Ngb-pt-0401-vol-05-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

པའོ།། །།དེ་ནས་ཡང་བཀའ་སྩལ་པ། རྒྱུད་འདི་ནི་རྒྱུད་སྔ་མའི་ཁ་སྐོང་བ་ཞེས་བྱ་བ་ཡིན་པས། རྡོ་རྗེ་སེམས་དཔས་གཅེས་སྤྲས་ཀྱིས་གཟུང་ཞིག་བཅང་བར་བྱའོ། །ཞེས་བཀའ་སྩལ་ཏེ་ཆོས་ཉིད་ཀྱི་ངང་དུ་གྱུར་ཏོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཕྱི་མའི་ཕྱི་མ་ལས་ལེའུ་སྟེ་བཞི་པའོ།། །།མཐར་ཐུག་པའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །། རྒྱ་གར་སྐད་དུ། སན་ཏི་མ་ཧྭ་ས་མརྙ་བྷ་དྲ་བི་ཏ་གུ་རྒྱ་ནཱ་མ་ཏནྟྲ། བོད་སྐད་དུ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པ་ཕྱི་མ་གསང་བའི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ནས་དཔལ་ཀུན་ཏུ་བཟང་པོས་ཡང་བཀའ་སྩལ་པ། ཉོན་ཅིག་དཔལ་རྡོ་རྗེ་སེམས་དཔའ། སྟོང་གསལ་རིག་པ་ཆོས་སྐུར་རྟོགས་པར་འདོད་ན། དང་པོ་སེམས་འཛིན་བྱས་ལ། དེ་ནས་ལམ་དུ་བླང་བ་ནི། སྒོམ་ཡོད་ཐབས་ལ་བརྟེན་པ་ཞེས་བྱའོ། །སྒོམ་མེད་ཤེས་རབ་ལ་བརྟེན་པ་ནི། དེ་ནས་ཐམས་ཅད་རིག་པ་སྟོང་གསལ་དུ་ཤེས་པའོ། །དེ་གཉིས་དབྱེར་མེད་ཅེས་བྱ་བ་སྟེ། དེ་ལྟ་བུ་ཡི་མ་བྲལ་བར་ཤེས་པར་བྱའོ། །ཞེས་བཀའ་སྩལ་ཏོ། །རྒྱུད་ཕྱི་མ་ལས་ལེའུ་སྟེ་དང་པོའོ།། །།དེ་ནས་གཞན་ཡང་བཀའ་སྩལ་པ། སྣང་སྲིད་འདི་ངེས་པ་མེད་པའི་ཕྱིར་ན་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། སྣང་བ་ངེས་པ་མེད་པ་ནི། དཔེར་ན་ཆུ་ཉས་ཁང་ཁྱིམ་དུ་མཐོང་། ཡི་དྭགས་ཀྱིས་རྣག་ཁྲག་ཏུ་མཐོང་། མིས་ཆུ་རུ་མཐོང་སྟེ། དེས་ན་ངེས་པ་མེད་དོ། །དེས་ན་སྣང་བ་འདི་རང་གི་སེམས་ཀྱི་འཁྲུལ་སྣང་ངོ་། །སེམས་རང་བྱུང་ཡེ་ཤེས་སྟོང་གསལ་དུ་སྣང་བའོ། །ཞེས་གསུངས་སོ། །རྒྱུད་ཕྱི་མ་ལས་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་བཀའ་སྩལ་པ། སྣང་བ་ཡེ་ནས་མེད་རང་བཞིན་དུ་སྣང་བ་ཡིན་ཏེ། མིན་པ་ལ་ཡིན་པར་གཟུང་བས་འཁྲུལ་ཏེ། ང་བདག་ཏུ་གཟུང་ནས་དེ་ལས་ཉོན་མོངས་པ་འབྱུང་སྟེ། དེས་འཁོར་བར་འ་ས་པ་ཡིན་ཏེ། རིག་པ་སྟོང་གསལ་རྟོགས་པས། ནང་ཉམས་ཕྱིར་ཤར་བས་སྣང་བ་ལ་འཁྲུལ་སྣང་དུ་མཐོང་བའོ། །ན་བུན་ལྟ་བུར་བུན་ནེ་ལང་ངེ་མཐོང་ཙམ་ན། ཉོན་མོངས་པ་ལས་ལོག་ནས། ཤིན་ཏུ་ཆོས་ཉིད་དམ་པར་འགྱུར་ཏེ། རྣལ་འབྱོར་གྱི་དབང་ཕྱུག་དམ་པའོ། །ཞེས་གསུངས་སོ། །རྒྱུད་ཕྱི་མ་ལས་ལེའུ་སྟེ་གསུམ་པའོ།། །།དེ་ནས་དཔལ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། དེ་ལྟར་རྡོ་རྗེ་སེམས་དཔས་དེ་ཡི་དོན་རྣམས་སུ་བླང་ཞིང་། བླ་མེད་ཡེ་ཤེས་གསལ་བའི་རྒྱུད་འདི་གཟུང་བར་བྱའོ། །ཞེས་བཀའ་སྩལ་པས་འཁོར་རྣམས་ཐམས་ཅད་ཡི་རང་བར་གྱུར་ཏོ། །ཞེས་གསུངས་སོ། །རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཕྱི་མ་ལས་ལེའུ་སྟེ་བཞི་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་གུ་རུ་ཤི་སིདྷ་དང་། ལོསྣྲོ་བ་རྡོ་རྗེ་ཡང་དབང་གཏེར་གྱིས་བསྒྱུརབའོ།། །།