Ngb-pt-0444-vol-05-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

ངག་ཡིན་ཏེ། ཀུན་ལ་མེད་པས་གསང་བར་བྱའོ། །ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་ལས་འཕྲོ་སྐལ་བར་ལྡན་ལ་གནས་སོ། །ཨི་ཏི།། །།རྒྱ་གར་སྐད་དུ། །ཙྭ་ན་མ་ཧྭ་ཀོ་ཥ་ཨེ་དྷརྣ། བོད་སྐད་དུ། ཡེ་ཤེས་མཛོད་ཆེན་ཆོས་ཀྱི་དབྱིངས། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྐྱེ་མེད་རྣམ་པར་དག་པའི་སྐབས། །གདོད་ནས་མ་སྐྱེས་སྙིང་པོ་ཨ། །སྒྲོ་སྐུར་ལྟ་བ་ཀུན་དང་བྲལ། །ཐམས་ཅད་གཅིག་གི་རང་བཞིན་ལ། །སྤོང་འགེགས་བྱིས་པས་བསླད་པ་མེད། །དབྱེར་མེད་ཡེ་ཤེས་ལྔ་ལྡན་ལ། །སྐྱོང་བགྲོད་གཉིས་ལྟ་རང་སར་གྲོལ། །སྐྱེ་འགག་གཉིས་སུ་མེད་པ་ལ། །སྒྱུར་དང་སྤྱོད་ལྔ་རྣམ་པར་དག །མཐའ་བྲལ་ལྷུན་གྱིས་གྲུབ་པའི་སྐབས། །འདི་ནི་ཐམས་ཅད་མཚུངས་པའི་ལམ། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཐམས་ཅད་རང་རིག་བྱང་ཆུབ་སེམས། །འདི་ནི་ལུང་གི་ཚད་མའོ། །རྣམ་དག་སེམས་ཀྱི་རང་བཞིན་ནི། །ནམ་མཁའ་བཞིན་དུ་སྤྲོས་དང་བྲལ། །འགྱུར་བ་མ་ཡིན་དྲང་པོར་གསལ། །མ་སྐྱེས་པས་ན་འགག་པ་མེད། །དེ་བཏགས་ཡོད་དང་མེད་པའི་ཆོས། །མེད་དེ་མེད་པའི་སྙིང་པོ་ཅན། །ཡོད་དེ་རྟག་པའི་མཐའ་ལས་འདས། །མཐའ་བྲལ་དོན་གྱི་སྙིང་པོ་འདི། །ཡོད་དམ་བྱས་པའི་དངོས་དང་བྲལ། །མེད་དམ་བྱས་པས་རིག་ཅིང་གསལ། །དངོས་བྲལ་རིག་གསལ་ལྟ་བའི་དབྱིངས། །ཡོད་མེད་གཉིས་མེད་ཕྱོགས་མ་ལྟུང་། །སྤང་བྱ་བླང་བྱ་གཉིས་མེད་རྫོང་། །བཏང་སྙོམ་མངོན་གྱུར་མེད་པ་ཉིད། །བརྗོད་བྲལ་དྲི་མེད་དག་པའི་གློང་། ཁྱབ་བརྡལ་མ་བཅོས་ལྷུན་གྱིས་གྲུབ། །དོན་དམ་རྣལ་འབྱོར་སྤྱོད་ཡུལ་འདི། །ཚིག་ལ་ཞེན་པའི་སྤྱོད་ཡུལ་མིན། །མདུན་རྒྱབ་ཕྱོགས་རྣམས་གང་མཐོང་བ། །བདེ་ཆེན་ཁོ་ན་ཉིད་དུ་གསལ། །ཐམས་ཅད་ལྷུན་གྲུབ་ཐིག་ལེའི་ངང་། །མཚན་མའི་སྤྱོད་ཡུལ་རྟོག་