Ngb-pt-0406-vol-05-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

བས་གསལ་བར་བྱེད་པ། མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟ་བུའི་ལེའུ་སྟེ་བཅུ་གསུམ་པའོ།། །། རྒྱ་གར་སྐད་དུ། ཏི་ལ་ཀ་གུ་རྒྱ་ཨ་ཏི་ན་ཏན་ཏྲ་ནཱ་མ། བོད་སྐད་དུ། ཐིག་ལེ་གསང་བའི་བརྡའ་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དེ། མེ་རི་འབར་བའི་རྩེ་མོ། སྲི་ལ་མུ་ཁ་དུར་ཁྲོད་ཀྱིས་བརྒྱན་པའི་གནས་ན། ཐུན་མོང་གི་འཁོར། དགའ་རབ་རྡོ་རྗེ་ལ་སོགས་པ། བྱང་ཆུབ་སེམས་དཔའ་བདུན་དང་། ཐུན་མོང་མ་ཡིན་པའི་འཁོར། རྡོ་རྗེ་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་ཏུ་བཞུགས་སོ། །དེ་ཡི་ཚེ། བཅོམ་ལྡན་འདས་བརྗོད་བྲལ་བརྡའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། འདུས་པའི་འཁོར་ཚོགས་དོན་ཆེད་དུ། །ཏིང་ངེ་འཛིན་ལ་མ་མནལ་བར། །བརྡ་ཡི་རིམ་པ་གསུང་དུ་གསོལ། །ཅེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་བརྗོད་བྲལ་གྱི་ཏིང་ངེ་འཛིན་ལས་བཞེངས་ནས། འདི་སྐད་ཅེས་བཀའ་སྩལ་པ། བློ་ལྡན་རྣམས་ཀྱི་དོན་ཆེད་དུ། །ཟབ་མོའི་བརྡའ་རྒྱུད་ངས་བཤད་ཉོན། །ཅེས་གསུངས་སོ། །ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་གསང་བའི་བདག་པོས་ཞུས་པ། ཀྱེ་སྟོན་པ་རྡོ་རྗེ་འཆང་། གཞི་ཡི་འདུལ་ཚུལ་བརྡ་རུ་གསུང་། ཞེས་ཞུས་པས། སྟོན་པས་གསུངས་པ། སྔོན་ཡུལ་རང་གསལ་བདེ་བ་ཅན་ཞེས་བྱ་བ་ན། རྒྱལ་པོ་ཀུན་སྣང་ཞེས་བྱ་བ་ལ། འདིངས་པའི་སྟན་མེད་དེ། རྒྱལ་མཚོ་སྟན་དུ་བཏིང་། བགོ་བའི་གོས་མེད་དེ། ནམ་མཁའ་གོས་སུ་གོན་བཟའ་བའི་ཟས་མེད་དེ། འབྱུང་བཞི་ཟས་སུ་ཟོས། ཉིན་མཚན་མེད་པར་ཅེ་སྤྱང་གི་མིག་ཡིན་པས། མུན་པ་རྒྱབ་ཏུ་བོར། སྣང་བ་ཁོངས་པར་བཅངས། སྐྱོན་དང་བྲལ་ཏེ་རིན་པོ་ཆེའི་སྦྱན་ལ་བསྟིམ། ལུས་ངག་གསུམ་གྱི་རྩལ་ཆེ་བས། སེང་གེ་བཙོན་དུ་བཟུང་། སྣང་བ་གཞན་དུ་བསྐྱབ་ཏུ་མེད་པས། ཉི་མ་མཆན་ཁུང་དུ་སྦས། ཐམས་ཅད་བསད་ཅིང་ཟོས་པས། ཐ་མི་གཅིག