ཀྱིས་བརྟག་པར་རིགས། །དེ་རིང་སང་ཙམ་ལས་འདི་སྙམ། །སྐྱེས་བུ་ཕུན་སུམ་ཚོགས་འདོད་པས། །ཀྱེ་ཧོཿསྙིམ་པ་ཆུས་བཀང་བཞིན། །འཛག་པ་མཐོང་ངམ་སྐྱེས་བུ་རྣམས། །བྱ་བ་བྱེད་དང་བྱ་བ་མི་བྱེད་པ། །ངེས་པར་རྟོགས་ན་འགྲོ་རྣམས་འཆིང་མི་འགྱུར། །ཡི་གེ་མེད་ལ་འཆད་པ་ཡིད་ལ་འཇུག །གང་ཞིག་རྣལ་འབྱོར་བརྒྱ་ལས་འགའ་ཡིས་མཚོན། །ཤིན་ཏུ་བསྡོམས་པའི་སེམས་འདི་ནི། །གློད་དེ་བཞག་ན་གྲོལ་བར་འགྱུར། །རྨོངས་པ་གང་གིས་འཆིང་བའི་དངོས། །མཁས་རྣམས་དེ་ཡིས་རྣམ་པར་གྲོལ། །བཅིངས་པ་དག་ནི་ཕྱོགས་བཅུ་ཡིས། །གྲོལ་བར་རྩོལ་བ་བྱེད་པ་རྣམས། །མཐོང་བར་འགྱུར་བའི་དུས་ཉིད་དུ། །མི་གཡོ་མི་འགྱུར་བརྟན་པར་གནས། །གོ་ལྡོག་པ་དག་བདག་གིས་རྟོགས། །བུ་ཁྱོད་སྙིང་པོ་ལེན་པ་རྣམས། །དེ་ལྟར་རང་ལ་མཚོན་ཏེ་ལྟོས། ཀྱེ་ལགས་དཔའ་བོ་ལྟོས་ཤིག་དང་། །འདི་ལ་ང་ནི་མ་རྟོགས་སོ། །ལས་ཟིན་པ་ཡི་སྐྱེས་བུ་ཡི། །དྲུང་དུ་སེམས་ཐག་གཅོད་པར་བྱོས། །རླུང་བཅིངས་པ་ལ་རང་ཉིད་མ་སེམས་ཀྱེ། །ཤིང་གི་རྣལ་འབྱོར་སྣ་རྩེར་མ་སེམས་ཤིག །ཀྱེ་མ་ཧོཿམ་ཡེངས་ལྷན་ཅིག་སྐྱེས་པ་ཡི། །གཉིས་མེད་ངང་དུ་མཉམ་པའི་འདོད་ཆགས་བྱོས། །སྲིད་པའི་སྣ་རྩེར་འཆིང་བ་ཡོངས་སུ་སྤོངས། །འདི་ནི་ཡིད་འདུས་པ་ལ་རླུང་གིས་བརླབས། །གཡོ་ཞིང་འཕྱར་བས་ཤིན་ཏུ་མི་སྲུན་འགྱུར། །ལྷན་ཅིག་སྐྱེས་པའི་རང་བཞིན་གནས་འགྱུར་ན། །དེའི་ཕྱིར་བདག་ཉིད་བརྟན་པར་འགྱུར་བ་ཡིན། །གང་ཚེ་ཡིད་ནི་ཉེ་བར་འགགས་གྱུར་ན། །ལུས་ཀྱི་འཆིང་བ་རྣམ་པར་ཆད་པར་འགྱུར། །དབུས་སུ་ལྷན་ཅིག་སྐྱེས་དང་རོ་མཉམ་པས། །དེ་ཚེ་རྨོངས་རིགས་དག་དང་བྲམ་ཟེ་མེད། །འདི་ན་ཟླ་བའི་རྒྱ་མཚོ་ཉིད་དང་ནི། །འདི་ན་གངྒཱའི་རྒྱ་མཚོའི་བར་དག་དང་། །ཝཱ་ར་ཎཱ་སཱིའི་ཁོར་ཡུག་བར་དག་ནི། །འདི་ནི་ཟླ་བ་རྒྱས་པ་གསལ་བྱེད་ཉིད། །བྱང་ཆུབ་སེམས་ཀྱི་རི་བོང་གིས། །སེམས་ཅན་རྒྱ་མཚོ་གསལ་བར་བྱེད། །དྲན་པ་གངྒཱའི་མཚོ་དག་གིས། །ཡུལ་ཆེན་ཝཱ་ར་ཎཱ་སཱིར་གསལ། །ཟླ་བ་འགྲིབས་དང་རྒྱས་པ་ནི། །ཟླ་བ་འགྱུར་བ་མ་ཡིན་ཏེ། །ཉི་མའི་རྐྱེན་གྱིས་འཕེལ་འགྲིབས་སྣང་། །ཟླ་བ་ལྟ་བུའི་སེམས་ཉིད་ལ། །འཕེལ་དང་འགྲིབས་པ་ཡང་མེད་དེ། །རྟོག་པའི་དབང་གིས་དེ་ལྟར་སྣང་། །དེ་ཕྱིར་རྟོག་པ་བསལ་བའི་ཕྱིར། །གཉུག་མའི་གྲོགས་དང་བཅས་ལ་འབད། །འབད་པ་ངལ་བ་མེད་གྱུར་ཏེ། །ཀྱེ་ཧོཿདང་པོའི་རྟེན་ལ་སྨྲོས། །ཞིང་ཀུན་གནས་དང་ཉེ་བའི་གནས་ཚོགས་སུ། །ཕྱིན་ཏེ་བལྟས་པས་རྟོགས་པར་ངས་སྨྲས་པ། །ལུང་དང་དྲན་པའི་མུ་ནས་བཟུང་བའི་ཚེ། །དགེ་བ་ང་ཡིས་ཡང་དག་ངེས་པར་མཐོང་། །ང་ཡིས་རྨི་ལམ་དུ་ཡང་མཐོང་བ་མེད། །རི་བོའི་ཁྲོད་དུ་གནས་ཏེ་བག་ཡོད་བྱོས། །འདབ་ལྡན་པད་སྡོང་གེ་སར་གྱི་དབུས་ན། །ཤིན་ཏུ་ཕྲ་བའི་སྣལ་མའི་ཁ་དོག་ལྡན། །བྱེ་བྲག་བོར་ཅིག་རྨོངས་པ་མྱ་ངན་གྱིས། །གདུངས་པས་འབྲས་བུ་མེད་པར་མ་བྱེད་ཅིག །གང་དུ་ཚངས་པ་ཁྱབ་འཇུག་མིག་གསུམ་པ། །འཇིག་རྟེན་མ་ལུས་ཐམས་ཅད་ཞི་བར་འགྱུར། །རིགས་མེད་དག་ལ་མཆོད་གནས་ལས་ཀྱི་མཐའ། །རྟོག་པ་འདི་ནི་ཡང་དག་ཟད་པར་འགྱུར། །ཀྱེ་ཧོཿབུ་ཉོན་མཆོད་པའི་ཚོགས་དང་བྱ་མང་སྣྲ། །ཡང་དག་གནས་ཤེས་པ་ཞེས་ཟེར་བ་སྟེ། །འགྲོ་བ་འཆད་ཅིང་འདོན་པ་ལ་སོགས་པས། །དེ་ནི་ཤེས་པར་ནུས་པ་མ་ཡིན་ནོ། །ཀྱེ་ཧོཿབུ་ཉོན་དེ་ཉིད་སྣ་ཚོགས་ཀྱི། །རོ་འདི་བསྟན་པར་བརྗོད་པ་མ་ཡིན་ཏེ། །བདེ་བའི་གནས་མཆོག་རྟོག་པ་སྤངས་པ་ནི། །འགྲོ་བ་ཉེ་བར་སྐྱེ་བ་ཇི་འཞིན་ནོ། །བློ་ནི་རྣམ་འགགས་ཡིན་ནི་རབ་ཞི་བར། །གང་དུ་མངོན་པའི་ང་རྒྱལ་ཆད་པ་ནི། །སྒྱུ་མའི་རང་བཞིན་མཆོག་ཏུ་རྟོགས་པ་སྟེ། །དེ་བས་བསམ་གཏན་འཆིང་བ་དེས་ཅི་བྱ། །དངོས་པོར་སྐྱེས་པ་མཁའ་ལྟར་རབ་ཞི་ན། །དངོས་པོ་སྤངས་ནས་ཕྱི་ནས་ཅི་ཞིག་བྱ། །དེ་རིང་དཔལ་ལྡན་མགོན་པོས་བསྟན་པ་ཡི། །དབྱེ་བ་རྣམ་སྤང་དེ་ལ་གནས་པར་བྱོས། །མཐོང་དང་ཐོས་དང་རེག་དང་དྲན་པ་དང་། །ཟོས་སྣོམ་པ་དང་མཆན་ན་གནས་པ་དང་། །ཅལ་ཅོལ་གཏམ་དང་ལན་སྨྲ་གྱུར་པ་ལ། །སེམས་སོ་ཞེས་ནི་གཅིག་གི་ངོ་བོ་དང་། །རྣལ་མའི་དེ་བཞིན་རྣམ་པ་ལས་མི་འདའ། །གང་ཞིག་བླ་མའི་གདམས་ངག་བདུད་རྩིའི་ཆུ། །གདུང་སེལ་བསིལ་ལྡན་ངོམ་པར་མི་འཐུང་བ། །དེ་ནི་བསྟན་བཅོས་དོན་མེད་མྱ་ངན་གྱི། །ཐང་ལ་སྐོམ་པས་གདུངས་ཏེ་འཆི་བར་ཟད། །བླ་མས་བསྟན་པ་མི་ཤེས་ན། །སློབ་མས་གོ་བར་ཡོད་མིན་ཏེ། །ལྷན་ཅིག་སྐྱེས་པ་བདུད་རྩིའི་རོ། །གང་ཞིག་ཇི་ལྟར་བསྟེན་པར་བྱ། །གལ་ཏེ་ཚད་མར་འཛིན་པའི་དབང་གིས་སུ། །བླུན་པོས་བྱེ་བྲག་རྣམ་པར་འབྱེད་པ་སྟེ། །དེ་ཚེ་དེ་ནི་གདོལ་པའི་ཁྱིམ་དུ་རོལ། །འོན་ཀྱང་དེ་ལ་དྲི་མས་མི་གོས་སོ། །གང་ཚེ་སློང་བའི་སྲང་ཁའི་ཁམ་ཕོར་གྱིས། །བདག་ཉིད་རྒྱལ་པོར་སླར་ཡང་ཅི་བྱར་ཡོད། །མྱ་ངན་འདས་ལ་མི་གནས་སྲིད་པར་མཛེས། །ནད་གཞན་དག་ལ་སྨན་གཞན་གཏོང་མི་བྱ། །བསམ་དང་བསམ་བྱ་རབ་ཏུ་སྤངས་ནས་སུ། །ཇི་ལྟ་བུ་ཡི་ཚུལ་དུ་གནས་བྱ་ཞིང་། །བླ་མའི་ལུང་ལ་བསྒྲིམས་ཏེ་གུས་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཁ་དོག་ཡོན་ཏན་ཡི་གེ་དཔེ་སྤངས་ནས། །སྨྲ་རུ་མི་བཏུབ་དེ་ནི་གང་གིས་མཚོན། །གཞོན་ནུའི་བདེ་བ་སྙིིང་ལ་ཞེན་པ་བཞིན། །དབང་ཕྱུག་དམ་པ་རང་བཞིན་མེད་པ་སྟེ། །དེ་ནི་སུ་ལའང་བསྟན་པར་བྱ་ནུས་སམ། །དངོས་དང་དངོས་མེད་ཡོངས་སུ་བཅད་པ་གང་། །དེར་ནི་འགྲོ་བ་མ་ལུས་རབ་ཐིམ་འགྱུར། །གང་ཚེ་ཡིད་ནི་བཅོས་པ་མེད་པ་ཡིས། །མི་གཡོ་བརྟན་པར་རང་བཞིན་གནས་པ་དེར། །དེའི་ཚེ་འཁོར་བའི་དངོས་པོ་རང་གྲོལ་འགྱུར། །གང་ཚེ་བདག་གཞན་ཡོངས་སུ་ཤེས་མེད་ན། །དེ་ཚེ་བླ་མའི་ལུས་སུ་གྲུབ་པ་ཉིད། །དེ་ལྟར་བསྟན་པ་ཉིད་ལ་ངེས་རྟོགས་པར། །མ་འཁྲུལ་པ་ཡི་ངོ་བོར་རྫོགས་སངས་རྒྱས། །རང་གིས་རང་ལ་ལེགས་པར་ཤེས་པར་བྱ། །རྡུལ་མེད་རྡུལ་བྲལ་མ་ཡིན་སེམས་ཀྱང་མིན། །དངོས་པོ་དེ་དག་གདོད་ནས་ཞེན་པ་མེད། །མདའ་བསྣུམ་གྱིས་སྨྲས་དེ་ཙམ་ཞིག་ཏུ་ཟད། །ཀྱེ་ཧོཿམ་ལུས་དྲི་མེད་དོན་དམ་ཤེས་པར་བྱོས། །ཁྱིམ་ན་ཡོད་པ་ཕྱི་རུ་སོང་ནས་འཚོལ། །ཁྱིམ་བདག་མཐོང་ནས་ཁྱིམ་མཚེས་དག་ལ་འདྲི། །མདའ་བསྣུན་གྱིས་སྨྲས་བདག་གིས་ཤེས་པར་བྱོས། །བླུན་པོའི་བསམ་གཏན་བསམ་བྱ་བརྗོད་པ་མིན། །གལ་ཏེ་བླ་མས་བསྟན་བཞིན་རྟོག་པས་བརྟགས། །བདེན་པ་ཐམས་ཅད་ཤེས་པར་བྱས་གྱུར་ཀྱང་། །དེ་དག་ཡོངས་སུ་བརྟགས་པས་དེ་མ་རྟོགས། །མ་རྟོགས་རྟོག་པས་ཐར་པ་ཐོབ་བམ་ཅི། །ཡུལ་རྣམས་བགྲོད་ཅིང་གདུངས་པས་ཉེན་བྱས་ཀྱང་། །ལྷན་ཅིག་སྐྱེས་པ་མི་རྙེད་སྡིག་པར་འཛིན། །ཡུལ་རྣམས་བསྟེན་པས་ཡུལ་གྱིས་མི་གོས་ཏེ། །ཨུཏྤལ་བླངས་ཀྱང་ཆུ་ཡིས་མི་འཆགས་བཞིན། །འདི་ལྟར་རྩ་བ་རླུང་གིས་སྐྱབས་སུ་འགྲོ། །རླུང་རྣམས་དེ་ཉིད་ཡིན་པས་ཞི་བར་ནུས། །ཞི་བ་མེད་དེ་དེ་ཉིད་རྟོགས་པས་འགྲུབ། །རྟོགས་དུས་གྲུབ་པ་མེད་དེ་ཚིག་ཏུ་ཟད། །དུག་གི་སྔགས་ཅན་དུག་གིས་ག་ལ་ཚུགས། །ལྷ་ལ་མཆོད་པ་ཁྲི་ཕྲག་སྦྱིན་བྱས་ཀྱང་། །བརྟགས་ཏེ་འབྲས་བུ་ལོགས་སུ་གྲུབ་འདོད་པས། །དེ་ཉིད་བདག་ལ་འབྲས་བུ་དེ་མེད་དེ། །བདག་ཉིད་འཆིང་འགྱུར་དེ་ཡིས་ཅི་ཞིག་བྱ། །དེ་ལ་གོམས་པས་གྲོལ་བར་མི་འགྱུར་ཞིང་། །དེ་འདྲས་འཁོར་བ་འདི་འདྲ་ཆད་མིན་ཏེ། །འདིར་གོམས་མ་གཏོགས་མ་ལུས་བརྒལ་མ་ཡིན། །མིག་ནི་མི་འཛུམ་སེམས་ནི་འགག་པ་དང་། །རྣམ་ཤེས་རླུང་འགོག་པ་ནི་བླ་མས་རྟོགས། །གང་ཚེ་རླུང་རྒྱུ་བ་དེ་མི་གཡོ་སྟེ། །དེ་ཡི་ཚེ་ན་འཆིང་བས་ཅི་བྱར་ཡོད། །ཇི་སྲིད་དབང་པོ་ཡུལ་ལ་ལྷུང་བ་ན། །དེ་སྲིད་རང་ཉིད་ལས་ནི་རབ་ཏུ་རྒྱས། །ཁྱེད་ཅག་ད་ལྟ་ཅི་བྱེད་སེམས་ལ་ལྟོས། །གར་འགྲོ་སོམས་དང་ཀྱེ་ཧོཿདཔའ་བོ་རྣམས། །དེ་ནི་ཤིན་ཏུ་དགའ་བའི་དགོངས་པས་ཞུགས། །གང་ཞིག་གང་ན་གནས་པའི་མི་རྣམས་ནི། །དེ་སྲིད་རང་ཉིད་ཡིན་པར་མ་མཐོང་སྟེ། །མཁས་པ་ཐམས་ཅད་བསྟན་བཅོས་འཆད་པ་ཡིས། །ལུས་ལ་སངས་རྒྱས་ཡོད་པར་མ་རྟོགས་སོ། །གླང་ཆེན་ལོབས་ནས་སེམས་ཚགས་ཚུད་པ་ན། །དེ་ནི་འགྲོ་འོང་བཅད་ནས་དལ་བ་སྟེ། །དེར་ནི་འདི་ལྟར་རྟོགས་སོ་ཆོས་ཅི་དགོས། །དེ་ལྟར་ངོ་ཚ་མེད་སྨྲ་མཁས་པ་དག །གསོན་པོ་གང་ཞིག་རྣམ་པར་མ་གྱུར་པ། །དེ་ནི་རྒས་ཤིང་འཁོགས་པར་འགྱུར་རམ་ཅི། །བླ་མས་བསྟན་པའི་དྲི་མེད་བློ་གྲོས་ནི། །དེ་ཉིད་གཏེར་ཡིན་གཞན་པ་གང་ཡིན་ལོ། །ཡུལ་ཉིད་རྣམ་པར་དག་དེ་རྟེན་ཡང་མིན། །སྟོང་པ་འབའ་ཞིག་གིས་ནི་བཤད་པར་བྱ། །དངོས་པོར་མ་ཆགས་སེམས་སུ་ཤེས་པ་དང་། །ཤེས་པ་བརྡ་རུ་གྲགས་ཀྱི་དེ་ཉིད་ཚུལ། །ཚུལ་ཁྲིམས་དེ་ཉིད་ངོ་བོར་སྲུང་བྱེད་ཅིང་། །ངོ་བོ་ཙམ་དུ་རྟོག་མིན་སྙིང་པོ་ཆེ། །སེམས་ཀྱི་རྡོ་རྗེ་ངང་དུ་ཁྲོ་འཇོམས་ཏེ། །རློམས་མེད་རྡོ་རྗེ་མཁའ་ལ་གནོད་མི་འབྱུང་། །སེམས་ཉིད་རང་བཞིན་དལ་དང་མྱུར་མིན་ཡང་། །རྟོག་པ་བསལ་ཕྱིར་ཆོ་འཕྲུལ་མྱུར་དུ་བརྩམ། །རང་བཞིན་སངས་རྒྱས་ལྷན་ཅིག་སྐྱེས་པ་དེ། །རྟོགས་པར་བྱེད་ལ་མཉམ་གཞག་ཚུལ་དུ་བྱ། །བླ་མའི་མན་ངག་མཚོན་ཆ་ཤེས་རབ་སྟེ། །རྟོགས་ནས་རྣལ་མར་འབྱོར་བས་རྫོགས་སངས་རྒྱས། །ཇི་ལྟར་གཟིངས་ལས་འཕུར་བའི་བྱ་རོག་ནི། །བསྐོར་ཞིང་བསྐོར་ཞིང་སླར་ཡང་དེ་རུ་འབབས། །ཡུལ་ལ་ཞེན་པས་འཆིང་བར་མ་བྱེད་ཅིག །ཀྱེ་ཧོཿརྨོངས་པ་མདའ་བསྣུན་གྱིས་སྨྲས་པ། །ཉ་དང་ཕྱེ་ལེབ་གླང་ཆེན་བུང་བ་དང་། །འདིར་ནི་རི་དྭགས་བཞིན་དུ་བལྟ་བར་བྱོས། །མཆིལ་པ་རོ་ལ་ཆགས་བཞིན་མྱོང་བ་དང་། །རེག་བྱའི་བདེ་བ་དང་པོར་གནས་པའི་ཚུལ། །སྟོང་པའི་དྲི་ཡིས་ཁྱབ་པར་བྱ་བ་སྟེ། །སྣ་མའི་མེ་ཏོག་རབ་ཏུ་དྭངས་པ་དང་། །དབྱེར་མེད་གླུ་ལ་མྱུར་དུ་རྒྱུག་པར་རིགས། །གང་ཞིག་སེམས་ལས་རྣམ་པར་འཕྲོས་པར་སྣང་། །དེ་སྲིད་མགོན་པོ་ལས་ནི་རང་བཞིན་ཏེ། །ཆུ་ལས་ཆུ་རླབས་དག་ཀྱང་གཞན་ཡིན་ནམ། །སྲིད་དང་མཉམ་ཉིད་ནམ་མཁའི་རང་བཞིན་ནོ། །གང་ཞིག་སྟོན་དེ་གང་གིས་ཐོས་པ་ཡི། །དགོས་པ་གང་ཡིན་དམ་པ་སྐྱོང་བ་ན། །གདུག་པའི་སྐུངས་ས་རྡུལ་བཞིན་རློག་པར་བྱེད། །སྙིང་ག་ཉིད་དུ་ནུབ་པར་གྱུར་པ་ཡིན། །ཇི་ལྟར་ཆུ་ལ་ཆུ་བཞག་ན། །དེ་སྙེད་ཆུ་རུ་རོ་མཉམ་འགྱུར། །ཇི་ལྟར་མར་ལ་མར་བཞག་མཚུངས། །སེམས་དང་སྣང་བ་དེ་བཞིན་སྨྲ། །སྐྱོན་དང་ཡོན་ཏན་རྣམས་དང་ལྡན་པའི་སེམས། །མགོན་པོ་སུས་ཀྱང་མཚོན་པར་མི་འགྱུར་རོ། །རྨོངས་པ་དག་ལ་གཉེན་པོ་གང་ཡང་མེད། །ཁྱོད་ཉིད་སྟོང་པ་ཉིད་ལ་ཞེན་ཏམ་ཅི། །ནགས་ལ་མཆེད་པའི་མེ་ལྕེ་ཇི་བཞིན་དུ། །གོང་དུ་བབས་པ་འདི་ལྟར་སྣང་བ་ཀུན། །ཇི་ལྟར་སྣང་དང་གྲག་པའི་དངོས་པོ་རྣམས། །རྩ་བ་སྟོང་པ་ཉིད་དང་ལྷན་ཅིག་བྱོས། །གལ་ཏེ་ཡིད་དུ་འོང་བ་མཉམ་པའི་སེམས། །སྙིང་ལ་གཅེས་སྤྲས་བྱམས་པའི་སེམས་ཉིད་ལ། །ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང་། །ནམ་ཡང་སྡུག་བསྔལ་འབའ་ཞིག་བྱེད་པར་ཟད། །གྲོགས་པོ་ཕག་དང་གླང་ཆེན་སྨྱོན་པར་ལྟོས། །དེ་ལྟར་ཡིན་ཏེ་དེ་ནི་མ་ཡིན་ནོ། །རྟོག་བྲལ་བརྟན་དང་ཆགས་པའི་གཟའ་གཏད་བྲལ། །རྣམ་རྟོག་སློང་དང་དམག་ཟློག་སྡིག་པ་བྲལ། །ཇི་ལྟར་ཡིད་བཞིན་ནོར་བུའི་དགོས་པ་བཞིན། །འཁྲུལ་པ་གཞིག་པའི་མཁས་པ་ངོ་མཚར་ཆེ། །རང་ལ་རང་རིག་བདེ་ཆེན་བག་ཆགས་གཟུགས། །ཐམས་ཅད་དེ་ཚེ་མཁའ་མཉམ་དེ་ལྟར་འགྱུར། །ཀ་ལ་ཀུ་ཏྲ་སྨོས་སུ་མི་རུང་སྟེ། །རང་བཞིན་མཁའ་མཉམ་ཡིད་ཀྱིས་འཛིན་པ་ཡིན། །ཡིད་དེ་ཡིད་མ་ཡིན་པར་བྱེད་འགྱུར་ཏེ། །རང་བཞིན་གྱིས་མཛེས་སྐྱེས་པའི་མཆོག་ཏུ་མཛེས། །ཁྱིམ་དང་ཁྱིམ་ན་དེ་ནི་བརྗོད་པ་སྟེ། །བདེ་ཆེན་གནས་ནི་ཡོངས་སུ་ཤེས་པ་མིན། །འགྲོ་ཀུན་སེམས་ཀྱི་འཕྲུལ་པར་མདའ་བསྣུན་སྨྲ། །དེ་ནི་བསམ་མེད་རྟོག་པ་མ་ཡིན་ནོ། །ཀྱེ་མ་རྣལ་འབྱོར་སྒོམ་པ་རང་ལ་དྲིས། །སྙིང་པོའི་རང་བཞིན་དག་ལས་རྟོག་པ་ལ། །རང་བཞིན་གནས་པའི་སེམས་ཀྱིས་བལྟ་བར་རིགས། །དེ་ནས་ཕྱི་ནང་མཉམ་པར་ཤེས་པ་དང་། །ཤེས་བྱེད་དེ་འགོག་པ་ནི་བླ་མའི་ལུང་། །མགོ་སྙིང་ལྟེ་གསང་རྐང་ལག་སྤངས་པ་སྟེ། །ངས་མཐོང་བསམ་པའི་ཡུལ་ནི་མཆོད་པར་བྱེད། །གཞན་དག་བསམ་པའི་ཡུལ་ནི་འགག་པར་འགྱུར། །གལ་ཏེ་སེམས་ཀྱིས་སེམས་ནི་མཚོན་དུ་འགྲོ། །རླུང་དང་ཡིད་ནི་མི་གཡོ་བརྟན་པར་འགྱུར། །ཇི་ལྟར་ལན་ཚྭ་ཆུ་ལ་ཐིམ་པ་ལྟར། །དེ་ལྟར་སེམས་ནི་རང་བཞིན་ཉིད་དག་ལ། །དངོས་པོར་རྟོག་པའི་མཚན་ཉིད་ཐིམ་པར་འགྱུར། །དེ་ཚེ་བདག་དང་གཞན་ནི་མཉམ་པར་མཐོང་། །འབད་དེ་བསམ་གཏན་བྱས་པས་ཅི་བྱར་ཡོད། །རྟགས་གཅིག་ལ་ནི་ལུགས་རྣམས་མང་པོར་མཐོང་། །འོངས་པ་མ་མཐོང་ཕྱིས་ཀྱང་དེ་མཐོང་མེད། །རང་འདོད་པ་ཡིས་རང་རིག་གསལ་བར་སྨྲས། །རང་བཞིན་འཇིག་ཅིང་གཞན་དང་འགལ་བ་ཡིན། །མགོན་པོ་བདག་ཉིད་གཅིག་པུ་བཞིན་དང་ལྡན། །ཁྱིམ་དང་ཁྱིམ་ན་གྲུབ་མཐའ་དེ་གྲུབ་པའོ། །གཅིག་ཟོས་པས་ནི་གཞན་ཀུན་ཚིམ་པར་འགྱུར། །ནང་བཞག་ཕྱི་རོལ་སོང་ནས་ཁྱིམ་བདག་འཚོལ། །བཙལ་ཀྱང་མ་མཐོང་ཕྱིས་ཀྱང་དེ་མེད་དེ། །འདུག་པར་གྱུར་ཀྱང་དེ་ཡིས་མ་ཤེས་སོ། །རྦ་རླབས་མེད་པའི་དབང་ཕྱུག་ཆེན་པོ་མཆོག །རྙོག་པ་མེད་པའི་བསམ་གཏན་ཅིར་མི་གཞག །ཆུ་དྭངས་མར་མེ་རང་གསལ་གཅིག་ཏུ་ཞོག །འགྲོ་དང་འོང་བ་རོ་གཅིག་མི་འདོར་རོ། །སྔ་ན་མེད་པའི་སྒེག་མོ་དང་འཕྲད་ནས། །ཉལ་བའི་སེམས་ནི་གཞི་མེད་པ་ལ་བརྟེན། །རང་རིག་གཟུགས་དང་ཐ་དད་མ་བལྟ་ཞིག །འདི་ལྟར་སངས་རྒྱས་ལག་ཏུ་གཏོད་པ་ཡིན། །ལྷན་ཅིག་སྐྱེས་པའི་རང་བཞིན་དེ་ཚེ་མཛེས། །གང་ཚེ་ལུས་དང་ངག་ཡིད་དབྱེར་མེད་པ། །དེ་ཚེ་ཐམས་ཅད་མཁྱེན་པ་ཐོབ་པ་སྟེ། །དབྱེར་མེད་ངང་ལ་གཞག་དང་ཐོབ་མེད་ཀྱང་། །བརྡ་རུ་མཚོན་ནས་གཞག་དང་ཐོབ་པར་སྨྲས། །སྨྲས་པའི་ཚིག་ཏུ་ཞོག་ལ་དེ་དོན་སྒོམས། །བསྒོམ་པར་བྱ་བ་རྡུལ་ཙམ་མེད་པ་སྟེ། །མེད་པའི་ངང་ལ་གཞག་ཏུ་མེད་པའི་ངང་། །དེ་ལ་གནས་ན་རྣལ་འབྱོར་སྙིང་པོའི་ལམ། །སྙིང་པོ་གཞན་དུ་བརྗོད་པ་མ་ཡིན་གྱི། །དངོས་དང་སེམས་སུ་ཤེས་ཤིང་ཤེས་པ་མེད། །མེད་པའི་རྡོ་རྗེ་དེ་ལ་འཇུག་པར་བྱ། །དེའི་ཕྱིར་སྙིང་པོ་བརྟག་དཀའ་དགའ་དང་བྲལ། །ཁྱིམ་བདག་དང་ནི་ཁྱིམ་བདག་མོ་ལོངས་སྤྱོད། །ཡུལ་ནི་གང་མཐོང་བ་དེ་བཤད་པར་བྱའོ། །ང་ཡིས་རྩེད་མོ་བྱས་པ་ལས། །བྱིས་པ་རྣམས་ནི་ཤ་ཐང་ཆད། །མེ་བྱུང་བ་ནི་སྤྲ་བ་སྟེ། །མེ་ནི་སྤྲ་བ་ཉིད་ལ་འབར། །ཀྱེ་མ་ཧོཿགཞན་ཡིད་མ་ཡིན་གཞན་མ་ཡིན། །རྣལ་འབྱོར་སྤྱོད་པ་སྐྱེ་དང་བྲལ་བ་སྟེ། །བདག་པོ་བཟང་ཞིང་རང་བཞིན་མཛེས་ཆགས་པ། །ཡུལ་གྱིས་གང་བའི་སེམས་དེ་རྣལ་མ་ཉིད། །ཆགས་དང་ཆགས་བྲལ་མེད་པས་གཉུག་མར་བཞུགས། །སེམས་ཉམས་པས་ན་རྣལ་འབྱོར་ངས་མ་མཐོང་། །ཟ་ཞིང་འཐུངས་ལ་བསམ་པ་གང་ཡང་མེད། །གྲོགས་མོ་འདི་ན་སེམས་པ་གང་གནས་པ། །ཕྱི་རོལ་པར་སེམས་སྡུག་བསྔལ་དག་གིས་འཛིན། །སྒྱུ་མ་རྣལ་མ་དེ་ནི་དཔེ་དང་བྲལ། །བྱ་བ་འདི་ཙམ་ཞིག་ཏུ་མ་སེམས་ཀྱི། །རྩོལ་བ་གང་ལ་དབྱེར་མེད་པ་ཡི་ཀློང་། །ཀློང་ནི་སྒོ་གསུམ་གང་དུའང་དྲི་མ་མེད། །ཟླ་བ་ཆུ་འཛག་ནོར་བུ་རང་དབང་མིན། །ཐབས་ཀྱིས་རྒྱལ་སྲིད་ཀུན་ལ་དབང་སྒྱུར་བ། །སེམས་ཉིད་དེ་ནི་སྒྲུབ་པའི་རྣལ་འབྱོར་པས། །ལྷན་ཅིག་སྐྱེས་པའི་སྡོམ་པར་ཤེས་པར་བྱ། །ཡི་གེ་པ་ཡིས་འགྲོ་བ་མ་ལུས་ཁྱབ། །ཀུན་ལ་ཡི་གེ་མེད་པ་གཅིག་ཀྱང་མེད། །ཇི་སྲིད་ཡི་གེ་མེད་པར་གྱུར་པ་ན། །དེ་སྲིད་ཡི་གེ་དམ་པ་རབ་ཏུ་ཤེས། །ཡི་གེ་དག་པར་ཤེས་པས་སྣག་ཚ་ཡལ། །རྩོལ་མེད་རིག་བྱེད་འདོན་པར་དོན་དེ་ཉམས། །དམ་པ་སེམས་དང་ཅིག་ཤོས་མི་ཤེས་ན། །གང་ནས་ཤར་བ་གང་དུ་ནུབ་པར་བྱེད། །ཇི་ལྟར་ཕྱི་རོལ་དེ་ལྟར་རབ་ཤེས་ན། །བཅུ་བཞི་པ་ཡི་ས་ལ་རྒྱུན་དུ་གནས། །ལུས་མེད་ལུས་ལ་སྦྲར་མེད་སྦས་པ་སྟེ། །གང་གིས་དེ་ཤེས་པ་གྲོལ་གྲོལ་བར་འགྱུར། །ང་ཡིས་གྲུབ་པའི་ཡི་གེ་ནག་པོ་སྟོན། །ཁུ་བ་འཐུངས་པས་ང་ནི་བརྗེད་པར་འགྱུར། །གང་གིས་བལྟར་མེད་ཡི་གེ་གཅིག་ཤེས་ན། །དེ་ཡི་མིང་ནི་བདག་གིས་མི་ཤེས་སོ། །ནགས་ཁྲོད་གསུམ་ན་ཡི་གེ་ནག་པོ་གཅིག །ཡི་གེ་གསུམ་གྱི་དབུས་ན་བལྟ་བར་བྱ། །གང་ཞིག་གསུམ་ལ་བབ་པའི་ངོ་བོ་ནི། །གདོལ་པའི་རིག་བྱེད་བཞི་ཡང་དེ་བཞིན་ནོ། །ཀུནྡུ་རུ་སྐབས་བདེ་ཆེན་སྒྲུབ་པ་ནི། །ཇི་ལྟར་སྐོམ་པས་སྨིིག་རྒྱུ་སྙེགས་པ་བཞིན། །སྐོམ་ནས་འཆི་སྟེ་ནམ་མཁའི་ཆུ་རྙེད་དམ། །རྡོ་རྗེ་པངྨ་གཉིས་ཀྱི་དབུས་གནས་པ། །བདེ་བ་གང་གིས་རྣམ་པར་བསྐྱེད་པ་ནི། །ཅི་སྟེ་དེ་དོན་བསྟན་དུ་མེད་པས་ན། །ས་གསུམ་གང་དུ་རྫོགས་སུ་རེ་བ་ལགས། །ཡང་ན་ཐབས་ཀྱི་བདེ་བ་སྐད་ཅིག་མ། །ཡང་ན་དེ་ཉིད་གཉིས་སུ་འགྱུར་བ་སྟེ། །བླ་མའི་དྲིན་གྱིས་སླར་ཡང་ཉིད་ལ་ནི། །བརྒྱ་ལས་འགའ་ཡིས་ཤེས་པར་ག་ལ་འགྱུར། །གྲོགས་དག་ཟབ་མོ་དང་ནི་རྒྱ་ཆེ་བ། །གཞན་གྱིས་བདག་ཉིད་རྟོགས་པ་མ་ཡིན་ཏེ། །ལྷན་ཅིག་སྐྱེས་པས་ཞི་བའི་དུས་ཀྱི་ཚེ། །གཉུག་མ་ཉམས་སུ་མྱོང་བས་རབ་ཏུ་ཤེས། །མུན་ནག་ཆེན་པོར་ཟླ་བའི་ནོར་བུ་ནི། །ཇི་ལྟར་འཆར་བར་བྱེད་པ་བཞིན་དུ་མཛེས། །མཆོག་ཏུ་བདེ་ཆེན་སྐད་ཅིག་གཅིག་ལ་ནི། །སྡུག་བསྔལ་མ་ལུས་ཕམ་པར་བྱེད་པ་འོ། །སྡུག་བསྔལ་སྣང་བྱེད་སེམས་ལ་ནུབ་པ་ན། །སྒྲོལ་བའི་བདག་པོ་གཟའ་དང་མཉམ་དུ་ཤར། །འདི་ལྟར་སྤྲུལ་པའི་བདག་ཉིད་སྤྲུལ་པ་ནི། །དེ་ནི་དཀྱིལ་འཁོར་འཁོར་ལོ་དམ་པའོ། །ཀྱེ་ཧོཿརྨོངས་པས་སེམས་ཀྱིས་སེམས་རྟོགས་ན། །ལྟ་བ་ངན་པ་ཐམས་ཅད་རང་གྲོལ་ཏེ། །མཆོག་ཏུ་བདེ་ཆེན་དེ་ཙམ་ཞིག་ཏུ་བས། །དེ་ཡི་དབང་གིས་དངོས་གྲུབ་དམ་པ་འོ། །རྡོ་རྗེ་སེམས་དཔར་ཡོད་དང་མེད་མི་རྟོག །རྟོག་དང་རྟོག་བྱེད་འཕགས་དང་སངས་རྒྱས་མིན། །མ་བརྟགས་རང་དགར་གཞག་པ་ཀུན་ཏུ་བཟང་། །བཅོས་དང་བསྒྲིམས་པས་དེ་ཉིད་དེ་མི་རྟོགས། །གཞག་དང་མ་བསྒྲིམས་དེ་ཉིད་རྟོག་མེད་མཐོང་། །གལ་ཏེ་ཉམས་མྱོང་དང་པོའི་དུས་སྐྱེས་ཀྱང་། །དེ་ལ་མྱོང་བར་འཛིན་པ་དེ་མིན་ཏེ། །སངས་རྒྱས་ཡེ་ཤེས་དེ་དག་དག་ལ་ཡང་། །འཕགས་པ་རྣམས་དང་སངས་རྒྱས་བདག་ཉིད་ནི། །གྲུབ་པ་མེད་དེ་དགོས་པའི་དོན་དུ་བརྟགས། །གྱད་ཀྱི་གཙུག་ན་ནོར་བུ་ཡོད་གྱུར་ཀྱང་། །ནོར་བུ་མ་མཐོང་མཆོག་སྟོན་སྐྱེས་བུ་སྟེ། །བདག་ལས་གཞན་ན་རྫོགས་སངས་རྒྱས་མེད་ཀྱང་། །རྟོག་པ་བསལ་ཕྱིར་འཕགས་པ་བསྟེན་ཏེ་བསྒྲུབ། །དེ་བསལ་དུས་ན་རྫོགས་པའི་སངས་རྒྱས་ཏེ། །འབྲས་བུ་དེ་ཉིད་བདག་ལ་ཐོབ་པ་སྟེ། །འཁྲུལ་པས་བརྟགས་ན་ལོགས་ནས་གྲུབ་པ་འདྲ། །དེ་ཕྱིར་སེམས་དང་འཁྲུལ་རྟོག་དེར་ཤེས་དང་། །ཤེས་པ་མེད་ལ་མཉམ་པ་དེ་དང་བྲལ། །དེ་ནི་བླ་མ་དག་ལས་མངོན་པར་རྟོགས། །རྟོགས་པ་མཚོན་ཀྱང་གང་དང་ལྡན་པ་ནི། །སེམས་ཀྱི་གླང་པོ་གར་དགར་ཡན་དུ་ཆུག །དེ་ཡི་མཚན་ཉིད་བདག་གིས་བདག་ལ་དྲིས། །དྲིས་པའི་དོན་དེ་རྗེས་སུ་དྲན་པ་ན། །དེ་ལ་དེ་ནི་རྟོག་པས་མ་འདྲི་ཞིག །ནམ་མཁའི་རི་བོ་ཆུ་འཐུང་འདྲ་བའི་སེམས། །དེ་ཡི་འགྲམ་དུ་ཞོག་ཅིག་རང་དགའ་བར། །ཡུལ་གྱི་དབང་པོ་ལག་པས་བླངས་ནས་སུ། །དེ་ནི་ཇི་ལྟར་གསོད་པར་སྣང་བར་འགྱུར། །རྣལ་འབྱོར་པ་ནི་གླང་པོ་སྐྱོང་བ་བཞིན། །དེ་ཉིད་ནས་ནི་ལྡོག་པར་འགྱུར་ཡིད་བཞིན། །འཁོར་བ་དེ་ཉིད་མྱ་ངན་འདས་པར་བྱེད། །དབྱེ་བས་གཞན་དུ་སེམས་པ་མ་ཡིན་ཏེ། །རང་བཞིན་གཅིག་གིས་དབྱེ་བ་རྣམ་པར་སྤང་། །དྲི་མེད་ང་ཡིས་རབ་ཏུ་རྟོགས་ཡིད་ཀྱིས། །དེ་ཉིད་དམིགས་བཅས་དམིགས་མེད་སྟོང་ཉིད་ཡིན། །གཉིས་ལས་སྐྱོན་ནི་ཡོད་པ་མ་ཡིན་ཏེ། །རྣལ་འབྱོར་པ་དེ་གང་ཞིག་བསྒོམ་པ་ཡིན། །བསྒོམ་བྱ་དམིགས་དང་བཅས་པ་དམིགས་མེད་དེ། །བདེ་བའི་རྣམ་པའི་རང་བཞིན་དེ་ཡིན་ནོ། །རབ་ཏུ་བླ་མེད་ཡེ་ཤེས་རང་བྱུང་བའོ། །བླ་མའི་མན་ངག་དུས་ཐབས་བསྟེན་པས་ཤེས། །ནགས་སུ་མ་འགྲོ་ཁྱིམ་དུ་མ་འདུག་ཅིག །བདེ་ལ་གནས་ན་གནས་དག་ཉོན་མོངས་རྒྱུ། །དང་པོའི་དུས་སུ་བཙལ་ཕྱིར་བདེ་སྒྲུབ་བྱ། །བཙལ་བས་མ་རྙེད་རྙེད་པས་དེར་འདུག་མིན། །འཁོར་ལོས་འཁོར་བའི་ནགས་ཁྲོད་དག་ཏུ་རྒྱུ། །ཁྱིམ་དུ་གནས་ན་ཆགས་སྡང་འཕེལ་འགྱུར་ཏེ། །དེ་ཕྱིར་ཁྱིམ་སྤོངས་བདེ་དང་སྡུག་བསྔལ་དོར། །སེམས་ཀྱིས་ཁྱིམ་དུ་བལྟ་བར་འཇུག་མི་བྱ། །བཅུག་ན་བདེར་ཆགས་སྟོང་ལ་ཞེན་པས་སྡང་། །དེ་སྤངས་དབྱེར་མེད་མཉམ་པའི་རང་བཞིན་གནས། །གང་ཡང་དེ་རུ་ཡིད་ཀྱིས་ཡོངས་ཤེས་ནས། །མ་ལུས་རྒྱུན་དུ་རྟོགས་པ་དེ་མི་གནས། །འཁོར་བ་གང་ཡིན་མྱ་ངན་འདས་པ་གང་། །ཡིད་ནི་དྲི་མེད་ལྷན་ཅིག་སྐྱེས་པ་ཡི། །གནས་སྐབས་དགྲ་བོའི་རིགས་ལ་འཇུག་པ་མེད། །དེ་ཙམ་ཞིག་ལ་ངེས་པར་གནས་པ་ནི། །དེ་ཉིད་རྒྱལ་པོ་ཡིན་ཏེ་བྱེ་བྲག་མེད། །རྟོགས་པ་ནགས་དང་ཁྱིམ་ན་གནས་པ་མིན། །འདི་ལྟར་བྱ་བ་དེ་ཉིད་ཤེས་གྱུར་ན། །དྲི་མ་མེད་པའི་དེ་སེམས་རང་བཞིན་གྱིས། །མ་ལུས་མི་རྟོག་པར་ནི་ཤེས་པར་བྱོས། །དེ་ནི་བདག་ཉིད་གཞན་ཡང་དེ་ཉིད་དོ། །གང་བསྒོམས་ཡོངས་སུ་བསྒོམས་པའང་དེ་ཉིད་ཡིན། །བདེ་བ་དེ་ཉིད་དང་ནི་བྲལ་བར་བྱས། །འོན་ཀྱང་བདག་ཉིད་རྣམ་པར་གྲོལ་བའོ། །ཇི་ལྟར་རྒྱ་མཚོ་ཡི་ནི་མཐོང་ཕྱེ་བཞིན། །བདག་དང་གཞན་དུ་འཁྲུལ་པར་མ་བྱེད་ཅིག །ཐམས་ཅད་སྔ་ན་མེད་པའི་སངས་རྒྱས་ཏེ། །དེ་ཉིད་དྲི་མེད་མཆོག་གི་གོ་འཕང་ངོ་། །སེམས་ནི་ངོ་བོ་ཉིད་ཀྱིས་དག་པ་ཡིན། །གཉིས་མེད་སེམས་ཀྱི་སྡོང་པོ་དམ་པ་ཡིན། །ས་གསུམ་མ་ལུས་ཐམས་ཅད་ཁྱབ་པར་གནས། །གྲགས་པའི་ས་དང་སྡོམ་དང་གསང་བའི་ས། །སྙིང་པོའི་ས་ནི་ངོ་བོ་ཀུན་དང་མཚུངས། །དེ་ཕྱིར་ཁྱབ་པའི་སྙིང་པོ་དེ་ཉིད་དེ། །དཔེར་ན་རི་རབ་གླིང་སོགས་ཉི་ཟླས་གསལ། །རྟོགས་དང་མ་རྟོགས་ཉི་ཟླ་མཐོང་ལོང་སྟེ། །མ་བསྟན་བར་དུ་བློ་ཆུང་ཤར་ནུབ་འདྲ། །མཁས་པ་རྣམས་ལ་ཤར་དང་ནུབ་མེད་དེ། །སྣང་གྲག་སེམས་སུ་ཤེས་ཤིང་དེར་མི་འཛིན། །མཚན་ཉིད་ཤེས་མེད་ཤེས་པས་འཆིང་མི་དགོས། །དེ་ཕྱིར་བློ་ལྡན་རྣམས་ལ་ངང་གིས་འབྱུང་། །དེ་རྟོགས་དེ་མ་རྟོགས་ཞེས་བརྟག་ཏུ་མེད། །སྙིང་རྗེའི་མེ་ཏོག་གཞན་ཕན་འབྲས་བུ་འཛིན། །དེ་ཡི་མིང་ནི་གཞན་ལ་ཕན་པའོ། །སྙིང་པོ་ཉིད་ཀྱི་སྡོང་པོ་ཡལ་འདབ་རྒྱས། །སྙིང་རྗེ་རྣམ་པ་སྣ་ཚོགས་དུ་མར་ལྡན། །ལྷུན་གྱིས་གྲུབ་པ་ཕྱི་མའི་འབྲས་བུ་སྟེ། །བདེ་བ་འདི་ནི་གཞན་པའི་སེམས་ཡིན་ནོ། །སྟོང་པའི་སྡོང་པོ་དམ་པའི་སྙིང་རྗེས་མིན། །གང་ལས་སླར་ཡང་རྩ་བ་ལོ་འདབ་མེད། དེེ་ལ་དམིགས་པར་བྱེད་པ་གང་ཡིན་པ། །དེར་ལྷུང་བས་ནི་ཡན་ལག་ཆག་པར་འགྱུར། །ས་བོན་གཅིག་ལས་སྙིང་པོ་གཉིས་འབྱུང་བའོ། །རྒྱུ་མཚན་དེ་ལས་འབྲས་བུ་གཅིག་ཏུ་འབྱུང་། །དེ་ཡང་དབྱེར་མེད་དོན་མཆོག་གང་སེམས་དཔའ། །དེ་ནི་འཁོར་དང་མྱ་ངན་འདས་རྣམས་གྲོལ། །གང་ཞིག་འདོད་པ་ཅན་ནི་འོངས་པའི་ཚེ། །དེ་ནི་གལ་ཏེ་འགྲོ་ན་རེ་བ་མེད། །ཟ་ཕྱིར་ཕོར་པས་གདུངས་པའི་སྐྱེས་བུ་ཞིག །ཁམ་ཕོར་དུམ་བུས་སློང་བར་འདོད་པ་ལ། །ཕྱི་སྒོར་བོར་བའི་ཁམ་ཕོར་བླངས་ནས་སུ། །གཞན་ལ་སྟེར་བའི་དོན་ནི་མི་བྱེད་ལ། །འདོད་པ་པོ་ལ་དེ་དག་མི་སྟེར་བ། །འདིས་ནི་འཁོར་བའི་འབྲས་བུ་གང་ཡིན་པ། །ངེས་པར་བསྐྱེད་པས་རྣལ་འབྱོར་དམན་པའི་ལམ། །དེ་དག་བཟློག་སྟེ་རང་བཞིན་ལམ་ཁྱེར་ན། །དེ་བས་རྣམ་རྟོག་བོར་བར་བྱས་ན་རུང་། །ཨེ་མ་ཧོཿམཁའ་འགྲོ་གསང་བའི་སྐད། །ཨེ་ནི་ཆོས་ཀྱི་དབྱིངས་ཡིན་ཏེ། །མ་ནི་དེ་ཉིད་ཀྱིས་བསྐྱེད་དོ། །དཔེར་གཞག་པ་ནི་ནམ་མཁའ་སྟེ། །འགྲོ་བའི་ཚོགས་ཀྱི་རྒྱུད་ལ་ངེས། །མ་ནི་ནོར་འཛིན་དེ་ལས་སྐྱེས། །གསང་བའི་རྒྱུད་ལ་རག་ལས་གསལ། །སྐད་ནི་མཚོན་པ་ཙམ་དུ་ཟད། །གཉིས་སུ་མེད་པ་རྡོ་རྗེའི་གླུ། །དེ་ཉིད་ཡེ་ཤེས་མཚོན་བྱེད་པའི། །དོན་དམ་གཉིས་མེད་ཡི་གེ་ཡིས། །འགྲོ་རྣམས་རང་ལ་གླུར་ལེན་ཤོག །མི་ཟད་པའི་གཏེར་མཛོད་ཡོངས་སུ་གང་བའི་གླུ་ཞེས་བྱ་བ་སློབ་དཔོན་ཆེན་པོ་བྲམ་ཟེ་ས་ར་ཧ་པས་མཛད་པ་རྫོགས་སོ། །པྲཛྙཱ་ཛྙཱ་ན་ཤྲཱིས་རང་འགྱུར་དུ་མཛད་པའོ།། །།