Ngb-pt-0451-vol-05-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

ཧེ་ནའི་འདུ་ཁང་དུ་བསྒྱུར་བའོ།། །། རྒྱ་གར་སྐད་དུ། སྙོ་དྷི་ཙིཏི་པིང་ཏ་ཀི་ཙ་ཀྲ་ཏན་ཏྲ། བོད་སྐད་དུ། བྱང་ཆུབ་སེམས་ཉ་མོ་འཁོར་ལོའི་རྒྱུད། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བཤད་པའི་དུས་གཅིག་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ། རྫོགས་པ་ཆེན་པོ་བྱང་ཆུབ་སེམས་ཐིག་ལེ་ཆེན་པོ། གང་ཡང་མ་ཡིན་ཀུན་གྱི་བདག་ཉིདྭ། ལྷུན་གྱིས་གྲུབ་པའི་ཡེ་ཤེས་དགེས་པའི་རོལ་པ་ལས་མངའ་མཛད་པ་ཆེན་པོ་དེས། རང་བཞིན་ཆོས་ཉིད་ཀྱི་གཞལ་ཡས། རིག་པ་མཐའ་དབུས་མེད་པའི་དཀྱིལ་འཁོར། གསང་བ་ཆེན་པོའི་ངང་། འགྱུར་བ་མེད་པ་བྱང་ཆུབ་ཀྱི་ངོ་བོ་ལ། རྡོ་རྗེ་སྙིང་པོའི་འཁོར་ལ་སོགས་པ་མཐའ་ཡས་པ་དང་། །འབྱེད་པ་མི་མངའ་བ་གཅིག་པའི་ཚུལ་གྱིས་བཞུགས་སོ། །དེའི་ཚེའི་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། གསེར་གྱི་ཉ་མོ་འཁོར་ལོའི་འོད་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས་དེ་ལྟར་མཁྱེན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་དུས་གསུམ་སངས་རྒྱས་ཀྱིས། །རྫོགས་ཆེན་རང་བྱུང་དྲི་མ་མེད། །བྱང་ཆུབ་སེམས་ཉིད་གསལ་བའི་ངང་། །འདུས་པའི་ཚོགས་ལ་བཤད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་འགྱུར་བ་མེད་པས་འདི་སྐད་ཅེས་བཀའ་སྩལ་ཏོ། །རང་བྱུང་རིག་པ་མཆོག་གི་སྐུ། །ཚིག་ཏུ་མ་ཡིན་དོན་དུ་རྫོགས། །བརྗོད་བྲལ་གསང་བའི་ཆོས་ཉིད་ལ། །སྒྲ་ཡི་འཁོར་ལོས་མཚོན་དང་བྲལ། །ཞེས་གསུངས་སོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །ནམ་མཁའི་རང་བཞིན་བརྗོད་བྲལ་དུ། །རང་བྱུང་རིག་པས་གསལ་འགྱུར་ཡང་། །མ་རྟོགས་བྱིས་པའི་འགྲོ་བ་ལ། །བརྗོད་མེད་བརྗོད་པས་གོ་བ་ལྟར། །བརྗོད་བྲལ་ཆོས་སེམས་གཉིས་མེད་ལ། །བརྗོད་མེད་མཁས་པས་རྟོགས་གྱུར་ན། །མ་རིག་རྨོངས་པའི་ཐེག་པ་ཡིས། །བརྗོད་པས་དེ་ཉིད་རྟོགས་བྱའི་ཕྱིར། །རང་བྱུང་གསལ་བར་བཤད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་བརྗོད་བྲལ་རིག་པའི་འཁོར་ལོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གསུངས་པ། བསྟན་ཞིང་རྟོག་དཀའི་སྤྱོད་ཡུལ་ནི། སངས་རྒྱས་སེམས་ཅན་དབྱེར་མེད་དེ། །མཐའ་དབུས་བྲལ་བའི་སྙིང་པོ་ལ། །བརྗོད་ཅིང་བསྟན་དུ་ཡེ་ནས་མེད། །གསང་བའི་ནང་ནས་རབ་ཏུ་གསང་། །དམན་པའི་སྤྱོད་ཡུལ་མ་ཡིན་པ། །སྒྲོ་འདོགས་སྐུར་པ་རབ་ཞི་བ། །ཐོག་མ་ཐ་མ་མེད་རང་བཞིན། །རང་གི་རིག་པ་མཆོག་གི་ཡུལ། །བརྗོད་བྲལ་སྒྲ་དང་ཚིག་བྲལ་བས། །དབྱིངས་དང་ཡེ་ཤེས་འཁྲུལ་བའི་ལམ། །བརྗོད་མེད་བརྗོད་པ་ནོར་བའི་ལམ། །མཚོན་ཅིང་བཤད་པ་ཀུན་ལས་འདས། །གཞི་རྩ་མེད་པའི་ཀུན་གཞི་ལ། ་སྣྲུ་འབྲས་འཛིན་པའི་འཁྲུལ་པའི་ལམ། །འབྲས་བུ་ཉིད་ལས་འབྲས་བུར་འབྱུང་། །བསྐྱེད་བྱ་སྐྱེད་བྱེད་རྒྱུ་འབྲས་བྲལ། །མུན་ཁུང་རྫས་དང་གསལ་བྱེད་ལྟར། །བླ་མའི་ངག་གིས་མཚོན་པར་བྱ། །སྒྲ་བྲལ་བསྟན་པ་རྒྱ་མཚོའི་མཛོད། །གཉིས་མེད་ཡེ་ཤེས་གསལ་བ་ནི། །ཀུན་བྲལ་རིག་པ་གཅིག་ཏུ་བསྟན། །བརྗོད་བྲལ་ཆོས་ཀུན་རྒྱུ་ཡི་དབྱིངས། །གང་ཞིག་ཡིན་པ་དེ་ཉིད་ཡིན། །དུས་གསུམ་སྔ་ཕྱི་ཁྱད་པར་ཡང་ བསམ་བྲལ་ཉིད་ཀྱི་དུས་སུ་བསྟན། །སྐྱེ་མེད་གཞིག་པ་ཀུན་བྲལ་བས། །རྟག་པ་ཆེན་པོ་མཆོག་གི་སྐུ། །སྐུ་གསུམ་ནམ་མཁའི་འཁོར་ལོ་ཅན། །བརྗོད་མེད་བཙལ་བྲལ་ཡེ་སངས་རྒྱས། །གང་ཡང་མ་ཡིན་དེ་ཉིད་ཡིན། །དགེ་སྡིག་ཆེ་ཆུང་མེད་པ་ཡིས། །ཞི་བ་ཆེན་པོའི་ངང་ལ་གནས། །འདི་ལ་ཅི་ཡང་བྱ་མི་དགོས། །མི་བཙལ་ནམ་མཁའི་བྱ་ལམ་གནས། །འཁོར་བ་ཡེ་ཉིད་རྡོ་རྗེར་གཅིག །གཟུགས་མེད་གཟུགས་ཏེ་གཟུགས་ཀྱི་མཆོག །བཅོམ་ལྡན་སངས་རྒྱས་ལྷུན་གྲུབ་སྐུ། །ནམ་མཁའི་མཐའ་ལྟར་ཁྱབ་བདལ་བས། །སྐུ་གསུམ་དབྱེ་བ་ཀུན་དང་བྲལ། །མི་དགོས་མི་བསྟན་བྱས་ཟིན་པས། །རིག་པ་གསལ་བའི་འོད་ལ་ཐུག །སེམས་ལས་བྱུང་བའི་མཚན་ཉིད་ཀྱང་། ཡན་ལག་འབུམ་ཕྲག་བསམ་མི་ཁྱབ། །ཏིང་འཛིན་བསམ་མེད་འཁོར་ལོ་གསལ། །ཅིར་སྣང་རིག་པའི་ཁྱད་པར་ལས། །ཆེ་ཆུང་རྣམ་པ་ཡོངས་ཀྱིས་མེད། །ཀུན་ཀྱང་དེ་དག་ཉིད་དུ་གནས། །རྒྱ་མཚོ་གཏིང་གི་ཉ་མོ་ལྟར། །བག་ཚའི་རྣམ་པ་ཞི་བའི་སྐུ། །རང་བྱུང་རིག་པའི་འཁོར་ལོ་གསལ། །ཅིར་སྣང་རིག་པའི་ཁྱད་པར་ལས། །ཆེ་ཆུང་རྣམ་པ་ཡོངས་ཀྱི་མེད། །ཀུན་ཀྱང་དེ་དག་ཉིད་དུ་གནས། །རྒྱ་མཚོ་གཏིང་གི་ཉ་མོ་ལྷར། །བག་ཚའི་རྣམ་པ་ཞི་བའི་སྐུ། །རང་བྱུང་རིག་པའི་འཁོར་ལོ་ལྟར། །བསྐོར་བྲལ་རིག་པའི་དབྱིངས་ལ་ཐུག །བརྗོད་མེད་རང་བྱུང་དོན་ཡིན་ཡང་། །བརྗོད་བྲལ་རིག་པ་བརྗོད་པ་ཡིས། །ཚིག་ཏུ་མ་ཡིན་དོན་ལ་སྦྱོར། །འབྱོར་བས་ཞི་བ་མ་ཉམས་བདེ། །དེ་ཉིད་དོན་ལ་དེ་ཡིས་མཚོན། །གཉིས་མེད་རིག་པའི་དོན་དུ་མཉམ། །ཉ་མོ་འཁོར་ལོའི་རྒྱུད་ལས། གླིང་གཞི་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ལ། རྡོ་རྗེ་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །རྫོགས་ཆེན་སེམས་ཀྱི་རང་བཞིན་ལ། །ཆོས་ཀུན་ཡེ་ཤེས་གཅིག་པའི་ཕྱིར། །བལྟ་ཞིང་བརྟག་པ་མ་ཡིན་ཡང་། །ལྟ་བའི་ཁྱད་པར་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་ཡེ་ཤེས་འཁོར་ལོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གསུངས་པ། རང་བཞིན་གཅིག་ལ་རྟོགས་ཚུལ་གྱིས། །བདེ་དང་སྡུག་བསྔལ་ཁྱད་པར་གྱིས། །ཐེག་པའི་ཁྱད་པར་གཉིས་སུ་གྲགས། །རྟོགས་པས་རིག་པ་གཅིག་ལས་མེད། །བདེན་བཞི་ཡེ་ཤེས་བཅུ་དྲུག་གིས། །མཐོང་དང་སྒོམ་པའི་སྤང་ཚུལ་གྱིས། །རང་དོན་གྲུབ་པའི་མྱ་ངན་འདས། །སྤོང་བ་མུན་པ་ལོག་པའི་ལམ། །ཆོས་དང་གང་ཟག་ཁྱད་པར་ལ། །གཅིག་དང་ཆ་ཕྱེད་མ་རྟོགས་པ། །བཀག་པས་རང་འདོད་མཐར་ཕྱིན་ཀྱང་། །འདི་ཡང་རང་དོན་གཞན་མེད་པའོ། །སྦྱང་མེད་རང་བྱུང་རིག་པ་ལ། །བདེན་གཉིས་ཕ་རོལ་ཕྱིན་བཅུ་ཡིས། །སྦྱངས་པའི་ལམ་ལྔ་ས་བཅུ་ཡིས། །སྦྱོང་བར་འདོད་པ་བྱས་ཚི་ཆད། །དབྱེར་མེད་དག་པའི་ཆོས་སྐུ་ལ། །དག་དང་མ་དག་ཚུལ་འཛིན་ཅིང་། །མཐོ་དམན་རིམ་པ་གྲུབ་འདོད་པས། །གཉིས་མེད་དོན་ལ་གཉིས་ཀྱི་ཉམས། །གཉིས་འཛིན་ཚུལ་གྱིས་གཅིག་ལ་བསྒྲུབ། །ངེས་མེད་ཚུལ་གྱིས་ཉེས་པ་འདོད། །རང་གིས་འགལ་བ་ཉིད་ཀྱི་ཚུལ། །རང་གསལ་དོན་ལས་ཉམས་པར་འགྱུར། །རང་བཞིན་དག་པར་མ་རྟོགས་པར། །ལྔ་བཞི་རིམ་པར་སྐུར་གསལ་ཏེ། །གཙང་སྨེའི་ཚུལ་གྱིས་གྲུབ་འདོད་པ། །སྤོང་ལེན་མེད་པའི་དོན་དང་འགལ། །དབྱིངས་དང་ཡེ་ཤེས་རྒྱུ་འབྲས་ཀྱིས། །རང་བྱུང་དོན་ལ་གཉིས་བཟུང་བས། །འཇིག་རྟེན་འཁོར་བའི་གནས་སུ་ལྟུང་། །གཅིག་ལ་གཉིས་སུ་བཟུང་བས་འཁྲུལ། །རྣམ་རྟོག་འཁོར་ལོ་རྒྱུན་མི་འཆད། །ཡེ་ཤེས་འཁོར་ལོ་མུ་མཐའ་ཡས། །ཏིང་འཛིན་འཁོར་ལོ་བསམ་མི་ཁྱབ། །རང་བྱུང་འཁོར་ལོ་རྒྱུ་རྐྱེན་བྲལ། །བསམ་བྲལ་རིག་པའི་ཡེ་ཤེས་ལ། །བསམ་པའི་འདུ་ཤེས་རྟོག་པའི་རྒྱུན། །སྒྲོ་སྐུར་མཚན་མ་འཁྲུལ་བའི་ལམ། །གང་བརྟགས་ཕྱོགས་འཛིན་རིག་པ་འཁྲུལ། །རང་བྱུང་དོན་ལ་རྒྱུ་ཡིས་བསྐྱེད། །རང་གསལ་ངང་ལ་གཞན་གྱིས་བསླད། །གསལ་བའི་སྒྲོན་མ་མུན་པས་བསྒྲིབས། །བགྲོད་མེད་དོན་ལ་བགྲོད་མཐའ་རིང་། །བསྲུང་མེད་དོན་ལ་བགྲུངས་མཚམས་འཛིན། །ཡེ་ནས་བྱས་ཟིན་བྱེད་སྤྱོད་འཕྲུལ། །གཉིས་མེད་དོན་ལ་གཉིས་སུ་འཛིན། །བཙལ་བྲལ་ངང་ལ་རྩོལ་སྒྲུབ་བྱེད། །བརྗོད་བྲལ་ངང་ལ་བརྗོད་པར་རྟོགས། །བསྐྱོད་མེད་ངང་ལ་རིམ་པར་བསྐྱེད། །ལྷུན་གྲུབ་འབྲས་བུ་ཡུལ་དུ་བྱེད། །འབྲས་བུ་གྲངས་མེད་གྲངས་སུ་གཟུང་། །བསྐུར་མེད་རིག་པའི་རྒྱལ་ཐབས་ལ། །མ་རྟོགས་རྟོག་པའི་དབང་གིས་བསླད། །འཛིན་བྲལ་ངང་ལ་འཛིན་པས་ཉམས། །ཕྱོགས་བྲལ་ངང་ལ་ཕྱོགས་སུ་བཟུང་། །འདི་ཀུན་རང་བྱུང་དོན་ལས་གྲོལ། །གྲང་ཡང་ཇི་ལྟར་ཞེན་པ་དེ། །སྲིད་པ་ལོག་པའི་ལམ་ཡིན་ཏེ། །འཁོར་བ་མུན་པའི་ནང་དུ་ལྟུང་། །སྐུ་ཡི་འཁོར་ལོ་མཚོན་དང་བྲལ། །གསུང་གི་འཁོར་ལོ་བརྗོད་དང་བྲལ། །ཐུགས་ཀྱི་འཁོར་ལོ་བསམ་མི་ཁྱབ། །ཡེ་ཤེས་དཀྱིལ་འཁོར་ལྷུན་གྱིས་གྲུབ། །རང་བྱུང་དཀྱིལ་འཁོར་རྒྱུ་རྐྱེན་མེད། །ཕྱོགས་མེད་ལྷུན་གྲུབ་འཛིན་དང་བྲལ། །རྫོགས་ཆེན་ལྷུན་གྲུབ་དབྱེ་བ་མེད། །བྱ་མེད་འཕྲིན་ལས་ཅིར་སྣང་ཡང་། །བགྲོད་བྲལ་རིག་པའི་ལམ་གཅིག་པ། །མི་ལྟ་མི་རྩོལ་ཅི་ཡང་མེད། །མ་བྱས་པ་ཉིད་བྱས་པ་ཡིན། །མ་གྲོལ་ཡེ་ནས་བཅིངས་དང་བྲལ། །མ་སྐྱེས་མི་འགག་མཉམ་ཉིད་ཀློང་། །མ་བཙལ་མི་སྤྱད་དགོངས་པའི་ཀླུང་། །མ་བགྲོད་རིག་པ་ཅིག་ཅར་སྨིན། །འཕུར་སྐྱེས་ལྟ་བུའི་རིམ་པ་མེད། །ལམ་ལྔ་ས་བཅུའི་རྟོག་པའི་ནད། །བསྐྱེད་རྫོགས་ཏིང་འཛིན་དོན་གྱི་ནད། །བླང་དོར་མི་སྐྱེད་ཆད་པའི་ནད། །མཚན་འཛིན་རྣམ་རྟོག་འདམ་གྱི་ཚུལ། །བལྟ་མེད་བསམ་མེད་སྒོམ་དུའང་མེད། །དམིགས་མེད་བཙལ་བའི་ཡུལ་ལསའདས། །རང་བྱུང་རིག་པ་གཅིག་ལ་རྫོགས། །མ་ལྟ་ཡུལ་མེད་རང་གི་དབྱིངས། །མ་མཐོང་རིག་པ་དབྱིངས་ཀྱི་རྒྱན། །བསམ་མེད་ཡེ་ཤེས་གསལ་བའི་ངང་། །མཚན་མེད་མཐའ་དབུས་ཀུན་དང་བྲལ། །མ་མཐོང་ཡུལ་མེད་ལྟ་བའི་ཀློང་། །སེམས་དེ་གཅིག་དང་ཐ་དད་མིན། །ཡེ་ཤེས་རིག་པའི་འཁོར་ལོ་ལ། །རྟག་ཆད་དམིགས་པ་ཀུན་དང་བྲལ། །མཚན་འཛིན་ཞེན་འཛིན་མཉམ་པའི་ཞིང་དུ་ཐིམ། །མི་མངོན་རིག་པ་དབྱིངས་ལ་གསལ། །ཞེས་གསུངས་སོ། །ཉ་མོ་འཁོར་ལེའི་རྒྱུད་ལས། སེམས་ཡུལ་གཅིག་པར་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ། རིག་པའི་རྒྱལ་པོ་གསལ་བའི་ངང་། །ཕྱོགས་མེད་ཁྱབ་པའི་ངོ་བོ་ལ། །གཉིས་པར་འཛིན་པ་མི་གནས་ཀྱང་། །སྤྱོད་པའི་ཁྱད་པར་བཤད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་སྤྱོད་པ་སྣ་ཚོགས་ཀུན་བཟང་འཁོར་ལོ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ། །རང་བྱུང་ཐབས་ཀྱི་སྤྱོད་པ་ནི། །ཇི་ལྟར་སྤྱད་པ་དེ་ལྟར་བདེ། །རྒྱ་མཚོའི་གཏིང་གི་ཉ་མོ་ལྟར། །གང་ལྟར་བྱས་པ་དེ་ལྟར་བདེ། །གང་ཡང་བཀག་པ་མེད་པར་གསལ། །ཆགས་མེད་ཐབས་ཀྱིས་མ་ཟིན་ན། །ཅི་སྤྱད་མི་གྲོལ་འཆིང་བའི་རྒྱུ། །རང་གསལ་གཞན་མེད་རིག་པའི་ཀློང་། །བདག་མེད་དབུ་མ་གསལ་བའི་དབྱིངས། །རང་བཞིན་འགག་དང་ལེན་མེད་པས། །སྤྱོད་པའི་ཁྱད་པར་ཅི་ཡང་གསལ། །རྩོལ་བྲལ་དབུ་མའི་ལམ་དུ་གནས། །པདྨ་ལ་ནི་འདམ་བཞིན་དུ། །མ་གོས་དེ་དང་མཉམ་དུ་གནས། །ཇི་ལྟར་མ་གཡོས་གཅིག་ཏུ་འདུས། །ཐབས་ཀྱི་སྤྱོད་པ་མཁའ་ལྟར་བདལ། །དགེ་སྡིག་བཅོས་མེད་སྙིང་པོ་ལ། །བཅོས་པའི་སྤྱོད་པ་ནོར་པའི་ལམ། །སྒོ་གསུམ་སྤྱོད་པ་བཞི་ཡིས་ནི། །གསེར་གྱི་ཉ་མོ་ལྡིང་བ་བཞིན། །དོགས་མེད་དེ་ལྟ་ཉིད་དུ་བདེ། །འདི་ལྟར་ཡེ་ཤེས་སྤྱོད་པའོ། །ཕྱག་དང་བསྐོར་བའི་ལས་མི་བྱ། །དཀྱིལ་འཁོར་བསྙེན་པའི་མཆོད་པ་དང་། །མཆོད་དང་ལུས་ཀྱི་ཕྱག་རྒྱ་དང་། །བྱས་པས་འཁོར་བའི་གཡང་སར་ལྟུང་། །སྔགས་དང་གླེགས་བམ་བཀླག་པ་དང་། །དབྱངས་དང་ཚིག་བཤད་བརྗོད་པ་དང་། །ངག་གི་བྱ་བ་ཐམས་ཅད་ནི། །མཚན་མས་བདེ་བའི་དོན་མི་འབྱུང་། །མཚན་མའི་སྐུ་ཡི་སྦྱོར་བ་དང་། །རླུང་དང་རྡོ་རྗེ་བཟླས་པ་དང་། ཐིག་ལེ་ཡིད་ཀྱི་སྦྱོར་བ་དག །མ་བྱས་བྱས་པས་འཆིང་གྲོལ་འཁྲུལ། །ཅི་ཡང་མི་བྱ་བྱ་མི་དགོས། །མི་བསམ་དེ་བཞིན་ཉིད་དུ་གཞག །སྐྱིལ་ཀྲུང་མི་བྱ་ལངས་ཀྱང་རུང་། །ཡེ་ནས་ཟིན་པས་བཙལ་མི་དགོས། །མི་མཆོད་བདག་ཉིད་ཤེས་པ་ཡིས། །ཀུན་གྲོལ་རྫོགས་ཆེན་ལམ་དུ་ཉེ། །ཉ་མོ་འཁོར་ལོ་བྱང་ཆུབ་སེམས། །བསྐོར་ཞིང་རང་བྱུང་སེམས་ལ་གཏུགས། །རིང་དུ་བཙལ་བས་དོན་མི་རྙེད། །དོན་གྱི་དོན་བཙལ་སེམས་ལས་བྱུང་། །གཞི་རྩ་མེད་པའི་སྙིང་པོ་ལ། །འཁྲུལ་པའི་བག་ཆགས་ཀུན་ཏུ་སྟོང་། །རིག་པ་སྦྱོར་བས་གཉིས་མི་སྟོང་། །མ་སྐྱེས་མི་འགག་རྒྱུ་རྐྱེན་མེད། །གཉེན་པོ་ལ་སོགས་དེ་དང་འདྲ། །བསྒྲིམས་པས་འཆིང་ཞིང་གློད་ན་གྲོལ། །ཀུན་ལ་གནས་པས་སྦས་པའི་ངང་། །མ་སྤྱད་པ་ཉིད་སྤྱད་པ་སྟེ། །སྣ་རྩེར་ལྷ་བའང་སྤང་བྱས་ཏེ། །མ་སྐྱེས་འཁོར་ལོ་མཉམ་དུ་གསལ། །ཉི་མ་སྟོང་གི་དཀྱིལ་འཁོར་ལྟར། །མ་བཙལ་ལྷུན་གྲུབ་གདོད་ནས་དག །བཅིངས་པ་ཀུན་ཏུ་རྩོལ་བར་འགྱུར། །གྲོལ་ན་མི་གཡོ་བརྟན་པར་གནས། །འདི་དོན་རྟོག་པའི་སྐྱེས་བུ་ཡིས། །རིག་སྦྱོར་བློ་ནི་བསམ་མི་ཁྱབ། །རྡོ་རྗེ་ཉི་མའི་སྙིང་པོ་ལྟར། །ལོ་ལྟ་ཟིལ་མནན་ཡེ་སངས་རྒྱས། །གང་ཞིག་རིམ་པས་མཉམ་སྦྱར་ནས། །མ་སྦྱར་ཕ་བསྒྲལ་རི་ལུང་བསྲེགས། ཁམས་གསུམ་འགུལ་བ་ཀུན་བསད་ནས། །རིག་པ་འོད་གསལ་ཞིང་དུ་སྐྱེ། །བྱས་པ་ཟིན་པས་ཅི་མ་བྱེད། །ཡེ་ནས་གྲོལ་བས་བཅིངས་དང་བྲལ། །མ་བསྟན་རིག་པ་ཀླུང་དུ་གོ །ཅི་ཡང་མི་བྱ་རང་དགར་ཞོག །དགེ་སྡིག་མེད་པའི་དོན་རྟོགས་ན། །ཇི་ལྟར་བྱས་ཀྱང་གོས་པ་མེད། །གསེར་གྱི་འཁོར་ལོ་འབར་བ་ལྟར། །གང་ལྟར་བསྐོར་ཡང་དབྱིངས་ལས་མེད། །འདི་ལྟར་གསང་བའི་རྫོགས་ཆེན་ལ། །གཉིས་མེད་རིག་པ་བསམ་མི་ཁྱབ། །གཉིས་མེད་དེ་ཉིད་མ་རྟོགས་པར། །གང་ལྟར་བཙལ་བ་ལོག་པའི་ལམ། །བཙལ་བྲལ་ཕྱོགས་མེད་ལྷུན་གྲུབ་ལ བཙལ་བའི་སྤྱོད་པ་ཕྱིན་ཅི་ལོག །མངོན་སུམ་ཡེ་ཤེས་གསལ་བ་ལ། །བརྒྱུད་པའི་ཤེས་པས་རྟོགས་པ་མེད། །གཉིས་མེད་རང་གསལ་ཉག་གཅིག་ལ། །གཉིས་འཛིན་རིག་པས་གཅིག་དང་འགལ། །སྒོམ་མེད་མ་ཡེངས་ཡུལ་བྲལ་ལ། །ལྟ་སྒོམ་ཡུལ་གྱི་ལྕགས་ཀྱིས་བཅིངས། །སྤྱད་མེད་ཡལ་བའི་ཐབས་ཆེན་ལ། །སྤོང་ལེན་སྤྱོད་པ་ལོག་འཁྲུལ་སྤྱོད། །དམན་པའི་བློ་བརྒྱད་ཕྱོགས་ཙམ་གྱིས། །རང་རང་ཞེན་པའི་བློ་ཁྱད་ཀྱིས། །ཕྱོགས་བྲལ་ནམ་མཁའི་མཚན་ཉིད་ལ། །བཙལ་ཞིང་བཅིངས་པས་དམ་དུ་བཅིངས། །གང་ཞིག་རང་བྱུང་ཡེ་ཤེས་ལ། ཁུ་འབྲས་རྟོག་པའི་ཁྱད་པར་གྱིས། །འཇིག་རྟེན་རྩོལ་བའི་ལམ་ཞུགས་པས། །གསང་བའི་རྫོགས་མཆོག་དོན་དང་བྲལ། །མ་སྐྱེས་རང་བྱུང་ཡེ་ཤེས་ལ། །སྐྱེ་འགག་མཐོང་བ་ནོར་པའི་ལམ ཐམས་ཅད་གཅིག་ཏུ་གསལ་བ་ཡིས། །མ་བསམ་མི་འཇུག་ཅིར་མི་དགོངས། །རང་གསལ་ཀློང་ལ་རྟག་པར་བཞུགས། །རང་བྱུང་རིག་པ་ཅིར་མི་བསམ། །རིག་པ་མཚན་མའི་རྗེས་མི་འབྲང་། །རྡོ་རྗེའི་རིག་པ་འོད་གསལ་ལུང་། །ཡེངས་པ་མེད་པར་རང་བཞིན་གནས། །ཀུན་ཀྱང་མཉམ་པར་རིག་པས་གསལ། །འཁོར་བ་ཆོས་སྐུའི་ངང་དུ་གསལ། །འཆིང་བ་ཉིད་ཀྱང་གྲོལ་བའི་ལམ། །མར་མེའི་ཚུལ་ལྟར་གོས་པ་ནི། །གཡོ་མེད་རིག་པ་མཆོག་གི་ལུང་། །མ་བཅོས་གསང་བའི་སྤྱོད་པ་ལ། །བྱས་དང་མ་བྱས་གཉིས་ཀ་ནད། །ཅི་སྤྱད་རྟོགས་པས་ཡེ་ཤེས་གསལ། །མ་རྟོགས་པ་ཡི་རླུད་དུ་འགྱུར། །གསང་བ་ཉ་མོ་འཁོར་ལོ་འདི། །འགྲོ་ཀུན་རང་བྱུང་དབྱིངས་ལ་གནས། །འདི་ནི་རང་བྱུང་བྱང་ཆུབ་སེམས། །མ་བསྐྱེད་རྫོགས་པའི་ཡེ་ཤེས་ལ། །གྲོལ་བའི་དཀྱིལ་འཁོར་ཡོངས་རྫོགས་པས། །རང་བྱུང་དཀྱིལ་འཁོར་རྨད་རྫོགས་གསལ། །ཞེས་གསུངས་སོ། །ཉ་མོ་འཁོར་ལོའི་རྒྱུད་ལས། སྤྱོད་པ་བདེ་བ་ཆེན་པོ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་དེ་ཉིད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །རང་བྱུང་རིག་པ་བསམ་མི་ཁྱབ། །དེ་ཉིད་བཅོམ་མེད་སྙིང་པོའི་དོན། །འཁོར་ལོ་མི་འགྱུར་གསེར་དང་འདྲ། །དེ་ཉིད་ངེས་པར་བཤད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་དཔལ་ཀུན་ཏུ་བཟང་པོ་ཉིད་བསམ་གྱིས་མི་ཁྱབ་པའི་འཁོར་ལོ་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ། །རང་བྱུང་འཁོར་ལོ་བསམ་མི་ཁྱབ། །ཆོས་ཉིད་འཁོར་ལོ་སྒྲོ་སྐུར་བྲལ། །སྐུ་གསུམ་འཁོར་ལོ་གྲངས་དང་བྲལ། །འོད་གསལ་འཁོར་ལོ་དབྱིངས་ལ་འདུས། །དཔེ་མེད་སྒྲ་ཚིག་བརྗོད་མཐའ་མེད། །རྒྱུ་མེད་རྐྱེན་མེད་འཇིག་པ་མེད། །སྐུ་མེད་ཀུན་སྣང་རིག་པའི་ངང་། །མཚོན་མེད་བརྗོད་དུ་ཚིག་དང་བྲལ། །གསང་བ་སྒྲ་བྲལ་རིག་པའི་མཆོག ཁྱབ་པར་གསལ་ལ་རྟག་ཏུ་མེད། །རྣལ་འབྱོར་ངེས་པའི་ལུང་ཉིད་ནི། །མ་བཅོས་བཅོས་པ་ནོར་བའི་ལམ། །དག་དང་མ་དག་ཚིག་མཐའ་བྲལ། །ཀུན་གྱི་སྙིང་པོ་གཅིག་གི་སྐུ། །ནམ་མཁའི་འཁོར་ལོ་མཚོན་དང་བྲལ། །ཐེག་པའི་རྩ་བ་སེམས་ཉིད་དང་། །འགྲོ་དྲུག་ཁྱབ་པའི་སེམས་ཉིད་ནི། །རིག་པའི་འཁོར་ལོ་ཀུན་ལ་སྒྱུར། །སྙིང་པོ་བྱ་བྲལ་རྫོགས་པའི་ལུང་། །འཛིན་པའི་ཐ་སྙད་ཀུན་ལས་འདས། །སྒྲ་བྲལ་བསྟན་པ་རྒྱ་མཚོའི་མཛོད། །དགོངས་པ་གསང་བ་སྤྱི་ཡི་ལུང་། །ཟབ་མོ་དགོངས་པ་གསང་བ་འདི། །མི་རྟོག་སྤྱོད་པའི་ཡུལམེད་དེ། །དགོངས་པ་ཀུན་འདུས་གསང་བའོ། །ཞེས་གསུངས་སོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་དུས་གསུམ་རྒྱལ་བ་ཀུན་གྱི་ཡང་མེས་པོ། །ཀུན་བཟང་ཉག་གཅིག་དགོངས་པའི་ལུང་འདི་ལ། །སངས་རྒྱས་སེམས་ཅན་ཆོས་རྣམས་མ་ལུས་པ། །ཡེ་ཤེས་འོད་གསལ་མཆོག་ཏུ་ཇི་ལྟར་འདུས། །ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་རིག་པ་འཁོར་ལོ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ལ་སྙོམས་པ་ཞུགས་ནས་འདི་སྐད་ཅེས་གསུངས་སོ། །རྒྱུ་མེད་རྐྱེན་བྲལ་རང་བྱུང་དབྱིངས། །རང་བྱུང་རིག་པ་དབྱིངས་ཀྱི་དོན། །འབྱུང་འཇུག་མེད་པའི་དབྱིངས་ལ་གསལ། །གསང་བ་དམ་པ་ཉིད་དུ་བཤད། །ཆོས་རྣམས་ཀུན་གྱི་རང་བཞིན་ནི། །རང་བྱུང་རིག་པ་མུ་མཐའ་མེད། །རྩོལ་བའི་ཡུལ་བྲལ་དམིགས་པ་མེད། །བྱ་བཙལ་མེད་པས་ཅིར་མི་དགོངས། །ཀུན་གྱི་རང་བཞིན་ཉག་གཅིག་ལ། །འདོད་སྦྱོར་བློ་ཡིས་གོམས་ལྟར་སྣང་། །དེ་ནི་རིག་པ་མུ་མཐའ་མེད། །སངས་རྒྱས་སེམས་ཅན་གཉིས་མེད་དེ། །གསངས་བའི་དབྱིངས་ལ་ཞབྲུལ་པས་བརྟགས། །ཡེ་ཤེས་རྫོགས་པའི་ལུང་ཉིད་ཀྱིས། །སྣང་སྲིད་སེམས་སུ་གཏན་ལ་ཕབ། །འགྲོ་དྲུག་ཞེན་པའི་བརྟགས་པ་ཡང་། །སྤྲོ་བསྡུ་དབྱིངས་ཉིད་གསལ་བའི་ངང་ བཙལ་ཅིང་སྤྱད་པ་ཅིར་བརྟགས་ཀྱང་། །སྙིང་པོ་རང་བྱུང་དབྱིངས་ལ་ཐུག །ལྟ་དགུ་རང་བྱུང་ཉག་གཅིག་ལ། །གང་ལྟར་བལྟས་པའི་ཚུལ་སྣང་ཡང་། །དེ་ཉིད་བསམ་མེད་ངང་དུ་གསལ། །སྦྱོད་པའི་བསམ་པས་ཅི་སྤྱད་པ། །རྣམ་རྟོག་སོ་སོའི་བག་ཆགས་ཀྱིས། །དེ་ལྟ་དེ་ལྟ་ཉིད་དུ་སྣང་། །མ་སྐྱེས་འཁོར་ལོ་མཉམ་དུ་གསལ། །སུམ་བརྒྱ་དྲུག་ཅུ་ལ་སོགས་པ། །དབང་པོ་བྱེ་བྲག་ཁྱད་པར་གྱིས། །བསྲུང་དང་མི་བསྲུང་ཀུན་བྲལ་ལ། །གཅིག་པས་བསྲུང་དང་མི་བསྲུང་མེད། །རང་བྱུང་རིག་པའི་རྒྱལ་པོ་ལ། །རྫས་དང་མཚན་མ་སྔགས་རྩོལ་པས། །ཆ་གཉིས་རིག་པས་རྩལ་བསྐུར་ཡང་། །རྒྱལ་ཐབས་རིག་པ་རང་འཆར་ལུང་། །སྒྲུབ་དང་མི་སྒྲུབ་ཆ་འཛིན་ཅིང་། །དངོས་གྲུབ་ནམ་མཁའི་མཐའ་བཞིན་དུ། །བཙལ་ཡང་རང་བྱུང་དབྱིངས་ལ་ཐུག །ཕ་རོལ་ཕྱིན་དང་བསྡུ་བ་བཞི། །ལམ་དང་ས་ཡི་རང་བཞིན་ལ། །ཅི་བཙལ་ཅི་སྒྲིབ་ཅི་བགྲོད་ཀྱང་། །རང་བྱུང་རིག་པ་གཅིག་ལ་རྫོགས། །མ་བསྒྲིབས་གསལ་བའི་རང་བཞིན་ལ། །སྒྲིབ་དང་མི་སྒྲིབ་མཉམ་པ་ལ། །གཉིས་འཛིན་ཕྱལ་བར་མི་དམིགས་པས། །ཡེ་ཤེས་གསལ་བའི་རང་བཞིན་ཡིན། །རང་བྱུང་རིག་པའི་དཀྱིལ་འཁོར་ལ། །ཕྱོགས་དང་མཐའ་དབུས་ཆོས་མི་གནས། །གྲངས་མེད་རྒྱལ་བའི་དཀྱིལ་འཁོར་ཡང་། །རིག་པའི་འཁོར་ལོ་ཉིད་ལ་འདུས། །རང་བྱུང་རིག་པ་མ་ཤེས་ན། །མེཏོགབདུགསྤོསལྷ་བཤོས་ཉིད། །ཕུལ་ཀྱང་རྒྱལ་བ་ག་ལ་བཞེས། །རང་བྱུང་ཡེ་ཤེས་མཆོད་པས་ཁྱབ། །གྲངས་འདས་ཞིང་ཁམས་སྐུ་གསུང་ཐུགས། །མ་བསྐྱེད་རང་བྱུང་འབྲས་བུ་ལ། །སྨིན་མེད་ཉི་མའི་འོད་ལྟར་རྫོགས། །བསྐྱེད་པ་མེད་པར་ཡེ་ནས་གནས། །ཀྱེ་སེམས་དཔའ་ཆེན་པོ་དེ་ལེགས་པར་ཉོན་ཅིག །ང་ལ་མ་ལྟ་ཡུལ་མེད་ཀྱིས། །སྦྱད་དང་མི་སྤྱད་མེད་པས་ན། །ཕྱག་རྒྱ་མི་འཆིང་སྔགས་མི་ཟློས། །སྨྲ་བའི་ཚིག་དང་དག་མི་འཆོལ། །ས་ལ་མ་བགྲོད་ལམ་དང་བྲལ། །ཡེ་དབང་ཐོབ་པས་དབང་མ་བསྐུར། །བཙལ་མེད་ཉིད་ལ་ད་མ་རྩོལ། །མི་གསལ་མེད་པས་ཡེ་ཤེས་ཉིད། །དཀྱིལ་འཁོར་མི་བསྐྱེད་སེམས་མི་བསྒོམ། །མཆོད་པ་མི་བྱ་སྦྱིན་མི་གཏང་། །གང་ཡང་མི་བྱ་བྱས་པ་ནད། །འཆིང་བ་ཅི་ཡང་མ་བྱེད་ཅིག །བསམས་པས་མི་བྱ་དེ་བཞིན་གནས། །མ་རྩོལ་གྱིས་ན་ཉིད་དུ་གནས། །ཉི་མ་འོད་འབར་དབྱིངས་ལ་གནས། །མ་སྐྱེས་རིག་པའི་འཁོར་ལོ་ལ། །མ་སྐྱེས་འཇིགས་པ་མེད་པའི་དོན། །ཉ་མོ་གསང་བའི་དཀྱིལ་འཁོར་ལ། །མཐའ་དག་དབུས་དག་གདོད་ནས་དག །ཉ་ཡི་སྤྱོད་ཡུལ་ཇི་བཞིན་དུ། །གང་ལྟར་གནས་པ་དེ་ལྟར་བདེ། །རང་འབྱུང་ཡེ་ཤེས་སྐྱེ་འཇིག་མེད། །ལྷུན་གྲུབ་ཕྱོགས་རིས་མེད་པར་གྲུབ། །གསང་བའི་འཁོར་ལོ་རིག་པར་འབྲེལ། །སྤྲོས་བྲལ་སེམས་ཀྱིརངབཞིན ནི། །མ སྐྱེསརིག་པ་ཅིར་མི་དགོངས། །ཐམས་ཅད་གཅིག་གི རངབཞིན ལས། །གཡོ་བ་མེད་ཅིང་ཆོ་འཕྲུལ་འབྱུང་། །རང་བྱུང་ཐུགས་རྗེ་གཡོ་མེད་ཀྱིས། །ཇི་ལྟར་འདོད་པ་ཆར་དུ་འབེབས། །སྟོན་པ་ཀུན་བཟང་རང་བཞིན་ནི། །ཕྱི་ནང་སྣོད་བཅུད་ཀུན་ལ་ཁྱབ། །སེམས་དབྱིངས་བྱང་ཆུབ་སེམས་ཀྱི་ངང་། །འབྲས་བུ་ཉིད་ཀྱི་འབྲས་བུར་གསལ། །སེམས་ཀྱི་རང་བཞིན་བསྟན་པ་ནི། །མི་གནས་བསམ་པའི་ཡུལ་ལས་འདས། །དམིགས་དང་མི་དམིགས་ཡུལ་དང་བྲལ། །མཚན་མེད་སྐྱེ་འཇིག་ཀུན་དང་བྲལ། །ཀུན་ལ་ཉ་མོ་འཁོར་ལོ་ལ། །འཕོ་འགྱུར་མེད་པའི་རང་བཞིན་གནས། །སེམས་ཀྱིས་སེམས་བཙལ་སེམས་མི་རྙེད། །སེམས་བསྐྱེད་སངས་རྒྱས་རྫོགས་པའི་ལུང་། །རང་སེམས་སྙིང་པོ་སྐྱེ་བ་མེད། །གདོད་ནས་སྙིང་པོ་བྱང་ཆུབ་ལ། །མི་བཙལ་རང་བཞིན་ཀུན་ཏུ་གནས། །ཞེས་གསུངས་སོ། །ཉ་མོ་འཁོར་ལོའི་རྒྱུད་ལས སེམས་རང་བཞིན་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །སྤྱད་མེད་གསང་བའི་རིག་པ་ལ། །སྤྱོད་པ་བསམ་གྱིས་མི་ཁྱབ་ན། །གང་ལྟར་སྤྱད་པ་བདེ་བའི་ཐབས། །བདག་ཅག་རྣམས་ལ་བསྟན་དུ་གསོལ། །ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་སྤྱད་མེད་རིག་པའི་དོན་བཀའ་སྩལ་བ། བྱང་ཆུབ་སེམས་ཀྱིརངབཞིནནི། །སུསཀྱང་ཤེས་པར་མི་རུང་སྟེ། །ཡེ་ཤེས་འཁོར་ལོ་གསང་བའི་ངང་ ཟབ་ཅིང་ཐིག་ལེ་ཡོངས་ཀྱི་ཟླུམ། །གངཡངམཚོནདུམེདཔསན། །ཀུན་བཟངས་རྒྱལ་བར་རྟགས་དང་བྲལ། ཁྲེས་དང་༄༅། ཁྲེས་བྱའི་ཡུལ་སྤངས་པས། །ཐིག་ལེ་ཆེན་པོ་གཅིག་གི་ངང་། །ཡེ་ཤེས་འཁོར་ལོ་ཀུན་ལ་གསལ། །འཛིན་རྟོག་མེད་པ་ཉིད་ཀྱི་ངང་། །ས་བོན་རྒྱུ་དང་ལེན་མེད་པས། །རང་འབྱུང་འདུ་འབྲལ་མེད་པའི་དབྱིངས། །དྲུག་གི་དངོས་པོ་དང་བྲལ་བས། །ཐིག་ལེ་མ་བཅོས་དཀྱིལ་འཁོར་དེ། །གཞན་མེད་བདག་ཉིད་གསང་བའི་དབྱིངས། །དྲུག་གི་སྤྱོད་ཡུལ་མེད་པས་ན། །སོ་སོའི་སྐྱེ་བོའི་ཤེས་ཡུལ་མིན། །དབྱིངས་དང་ཡེ་ཤེས་ཐ་སྙད་པས། །རང་བྱུང་རིག་པའི་དོན་དང་འགལ། །ཡེ་ཤེས་ཀུན་ཀྱང་འདུས་བྱས་པས། ཁུ་མེད་རང་བྱུང་དོན་མི་མཐོང་། །སྐུ་གསུམ་མཚན་མའི་ཚིག་ཡིན་པས། །སྐུ་གསུམ་གྲངས་ཀྱི་རྣམ་པ་མེད། །མཐའ་དབུས་མེད་ལས་ཀྱང་འདས་པས། །མ་སྐྱེས་དེ་བཞིན་ཉིད་ལས་འདས། །སངས་རྒྱས་རྟགས་པའང་ཐ་སྙད་ན། །གཉིས་འཛིན་ཐ་སྙད་སྨོས་ཅི་དགོས། །སྒོམ་ཞིང་བཙལ་བ་ཀུན་སྟོང་པས། །བློ་ཡི་འདུ་ཤེས་བསམ་དུའང་མེད། །བྱང་ཆུབ་ཉིད་ཀྱང་ཚིག་ཡིན་ཏེ། །མཚོན་པའི་ཁྱད་པར་མ་རྟོགས་པ། །ཅིར་རྟགས་མཚན་མ་ཚིག་གི་ལམ། །སྙིང་པོའི་དོན་ལ་མཚན་མ་མེད། །རྣམ་བྲལ་མཆོག་དང་བར་མཐའ་མེད། །རྣམ་གྲངས་མེད་པས་དབྱིངས་ཉིད་ཀློང་། །ཐམས་ཅད་གཅིག་ཏུ་རྫོགས་པ་ན། །རྡོ་རྗེ་སྙིང་པོ་རྫོགས་པའི་ལུང་། །ཀུན་འདུས་སྙིང་པོ་ཐིག་ལེ་ལ། །འཕྲོས་ཤིང་འདུས་པས་ཀུན་དང་བྲལ། །རང་བྱུང་ཐབས་ཀྱི་སྤྱོད་པ་ནི། །གང་ལྟར་ཡིན་པ་དེ་ལྟར་ཡིན། །དེ་ཁོ་ན་ཉིད་གསང་བའི་ལམ། །མི་འབྱུང་མི་འཇུག་ཡང་དག་ཡུལ། །རང་བྱུང་རིག་པ་ཡུལ་མེད་དེ། །གལ་ཏེ་འཇུག་ན་བསླད་པ་ཡིན། །ཇི་བཞིན་རང་བྱུང་འོད་གསལ་ལ། །དུས་གསུམ་རྟགས་པའི་སྤྱོད་པ་མེད། །སྙིང་པོ་རིག་པའི་ཐིག་ལེ་ལ། །གཟུང་འཛིན་སྤྲོས་པ་རྣམ་པར་བཅད། །ཕྱོགས་བྲལ་ཕྱོགས་མེད་ཡེ་ཤེས་གསལ། །གཟུགས་སོགས་དབང་པོ་སྤྱོད་ཡུལ་བ། །བཏགས་དབང་གིས་ནི་དེ་ལྟར་སྣང་། །བློ་བུར་རྟོག་པའི་དབང་གིས་ན། །རང་གསལ་མུན་པའི་བགས་ཀྱིས་བསྒྲིབས། །མཚན་བྲལ་ཆོས་ཀྱི་དབྱིངས་ཉིད་ལ། །རྣམ་རྟོག་མཚོན་པའི་ཆོས་མི་གནས། །དབང་སྒྱུར་རིག་པ་སྨྲ་བསམ་འདས། །མཚན་བྲལ་ཀུན་ཏུ་བཟང་པོ་ནི། །ཀུན་ཁྱབ་ཀུན་གཞི་རྣམ་གསལ་བས། །དྲུག་སོགས་ངོ་བོ་ཀུན་གྱི་གཞི། །ཀུན་ཀྱང་རིག་པ་གཅིག་ལ་རྫོགས། །འགྲོ་དོན་ཐབས་ཀྱི་སྤྱོད་པ་ཡང་། །འཁྲུལ་པ་ཡིན་ཕྱིར་བྱ་བ་མེད། །གང་ནའང་བཙལ་མེད་སྙིང་པོ་ལ། །ཆོས་སྐུ་ཉིད་ཀྱང་ཚིག་གི་ལམ། །ཕྲ་ཞིང་དབང་པོ་ཡུལ་མེད་པས། །རྟོག་སྤྱོད་མཚན་མའི་ཡུལ་ལས་འདས། །མ་སྐྱེས་པ་ཉིད་སྐྱེ་བའི་མཐའ། །དེ་ཉིད་དོན་ལ་དེ་དག་མེད། །སངས་རྒྱས་སྙིང་པོ་དག་པ་ལས། །དབུས་མཐའ་མི་དམིགས་རྟོགས་ལས་འདས། །གང་ཟག་ཆོས་ལ་བདག་མེད་པ། །སྟོང་ཉིད་ཡེ་ཤེས་ལྷུན་གྲུབ་པ། །ཡིད་ཀྱི་སྤྱོད་ཡུལ་རྣམ་པར་ཞི། །ཐོག་མ་ཐ་མ་སྤྲོས་མེད་པ། །དེ་བཞིན་ཉིད་དུ་འདུས་པ་ཉིད། །མ་སྐྱེས་དོན་མཐོང་སྙིང་པོའི་ལམ མ་བཅོས་རིག་པའི་རླུད་ལ་གནས། །བཙལ་བ་མེད་པར་ལྷུན་གྱིས་གྲུབ། །མཆོག་གསུམ་རིག་པ་གཅིག་གི་ངང་། །མཐའ་དབུས་གཞི་རྩ་ཀུན་བྲལ་བས། །སྙིང་པོ་གསང་བ་ཐོག་མའི་ལམ། །རང་བཞིན་གནས་པའི་དོན་ཞེས་བྱ། །མ་བཙལ་ལྷུན་གྱིས་གྲུབ་པའི་ཕྱིར། །རྩོལ་སྤྱོད་བྲལ་བའི་དབྱིངས་ལ་འཇུག །ཆོས་ཀུན་རང་བཞིན་རྣམ་པར་དག །མ་མཐོང་མ་སྐྱེས་སྐྱེ་འཇིག་མེད། །སྟོང་ཉིད་རྡོ་རྗེ་སྙིང་པོ་ལ། །སྒྱུ་མ་ཡིན་དང་མ་ཡིན་ཞེས། །མཐའ་བྲལ་དོན་ལ་མཐའ་ཡིན་རྩོད། །དེ་དོན་བསྟན་དུ་རུང་མ་ཡིན། །བྱང་ཆུབ་བདག་མེད་དེ་བཞིན་ཉིད། །མི་གནས་མི་དམིགས་བསམ་ཡུལ་བྲལ། །མ་སྐྱེས་སྙིང་པོ་གང་མཐོང་བ མ་མཐོང་བ་ཉིད་མཐོང་བའི་ལམ མཐོང་བས་བཙལ་མེད་ལྷུན་གྱིས་རྫོགས། །ཞེས་གསུངས་སོ། །ཉ་མོ་འཁོར་ལོའི་རྒྱུད་ལས། །རིག་པ་སྤྱོད་ཡུལ་དང་བྲལ་བར་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ལ་ཆོས་ཀུན་འདུས་པའི་འཁོར་ལོའི་དོན་ཞུ་བ་འདི་སྐད་ཞུས་སོ། །ཆོས་ཀུན་འདུས་པའི་སྙིང་པོ་ལ། །འཁོར་ལོའི་རྣམ་པ་མི་གནས་ན། །འཁོར་ལོ་ཞེས་ནི་ཇི་ལྟར་མཚོན། ཁྱེད་ཀྱིས་ངེས་པར་བཤད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་དཔལ་ཀུན་ཏུ་བཟང་པོས་འཁོར་ལོ་རྣམ་པ་མེད་པ་ཞེས་བྱ་བ་འདི་གསུངས་སོ། །ཆོས་ཀུན་གང་ཡང་མི་དམིགས་པ། །དེ་ཉིད་དོན་གྱི་སྙིང་པོ་སྟེ། །མ་སྐྱེས་ཚིག་བྲལ་དོན་ལ་བཞུགས། །འཁོར་ལོ་དེ་བཞིན་ཉིད་གནས་པ། །མི་འགག་མཚོན་པའི་འཁོར་ལོ་ཅན། །སྐྱེ་མེད་རང་བྱུང་དཀྱིལ་འཁོར་དེ། །མ་མཐོང་རིག་པ་དབྱིངས་ལ་གསལ། །མི་གནས་སེམས་ཀྱི་རང་བཞིན་ནི། །མ་བཅོས་གསང་བའི་དཀྱིལ་འཁོར་ཡིན། །མི་བསྐྱེད་འཁོར་ལོ་དབུས་གནས་པ། །སྐུ་གསུམ་གྱིའང་རྣམ་པ་མེད། །དུས་གསུམ་སངས་རྒྱས་སྙིང་པོ་ཉིད། །དཀྱིལ་དང་འཁོར་གྱི་ཐ་སྙད་བྲལ། བམས་གསུམ་སྣོད་བཅུད་མཐའ་ཡས་པ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཡིན། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་ཆེན་པོ་ཡང་ རང་བྱུང་སེམས་ཉིད་ངོ་བོ་བས། །སྙིང་པོ་མཆོག་གི་དཀྱིལ་འཁོར་རོ། །ཆོས་སྐུ་ཉིད་དུའང་མི་ལྟ་ན། །གཟུགས་སྐུ་དཀྱིལ་འཁོར་འཁྲུལ་པའི་ལམ། །ཡེ་ནས་ཏིང་འཛིན་གསལ་བ་ལ། །སྐུ་གསུམ་མཚན་མ་ཀུན་དང་བྲལ། །ཡེ་ནས་མཚན་བྲལ་ཆོས་ཉིད་ལ། །ཞི་དང་ཁྲོ་བོ་ནོར་བའི་ལམ། །ཞི་བ་མཆོག་གི་དཀྱིལ་འཁོར་ལ། །མཚན་མའི་ཟུག་རྔུ་གསལ་དུ་མེད། །ཡེ་སངས་རྒྱས་པའི་ཆོས་ཉིད་ལ། །ད་ལྟས་རྒྱས་བྱར་ག་ལ་ཡོད། །མ་བསྐྱེད་ལྷུན་གྲུབ་དཀྱིལ་འཁོར་ལ། །རིམ་བསྐྱེད་དཀྱིལ་འཁོར་བྱེད་པ་ལ། །ཡུམ་བཟང་ཡུམ་གྱི་དཀྱིལ་འཁོར་ལ། །སྣོད་དང་གཞལ་ཡས་བྱ་དང་བྲལ། །སྒྲིལ་མེད་རང་བྱུང་རིག་པ་ལ། །ཏིང་འཛིན་དཀྱིལ་འཁོར་ཅིར་མི་བསམ། །མ་བསྐྱེད་རིག་པའི་དཀྱིལ་འཁོར་ལ། །སྐུ་གསུང་དཀྱིལ་འཁོར་དབྱེ་བ་མེད། །གཉིས་མེད་ཐིག་ལེ་འོད་དཔག་མེད། །བདེན་དང་བརྫུན་མེད་ཆོས་དབྱིངས་ལ། །གཉིས་མཐོང་འཁྲུལ་བ་ཐ་སྙད་ཆད། །ཅི་ཡང་བསྐྱེད་པ་མི་མངའ་བས། །རྩོལ་བའི་ཆུ་བོ་ཀུན་ལས་བརྒལ། །རིམས་ཀྱིས་མ་ཡིན་ཅིག་ཆར་གསལ། །རྣམ་པར་མི་རྟོག་གྲོལ་བའི་ལམ། །མི་སྦྱོང་མི་སྦྱོར་རིག་པར་གསལ། །མི་རྟོག་ཏིང་འཛིན་དགའ་དང་བྲལ། །འཛིན་པའི་དྲ་བ་རྣམ་པར་བཅད། །གསེར་གྱི་འཁོར་ལོ་འབར་བ་ལྟར། །ཀུན་ཏུ་བསྐོར་ཡང་དབྱིངས་ལ་འདུས། །སྟུན་གྱིས་གྲུབ་པས་མི་རྩོལ་ཏེ། །ཡུལ་མེད་རིག་པ་ལྟ་དང་བྲལ། །བགྲོད་མེད་རིག་པ་གཅིག་ལ་རྫོགས། །རང་གསལ་ལུང་ལ་སྒོམ་མི་བྱེད། །ཡེ་ནས་དག་པས་སྒྲིབ་མི་སྦྱོང་། །རང་ཡིན་རིག་པ་ཡུལ་མི་ཚོལ། །སྤང་མེད་རིག་པའི་སེམས་ཉིད་ལ། །དགག་དང་སྒྲུབ་པའི་ཆོས་མི་གནས། །རྫོགས་པ་ཆེན་པོའི་དཀྱིལ་འཁོར་ལ། །འཇུག་དང་མི་འཇུག་གཉིས་མེད་ཅིང་། །སྦྱང་ཞིང་སྒྲུབ་པའི་ཆོས་མེད་པས། །ཏི་ནི་འཁོར་ལོ་རིག་པ་སྦྱོར། །སངས་རྒྱས་སེམས་ཅན་གཉིས་མེད་པས། །སྤྱན་དྲངས་མ་ཡིན་གདོད་ནས་གནས། །བགྲོད་མེདསྤྱོདབཞིན མ ཆགས པས། །པདྨ་སྤྱན་གྱི་ས་ཞེས་བྱ། །ཆོས་རྣམ་ཀུན་གྱིརངབཞིན ཉིད། །རྣམ་པ་ཀུན་ལྡན་ངོ་བོས་སྟོང་། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །གཉིས་མེད་རིག་པར་སྦྱོར་བའི་ཚེ། །གོ་བར་གྱུར་པས་མ་ཡེངས་དོན། །ཡེ་ཉིད་བྱང་ཆུབ་སེམས་ཉིད་ལ། །རྒྱུ་འབྲས་དབྱེར་མེད་གཅིག་ཏུ་འདུས། །ཚིག་དང་ཡི་གེ་ལས་འདས་པས། །སྣང་སྲིད་ཐམས་ཅད་ཡེ་སངས་རྒྱས། །བཙལ་མེད་ཐིག་ལེ་ངང་ལ་གནས། །རང་བཞིན་གྱིས་ནི་རྣམ་དག་ཅིང་། །མཁའ་ལྟར་དག་པའི་དཀྱིལ་འཁོར་ལ། །མི་དམིགས་མི་གནས་ཆོས་ཀྱི་དབྱིངས། །འགྲོ་འོང་མི་དམིགས་ཅིར་མི་གནས། །འཁོར་དང་མྱ་ངན་འདས་པའི་ཆོས། །མ་བཅོས་པ་ནི་ཇི་བཞིན་ཉིད། །རང་རིག་རིག་པ་ཡུལ་ལ་བྲལ། ཁྱད་པར་ཇི་བཞིན་པ་ཞེས་བྱ། །སྣང་མེད་རིག་པའི་དབྱིངས་ཉིད་ནི། །ཡེ་ནས་དམིགས་པའི་ཡུལལས་འདས། །སྤྱོད་ལས་འདས་པས་སྤྱད་དུ་མེད། །སྒྲ་དང་མིང་ཚིག་འདས་པས་ན། །བརྗོད་པའི་ཐ་སྙད་ཀུན་ལས་འདས། །ཡེ་ཤེས་རྟགས་བྲལ་ཆོས་ཀྱི་དབྱིངས། །གང་ཡང་མི་གནས་མཐར་མི་གནས། །རྡོ་རྗེ་འོད་གསལ་དཀྱིལ་འཁོར་ནི། །སྐུ་གསུང་མཚན་མའི་ཚིག་ལས་འདས། །སྐྱེ་མེད་རང་བྱུང་དཀྱིལ་འཁོར་ནི། །རང་བྱུང་འཁོར་ལོ་མཚོན་དང་བྲལ། །ཞེས་གསུངས་སོ། །ཉ་མོ་འཁོར་ལོའི་རྒྱུད་ལས། ཡེ་ཤེས་འཁོར་ལོ་མཚན་མ་མེད་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས། དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་ཞུས་སོ། །རང་བྱུང་རིག་པའི་ཁྱད་པར་ལ། །བསྐུར་ཐོབ་བྱ་བ་མི་གནས་ན། །རིམ་པའི་དབང་ནི་ཇི་ལྟ་བུ། །འདུས་པའི་ཚོགས་ལ་ལེགས་པར་གསུངས། །ཞེས་ཞུས་སོ། །དེ་ནས་དཔལ་ཀུན་ཏུ་བཟང་པོས་རིག་པ་ཐལ་ཕྱུངས་ཡེ་ཤེས་འཁོར་ལོ་ཞེས་བྱ་བ་ལ་བཞུགས་ནས་འདི་སྐད་ཅེས་གསུངས་སོ། །འཁྲུལ་པའི་རྒྱུ་བྲལ་མི་གནས་པས། །འཁོར་དང་མྱ་ངན་འདས་པ་མེད། །རྣམ་རྟོག་མཚན་མ་མི་གནས་པས། །འཁོར་བ་ཡེ་སངས་རྒྱས་པའི་ས། །སངས་རྒྱས་སེམས་ཅན་གཉིས་མེད་པས། །རྡོ་རྗེ་འགྲོ་དོན་བྱ་དང་བྲལ། །རིག་པའི་རྩལ་གྱིས་ཀུན་ཁྱབ་པས། །བསྐུར་རྩོལ་ཐོབ་པའི་དབང་མི་དགོས། །རིག་པའི་རྒྱལ་པོ་ཡེ་དབང་ལ། །བརྡ་དོན་སྤྲད་པའི་ཁྱད་པར་གྱིས། །རིན་ཆེན་གསལ་བྱེད་ཇི་བཞིན་དུ། །རྣ་བརྒྱུད་རྒྱལ་ཐབས་ཚངས་བའི་དབང་། །བསྐུར་ཐོབ་མེད་པར་རང་བཞིན་གསལ། །རང་བཞག་གསལ་བའི་སེམས་ཉིད་ལ། །ཇི་བཞིན་རིག་པ་ཉིད་ཀྱིས་གོ །ཆོས་སོ་ཅོག་གི་རང་བཞིན་ནི། །སེམས་ཉིད་མ་ཡིན་ཆོས་མི་གནས། །གཉིས་མེད་གཅིག་གི་དོན་ལ་ནི། །ཡིན་དང་མ་ཡིན་ཆོས་མེད་དེ། །རྡོ་རྗེ་རིག་པའི་རང་དབང་ལ། །བསྐུར་ཐོབ་ཅེས་པའི་ཆོས་དང་བྲལ། །རང་སེམས་བཅོས་མེད་སྙིང་པོ་ལ། །འཇུག་དང་མི་འཇུག་ཀུན་དང་བྲལ། །རྫས་དང་ཏིང་འཛིན་ཁྱད་པར་གྱིས། །ཡེ་གནས་རང་བྱུང་ཆེན་པོ་ལ། །རྩོལ་བའི་ཁྱད་པར་ཅི་བསྟན་པ། །དེ་དག་རྣམ་རྟོག་འཁོར་བའི་ལམ། །རྒྱལ་ཐབས་རིག་པའི་དོན་མེད་ན། །རང་སའི་དབང་དེ་མཐར་མ་ཕྱིན། །རྩོལ་བའི་ལམ་དེ་ཐར་བ་མེད། །ཆགས་པའི་དབང་དེས་ཐམས་ཅད་འཆིང་། །ནོར་བའི་ཚུལ་དེས་འཁོར་བར་ལྟུང་། །གསང་བའི་ཐབས་དང་མི་ལྡན་ན། །རང་གནས་རིག་པའི་དོན་མི་མཐོང་། །བསྐུར་མེད་གསང་བའི་རང་དབང་ལ། །བསྐུར་དང་རྩོལ་བའི་གོལ་ས་དེ། །དེ་བཞིན་ཐབས་དང་བྲལ་བ་ཡིས། །བསྐུར་མེད་མ་ཤེས་སྒྲིབ་པ་ཡིན། །གོལ་སྒྲིབ་གཉིས་ཀྱི་མཐའ་གསལ་ཏེ། །རང་བྱུང་བྱང་ཆུབ་སྙིང་པོ་ལ། །མ་ཡེངས་རང་བཞག་རིག་པས་གནས། ཁམས་གསུམ་སྲིད་གསུམ་ཐིག་ལེ་གཅིག །སྤྲོས་མེད་བསྡུ་མེད་ཡེངས་བ་མེད། །རྒྱལ་ཐབས་གསང་བའི་ཁྱད་པར་གྱིས། །རང་བྱུང་རིག་པ་ཤུགས་ཀྱིས་གསལ། །ཀུན་ནས་གསང་བའི་འཁོར་ལོ་ལ། །འཇུག་པའི་དཀྱིལ་འཁོར་ཉམས་ཀྱིས་གསལ། །ཅི་ཡང་ཡིན་ནོ་སུ་ཡང་རུང་། །ཀུན་ཀྱང་ཐིག་ལེ་ཆེན་པོ་ལ། །བདེ་ཆེན་གསལ་བས་གོལ་སྒྲིབ་མེད། །གདོད་ནས་རྫོགས་པའི་རང་བཞིན་ལ། །བཙལ་བའི་ཁྱད་བར་གང་ཞིག་ཡོད། །སྲུརུ་འོད་དང་ཙན་ཏྲ་ལྟར། །གདོད་ནས་མ་བསགས་ལྷུན་གྱིས་རྫོགས། །རིག་པ་དབང་གི་ཁྱད་པར་ཡང་། །གཞི་ལམ་འབྲས་བུ་ཚུལ་དག་གིས། །དངོས་ལ་ཁྱད་པར་མི་གནས་ན། །བསམ་པའི་ངོ་ལ་སོ་སོར་གྲགས། །ཡེ་ནས་འགྱུར་མེད་ལྷུན་གྲུབ་ལ། །ཇི་ལྟར་སྣང་བ་དབང་གི་ཀློང་། །རིག་པ་རང་དབང་དེ་ལྟར་བསྒྱུར། །བཅོས་མེད་དབང་གི་རང་བཞིན་ནོ། །གསལ་བྱེད་བརྡ་ཡིད་དོན་ཉིད་ཀྱིས། །མ་བཅོས་གསང་བའི་དོན་འདི་ལ། །མཁས་པས་ཤེས་པ་ཙམ་ཞིག་ཏུ། །དངོས་ལ་མཚོན་པ་ཀུན་དང་བྲལ། །འབྲས་བུ་རིན་ཆེན་འབར་བ་ལྟར། །མཐར་ཕྱིན་གཞི་ནས་རྫོགས་པའི་ཕྱིར། །བཙལ་མེད་ལྷུན་གྲུབ་ཆེན་པོ་ལ། །རིག་པ་ཐབས་ཀྱིས་འདོད་དགུར་བསྒྱུར། །འདི་ཡང་ཐབས་ལྡན་རིག་པའི་དབང་། །གསལ་བར་ཤེས་ཏེ་དམིགས་དང་བྲལ། །བརྗོད་བྲལ་སེམས་ཀྱི་རང་བཞིན་ལ། མོས་པའི་ཁྱད་པར་ཇི་བཞིན་དུ། །དེ་ལྟར་སྒྲ་དང་ཐ་སྙད་དུ། །འདུལ་བའི་དབང་གིས་གནས་པ་དེ། །རང་བྱུང་སེམས་ཀྱི་ངོ་བོ་ལ། །བཀག་པ་མེད་དོ་མངོན་སུམ་དབྱིངས། །རང་བཞིན་སྒྱུ་མ་རྟགས་སྒྱུ་མ། །ལྟོས་པའི་ཡེ་ཤེས་སྒྱུ་མ་དང་། །སྒྱུ་མ་རྡོ་རྗེ་བཙན་པོ་མཆོག །འདི་ཀུན་ཀུན་བརྟགས་འཁོར་བའི་ལམ། །གསང་བའི་རིག་པའི་ཐབས་ལྡན་ན། །རིན་ཆེན་འོད་གསལ་སྙིང་པོ་ལྟར། །མ་རིག་ལོག་པའི་ཆོས་མི་གནས། །འཁོར་བ་འོད་གསལ་བདེ་ཆེན་ལ། །རྣམ་རྟོག་སྒྲིབ་པས་ཅི་ལ་སྒྲིབ། །གདོད་ནས་བཙལ་བྲལ་ལྷུན་གྲུབ་ལ། །ཞེན་པའི་འཛིན་རྟོག་ཅི་ཞིག་ནད། །རང་སེམས་བཅོས་མེད་ཆོས་སྐུར་སྤྲད། །འདོད་སྤྱོད་ལོངས་སྤྱོད་རྫོགས་པ་སྟེ། །དོན་བྱེད་སྤྲུལ་བའི་ཚུལ་གྱིས་ནི། །སྤྲད་པ་གསུམ་ཞེས་བྱ་བ་ཡིན། །མ་བཅོས་གསང་བའི་སྒོ་མོ་དང་། །མཚོན་པ་ཚིག་གི་སྒོ་མོ་དང་། །རིག་པ་ལྷུན་གྱི་གྲུབ་བའི་སྒོ། །ཐོས་པས་ཕྱེ་ཞིང་བསམས་པས་འགྲོལ། །བསྒོམས་པས་རྙེད་པ་ལྡེ་མིག་གོ །མཐོང་དང་མ་བཅོས་མི་གནས་དང་། །མི་འགག་ཉམས་མྱོང་རྗེས་མི་འབྲེང་། །རྫོགས་ཆེན་སྒོམ་པའི་ཡན་ལག་དྲུག །རིག་པ་མན་ངག་གསང་བ་ནི། །འགྱུར་མེད་གསུམ་གྱི་དགོངས་པར་བཤད། །རྣམ་པར་དབྱེ་དང་ལ་བཟླ་དང་། །དེ་ཉིད་སྤྲད་དང་དོན་འབྱིན་དང་། །ངེས་པ་གཅིག་ཏུ་བཤད་པ་ནི། །རྫོགས་པ་སེམས་ཀྱི་རང་བཞིན་བཤད། །དྲང་དོན་ངེས་དོན་གཉིས་ཉིད་ཀྱི། །བརྒྱད་དང་དགུ་དང་གཅིག་བསྟན་པས། །རྫོགས་པའི་སེམས་ཀྱི་རང་བཞིན་ལ། །ངེས་པ་གཅིག་ཏུ་བཤད་པའོ། །ཞེས་གསུངས་སོ། །ཉ་མོ་འཁོར་ལོའི་རྒྱུད་ལས།རྒྱ་ཐབས་གསང་བ་སྒོའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་དེས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །རྫོགས་པ་སེམས་ཀྱི་རང་བཞིན་ལ། །གྲུབ་སྒྲུབ་ཁྱད་པར་མི་གནས་ན། །དེ་ལྟར་རྟོགས་ཚུལ་བཤད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་དཔལ་ཀུན་ཏུ་བཟང་པོས་ལྷུན་གྱིས་གྲུབ་པ་གསང་བའི་འཁོར་ལོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །རྫོགས་ཆེན་སེམས་ཀྱིརངབཞིནནི། །ཆོསཀུན་འདུས་པའི་སྙིང་པོ་སྟེ། །ཀུན་འདུས་གསང་བའི་འཁོར་ལོ་ཉིད། །ལྷུན་གྲུབ་གསུམ་གྱི་ངོ་བོ་ལ། །ཟིན་ཆགས་རྩོལ་བའི་ཆོས་མི་གནས། །མི་གནས་སེམས་ཀྱི་རང་བཞིན་ནི། །ཀུན་གྱི་རྒྱུ་འབྲས་འདུས་པའི་ལུང་། །རྫོགས་པས་རྩོལ་སྒྲུབ་ཀུན་དང་བྲལ། །ཡེ་ནས་ཡིན་པས་དང་མི་རྩོལ། །སྒྲུབ་ཏུ་མེད་པའི་རྩོལ་སེམས་བྲལ། །སྨོན་དུ་མེད་པས་རང་ལ་རྫོགས། །དམིགས་སུ་མེད་པས་ཡུལ་དང་བྲལ། །གཉིས་མེད་གཅིག་སྟེ་རྣམ་པ་མེད། །བདེ་སྡུག་མེད་པས་སྤོང་མི་བྱེད། །རང་བྱུང་རིག་པས་དགག་པ་མེད། །ཡེ་ནས་དག་པས་སྒྲིབ་མི་སྦྱོང་། །གཉིས་མེད་ངང་ལ་གཉིས་མི་འཛིན། །ལྟ་སྤྱོད་སོ་སོ་གཅིག་དང་འགལ། །གཅིག་པས་སྤོང་ལེན་ཀུན་དང་བྲལ། །རིམ་པས་མ་བསྐྱེད་རྫོགས་པའི་ངང་། །སྐུ་གསུང་འཁོར་ལོ་མཚན་མའི་ལམ། །ཡེ་ནས་རྫོགས་པས་བསྐྱེད་དུ་མེད། །སྤྱན་དྲངས་མ་ཡིན་ཡེ་ནས་གནས། །ཡེ་ནས་ཐོབ་པས་གྲུབ་མི་རྩོལ། །མཆོད་དང་སྦྱིན་པ་མེད་པར་རྫོགས། །མ་བསྒྲུབས་ལྷུན་གྱིས་གྲུབ་པ་ལ། །རྩོལ་བའི་སྤྱོད་པས་ཅི་ཞིག་བྱ། །ཐབས་བྲལ་གསང་བའི་རྒྱས་བཏབ་པས། །རྟོག་གེའི་ཕྱོགས་འཛིན་འདིས་མི་ཤེས། །བཙལ་བྲལ་ལྷུན་གྲུབ་ཡེ་ཤེས་ལ། །ཕྱོགས་མཚམས་ངེས་པའི་ཆོས་མི་གནས། །འདུ་ཤེས་འཛིན་པ་ཀུན་བྲལ་ཞིང་། །མ་བཅོས་དག་པ་ཉིད་དུ་གསལ། །ཡེ་ནས་དག་པས་མི་སྦྱོང་ཞིང་། །རིམ་པ་མ་ཡིན་དུས་གཅིག་གསལ། །གང་མཚོན་ཐབས་ཀྱི་ཁྱད་པར་གྱིས། །བཙལ་མེད་ལྷུན་གྱིས་གྲུབ་པ་མཚོན། །གསལ་བྱེད་དོན་དེ་དབྱིངས་ལ་འདུས། །གང་ཡང་སྟུང་ཞིང་སྒྲུབ་མེད་དེ། །བྱས་པ་ཐམས་ཅད་འཁྲུལ་པའི་ལམ། །རིན་ཆེན་འབར་བའི་བྱིན་བརླབས་ལྟར། །མ་བཙལ་ལྷུན་གྱིས་གྲུབ་པར་གནས། །ཡེ་ནས་མ་བྱས་རང་བཞིན་གསལ། །འགྲོ་འོང་མེད་པའི་རང་བཞིན་ནི། །རིག་པ་སྤྲོས་བྲལ་སེམས་ཉིད་དོ། །འབྱུང་འཇུག་མེད་པའི་དབྱིངས་དེ་ཉིད། །ཆོས་རྣམས་ཀུན་གྱི་རང་བཞིན་ཤར། །རང་རིག་མ་བཅོས་ཇི་བཞིན་ཉིད། །ནམ་མཁའ་ལྟ་བུའི་རང་བཞིན་ཏེ། །བྱས་བསམ་དམིགས་པ་ཀུན་ལས་འདས། །གང་ཡང་མ་ཡིན་དེ་བཞིན་ཉིད། །རྣམ་དག་ལྷུན་གྲུབ་གསང་བ་ལ། །རིག་པ་མ་བཅོས་གསལ་བས་གྲུབ། །མ་བསྒྲུབས་དག་པས་ཡེ་ནས་གནས། །བསམ་སྦྱོད་མཐའ་ལས་རྣམ་གྲོལ་ཞིང་། །མ་བསམས་སྤྱོད་པའི་ཡུལ་མེད་དེ། །བསྐོར་ཞིང་རང་བྱུང་དབྱིངས་ལ་ཐུག །འཕེལ་ཞིང་སྒྲིབ་པའི་ཆོས་མེད་དེ། །སེམས་ཉིད་ཡེ་གསལ་རྟག་པའི་སྐུ། །ཡེ་ནས་འོད་གསལ་རང་བཞིན་པས། །བསྒྲིབས་དང་མ་བསྒྲིབས་ཆོས་དང་བྲལ། །རང་བྱུང་རྫོགས་པའི་རང་བཞིན་པས། །རྒྱུ་རྐྱེན་མེད་པར་རང་བྱུང་སེམས། །དམིགས་ཤིང་བསམ་པའི་ཡུལ་མེད་པས། །འདུ་ཤེས་མཚན་མ་ཀུན་གྱི་སྟོང་། །སངས་རྒྱས་སེམས་ཅན་གཉིས་མེད་པས། །ལམ་དང་བཙལ་བས་སྦྱང་དུ་མེད། །གཉིས་མེད་འོད་ཀྱིས་ཀུན་བདལ་བས། །གསལ་དང་མི་གསལ་གཉིས་ཀ་མེད། །དང་པོར་འཁྲུལ་པའི་རྒྱུ་མེད་པས། །འཁོར་བ་སྤང་དང་གསལ་བ་མེད། །དུས་གསུམ་སེམས་སུ་གཅིག་རྫོགས་པས། །བརྟགས་པའི་ཐ་སྙད་ཀུན་གྱིས་སྟོང་། །ཉོན་མོངས་ཏ་ལའི་མགོ་བཅད་པས། །འཁོར་བ་རྩད་བཅད་ཡེ་སངས་རྒྱས། །རྣམ་རྟོག་མཚན་མ་ཅིར་སྣང་ཡང་། །ཡེ་ཤེས་འོད་གསལ་ཉིད་ལས་མེད། །རིག་པ་མ་བཅོས་རླུད་ལྟར་བཞག །སྤྱོད་ལམ་མ་བཅོས་ལྷུག་པར་བཞག །མ་ཡེངས་བཙལ་བྲལ་དགོངས་པས་བཞག །དགོངས་བའི་བཞག་ཚུལ་གསུམ་དུ་བཤད། །བརྡ་དོན་སྤྲོད་དང་ཕྲད་པ་དང་། །ཀླུང་ཞུགས་ཕྲལ་བའི་དོན་གསུམ་གྱིས། །མ་བཅོས་གསང་པའི་དོན་ལ་སྦྱོར། །དངོས་ལ་གཅིག་པའི་ཚུལ་དུ་གནས། །བཅོས་དང་མ་བཅོས་དོན་ཉིད་ནི། །གང་ཟག་བསམ་པའི་ཁྱད་པར་གྱིས། །རིམ་པས་བགྲོད་དང་གཅིག་ཏུ་རྫོགས། །གསང་བའི་དོན་དུ་དབྱེ་བ་མེད། །རྗེད་འབྲང་གཉིས་ཀྱི་ཚུལ་གྱིས་ནི། །བཅོས་མ་མེད་པའི་དོན་གྱིས་བཞག །རང་བཞིན་རྣམ་པ་མཚན་ཉིད་ཀྱིས། །ལྷུན་གྲུབ་གསུམ་ལ་གོམས་པ་ཡིས། །སྐུ་གསུམ་རིག་པའི་དོན་ལ་སྦྱོར། །བརྟགས་པས་ཕྱེ་སྟེ་དོན་དུ་གཅིག །གཞི་དང་ལམ་དང་འབྲས་བུ་ནི། །དེ་དེ་བསམ་པའི་དབང་གིས་ན། །ཇི་ལྟར་འཐད་པར་སྣང་བས་ཏེ། །དངོས་པོ་དག་ལ་དབྱེ་བ་མེད། །ཚིག་དང་དོན་གྱི་ཁྱད་པར་ལས། །མཚོན་དང་དེ་ཉིད་གསལ་གྱུར་པས། །གསལ་བྱེད་རིན་ཆེན་འབར་བ་བསྟན། །ལག་མཐིལ་གཏེར་དང་སྤྲད་པ་ཟད། །སྐུ་གསུང་རང་ལ་ལྷུན་རྫོགས་པ། །སྤྲད་པ་གསུམ་གྱི་དོན་ལ་སྦྱོར། །རིམ་གྱིས་སྦྱོང་དང་ཅིག་ཅར་འཇུག །དྲང་དང་ངེས་པར་བསྟན་པའི་ལུང་། །མངོན་སུམ་གསལ་དང་རྒྱུད་པའི་ཐབས། །འཇིག་རྟེན་འདས་དང་འཇིག་རྟེན་པས། །མཚན་མ་སྒྲ་ཡི་འཁོར་ལོས་མཚོན། །སེམས་ཉིད་རྫོགས་པའི་རང་བཞིན་ནི། །བཤད་པའི་ཡན་ལག་བརྒྱད་ཡིན་ནོ། །མ་འདྲེས་ཡོངས་སུ་རྫོགས་པ་དང་། །ཆོས་ཀུན་རང་བཞིན་གཅིག་པ་དང་། །དགོངས་པའི་དོན་ལ་བཞག་པ་ནི། །ཕྱི་ནང་གསང་བའི་སྒོ་གསུམ་ཡིན། །ཅིར་སྣང་ཡེ་ཤེས་ལྷུན་རྫོགས་པས། །རྒྱ་མཚོའི་རླབས་དང་འདྲ་བར་བཤད། །ཆོས་ཀུན་རང་བཞིན་ཉིད་རྫོགས་པས། །རིན་ཆེན་གསེར་གླིང་ལྟ་བུར་བཤད། །གསལ་ལ་མི་གཡོ་མཉམ་ཉིད་པས། །དགོངས་པ་ཉི་མ་ཤར་བར་བཤད། །གསང་བའི་རང་བྱུང་དགོངས་པ་ལ། །རང་བཞག་རིག་པས་གནས་པར་བྱ། །མི་གཡོ་རིག་པའི་དཀྱིལ་འཁོར་དུ། །ཅི་ཡང་ཡིན་ནོ་གང་ཡང་རུང་། །འཛིན་མེད་རིག་པ་མངོན་སུམ་དབྱིངས། །མ་བསྒྲུབས་ལྷུན་གྱིས་གྲུབ་པ་ལ། །བཙལ་ཞིང་བསྒྲུབ་པར་གདོད་ནས་སྟོང་། །ཞེས་གསུངས་སོ། །ཉ་མོ་འཁོར་ལོའི་རྒྱུད་ལས། སྒྲུབ་མེད་ལྷུན་རྫོགས་ཀྱི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལྷུན་གྱིས་གྲུབ་པ་ལ། རྡོ་རྗེ་སྙིང་པོས་གསོལ་བ་བཏབ་པོ། །དུག་གསུམ་མ་བཙལ་བྱང་ཆུབ་སེམས། །འགྱུར་མེད་སེམས་ཀྱི་རང་བཞིན་ལ། །བགྲོད་མེད་ལྷུན་གྲུབ་གསང་ཉིད་ཀྱིས། །ལམ་གྱི་རང་བཞིན་གསལ་བར་གསུངས། །ཞེས་ཞུས་སོ། །དེ་ནས་དེ་བཞིན་གཤེགས་པ་ལྷུན་གྱིས་གྲུབ་པས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། བཙལ་མེད་སེམས་ཀྱི་རང་བཞིན་ལ། །བཙལ་ཞིང་བསྒྲུབ་བ་ཞེན་པའི་ཆོས། །བགྲོད་བྲལ་སེམས་ཉིད་རྫོགས་པ་ལ། །ལམ་ལྔ་ས་བཅུ་རྟོགས་པའི་ནད། །མཐའ་བྲལ་ནམ་མཁའི་རང་བཞིན་ལ། །བགྲོད་པས་ཕྱིན་པར་ག་ལ་འགྱུར། །མ་བགྲོད་ལྷུན་རྫོགས་སེམས་ཀྱི་ས། །རང་བཞིན་གྲུབ་པས་བཅོས་པ་མེད། །གདོད་ནས་དག་པས་སྒྲིབ་མི་སྦྱང་། །ལྷུན་གྱིས་གྲུབ་པས་ཚོགས་མི་སོག །ཟག་མེད་སེམས་ཀྱི་རང་བཞིན་ལ། །སྒྲོ་དང་སྐུར་པ་ཞི་བའི་ས། །ཀུན་འདུས་སེམས་ཀྱི་མེ་ལོང་ལ། །རིན་ཆེན་འཕྲུལ་གྱི་ཉམས་ལྡན་པས། །མ་བགྲོད་རིག་པའི་ས་ལ་སྦྱོར། །རྫོགས་པ་སེམས་ཀྱི་རང་བཞིན་ལ། །རྩོལ་མེད་ཆེ་བའི་ཡོན་ཏན་རྣམས། །རང་བྱུང་རིག་པ་སེམས་སུ་རྫོགས། །ཡེ་ནས་རྫོགས་སོ་བཙལ་དང་བྲལ། །སྙིང་པོ་རང་བྱུང་སེམས་ཉིད་ལ། །འདུ་འབྲལ་མེད་པའི་ཆོས་མི་གནས། །སྦྱང་མེད་ས་ཡི་ཡོན་ཏན་འཕེལ། །ལྷུན་རྫོགས་སེམས་ཀྱིརངབཞིནལ། །སདངལམ་ཞེས་གདགས་སུ་མེད། །ཕྱོགས་རིས་རིག་པའི་ཆོས་དང་བྲལ། །གསང་བའི་འཁོར་ལོ་ཐབས་ཀྱི་སྒོ། །ལྡེ་མིག་གསང་བས་དབྱེ་བར་བྱ། །གང་སྣང་རིག་པའི་དོན་ལ་རྫོགས། །ཕྱེ་བས་ལྕགས་བཀྲོལ་ཐར་པའི་ལམ། །ངེས་ཕྱིན་གསང་བའི་དབྱིངས་ལ་ཞུགས། །ཅིར་སྣང་སེམས་སུ་ལྷུན་རྫོགས་པས། །རྣམ་པར་དབྱེ་བའི་ཆོས་དང་བྲལ། །ཡེ་ཤེས་རྫོགས་ལུང་གཅིག་ཏུ་གསལ། །མཐའ་དབུས་ཞེན་པ་རྣམ་པར་དག །རིག་སྦྱོར་བློ་ནི་བསམ་མི་ཁྱབ། །མ་སྤྱད་རིག་པ་མཆོག་གི་བཞུགས། །མ་ཡེངས་རང་བཞག་དགོངས་པ་ཡིན། །མཐའ་བྲལ་དབུ་མའི་སྙིང་པོ་ལ། །དམིགས་འཇུག་རྩོལ་བ་ཀུན་དང་བྲལ། །རྩལ་བྲལ་རིག་པ་གསང་བའི་སྒོ། །སྒྲ་བྲལ་བརྗོད་མེད་ཉམས་ཀྱི་དབྱེ། །འཇུག་དང་མི་འཇུག་རྣམ་སྤྱད་པས། །དབྱིངས་ཉིད་གྲོལ་བ་ལམ་གྱི་ཕུགས། །འཇུག་མེད་ས་ཉིད་ལྷུན་རྫོགས་པས། །བགྲོད་དང་མི་བགྲོད་ཀུན་དང་བྲལ། །ཡེ་ནས་མ་བཅོས་དག་པ་ལ། །བཅོས་ལམ་བཅོས་མས་སྦྱང་དུ་མེད། །ཡེངས་མེད་གསང་བའི་དགོངས་པ་ལས། །སྒོམ་དང་མི་སྒོམ་ཡུལ་ལས་འདས། །མངོན་སུམ་འབྲས་བུར་རང་གསལ་ལ། །དྲོད་དང་རྟགས་ལ་ཅི་སྟེ་བརྟེན། །གསང་བ་ལྷུན་གྲུབ་ཡེ་ཤེས་ལ། །སྤོང་ལེན་དགག་སྒྲུབ་ལོག་པའི་ཆོས། །དགོངས་པ་ལྷུན་གྲུབ་གསང་བ་ལ། །མཚན་མ་སྒྲ་ཡིས་ཇི་ལྟར་མཚོན། །སེམས་ཀྱི་རྣམ་གྲངས་གང་སྒོ་ནས། །དེ་ཉིད་སྒོ་ནས་ཇི་ལྟར་བསྟན། །ཐབས་ལྡན་མཁས་པའི་སྐྱེས་བུ་ཡིས། །ལག་པའི་གཏེར་དང་ཕྲད་པར་མཚུངས། །དེ་ཉིད་རྩ་བྲལ་ལྷུན་གྲུབ་ལམ། །མ་བགྲོད་ཡེ་ནས་རྫོགས་པའི་ལམ། །གསང་བ་ཀུན་འདུས་གཏེར་གྱི་ལམ། །བྱ་བྲལ་རྫོགས་པས་ལྷུན་གྱིས་གྲུབ། །གདོད་ནས་རྫོགས་པའི་རང་བཞིན་ལ། །རིམ་གྱིས་བགྲོད་པ་ལོག་པའི་ལམ། །གསང་བ་མ་བཅོས་རང་བཞིན་ནི། །དྲང་བཞག་རིག་པས་ཀླུངས་སུ་འཇུག །རྩོལ་བའི་ལམ་གྱིས་ཐོབ་པ་ཡིན། །མ་བཙལ་གདོད་ནས་དག་པའི་ཐུགས། །བཅོས་པ་མེད་དེ་ལྷུན་གྱིས་མནོས། །རྫོགས་པ་ཉི་མའི་སྙིང་པོ་ལྟར། །ཡེ་རྫོགས་བྱིན་བརླབས་ལྷུན་གྱིས་གྲུབ། །གདོད་ནས་མ་བསགས་ལྷུན་གྲུབ་ལ། ཁུ།བ་དང་མི་གྲུབ་ཀུན་གྱིས་སྟོང་། །འདོད་དགུར་བསྒྱུར་ཞིང་ཐབས་མི་སྤོང་། །དྲང་གནས་རིག་པ་གཏེར་ལ་སྤྱོད། །ཡེ་ནས་ཀུན་འབྱུང་ལྷུན་གྲུབ་ནི། །ནམ་མཁའ་གསང་བ་ཆེན་པོ་ལྟར། །ཕྱོགས་འཛིན་རིམ་པས་ཐོབ་མ་ཡིས མ་བཅིངས་གསང་བ་ཐབས་ཀྱིས་གྲོལ། །ཞེས་གསུངས་སོ། །ཉ་མོ་འཁོར་ལོ་རྒྱུད་ལས། །བགྲོད་ཅིང་སྦྱང་དུ་མེད་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས་འདི་སྐད་ཅེས་གསོལ་ཏེ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །སྙིང་པོ་དྲི་མེད་རྣམ་པར་དག །རང་གསལ་ཡེ་ཤེས་ཉག་གཅིག་ལས། །རྣམ་པར་ཕྱེ་བའི་དགོངས་པ་གང་། །ཐུགས་རྗེས་བདག་ལ་གཟུང་མཛོད་དེ། །ངེས་པའི་དོན་ལ་དགོད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། ཡེ་ཤེས་གསལ་བར་འགྲེལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་གནས་ནས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་དེ་ལེགས་པར་ཉོན་ཅིག །རྫོགས་ཆེན་སེམས་ཀྱི་རང་བཞིན་ལ། །དངོས་ལ་དབྱེ་བ་མི་གནས་ཀྱང་། །བསམ་པའི་རྟོགས་པའི་ཁྱད་པར་གྱིས། །རྣམ་པར་དབྱེ་བའི་ཚུལ་གྱིས་མཚོན། །དེ་ཉིད་གཞི་དང་འཇུག་བྱེད་ལམ། །རིན་ཆེན་ལྷུན་གྲུབ་འབྲས་བུར་བཤད། །གདོད་ནས་དབྱེར་མེད་རང་བཞིན་ནི། །ཀུན་གཞི་རིག་པའི་འོད་གསལ་དེ། །མ་བཅོས་རང་གསལ་ལྷུན་གྲུབ་པ། །བཞི་པས་གཞི་ཉིད་རྫོགས་ལུང་བཤད། །འཇུག་པ་ཐབས་ཀྱི་ལམ་འདི་ཉིད། །བརྡ་སྤྲད་གསང་བ་རིག་པའི་ཐབས། །ལྟ་དང་ཏིང་འཛིན་སྤྱོད་པ་དང་། །དམ་ཚིག་དབང་དང་སྒྲུབ་པ་དང་། །དཀྱིལ་འཁོར་འཕྲིན་ལས་སྒྲིབ་པ་ཡིས། །རྩོལ་བྲལ་རིག་པ་ཉིད་ལ་སྦྱོར། །རང་གསལ་ཐེག་པའི་སྙིང་པོ་ལ། །གཉིས་འཛིན་རིག་པ་མི་གནས་ཀྱང་། །རང་གསལ་ཤེས་རབ་གཉིས་གསལ་བས། །ལྟ་བ་གཟའ་གཏད་བྲལ་བའི་ལུང་། །གཉིས་པ་སེམས་ཡུལ་རིག་པས་བསྟན། །གཉིས་པ་རིག་པ་གོམས་པ་ཡིས། །བརྡ་ཕྲད་རིག་པའི་གདེང་ཅན་གྱིས། །ཏིང་འཛིན་རང་གསལ་ལུང་འཇུག་པས། །གསུམ་པ་ཏིང་འཛིན་གཏེར་གྱི་ལུང་། །ལྟ་དང་ཏིང་འཛིན་གདེང་ལྡན་པས། །རང་གསལ་ཉག་གཅིག་མ་རྟོགས་པར། །མེད་ཕྱིར་ལྟུང་བའི་འཇིགས་མེད་པས། །དྲུག་པ་སྤྱོད་ཡུལ་བྲལ་བའི་ལུང་། །དུས་གསུམ་དེ་ལས་མི་འདའ་ཞིང་། །མ་ཡེངས་རྒྱལ་བའི་དགོངས་པ་ནི། །དུས་གསུམ་ལྷག་པའི་སྡོམ་པ་རྫོགས། །བཅུ་བཞིའི་རིག་པ་དམ་ཚིག་གོ །དམ་ཚིག་བསྲུང་བྲལ་བརྡ་མེད་པས། །རིག་པ་གཉིས་མེད་ཅིག་ཅར་འཇུག །དེ་ཡི་བརྡ་ཕྲད་རིག་པ་ནི། །བརྒྱད་པ་དབང་གི་ཁྱད་པར་བཤད། །འཇུག་པ་ཐབས་ཀྱི་ལམ་འདི་དག །བརྡ་ཕྲད་གསང་བ་རིག་པའི་ཐབས། །ལྟ་དང་ཏིང་འཛིན་སྤྱོད་པ་དང་། །དམ་ཚིག་དབང་དང་སྒྲུབ་པ་དང་། །དཀྱིལ་འཁོར་འཕྲིན་ལས་བགྲོད་པ་ཡིས། །རྩོལ་བྲལ་རིག་པ་ཉིད་ལ་སྦྱོར། །རང་གསལ་ཐེག་པའི་སྙིང་པོ་ལ། །གཉིས་འཛིན་རིག་པ་མི་གནས་ཀྱང་། །རང་གསལ་ཤེས་རབ་གཉིས་གསལ་བས། །ལྟ་བ་གཟའ་གཏད་བྲལ་བའི་ལུང་། །གཉིས་པ་སེམས་ཡུལ་རིག་པས་བསྟན། །གཉིས་པ་རིག་པ་གོམས་པ་ཡི། །བརྡ་ཕྲད་རིག་པའི་གདེང་ཅན་གྱིས། །ཏིང་འཛིན་རང་གསལ་ལུང་འཇུག་པས། །གསུམ་པ་ཏིང་འཛིན་གཏེར་གྱི་ལུང་། །ལྟ་དང་ཏིང་འཛིན་གདེང་ལྡན་པས། །རང་གསལ་ཉག་གཅིག་མ་གཏོགས་པ། །མེད་ཕྱིར་ལྟུང་བའི་འཇིགས་མེད་པས། །དྲུག་པ་སྤྱོད་ཡུལ་བྲལ་བའི་ལུང་། །དུས་གསུམ་དེ་ལས་མི་འདའ་ཞིང་། །མ་ཡེངས་རྒྱལ་བའི་དགོངས་པ་ནི། །དུས་གསུམ་ལྷག་པའི་སྡོམ་པ་རྫོགས། །བཅུ་བཞི་རིག་པའི་དམ་ཚིག་གོ །དམ་ཚིག་བསྲུང་བྲལ་འདའ་མེད་པས། །རིག་པ་གཉིས་མེད་ཅིག་ཅར་འཇུག །དེ་ཡི་བརྡ་་ཕྲད་རིག་པ་ནི། །བརྒྱད་ཀྱི་དབང་གི་ཁྱད་པར་བཤད། །བརྡ་ཕྲད་རིག་པའི་གསང་ཉམས་དེ། །མ་ཡེངས་འབབ་ཆུའི་ཚུལ་བཞིན་དུ། །མ་བསྒྲུབས་དེ་ལྟར་གནས་པ་ནི། །དགུ་པ་གསང་བས་གྲུབ་པ་ཡིན། །མ་བསྒྲུབས་རང་གསལ་མཉམ་པ་ཉིད། །སྐུ་གསུམ་འཁོར་ལོ་བསམ་མི་ཁྱབ། །རིག་པས་དེ་ལྟར་གསལ་གྱུར་བ། །མཚན་མེད་རིག་པའི་འཁོར་ལོ་ཅན། །སྐུ་གསུང་མཛད་པ་མི་འགག་ཀྱང་། །བྱ་བྲལ་འཕྲིན་ལས་ལྷུན་རྫོགས་པས། །རྩལ་བྲལ་རིག་པའི་འཕྲིན་ལས་ནི། །བདུན་གཉིས་གཅིག་ཏུ་ངེས་པར་བསྟན། །དེ་ལྟར་ཐབས་ཀྱི་ཁྱད་པར་གྱིས། །བགྲོད་པས་ཕྱིན་པར་མི་འགྱུར་གྱིས། །མ་བཅོས་ཡེ་ནས་བླ་མའི་ས། །ས་ལམ་བཅུ་པ་ཉིད་དུ་ཤེས། །འབྲས་བུ་ལྷུན་གྲུབ་ཆེན་པོ་ལ། །ཡེ་ཤེས་ངོ་བོ་སྣང་ཚུལ་དེ། །དེ་དག་ངེས་པར་དབྱེ་བར་བྱ། །རང་གསལ་རིག་པ་མཆོག་གི་ཉམས། །ཐམས་ཅད་གསལ་བའི་ངོ་བོ་སྟེ། །བཅུ་གཉིས་ཡེ་ཤེས་རིག་པའི་ལུང་། །སྣང་ཚུལ་ནོར་བུ་རིན་ཆེན་ལྟར། །ཕྱོགས་རིས་མི་མངའ་ལྷུན་གྲུབ་པས། །ཇི་ལྟར་བལྟས་པ་དེ་ལྟར་སྣང་། །བཅུ་དྲུག་འབྲས་བུ་གསང་བ་པོ། །ཀུན་ཀྱང་ཐིག་ལེ་བྱང་ཆུབ་སེམས། །རང་གསལ་དྲི་མེད་གསང་བའི་ཉམས། །མ་བཅོས་རིག་པ་མངོན་སུམ་པ། །ཐམས་ཅད་འདུས་པ་ལྔ་པའོ། །ཞེས་གསུངས་སོ། །ཉ་མོ་འཁོར་ལོའི་རྒྱུད་ལས། །ཡེ་ཤེས་འབྲེལ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཁྱེན་པའི་ཡེ་ཤེས་སྤྱོད་ཡུལ་ལ། །འདི་དང་འདི་ཞེས་མི་གནས་ཀྱང་། །གསང་བའི་ཡེ་ཤེས་བསམ་མི་ཁྱབ། །དེ་ཉིད་མཚོན་ཞིང་ཤེས་པའི་ཕྱིར། །བདག་ལ་ངེས་པར་གསལ་བར་གསུངས། །ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། གསང་བའི་རིག་པ་བསམ་གྱིས་མི་ཁྱབ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། གསང་བའི་ཐབས་ཀྱིས་མཉམ་སྦྱར་ནས། །རང་བྱུང་རིག་པ་བསམ་མི་ཁྱབ། །རང་བྱུང་རིག་པ་ཉག་གཅིག་ལ། །ཡོན་ཏན་ཁྱད་པར་བགྲང་མེད་ཀྱང་། །བསམ་པའི་ཚུལ་ནས་ཕྱེ་བ་ཡིས། །མཁའ་ལ་གཟའ་སྐར་བཀྲམ་པ་འདྲ། །གཅིག་ལ་སྣང་ཞིང་ཉིད་དུ་འདུ། །གསང་བའི་འཁོར་ལོ་དབྱེ་བ་མེད། །རིག་པའི་ཡེ་ཤེས་གསང་བ་ལ། །དབྱེ་དང་བསྡུ་བར་མི་བྱེད་དེ། །དངོས་ལའང་དེ་ལྟར་མི་གནས་སོ། །ཕྱོགས་རིས་མེད་པའི་ཡེ་ཤེས་ནི། །ནམ་མཁའ་ལྟ་བུར་ཀུན་ལ་ཁྱབ། །མཚན་ཉིད་ཅིག་ཡང་མ་ཡིན་ཏེ། །ཡེ་ནས་རིག་པས་གསལ་བར་ཤེས། །དོན་དེ་ཤེས་པས་ཡེ་ཤེས་སོ། །མི་ཤེས་པ་ཉིད་ཡེ་ཤེས་ཏེ། །བགྲོད་པ་རིག་པས་གསལ་བར་མཐོང་། ཁྲེས་པ་རྒྱུ་བ་བཅད་པས་ན། །དེ་མ་ཐག་ཏུ་རིག་པ་འཆར། །རང་བྱུང་དོན་ལ་གཡོ་མེད་མཆོག་གི་དོན། །མ་ཡེངས་གསལ་བ་མངོན་སུམ་དུ། །རང་ཉམས་ཉིད་ལ་དེ་ལྟར་སྣང་། །ཡེ་ནས་རིག་པའི་འཁོར་ལོ་ལ། །རྣམ་རྟོག་ཞེན་པའི་ཆོས་མེད་པས། །ཡེ་ནས་རང་གསལ་ཡེ་ཤེས་ཏེ། །བསྒྲིབས་པའི་ཆོས་ཀྱིས་གདོད་ནས་སྟོང་། །སྟོང་ཉིད་ཡེ་ཤེས་མཚན་མས་དབེན། །ཆོས་དབྱིངས་ཡེ་ཤེས་མ་བཅོས་པ། །མེ་ལོང་ཡེ་ཤེས་མི་རྟོག་གསལ། །མཉམ་ཉིད་རིག་པ་སེམས་སུ་གསལ། །སོ་སོར་རྟོག་པ་མ་འདྲེས་གསལ། །བྱ་བ་ནན་ཏན་མཐར་ཕྱིན་པའོ། །རང་བྱུང་ཡེ་ཤེས་རྒྱུ་རྐྱེན་བྲལ། །ལྷུན་གྲུབ་ཡེ་ཤེས་ཕྱོགས་རིས་མེད། །བསམ་པའི་ཡེ་ཤེས་བསམ་མི་ཁྱབ། །རང་གསལ་ཡེ་ཤེས་དམིགས་དང་བྲལ། །གང་ཡང་མ་ཡིན་དེ་བཞིན་ཉིད། །མ་བཅོས་སེམས་ཀྱི་རང་བཞིན་ལ། །མ་ཡེངས་གསལ་བར་གནས་པས་གྲུབ། །མ་གཞག་རིག་པས་ཤུགས་ཀྱིས་གསལ། །མ་བཙལ་ཆུ་ལྟར་རྙོག་དང་བྲལ། །བདག་གཞན་ཕྱོགས་རིས་མི་མངའ་བས། །ཕྱོགས་མེད་གསལ་བའི་ཡེ་ཤེས་སོ། །མི་འཕྲོ་མི་བསྡུ་རིག་པར་གསལ། ཁྲེས་པ་མ་ཡིན་མི་ཤེས་མིན། །མཐའ་བྲལ་དབུ་མའི་ལམ་དུ་གསལ། །གསལ་བའི་ཡེ་ཤེས་མཐའ་དབུས་མེད། །བརྗོད་བྲལ་ཡེ་ཤེས་སྒྲ་ལས་འདས། །ཐམས་ཅད་ཡེ་ཤེས་ཡིན་པས་ན། །གཉིས་པ་མ་ཡིན་རིག་པར་གཅིག །མཁའ་ལྟར་དག་པའི་གཡུང་དྲུང་ལ། །སྦྱང་ཞིང་བགྲོད་པའི་ཡུལ་ལས་འདས། །སྤྱད་རྩོལ་རིག་པས་ཅི་སྤྱད་པ། །ཕྱོགས་བཅས་འཁོར་བའི་ལམ་དུ་ལྟུང་། །ཕྱོགས་བྲལ་ཡེ་ཤེས་མ་ཤར་ན། །ཕྱོགས་འཛིན་གསང་བའི་ལམ་ལས་གོལ། །མ་བཅོས་གསང་བའི་ཡེ་ཤེས་ནི། །རིག་པ་རང་གསལ་ཉག་གཅིག་པ། །མ་བཅོས་རྣལ་དུ་གཞག་པས་གསལ། །འགྱུར་མེད་ཀློང་དུ་ཞུགས་པས་གོལ། །རང་བྱུང་རིག་པ་ཉག་གཅིག་ལ། །ཕྱོགས་འཛིན་ཞེན་པའི་རྩོལ་བརྒྱད་ཀྱིས། །བརྟག་བྲལ་ངང་ལ་ཅིར་མ་བརྟགས། །གང་ལྟར་གཟུང་བ་ཕྱིན་ཅི་ལོག །འདུ་ཤེས་མ་ལུས་ཀུན་བྲལ་ལ། །བསམ་ཞིང་སྤྱོད་པའི་ཡུལ་ལས་གྲོལ། །ཀུན་འདུས་གསང་བའི་ཡེ་ཤེས་ལ། །རྟོག་སྤྱོད་ནམ་མཁའ་མཐའ་ཚོལ་འདྲ། །དུས་གསུམ་རིག་པ་རང་གསལ་ལ། །རྫོགས་པས་དབྱེ་བས་ཆོས་མི་གནས། །གང་ལྟར་གསལ་ཡང་ཡེཤེསཡིན། །ཞེས་གསུངས་སོ། །ཉ་མོ་འཁོར་ལོའི་རྒྱུད་ལས་ །ཡེ་ཤེས་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བྱང་ཆུང་སེམས་དཔའི་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་སངས་རྒྱས་ཐམས་ཅད་ཀྱིས། །རང་གསལ་ཉག་གཅིག་དྲི་མེད་ལས། །དངོས་པོ་གསུམ་དུ་མི་གནས་ན། །རྣམ་པར་ཕྱེ་བའི་དགོངས་པ་གང་། །ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་ཀུན་རང་བྱུང་རྫོགས་པའི་ལུང་། །བདག་ཉིད་ལྷུན་གྲུབ་ཉག་གཅིག་ལ། །རྣམ་པར་དབྱེ་བ་མི་གནས་ན། །རྟོག་པའི་ངོ་ལ་གསུམ་དུ་བྱུང་། །དངོས་ཉིད་མི་གཡོ་བདེ་ཆེན་ལ། །གྲངས་དང་མཚན་མ་འཛིན་པ་ཉིད། །ཡེ་ཤེས་ལྷུན་རྫོགས་དོན་དང་འགལ། །ཐམས་ཅད་སེམས་ཉིད་སྣང་བས་ན། །སེམས་མ་ཡིན་པའི་ཆོས་མི་གནས། །ནམ་མཁའི་དབྱིངས་ཀྱི་ཚུལ་དང་མཐུན། །བདག་གཞན་མི་མངའ་ཕྱོགས་རིས་མེད། །རྟོག་པའི་ངོ་ལ་སོ་སོར་སྣང་། །རྟོགས་ན་རང་གསལ་གཅིག་ལས་མེད། །ཀུན་གཞི་སེམས་ཀྱི་རང་བཞིན་ལ། །བརྗོད་པའི་ཐ་སྙད་ཀུན་དང་བྲལ། །དེ་ཉིད་སྒྲ་ཡི་འཁོར་ལོས་བསྟན། །བརྗོད་འབྱུང་སྒྲ་ཡི་འཁོར་ལོར་བསྟན། །ལམ་མེད་རིམ་མེད་ཅིག་ཅར་འཇུག །མཁའ་འདྲའི་སེམས་ལ་བགྲོད་དུ་མེད། །རང་བྱུང་རིག་པ་རྒྱུ་རྐྱེན་མེད། །ཀུན་འདུས་རིག་པ་སེམས་ཀྱི་གཏེར། །འོད་གསལ་རིག་པ་དབྱིངས་ལ་འདུ། །ཀློང་དགུ་བསྟན་པའི་སྒོ་མོ་ཡང་། །སེམས་ཉིད་རིག་པ་གཞི་ལ་རྫོགས། །མ་བཅོས་རྫོགས་པའི་རང་བཞིན་ནི། །ལྷུན་གྱིས་གྲུབ་པའི་བྱང་ཆུབ་སེམས། །ཅི་ཡང་ཡིན་ནོ་རྣམ་ཀུན་བཅས། །གང་ལྟར་ཡིན་པ་དེ་ལྟར་ཡིན། །ཐམས་ཅད་ཁྱབ་པའི་བྱང་ཆུབ་སེམས། ཁྱབ་པར་གསལ་ལ་རང་བཞིན་མེད། །འདུ་འབྲལ་མེད་པས་དབྱིངས་ཀྱི་ལུང་། །ཀུན་ཀྱང་མཉམ་ཉིད་བྱང་ཆུབ་ལ། །སྒྲོ་དང་སྐུར་པ་ཅི་ཞིག་ཡོད། །དེ་ཉིད་མ་ཡིན་མི་གནས་པས། །ཀུན་ཀྱང་དེ་དང་མཉམ་དུ་གསལ། །ཀུན་རྫོགས་བྱ་བྲལ་རྫོགས་ལུང་ནི། །གཅིག་ལ་ཀུན་ཏུ་ཁྱབ་པར་བདལ། །གསང་བ་ཐབས་ཀྱི་མེ་ལོང་གིས། །གསལ་ལ་འཛིན་པ་ཀུན་གྱིས་དབེན། །མདོ་འདུས་སེམས་ཀྱི་རྩ་བ་ནི། །ཆོས་རྣམས་ཀུན་གྱི་སྙིང་པོ་ཡིན། །རང་བྱུང་མཆོག་གི་དགོངས་པ་ནི། །བཅོས་པ་མེད་དོ་མཁའ་ལྟར་བཞག །བསམ་བྲལ་མཁའ་ལྟར་གནས་པ་ནི། །རིག་པའི་འོད་གསལ་དབྱིངས་ཀྱི་ངང་། །སེམས་ཀྱིས་སྒྲིབ་པར་མི་བྱ་ཞིང་། །གློད་ན་གྲོལ་བར་ཐེ་ཚོམ་མེད། །རྡོ་རྗེ་དམ་པའི་རིགས་ཅན་ལ། །མཁའ་ལྟར་ཁྱབ་བདལ་མན་ངག་གིས། །གནང་བཀག་མེད་པའི་སྤྱོད་བ་བསྟན། །འདི་ལ་གྲོལ་འགྱུར་ཐེ་ཚོམ་མེད། །རྡོ་རྗེ་བླ་མ་མི་འཛིན་ཞིང་། །གསང་བའི་མན་ངག་འཕེལ་འགྱུར་ན། །འདི་ལ་རྡོ་རྗེ་དམྱལ་བའི་གནས། །འགྲུབ་འགྱུར་ཐེ་ཚོམ་མེད་པར་འགྲོ། །དམ་ཚིག་མི་ལྡན་རྡོ་རྗེ་ཡང་། །གསང་བའི་དམ་སྲི་གང་བྱེད་པ། །རྡོ་རྗེ་དམྱལ་བ་ཉིད་ཀྱི་གནས། །གཉིས་ཀ་བར་མཚམས་མེད་པར་ལྟུང་། །དད་དང་དམ་ཚིག་ལྡན་པ་དང་། །མི་གཡོ་སེམས་ལ་དད་པ་དང་། །གསང་བ་འཕེལ་བར་མི་བྱེད་པའི། །རྒྱལ་ཚབ་ངེས་པ་གཅིག་ལ་གཏད། །སྣོད་དང་མི་ལྡན་སློབ་མ་ནི། །དམ་པ་ཀུན་གྱི་དགྲ་ཡིན་པས། །བསྟན་ན་འཇིགས་པ་ཆེན་པོ་ཉིད། །མཐོང་དང་མ་མཐོང་གཉིས་ཀར་བྱུང་། །འདི་ལ་རང་གསལ་ཀློང་གི་དོན། །འཕྱར་ཞིང་གཅམ་པས་བཤད་བྱས་ན། །དེ་ཡི་རྣམ་སྨིན་མ་བསྟན་ཏེ། །བསྟན་ན་མྱོས་པ་ཉིད་དུ་འགྱུར། །རྡོ་རྗེ་དམ་པའི་རིགས་ཅན་ལ། །རྩོལ་བྲལ་རིག་པ་སེམས་ཀྱི་ལུང་། །ཡང་གསང་ཐུགས་ཀྱི་ཉིད་ཁུ་འདི། །རྣ་བརྒྱུད་འཕྲུལ་མིག་ལྡན་པ་ཡིས། །ལེགས་པར་སེམས་ཀྱི་དཀྱིལ་དུ་བཞག །མི་གཡོ་གསལ་བར་གཟུང་བ་ཡིན། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །ཀུན་བཟང་རྒྱལ་བས་མཆོག་ཏུ་གསུངས། །ཞེས་གསུངས་སོ། །ཉ་མོ་འཁོར་ལོའི་རྒྱུད་ལས། ཐམས་ཅད་འདུས་པར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐ་ཅེས་གསོལ་ཏོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །སྐུ་གསུང་གསང་བ་རིག་པ་སྟེ། །ཕྱོགས་མེད་བསྲུང་བྲལ་དམ་ཚིག་འདི། །འདུས་པའི་ཚོགས་ལ་ལེགས་པར་གསུངས། །ཞེས་ཞུས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འདའ་བ་མེད་པའི་ཏིང་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ལེགས་པར་ཉོན། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །སྲུང་སྡོམ་དམ་ཚིག་མཐའ་ཡས་པ། །སྐུ་གསུང་ཐུགས་སུ་ངེས་པར་འདུས། །དེ་ཉིད་རིག་པའི་དམ་ཚིག་གོ །དེ་ཉིད་ལྷག་པའི་དམ་ཚིག་བཞི། །མ་བཅོས་ལྷུན་གྲུབ་དམ་ཚིག་ལ། །བསྲུང་དང་མི་བསྲུང་ཕྱོགས་བྲལ་བས། །འདའ་བ་མེད་པར་ལྷུན་གྱིས་རྫོགས། །བདག་ཉིད་རིག་པ་མ་ཡིན་པ། །བསྲུང་དང་མི་བསྲུང་མེད་པའི་ཕྱིར། །གཉིས་ཀ་མ་ཡིན་ཕྱིར་མི་དགོངས། །བསྲུང་བྲལ་རིག་པའི་དམ་ཚིག་ནི། །བསྲུངས་པས་མཁན་ལ་ཚད་འདོར་འདྲ། །བསྲུང་དུ་མེད་པས་མི་བསྲུང་ཞིང་། །དེ་ཉིད་མ་འཛིན་འཛིན་དང་བྲལ། །ནམ་མཁའི་མཐའ་ལྟར་བསྲུང་མེད་པས། །ནམ་མཁའ་རྡོ་རྗེ་དམ་ཚིག་མཆོག །ཡེ་ནས་ཐུབ་པས་བསྲུང་དུ་མེད། །གསང་བའི་རིག་པའི་དམ་ཚིག་ལ། །བསྲུང་དང་མི་བསྲུང་ལོག་པའི་ཆོས། །བསྲུངས་པས་གྲུབ་པ་མ་ཡིན་ཞིང་། །དེ་བཞིན་མ་བསྲུངས་འདའ་བ་མེད། །འགྲོ་འདུལ་ཐབས་ཀྱི་དམ་ཚིག་ལ། །མི་བསྲུང་མེད་པའི་དོན་རྟོགས་ནས། །ཀུན་ཐུབ་ཐབས་ཀྱི་དམ་ཚིག་སྟེ། །ཇི་ལྟར་མཐུན་པ་དེ་ལྟར་ཡིན། །བསྲུང་དང་མི་བསྲུང་ཆོས་མེད་པས། །ནམ་མཁའི་རྒྱལ་པོའི་དམ་ཚིག་འདི། །ཕྱོགས་མེད་བདལ་བ་མ་བཅོས་དང་། །གང་ཞིག་ཕྱོགས་སུ་སྲུང་བ་ནི། །ཆེད་བྱས་ཕྱོགས་འཛིན་བསྲུང་བའི་ཆོས། །ཕྱོགས་བཅས་འཁོར་བའི་དམ་ཚིག་ཡིན། །མ་བཅོས་གསང་བའི་དམ་ཚིག་ལ། །ཕྱོགས་རིས་ཆེ་ཆུང་ཡོངས་ཀྱིས་མེད། །མཁྱེན་པའི་ཕྱོགས་བྲལ་དམ་ཚིག་ནི། །མ་བཅོས་ངང་ལ་རྫོགས་པར་ལྡན། །ཀུན་འདུས་སེམས་ཀྱི་མེ་ལོང་ལ། །སྒྲིབ་པ་མེད་པརརངབཞིནའཆར། །དུས་གསུམ་མཉམ་པར་རང་གསལ་དང་། །མ་འདྲེས་ཁྱད་པར་སོ་སོར་གཟིགས། །ཇི་བཞིན་པ་དང་ཇི་སྙེད་པ། །སྙིང་པོ་རང་གསལ་རྫོགས་པའི་ལུང་། །སེམས་ཀྱི་ལུང་ལ་གཉིས་མེད་ཀྱང་། །ཇི་ལྟར་བལྟས་པ་དེ་ལྟར་སྣང་། །འགྲོ་འདུལ་ཕྱོགས་མེད་དམ་ཚིག་ལ། །མཛད་པ་ངོས་གཟུང་མི་མངའ་སྟེ། །དེ་ཉིད་མཐོང་ཚུལ་ཁྱད་པར་གྱིས། །ཕྱོགས་རིས་མེད་པར་རང་བཞིན་འཆར། །ཇི་ལྟར་སྣ་ཚོགས་འདུལ་གྱུར་བ། །དེ་ལྟ་དེ་ལྟར་མངོན་པར་སྣང་། །ཇི་བཞིན་ཉི་ལ་ཕྱོགས་མེད་བས། །ཐུགས་རྗེ་རང་སྣང་ཕྱོགས་རིས་མེད། །བདག་ཉིད་ཆེན་པོ་ཀུན་འདུས་པ། །རང་གསལ་གཅིག་ལས་འདས་པ་མེད། །གཅིག་པོ་ཡེ་ཤེས་རྫོགས་པ་ཉིད། །རྣམ་པར་འབྱེད་པའི་ཆོས་དང་བྲལ། །དེ་ཉིད་རིག་པའི་དམ་ཚིག་སྟེ། །ཡེ་ཤེས་གསང་བའི་ངོ་བོ་ཡིན། །དྲི་མེད་དམ་ཚིག་ཆེན་པོ་ལ། །རྣམ་རྟོག་ཞེན་པའི་ཆོས་མི་གནས། །སེམས་ཉིད་རྫོགས་པའི་རང་བཞིན་ལ། །ཀུན་རྫོགས་རང་གསལ་སྙིང་པོར་རྫོགས། །གཅིག་པུའི་ངང་ལས་མི་འདའ་ན། །རྫོགས་ཆེན་དམ་ཚིག་ཆེན་པོ་ཉིད། །གཅིག་བུ་ཡིན་པར་རབ་ཏུ་བསྒྲ་གས། །ལྷུན་གྲུབ་དམ་ཚིག་ཆེན་པོ་ལ། །མ་བསྲུངས་རྫོགས་པས་རང་བཞིན