ལས་འདས། །དུས་གསུམ་གཅིག་སྟེ་ཁྱད་པར་མེད། །ཡང་དག་དོན་ལ་གནས་པའི་ཕྱིར། །ཨ་ཏི་ཡོ་ག་བདེ་ཆེན་ནི། །འདུ་འབྲལ་གཉིས་མེད་ཀུན་ཏུ་བཟང་། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །བྱ་མེད་བློ་ལས་འདས་པའི་སྐབས། །འཁོར་བ་མ་བཀག་གནས་སུ་དག །མཚན་མ་མ་སྤངས་རང་སར་གྲོལ། །ཞབྲུལ་པ་མ་བསལ་རྩད་ནས་ཆོད། །དུག་ལྔ་མ་བསྒྱུར་ཆོས་ཉིད་ཀློང་། །རྩོལ་སྒྲུབ་མེད་པར་ཡེ་སངས་རྒྱས། །ཡིན་པའི་དོན་ལ་ཡིན་པར་ཤེས། །ངེས་པའི་དོན་ཆེན་ཟབ་མོ་འདི། །རྒྱལཔོརཏྣའིམཛོདབཞིན་དུ། །དགོས་པའི་དོན་རྣམས་འབྱུང་བར་ངེས། །དོན་གྱི་མཛོད་ཆེན་སྙིང་པོ་འདི། །ཀུན་ལ་ཏིལམརབཞིནདུགནས། ཁྱབ་བདལ་དོན་འདི་སུས་རྟོགས་པ། །རྒྱལ་སྲས་བཞིན་དུ་དབུལ་བ་སངས། །རྩོལ་བྲལ་ཡོངས་སུ་རྫོགས་པའི་སྐབས། །མཁའ་ཀློང་རྣམ་དག་ཆོས་ཀྱི་དབྱིངས། །ཀུན་བཟང་ཡངས་པ་སྐྱེ་མེད་ཀློང་། །ཡེ་ཤེས་ལྔ་སོགས་འོད་ཟེར་འཕྲོ། །རྡོ་རྗེ་སེམས་དཔའ་འདུས་མ་བྱས། །དག་པའི་ཀློང་ན་བསྲུང་མཚམས་མེད། །མཉམ་པས་རིམ་པ་བཀོད་པ་མེད། །རྟོགས་པས་ལྟ་བའི་ཡུལ་ལས་འདས། །གསལ་བས་བསམ་གཏན་སྤྲོས་དང་བྲལ། །ཡུལ་ལས་འདས་པས་སྤྱད་དུ་མེད། །ལྷུན་གྱིས་གནས་པས་བསྒྲུབ་ཏུ་མེད། །མ་ཡེངས་དྲན་པས་རང་སར་གྲོལ། །སྔགས་དང་ཕྱག་རྒྱ་རྣམ་པར་དག །སྟོང་ཉིད་ངང་ལ་མཆོད་བཤགས་མེད། །འཁོར་འདས་ཁྱབ་བདལ་ཆེན་པོ་ལ། །འཕྲིན་ལས་རྣམ་བཞི་གདོད་ནས་རྫོགས། །རྫོགས་ཆེན་དབྱིངས་སུ་ཐམས་ཅད་རྫོགས། །ལམ་ལྔ་ཕ་རོལ་ཕྱིན་བཅུ་རྫོགས། །འགྲོ་བ་མུ་སྟེགས་རིམ་དགུ་རྫོགས། །སྣང་སྲིད་ཐིག་ལེ་གཅིག་ཏུ་རྫོགས། །འཁོར་འདས་བྱང་ཆུབ་སེམས་སུ་རྫོགས་སོ།། །།གསལ་ཁྱབ་ཤེས་བྱ་ཚིག་ཆོད་སྐབས། །ངང་དང་རང་བཞིན་བདག་ཉིད་གསུམ། །དབྱིངས་དང་ཀློང་དང་རྫོང་ཆེན་ནོ། །གཞི་དང་ལམ་དང་འབྲས་བུ་གསུམ། །མ་སྐྱེས་མ་འགགས་ལྷུན་གྱིས་གྲུབ། །ལྷུན་གྲུབ་མ་ནོར་དག་པའི་རྫོང་། །ཕྱོགས་མེད་རང་གྲོལ་དོང་སྤྲུགས་དབྱིངས། །གསལ་ཁྱབ་གཉིས་མེད་བདེ་ཆེན་ཀློང་། །སྐུ་གསུམ་ལྷུན་གྲུབ་སྙིང་པོ་ཨ། །རྒྱས་འདེབས་ཕྱག་རྒྱ་དག་པའི་སྐབས། །མི་འགྱུར་བ་ཡི་ལྟ་བ་ལ། །གཡོས་པ་མེད་པའི་རྩི་ཡི་བཟུང་། །གཡོས་པ་མེད་པའི་ཏིང་འཛིན་ལ། །མ་འགགས་པ་ཡི་རྩི་ཡིས་ཟུང་། །མ་འགགས་པ་ཡི་སྤྱོད་པ་ལ། །ལྷུན་གྱིས་གྲུབ་པའི་རྩི་ཡིས་ཟུང་། །དོན་གྱིས་རྩི་ཡིས་གང་གནས་པ། །ལྟ་བའི་དོན་ལ་གནས་པ་ཡིན། །དེས་ན་སྲིད་གསུམ་རྣམ་པར་དག །དེས་ན་འབྱུང་བ་ཡེ་སངས་རྒྱས། །དེས་ན་དུག་ལྔ་སྐུ་ལྔར་ཐིམ། །དེས་ན་འདོད་ཡོན་ཡེ་ཤེས་ལྔ། །ཐམས་ཅད་རྫོགས་པའི་ཆོས་ཆེན་པོ། །མི་འགྱུར་ཡངས་པས་དོན་དམ་རྫོང་། །ལྟ་བ་འདི་ལ་གང་གནས་པ། །སངས་མ་རྒྱས་པ་གཅིག་ཀྱང་མེད། །བརྗོད་བྲལ་གཉིས་སུ་མེད་པའི་སྐབས། །ལྟ་བའི་དགོས་དོན་ཟབ་མོ་འདི། །ཐམས་ཅད་འབྱུང་བའི་མི་ཟད་གཏེར། །ཟ་མ་ཏོག་གི་ནོར་བུ་བཞིན། །ལྷུན་གྱིས་གྲུབ་ཅིང་ཚང་བའོ། །མི་འགྱུར་ཀུན་རྫོགས་ནམ་མཁའ་ཆེ། ཁྱབ་བདལ་ལྷུན་གྲུབ་ཐིག་ལེ་གཅིག །བརྗོད་བྲལ་རང་གྲོལ་གནས་སུ་དག །རྡོ་རྗེ་སེམས་དཔས་མཚོན་དུ་མེད། །གཉིས་སུ་མེད་པའི་དོན་མཛོད་དེ། །ཡང་དག་བདེན་པའི་སྙིང་པོ་ཨ། །ཐུགས་རྗེ་རང་བྱུང་གདམ་པའི་སྐབས། །རྟོགས་ལྡན་འགའ་ཡི་སྤྱོད་ཡུལ་འདི། །རྨོངས་པ་རྣམས་ནི་སྐྲག་པར་འགྱུར། །བུམ་པ་ནང་གི་མརམེབཞིན། །སྐལལྡན་རྣམས་ཀྱིས་སྦ་བར་བྱ། །བླུན་པོར་མི་གོ་ཉོན་རེ་མོངས། །ངེས་པའི་དོན་ཆེན་མ་རྟོགས་པར། ཁ་ལྟ་རྣམ་ཤེས་ཕྱུར་པོ་ཅན། །ཚིག་འགའ་ཤེས་པའི་པོ་རྩེ་བ། །གཞན་གྱི་ཆོས་ལ་སྨོད་བྱེད་དེ། །རྒྱལ་བའི་བཀས་ཀྱང་མི་སྐྱོབས་ཏེ། །རྒྱ་མཚོར་ལྟུང་བའི་ཕ་བོང་བཞིན། །ཐུགས་རྗེ་ཞགས་པས་བསྐྱང་ཐག་ཡས། །ཨེ་མ་ངེས་པའི་དོན་ལ་འཐུད། །ཡེ་ཤེས་མཛོད་ཆེན་ཆོས་ཀྱི་དབྱིངས། །རྡོ་རྗེ་སེམས་དཔས་གསུངས་པའོ། །རྫོགས་སོ།། །།རྒྱ་གར་སྐད་དུ། ཙྭ་ན་པྲ་ཀ་ས་ཨེ་དྷརྨུ། བོད་སྐད་དུ། ཡེ་ཤེས་གསལ་བ་ཆོས་ཀྱི་