་ཀྱང་མ་ཆག་ནས། གཅིག་པུར་ལུས་པས། གླེང་བའི་ཟླ་མེད་དེ། དགྲ་ཟིན་མེད་པས། ཤིན་ཏུ་སྐྱེད་ཀྱང་སྡོད་མ་ཚུགས་སྐད་དོ། ་ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། གཞི་མཚོན་པའི་བརྡའ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། སྣང་བ་སྣ་ཚོགས་ཇི་ལྟར་འཆར། །འཁོར་འདས་གཉིས་སུ་ཇི་ལྟར་འཆར། །མ་ནོར་བརྡའ་འདི་འཁོར་ལ་གསུང་། །ཞེས་གསོལ་ཏོ། །སྟོན་པས་བཀའ་སྩལ་པ། སྔོན་ཡངས་པ་ཅན་གྱི་ཁྱིམ་དུ། ཉི་མའིསྤྱན་ལས། རང་གིས་མ་ཚོར་བར། སྤྱན་གྱི་ནང་ནས་མཛེས་པའི་ལྷ་མོ་ལྔ། ཡུལ་མེ་ལོང་ཅན་དུ་ཤར་ནས། དེ་གཉིས་སྦྱོར་བ་བཀྱེ་བས། རིན་པོ་ཆེ་བརྩེགས་པའི་ཕོ་བྲང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞི་དང་བཅས་པ་སྐྱེས་ཏེ། ཆུ་ཤིང་སྙིང་པོ་ཅན་བྱ་བའི་རྒྱལ་པོ་དང་། དེ་ཡི་བཙུན་མོ་དང་སྲས་སུ་བཅས་པ་ཕྱིས་སྐྱེས་ནས། ཆུ་ཡི་ལྦུ་བ་གཅེསཔ་མཛེས་པའི་རྒྱན་དང་རི་མོར་སོང་སྟེ། ཀུན་ཏུ་སྣང་གི་ཉི་མ་དང་ཆས་ནས་བཞུགས་སྐད་དོ། །དེནས་རྒྱལ་པོ་འཁོར་དང་བཅས་པས། འབངས་དོན་དུ་ཆིས་བྱས། སྐྱིད་ཀྱི་ཕོ་བྲང་བཤིག་སྐད་དོ། །རྒྱལ་ཐེབས་འབངས་ལ་བཞག །རྒྱལ་པོ་བཞི་འཁོར་འཁོར་དང་བཅས་པས་དགུང་ལ་གཤེགས་སྐད་དོ། །ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། ལོངས་སྐུའི་སྣང་བ་བརྡརབསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་སྟོན་པས་གསུངས་པ། སྔོན་ཁྱེའུ་ཀུན་ཏུ་རྒྱུག་བྱ་བ་ལ། ཞིང་ཐམས་ཅད་སྐྱེ་བ་བྱ་བ་ཡོད་དེ། ནོར་བུ་ཅན་བྱ་བ་དང་། གཞའ་ཚོན་བྱ་བ་དང་། མེ་ལོང་ཅན་བྱ་བ་དང་། གསུམ་ཡོད་དེ། ཁྱེའུ་བཞི་བདུད་ཧ་ལི་ཀ་ནག་པོས། ས་བོན་དུ་སྨེ་ཤ་ཀུན་བསྐྱེད་ཀྱི་ས་བོན་བཏབ། རྫ་མཁན་མོས་ཞིང་བ་། ལུས་སྩལ་བས། འབྲས་བྱེད་བྲལ། སྨེ་ཤ་ཅན་དུ་སྐྱེས་སོ། །མུན་པའི་མི་དྲུག་ལོངས་སྤྱོད་སྐད་དོ། །ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། འཁྲུལ་པའི་བརྡའ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་སྟོན་པ་རྡོ་རྗེ་འཆང་། འཁྲུལ་སྣང་ཡེ་ཤེས་ལྡོག་ཕྱིར་དུ། །བཟློག་པ་ཐབས་ཀྱི་བརྡའ་རྣམས་གསུང་། །ཞེས་གསོལ་ཏོ། །སྟོན་པས་བཀའ་སྩལ་པ། སྔོན་ཡུལ་མུན་པའི་གླིང་བྱ་བ་ན། རྫ་མཁན་ཀུན་བསྐྱེད་བྱ་བས། སྟོན་མོ་ཆེན་པོ་གཅིག་བཀྱེ་བས། ཤ་དུག་བྱུང་ནས་ན་བ་ལ།ཡུལ་མེ་ལོང་ཉི་མ་ཅན་བྱ་བ་ན། སྨན་པ་ཀུན་ཏུ་གསོ་མཁྱེན་བྱ་བ་ཡོད་པ་བཀུག་ནས། སྨན་པས་ནད་པའི་རྩ་གཟིགས་པས། ནད་འདུ་བ་རྣམ་པ་བཞི་ལངས། དུག་ཁོང་དུ་སོང་བར་མཁྱེན་ནས། ནད་པ་རྣམས་ལ་སྨན་རྒྱུ་གཅིག་ཏུ་བསྲེས་ནས་བཏང་བས། ནད་སོས་ཐུབ་པར་གྱུར་ཏོ། །ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། སྟོན་པས་གང་ཟག་གི་བློ་དང་སྦྱར་ནས། ཐེག་པ་རིམ་པ་དགུ་གསུངས་པ་དང་དོན་གཉིས་སུ་མེད་པར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་སྟོན་པས་བཀའ་སྩལ་པ། སྔོན་རྒྱ་ནག་པོའི་ཡུལ། རྟ་ཤི་ནག་པོའི་ནགས་ཚལ་བྱ་བ་ན། མུ་སྟེགས་མུན་པའི་གོ་ཆ་ཅན་བྱ་བ་གཅིག་གིས། ལྟད་མོ་གཅིག་བྱས་པས། མུན་པའི་མི་དྲུག་གིས་ཐོག་ཆོད་ནས་ཡོད་པ་ལ། རྒྱ་དཀར་པོའི་ཡུལ་ནས། གྱད་ཀྱི་མི་བརྒྱད་ཀྱི་རྒྱལ་པོ་དང་དགུ་བྱོན་ནས། མུན་པའི་མི་དྲུག་གིས་ཁྲོམ་བསྐོར་མ་ནུས་པར། རྒྱལ་པོ་འཁོར་བཅས་ལ་བལྟས་པས། ཡིད་ཤོར་ཏེ་རྒྱ་དཀར་པོའི་མི་དགུ་པོའི་ཕྱིར་འབྲངས་པས་ཡོན་ཏན་སོ་སོར་ལོབས་ཏེ། རྒྱ་ནག་པོའི་སྤྱོད་པ་ནི་བོར། རྒྱ་དཀར་དང་ཆོས་བསྟུན་པས། མུ་སྟེགས་མུན་པའི་གོ་ཆ་ཅན་ཡི་མུག་ནས་ལྕེབས་སོ། །མུན་པའི་མི་དྲུག་ལ་མེ་ལོང་གཅིག་བསྟན་པས། མར་མེ་རེ་རེ་ཤར་སྐད་དོ། །ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། འགྲོ་དྲུག་བློ་དང་སྦྱར་ནས་ཐེག་པ་རིམ་པ་དགུ་བསྟན་པས་རྟོགས་པ་སོ་སོར་སྐྱེས་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་བཀའ་སྩལ་པ། སྔོན་བྱུང་ཡུལ་པཟློ་བདེ་བའི་སྩལ་དུ། ཤེལ་གྱི་ཁྱེའུ་ཉི་མའི་སྤྱན་གྱིས། ངོ་མཚར་བའི་ལྡུམ་ར་གཅིག་བྱས་པས། ཡ་མཚན་གྱི་ཤིང་གཅིག་སྐྱེས་ཏེ། ལོ་འདབ་མེ་ཏོག་འབྲས་བུ་དུས་གཅིག་ཏུ་སྨིན་ཏེ། སེམས་ཅན་གྱི་གསོས་སུ་གྱུར་སྐད། ཤིང་དེ་ཡི་རྩེ་མོ་ན་བྱ་ཁུ་བྱུག་སྐད་སྙན་ཅིང་སྐྲུ་ཀ་སྡུག །སྤུ་ཁ་བཅུ་དང་ལྡན་པས། སྐད་ཕྱོགས་བཅུར་སྒྲོགས་པས་ཀུན་གྱི་སྒྲ་སྒྲོག་པ་ཕྲོགས་སོ། ཁེང་དེའི་རྩ་བ་ན་གསེར་གྱི་སེང་གེ་འབྲུག་གི་སྒྲ་ཅན་ལ། རལ་གྲི་ཁ་མངས་ཀྱི་མཆེ་བ་སྐྱེས་པ། མིག་ཕྱོགས་བཅུར་བལྟ་ཞིང་སྐད་སྒྲོགས་པ། གཅན་གཟན་ཕྲ་མོ་ཀུན་སྲོག་གཅོད་པ་གཅིག་ཡོད་སྐད།ཤིང་དེའི་སྐེད་པ་ན་མུ་ཏིག་གི་ཕྲེང་བ་འགྲུལ་བུ་བཅུ་དྲུག་ཏུ་བཅས་པས། ཀུན་གྱི་རྒྱན་དུ་མཛེས་སྐད། ཤིང་དེའི་ཁོག་པ་ནས་བར་སྣང་གི་ནམ་མཁའ་ལ། རིན་པོ་ཆེ་གསེར་གྱི་ཉི་མ་ཤར་བས། འགྲོ་བ་ཀུན་གྱི་སྣང་བ་བྱེད་སྐད། ཤིང་དེའི་ཡལ་ག་བཞི་ཕྱོགས་བཞིར་གྱེས་པའི་རྩ་བ་ན། སེང་གེ་གཅིག་གི་ཁ་ན་མེ་ལོང་གཅིག་ཐོགས། དེའི་ནང་ན་ཤེལ་གྱི་སྐུ་འོད་ཀྱིས་གང་བ་ཅིག་གསལ་ཅིང་འདུག་སྐད། ཡལ་ག་གཅིག་གི་རྩ་བ་ན།གཡུ་ཡི་ལུ་མའི་ནང་ན་གསེར་གྱི་ཉ་མོ་མིག་མེད་པ་གཅིག་འདུག དེ་མི་འགུལ་བ་ཅིག་འདུག་སྐད། ཡལ་ག་གཅིག་གི་རྩ་བ་ན། བྱ་ཁྱུང་གཅིག་ལ་སྲིན་པོ་མགོ་དགུ་མིག་གཅིག་པ་ཞོན་ནས། ལག་པ་བདུན་གྱིས་འགྲོ་བ་ཀུན་གྱི་སྲོག་གཅོད་པ། སྤྱི་བོ་ནས་ཐོག་འབེབས་པ་གཅིག་འདུག་སྐད། ཡལ་ག་གཅིག་གི་རྩ་བ་ན་མེ་ལོང་གཅིག་གི་ནང་ན། ཤེལ་གྱི་ཁྱེའུ་ཞལ་དྲུག་པ་གཅིག་ལ། ལྷ་མོ་ལྔས་བསྐོར་ནས། སྦྱོར་བ་གཅིག་འདུག་སྐད་དོ། །ཡལ་ག་ཕྲ་མོ་ཐམས་ཅད་ནས། གསེར་གྱི་བྱེ་ཆུང་སྐད་སྙན་པ་སྣ་ཚོགས་སྒྲོག་པ་གཅིག་འདུག་སྐད། དེ་ཀུན་གྱིས་མི་མཐོང་སྟེ། ཏི་པ་རའི་བུ་མར་མེའི་སྦྱན་གྱིས་མཐོང་ངོ་། །མཐོང་ནས་ཡ་མཚན་གྱི་ལྡུམ་ར་དེ་ཀུན་ལ་སྒྲོགས་སོ་སྐད། སྒྲོགས་པ་ཐོས་ནས་ཡ་མཚན་སྐྱེས་ཏེ། ཀུན་དེ་ལ་བལྟ་སྐད་དོ། །ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། རྩ་བའི་རྒྱུད་དང་ཡལ་གའི་རྒྱུད་ཀྱི་དོན་བརྡའ་རུ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།ཡང་སྟོན་པས་བཀའ་སྩལ་པ། ལྷ་ཁང་གཅིག་གི་ནང་ན། གཙོ་བོར་ཤེལ་གྱི་སྐུ་ཀུན་ཏུ་ཞལ་དུ་བཞུགས་སྐད། དེའི་ཐུགས་ཀ་ནས་མར་མེ་གཅིག་ལ་འོད་ལྔ་ཤར་ནས། འོད་ཀུན་ཏུ་གསལ་མ་ནུས་པར། ལྷ་ཁང་གི་སྒོ་ན་འོད་བྱ་ཕོ་ཙམ་གཅིག་ཀུན་ལ་སྣང་ཞིང་འདུག་སྐད། དེའི་ཐུགས་ཀ་ནས་མར་མེ་གཅིག་ལ་འོད་ལྔར་ཤར་བས་ན། འོད་ཀུན་ཏུ་གསལ་མ་ནུས་པར། ལྷ་ཁང་གི་སྒོ་ན་འོད་བྱ་ཕོ་ཙམ་གཅིག་ཀུན་ལ་སྣང་ཞིང་འདུག་སྐད། དེ་ལ་བལྟས་པས་ལྷ་ཁང་གི་གཙོ་བོ་མཐོང་སྐད། དེར་ཡ་མཚན་སྐྱེས་ནས་གཙོ་བོ་ལ་བལྟས་པས། བྱིན་རླབས་ཞུགས་པས་ཕྲ་མ་དང་བྲལ་བས། འཁོར་གསུམ་ཡོངས་སུ་དག་པ་བྱས་ཏེ། གངས་དཀར་ཤེལ་གྱི་བྲག་ཕུག་ཏུ་སོང་སྐད་དོ། །ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། དོན་གྱི་བདེན་པ་མཐོང་བས་རང་བཞིན་གྱི་དགོངས་པ་ལ་གནས་པའི་ལེའུ་སྟེ་བརྒྱད་པའོ།། །།ཡང་བཀའ་སྩལ་པ། ཁྱེའུ་མར་མེ་ཅན་བྱ་བ་ལ། ཁྱེའུ་སྣང་བ་དམ་པའི་དཔལ་ཞེས་བྱ་བ། མར་མེ་བཞི་བཏང་བས། ཡུལ་བཞི་མུན་པ་སེལ་བའི་ངོ་སྤྲོད་བཞི། ཡུལ་རྣམ་དག་པདྨའི་ཚལ་བྱ་བ་ན། ལྷ་མོ་པན་ཏ་ཤན་མ་ཞེས་བྱ་བ་དང་། ལྷའི་བུ་གཞོན་ནུ་སྲེད་བྱེད་ཅེས་བྱ་བ་འདུག་པ་མཐོང་ངོ་། །དེར་མར་མེ་གཅིག་ལ་བལྟས་པས། ཡུལ་མེ་ལོང་གཡའ་དག་གསལ་བྱ་བ་ན། རྒྱལ་པོ་གཟུགས་ཅན་སྙིང་པོ་པདྨའི་སྤྱན་བྱ་བ་ལ། རྒྱལ་པོ་སྡེ་བཞི་འཁོར་དང་བཅས་པས་བསྐོར་ཏེ། གྲོང་དང་གྲོང་མི་ཕྱེད་པར་འཁོར་གྱིས་ཚིག་རྒྱུད་མི་འཆད་པར་བྱེད་པ་མཐོང་སྐད་དོ། །མར་མེ་གཅིག་ལ་བལྟས་པས། སྔ་ཕྱི་དུས་གཅིག་དྲན་ཏེ། ས་རྣམས་དུས་གཅིག་ཏུ་མཐོང་སྐད། གཅིག་ལ་བལྟས་པས། ཤེལ་གྱི་ཁྱེའུ་མར་མེ་ཅན་ལ་ཁོ་རང་གིས་མ་ཚོར་མ་མཐོང་བར། རིན་པོ་ཆེའི་ཁང་པ་ན། རིན་པོ་ཆེའི་ཁྱེའུ་ལྔ། རྟག་ཏུ་ཞབས་ཏོག་བྱེད་པ་དང་མ་འབྲལ་བར་མཐོང་སྐད་དོ། །ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། ངོ་སྤྲོད་བཞིའི་དགོངས་པ་བརྡར་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། སྔོན་རི་རབ་ཀྱི་རྩེ་མོ། རྒྱ་མཚོ་ཉི་མའི་སྤྱན་བྱ་བ་ན། ཀླུའི་རྒྱལ་པོ་ནོར་བུ་འོད་ལྡན་བྱ་བ་ཡོད་སྐད། ཁོ་སྐྱོ་ནས་རི་རབ་ཀྱི་རྩེ་མོ་ནས། ཡར་མར་བལྟས་པས། རྣམ་དག་པདྨའི་ཚལ་བྱ་བ་ན། རིན་པོ་ཆེ་ཁངཔ་ཉི་ཟླས་བརྒྱན་པ་བྱ་བ་མཐོང་སྐད། དེར་བྱོན་པས། སྔར་གྱི་གནས་པས་ཉམས་དགའ་ནས། བལྟས་པས། རླུད་ཅན་གྱི་གྲོང་ཁྱེར་ན། བློན་པོ་རྐུན་བྱེད་བྱ་བ་འདུག་པ་མཐོང་སྐད་དོ། །དེར་བྱོན་དེ་བློན་པོས་བསྐོས་པ་ཁས་བླངས་སྐད། རྒྱལ་བློན་གནས་པར་ཁས་བླངས་སྐད། དེ་ནས་བློན་པོ་རྐུན་བྱེད་ཀྱིས། རྒྱལ་པོའི་སྤྱན་སྔ་ན་གྲོས་དང་བློ་བྱས་ནས། མུར་བྱེད་ཀྱི་རྟ་ལ་ཞོན་ནས། འགྱུར་བྱེད་ཀྱི་འཕྲང་ལ་ཕྱིན། རྩོད་པའི་སྒོ་གསུམ་དུ་བྱོན་ནས། རིན་པོ་ཆེ་སྣ་ལྔ་བཙལ། རྒྱལ་པོ་ལ་ཕུལ་བསམཉེས པ་དང་ཚིམ་པ་བྱུང་ནས། བློན་པོ་ཡི་མུག་རྒྱལ་པོས་ལེ་ལོ་ཤོར་བས། རྒྱལ་པོ་ཐུགས་ནོན་པའི་བློན་པོ་ལ་ཆབ་བསྩལ། རྒྱལ་བློན་བྲལ་བས་མཆོད་པ་མ་ཆག་ཀྱང་། འཐབ་ཟླ་མེད་པས་ཤིན་ཏུ་བདེ་སྟེ། རྒྱལ་པོ་ཡུལ་རིམ་པར་ཕྱུང་ནས། རྣམ་དག་པདྨའི་ཚལ ན་བཞུགས་སྐད་དོ། །ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། སེམས་དང་ཡེ་ཤེས་ཀྱི་བརྡའ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་སྟོན་པས་བཀའ་སྩལ་པ། སྔོན་ཡུལ་སྨེ་ཤའི་གྲོང་ཁྱེར་རྩུབ་འགྱུར་གྱི་ཚལ་ན། རི་རབཀྱི་ཁོང་སེང་རིན་པོ་ཆེའི་གཞལ་མེད་ཁང་ན། རྒྱལ་པོ་ཀུན་སྣང་བྱ་བ་ཡོད་པས། ཕོ་བྲང་གི་སྒོ་བཅད་དེ་གདན་ལ་བཞུགས་པས། སྒོ་བཅད་པའི་སྟོབས་ཀྱིས་བློན་པོ་བཙོན་དུ་ཟིན་སྐད། དམངས་བྱ་བྱེད་ཅན་ཆམ་ལ་ཕེབས་སྐད། ཕྱིས་ཀྱང་བློན་པོ་ཟིན་སྐད། དམངས་ཆབ་ལ་བསྩལ་ནས་གཅིག་པུར་བཞུགས་ཀྱང་སྐྱོ་བ་མེད་སྐད་དོ། །ཐིགལེ་གསང་བའི་བརྡའ་རྒྱུད་ལས། ཉམས་སུ་བླང་བའི་བརྡའ་སྟེ་ལེའུསྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་སྟོན་པས་བཀའ་སྩལ་པ། སྔོན་རི་རབ་ཀྱི་ཁོང་སེང་ན། ཉི་ཟླ་མཛེས་པའི་སྒོ་ཁངབྱ་བ་གཅིག་ཡོད་སྐད་དོ། །དེ་འཕེན་པར་བྱེད་པའི་རླུད་གིས་བཏེག་ནས་འགྲོ་སྐད། དེ་ཡི་ནང་ན་སྒོམ་ཆེན་ཀུན་ཏུ་མི་གཡོ་བ་གཅིགབཞུགས་སྐད་དོ། །ཇི་ཙམ་དུ་འདུ་འཛི་དང་གཡེངས་བ་བྱུང་ཡང་། ཁོ་དགོསཔ་ལས་བཀུགས་ཀྱང་མི་འགྲོ་བར་གནས་སྐད། ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། དགོངས་པ་ལ་ཡེངས་མ་ཡེངས་མེདཔར་བསྟན་པའི་བརྡའི་ལེའུསྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་བཀའ་སྩལ་པ། སྔོན་རིན་པོ་ཆེ་ལས་བྱས་པའི་ཁང་པ་གཅིག་ན། ཁྱེའུ་ནམ་མཁའི་སྙིང་པོ་བྱ་བ་འདུག་པས། ཁང་པའི་མཐོངས་ན། སྒོ་ནས་ཁོ་ཡི་བྱད་ཀྱི་མདངས་ཤར་ནས། ཁོ་ལ་ཁང་པ་ཡོད་མེད་མེད་པར་འདུག་པ་ལ།ཁང་པ་ཞིག་པས་ཀྱང་གར་ཡང་མ་བྲོས་པར་རང་ས་དེ་ན་འདུག་སྐད་དོ། །ཐེག་ལེ་གསང་བའི་བརྡའ་རྒྱུད་ལས། ཆོས་སྐུ་ཟངས་ཐལ་གྱི་བརྡའི་ལེའུ་སྟེ་བཅུ་གསུམ་པའོ།། །།སྟོན་པས་བཀའ་སྩལ་པ། སྔོན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས། གྱིར་ལིང་འཕྲུལ་གྱི་རྟ་ལ། གསེར་གྱི་སྒྲོ་གཅིག་བཙུད་ནས། ཚར་གྱིས་འགྲོ་མ་ཤེས་པར་འདུག་སྐད། ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། ཨ་ནུ་མན་ཆད་བཟང་རྟོག་གིས་འཆིང་བར་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། སྔོན་ཁྱེའུ་ཀུན་ཏུ་གསལ་གྱིས། རང་གི་བྱད་ཀྱིས་སྣང་བ་མ་ཤེས་པས། །གྱེར་ལིང་འཕྲུལ་གྱི་རྟ་ཕོ་དེ། སྦྲུལ་དང་རྔ་མོང་གིས་གདངས་པས། རང་གི་བྱད་ཀྱི་རྣམ་པར་ཤེས་པས། དགྲོལ་མི་དགོས་པ་རང་གྲོལ་དུ་སོང་སྐད། ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། རྫོགས་ཆེན་རང་གྲོལ་དུ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། སྔོན་ཡུལ་ཡངས་པ་ཆེན་པོ། པཟློ་བདེ་རྩལ་གྱི་གྲོང་ཁྱེར་ན། རྒྱལ་པོ་ནོར་བུ་འོད་ལྡན་བྱ་བ་ནོར་བུ་རིན་པོ་ཆེའི་ཟ་མ་ཏོག་ཡོད་སྐད། དེ་ཡི་ནང་ན་རིན་པོ་ཆེ་ཕྲ་མོ་བསམ་གྱིས་མི་ཁྱབ་པ་གཅིག་ཡོད་སྐད། དེ་ནས་རྒྱལ་པོ་ཞབས་འཆག་ཏུ་བྱོན་པས། རྒན་མོ་ལིང་ཐོག་བྱ་བ་དང་ཕྲད་ནས་སྨྲས་པ། དེ་ཡི་བར་དུ་རྐུན་མོ་མི་ལྔས་ཟ་མ་ཏོག་ཁྱེར་ཏེ། སྨེ་ཤའི་གྲོང་ཁྱེར་དྲུག་ཏུ་མུན་པའི་མི་དྲུག་གིས། ནོར་བུ་ལ་བཀུར་སྟི་ལ་སོགས་བྱས་པས། ནོར་བུ་ལས་དགོས་འདོད་མ་བྱུང་སྐད། མུན་པའི་མི་དྲུག་ཀྱང་ཡིད་བྱུང་སྐད། ཕྱིས་ཁྱེའུ་སྣང་བ་དམ་པ་བསམ་གྱིས་མི་ཁྱབ་པ་བྱ་བའི་སྡམ་པོ་མི་གཅིག་བྱུང་སྐད།རྒན་མོ་མུ་ལྷོ་མར་རིག །སྔོན་ཇི་ལྟར་བརྐུས་པའི་ལོ་རྒྱུས་བརྗོད་པས། རྒྱལ་པོ་ཐུགས་ནུར་སྐད་ནས་རྒན་མོ་ལ་ཆབ་བསྩལ། རྐུན་མོ་བྲན་དུ་བཅད། མུན་པའི་མི་དྲུག་ཀྱང་བསད། སྨེ་ཤའི་གྲོང་ཁྱེར་དྲུག་བཅོམ།རྒྱལ་པོ་དང་ནོར་བུ་ཟ་མ་ཏོག་ཀྱང་ཕྲད་སྐད། ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། འཁྲུལ་ལུགས་དང་གྲོལ་ལུགས་བརྡའ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་སྟོན་པས་བཀའ་སྩལ་པ། སྔོན་གྱི་ཤེལ་གྱི་ཁང་བུ་དྲི་མེད་ཟང་ཐལ་གྱི་ནང་ན། རྒྱལ་བུ་ཀུན་ཏུ་གཟིགས་བྱ་བ་གནས་པ་ལ། རིན་པོ་ཆེའི་བུམ་པ་ནི་མར་མེའི་སྙིང་པོ་ལྔ་ཡང་། ཁོས་གཅིག་ཏུ་མ་མཐོང་བར་གཅིག་པུར་གནས་སོ། །སྐད་དོ། །ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། མྱ་ངན་ལས་འདས་པའི་དགོངས་པ་བརྡའ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་སྟོན་པས་བཀའ་སྩལ་པ། སྔོན་ནམ་མཁའ་སྟོང་པའི་ངང་ལས། མར་མེ་སྟོང་ཤར་བས། འོད་འདྲེས་ནས་སྙིང་པོ་མ་འདྲེས་པར་སོ་སོར་གསལ་ཏེ། མར་མེ་ལ་རང་འོད་ལས་གཞན་མེད་སྐད་དོ། །ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། རང་སྣང་ལས་གཞན་སྣང་མེད་པར་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱུད་ཡོངས་སུ་གཏད་པ་འདི་གསུངས་སོ། །ཨེ་མ་ཧོ་གསང་བའི་བརྡའ་རྒྱུད་འདི། ཀུན་གྱི་ཐུན་མོང་མ་ཡིན་པས། །ཀུན་ཏུ་མི་སྒྲིབ་རང་གསལ་པས།རིན་ཆེན་གཏེར་འདི་རྟག་ཏུ་ཆོངས། ཞེས་གསུངས་སོ། །ཐིག་ལེ་གསང་བའི་བརྡའ་རྒྱུད་ལས། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་བཅུ་དགུ་པའོ།། །།ཐིག་ལེ་གསང་བའི་བརྡའ་རྒྱུད་ཅེས་བྱ་བ་རྫོགས་སོ།། །། རྒྱ་གར་སྐད་དུ། ཀྭ་ཡ་ཏྲི་ཨུ་ལོ་ཀ་ཏན་ཏྲ་ནཱ་མ། བོད་སྐད་དུ། སྐུ་གསུམ་གྱི་སྣང་བ་གསལ་བར་ངོ་སྤྲོད་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་སྣང་བ་སྟོན་པའི་དཔལ་ལ་