Ngb-pt-0450-vol-05-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

སེམས་ཀུན་འདུས་འོད་ཀྱི་ཏན་ཏྲ་རྫོགས་སོ།། །།རྒྱ་གར་སྐད་དུ། ཙྭ་ན་པྲ་བྷ་རཏྣ་ཏན་ཏྲ་ནཱ་མ། བོད་སྐད་དུ། ཡེ་ཤེས་རིན་ཆེན་འོད་ཀྱི་རྒྱུད་ཅེས་བྱ་བ། །ཡེ་ཤེས་རིན་པོ་ཆེ་གང་ཡིན་པ་དེ་ལ་ཕྱག་འཚལ་ལོ། །འདི་སྐད་བཤད་པའི་དུས་གཅིག་ན། རིན་པོ་ཆེའི་གནས་ཡེ་ཤེས་ཀྱི་ཀློང་། །མཐའ་དབུས་མེད་པའི་གཞལ་ཡས་ཁང་ན། །བཅོམ་ལྡན་འདས་མངོན་རྫོགས་རྒྱལ་པོ་བཞུགས་ཏེ། །རང་བཞིན་གྱི་འཁོར་དང་། །དོན་གྱི་འཁོར་དང་། འདོད་པའི་འཁོར་རོ། །རྒྱུའི་བྱང་ཆུབ་སེམས་དཔའ་དང་། །ལམ་གྱི་བྱང་ཆུབ་སེམས་དཔའ་དང་། འབྲས་བུའི་བྱང་ཆུབ་སེམས་དཔའ་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་ལྷའི་བུ་སེམས་ལྷག་ཅན་གྱིས། མངོན་རྫོགས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །གསུང་གི་སངས་རྒྱས་ཐམས་ཅད་ཀྱིས། ཁུ་ཡི་དོན་རྣམས་མཐར་ཕྱུང་ནས། ཁུ་མེད་དོན་ནི་མི་གསུང་བ། །ཐུགས་རྗེའི་མཁྱེན་པ་མི་མངའ་འམ ངོ་བོའི་སངས་རྒྱས་ཐམས་ཅད་ཀྱིས། །ལམ་གྱི་དོན་རྣམས་མཐར་ཕྱུང་ནས། །འབྲས་བུའི་དོན་ནི་མི་གསུང་བ། །ཐུགས་རྗེའི་ཡོན་ཏན་མི་མངའ་འམ། །རིན་ཆེན་ལྟ་བུའི་སྐལ་ལྡན་ལ། །རྒྱུ་མེད་འབྲས་བུ་གསུང་དུ་གསོལ། །ཅེས་གསོལ་པ་དང་། །དེ་ནས་མངོན་རྫོགས་རྒྱལ་པོས། །སེམས་ལྷག་ཅན་ལ་བཀའ་སྩལ་པ། །གསུང་གི་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་རང་བཞིན་ཁྱོད་ཡིན་པས། །ཡེ་ཤེས་ཀུན་གྱི་མཛད་པར་ཤེར། །སྐུ་ཡི་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་རིན་ཆེན་ཁྱོད་ཡིན་པས། །ཆོས་རྣམས་བྱང་ཆུབ་སེམས་ལ་སྣང་། །ཐུགས་ཀྱི་སངས་རྒྱས་ཐམས་ཅད་ཀྱི། །མ་གཡོས་ཡེ་ཤེསདང་ལྡན་པས། །ཡེ་ཤེས་རྨད་བྱུང་ཉིད་དུ་ཤར། །དོན་གཅིག་ཡོན་ཏན་ཀུན་གྱི་བདག །རིན་ཆེན་འབར་བ་ཐབས་ཀྱི་སྒོ། ཡེ་ཤེས་མཁྱེན་པའི་ཐབས་ལྡན་པས། །རྩོལ་མེད་ཡེ་ཤེས་ངོ་སྤྲད་ཀྱིས། །ཡེ་ཤེས་སྟོང་པའི་ངོ་བོ་ལ། །ཐ་སྙད་བརྗོད་པའི་ཚིག་བྲལ་ཡང་། །མ་རྟོགས་པ་ལ་མཚོན་པའི་ཕྱིར། །གསུང་གི་བརྗོད་པ་གསལ་བ་ཡིས། །མུན་ཁུང་གསེར་སྒྲོན་ལྟ་བུར་བཤད། །རང་བཞིན་ངོ་བོ་ཐུགས་རྗེ་ནི། །སྟོན་པ་ཕུན་སུམ་ཚོགས་པར་བཤད། །འདས་དང་མ་བྱོན་ད་ལྟར་ནི། །དུས་ནི་ཕུན་སུམ་ཚོགས་པར་བཤད། །ཐམས་ཅད་སྡུད་དང་ཁྱད་པར་འཕགས། ཁང་བཟངས་སྤྲུལ་བ་བཞུགས་པ་ནི། །གནས་ནི་ཕུན་སུམ་ཚོགས་པར་བཤད། །རང་རྒྱུད་འབྲེལ་དང་དོན་གྱིས་ཅིག །འདོད་པས་བསྡུས་པའི་འཁོར་རྣམས་ནི། །འཁོར་ནི་ཕུན་སུམ་ཚོགས་པར་བཤད། །གཅིག་དང་འབྲལ་དང་གཏན་ལ་འབེབས། །མ་ཚང་མེད་དང་དགོས་པ་ཚང་། ཁུད་ནི་ཕུན་སུམ་ཚོགས་པར་བཤད། །ཅི་ཡང་མ་ཡིན་བྱང་ཆུབ་སེམས། །རྩིས་གདབ་བློ་དང་བྲལ་བ་ནི། །ལྟ་བ་ཕུན་སུམ་ཚོགས་པར་བཤད། །ཡེ་ཤེས་རྒྱུན་ལ་བར་མ་ཆད། །དོན་ལས་བཞན་དུ་མ་བཀོལ་བ། །ཏིང་འཛིན་ཕུན་སུམ་ཚོགས་པར་བཤད། །བྱ་བའི་སྤྱོད་པ་རྣམ་དག་ཅིང་། །བླང་དང་དོར་བ་རྣམ་དག་ནི། །སྤྱོད་པ་ཕུན་སུམ་ཚོགས་པར་བཤད། །ཡེ་ཤེས་དྲི་མ་མེད་པ་ལ། །རེ་དོགས་བློ་དང་བྲལ་བ་ནི། །འབྲས་བུ་ཕུན་སུམ་ཚོགས་པར་བཤད། །ཡེ་ཤེས་གང་དུ་རྒྱ་མ་ཆད། །ཐམས་ཅད་འབྱུང་བའི་གཞིར་གྱུར་བ། །གཞི་ནི་ཕུན་སུམ་ཚོགས་པར་བཤད། །ཐམས་ཅད་ཀུན་དུ་མ་བསྒྲིབས་ཤིང་། །ཡེ་ཤེས་རང་དུ་སྣང་བ་ནི། །ཡེ་ཤེས་ཕུན་སུམ་ཚོགས་པར་བཤད། །རྟོགས་པ་གཞན་གྱིས་གཡོག་ཏུ་མེད། །སྙིང་པོ་ཕུན་སུམ་ཚོགས་པར་བཤད། །རྟོགས་པ་གཞན་ལས་རག་ལས་མེད། །སྒོམ་མེད་ཕུན་སུམ་ཚོགས་པར་བཤད། །འདོད་པའི་དོན་འབྱུང་རིན་པོ་ཆེ། །ཡོན་ཏན་ཕུན་སུམ་ཚོགས་པར་བཤད། །འཁོར་བ་བརྡར་བཅད་ཡེ་ཤེས་ནི། །འཁོར་འདས་ཕུན་སུམ་ཚོགས་པར་བཤད། །སངས་རྒྱས་ཐུགས་ཀྱི་སྙིང་པོའི་བཅུད། །ཡེ་ཤེས་རང་བཞིན་རྟོགས་པར་གྱིས། །ཞེས་གསུངས་པ་དང་། །སེམས་ལྷག་ཅན་གྱིས་འདི་སྐད་ཅེས་གསོལ་ཏོ། །སྐུ་གསུང་རིག་པའི་བྱིན་བརླབས་ཏེ། །སྐལ་ལྡན་དོན་དུ་ཇི་ལྟར་འཆར། །ཞེས་གསོལ་པ་དང་། བཅོམ་ལྡན་འདས་མངོན་རྫོགས་རྒྱལ་པོས་བཀའ་སྩལ་བ། ཡིད་བཞིན་ནོར་བུའི་དགོས་འདོད་བཞིན། །ཐུགས་རྗེའི་བྱིན་རླབས་རིམ་རྒྱུད་པས། །སྟོན་པའི་གསུང་དང་བྱིན་བརླབས་ཀྱིས། །རང་སྣང་ཉི་མ་ལྟ་བུར་གསལ། །གསལ་བྱེད་རིན་ཆེན་སྣང་བ་འདི། །མཐའ་ཡས་སེམས་ཅན་ཐམས་ཅད་ལ། །མཉམ་པའི་ཚུལ་གྱིས་གནས་མོད་ཀྱང་། །སྐལ་ལྡན་སྣོད་ལྡན་རྣལ་འབྱོར་པ། །ཐུགས་རྗེའི་བྱིན་རླབས་ཤུགས་ཀྱི་ཤར། །རིན་ཆེན་སྣང་བ་རང་འབར་འདི། །འགྲོ་བའི་བླ་མ་འདས་གྱུར་ཡང་། །འགྲོ་བ་མོས་པ་ལ་གནས་ནས། །མོས་བའི་རྣལ་འབྱོར་ཡང་རབ་ལ། །སྙིང་པོ་སྒོམ་དུ་མེད་པར་བཤད། །གཏིང་ལྟར་མི་གསལ་རིན་པོ་ཆེ། །སྐལ་ལྡན་རྣལ་འབྱོར་མོས་འཇུག་གིས། །རྟོག་མེད་མཐོང་བའི་ལམ་རྟོགས་དང་། །བགྲོད་མེད་འབྲས་བུ་རང་སྣང་ཡིན། །སྣང་བ་གསུམ་གྱི་དཀྱིལ་འཁོར་ལས། །བདེ་གཤེགས་གསུམ་གྱི་སྐུ་ལྡན་པས། །རྣམ་གྲོལ་འབྲས་བུ་རང་བཞག་ཡིན། །གཞི་ནས་མ་གཡོས་རང་བཞིན་གྲུབ། །བསམ་མེད་རང་གཞག་མེད་པའི་ངང་། །བདེ་ཆེན་མི་རྟོག་རྒྱུ་བ་བྲལ། །ཡིད་ལ་མི་བྱེད་སྣང་བ་དག །རིག་པ་མ་འགགས་ཡེ་ཤེས་གསལ། །དབང་པོ་རང་སྣང་རྒྱལ་བའི་སེམས། །འགྲོ་བ་ཀུན་ལ་རང་བཞིན་གནས། །མཐོང་བ་ལོག་པ་གཞན་ཡོད་ཀྱང་། །སངས་རྒྱས་དང་པོ་གཞན་ལས་མིན། །ཆོས་ཉིད་སྐུ་ལ་འགྱུར་བ་མེད། །རང་རིག་བདེ་བ་ཆེན་པོའི་ངང་། །རྒྱུ་ལ་མི་གནས་མཐར་ཐུག་པ། །ཐེག་ཆེན་རྫོགས་པའི་འབྲས་བུ་ཡིན། །རིན་ཆེན་གསུང་གིས་ཤེས་འགྱུར་ཏེ། །བསམ་མེད་བརྗོད་བྱའི་སྙིང་པོའི་དོན། །ཀུན་གྱི་བརྗོད་བྱའི་སེམས་ཀྱི་དབྱིངས། །རང་རང་མོས་པའི་སེམས་ཀྱིས་རྟོགས། །ལམ་གྱི་རྩོལ་བས་འབྲས་བུ་འཚོལ། །རང་རང་མོས་པའི་ས་ལ་གནས། །སྨོན་པའི་འདོད་པ་རེ་བ་ཞིག །སྙིང་པོའི་ལམ་ལ་འདོད་པས་བྲལ། །ཡིད་ལ་མི་བྱེད་རང་བཞིན་གནས། །རིག་པའི་ཟེར་གྱིས་འདའ་བ་མེད། །ཅེས་གསུངས་སོ། །ཡེ་ཤེས་རིན་པོ་ཆེའི་འོད་ལས། གླེང་གཞི་ཕུན་སུམ་ཚོགས་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་སེམས་ལྷག་ཅན་གྱིས། །མངོན་རྫོགས་རྒྱལ་པོ་ལ་གསོལ་པ། སེམས་ཀྱི་གཞི་ནི་གང་། འཁོར་འདས་ཀྱི་ཆོས་ཀྱི་བྱེད་པ་པོ་ནི་གང་གིས་བྱས་པ་ཡིན། །གང་ནས་བྱུང་། མངོན་རྫོགས་རང་ལ་བྱེད་པའི་མཁན་པོ་ཡོད་དམ་མེད་བྱས་ན་ཇི་ལྟར་གནས། ཞེས་གསོལ་པ་དང་། །མངོན་རྫོགས་རྒྱལ་པོས་ཆོས་ཐམས་ཅད་གཏན་ལ་འབེབས་པའི་ཏིང་ངེ་འཛིན་ལ་བཞུགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཐམསཅད་ང་ཡིས་བྱས་པ་ཡིན། །ངའི་རང་བཞིན་སུས་ཀྱང་མ་བྱས། །ཐམས་ཅད་ང་ལས་བྱུང་བ་ཡིན། །ངའི་རང་བཞིན་སུ་ལས་ཀྱང་མ་བྱུང་། །ཐམས་ཅད་ང་ལས་ཤར་བ་སྟེ། །ངའི་རང་བཞིན་སུ་ལའང་མ་ཤར་རོ། །ཐམས་ཅད་ང་ལས་སྣང་བ་སྟེ། །ང་ལས་སུས་ཡང་སྣང་བ་མེད། །ཐམས་ཅད་ང་ཡིས་ཕྱེ་བ་སྟེ། །ང་ནི་སུས་ཀྱང་ཕྱེ་བ་མིན། །ཐམས་ཅད་ང་ཡིས་བསྡུས་བ་སྟེ། །ང་ནི་སུས་ཀྱང་བསྡུས་པ་མིན། །ཐམས་ཅད་ང་ཡིས་བརྟགས་པ་སྟེ། །ང་ནི་སུས་ཀྱང་བརྟགས་པ་ཡིན། །ཐམས་ཅད་ང་ཡིས་རྟོགས་པ་སྟེ། །ང་ནི་སུས་ཀྱང་རྟོགས་པ་མེད། །ཐམས་ཅད་ང་ཡིས་སྒོམས་པ་སྟེ། །ང་ནི་སུས་ཀྱང་མ་སྒོམས་པའོ། །ཐམས་ཅད་ང་ཡིས་མཐོང་བ་སྟེ། །ང་ནི་སུས་ཀྱང་མ་མཐོང་བའོ ཐམས་ཅད་ང་ནི་ཡིན་པ་སྟེ། །ང་ནི་ཅི་ཡང་མ་ཡིན་པའོ། །ཐམས་ཅད་ང་ཡིས་བལྟས་པ་སྟེ། །ང་ནི་སུས་ཀྱང་མ་བལྟས་པའོ། །ཐམས་ཅད་ང་ཡིས་སྒོམ་པ་སྟེ། །ང་ནི་སུས་ཀྱང་སྒོམ་མ་བ་ །ཐམས་ཅད་ང་ཡིས་སྤྱད་ཡིན་ཏེ། །ང་ནི་སུས་ཀྱང་སྤྱད་མ་ཡིན། །ཐམས་ཅད་ང་ཡིས་བཟུང་བ་སྟེ། །ང་ནི་སུས་ཀྱང་མ་བཟུང་པའོ། །མངོན་རྫོགས་ང་ཡི་ཡེ་ཤེས་ནི། །འདི་ཤར་འདི་འབྱུང་ཐམས་ཅད་གསལ། །ཐམས་ཅད་གཏན་ལ་འབེབས་པའི་ཕྱིར། །བསྟན་པ་ཡོངས་ཀྱི་སྙིང་པོ་ཡིན། །ང་ཡི་ཡེ་ཤེས་རང་བཞིན་ནི། །ཀུན་གསལ་སྒྲིབ་པ་མེད་པས་ནི། །ཡེ་ཤེས་སྒྲིབ་མེད་འོད་དུ་ཤར། །ཀུན་འབྱུང་ཟད་པ་མེད་པས་ནི། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །ཀུན་གསལ་ཡིད་བཞིན་འོད་དང་ཆས། །འདོད་པའི་རེ་བ་སྐོང་བ་ཡི། །ཡེ་ཤེས་ཡིད་བཞིན་རིན་པོ་ཆེ། །འཕེལ་འགྲིབ་མེད་པའི་ཆོས་ཉིད་ནི། །འབྱུང་གནས་རྒྱ་མཚོའི་དབྱིངས་དང་མཉམ། །སྟོང་ཞིང་གང་ཡང་རྒྱ་མ་ཆད། །ཡེ་ཤེས་ནམ་མཁའི་མཐའ་དང་མཉམ། །མ་ཆད་རྒྱུན་དུ་རང་བྱུང་བས། །ཡེ་ཤེས་ཡེ་ནས་ཆུ་བོའི་རྒྱུན། །གསལ་ལ་བར་མཚམས་མེད་པ་ཡིས། །རིག་པ་རང་གསལ་སྒྲོན་མའི་འོད། །གཞན་སྐྱོན་སེལ་མ་ཞུགས་པ་ནི། །རིན་ཆེན་གསེར་གླིང་གླིང་དུ་ཕྱིན། །གང་ཞིག་ལུང་ནི་མ་མྱོང་ལ། །བོ་ཞིང་ཟད་པའང་མ་མྱོང་བས། །འདོད་ཅིང་ཞེན་པ་མ་མྱོང་པའོ། །ཡེ་ཤེས་རིན་པོ་ཆེའི་འོད་ལས། གཞིའི་གནས་ལུགས་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་སེམས་ལྷག་ཅན་གྱིས། །མངོན་རྫོགས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཏིང་འཛིན་ཉམས་སུ་མ་བླངས་པའི། །མ་བསྒོམས་ཡེ་ཤེསའཆར་བའི་དོན། །འདུས་པའི་འཁོར་ལ་བསྟན་དུ་གསོལ། །ཅེས་གསོལ་པ་དང་། །མངོན་རྫོགས་རྒྱལ་པོས་སྒོམ་དུ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །སྒོམ་མེད་དོན་ལ་བྱ་བ་བྲལ། །སྒོམ་དུ་མེད་པའི་སྙིང་པོ་འདི། །རང་བཞག་སེམས་ཀྱི་རིགས་པས་ཤེས། །རྡོ་རྗེ་བཀའ་ནི་རྟོགས་པའི་ལམ། །བྱེད་པ་བྲལ་ལ་གཉེར་བའི་སེམས། །ཚུལ་བཟངས་རྩོལ་ལ་གང་གནས་པ། །བྱེད་པའི་དོན་དང་ཕྲད་གྱུར་ནས། །བྱ་བའི་རང་བཞིན་ཤེས་པར་བྱ། །རྒྱལ་བའི་དགོངས་པ་རིགས་པ་ཉིད། །གསུམ་དབྱེ་བྱེད་པའི་འོད་ཀྱིས་མཐོང་། །གསུམ་གྱི་འོད་གསལ་བཞི་ཡི་ལམ། །བྱེད་དང་བྲལ་བ་ཉིད་ལ་གནས། །ལམ་གྱི་ལམ་གྱི་འབྲས་བུ་མཐོང་། །འབྲས་བུའི་དགོངས་པ་རྒྱལ་བའི་ཐུགས། །བསམ་མེད་རང་གཞག་རིག་པའི་ངང་། །བདེ་ཆེན་མི་རྟོག་རྒྱུ་བ་བྲལ། །ཡིད་ལ་མི་བྱེད་སྣང་བ་དག །རིག་པ་མ་འགགས་ཡེ་ཤེས་གསལ། །འགྲོ་བ་ཀུན་ལ་རང་བཞིན་གནས། །སྤྲུལ་སྐུ་དང་པོ་གཞན་ལས་མིན། །ཀུན་བཟང་རྒྱལ་བའི་དགོངས་པ་ཉིད། །ཡེ་ཤེས་ངོ་བོས་བཟུང་བྱས་ལ། །དྲན་བའི་ཚུལ་གྱིས་ཉམས་སུ་བླངས། །འཕེན་པ་དང་པོའི་དུས་ནའོ། །རིན་ཆེན་གསུམ་གྱི་བརྟག་པ་ལས། །ཐབས་ཀྱི་བྱེ་བྲག་ཤེས་གྱུར་ན། །ཐོག་མའི་ཡེ་ཤེས་ཇི་བཞིན་ནོ། །དཀྱིལ་འཁོར་ལྔ་ཡི་ཡེ་ཤེས་འཕྲོ། །དེ་ལྡན་རྒྱལ་བའི་གྲལ་དུ་གནས། །ཐུགས་རྗེ་ཀུན་ལྡན་རྙོག་མ་མེད། །དངོས་པོ་དུས་གསུམ་འགྱུར་བ་མེད། །གསང་བའི་ཡེ་ཤེས་སྒོམ་དུ་མེད། །སྤྱད་པ་བྲལ་བའི་དུས་ན་ཤེས། །གཏང་བཞག་རང་བཞིན་བྱ་བ་བྲལ། །འཁོར་བའི་རྣམ་པར་མི་སེམས་ཏེ། །མྱ་ངན་འདས་པའི་རྒྱུ་བ་བྲལ། །རྫོགས་པའི་དགོངས་པ་བྱ་བ་མེད། །དུས་གསུམ་མ་ཡེངས་སྲོག་ཏུ་སེམས། །བླང་དོར་མི་མངའ་ལྟ་བ་མེད། །རང་བཞིན་ལྟ་བའི་རྒྱལ་པོ་ཡིན། །མི་རྩོལ་གྲངས་མེད་དྲང་པོའི་ལམ། །གང་གིས་མ་བཅོས་ལུགས་ཀྱི་ལམ། །སྙིང་པོ་ཡེ་ཤེས་རིན་ཆེན་འོད། །འོད་གསལ་རིག་པའི་དཀྱིལ་འཁོར་ལྔ། །ཆགས་པ་ལ་སོགས་ཉོན་མོངས་ལྔ། །མཐར་ཐུག་མཐའ་མའི་དུས་ན་མཐོང་། །གང་སྐྱེས་དུས་ན་ཡུལ་མི་སྤྱད། །མི་འགག་ངོ་བོ་ཉིད་ལ་བཞག །རིན་ཆེན་གསང་བའི་ཆོས་ཀྱི་སྐུ། །མ་བཅོས་རང་བཞིན་གཟུང་འཛིན་བྲལ། །རྫོགས་པ་ལོངས་སྤྱོད་ངོ་བོའི་སྐུ། །སྤྲུལ་སྐུ་གང་ལ་ངོས་གཟུང་མེད། །དབྱེར་མེད་རིག་པ་གཅིག་ལ་གནས། །འཛིན་དང་བྲལ་བའི་མངོན་སུམ་པ། །ཆགས་དང་བྲལ་བའི་བདེ་བ་ཆེ། །ཐ་སྙད་བྲལ་བའི་ཐབས་ཀྱིས་མཚོན། །རྩོལ་དང་བྲལ་པའི་སྤྱོད་པས་བླང་། །སྤྲོ་བསྡུ་མེད་པའི་དགོངས་པར་གནས། །སྣང་བ་རྒྱ་མཚོ་ཆེན་པོ་བཞིན། །རང་བཞག་རིག་པ་དེ་བཞིན་ནོ། །ཡོན་ཏན་སྣ་ཚོགས་ནམ་མཁའ་བཞིན། །དུས་གསུམ་འགྱུར་མེད་ཀུན་ཏུ་བཟང་། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །འཁོར་བ་ཉིད་ན་རང་བཞིན་དག །རིན་ཆེན་དག་པ་ཇི་བཞིན་ནོ། །ཇི་ལྟར་བཅོས་ཀྱང་འགྱུར་བ་མེད། །རང་བཞིན་ཆོས་ཉིད་ངོ་བོ་ལ། །སྒྲོ་སྐུར་འདེབས་པ་ངེད་ཀྱིས་མེད། །འཛིན་པའི་སྤྱོད་པས་ལོག་པར་བསླད། །རང་བྱུང་ཀུན་མཁྱེན་རིག་པའི་ཐུགས། །འགྱུར་མེད་འགྲོ་བ་ཀུན་ལ་གནས། །མཁའ་འདྲ་ཡེ་ཤེས་ལྷུན་གྱི་གྲུབ། ཁུ།བ་མེད་ཆོས་སྐུ་ཆེན་པོ་ལ། །བསྲུང་མེད་དམ་ཚིག་རང་གཞག་ན། །མཐའ་མེད་དབུས་མེད་རིག་པར་གསལ། །རྒྱལ་བ་ཀུན་གྱི་ངོ་བོ་ལ སེམས་ཅན་ཀུན་གྱི་རང་བཞིན་ཡིན། །ཡེ་ཤེས་རིག་པ་རྟོགས་གྱུར་ནས། །ཐུགས་རྗེ་མཛད་པའི་ལམ་ཡང་སྟོན། །སེམས་ཀྱི་འབྲས་བུ་རང་བཞག་སྟེ། །འདོད་པའི་རྩོལ་བས་གྲུབ་མི་བྱེད། །བྱང་ཆུབ་སེམས་ཀྱི་ལམ་ཆེན་ནི། །རྣམ་དག་ཡེ་ཤེས་དགོངས་པའི་ལམ། །ཐུན་མོངས་འགྲོ་བ་ཡོངས་ལ་གནས། །དུས་གསུམ་སངས་རྒྱས་སེམས་ལས་བྱུང་། །བགྲོད་མེད་རང་རིག་ཡེ་ཤེས་ལམ། །རང་འདོད་བལྟས་པས་གྲུབ་པ་མེད། །རྫོགས་པའི་ལམ་ལ་གང་གནས་པ། །བསམ་གྱིས་མི་ཁྱབ་རང་གཞག་པ། །ཡིད་ལ་མི་བྱེད་ཡེངས་པ་མེད། །རྣལ་འབྱོར་རྫོགས་པ་བཅོས་མེད་ལ། །འདོད་རྩོལ་ཐིག་ལེ་སྤྲོ་བསྡུ་མེད། །ཡེ་ནས་རྫོགས་པ་རྣམ་དག་ལ། །བསམ་གཏན་ཡན་ལག་ཀུན་དང་བྲལ། །རྣམ་རྟོག་འཛིན་པ་རང་བཞིན་ཞི། །ཡེ་ཤེས་བཙལ་མེད་བདེ་བ་ལ། །སྒོམ་མེད་སྙིང་པོ་བདེ་བ་གནས། །གང་སྤྱོད་ཐབས་ལ་མ་བསྟན་ཡང་། །རིན་ཆེན་སྣང་བའི་ཐབས་ཀྱིས་ཤེས། །བརྡ་དོན་ཚིག་ལ་གནས་གྱུར་ཡང་། །ཐིག་ལེ་བདེ་ལྡན་ཉིད་ལ་འཆར། །རྟོག་སྤྱོད་ཡན་ལག་ཐེ་རྩོམ་བྲལ། །སེམས་ཀྱི་དགའ་བདེ་རྩོལ་བ་མེད། །བདེ་བའི་མཚན་ཉིད་ཆོས་སྐུར་གསལ། །ཡེ་ཤེས་གསང་བའི་ཐབས་ཀྱིས་ཤེས། །སེམས་ཀྱི་བག་ཆགས་ཀ་ནས་དག །འགྱུར་མེད་རིན་ཆེན་གླིང་བཞིན་གནས། །སེམས་ཀྱི་ཡེ་ཤེས་གཏེར་ཁ་ཕྱེ། །ཞེས་གསུངས་སོ། །ཡེ་ཤེསརིན་པོ་ཆེ་འོད་ཀྱི་རྒྱུད་ལས། སྒོམ་དུ་མེད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་སེམས་ལྷག་ཅན་གྱིས། མངོན་རྫོགས་རྒྱལ་པོ་ལ་གསོལ་བ། ཡང་དག་པའི་ལྟ་བ་ནི་གང་། །དེ་གཏན་ལ་ཇི་ལྟར་དབབ། །འདུས་པའི་འཁོར་ལ་བསྟན་དུ་གསོལ། །ཅེས་གསོལ་པ་དང་། །མངོན་རྫོགས་རྒྱལ་པོས་ལྟར་རུ་མེད་པའི་ཏིང་ངེ་འཛིན་ལ་བཞུགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །རང་བྱུང་རིག་པ་འོད་གསལ་ལ། །ལྷ་མེད་རིག་པ་གདོད་ནས་གནས། །ཡེ་ཤེས་རང་གནས་བདེ་བ་ཆེ། །ཀུན་མཁྱེན་མེ་ལོང་ལྟ་བུ་ཉིད། །མ་ལུས་སྣང་བའིརངབཞིནདག །སེམས་ཀྱི་ཆོས་ཉིད་བདེ་བར་གནས། །ཀུན་བཟང་ཉག་ཅིག་ཅེར་༄༅ མ་མཐོང་། །མཐོང་མེད་གསལ་བའི་མེ་ལོང་ཉིད། །དངོས་པོ་མེད་པའི་རིག་པ་ཉིད། །འདྲ་འམ་མི་འདྲའི་རྒྱུ་གང་ཉིད། བདག་གམ་གཞན་ནམ་དེ་ཉིད་གང་། ཁུ།བ་བམ་མ་གྲུབ་ཇི་ལྟར་བསྐྱེད། །དེ་ལྟར་གྲུབ་ན་ཐུག་པ་མེད། །དེ་ལྟར་མེད་ན་གང་ཞིག་ནི། །གཉིས་པོ་དེ་བཞིན་རི་བོང་རྭ། །གང་གཞན་རྒྱུ་ལས་གྲུབ་པས་ན། །གཅིག་གམ་དུ་མ་གང་དུ་གྲུབ། །འཇིག་རྟེན་རྒྱུ་འབྲས་ཆོས་བཞིན་ན། །ཡང་དག་ཡེ་ཤེས་བརྫུན་ནམ་ཅི། །དེ་ལྟར་བདག་ལྟ་ལོག་པ་བཞིན། །སྤང་བྱ་ཉིད་འགྱུར་ཡང་དག་མིན། །མི་མཐུན་གནས་པའི་ཆོས་ཡིན་པས། །ལྟ་བ་ཉིད་འགྱུར་དེ་ཉིད་རིག །དེ་ལྟར་མིན་ན་གང་ཞིག་འཐད། །བསྐྱེད་པའི་རིམ་པ་གང་གནས་ནས། །རྫོགས་པའི་ལམ་ལ་གང་འཇུག་པ། །གང་གིས་གང་ལ་གང་ཞིག་གནས། །རྩོལ་བས་བསྐྱེད་པ་དེ་ཉིད་དམ། །ཡེ་ཤེས་རིག་པའི་དོན་ལ་འཇུག །དེ་ཉིད་ཡིན་ན་དེ་ལྟ་མོད། །དེ་ལྟར་མིན་ན་གང་ཞིག་འཐད། །ཐམས་ཅད་ཐམས་ཅད་གྲུབ་པའམ། །མ་ཡིན་དེ་ལ་འཐད་པ་གང་། །རྗེས་མཐུན་རྒྱུའི་ས་མི་གནས་ན། །དེ་བཞིན་རྗེས་མཐུན་ཉིད་དུ་འགྱུར། །དེས་ན་སེང་གེ་ཕྲུག་གུ་བཞིན། །སྐུ་གསུམ་ལྷུན་གྲུབ་བདེ་བའི་ལམ། །རྩོལ་བའི་འབྲས་བུ་མཐར་ཕྱུང་ནས། །འཇིག་རྟེན་ཆོསལདེབཞིནནོ། །སྤངབྱའི་འབྲས་བུ་ཡིན་པས་ན། ཁྱོད་ལ་དག་པའི་ཡེ་ཤེས་གང་། །དེ་ལྟར་ཉིད་ན་རྟག་པར་འགྱུར། །དེས་ན་རང་བྱུང་རྫོགས་པའི་ལམ། ་།་ལ་མི་གནས་རྩོལ་བ་མེད། །རང་གནས་ཡེ་ཤེས་གདོད་ནས་གྲུབ། ཁུ།བ་པའི་རང་བཞིན་བསྐྱེད་མི་དགོས། །ཞེས་གསུངས་སོ། །ཡེ་ཤེས་རིན་པོ་ཆེ་འོད་ཀྱི་རྒྱུད་ལས། ལྟ་བ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་སེམས་ལྷག་ཅན་གྱིས། མངོན་རྫོགས་རྒྱལ་པོ་ལ་གསོལ་པ། རྒྱུ་འབྲས་གཉིས་ལ་མ་བསྒྲུབས་པའི། །མ་བསྒྲུབས་མཐར་ཐུག་འབྲས་བུ་ནི། །འདུས་པའི་འཁོར་ལ་བསྟན་དུ་གསོལ། །དེ་ནས་མངོན་རྫོགས་རྒྱལ་པོས་མ་བསྒྲུབས་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ལ་བཞུགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡེ་གསལ་ནམ་མཁའི་རང་བཞིན་ལས། །ཟླ་བའི་གཟུགས་འདྲ་ངང་གིས་འབྱུང་། །དབྱིངས་ཀྱི་འབྲས་བུ་བསམ་མི་ཁྱབ། །མི་རྟོགས་པར་བའི་དཀྱིལ་འཁོར་ནས། །ཆེ་བའི་སྐུ་གསུམ་མུ་མཐའ་མེད། །ཆོས་སྐུ་རང་རིག་ཡེ་ནས་དག །ལོངས་སྤྱོད་རང་རིག་བདེ་བ་ཉིད། །སྤྲུལ་བ་ཆུ་ཟླ་ལྟ་བུར་སྣང་། །དབྱེར་མེད་རིག་པ་གཅིག་གི་ངང་། །ཡེ་ཤེས་རིག་པ་ཐུགས་ཕྲད་དུ། །རིན་ཆེན་སྣང་བས་གཞག་པར་བྱ། །བརྗོད་བྲལ་རིག་པ་མཐོང་བ་ཉིད། །མ་བཙལ་རང་བྱུང་བདེ་བ་ཉིད། །ཡི་གེ་མེད་པའི་གསུང་མཆོག་སྟེ། །ཀུན་བཟང་རྒྱལ་བའི་དགོངས་པ་སྟོན། །མི་རྟོག་དོན་འཇལ་གོམས་ཤིང་རྟོགས། །ཡི་གེ་མེད་དང་རིག་པའི་གསུང་། །དོན་གྱི་ཆོས་ཉིད་འཇལ་བས་སྟོན། །གསང་སྔགས་གཏེར་གྱི་མཛོད་འཛིན་པ། །རྒྱལ་བའི་དྲག་སྔགས་ཐ་སྙད་བྲལ། །སྔགས་ཀྱི་གོ་བྲལ་ནུས་མཐུ་ལྡན། །ལས་བཞི་མེད་པའི་དོན་གྱིས་བསྒྲུབས། །རྒྱུ་མེད་འབྲས་བུ་མཐར་ཐུག་ཡིན། །ཞེས་གསུངས་སོ། །ཡེ་ཤེས་རིན་པོ་ཆེ་འོད་ཀྱི་རྒྱུད་ལས། འབྲས་བུ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་སེམས་ལྷག་ཅན་གྱིས། མངོན་རྫོགས་རྒྱལ་པོ་ལ་གསོལ་བ། ཡེ་ཤེས་ཇི་ལྟར་རྟོགས་པ་ལ། །ཏིང་འཛིན་ཉམས་སུ་ཇི་ལྟར་བླང་། །འདུས་པའི་འཁོར་ལ་བསྟན་དུ་གསོལ། །ཅེས་གསོལ་བ་དང་། །མངོན་རྫོགས་རྒྱལ་པོས་རྟོགས་པ་ལས་ཏིང་ངེ་འཛིན་བཀོལ་དུ་མེད་པའི་ངང་ལ་བཞུགས་ནས་བཀའ་སྩལ་པ། རིག་པ་མཐའ་བྲལ་དཀྱིལ་འཁོར་འདིར། །ཞེན་མེད་ཚུལ་གྱིས་འཇུག་ན་བདེ། །དང་པོ་རང་སེམས་ཚུལ་ལ་བརྟག །གཉིས་པ་བླ་མའི་གདམ་པ་སྤྱིན། །གསུམ་པ་བརྡ་དོན་ངོ་བོ་སྤྲད། །དཀྱིལ་འཁོར་དྲུག་གི་ཡེ་ཤེས་ལ། །སྒྲ་ཡི་མཐའ་ལ་གཞག་པར་བྱ། །མྱང་བ་མེད་པའི་རྣམ་པ་ཡིན། །ཚོར་བ་བྲལ་བའི་རིག་བྱའོ། །ཕྱི་རོལ་ཚུལ་བཞིན་ངེས་པར་འགྱུར། །ཐ་མར་དྲན་བསམ་རྒྱུ་བ་བྲལ། །དཔའ་བརྟུལ་ཟ་བྱེད་སེམས་ལྟ་བུ། ཤེས་པ་དང་བཞག་མ་དུལ་བ། །སྟག་མོ་ལྟ་བུའི་སེམས་ལ་ནི། །ཡེ་ཤེས་རོལ་པ་མ་འགགས་པས། །རྩོལ་མེད་ཡེ་ཤེས་རིག་པའི་ངང་། དེ་ནས་རང་བཞིན་ཅོག་བཞག་གོ །དངོས་པོ་ཅི་ལྟར་སྣང་བ་ཡང་། །རྩི་གདབ་མེད་པ་ཉིད་དུ་མཐོང་། །དུས་གསུམ་སངས་རྒྱས་མ་ལུས་པའི། །ཐུགས་ལ་འཇོག་པའི་མན་ངག་བཅུད། །ཡེ་ཤེས་ཤར་བས་རང་ལ་རྫོགས། །རྩོལ་བྲལ་རིག་པ་མི་རྟོག་པ། །མ་བཅོས་རང་སྣང་བདེ་བའི་ཀློང་། །ཡེ་ཤེས་ལྷུན་གྲུབ་ཀློང་དུ་ཤར། །རང་བྱུང་ནམ་མཁའ་ལྟ་བུར་ཁྱབ། །རང་རིག་གསལ་བའི་ངང་ལ་གནས། །སྤྲོས་བྲལ་ཡེ་ཤེས་ཐེག་པ་ཆེ། །རྣམ་རྟོག་བྲལ་བའི་རིག་པ་གསལ། །རང་རིག་ཅི་ཡང་མི་རྟོག་པ། །ཡེ་ཤེས་རང་གི་གནས་སུ་གསལ། །ཅི་ཡང་མི་རྟོག་སེམས་སུ་སྨིན། །ཅི་ཡང་མ་ཡིན་དམིགས་སུ་མེད། །རྣམ་རྟོག་སེམས་ཀྱི་རྒྱུ་བ་བྲལ། །རིག་པའི་ཡེ་ཤེས་འཛིན་པ་བྲལ། །རང་སྣང་རོལ་པའི་བྱང་ཆུབ་སེམས། ཁུ།་མ་ཡེ་ཤེས་བདེ་བའི་ཀློང་། །རང་རིག་ཡེ་ཤེས་འཛིན་པ་ཡིན། །རང་བྱུང་སྒྱུ་མ་མངོན་སུམ་གསལ། །ལྷུན་གྲུབ་སྒྱུ་མ་བཅོས་པ་མེད། །བདེ་བའི་སྒྱུ་མ་རང་རིག་ཉིད། །ཐམས་ཅད་ཡེ་ཤེས་སེམས་སུ་ཤར། །རིག་པའི་ཡེ་ཤེས་དོན་གསལ་བས ཐམས་ཅད་ཡེ་ཤེས་ཉིད་དུ་མཐོང་། །ཡེ་ཤེས་མ་ཡིན་གང་ཡང་མེད། ཁམས་གསུམ་དངོས་པོ་ཡེ་ཤེས་ཉིད། །ཡེ་ཤེས་རིག་པའི་ཐབས་ཀྱིས་ཤེས། །ཞབྲུལ་བའི་ས་ནས་བཀོལ་བྱས་ལ། །ཡེ་ཤེས་རྒྱལ་བའི་གྲལ་དུ་བཞག །མ་བཅོས་སྐུ་གསུང་ཐུགས་སུ་གནས། །རང་རིག་སེམས་ཀྱི་འབར་བ་ཉིད། །ཡེ་ཤེས་སེམས་ཀྱི་ཕུར་བ་འདེབས། །རྣམ་རྟོག་བཤོན་པ་རླུད་དང་བྲལ། །དངོས་གྲུབ་བདེ་བ་རང་བྱུང་ཉིད། །ཐར་བའི་༄༅ ལམ་མཆོག་བྱང་ཆུབ་སེམས། །འབྲས་བུ་མཐར་ཕྱིན་རིག་པ་ཉིད། །རང་བྱུང་སེམས་ཀྱི་ཇི་བཞིན་ལ། །རྣམ་པར་རིག་པ་ཐབས་ཀྱིས་གནས། །བཅོས་མེད་དགོངས་པ་བདེ་ཆེན་འདི། །མངོན་སུམ་མཐོང་ལ་ངོས་གཟུང་མེད། །རང་ཤར་དངོས་པོར་གྲུབ་པ་མེད། །བདེ་ཆེན་རིག་པ་མ་མཐོང་སྟེ། །འདི་དང་བྲལ་ན་རྟོགས་པ་ཉིད། །བཀའ་ཡི་དོན་དང་དེ་མི་ལྡན། །དམུས་ལོང་མདུན་ན་གཟུགས་སྣང་བཞིན། །འབྲས་བུ་མཐར་ ཕྱིན་ཡོངས་མ་ཡིན། །ཀུན་བཟང་རྒྱལ་བའི་དོན་དང་འགལ། །རང་གསལ་དགོངས་པའི་ཐུགས་མ་རེག །འཛིན་པའི་ཆ་ལ་གང་གནས་ཀྱང་། །འཁོར་བའི་འབྲས་བུ་ཉིད་དུ་འགྱུར། །རང་འདོད་དོན་གྱི་མཐར་མི་ཕྱིན། །ཡེ་ཤེས་གསང་བ་བདེ་བའི་ས། །འདོད་པས་མི་འགྲུབ་མཐོང་བ་མེད། །འདོད་མེད་རང་བཞིན་ཉིད་ལ་འགྲུབ། ཁྲེས་པ་རང་ལུགས་སོ་མ་ཉིད། །ཀུན་བཟང་རྒྱལ་བའི་དགོངས་པའོ། །ཐ་མལ་ཤེས་པ་འདི་ཉིད་ལ། །བསམ་པའི་སེམས་མེད་རང་བཞག་ཡིན། །ངེས་པའི་གཞི་ནི་དོན་ལ་གནས། །ཞེས་གསུངས་སོ། །རིན་པོ་ཆེ་འོད་ཀྱི་རྒྱུད་ལས། ཏིང་ངེ་འཛིན་བཀོལ་བ་མེད་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་སེམས་ལྷག་ཅན་གྱིས། མངོན་རྫོགས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །སྙིང་པོ་དེ་ཁོ་ན་ཉིད་ལ་འཁོར་འདས་ཀྱི་བྱེ་བྲག་མཆིས་སམ། །ཞེས་གསོལ་བ་དང་། མངོན་རྫོགས་རྒྱལ་པོས་བྱེ་བྲག་མེད་པའི་ཏིང་ངེ་འཛིན་ལ་བཞུགས་ནས་བཀའ་སྩལ་པ། ཡིད་ཆེས་བླ་མ་ཉིད་ལ་གུས། །རིན་ཆེན་གདམས་ངག་གཏེར་དུ་འཆང་། །ལུང་གི་དགོངས་པའི་དོན་གསལ་ཏེ། །རིག་པ་རང་གསལ་གཏན་ལ་འབེབས། །མི་འགྱུར་རྡོ་རྗེ་སེམས་ལ་འཆང་། །སྟོན་པ་རང་རིག་ཉིད་ཡིན་པས། །རིག་པའི་དོན་ལ་སེམས་མི་འཇུག །ཕྱི་རོལ་འདི་རྩོལ་སེམས་དང་བྲལ། །རྫོགས་པའི་བཀའ་ལ་ཡིད་མི་འགྱུར། །བླ་མ་རིན་ཆེན་སྲོག་ཏུ་འཛིན། །མོས་པས་རང་གི་འདོད་པ་བཏང་། །རིན་ཆེན་གཏེར་གྱི་ངོ་བོ་འདི། །སྲོག་དང་བྲལ་བའི་ཁ་བཞིན་བསྡམ། །རང་སེམས་བྱང་ཆུབ་སེམས་འདི་ལ། །ཡེ་ཤེས་མ་རིག་ཐ་དད་མེད། །འཁྲུལ་དང་མ་འཁྲུལ་སེམས་སུ་གཅིག །ཞེན་རྟོགས་བརྟགས་པ་སྣ་ཚོགས་དང་། །ཡེ་ཤེས་འདི་གསལ་ངོ་བོ་ཉིད། །འདི་གསལ་རང་བྱུང་སེམས་སུ་གཅིག །བྱང་ཆུབ་སེམས་ལ་ངོ་བོ་བྲལ། །དོན་ལྡན་ཡེ་ཤེས་ཉིད་དུ་མཐོང་། །བསམས་པས་བརྟགས་པ་སྣ་ཚོགས་པ། །བག་ཆགས་ལོག་པའི་རྐྱེན་གྱིས་མཐོང་། །རང་རིག་ཡེ་ཤེས་འཇུག་པ་དང་། །བརྟགས་པའི་བག་ཆགས་དང་པོ་ནི། །སྒྲིབ་པ་མ་ལུས་བཞིན་གྲུབ་ཅིང་། །བྱང་ཆུབ་སེམས་ཀྱི་མཚན་ཉིད་ལ། །ཐོག་མ་དང་བྲལ་ཐ་མ་མེད། །ཐོག་མེད་འཁོར་བའི་རང་བཞིན་འདི། །བྱང་ཆུབ་སེམས་ལ་ཡེ་ནས་དག །སེམས་ཉིད་ནམ་མཁའ་ལྟ་བུ་ལ། །བློ་བུར་གཟུགས་བརྙན་སྤྲིན་གྱིས་བསྒྲིབས། །ངོ་བོ་མ་ཡིན་རྐྱེན་གྱིས་སྣང་། །དཔེ་དོན་དེ་ཡི་རང་བཞིན་འདྲ། །རང་བཞིན་བྲལ་བ་མ་ཡིན་ཏེ། །དུས་གསུམ་མ་ཡིན་ནམ་མཁའ་བཞིན། །བླང་དོར་གཉིས་མེད་མཉམ་པ་ཉིད། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་ལ། །སྙིང་པོ་མཉམ་ཉིད་ཡེ་སངས་རྒྱས། །སྙིང་པོ་དོན་ལ་སྒོམ་དུ་མེད། །དོན་གྱི་རང་བཞིན་གཉིས་སུ་མེད། །སེམས་ཀྱི་རང་བཞིན་རྟོག་པ་ཉིད། །རྟོག་པ་ཡེ་ཤེས་ཉིད་དུ་འཆར། །རྩོལ་མེད་འབྲས་བུ་མཐར་ཐུག་ཉིད། །བཀའ་ཡི་བཅུད་བསྡུས་སྙིང་པོ་ཉིད། །རྒྱ་མཚོ་བཞིན་དུ་བདུད་རྩི་འདུས། །སྙིང་པོའི་དོན་འདི་གསང་བའི་བཅུད། །གསལ་བའི་སྒྲོན་མ་སྙིང་པོ་འདི། །མ་འདུས་འདུས་པའི་དགོངས་པ་ཡིན། །སྙིང་པོ་གསུང་གིས་རྟོགས་བྱ་བ། །སེམས་ཉིད་རང་བྱུང་སྙིང་པོ་ཉིད། །ཕྱི་ནང་གསང་བའི་དཀྱིལ་འཁོར་འདུས། །མཐའ་དབུས་མི་མངའ་སྙིང་པོར་གསལ། །རང་བྱུང་རྫོགས་པའི་དགོངས་པར་གནས། །ཡེ་ཤེས་སྙིང་པོ་མཁའ་འདྲ་བ། །མཐའ་དབུས་མི་མངའ་བླང་དོར་མེད། །མི་ལེན་སྙིང་པོའི་བདག་ཉིད་གསལ། །བཀའ་ཡི་བཅུད་འདུས་སྙིང་པོ་འདི། །རང་བཞིན་སྙིང་པོ་སྨན་ཆེན་རྟོགས། །འཁོར་བའི་ཟུག་རྔུ་འབྱིན་པའི་མཆོག །བྱང་ཆུབ་སེམས་ཀྱི་སྨན་མེད་ན། །རྩོལ་བའི་འཇུག་པའི་མཐོ་རིས་རྒྱུ། །སྨན་ཆེན་རང་ལ་གནས་བཞིན་དུ། །མི་རྟོག་གཞན་ནས་ཚོལ་བར་བྱེད། །རྙེད་པས་རང་སེམས་སྨན་དུ་མཐོང་། །རྟོག་པ་གཞན་ནས་མ་འོངས་ཏེ། །རང་བྱུང་མཐོང་བ་ཐོག་མ་མེད། །སྤྲོས་བྲལ་ནམ་མཁའ་ལྟ་བུར་གནས། །རྒྱལ་བའི་སྐུ་དང་རང་བཞིན་ལྡན། །གཟུང་འཛིན་བྲལ་བའི་ངང་ལ་བཞུགས། །བདེ་བའི་དོན་ལ་མ་ཆགས་རོལ། །སྣང་བ་ཡེ་ཤེས་རིག་པར་གནས། །བྱང་ཆུབ་སེམས་ཀྱི་སྨན་ཆེན་འདི། །ཡེ་ཤེས་རྒྱལ་བའི་དགོངས་པ་སྟེ། །དུས་གསུམ་སངས་རྒྱས་ལམ་དུ་བདེ། །བསམ་གྱིས་མི་ཁྱབ་དགོངས་པ་ནི། ཁེས་པ་རང་བཞག་སོ་མ་ཉིད། །སྙིང་པོའི་དོན་རྟོགས་བྱ་བ་བྲལ། །རང་གསལ་རིག་པའི་ངང་ལ་བཞུགས། །བཅོས་མེད་འཛིན་བྲལ་སྤྲོ་བསྡུ་མེད། །བྱང་ཆུབ་རྒྱུ་བྲལ་སྙིང་པོ་མེད། །ཀུན་འབྱུང་རིག་པ་འཕོ་འགྱུར་མེད། །ཐུགས་རྗེ་རང་བྱུང་ཡེ་ཤེས་ཉིད། །རྩོལ་བྲལ་རང་སྣང་བྱིན་རླབས་འབྱུང་། །ཕྱོགས་རིས་མི་མངའ་ཀུན་ལ་ཁྱབ། །སྙིང་པོ་ཉིད་དུ་ཀུན་སྒྲོལ་མཛད། །བྱམས་པས་ཆོས་ཉིད་དྲུང་དུ་སྐྱབས། །དགེ་བས་རང་རིག་མི་འབྲལ་བ། །བླང་དོར་གཉིས་མེད་བཏང་སྙོམས་ཆེ། །རང་བྱུང་སྙིང་པོ་འཁོར་ལོ་ལ། །རྟོག་བྲལ་འཁོར་བ་རང་བཞིན་དག །ཐུགས་རྗེ་སེམས་ཅན་དོན་མི་མཛད། །དངོས་པོ་མི་མངའ་རང་བྱུང་སེམས། །འོད་གསལ་སྙིང་པོ་རྫོགས་པ་འདི། །རིན་ཆེན་གསུང་གིས་བརྟགས་པས་ཤེས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །རང་གནས་ཡེ་ཤེས་ཡེ་ལྡན་པས། །རྟག་པ་གསུམ་གྱིས་ཤེས་པར་འགྱུར། །མིང་གིས་མཚོན་ལ་སེམས་ལ་ཡེ་ཤེསཚོལ། །དངོས་པོ་གང་ཡང་རུང་བ་ལ། །བརྟགས་པས་རང་ལོག་ཤེས་པར་འགྱུར། །རིན་ཆེན་བཞིན་དུ་འགྱུར་བ་མེད། །ལྕེ་མནན་ནང་ཡིག་སྒྲ་ལ་སོགས། །དེ་བཞིན་གནས་སྐྱབས་བཞིན་དུ་ཡང་། །སྙིང་པོ་ཡེ་ཤེས་གསུང་བར་བྱ། །སྙིང་པོའི་གསུང་གི་དོན་དང་འབྲེལ། །སྐལ་ལྡན་རིན་ཆེན་ལྟ་བུ་ཡིས། །གྲུབ་མཐའ་ངན་ལ་གནས་དུས་སུ། །འདི་ཡིས་དོན་ཀུན་རིག་པར་གྱིས། །འདི་ཡིས་རང་སེམས་མ་རིག་ན། །སྒྲ་འམ་ཚད་མ་གང་གིས་ཀྱང་། །གཞི་ཉིད་རང་བྱུང་འགྱུར་བ་མེད། །རྟོགས་པས་རང་བྱུང་སེམས་ཀྱི་ལམ། །མ་ཡེངས་བྱང་ཆུབ་སེམས་སུ་གསལ། །རང་བྱུང་འབྲས་བུ་མཐར་ཕྱིན་པ། །འགྲོ་དོན་མཛད་ལ་རྟོགས་པ་གྲོལ། །འོད་གསལ་དབྱེར་མེད་གཅིག་གི་ངང་། །ཞེས་གསུངས་སོ། །ཡེ་ཤེས་རིན་པོ་ཆེ་འོད་ཀྱི་རྒྱུད་ལས། །སྙིང་པོ་དེ་ཁོ་ན་ཉིད་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་སེམས་ལྷག་ཅན་གྱིས། །མངོན་རྫོགས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །སྙིང་པོ་རྟོགས་པའི་ཡོན་ཏན་ཇི་ལྟར་འབྱུང་། ཞེས་གསོལ་པས། མངོན་རྫོགས་རྒྱལ་པོས་ཡོན་ཏན་ཇི་ལྟར་འཆར་བའི་ཏིང་ངེ་འཛིན་ལ་བཞུགས་ནས་བཀའ་སྩལ་བ། བྱང་ཆུབ་སེམས་ཀྱི་རང་བཞིན་བདེ། །བག་ཆགས་འཁྲུལ་བའི་དབང་གིས་འདི། །བརྟགས་པས་སྣ་ཚོགས་མེད་བཞིན་འགྱུར། །སེམས་ཀྱི་བག་ཆགས་ཅིར་ཡང་སྣང་། །རིག་པ་འོད་གསལ་འགྱུར་བ་མེད། །སྣ་ཚོགས་སྣང་བའི་རང་བཞིན་འདི། །སྙིང་པོ་གསུམ་གྱིས་བརྗོད་བྱ་སྟེ། །འཁྲུལ་པ་མ་ཡིན་ལོག་སྣང་བས། །རང་རིག་བྱང་ཆུབ་སེམས་སུ་གསལ། །རྟོག་པའི་རྩ་བ་བྱང་ཆུབ་སེམས། །རང་རིག་སེམས་ལ་རྟོག་པར་འཁྲུལ། །ཐོག་མ་མེད་དུས་བག་ཆགས་དང་། །རིན་ཆེན་གདམ་ངག་རྐྱེན་མེད་པས། །རྟོག་མེད་སྙིང་པོ་སེམས་ལ་གོམས། །ཐག་པ་སྦྲུལ་མིན་སྣང་བ་བཞིན། །སྣ་ཚོགས་སྣང་བའི་རང་བཞིན་འདི། །ཆོས་ཉིད་ཡིན་པས་དབྱེར་མེད་པས། །དགོངས་པ་གསལ་བའི་སེམས་ཉིད་འདི། །ཆོས་ཉིད་མ་ཡིན་བག་མི་སྣང་། །ཐམས་ཅད་སྣང་བའི་ངོ་བོ་འདི། །ཡེ་ཤེས་སྙིང་པོ་ཉིད་དུ་མཐང་། །ངོ་བོ་ཉིད་ལ་བརྗོད་པ་བྲལ། །རང་བཞིན་རྣམ་དག་རིག་པ་ལ། །བརྗོད་མེད་དོན་ལ་མ་བརྗོད་ན། །རིག་པའི་དོན་ལ་འཇལ་བ་མེད། །བརྗོད་པའི་སྒྲ་ལ་སེམས་དྲངས་ནས། །མ་བཅོས་རང་བཞིན་ཆོས་ཉིད་མཐོང་། །རང་རིག་སེམས་ལ་དོན་རྟོགས་ནས། །འཇུག་ཐབས་མི་གཉིས་ཚུལ་གྱིས་གནས། །ཅིར་ཡང་རྫོགས་པ་བདེ་བ་ཆེ། །ཕྱོགས་སུ་མ་ལྷུང་གཟུང་བའི་སེམས། །རྫོགས་པའི་ཡེ་ཤེས་སྙིང་པོ་ལ། །རིག་པའི་ལམ་མེད་མཐར་ཕྱིན་པ། །རང་བྱུང་འཇུག་པ་རྟོགས་པ་ལ། །དེ་ཉིད་སྙིང་པོའི་དོན་ལྡན་པས། །འདོད་པའི་ཚོགས་ལ་ཡིད་མི་འཇུག །དེབཞིནཕརོལཕྱིནཔ་དྲུག །རང་བྱུང་རྫོགས་པའི་སེམས་ལ་གནས། །བསམ་བྲལ་མི་རྟོག་དགོངས་པ་ལ། །དེ་ཉིད་ཕ་རོལ་ཕྱིན་དྲུག་ལྡན། །མི་རྟོག་འཛིན་མེད་ཚུལ་ལ་གནས། །མི་སྒོམ་རིག་པ་རྒྱུན་མི་འཆད། །དམིགས་མེད་ཡེ་ཤེས་ཕ་རོལ་ཕྱིན། །སེམས་ཉིད་སྟོང་པ་དངོས་མེད་ལ། །ཆོས་དང་ཆོས་ཅན་མི་གནས་པས། །དབྱེར་མེད་བསྟན་པའི་སྙིང་པོའི་དོན། །དངོས་མེད་ཡེ་ཤེས་འགག་མ་ཡིན། །བདེན་རྫུན་གཉིས་ཀྱི་མཐའ་མི་འཛིན། །སྙིང་པོའི་དོན་ལ་འདོད་པ་བྲལ། །ཀུན་བཟང་ཡེ་ཤེས་འོད་གསལ་བ། །བསམ་བྲལ་ཡེ་ཤེས་རྫོགས་པ་ཡིས། །ཡེ་ཤེས་མ་བཅོས་བྱང་ཆུབ་སེམས། །མི་འགྱུར་ཆོས་ཉིད་དབྱིངས་ཀྱི་ཐུགས། །མི་འགག་ཡེ་ཤེས་རིག་པའི་གསུང་། །དབྱེར་མེད་ཆོས་སྐུ་གཟུང་འཛིན་བྲལ། །སྐུ་གསུང་ཐུགས་བྲལ་སྐུ་གསུང་ཐུགས། །ཕྱི་ནང་མི་མངའ་རང་གསལ་ཉིད། །འབྱུང་འཇུག་མི་མངའ་རང་བཞིན་གནས། །དབང་པོ་ངོ་ལ་སྣང་བ་རྣམས། །ཆོས་ཉིད་བྱང་ཆུབ་སེམས་སུ་མཐོང་། །ཉོན་མོངས་ལྔ་པོ་ཡེ་ཤེས་ལམ། །ཐམས་ཅད་བྱང་ཆུབ་སེམས་ཀྱི་ཞིང་། །སངས་རྒྱས་ཉིད་ལས་གཞན་མ་ཡིན། །ཞེས་གསུངས་སོ། །ཡེ་ཤེས་རིན་པོ་ཆེ་འོད་ཀྱི་རྒྱུད་ལས། །སྙིང་པོ་རྟོགས་པའི་ཡོན་ཏན་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་སེམས་ལྷག་ཅན་གྱིས། །མངོན་རྫོགས་རྒྱལ་པོ་ལ་གསོལ་པ། །ཡེ་ཤེས་སྙིང་པོ་རང་བཞིན་ལ། །རྣམ་དག་སྤྱོད་པ་ཇི་ལྟར་འཆར། །ཅེས་གསོལ་པ་དང་། །མངོན་རྫོགས་རྒྱལ་པོས་སྤྱད་དུ་མེད་པའི་ཏིང་ངེ་འཛིན་ལ་བཞུགས་ནས་བཀའ་སྩལ་བ། དག་པའི་སེམས་ལ་བཙལ་མེད་དེ། །བཙལ་བའི་ཀུན་རྫོབ་གྲུབ་མ་ཡིན། །དམ་པའི་དོན་ལ་གང་འཇུག་པས། །གསང་བ་རྫོགས་པའི་དོན་ཉིད་ལ། །རིན་ཆེན་གསང་བ་ཉིད་མི་དམིགས། །ངེས་པའི་གདམས་ངག་ཟབ་མོ་ཡིས། །བཙལ་མེད་རང་བཞག་རྩལ་བ་དང་། །མི་སྒོམ་རང་ལུགས་སྒོམ་པ་དང་། །མི་གནས་ཚུལ་ལ་འདུག་པ་དང་། །བཞག་མེད་མཉམ་པར་བཞག་པ་དང་། །སྒོམ་མེད་དོན་ལ་གྱི་ན་བ། །དགེ་དང་མི་དགེའི་རྣམ་རྟོག་བྲལ། །བྱང་ཆུབ་སེམས་ཀྱི་མཚན་ཉིད་དོ། །རང་བྱུང་བྱང་ཆུབ་བཙལ་བ་མིན། །བྱང་ཆུབ་འདོད་ན་བྱང་ཆུབ་མེད། །དེ་དག་དོན་གྱི་སྙིང་པོ་འདི། །བཙལ་ཞིང་རྙེད་པར་མི་འགྱུར་ཏེ། །ཞེན་སེམས་ཉིད་ན་འབྱུང་མི་འགྱུར། །བྱ་བ་མཐོང་བའི་ཡེ་ཤེས་ནི། །ཉལ་བའི་བསམ་གཏན་འཁོར་ལོ་བདེ། །མ་ལུས་བྱང་ཆུབ་སེམས་ཀྱི་ངང་། །ཆོས་ཉིད་བྱང་ཆུབ་སེམས་བཞག་ན། །དངོས་མེད་བྱང་ཆུབ་རང་བྱུང་དང་། །འདུས་མ་བྱས་པ་བདེ་བའི་ཀློང་། །སེམས་ཉིད་བསམ་མེད་བརྗོད་ལས་འདས། །ཡེ་ནས་མ་དག་བསམ་ལས་འདས། །རྫོགས་པའི་རྣལ་འབྱོར་རིག་པ་ཡིས། །དེ་ལ་མ་བརྩལ་གནས་ནས་བསྒོམས། །རིག་པ་དབྱིངས་ལ་ཡན་བཞག་ན། །རྩོལ་བའི་ནད་བྲལ་སྒོམ་པ་ཡིན། །དེ་བས་སྙིང་པོ་དྲི་མ་མེད། །རིག་པ་རང་གསལ་ཉིད་དུ་སྒོམ། །འོད་གསལ་སེམས་ལ་གནས་གྱུར་ན། །རྣམ་རྟོག་མཚན་མ་རང་བཞིན་ཞི། །སྐྱེ་བ་མེད་པའི་ཕྱག་རྒྱ་ཡིས། །རང་སྣང་སྤྱོད་པ་ཀུན་བཟང་འགྲུབ། །དངོས་མེད་དངོས་ལ་མི་དམིགས་ཤིང་། །དབུ་མའི་སེམས་བྲལ་རྒྱུ་བ་བྲལ། །སེམས་ཀྱི་རྒྱུ་བ་མེད་པས་ན། །ཐམས་ཅད་རང་བྱུང་སྟོང་པ་ཉིད། །སེམས་ཉིད་རིག་པ་རང་བྱུང་བ། །འགྱུར་མེད་སྒོམ་མེད་གསལ་བས་ན། །ཡི་གེ་མེད་པའི་སྙིང་པོ་སྣང་། །དམ་པ་བྱང་ཆུབ་སེམས་ལ་གནས། །རྒྱལ་བའི་དམ་ཚིག་མ་བཅོས་པ། །བསྲུང་བ་མེད་པའི་ཚུལ་གྱིས་བསྲུངས། །འགྱུར་བ་མེད་པའི་ཕྱག་རྒྱ་ལ། །འགྱུར་བ་མེད་པའི་དོན་གྱིས་འདེབས། །མཐའ་དབུས་མེད་པའི་དཀྱིལ་འཁོར་ལ། །ཡེ་ཤེས་འཕྲོ་འདུ་མེད་པར་གསལ། །བསམ་བྲལ་རང་བཞག་རྒྱལ་བའི་ཐུགས། །བྱང་ཆུབ་སེམས་ལས་འདའ་བ་མེད། །གཞན་ནས་རྙེད་པར་མི་འགྱུར་ཏེ། །བརྟགས་ན་རང་སེམས་ཉིད་ལ་ཐུག །གཞི་ལ་རང་འདོད་གཞན་འདོད་བྲལ། །རང་སེམས་རིག་པ་འགྱུར་བ་མེད། །ཇི་བཞིན་མི་རྟོག་ཆོས་ཀྱི་སྐུ། །བྱ་བྲལ་ལྷུན་གྲུབ་ཇི་བཞིན་གནས། །རང་བྱུང་འོད་གསལ་ཡེ་ནས་དག །ཅིར་ཡང་མི་དགོངས་བསམ་མི་ཁྱབ། །ཤེས་རབ་ཀློང་དུ་གྱུར་པས་གྲུབ། །སྙིང་པོ་བྱང་ཆུབ་རང་བཞིན་ལ། །སྒོམ་མེད་རང་བཞག་ཐུགས་སུ་བདེ། །རིག་དང་འཁོར་ལོ་བདེ་བ་དང་། །བྱིན་རླབས་གཉིས་འདོད་དག་པ་དང་། །བདེན་གཉིས་རིག་པ་ཕྲ་མོ་ཡིས། །རང་གནས་རིག་པ་ཚོལ་བ་ཉིད། །རྣམ་རྟོག་ཡིན་ཏེ་དོན་ལ་མེད། །ཆགས་པས་བློས་བཟུང་དག་གིས་གོལ། །ངེས་པ་སྤྲོས་བྲལ་རང་བྱུང་སེམས། །ཆགས་པས་ལམ་གྱི་དོན་མི་མཐོང་། །བླང་དོར་མེད་པའི་སྤྱོད་པ་ཡང་། །ངེས་པར་གཟུང་ནས་བླང་དོར་ཉིད། །རང་རིག་བསམ་བྲལ་བཞག་པ་སྟེ། །དོན་དངོས་འཛིན་པ་ཞེན་པ་གནས། །རང་བྱུང་འོད་གསལ་སྙིང་པོ་འདི། །མཚན་མ་མེད་པའི་རང་བཞིན་པས། །རྩོལ་བ་འདོད་པའི་ཆགས་པ་བྲལ། །ཐིག་ལེ་འདོད་རྩོལ་སྤྲོ་བསྡུ་མེད། །རང་རིག་རྩོལ་བྲལ་བདེ་བའི་སེམས། །སྒོམ་དུ་མེད་པར་སྙོམས་འཇུག་པས། །བདེ་བའི་བསམ་གཏན་ཆེན་པོ་ཡིན། །བསམ་གཏན་རོལ་ལ་མ་ཆགས་པས། །ཆགས་མེད་ཡེ་ཤེས་རྫོགས་པའི་ལམ། །བྱང་ཆུབ་སེམས་ཀྱི་རང་བཞིན་འདི། །སྒོམ་མེད་ཤེས་རབ་ཆེན་པོས་འགྲུབ། །རང་གསལ་ཡེ་ཤེས་རིག་པ་འདི། །ངོ་བོ་མ་གྲུབ་མེད་ཤེལ་འདྲ། །དངོས་མེད་ཡེ་ཤེས་སོང་བས་གྲོལ། །གཟུགས་སོགས་སྣང་བ་བརྟགས་པ་ཡིན། །དངོས་པོ་རང་བཞིན་ཐམས་ཅད་ནི། །ཆོས་ཉིད་བྱང་ཆུབ་སེམས་ཀྱིས་གྲོལ། །དེ་ཉིད་བསྒྲུབས་པའི་ཐབས་སུ་ནི། །སྙིང་པོ་རིག་པ་ཉིད་ཤར་བས། །མཐའ་ཡི་མུན་པ་ངང་གིས་དག །སྒྲུབ་མེད་རང་བྱུང་བསྒྲུབ་པ་འདིཁམས་གསུམ་འོད་གསལ་ཐུགས་སུ་གྲུབ། །རང་སེམས་རིག་པའི་སྤྱོད་པར་བདེ། །ཡེ་ཤེས་སྤྱོད་པ་རང་བཞག་ཉིད། །གསལ་ན་འདོད་པའི་མཐའ་མི་འགེགས། །ཐུགས་རྗེ་ཚོགས་ཀྱིས་བསོད་ནམས་འདི། །རང་བྱུང་རིག་པ་རྟོགས་གྱུར་ན། །འགྲོ་བ་དྲང་ཕྱིར་རྒྱུན་མི་གཅད། །སྙིང་པོ་དོན་གྱི་སེམས་རིག་ན། །ཡེ་ཤེས་མཐའ་ཕྱིན་འབྲས་བུ་གནས། །མཚན་དང་དཔེ་བྱད་རང་བཞིན་གྲུབ། །སྤྲུལ་པ་རང་འདོད་ཅིར་ཡང་འབྱུང་། །ཆུ་གསལ་རི་མོ་ཅན་བཞིན་ནོ། །ཡི་གེ་ལུས་ཅན་དེ་བཞིན་གཤེགས། །མེ་ལོང་གཟུགས་སྣང་འགྲོ་བ་གྲོལ། །ཡེ་ཤེས་རང་བྱུང་དེ་བཞིན་གཤེགས། །ཡེ་ཤེས་མཐར་ཕྱིན་དེ་བཞིན་གཤེགས། །ཡན་ལག་མེད་པའི་རྩིས་ལས་འདས། །ཞེས་གསུངས་སོ། །ཡེ་ཤེས་རིན་པོ་ཆེ་འོད་ཀྱི་རྒྱུད་ལས། །སྤྱོད་པ་ཡེ་ཤེས་ཀྱི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་སེམས་ལྷག་ཅན་གྱིས་གསོལ་པ། །འཁོར་འདས་ཀྱི་ཆོས་ཐམས་ཅད་ནི་གཅིག་དང་ཐ་དད་པ་གང་ལགས། །ཞེས་གསོལ་པས། །མངོན་རྫོགས་རྒྱལ་པོས་བྱེ་བྲག་མེད་པའི་ཏིང་ངེ་འཛིན་ལ་བཞུགས་ནས་བཀའ་སྩལ་པ། མཐར་ཕྱིན་དགོངས་པ་ཡེ་ཤེས་གསལ། །དགོངས་པ་རང་བཞག་ཡེ་སངས་རྒྱས། །རིག་པ་རང་གསལ་ཆོས་རྣམས་ལ། །གང་དུའང་བསམ་དུ་མེད་པར་གནས། །དེ་ལྟར་བྱང་ཆུབ་སེམས་ཉིད་ལ། །མ་རིག་མེད་པས་འཁོར་བ་མེད། །སེམས་ཅན་སྐྱེ་བའི་རྒྱུ་མི་གནས། །རང་བྱུང་སེམས་ལ་རྟོག་པར་བཞུགས། །སྲིད་པའི་ཆོས་ལ་རྒྱུ་མེད་པས། །མྱ་ངན་འདས་པའི་ལམ་དང་བྲལ། །མ་སྐྱེས་པ་ཡི་ཆོས་རྣམས་ལ། །ནམ་ཡང་སྐྱེ་བར་མི་འགྱུར་ཏེ། །སངས་རྒྱས་སེམས་ཅན རངབཞིན་གཅིག །སེམས་ཀྱི་རང་བཞིན་གསལ་བ་འདི། །སྙིང་པོའི་དོན་ལ་རྨད་དུ་བྱུང་། །རང་བྱུང་ཆེ་བའི་བདག་ཉིད་སྐུ། །རང་རིག་བདེ་བ་རྫོགས་པ་ཆེ། །ཐུགས་རྗེ་སྣང་བ་སྤྲུལ་པའི་སྐུ། །ངོ་བོ་མ་གྲུབ་གསང་བའི་སེམས། །སྣང་དང་མི་སྣང་དབྱེར་མེད་དོ། །ཡོད་དང་མེད་པ་བྱང་ཆུབ་སེམས། །དོན་དང་རྟགས་ལ་སོགས་པ་རྣམས། །རྣམ་པ་ཐ་དད་བག་ཆགས་སྣང་། །ཡང་དག་མ་ཡིན་འཁྲུལ་བའི་སེམས བསམ་པའི་དབང་གིས་དེར་འགྱུར་རོ། །བདེ་གཤེགས་ཡེ་ཤེས་གསང་བ་འདིས། །མ་མཐོང་རྣམ་རྟོག་སྤྲོས་འཆོལ་བས། །སྟོང་ཉིད་རིག་པའི་མན་ངག་སྦྱིན། །དྲན་རྟོག་རླུད་གི་རྒྱུ་བ་བྲལ། །མཐའ་རུ་མ་སྐྱེས་བསམ་གཏན་བྱ། །ཆོས་དང་ཆོས་ཉིད་གང་ཡང་མིན། །ནམ་མཁའ་ལྟ་བུར་བདག་མེད་པ། །ཡེ་ཤེས་སྟོང་པའི་ངོ་བོའོ། །རང་བཞིན་སྟོང་པ་མཚན་མ་མེད། །རྣམ་པར་གསུམ་ལྡན་བདེ་བ་ཆེ། །སྒོམ་མེད་བཞི་ཡི་ལམ་དུ་འཇུག །སྒོམ་མེད་ལམ་ལ་གནས་པས་ན། །མི་སྒོམ་འབྲས་བུ་ངང་གིས་འཆར། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །རང་རིག་ཡེ་ཤེས་སྣང་བ་ལ། །འབར་བའི་དཀྱིལ་འཁོར་རང་བཞིན་གནས། ཁུན་གྱི་འཁོར་ལོ་སྐུ་ཡི་ངང་། །བག་ཆགས་གྲགས་པ་གང་དག་གོ །དྲན་རིན་གསང་བ་ཏིང་འཛིན་ཉིད། །མི་ཟད་འཁོར་ལོ་བསམ་དུ་མེད། །སྒྲོ་བྲལ་སྟོང་ཉིད་གཞི་གནས་ལ། །འདུ་ཤེས་མེད་འཇུག་མཉམ་བཞག་ལ། །སྒོམ་མེད་ཞིག་གནས་ལྷག་མཐོང་འབྲེལ། །མོས་འཇུག་ལམ་ལ་གང་གནས་དང་། །མི་རྟོག་གསལ་བ་དོན་གྱིས་གོ །བསམ་དང་བྲལ་བའི་ཡེ་ཤེས་ནི། །སྙིང་པོ་དོན་ལ་རྟོགས་བཞིན་འཇུག །ཐབས་བྲལ་རིག་པའི་རྩོལ་བས་ཚོལ། །ར་གན་གསེར་འདོད་ཇི་བཞིན་ནོ། །འདོད་བའི་སེམས་དང་མ་བྲལ་ན། །སྙིང་པོའི་དོན་ལ་བདག་འཛིན་བྱེད། །བདེ་བའི་སེམས་ལ་རེ་བ་ན། །རྟོག་པའི་རྗེས་འཇུག་ཞི་གནས་ཡིན། །རང་ལུས་སེམས་སུ་མ་རྟོགས་ན། །འདྲ་འབག་ལྷ་ཡི་རྣམ་པའི་གཟུགས། །ལུས་ཀྱི་དབེན་པས་ཆོས་ཉིད་ཚོལ། །རང་ལུས་སེམས་སུ་ཤེས་པས་ན། །གང་ན་གནས་ཀྱང་སེམས་ཉིད་བདེན། །སྣང་སྲིད་སེམས་ཀྱིས་ཤེས་པས་ན། །དབང་པོ་རང་བཞིན་ཡན་ཡེ་ཤེས་གསལ། །སྙིང་པོ་དོན་གྱི་རང་བཞིན་ལ། །ཅི་ཡང་མ་སྒོམ་གང་ཡང་མེན། ཁྱུ་མཆོག་སེམས་ལྟར་མ་བཅོས་པ། །རང་བཞིན་རིག་པའི་འཁོར་ལོ་ཉིད། །དུས་གསུམ་དུ་ཡང་མཉམ་གཞག་མེད། །གང་ཡང་མི་འཛིན་བདག་པོ་མེད། །སྙིང་པོ་དོན་ཀྱི་རང་བཞིན་ལ། །སྐྱོན་དང་ཡོན་ཏན་གཉིས་མེད་པས། །རྫོགས་ཆེན་ལྟ་བ་བླང་དོར་མེད། །འཇུག་མིན་ཏིང་འཛིན་མ་ཡེངས་པ། །འོད་གསལ་སྒོམ་མེད་སེམས་ཉིད་ཡིན། །རང་བྱུང་ཐུགས་ཀྱིས་མ་བཅོས་པ། །རྣམ་དག་རྒྱལ་བའི་སྐུ་གསུང་ཐུགས། །བཙལ་མེད་སྙིང་པོའི་དོན་ལས་འབྱུང་། །བྱང་ཆུབ་སེམས་ཀྱི་དོན་ཉིད་ལ། །ངེསཔའིཐེགགཅིགསྙིངཔོའི་དོན། །བསམ་པའི་ཐེག་པ་སྣ་ཚོགས་པ། །དྲང་བ་ཉིད་འགྱུར་ངེས་པ་མིན། །ངོ་བོ་ཉིད་ལ་མཐོ་དམན་མེད། །མོས་འཇུག་བསམ་པས་རྟོགས་པར་ཟད། །སེམས་ཉིད་ཉག་གཅིག་ཕྱོགས་བྲལ་བ། །དུ་མའི་འབྲས་མེད་ལམ་དུ་མེད། །མ་བཅོས་རྣལ་འབྱོར་རྫོགས་པའི་ལམ། །མི་གནས་རང་བཞིན་སེམས་སུ་གཅིག །མ་བགྲོད་མཐར་ཕྱིན་འབྲས་བུ་ཡིན། ་།་རྐྱེན་བྲལ་བས་སྐྱེ་འཇིག་མེད། །གདོད་ནས་རང་བྱུང་སྙིང་པོར་གསལ། །རིགས་དྲུག་ཇི་ལྟར་སྣང་བ་དང་། །མྱ་ངན་འདས་པའི་རང་བཞིན་གཉིས། །དབྱེར་མེད་རང་བཞིན་སེམས་སུ་གཅིག །རིགས་དྲུག་སེམས་ཀྱི་རྟོག་པ་དང་། །ཡེ་ཤེས་རང་གསལ་རིག་པ་ནི། ཁྱད་པར་མེད་དེ་སྙིང་པོ་གཅིག ཁམས་གསུམ་འཁོར་བའི་རྣམ་པ་དང་། །མྱ་ངན་འདས་པའི་ཡེ་ཤེས་གཉིས། །རྟོགས་མ་རྟོགས་ཀྱིས་གཉིས་སུ་བྱུང་། །རྟོག་པས་རང་སེམས་ཉིད་ལ་ཐུག །ཅེས་གསུངས་སོ། །ཡེ་ཤེས་རིན་པོ་ཆེ་འོད་ཀྱི་རྒྱུད་ལས། ཆོས་ཐམས་ཅད་གཉིས་སུ་མེད་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་སེམས་ལྷག་ཅན་གྱིས། མངོན་རྫོགས་རྒྱལ་པོ་ལ་གསོལ་བ། །བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །མཐར་ཐུག་ལ་བཟླ་ཇི་ལྟར་ལགས། །ཞེས་གསོལ་བ་དང་། །མངོན་རྫོགས་རྒྱལ་པོས་ཡེ་ཤེས་མཐར་ཐུག་པའི་ཏིང་ངེ་འཛིན་ལ་བཞུགས་ནས་བཀའ་སྩལ་བ། གཞན་འདོད་རེ་བའི་རྩོལ་བ་བྲལ། །རང་སེམས་རྣམ་དག་ཡེ་སངས་རྒྱས། །ཀུན་བཟང་རྒྱལ་བའི་སེམས་ཉིད་བདེ། །མཐའ་ཡས་སེམས་ཅན་ཐམས་ཅད་ལ། །རྒྱལ་བའི་ཡེ་ཤེས་རང་ཆས་ལྡན། །བསམ་བྲལ་རང་ལུགས་ཅིར་མི་དགོངས། །ཡེ་ནས་ནམ་མཁའི་མཐའ་དང་མཉམ། །ཡིད་ལ་མི་བྱེད་བྱ་བ་བཏང་། །འཁོར་བ་མྱ་ངན་འདས་པ་ཡི། །རྣམ་རྟོག་ཕྲ་རགས་ཅིར་སྣང་ཡང་། །རང་བཞག་བསམ་བྲལ་ཉིད་དུ་བདེ། །ཆུ་ཡི་སྣང་བ་ཇི་བཞིན་དུ། །ཕྲ་རགས་རྣམ་རྟོག་ཡེ་ཤེས་ཉིད། །རང་རིག་ག་་མ་པདྨ་ལྟར། །འཁོར་བར་གནས་ཀྱང་གདོད་ནས་དག །མཚན་མའི་རྣམ་པ་ཅི་བྱུང་ཡང་། །ཆུ་ཤིང་ལྟ་བུར་སྙིང་པོ་མེད། །རང་རིག་འཐིབས་པའི་འཁོར་བ་ན། །རིག་པ་མར་མེ་ལྟ་བུར་གསལ། །རྣམ་པར་རྟོག་པ་ཅིར་འགྱུར་ཡང་། །ཡེ་ཤེས་ག་་མ་རྒྱུན་མི་འཆད། །ནམ་ལངས་སེམས་དང་མུན་པ་བཞིན། །ཡེ་ཤེས་འོད་གསལ་དེ་བཞིན་ནོ། །མ་བསྒྲུབས་འོད་གསལ་ཤུགས་ཀྱིས་འབྱུང་། །སྐལ་ལྡན་མ་བཅོས་རྣལ་འབྱོར་པས། །སེམས་ཉིད་སེང་དཀར་ལྟར་གནས་པ། །ལུས་ངག་རྩོལ་བ་ངང་གིས་ཞི། །སྒོམ་མེད་ཡེ་ཤེས་མི་རྟོག་པ། ཁྲེས་རབ་གསལ་བའི་སྙིང་པོར་ཕྱིན། །མཐར་ཕྱིན་སྒོམ་མེད་རང་བྱུང་བ། །དྲི་མེད་རྒྱལ་བའི་ཡེ་ཤེས་གསལ། །རང་གནས་འགྲོ་བ་ཡོངས་ལ་ཁྱབ། །ནམ་མཁའ་ལྟ་བུར་དབྱེར་མེད་པ། །འགྲོ་བ་ཡོངས་ལ་གཞན་པ་མེད། །རྟོག་མེད་ངང་ལ་རང་ཤར་བའི། །ཡེ་ཤེས་བདེ་བའི་མཚན་ཉིད་ཅན། །འཛིན་པ་དག་བྱེད་ཡེ་ཤེས་ནི། །མ་བཅོས་ངང་གིས་སྒོམ་མེད་གསལ། །བདེ་བའི་རང་བཞིན་རྟོག་པ་བྲལ། །རང་གནས་ཡེ་ཤེས་འོད་གསལ་སེམས མཐོང་བས་ཐེ་ཙོམ་རྒྱུ་བ་བྲལ། །ཡེ་ཤེས་རང་གནས་སྒྲིབ་པ་མེད། །ཐམས་ཅད་ཡེ་ཤེས་གསལ་མཐོང་བས། །སྙིང་པོ་དོན་ལ་གོལ་ས་མེད། །རྣམ་དག་རིག་པའི་འཁོར་ལོ་འདི། །རྩོལ་བྲལ་རང་བྱུང་ཡེ་ཤེས་ཡིན། །རང་བྱུང་ཡེ་ཤེས་ཀུན་གྱི་བདག །ལུས་དང་བྲལ་བས་ཡན་ལག་མེད། །སྒྲོ་སྐུར་བྲལ་བས་དངོས་གཞི་ཅན། །སྙིང་པོ་ཀུན་བྲལ་ཀུན་གྱི་བདག །མ་བཅོས་རིག་པའི་ཏིང་འཛིན་གསལ། །བྱ་བ་མེད་བཞིན་དོན་ཀུན་རྫོགས། །རང་བྱུང་ག་་མ་ཀུན་གྱི་གཞི། །བགྲོད་མེད་རྣམ་གྲོལ་ལྷུན་གྲུབ་ལམ། །ཇི་བཞིན་ཀུན་རྫོགས་འབྲས་བུ་ཉིད། །ཐིག་ལེ་དབྱེར་མེད་གཅིག་གི་ངང་། །སེམས་ཉིད་བྱ་བྲལ་རྫོགས་པའི་གཏེར། །བདེ་བའི་ཡེ་ཤེས་མི་རྟོག་ཐུགས། །སྐལ་ལྡན་དང་པོ་ཉིད་ན་རྫོགས། །འགྲོ་དྲུག་འཁོར་བའི་རྟོག་ལྟ་དང་། །རྒྱལ་བའི་ཡེ་ཤེས་མྱ་ངན་འདས། །བདེ་ཆེན་རིག་པ་གཅིག་གི་ངང་། །རང་བྱུང་ཇི་བཞིན་མ་བཅོས་པ། །ལྷུན་རྫོགས་སྤྲོས་པ་མེད་པའི་ངང་། །བསམ་དུ་མེད་པའི་ཡེ་ཤེས་འདི། །རྣམ་པར་རྟོག་པའི་རྒྱུ་བ་བྲལ། །དུས་གསུམ་མི་མངའ་རྒྱུན་མི་ཆད། །སེམས་ཉིད་སྒྲིབ་པའི་ལམ་མཆོག་འདི། །དབྱེར་མེད་ཀུན་ལལྡནབཞིནདུ། །སྣངབའི་ལམ་མེད་འཁོར་བར་འ་ས། །སྡུག་བསྔལ་རྩོལ་བའི་ནད་ཀྱིས་གདུངས། །དེས་ན་སྟོན་པའི་སྒྲོན་མ་འདི། །སྣང་བའི་ཡེ་ཤེས་གསལ་བར་གྱིས། །ཀུན་ལ་མི་བསྟན་གསང་བའོ། །སྣོད་ལྡན་འགའ་ལ་གདམས་ཤིང་གཏད། །ཅེས་གསུངས་སོ། །ཡེ་ཤེས་རིན་པོ་ཆེ་འོད་ཀྱི་རྒྱུད་ལས། སྙིང་པོ་ལ་བཟླ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།རིན་པོ་ཆེ་འོད་ཀྱི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤི་སིདྷ་དང་། །ལོ་ཙ་བ་བི་རོ་ཙ་ནས་དྷ་ཧེ་ནའི་འདུ་ཁང་དུ་བསྒྱུར་བའོ།། །། རྒྱ་གར་སྐད་དུ། སྙོ་དྷི་ཙིཏི་པིང་ཏ་ཀི་ཙ་ཀྲ་ཏན་ཏྲ། བོད་སྐད་དུ། བྱང་ཆུབ་སེམས་ཉ་མོ་འཁོར་ལོའི་རྒྱུད། དཔལ་ཀུན་ཏུ་བཟང་པོ་ལ་