ཚང། །ཕྱོགས་རིས་མེད་པས་ལྷུན་གྱིས་གྲུབ། །བཙལ་དུ་མེད་པས་ལྷུན་གྱིས་གྲུབ། །གདོད་ནས་རྫོགས་པས་ལྷུན་གྱིས་གྲུབ། །བསྲུང་བྲལ་ལྷུན་རྫོགས་དམ་ཚིག་ལ། །གང་ལྟར་བསྲུངས་པ་ཕྱིན་ཅི་ལོག །བསྲུངས་མེད་ཆོས་ལ་བསྲུངས་པས་བསླད། །བཙལ་མེད་ཆོས་ལ་རྩོལ་བས་བཅིངས། །འཛིན་མེད་ཆོས་ལ་འཛིན་པས་གཟུང་། །གཅིག་གི་དོན་ལ་གཉིས་སུ་སྤྱད། །བགྲོད་རྩོལ་བྲལ་བའི་དམ་ཚིག་ལ། །བགྲོད་པས་ལྟུན་གྲུབ་དམ་ཚིག་་བྲུལ། །བྱ་བྲལ་ཆོས་ལ་བྱས་པས་ནོར། །དེ་ཕྱིར་དམ་པའི་རྡོ་རྗེ་ཡིན། །ལྷག་པའི་དམ་ཚིག་མི་ལྡན་ན། །ཕྱོགས་ཀྱི་དམ་ཚིག་གང་སྲུངས་ཀྱང་། །སྤྲེལ་མ་གཡང་དུ་ལྷུང་བ་བཞིན། ཁམས་གསུམ་འཁོར་བའི་གནས་སུ་ལྟུང་། །ཞེས་གསུངས་སོ། །ཉ་མོ་འཁོར་ལེའི་རྒྱུད་ལས། ལྷུན་གྲུབ་བསྲུང་བྲལ་རིག་པར་རྫོགས་པ་བསྟན་པའི་ལེའུ་སྟེ་བཅུ་བཞི་བའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་དེས་འདི་སྐད་ཅེས་གསོལ་བ་བཏབ་བོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་མཛད་པ་ལ། །བརྗོད་པའི་མཚན་མ་མི་མངའ་ཡང་། །དམན་པའི་བློ་ལ་ཅི་འཚམ་པར། །འཕྲུལ་ཚིག་སྒྲ་ཡི་པྲ་ཀྲིད་ཀྱིས། །བཙལ་མེད་སེམས་ཀྱིའི་འཕྲིན་ལས་འདི། །འདུས་པའི་ཚོགས་ལ་བཤད་དུ་གསོལ། །ཞེས་ཞུསླ་པ་ལས། དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོས་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། བཙལ་མེད་སེམས་ཀྱིརངབཞིན ལ། །བྱབྱེད་འཕྲིན་ལས་མི་གནས་ཀྱང་། །ལྷུན་གྲུབ་སེམས་ཀྱི་བྱིན་བརླབས་ལས། །བཙལ་མེད་འཕྲིན་ལས་ཕྱོགས་བཅུར་བདལ། །བྱ་བྲལ་རྫོགས་པའི་འཕྲིན་ལས་ནི། །ཡིན་ནོ་དགག་བྲལ་ལྷུན་གྱིས་གྲུབ། །ཆུ་དང་རོལ་བ་ལྷུན་གྲུབ་བལྟར། །བྱས་པ་མེད་པར་རང་བཞིན་གསལ། །བཙལ་བྲལ་སེམས་ཀྱི་འཕྲིན་ལས་ནི། ཁྱབ་པར་གསལ་ལ་དངོས་པོ་མེད། །དཔེར་ན་ཉི་མའི་འོད་དང་མཚུངས། །གསང་བ་རིག་པའི་རྗེས་སུ་མཐུན། །བྱས་བ་ཟིན་པས་བྱ་མི་དགོས། །ལྷུན་གྱིས་གྲུབ་པས་བཙལ་མི་དགོས། །ཡེ་ནས་དག་པས་སྦྱང་མི་དགོས། ཁམས་གསུམ་རིག་པར་གཅིག་པས་ན། །འཕྲིན་ལས་རྣམ་བཞི་བྱ་མི་དགོས། །འགྲོ་དྲུག་སེམས་སུ་སངས་རྒྱས་དང་། །སྙིང་རྗེས་འགྲོ་དོན་བྱ་དང་བྲལ། །ཡེ་ནས་བྱར་མེད་བྱ་དང་བྲལ། །དངོས་ལ་དེ་ལྟར་མི་གནས་ཀྱང་། ཁྱབ་པའི་གདུལ་བྱའི་སྣང་བ་ལ། །ལྷུན་གྲུབ་རིན་ཆེན་འབར་བ་ལྟར། །བཙལ་མེད་བྱིན་གྱིས་བརླབས་ཀྱིས་འབྱུང་། །གདུལ་བྱའི་དུས་ན་སྐབས་ཀྱིས་མཐུན། །ལྷུན་གྲུབ་དུས་ན་ཕྱོགས་རིས་མེད། །སྐུ་གསུང་མཛད་པ་མཐའ་ཡས་པ། །ལྷུན་གྲུབ་སེམས་ཀྱི་མཛད་པ་ཡིན། །ལྷུན་གྲུབ་མཛད་པ་མ་རྟོགས་ན། །ཕྱོགས་འཛིན་མཛད་པས་དོན་མི་མཐོང་། །བྱ་བྲལ་གསང་བའི་མཛད་པ་ནི། །གང་ཡང་མིན་ནོ་དེ་ལྟར་ཡིན། །ཐབས་ལྡན་རིག་པ་གཏེར་གྱི་དབྱིངས། །བག་ཡངས་ཐབས་ལ་འགག་པ་མེད། །མ་རིག་ལོག་པ་དྲངས་ཐབས་སུ། །ཐབས་ཀྱི་མཛད་པ་བསམ་མི་ཁྱབ། །མུ་སྟེགས་དམན་པའི་མཛད་སྤྱོད་ཀྱང་། །རོལ་པ་བདེ་མཆོག་ཉིད་ཡིན་ན། །གཞན་ལྟ་སྨོས་པ་ཅི་ཞིག་དགོས། །གསང་དོན་བཏགས་ན་བདེ་བའི་ས། །དེ་མ་ཐག་ཏུ་ལྷུན་གྱི་གྲུབ། །མ་ཆགས་ཐབས་ཀྱི་མཛད་པ་ནི། །ཅི་ཡང་ཡིན་ནོ་གང་ཡང་རུང་། །མ་བཅོས་ཐབས་ཀྱི་འཕྲིན་ལས་ལ། །བྱ་དང་མི་བྱ་ཅི་ལ་ཡོད། །བདག་མེད་གཞན་མེད་རིག་པའི་ཀློང་། །བསམ་ཞིང་སྤྱད་མེད་དེ་བཞིན་ཉིད། །ཕྱི་ནང་ཀུན་བྲལ་ཆོས་ཀྱི་དབྱིངས། ཁྱབ་པར་གསལ་ལ་ངོས་གཟུང་མེད། །མི་འབྱུང་མི་འཇུག་དགོངས་པའི་ཀློང་། །བྱ་མེད་མ་མ་ཡེངས་དྲན་བསམ་བྲལ། །རང་གཞག་རིག་པ་གྱི་ནར་གནས། །བྱ་བྲལ་རིག་པའི་འཕྲིན་ལས་ཏེ། །མ་བཅོས་རིག་པ་ཐབས་ཀྱི་ས། །ཞེས་གསུངས་སོ། །ཉ་མོ་འཁོར་ལོའི་རྒྱུད་ལས། བྱ་བཙལ་བྲལ་བར་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཡང་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་སངས་རྒྱས་ཐམས་ཅད་ཀྱི། །རང་བྱུང་ཉག་གཅིག་དྲི་མེད་ལ། །རྩོལ་ཞིང་སྒྲུབ་པའི་ཆོས་མེད་པའི། །རང་བྱུང་འབྲས་བུ་ཇི་ལྟར་སྨོན། །ཞེས་ཞུས་སོ། །དེ་ནསདེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོས། །འདུས་པའི་ཚོགས་ལ་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ། གདོད་ནས་མ་བཙལ་ལྷུན་གྲུབ་པས། །བགྲོད་པས་ཐོབ་པའི་འབྲས་བུ་མིན། ཁུ་རྐྱེན་མེད་པའི་རང་བྱུང་བས། །སྐྱེ་ཞིང་འཇིག་པའི་འབྲས་བུ་མིན། །ཐམས་ཅད་བྱང་ཆུབ་སྙིང་པོ་བས། །གཞན་ལས་ཐོབ་པའི་འབྲས་བུ་མིན། །དུས་གསུམ་ཅིག་ཅར་ལྷུན་རྫོགས་པས། །རིམ་པར་ཐོབ་པའི་འབྲས་བུ་མིན། །ཐོག་མ་ཐ་མའི་ཚད་མེད་པས། །གྲངས་དང་ཚད་ཀྱི་འབྲས་བུ་མིན། །མ་བཙལ་རང་བཞིན་ལྷུན་གྲུབ་པས། །བཙལ་ཞིང་སྒྲུབ་པའི་འབྲས་བུ་མིན། །དང་པོར་སྐྱེ་བའི་རྒྱུ་མེད་པས། །ཐ་མར་འཇིག་ཅིང་འགག་པ་མེད། །རང་བྱུང་ལྷུན་གྲུབ་འབྲས་བུ་ནི། །གདོད་ནས་ལྷུན་གྲུབ་རང་འཆར་བས། །འབྱུང་བ་ལྔ་ལ་རག་མ་ལས། །སྐུ་གསུང་ཐུགས་ལ་རྟེན་མི་འཆའ། །གསལ་བྱེད་རིག་པའི་སྒྲོན་མ་ཡིས། །གཏེར་ཁྱིམ་ཕུང་པོ་གསལ་བྱེད་ལྟར། །དམན་པའི་བློ་སྤངས་གང་དག་ལ། །ལག་གི་ནོར་བུ་བསྟན་དང་མཚུངས། །ཏཀྟ་ཀ་ཡི་ནོར་བུ་ལྟར། །མ་བསགས་ལྷུན་གྲུབ་བྱིན་རླབས་ཅན། །འཛིན་རྟོག་ཞེན་པ་མི་མངའ་ཡང་། །བྱིན་རླབས་རྒྱ་མཚོའི་ཚུལ་དུ་སྣང་། །སུབྱ་འོད་ཀྱི་སྙིང་པོ་ལྟར། །གདོད་ནས་རྫོགས་པའི་བྱིན་བརླབས་ཉིད། །འགྲོ་འོང་མེད་པར་སྣང་བ་ལས། །རྒྱུ་འབྲས་རིམ་པ་ག་ལ་ཡོད། །འབྲས་བུ་ཉིད་ལ་འབྲས་བུ་འབྱུང་། །གདོད་ནས་ལྷུན་རྫོགས་སྙིང་པོ་ལ། །རྒྱུ་དང་འབྲས་ལྟ་ག་ལ་ཡོད། །རིན་ཆེན་གསེར་གྱི་གོང་བུ་ལྟར། །ཇི་ལྟར་སྣང་ཡང་དབྱིངས་ལ་འདུས། ཁྱབ་བ་རོ་ཡིཚུལབཞིནདུ། །ཀུནཀྱང་ཆོས་སྐུ་ཉིད་ལ་འདུས། །རང་བྱུང་ཡེ་ཤེས་རྟོགས་གྱུར་ན། །ལྷུན་གྲུབ་ཡེ་ནས་བཙལ་མི་དགོས། །ལྷུན་གྲུབ་རིན་ཆེན་སྙིང་པོ་ལྟར། །མ་བཙལ་ལྷུན་རྫོགས་ཀུན་ཏུ་བཟང་། །ཞེས་གསུངས་སོ། །ཉ་མོ་འཁོར་ལེའི་རྒྱུད་ལས། །ལྷུན་གྱིས་གྲུབ་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་འདུས་པའི་ཚོགས། བཅོམ་ལྡན་འདས་བདེ་བ་ཆེན་པོས་འདི་སྐད་ཅེས་གསུངས་སོ། །ཀྱེ་འདུས་བའི་ཚོགས་ཆེན་པོ། གསང་མཛོད་རིག་པ་ཐུགས་ཀྱི་གཏེར། །ཐམས་ཅད་བྱང་ཆུབ་སེམས་ཀྱི་ལུང་། །བདེ་ཆེན་རྫོགས་པ་ཀློང་གི་མདོ། །གསང་བ་རིག་པ་ཐབས་ཀྱི་དབྱིག །བྱ་བྲལ་རྫོགས་ལུང་ཡང་སྙིང་སྟེ། །གསང་བ་ཀུན་འདུས་རྫོགས་པ་སྟེ། །ཉ་མོ་འཁོར་ལོ་གསང་བའི་རྒྱུད། །མེད་ལས་ཀུན་འབྱུང་རང་གསལ་བས། །ཟད་མེད་གཏེར་ཆེན་མཛོད་ཡིན་ཏེ། །ཐམས་ཅད་སེམས་སུ་གསལ་བས་ན། །བྱང་ཆུབ་སེམས་ཀྱི་རྫོགས་ལུང་ལ། །བདེ་ཆེན་ངང་དུ་ཀུན་རྫོགས་པས། །སེལ་མེད་རིག་པ་ཀློང་གི་མདོ། །རྟོག་གེའི་སྤྱོད་ཡུལ་མ་ཡིན་ཞིང་། །བཙལ་མེད་ཐམས་ཀྱིས་ཀུན་འབྱུང་བའོ། །ཐམས་ཅད་རྫོགས་པའི་བྱང་ཆུབ་སེམས། །རྒྱལ་བའི་སྙིང་པོ་སེམས་ཀྱི་ལུང་། །སྒྲོ་སྐུར་མེད་པར་བཤད་པ་ཡིན། །ཟབ་མོ་བརྟག་དཀའི་སྤྱོད་ཡུལ་ལ། །མ་འདུས་པ་ཡི་ཆོས་མེད་པས། །རྫོགས་ཆེན་ཀུན་འདུས་ཐེག་པའི་རྩེ། །རྒྱ་མཚོ་གཏིང་གི་ཉ་མོ་ལྟར། །བཙལ་བྲལ་རིག་པ་དབྱིངས་ལ་རྒྱུ། །སྤྱོད་ལམ་འགག་མེད་ཉམ་ང་མེད། །ཇི་ལྟར་གནས་པ་ལེགས་པའི་ལམ། །འཁོར་ལོ་སྒྲོ་འདོགས་སྐུར་པ་གཅོད། །དུས་གསུམ་རྒྱལ་བའི་དགོངས་པ་ཡིས། །གསང་བ་ཐུགས་ཀྱི་རྣ་རྒྱུད་འདི། །རིན་ཆེན་གསེར་གྱི་སྣོད་ཆེན་དུ། །རྩལ་འཆང་འོ་མ་བླུག་པ་ལྟར། །ཡང་གསང་རིག་པའི་གཏེར་དུ་བཞག །རིགས་ངེས་རྒྱལ་ཚབ་ཅིག་ལ་གཏད། །བསྟན་པའི་ཡང་སྙིང་སྙིང་ལྟར་གཟུང་། །ཞེས་གསུངས་སོ། །ཉ་མོ་འཁོར་ལོའི་རྒྱུད་ལས། རྒྱུད་གཟུང་བའི་ལེའུ་སྟེ་སྟེ་བཅུ་བདུན་པའོ།། །།བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་ཀུན་འདུས་གསེར་གྱི་ཉ་མོ་འཁོར་ལོ་བསྐོར་བའི་རྒྱུད་ཆེན་པོ་རྫོགས་སོ།། །།དགོན་ཕུག་གི་བཀའ་རྒྱུད་འདི་རྣམ་འདི་རྣམས་ཀྱང་བསྟན་པའི་ཡང་སྙིང་གི་ཡང་སྙིང་ཡིན་པས། །སྤེལ་ན་མཁའ་འགྲོ་ཤི་ཛ་མུན་ཏས་མངོན་སུམ་དུ་སྙིང་འབྱིན་ནོ།། །།རྒྱ་གར་སྐད་དུ། དུན་ཏེ་མི་ལེ་ཀར་མ་ཙཀྲ །བོད་སྐད་དུ། །ཡི་གེ་འབྲུ་བཤད་ལས་ཀྱི་འཁོར་ལོ། དཔལ་ཀུན་ཏུ་བཟང་པོ་རྟོག་པ་མངོན་དུ་གྱུར་པའི་སངས་རྒྱས་ལ་ཕྱག་འཚལ་