volume 020 471

From Rangjung Yeshe Wiki Texts
Jump to navigation Jump to search


« ༄༅། །དེ་ལྟར་ཐུན་མོང་གི་སྔོན་འགྲོ་བཞིས་སེམས་རྒྱུད་ལས་རུང་དུ་བྱས་ལ་རིགས་ཀྱི་ཡོན་ཏན་བཤད་པས་སྤྲོ་བ་བསྐྱེད་ནས། དེ་དག་གི་དོན་ཚུལ་བཞིན་དུ་སྟོན་པར་བྱེད་པ། ལྔ་པ་དགེ་བའི་བཤེས་གཉེན་གྱི་ལེའུ་ལ་དྲུག་སྟེ། མ་ནོར་ལམ་སྟོན་ཡོངས་འཛིན་དུ་བསྟན་པ། ངེས་ལེགས་ཀུན་གྱི་འབྱུང་གནས་སུ་བསྟན་པ། དམ་པ་བསྟེན་ཞིང་ངན་པ་སྤང་བར་གདམས་པ། སྤང་བྱ་སྲོགས་དང་བཅས་པ་སྤང་པ། སྤང་བླང་ཤེས་ནས་དངོས་གྲུབ་བླང་ཚུལ། སྐབས་ཀྱི་དགེ་བ་བསྔོ་བའོ། །སྤྱི་དོན་དང་པོ་མ་ནོར་ལམ་སྟོན་ཡོངས་འཛིན་དུ་བསྟན་པ་ནི།» ད་ནི་དེ་དག་སྟོན་པར་བྱེད་པའི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ལ་སོགས་པ་བཤད་པར་བྱ་སྟེ། སྔར་བཤད་མ་ཐག་པའི་ཚུལ། དེ་ལྟར་ལས་འབྲས་མ་ནོར་ལེགས་པའི་ལམ། །དམ་པ་རྣམས་ལ་ཉེ་བར་བརྟེན་ལས་འབྱུང༌། །འདི་ལྟར་ཆོས་དང་ཆོས་མ་ཡིན་པ་དང༌། དགེ་བ་དང་མི་དགེ་བ་ལེགས་པར་ཤེས་པ་ནི། དགེ་བའི་བཤེས་གཉེན་བསྟེན་པ་ལས་འབྱུང་སྟེ། འཕགས་པ་སྡོང་པོ་བཀོད་པའི་མདོ་ལས། ཀྱེ་རིགས་ཀྱི་བུ། ཁྱོད་ཀྱིས་དགེ་བའི་བཤེས་གཉེན་མཉེས་པར་གྱིས་ཤིག་དང༌། དེས་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པའི་ཚོགས་ཡོངས་སུ་ཤེས་པས། འཁོར་བ་ན་རྒྱུ་བ་རྣམས་ཡོངས་སུ་སེལ་ཏོ་ཞེས་སོ། ། «སྤྱི་དོན་གཉིས་པ་ངེས་ལེགས་ཀུན་གྱི་འབྱུང་གནས་སུ་བསྟན་པ་ནི། »འདི་ལྟར། དུས་གསུམ་རྒྱལ་བ་སྲས་བཅས་ཉན་རང་ཚོགས། །བྱང་ཆུབ་གསུམ་བརྙེས་དགེ་བའི་བཤེས་ལས་བྱུང༌། །སྲིད་ན་མངོན་མཐོ་བདེ་བའི་ཤས་ཐོབ་པ། །དེ་ཡང་དམ་པ་དག་ལ་བརྟེན་ནས་འབྱུང༌། །དེ་ཕྱིར་སྐྱེ་བོ་དམ་པ་བསྟེན་པར་བྱ། །ཇི་སྐད་དུ། བྱམས་པས་ཞུས་པའི་མདོ་ལས། གང་ཉན་ཐོས་དང༌། རང་སངས་རྒྱས་དང༌། བླ་ན་མེད་པའི་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བ་དང༌། ཡེ་ཤེས་མཐོང་བའི་ཕུང་པོ་ཇི་སྙེད་པ་དེ་ཐམས་ཅད་ཀྱང་དགེ་བའི་བཤེས་གཉེན་ཡོངས་སུ་བསྟེན་པ་ལས་བྱུང་བར་རིག་པར་བྱའོ། །བྱམས་པ། གཞན་ཡང་སེམས་ཅན་རྣམས་ཀྱི་ཕན་པ་དང་བདེ་བའི་ཤས་ཇི་སྙེད་པ་དེ་ཐམས་ཅད་ཀྱང་རང་གི་དགེ་བའི་རྩ་བ་ལས་བྱུང་སྟེ། དེ་ཡང་དགེ་བའི་བཤེས་གཉེན་ལས་བྱུང་བར་རིག་པར་བྱའོ་ཞེས་སོ། ། « སྤྱི་དོན་གསུམ་པ་དམ་པ་བསྟེན་ཞིང་ངན་པ་སྤང་བར་གདམས་པ་ལ་མདོར་བསྟན་དང་རྒྱས་བཤད་གཉིས་ཀྱི། དང་པོ་མདོར་བསྟན་པ་ནི།» ད་ནི་སྐྱེ་བོ་དམ་པ་བསྟེན་ཅིང༌། ངན་པ་སྤང་བར་གདམས་པ། ཇི་ལྟར་ཙནྡན་ཤིང་ལ་འཁྲི་ཤིང་དང༌། །མི་གཙང་འདམ་དུ་བརྟེན་པའི་ཀུ་ཤ་ ལྟར། །དམ་པ་བསྟེན་པས་རང་ཉིད་དམ་པར་འགྱུར། །ངན་པ་བསྟེན་པས་རང་ཉིད་ངན་པར་འགྱུར། །དེ་ཕྱིར་སྐྱེ་བོ་དམ་པ་བསྟེན་པ་དང༌། །སྡིག་པའི་བཤེས་གཉེན་སྤང་ལ་ནན་ཏན་བྱ། །འདི་ལྟར་ཙནྡན་གྱི་ཤིང་ལ་བརྟེན་པའི་འཁྲི་ཤིང་ནི་དེ་བས་ཀྱང་མཐོ་ཞིང༌། བསུང་ཞིམ་ལ། ཉ་རུལ་ལྟ་བུའི་མི་གཙང་བས་གོས་ན་གཙང་མའི་ཀུ་ཤའང་བཙོག་པ་ལྟར། དམ་པ་དང་དམ་པ་མ་ཡིན་པ་བསྟེན་པའི་ཕན་ཡོན་དང་ཉེས་དམིགས་མཐོང་ནས། དམ་པ་ལ་བརྟེན་པར་གདམས་པ་ནི། འདུལ་བ་ལུང་ལས། སཱ་ལའི་ཤིང་ལ་འཁྲི་ཤིང་བཞིན། །དམ་པ་རྣམས་ལ་བརྟེན་གྱུར་པ། །བཟང་པོའི་དཔལ་གྱིས་འཁྱུད་པར་བྱེད། །ཅེས་པ་དང༌། མི་ཡི་མདུན་ན་ཀུ་ཤ་ལ། །ཉ་རུལ་གྱིས་ནི་དཀྲིས་གྱུར་ན། །དེ་ནི་རིང་པོར་མི་ཐོགས་པར། །ཀུ་ཤ་ཉིད་ཀྱང་དེ་འདྲར་འགྱུར། །དེ་ཕྱིར་དམ་པ་མ་ཡིན་ལ། །བརྟེན་པར་གྱུར་པའང་དེ་བཞིན་ནོ། །ཞེས་སོ། ། «རྒྱས་པར་བཤད་པ་ལ་གསུམ་སྟེ། བསྟེན་བྱའི་མཚན་ཉིད། ཇི་ལྟར་བསྟེན་ཚུལ། རྗེས་སུ་འཛིན་བྱ་སློབ་མའི་མཚན་ཉིད་དོ། །དང་པོ་བསྟེན་བྱའི་མཚན་ཉིད་ལ་བརྒྱད་ལས། བཤེས་གཉེན་སྤྱིའི་མཚན་ཉིད་ནི།» རེ་ཞིག་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ལས། དང་པོར་སྤྱིའི་ཚུལ་ལམ། ཕྱི་ཕ་རོལ་ཏུ་ཕྱིན་པའི་ལུགས་ལྟར་ན། དམ་པ་དེ་ཡང་ཆོས་ཚུལ་དུ་ཞེ་ན། འཇིག་རྟེན་འདྲེན་ཕྱིར་ཀུན་དང་ཆ་མཐུན་ལ། །འཇིག་རྟེན་འདས་ཕྱིར་ཀུན་དང་ཆ་མི་མཐུན། །སྒོ་གསུམ་སྤྱོད་པ་ཀུན་ལས་ཁྱད་པར་འཕགས། །དེ་ལྟ་བུའང༌། སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་དེ་ཡང་གང་ཞེ་ན། སྐྱེ་དགུ་རྣམས་ཡོངས་སུ་འདྲེན་པའི་ཕྱིར་མཐོང་ན་མི་མཐུན་པ་མེད་པའོ། །འཇིག་རྟེན་ལས་འདས་པའི་ཕྱིར་ཀུན་དང་ཐུན་མོང་དུ་མ་གྱུར་པའོ། །དེ་རྣམ་པ་ཐམས་ཅད་དུ་རྩོམ་པ་དོན་ཡོད་པས་ཕན་པ་དཔག་ཏུ་མེད་པ་བསྒྲུབ་པའོ་ཞེས་སོ། ། «དེ་དག་གི་ཡོན་ཏན་ནི།» ཡོན་ཏན་ཇི་ལྟ་བུ་ཞེ་ན། ཞི་སྐུ་ཀུན་སྤྱོད་གཙང་ཞིང་སྐྱོན་མེད་ལ། །ཐེ་ཚོམ་གཅོད་མཁས་གསུང་སྙན་དྲི་མ་མེད། །ཐུགས་ནི་རབ་ཞི་ཀུན་མཁྱེན་ཡེ་ཤེས་མཛོད། །ཡོན་ཏན་མཐའ་ཡས་ཐོས་དང་སྙིང་རྗེ་ཆེ། །ཤེས་རབ་རྒྱ་ཆེ་དགོངས་སྤྱོད་ནམ་མཁའ་འདྲ། །འཕྲིན་ལས་ཚད་མེད་འབྲེལ་ཚད་དོན་དང་ལྡན། །བྱམས་ལྡན་སྐྱོ་ངལ་སྤངས་ཤིང་རྟག་ཏུ་བརྩོན། །འགྲོ་བའི་ཁ་ལོ་གྱེན་དུ་བསྒྱུར་ལ་བརྟེན། །དེ་ཡང་སྐུ་གསུང་ཐུགས་ཀྱི་ཡོན་ཏན་མང་པོས་སེམས་ཅན་ལ་ཕན་ཞིང༌། ཤེས་རབ་དང་དགོངས་པ་ནམ་མཁའ་ལྟར་ཟབ་པ། འཕྲིན་ལས་ཀྱི་རྩོམ་པས་འབྲེལ་ཚད་ཐར་པའི་ས་བོན་འདེབས་ཤིང༌། སྙིང་རྗེས་རྟག་ཏུ་བུ་གཅིག་པ་ལྟར་གཟིགས་ཤིང་ལུང་གི་ཡོན་ཏན་གྱིས་ཕྱུག་པས་ཐེག་པ་གང་ལ་གང་མོས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་སྟེ། མདོ་སྡེའི་རྒྱན་ལས། བཤེས་གཉེན་དུལ་བ་ཞི་ཞིང་ཉེར་ཞི་བ། །ཡོན་ཏན་བརྩོན་བཅས་ལྷག་པར་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན། ། བརྩེ་བའི་བདག་ཉིད་སྐྱོ་ངལ་སྤངས་ལ་བརྟེན། །ཞེས་སོ། ཁྱད་པར་གྱི་མཚན་ཉིད་ནི། ཡོན་ཏན་དེ་དག་དང་ལྡན་པའི་སྟེང་དུ། གཞན་དག་དང་ལྡན་པ་ནང་གསང་སྔགས་ཀྱི་བླ་མ་ཡང༌། ཁྱད་པར་གསང་སྔགས་བླ་མའི་མཚན་ཉིད་ནི། དབང་དང་སྡོམ་པ་དམ་ཚིག་གཙང་ལྡན་ཞིང༌། །རྒྱུད་དོན་མན་ངག་རྒྱ་མཚོའི་ཕ་རོལ་ཕྱིན། །བསྙེན་སྒྲུབ་ལས་སྦྱོར་འཕྲིན་ལས་མངའ་བརྙེས་ཤིང༌། །ལྟ་སྒོམ་སྤྱོད་འབྲས་ཉམས་རྟོགས་དྲོད་ཚད་ཐོབ། །བརྩེ་ཆེན་ཐབས་མཁས་གདུལ་བྱ་སྨིན་གྲོལ་འགོད། །བརྒྱུད་པའི་བྱིན་རླབས་སྤྲིན་ཕུང་མ་ཡལ་པ། ། དེ་འདྲའི་མཁས་གྲུབ་དཔལ་ལྡན་བླ་མ་བསྟེན། །ཞེས་བྱ་བ་སྟེ། སློབ་དཔོན་ཆེན་པོ་བི་མ་ལས་མཛད་པའི་སྒྱུ་འཕྲུལ་དྲ་བ་མེ་ལོང་ལྟ་བུའི་འགྲེལ་པར། བླ་མ་དེ་ཡང་དཀྱིལ་འཁོར་ཕྱི་ནང་གི་དབང་རྫོགས་པར་ཐོབ་པ། སྡོམ་པ་དང་དམ་ཚིག་དག་པ། རྒྱུད་སྡེ་སོ་སོའི་དོན་ལ་མཁས་པ། བསྙེན་སྒྲུབ་ལས་སྦྱོར་དང་བཅས་པའི་དོན་ལ་སྦྱངས་པ། རྟོགས་པ་ལྟ་བས་མ་རྨོངས་པ། ཉམས་མྱོང་སྒོམ་པ་ལ་འདྲིས་པ། སྣ་ཚོགས་སྤྱོད་པ་དང་འབྲེལ་པ། སྙིང་རྗེས་གདུལ་བྱ་འདྲེན་པ་སྟེ། བརྒྱད་དང་ལྡན་པའོ་ཞེས་གསུངས་ལ། བདག་གི་བླ་མ་ནི། དེའི་སྟེང་དུ་བརྒྱུད་པ་ལ་སེལ་མེད་ཅིང་བྱིན་རླབས་ཀྱི་ན་བུན་ཐུལ་ལེ་བ་ཞིག་དང༌། དགུ་ལྡན་དགོས་གསུང་ངོ༌། ། «དཔེའི་སྒོ་ནས་བསྔགས་པ་ནི།» དེ་ལྟ་བུས་བླ་མ་ལ་ཡོན་ཏན་ཅི་མངའ་ཞེ་ན། བཤད་པ། གང་གི་ཡོན་ཏན་ཤིན་ཏུ་མཐའ་ཡས་ཏེ། །འགྲོ་བའི་གཉེན་གྱུར་ཕྱོགས་ཙམ་རབ་བསྔགས་ན། །སྲིད་མཚོ་སྒྲོལ་བས་གྲུ་ཆེན་གཉེན་པ་སྟེ། །ལམ་ཞུགས་རྣམས་ཀྱི་དེད་དཔོན་བླ་ན་མེད། །རྒུད་པ་སེལ་བས་ཡིད་བཞིན་ནོར་བུ་སྟེ། །ལས་དང་ཉོན་མོངས་མེ་འཇིལ་བདུད་རྩིའི་ཆུ། །ཆོས་ཆར་བསིལ་བས་ཆར་སྤྲིན་བཟང་པོ་སྟེ། །འགྲོ་ཀུན་དགའ་བསྐྱེད་ལྷ་ཡི་རྔ་བོ་ཆེ། །དུག་གསུམ་ནད་སེལ་སྨན་པའི་རྒྱལ་པོ་སྟེ། །མ་རིག་མུན་སེལ་སྒྲོན་མ་འོད་པོ་ཆེ། །སྐྱེ་དགུའི་བདེ་འབྱུང་དཔག་བསམ་ཤིང་ཆེན་ཏེ། །འདོད་དགུ་ལྷུན་གྲུབ་རིན་ཆེན་བུམ་པ་བཟང༌། །བྱམས་ཆེན་ཉི་མ་འོད་ཟེར་དཔག་མེད་དེ། །གདུང་སེལ་ཟླ་བ་ཕན་བདེའི་དཀར་ཅན། །ཞེས་བྱ་བ་ཡིན་ནོ། །ཇི་སྐད་དུ། སྡོང་པོ་བཀོད་པ་ལས། ཀྱེ་རིགས་ཀྱི་བུ། གཞན་ཡང་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་ཕྱིར་གྲུ་བོ་ཆེ་ལྟ་བུའོ། །ཐར་པའི་ལམ་དུ་ཞུགས་པ་རྣམས་ཀྱི་དེད་དཔོན་ལྟ་བུའོ། ། སྲིད་པའི་རྒུད་པ་རྣམས་སེལ་བས་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ་བུའོ། ། ལས་དང་ཉོན་མོངས་པའི་མེ་འཇིལ་བས་ཆུ་བོ་ལྟ་བུའོ། །ཆོས་ཀྱི་ཆར་ཆེན་པོ་འབེབས་པས་སྤྲིན་བཟང་པོ་ལྟ་བུའོ། །འགྲོ་བ་རབ་ཏུ་དགའ་བས་ལྷའི་རྔ་བོ་ཆེ་ལྟ་བུའོ། །ཉོན་མོངས་པའི་ནད་སེལ་བས་སྨན་པའི་རྒྱལ་པོ་ལྟ་བུའོ། །མ་རིག་པའི་མུན་ནག་ཐམས་ཅད་སེལ་བས་སྒྲོན་མ་ལྟ་བུའོ། །འདོད་དགུའི་རེ་བ་རྫོགས་པས་དཔག་བསམ་གྱི་ཤིང་ལྟ་བུའོ། །ཅི་བསམ་པ་ཐམས་ཅད་འགྲུབ་པས་བུམ་པ་བཟང་པོ་ལྟ་བུའོ། །བྱམས་པ་ཚད་མེད་པས་ཉི་མའི་དཀྱིལ་འཁོར་ལྟ་བུའོ། །ཉོན་མོངས་པའི་གདུང་བ་སེལ་བས་ཟླ་བའི་དཀྱིལ་འཁོར་ལྟ་ བུའོ། །ཡོན་ཏན་གྱི་འབྱོར་པ་སྟེར་བས་རྣམ་ཐོས་བུ་ལྟ་བུའོ་ཞེས་སོ། ། «དོན་དང་མཐུན་པར་བསྔགས་པ་ནི། »གཞན་ཡང༌། དགོངས་ཀློང་ཡངས་པས་དྲི་མེད་མཁའ་འདྲ་ལ། །ཏིང་འཛིན་འོད་གསལ་གཟའ་སྐར་ལྷུན་གྲུབ་འདྲ། །མཁྱེན་བརྩེའི་རང་བཞིན་དཔག་མེད་མཚོ་འདྲ་ཞིང༌། །ཐུགས་རྗེའི་རླབས་ཆེན་གཡོ་བས་ཆུ་ཀླུང་འདྲ། །རྣམ་གཡེང་མི་བསྐྱོད་གངས་རིའི་དཔལ་འདྲ་ཞིང༌། ། མཆོག་ཏུ་མི་གཡོ་རི་རྒྱལ་ལྷུན་པོ་འདྲ། །སྲིད་གནས་མི་གོས་འདམ་སྐྱེས་པད་འདྲ་ཞིང༌། །ཀུན་ལ་ཐུགས་སྙོམས་བྱམས་སྡུག་ཕ་མ་འདྲ། །ཡོན་ཏན་མཐའ་ཡས་རིན་ཆེན་གཏེར་འདྲ་ཞིང༌། །འཇིག་རྟེན་འདྲེན་པས་རྒྱལ་བའི་དབང་པོ་འདྲ། །ཇི་སྐད་དུ། ཤིན་ཏུ་རྒྱས་པ་སངས་རྒྱས་ཕལ་པོ་ཆེའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག །འདི་ལྟར་དགེ་བའི་བཤེས་གཉེན་ལས་བྱུང་བའི་ཡོན་ཏན་ནི་ཚད་མེད་དེ། ཐུགས་རྗེའི་གོ་སྐབས་ཡངས་པས་ནམ་མཁའ་ལྟ་བུའོ། ། གཟུངས་དང་ཏིང་ངེ་འཛིན་གྱི་ཚོགས་མང་བས་གཟའ་སྐར་ལྟ་བུའོ། །སྙིང་རྗེ་དཔག་ཏུ་མེད་པས་གང་ཆེན་མཚོ་ལྟ་བུའོ། །ཐུགས་རྗེ་ཚད་མེད་པས་ཆུ་ཀླུང་ལྟ་བུའོ། །རྣམ་པར་གཡེང་བས་མི་བསྒུལ་བས་གངས་ཀྱི་རི་བོ་ལྟ་བུའོ། །དེ་བཞིན་ཉིད་ལས་མི་གཡོ་བས་ལྷུན་པོ་ལྟ་བུའོ། །སྲིད་པ་ན་གནས་ཀྱང་ཉེས་པས་མི་གོས་པས་པདྨ་ཆེན་པོ་ལྟ་བུའོ། །བྱམས་པ་སྒྲིབ་པ་མེད་པར་སྙོམས་པས་ན་ཕ་དང་མ་ལྟ་བུའོ། །ཡོན་ཏན་ཚད་མེད་པས་རིན་པོ་ཆེའི་འབྱུང་ཁུངས་ལྟ་བུའོ། །འཁོར་བ་ན་རྒྱུ་བ་ཐམས་ཅད་རྣམ་པར་སྒྲོལ་བས་དེ་བཞིན་གཤེགས་པ་ལྟ་བུ་སྟེ། དེ་ལྟར་ཡོན་ཏན་གྱི་ཚོགས་ཚད་མེད་དཔག་ཏུ་མེད་དོ་ཞེས་སོ། ། «དོན་བསྡུ་བ་ནི། »གཞན་ཡང་ཡོན་ཏན། དེ་འདྲའི་བླ་མ་དཔལ་ལྡན་ཆོས་ཀྱི་རྗེ། ། གང་ན་བཞུགས་རྣམས་སངས་རྒྱས་ཀུན་དང་མཉམ། །མཐོང་ཐོས་དྲན་རེག་འཁོར་བ་ཕྱིར་བསྙིལ་ཞིང༌། །རླབས་ཆེན་འཕྲིན་ལས་ཁུར་ཆེན་དཔག་ཏུ་ མེད། །ས་ཆེན་འགྲོ་བ་ཀུན་གྱི་རྟེན་བཞིན་ནོ། །འདི་ལྟར་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ནའང་མཐོང་ཐོས་དྲན་པ་ཐམས་ཅད་དགེ་བ་ལ་འགོད་པ་ལྟར། བླ་མ་དེས་ཀྱང་འགོད་པས་འཕྲིན་ལས་ཀྱི་ཚུལ་མཚུངས་པས་ཀྱང་མཉམ་ལ། རྒྱལ་བའི་སྤྲུལ་པ་ཡིན་པས་ཀྱང་མཉམ་པར་བཤད་དེ། རྔ་བོ་ཆེ་མདོ་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། །སྨྲེ་སྔགས་མ་འདོན་ཀུན་དགའ་བོ། །ང་ནི་ཕྱི་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་དང༌། རྡོ་རྗེ་མེ་ལོང་གི་རྒྱུད་ལས། །རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གཙོ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་སོ། ། ས་ལྟར་སྐྱོ་ངལ་མེད་པས་གཞན་གྱི་དོན་བྱེད་ཅིང༌། རང་དོན་དུ་ཞི་བདེ་མཐོང་ཡང་མི་གཉེར་ལ། གཞན་དོན་དུ་དཀའ་བ་ཆེན་པོའང་དང་དུ་ལེན་པར་བྱེད་དེ། སློབ་སྤྲིང་ལས། འདི་ན་སྐྱེས་བུ་གཞན་དོན་བྱེད་པར་བརྩོན་པ་གང་ཡིན་པ། །དེ་འདིའི་བརྗིད་བག་ཡིན་ཏེ་དེ་བདེ་སྐྱེས་བུའི་རྩལ་དེ་འཕགས། །ཉི་མ་རླབས་ཆེན་རྟ་ཞོན་རྒྱུ་བ་སྣང་བྱེད་གང་ཡིན་དང༌། ཁུར་ལ་མི་རྩེག་ས་ཡིས་འཇིག་རྟེན་འདེགས་པ་གང་ཡིན་པ། །རང་དོན་འགའ་མེད་ཆེན་པོ་རྣམས་ཀྱི་རང་བཞིན་དེ་འདྲ་སྟེ། །དེ་དག་འཇིག་རྟེན་ཕན་དང་བདེ་བའི་རོ་ལ་གཅིག་ཏུ་གཞོལ། །འཇིག་རྟེན་མ་རིག་དུད་སྤྲིན་འཁྲིགས་པས་འགྲོ་བ་འཁྲུགས་གྱུར་ པ། །སྡུག་བསྔལ་མེ་རབ་འབར་བའི་ནང་དུ་དབང་མེད་ལྷུང་མཐོང་ནས། ། ཐོད་ལ་མེ་མཆེད་འབར་བ་ལྟར་བུར་ཡིད་བྲེལ་བརྩོན་པ་གང༌། །འདི་ན་དེ་དག་སྐྱེས་བུ་ཡིན་ཏེ་མཁས་པའང་དེ་དག་ཡིན། །གཞན་གྱི་དོན་དུ་མེ་ལྕེས་གང་བའི་མནར་མེད་དམྱལ་བར་ཡང༌། །གངས་དང་ཟླ་འོད་བསིལ་བ་ལྟ་བུར་རབ་ཏུ་དགའ་བཞིན་འཇུག །ཉིད་ཀྱི་དོན་དུ་པདྨ་ཁ་བྱེ་ལྷག་གེར་འདུག་པ་ ཡི། །མཚོ་ཡང་དེ་ལ་མེ་ལྕེའི་ཚོགས་བཞིན་རབ་ཏུ་གདུང་བར་བྱེད། །གཞན་ལ་ཕན་པ་བྱེད་པར་ཆས་པའི་མཁས་པ་རྣམས། །ལོ་མ་རལ་གྲིའི་ཚལ་ནའང་བདེ་བླག་གནས་བྱེད་ཀྱི། །སྐད་ཅིག་ཡུད་ཙམ་ལྷ་ཡི་བུ་མོ་དང་འགྲོགས་ ནས། །དགའ་བའི་ཚལ་གྱི་ནང་དུ་སྐྱིད་པ་བྱེད་མི་འགྱུར། །བརྒལ་བར་གྱུར་པ་སྐྱབས་མེད་སྐྱེ་བོ་བསྒྲལ་བའི་ཕྱིར། །སླར་ཡང་ཆུ་བོ་རབ་མེད་ནང་དུ་འཇུག་བྱེད་ཀྱི། །ལྷ་ཡི་ཆུ་བོ་དབའ་རླབས་ཆིལ་ཆིལ་འདུག་པ་ཡིས། །རེག་པའི་བདེ་བ་བདག་ཉིད་སྟེན་པར་བྱེད་མ་ཡིན། །དེ་ལྟར་རྒྱན་གྱིས་བརྒྱན་གྱུར་ལེགས་སྤྱད་རིན་པོ་ཆེ། །གསལ་བའི་ནང་ན་གསལ་བ་ཞི་བའི་བདུད་རྩི་ཡང༌། དགའ་བའི་དགའ་བ་བྱས་པ་མི་གཟོས་རྙེད་དཀའ་བ། །བཀྲ་ཤིས་རྣམས་ཀྱི་བཀྲ་ཤིས་ཞི་བའི་བདེ་རྒྱུ་སྟེན། །བདེ་བར་གཤེགས་པའི་གསུང་གི་མེ་ཏོག་རྟག་བསྟེན་བྱ། །ལྗོན་ཤིང་མེ་ཏོག་དེ་ལས་འབྲས་བུ་རྒྱ་ཆེན་འབྱུང༌། །བདེ་གཤེགས་མེ་ཏོག་གསུང་ལས་དོན་ཚོགས་བསྟེན་བྱ་སྟེ། །སྦྲང་མ་སྦྲང་རྩི་ལ་མཆོག་དགའ་བར་བྱེད་ལ་ལྟོས། །ཞེས་སོ། ། «སངས་རྒྱས་ལས་ལྷག་པར་བལྟ་བ་ནི།» ཡང༌། དཀོན་མཆོག་བཞི་པ་བླ་མ་སངས་རྒྱས་ཏེ། །དཀྱིལ་འཁོར་དབང་ཕྱུག་ཧེ་རུ་ཀ་དཔལ་ཉིད། །སྙིགས་དུས་འགྲོ་བ་གདུལ་དཀའི་དོན་མཛད་པས། །གདུལ་བྱའི་ངོར་ནི་སངས་རྒྱས་ཀུན་བས་ ལྷག །དངོས་གྲུབ་རྩ་བ་རྡོ་རྗེ་སློབ་དཔོན་ལ། །སྒོ་གསུམ་ཟོལ་མེད་གཙང་མའི་སྤྱི་བོས་བསྟེན། །ཇི་སྐད་དུ། སངས་རྒྱས་མཉམ་སྦྱོར་ལས། སངས་རྒྱས་ཆོས་དང་དགེ་འདུན་དང༌། །བླ་མ་ཡང་ནི་བཞི་པ་ཡིན། །ཞེས་པ་དང༌། གསང་བ་རབ་འབྱམས་ལས། དཀྱིལ་འཁོར་དབང་ཕྱུག་ཧེ་རུ་ཀ །བླ་མ་མཆོག་ཡིན་དངོས་གྲུབ་ཆེ། ཞེས་པ་དང༌། ནམ་མཁའ་དྲི་མ་མེད་པའི་མདོ་ལས། ཀུན་དགའ་བོ། དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་ཐམས་ཅད་ལ་སྣང་བའང་མ་ཡིན་གྱི། དགེ་བའི་བཤེས་གཉེན་ནི་ཡོངས་སུ་སྣང་བས་ཆོས་སྟོན་ཅིང་ཐར་པའི་ས་བོན་འདེབས་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལས་དགེ་བའི་བཤེས་གཉེན་ལྷག་པར་ཡང་ཟུང་ཞིག་ཅེས་པ་དང༌། དོ་ཧ་ལས། དངོས་གྲུབ་ཀུན་གྱི་རྩ་བ་རྡོ་རྗེ་སློབ་དཔོན་ཉིད། །ཅེས་པ་དང༌། ཡིད་བཞིན་བཀོད་པ་ཆེན་པོ་ལས། དེ་ལྟར་དམ་པའི་བླ་མ་ལ། །སྒོ་གསུམ་གུས་དང་འཇིགས་བཅས་པས། །མཆོད་པ་ཀུན་གྱིས་རྟག་མཆོད་ཅིང༌། །དེ་མཉེས་བྱེད་པས་ཡང་དག་བསྟེན། །ཞེས་སོ། ། «དེ་ལྟར་བསྟེན་པའི་ཕན་ཡོན་ནི།» དེ་དག་དང་གཞན་ཡང་ཕན་ཡོན་ཅི་ཡོད་ཅེ་ན། དེ་དག་གིས་ནི་ངན་འགྲོའི་ལམ་འགོག་ཅིང༌། །བདེ་འགྲོའི་སྐས་འཛུགས་འདི་ཕྱིར་ཕན་བདེ་མཛད། །ཡང་དག་དོན་སྟོན་སེམས་རྒྱུད་བྱིན་གྱིས་རློབས། །ཚེ་འདིར་སྨིན་གྲོལ་ལམ་ལ་འགོད་པས་ན། །རྟག་བརྟན་འཕོ་འགྱུར་མེད་པའི་དད་པ་ཡིས། །དུས་རྣམས་ཀུན་དུ་སྐྱོ་ངལ་མེད་པར་བསྟེན། །དེ་ཡང་ངན་འགྲོ་འགོག་བདེ་འགྲོ་སྟོན། སངས་རྒྱས་ཀྱི་སར་འདྲེན་ཅིང་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ལ་གཡོ་ཟོལ་མེད་པས་དུས་རྟག་ཏུ་འགྱུར་ལྡོག་དང་སྐྱོ་ངལ་མེད་པས་བཀུར་སྟི་དང་ཕུ་དུད་དུ་བྱས་ན་ཡོན་ཏན་ཁྱད་པར་ཅན་ཚེ་འདིར་འབྱུང་སྟེ། ཡེ་ཤེས་འཕྲ་རྒྱུད་ལས། ཡོན་ཏན་ཀུན་ལྡན་བླ་མ་ལ། །རྟག་ཏུ་གཡོ་སྒྱུ་མེད་པ་ཡིས། །མཆོད་པ་ཆུང་ངུ་བྱས་གྱུར་ཀྱང༌། །ཚེ་འདིར་ཚེ་རིང་ནད་མེད་ཅིང༌། །ལོངས་སྤྱོད་ཕུན་ཚོགས་ཡིད་དུ་འོང༌། །ཕྱི་མར་ཐར་པའི་བདག་པོར་འགྱུར། །ཞེས་པ་དང༌། མི་ཟད་པའི་གཏེར་མཛོད་མན་ངག་གི་གླུ་ལས། ཨེ་མ་མཁའ་འགྲོ་གསང་བའི་སྐད། །སྣ་ཚོགས་ཆོས་རྣམས་ཐམས་ཅད་དོན་གཅིག་པར། །སྟོན་པར་བྱེད་པ་བླ་མ་དམ་པ་ཉིད་ཡིན་ཏེ། །ངང་པའི་མཆུ་དང་མཚུངས་པའི་རྗེ་བཙུན་མཆོག་དེ་ནི༌། །གུས་པའི་སེམས་ཀྱིས་གཙང་མའི་སྤྱི་བོར་བླང་བར་བྱ། །གཅིག་ཏུ་བསྡུས་པའི་སེམས་ནི་མཚོན་བྱེད་བླ་མ་སྟེ། ། མཚོན་པར་བྱ་བའི་གཞི་ནི་སློབ་མའི་སྙིང་ཉིད་དོ། །དེ་རྟོགས་པ་ཡིས་སྡུག་བསྔལ་ཐམས་ཅད་སྐད་ཅིག་ལ། །འཇོམས་པར་བྱེད་པའི་དཔའ་བོ་དེ་ནི་དྲིན་ཅན་པས། །དོན་ལ་བལྟས་ནས་བྱས་པ་དྲིན་དུ་གཟོ་བྱའི་ཕྱིར། །སྨན་པའི་རྒྱལ་པོ་དེ་ནི་རྟག་ཏུ་གཟུང་བར་བྱ། །འཁོར་བའི་རྒྱ་མཚོར་རབ་ཏུ་ཟབ་ཅིང་རྒྱ་ཆེ་ལས། །སྒྲོལ་བར་བྱེད་པའི་གྲུ་མཆོག་དེ་ནི་གཞན་མེད་དེ། །དམ་པའི་གྲུ་ལ་བརྟེན་ནས་བདེ་ཆེན་རྙེད་གྱུར་པའི། །སྟོབས་ཆེན་མཉེན་པ་དེ་ནི་གཡོ་མེད་ཀུན་གྱིས་བཀུར། །ཡེ་ཤེས་ཉི་མ་ལྟ་བུའི་འོད་ཟེར་དག་པ་ཡིས། །མ་རིག་རིག་པར་བྱེད་པའི་སྐྱེས་བུ་མཆོག་དེ་ནི། །གསེར་འགྱུར་རྩི་ལྟར་ཆོས་རྣམས་ཐམས་ཅད་བདེ་བར་སྒྱུར་མཛད་པ། །ཐབས་ལ་མཁས་པས་འཁོར་ལོས་སྒྱུར་རྒྱལ་རྟག་ཏུ་བསྟེན། །ཆུ་བོ་ལྟ་བུའི་སེམས་ཀྱིས་གཉིས་ལྟ་ཟིལ་གྱིས་ གནོན། །གང་ཡང་མ་སྤངས་གོས་པ་མེད་པའི་ཡེ་ཤེས་ལྡན། །བློ་མ་བཅོས་ཤིང་བློ་ཡི་རྣམ་པར་གནས་གྱུར་པ། །བླ་མ་དམ་པའི་ཞལ་གྱི་བདུད་རྩི་ལས་ནི་བྱུང༌། །སེམས་དང་སེམས་ལས་བྱུང་ཞེས་ཐ་སྙད་པ་རྣམས་ཀྱིས། །བཏགས་པ་འདི་ནི་རྣལ་འབྱོར་པ་ཡི་གྲོགས་རྣམས་སུ། །སྒྱུར་བར་བྱེད་པ་བླ་མ་དམ་པའི་ཞལ་གྱི་པདྨོ་སྟེ། །ཐམས་ཅད་དགེ་བའི་བཤེས་སུ་གྱུར་པ་དེ་ལས་བྱུང༌། །རྒྱུད་རྣམས་ཀུན་དུ་སྦས་ཤིང་ཐ་སྙད་ཀྱིས་དབེན་པ། །སངས་རྒྱས་ཀུན་གྱི་གསང་བ་སུས་ཀྱང་ཤེས་མི་འགྱུར། །མན་ངག་མིག་གིས་མཐོང་ཞིང་དབང་པོའི་རོས་ཁྱབ་པ། །ཞབས་ཀྱི་རྡུལ་ལ་རེག་ན་ཡེ་ཤེས་རིག་པར་འགྱུར། །སྣ་ཚོགས་དངོས་པོའི་ཆོས་ལ་སྟོང་པའི་མདའ་འཕེན་དང༌། །སྟོང་པ་སྣང་བའི་ཐབས་ཀྱིས་མྱོང་བར་སྒྱུར་བྱེད་པ། །ཤེས་རབ་ཤེས་པས་སྣང་བ་གཞལ་བྱར་མཐོང་བ་སྟེ། །ཤེས་རབ་དེ་ནི་བླ་མེད་སློབ་དཔོན་དག་ལས་བྱུང༌། །ཉོན་མོངས་ཐམས་ཅད་ཐབས་ཀྱིས་མཆོག་ཏུ་སྒྱུར་བྱེད་དང༌། །རྟོག་པའི་ཟུག་རྔུ་གང་གིས་བསྒྱུར་བར་མི་ནུས་པ། །འདི་ནི་མན་ངག་སྙིང་པོ་ལས་ནི་ངེས་འབྱུང་སྟེ། །དེ་ཡང་རྗེ་བཙུན་མཐུ་ལས་ངེས་པར་རྙེད་པར་འགྱུར། །དེ་ཕྱིར་བརྒྱུད་པར་ལྡན་པའི་བྱིན་རླབས་གང་ལྡན་པ། །དུས་ཐབས་བསྟེན་པ་མཁས་པས་རྟག་ཏུ་བསྟེན་པར་བྱ། །ཞེས་སོ། ། «གཉིས་པ་ཇི་ལྟར་བསྟེན་པའི་ཚུལ་ལ་གཉིས་ལས། སྟེན་ཚུལ་གྱི་དཔེ་བསྟན་པ་ནི།» དེ་ལྟ་བུའི་བླ་མ་ཚུལ་ཇི་ལྟར་བསྟེན་ཞེ་ན། ཇི་ལྟར་ནད་པས་སྨན་པའི་རྒྱལ་པོ་དང༌། །དམངས་ཀྱིས་རྒྱལ་པོ་འགྲོན་པས་སྐྱེལ་མ་དང༌། །ཚོང་པས་དེད་དཔོན་གྲུ་པས་མཉེན་པ་ལྟར། །ཉོན་མོངས་ཞི་ཕྱིར་ཉེས་ཀུན་གནོད་བྲལ་ཕྱིར། །སྐྱེ་ཤིས་འཇིགས་ ཕྱིར་དོན་གཉིས་ལྷུན་གྲུབ་ཕྱིར། །སྲིད་མཚོ་རྒལ་ཕྱིར་བླ་མ་བསྟེན་པར་བྱ། ། དེའང་ཉོན་མོངས་པའི་ནད་ཞི་བར་བྱ་བའི་ཕྱིར། ནད་པས་སྨན་པ་བསྟེན་ པ་དང༌། ཉེས་པའི་འཇིགས་པ་བསྐྱབ་པའི་ཕྱིར་དམངས་ཀྱྀས་རྒྱལ་པོ་ བསྟེན་པ་དང༌། སྐྱེ་ཤིའི་འཇིགས་པ་ལ་ཐར་པར་བྱ་བའི་ཕྱིར་འགྲོན་པོས་ སྐྱེལ་མ་བསྟེན་པ་དང༌། རང་གཞན་གྱི་དོན་གཉིས་གྲུབ་པར་བྱ་བའི་ཕྱིར་ ཚོང་པས་དེད་དཔོན་བསྟེན་པ་ལྟ་བུ་དང༌། འཁོར་བའི་ཆུ་བོ་ལས་བརྒལ་ བའི་ཕྱིར་གྲུ་པས་མཉེན་པ་བསྟེན་པ་ལྟར། བླ་མ་བསྟེན་པའི་ཚུལ་བཤད་པ་ལས། «སྨན་པ་ལྟར་བསྟེན་པ་ནི།» དང་པོ་ནད་པས་སྨན་པ་བསྟེན་པའི་ཚུལ་གྱིས་བླ་མ་བསྟེན་པ་ནི། བླ་མ་སྨན་པ་གདམས་ངག་སྨན་དང་ནི། །རང་ལ་ནད་པའི་འདུ་ཤེས་ཉེར་གཞག་སྟེ། །ནན་ཏན་བརྩོན་པ་སྨན་ཉིད་བསྟེན་ཚུལ་དང༌། །ཞི་བདེ་ནད་ལས་གྲོལ་བའི་འབྲས་ཐོབ་བཞིན། །བསྟེན་ཚུལ་གཞན་རྣམས་ཚུལ་དེས་དཔག་བྱས་ལ། །དག་པའི་འདུ་ཤེས་བཞི་ཡིས་བསྟེན་པར་བྱ། །དེ་ཡང༌། སྡོང་པོ་བཀོད་པའི་མདོ་ལས། རིགས་ཀྱི་བུ། ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་ བྱའོ། ། ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཡང་རིགས་ཀྱི་བུ། ཁྱོད་ཀྱིས་བདག་ཉིད་ལ་དམངས་ཀྱི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་འཇིགས་པ་མེད་པའི་འདུ་ཤེས་བསྐྱེད་པར་བྱའོ། ། ནན་ཏན་ཉམས་སུ་ལེན་པ་ལ་འཚེ་བ་ཉེ་བར་ཞི་བའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་རྒྱལ་པོའི་འདུ་ཤེས་བསྐྱེད་པར་བྱའོ། །ཡང་རིགས་ཀྱི་བུ། ཁྱོད་ཀྱིས་བདག་ཉིད་ལ་འགྲོན་པོའི་འདུ་ཤེས་བསྐྱེད་པར་ བྱའོ། །ཆོས་ལ་མི་འཇིགས་པ་སྦྱིན་པའི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་འཇིགས་པ་ཐམས་ཅད་ལས་སྒྲོལ་བའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྐྱེལ་མ་དཔའ་བོའི་འདུ་ཤེས་བསྐྱེད་པར་བྱའོ། །ཡང་རིགས་ཀྱི་བུ། ཁྱོད་ཀྱིས་བདག་ཉིད་ལ་ཚོང་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་ཚོང་ཟོང་ཉེ་བར་འདུ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་ཁེ་སྤོགས་འགྲུབ་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་དེད་དཔོན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །ཡང་རིགས་ཀྱི་བུ། ཁྱོད་ཀྱིས་བདག་ཉིད་ལ་གྲུ་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་གྲུའི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་ཆུ་བོའི་ཕ་རོལ་ཏུ་ཕྱིན་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་མཉེན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ་ཞེས་པ་དང༌། རིགས་ཀྱི་བུ། ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ལ་ཁུར་ཐམས་ཅད་ཀྱིས་མི་སྐྱོ་བ་ས་ལྟ་བུའི་སེམས་དང༌། གནོད་པ་ཐམས་ཅད་ཀྱིས་མི་ཕྱེད་པ་རྡོ་རྗེ་ལྟ་བུའི་སེམས་དང༌། ངག་ཐམས་ཅད་མི་གཅོག་པ་སློབ་མ་ལྟ་བུའི་སེམས་དང༌། ཅི་བསྒོ་བ་ཉན་པ་བྲན་གྱི་སེམས་དང༌། དྲེགས་པ་མེད་པ་ཁྱུ་མཆོག་རྭ་བཅད་པ་ལྟ་བུའི་སེམས་བསྐྱེད་པར་བགྱིའོ་ཞེས་སོ། །དེ་དག་སྤྱོད་འཇུག་ལས། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང༌། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་ངོ༌། །དཔལ་འབྱུང་བ་ཡི་རྣམ་ཐར་ལས། །བླ་མ་བསྟེན་པའི་ཚུལ་ལྟར་བསླབ། །ཅེས་གསུངས་པའི་དོན་ཏོ། ། «གསུམ་པ་རྗེས་སུ་འཛིན་བྱ་སློབ་མའི་མཚན་ཉིད་ལ་སྤང་བྱ་དང་བླང་བྱའི་སློབ་མ་གཉིས་ཀྱི། སྤང་བར་བྱའི་སློབ་མ་ལའང་གཉིས་ཏེ། སྣོད་ངན་གྱི་མཚན་ཉིད་བཤད་པ་ནི།» ཚུལ་དེ་ལས། གཞན་དུ་སྐལ་ངན་སློབ་མ་ཉེས་ཀུན་གཞི། །དད་དང་ངོ་ཚ་ཁྲེལ་མེད་སྙིང་རྗེ་ཆུང༌། །རིགས་དང་རང་བཞིན་ཀུན་སྤྱོད་སྐལ་བ་ངན། །སེམས་དང་ལས་དང་ཉོན་མོངས་དུག་ལྔ་རགས། ། ཆོས་དང་ཆོས་མིན་དགེ་སྡིག་བསླབ་པ་འཆལ། །སྡོམ་དང་དམ་ཚིག་མི་བསྲུང་གཉེན་པོ་མེད། །རབ་རྨོངས་བློ་གྲོས་ཆུང་ཞིང་དགང་དཀའ་བ། ཁྲོ་དང་ཚིག་རྩུབ་འཕེལ་བ་དེ་དག་གིས། །བླ་མ་རི་དགས་ཆོས་ལ་གླ་རྩི་དང༌། །རང་ལ་རྔོན་པ་ནན་ཏན་མདའ་འཕེན་དང༌། །ཆོས་གྲུབ་འབྲས་བུ་གཞན་དུ་འཚོང་བའི་ཚུལ། །འདུ་ཤེས་ལོག་པ་ལྔ་ཡིས་བསྟེན་པ་ནི། །དམ་ཚིག་མེད་པས་འདི་ཕྱིར་སྡུག་བསྔལ་འཐོབ། །སྐལ་བ་ངན་པའི་སློབ་མ་ཉེས་པ་དུ་མའི་སྣོད་དུ་གྱུར་པ། དད་པ་དང་ངོ་ཚ་ཆུང་བ། ཁྲེལ་ཡོད་དང་སྙིང་རྗེ་ཆུང་བ། རིགས་དང་རང་བཞིན་ངན་པ། ཀུན་སྤྱོད་དང་སྐལ་བ་ངན་པ། སེམས་དང་ཉོན་མོངས་རགས་པ། དགེ་སྡིག་དང་བསླབ་པ་འཆལ་བ། སྡོམ་པ་དང་དམ་ཚིག་མི་བསྲུང་བ། ཉོན་མོངས་པའི་སྒོ་མི་སྡོམ་པས་གཉེན་པོ་ལ་རྨོངས་པ། ཤེས་རབ་ཆུང་ལ་མགུ་དཀའ་བ། ཁོང་ཁྲོ་དང་ཚིག་རྩུབ་ཉི་ཚེ་འཕེལ་བ། ཆོས་མིན་གྱི་བྱ་བ་ལ་ངང་གིས་བརྩོན་པ། སངས་རྒྱས་ཀྱི་བླ་འཚོང༌། ཆོས་ཀྱི་རྐང་འདྲེན། དགེ་འདུན་གྱི་སྒབ་བརྡུམ་པ་དེ་དག་བླ་མ་ལ་ཚེས་ཚོལ་བ་ན། རང་ཉིད་རྣམ་པར་མ་ཞི་བས་ཀུན་ལ་འཚེ་ཞིང་ཁྱད་དུ་གསོད་པས་རྔོན་པ་དང་འདྲ་ལ། སློབ་དཔོན་ལས་འདི་ཁོ་ན་ལ་ལུང་བླང་གི་གཞན་དུ་ན་སྐྱོན་འདི་དང་འདི་ཡང་ཡོད་པས་དུད་འགྲོ་དང་འདྲའོ་སྙམ་ཞིང༌། ཆོས་དེ་ཐོས་ཐོས་མོ་ཞིག་བྱས་ལ། གཞན་ལས་ཁྱད་དུ་འཕགས་པར་འདོད་པས་གླ་རྩི་ལྟ་བུ། ཆོས་དེ་ཐོས་པ་མ་རྫོགས་པར་གཞན་ལ་ངོ་དགའ་འམ། ཁྱད་གསོད་དམ། ཡོ་བྱད་ཅུང་ཟད་ཀྱི་ཕྱིར་སྤོག་ཅིང་འཆོང་པ་ནི་ཚེ་འདིར་བཀྲ་མི་ཤིས། ཕྱི་མར་ངན་སོང་དུ་འཁྱམས་པ་ཡིན་ཏེ། དམ་ཚིག་གསུམ་བཀོད་པའི་རྒྱུད་འགྲེལ་དུ། གསང་སྔགས་རྡོ་རྗེའི་སློབ་དཔོན་སྨོད། །ཆོས་ལ་དབང་ཟ་ནོར་དང་བརྗེ། །རིགས་པས་དམ་ཚིག་མི་བསྲུང་བ། །དེ་དག་ཚེ་འདིར་ཚེ་ཐུང་ཞིང༌། །དཔལ་དང་སྐལ་པ་བཟང་པོ་ཉམས། །མཁའ་འགྲོའི་ཆད་པས་སྡུག་བསྔལ་ཞིང༌། །ཕྱི་མར་ངན་སོང་ཉིད་དུ་ལྟུང༌། །ཞེས་བཤད་དོ། ། «མ་བརྟགས་པའི་སྐྱོན་ནི།» ཡང་སློབ་མ་སྐལ་ངན། ལ་ལས་ཐོག་མར་མ་བརྟགས་བབ་ཅོལ་འཇུག །གསར་ངེས་ཡོན་ཏན་བརྗོད་ཅིང་ཕྱི་ནས་སྨོད། ཁ་ཅིག་འདྲེས་མས་ངོ་ལྐོག་ངན་གཡོའི་ཚུལ། །ཟུར་གྱིས་བླ་མའི་ཉེ་འཁོར་སུན་འབྱིན་པ། །དེ་དག་གིས་ནི་འབྲས་བུ་མནར་མེད་ཉིད། །དང་པོར་བླ་མ་དང༌། སློབ་མའི་རྒྱུད་མ་བརྟགས་པར་དཔོན་སློབ་ཏུ་བཟུང༌། དེ་ནས་གསར་འགྲོགས་ཀྱིས་བཀུར་སྟི་དང་རྙེད་པ་བྱས་ཀྱང༌། རྐྱེན་ཅུང་ཟད་ཀྱིས་ཁྲོས་ནས་འཕྱར་ཀ་དང༌། ཚིག་རྩུབ་དང༌། གཅིག་པུར་འདུག་ནའང་སྐྱོན་ཉི་ཚེ་སེམས་ཤིང༌། དེའི་ཉེ་འཁོར་བ་ཐམས་ཅད་སུན་འབྱིན་པ་དང༌། ཁ་ཅིག་ངོར་བསྟོད་ཅིང་གུས་པའི་ཟོལ་དུ་འཆོས་ཀྱང༌། ཡིད་ལ་མ་དད་པ་དང་མི་གུས་པའི་རྣམ་པ་བསྟེན་ཅིང༌། ལྐོག་ནས་གཡོ་དང་སྒྱུས་སླུ་བ་དེ་དག་ཀྱང་བླ་མ་སྨད་པའི་ཕྱིར་ཉེས་པ་ཚད་མེད་དེ། བླ་མ་ལྔ་བཅུ་པ་ལས། མནར་མེད་ལ་སོགས་འཇིགས་རུང་བ། ། དམྱལ་བར་བརྟེན་པ་གང་ཡིན་པ། །སློབ་དཔོན་ལ་ནི་དམོད་པ་སྟེ། །དེ་ལ་གནས་པར་ཡང་དག་བཤད། །ཅེས་སོ། །བླང་བར་བྱ་བའི་སློབ་མ་ལའང་བཅུ་གཉིས་ཏེ། «སློབ་མ་བཟང་པོའི་མཚན་ཉིད་ནི།» ཞར་ལ་སྣོད་ཁྱད་པར་ཅན་ཡང་བཤད་པ་ནི། སྐལ་བཟང་སློབ་མ་དད་དང་ཤེས་རབ་ཆེ། །བརྩོན་འགྲུས་བག་ཡོད་དྲན་དང་ཤེས་བཞིན་ལྡན། །བཀའ་ལས་མི་འདའ་སྡོམ་དང་དམ་ཚིག་བསྲུང༌། །སྒོ་གསུམ་དུལ་ཞིང་སྙིང་རྗེ་ཕན་སེམས་ཆེ། ཁོང་ཡངས་སྤྲོ་རིང་གཏོང་ཕོད་དག་སྣང་ ཆེ། །བརྟན་ཞིང་མོས་གུས་ཆེ་བ་དེ་དག་གིས། །བླ་མ་མཉེས་པར་བྱས་པའི་ཕན་ཡོན་ཀྱང་ཚད་མེད་དེ། འཇམ་དཔལ་ཡེ་ཤེས་རྒྱན་གྱི་མདོ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་མཆོག་དང་ལྡན་པ་གང་ལ་ལ་ཞིག་གིས་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་ན་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱས་པ་བས་བསོད་ནམས་ཀྱི་ཕུང་པོ་ཚད་མེད་དཔག་ཏུ་མེད་ཅེས་པ་དང༌། ཡེ་ཤེས་དམ་པའི་རྒྱུད་ལས། བསྐལ་པའི་སངས་རྒྱས་མཆོད་པ་བས། །བླ་མའི་བ་སྤུ་ཉག་གཅིག་ལ། འབྲུ་མར་ཐིགས་པ་གཅིག་བྱུགས་ན། །བསོད་ནམས་ཕུང་པོ་ཁྱད་པར་འཕགས། །ཞེས་སོ། །དེ་ཡང་ཡུལ་ཁྱད་པར་ཅན་ཡིན་པའི་ཕྱིར་ཏེ། དགོངས་འདུས་ལས། བསྐལ་པ་སྟོང་གི་སངས་རྒྱས་བས། །བླ་མ་གཉེན་པར་ཤེས་པར་བྱ། །ཅི་ཕྱིར་ཞེ་ན་བསྐལ་པ་ཡི། །སངས་རྒྱས་མ་ལུས་ཐམས་ཅད་ཀུན། །བླ་མ་དག་ལ་བརྟེན་ནས་བྱུང༌། །བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་ མེད། །ཅེས་པའོ། ། «ཡོན་ཏན་བསམ་ཞིང་བཤགས་བསྡམ་བྱ་བ་ནི།» དེ་ལྟ་བུའི་སློབ་མ་བཟང་པོས། རྟག་ཏུ་བླ་མའི་ཡོན་ཏན་དྲན་བྱ་ཞིང༌། །སྐྱོན་ལ་མི་རྟོག་མཐོང་ཡང་ཡོན་ཏན་ བསམ། །རང་སྣང་ཡིན་ངེས་ཁོང་ལ་མི་མངའ་ཞེས། །སྙིང་ནས་བསམ་ཞིང་བཤགས་བསྡམ་གཉེན་པོ་བསྟེན། །འདི་ལྟར་བླ་མའི་སྐྱོན་ལ་མི་རྟོག་ཅིང་ཡོན་ཏན་འབའ་ཞིག་དྲན་པར་བྱའོ། །གལ་ཏེ་ཅུང་ཟད་མ་དད་ན་རྨི་ལམ་གྱི་རང་བཞིན་དུ་རང་སྣང་ངན་པ་ཡིན་ཏེ་འོང༌། ཁོང་ལ་མེད་ངེས་སྙམ་དུ་བསམ་ཞིང༌། རྨི་ལམ་དུ་བླ་མའི་ཀུན་སྤྱོད་ལ་མ་དད་ནའང་གཉིད་སད་མ་ཐག་ཏུ་བཤགས་དགོས་ཏེ། འཁོར་ལོ་ཆུབ་པ་རོལ་པ་ལས། གལ་ཏེ་རྨི་ལམ་ནང་དག་ཏུ། །བླ་མའི་སྐྱོན་དག་མཐོང་གྱུར་ན། །སད་མ་ཐག་ཏུ་བཤགས་པར་བྱ། །གལ་ཏེ་བཤགས་པ་མ་བྱས་ན། །འདི་ཡང་མནར་མེད་རྒྱུ་འཕེལ་འགྱུར། །ཞེས་སོ། ། ཉིན་པར་བྱུང་ན་སྐད་ཅིག་གམ་ཐང་ཅིག་གམ་ཉིན་མཚན་མ་འདས་པ་ལ་བཤགས་དགོས་སོ། །དེ་ནས་ཀྱང་སྐྱོན་གཅིག་སེམས་ན་ཡོན་ཏན་བརྒྱ་འགྱུར་དུ་བསམ་ཞིང༌། བརྗོད་པ་ལའང་མཚུངས་སོ། ། «མི་མཉེས་པ་སྤང་ཞིང་བྱ་བ་ཞུ་བ་ནི། »དུས་རྟག་ཏུ། བླ་མ་མི་མཉེས་ཆ་དང་བཅས་སྤང་ཞིང༌། །ཇི་ལྟར་མཉེས་པའི་ཐབས་ལ་འབད་པར་བྱ། །བླ་མས་བཀའ་སྩལ་ནམ་ཡང་མི་བཅག་ཅིང༌། །བླ་མའི་ཉེ་འཁོར་སྡུག་པའང་བླ་མ་བཞིན། །བླ་མའི་འཁོར་གཡོག་སློབ་མར་མི་བསྡུ་ཞིང༌། །ཆོས་བཤད་དབང་བསྐུར་ལ་སོགས་ཞུས་ཏེ་བྱ། །བླ་མ་མི་མཉེས་པ་སྤང་ཞིང་མཉེས་པ་བསྒྲུབ། ཇི་སྐད་གསུང་པ་བྱ་དགོས་ཏེ། སྔ་མ་ལས། གལ་ཏེ་སྐྱོན་དང་བཅས་ན་ཡང༌། །ཇི་སྐད་གསུངས་པ་ལྟར་བྱ་ན། །ཡང་དག་དོན་དུ་འགྱུར་བ་ལ། །བསྒྲུབ་པར་བྱ་བ་སྨོས་ཅི་དགོས། །ཉེ་འཁོར་སྡུག་པའང་བླ་མ་བཞིན། །འཁོར་རྣམས་སློབ་མར་མི་བསྡུ་ལ། །ཆོས་དང་དབང་བསྐུར་རབ་གནས་དང༌། །སྦྱིན་སྲེག་ལ་སོགས་ཞུས་ཏེ་བྱ། །ཞེས་སོ། །གཞན་ལས་ཀྱང༌། བླ་མའི་སྡུག་པའང་བླ་མ་བཞིན། །ཞེས་པ་ལ་སོགས་པར་འབྱུང་བ་བཞིན་ནོ། ། «སྤྱན་སྔར་ལུས་ཀྱི་ཉེས་སྤྱོད་བསྡམ་པ་ནི།» སྤྱོད་ལམ་ཡང༌། བླ་མའི་སྤྱན་སྔར་ལུས་ངག་ཡིད་བསྡམ་ཞིང༌། །རྐང་པ་བརྐྱང་དང་སྐྱིལ་ཀྲུང་རྒྱབ་མི་བསྟན། །ངོ་འཛུམ་མི་གནག་ཁྲོ་གཉེར་བསྟན་མི་བྱ། །དེ་སྐད་དུ། རིམ་གསུམ་ལས། བླ་མའི་སྤྱན་སྔར་ལུས་ཀྱི་ལས། །སྐྱིལ་ཀྲུང་འདུག་དང་རྒྱབ་མི་བསྟན། ཁྲོ་གཉེར་ངོ་འཛུམ་གནག་པའང་མིན། །མདོར་ན་ལུས་ཀྱིས་བག་ཡོད་བྱ། །ཞེས་སོ། ། «ངག་གི་ཉེས་བྱས་མ་ལུས་བསྡམ་པ་ནི། »གཞན་ཡང་ངག་གིས་བྲེ་མོའི་གཏམ་ལ་སོགས་པ། བབ་ཅོལ་མི་སྨྲ་བརྫུན་ཚིག་ཕྲ་མ་དང༌། །གཞན་གྱི་སྐྱོན་བརྗོད་མི་སྙན་རྩུབ་མོའི་ཚིག །མ་བརྟགས་འབྲེལ་པ་མེད་རྣམས་སྨྲ་མི་བྱ། །དེའང་ཀུ་རེ་བཞད་གད་དང༌། ལོང་གཏམ་འབྲེལ་མེད་དང༌། ཟེར་རེ་ཟློས་སེ་དང༌། བརྫུན་ཚིག་ཕྲ་མ་དང༌། གཞན་ལ་སྨོད་པ་ལ་སོགས་པ་མི་བྱ་སྟེ། བདེན་པ་ཡིན་ཀྱང་སྨྲ་བ་པོ་རང་ལ་མི་དགེ་བ་ཆེན་པོ་འཐོབ་བོ། །ཅིའི་ཕྱིར་ན། བླ་མའི་ཐུགས་ཀྱིས་ཁྲེལ་བ་དང༌། འཁྲུག་པར་འགྱུར་བའི་ཕྱིར་རོ། །བླ་མའི་ཐུགས་སྐད་ཅིག་འཁྲུགས་ཀྱང་ཉེས་པ་ཆེན་པོ་བསྐྱེད་དེ། དེ་ཉིད་ལས། བག་མེད་ཚིག་དང་འབྲེལ་གྱུར་པ། །བླ་མའི་མདུན་དུ་བརྗོད་མི་བྱ། །ཐ་མལ་པ་ཞིག་ཁྲོས་ན་ཡང༌། །ཉི་ཚེ་བ་ཡི་དམྱལ་བར་ལྟུང༌། །བླ་མའི་ཐུགས་དང་འགལ་བ་གང༌། །མནར་མེད་མུན་པ་མུན་ནག་ཏུ། །བསྐལ་པ་བརྒྱ་སྟོང་བྱེ་བར་འཚེད། ། ཅེས་སོ། ། «ཡིད་ཀྱི་ཀུན་སློང་ལོག་རྟོག་བསྡམ་པ་ནི།» ཡིད་ཀྱིས། བླ་མའི་རྫས་ལ་བརྣབ་སེམས་མི་བྱ་ཞིང༌། །སྡེར་བཅས་གནོད་སེམས་ཆ་དང་བཅས་ཀུན་བསྡམ། །བླ་མའི་མཛད་སྤྱོད་སྣ་ཚོགས་ཆོ་འཕྲུལ་ལ། ཁ་ཞེ་འཛོལ་བས་འཁྲུལ་པར་མི་བརྟག་ཅིང༌། ། འདི་ནི་མི་རིགས་ཁོང་རང་མཛད་མོད་སྙམ། །ཅུང་ཟད་འགལ་འདུ་ཉེས་སྐྱོན་ལོག་ལྟ་དོར། ཁོང་གི་འདི་བདག་ལ་ཡོད་ན་སྙམ་དུ་བླ་མའི་རྫས་ལ་བརྣབ་སེམས་དང༌། ཉེ་འཁོར་བ་དང༌། སློབ་མ་དང༌། སྦྱིན་བདག་ལ་སོགས་པའི་སྡེ་ལ་གནོད་པ་མི་བྱ་སྟེ། བླ་མས་བདག་ཏུ་བཟུང་བས་མི་མཉེས་སུ་འོང་བའི་ཕྱིར་རོ། །བླ་མས་དགོས་པའི་དབང་གིས་མཛད་སྤྱོད་ཞི་བའམ་རྩུབ་པའམ། འཇིག་རྟེན་དང་མཐུན་པར་འཇུག་པ་ཅུང་ཟད་ལ་ཁ་ཞེ་འཛོལ་བས། འདི་ནོར་ཞིང་དེ་ལྟར་མི་འཐད་སྙམ་པ་དང༌། ཚིགས་སྔ་ཕྱི་དང༌། བྱ་བ་ཅུང་ཟད་ལ་འགལ་འདུ་མང་པོ་མི་བསམ་སྟེ། ཡེ་ཤེས་གྲུབ་པའི་རྩ་རྒྱུད་ལས། བླ་མའི་རྫས་དང་འཁོར་རྣམས་དང༌། །ཉེ་འཁོར་སུན་འབྱིན་བརྣབ་སེམས་སྤང༌། ། མཛད་པ་སྣ་ཚོགས་སེམས་ཅན་ལ། །ཕན་པའི་ཐབས་ཅན་འཕྲུལ་ཆེན་པོ། ། དགོངས་སྤྱོད་རྒྱ་མཚོ་མཐའ་ཡས་ལ། །ཉེས་པས་ལོག་པར་བལྟ་བ་དོར། ། ཞེས་སོ། ། «རང་སྐྱོན་ལ་བརྟག་ཅིང་གུས་པ་བསྒོམ་པ་ནི།» རང་གིས་ཉེས་པ་བྱས་པ་མི་དྲན་པར། དེའི་རྣམ་པ་ཕྱིར་ཤར་བའི་གཟུགས་བརྙན་དུ། །གལ་ཏེ་བླ་མ་སྡང་བར་མངོན་ན་ཡང༌། །རང་སྐྱོན་ཡོད་ངེས་བརྟགས་ལ་བཤགས་བསྡམ་བྱ། །སྤྱི་གཙུག་བསྒོམས་ལ་གསོལ་བ་དྲག་པོ་གདབ། །དེ་ཡིས་མཉེས་ཤིང་དངོས་གྲུབ་མྱུར་དུ་འཐོབ། །དེ་ལྟར་ཡང་དག་པ་དགེ་བའི་བཤེས་གཉེན་པ་དག་ལ་སྡང་བར་མངོན་པ་ཉིད་ཀྱིས་མ་ལེགས་ཏེ། སྡིག་པ་བྱས་པའི་ཚེ་དགེ་བའི་བཤེས་གཉེན་མི་མཉེས་པས། ཇི་ལྟར་མི་རིགས་པའི་ཆ་བྱས་སྙམ་དུ་རང་ལ་བརྟག་ཅིང༌། བཤགས་བསྡམ་དྲག་པོ་བྱ། དེ་ཡང་སྤྱིར་གང་དང་འཁོན་ཡང༌། ཕྱེད་རང་ལ་ངེས་པར་བརྟེན་ཏེ་མེད་ན་མི་འབྱུང་བ་འཛམ་བུ་གླིང་པ་དང༌། སྒྲ་མི་སྙན་པའི་མི་གཉིས་ཀྱི་ཁྲོ་བ་བཞིན་ཡིན་པས། རྔ་དང་དབྱུ་གུ་ལྟར་གཅིག་ལ་གཅིག་མཐོང་ཐོས་ལ་སོགས་པའི་ཆ་བྱས་པས་ན། འཁོན་པ་དེ་བདག་ལ་མི་རུང་སྟེ། གཞན་གྱི་སྡིག་པའི་མིག་རྐྱེན་དུ་གྱུར་པ་དང༌། རང་གི་ཁོང་ཁྲོ་དང་ཞེ་སྡང་གཏན་དུ་ལྡང་བས་དམྱལ་བའི་ས་བོན་བྱེད་པའི་ཕྱིར་རོ། །དེས་ན་གང་འཁོན་པ་དེ་སྤྱི་བོར་བསྒོམས་ལ་བཤགས་པས་ཞག་འགའ་ན་འཁོན་དང་སྒྲིབ་པ་འབྱང་ངེས་སོ། ཁྱད་པར་དུ་བླ་མ་ལ་མི་རུང་བས་སྤྱི་བོར་བསྒོམས་ཏེ་ཕྱག་དང་མཆོད་པ་བྱས་ལ། རབ་ཏུ་འགྱོད་པས་མཆི་མ་འབྱིན་ཞིང་ཐལ་མོ་སྦྱར་ཏེ། ཀྱེ་ཀྱེ་བླ་མ་རིན་པོ་ཆེ། །བདག་ལ་རེ་ས་གཞན་ན་མེད། །ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ། །མ་རིག་འཁྲུལ་པས་བདག་ནོན་ཏེ། །སྒོ་གསུམ་ཉེས་པ་ཅི་མཆིས་པ། །རབ་ཏུ་འགྱོད་པས་བཤགས་པར་བགྱི། །སྡོམ་པ་གསུམ་དང་འགལ་གྱུར་ཅིང༌། །ཉེས་པའི་དྲི་མས་སེམས་གོས་པ། །དེ་ཀུན་ཁྱོད་ཀྱི་ཐུགས་རྗེ་ཡིས། །སྐད་ཅིག་ཉིད་ལ་བྱང་བར་མཛོད། །བདག་ནི་མི་ཤེས་རྨོངས་པ་ཡིས། །མ་འཚལ་བཞིན་དུ་སྡིག་བགྱིས་པས། །སྔར་ཡང་འཁོར་བར་རབ་ཏུ་འཁྱམས། ད་ནི་བླ་མ་ཐུགས་རྗེ་ཅན། ཁྱོད་ཀྱིས་བདག་གི་སྒྲིབ་པ་ཀུན། །སྐད་ཅིག་ཉིད་ལ་བསལ་བར་མཛོད། །འདི་ལྟར་མི་ཤེས་བྱིས་པ་ལ། །སྐྱོན་གྱུར་མཐོང་ཚེ་ལྷག་པར་ཡང༌། །ཐུགས་རྗེའི་གཟིགས་པ་མི་འཇུག་ན། །དེ་ལས་གཞན་ལ་ཅིར་འགྱུར་དགོངས། །བུ་ཡི་ཉེས་པ་གང་ལགས་པ། །མ་ཡིས་སེལ་ཞིང་སྦྱོང་བ་ལྟར། །བདག་ཅག་འགྲོ་དྲུག་སེམས་ཅན་ལ། ཁྱོད་ཀྱིས་དང་པོར་ཐུགས་བསྐྱེད་ནས། །ཕན་པ་མཛད་ཅེས་དམ་བཅས་ན། །དུས་འདིར་བདག་ལ་ཅིས་མི་དགོངས། །བདག་ཅག་འཁྲུལ་པའི་སེམས་ཅན་རྣམས། །གཟིགས་ནས་ཐུགས་རྗེས་མི་འཛིན་ན། ཁྱོད་ཀྱི་འཕྲིན་ལས་གདུལ་བྱ་ལ། །ཕན་པ་དེ་ཡང་ཇི་ལྟར་དགོངས། །སྔོན་གྱི་རྒྱལ་བ་གྲངས་མེད་ཀྱང༌། །བདག་ཅག་སྤངས་ནས་ཐར་པ་གཤེགས། །ད་ནི་ཕྱོགས་བཅུའི་རྒྱལ་བ་ཡིས། ཁྱོད་ལ་བསྐུལ་ནས་བདག་ཅག་གི །དོན་དུ་བླ་མར་རྣམ་སྤྲུལ་ན། ཁྱོད་ཀྱིས་བདག་ཅག་འདོར་ཕོད་དམ། །འཇིགས་སར་སྐྱེལ་མས་བསླུས་པ་བཞིན། ཁྱོད་ཀྱིས་དི་རིང་སླུ་མཛད་དམ། །ཡིད་བཞིན་ནོར་བུ་རིན་ཆེན་ཡང༌། །གསོལ་བ་བཏབ་ན་འདོད་དགུ་འབྱིན། ཁྱོན་ནི་བརྩེ་ཆེན་ཐབས་ལ་མཁས། །ཅི་ཕྱིར་བདག་ལ་རྗེས་མི་གཟིགས། །ཤ་ཟ་རྣམས་ཀྱང་མཆོད་སྦྱིན་དང༌། །བདེན་པའི་ཚིག་ནི་བརྗོད་མ་ཐག །སྔོན་གྱི་ཁྲོ་བའང་འདོར་བགྱིད་ན། ཁྱོད་ནི་ཐུགས་རྗེ་འགྲོ་བའི་ཡབ། །གུས་མཆོད་གདུང་བས་སེམས་གདུངས་ཤིང༌། །ཉེས་པ་བཤགས་ན་ཅིས་མི་གཟིགས། །བདག་གི་སྡིག་ཀུན་མ་བྱང་བར། །སྐྱེ་བ་གཞན་དུ་སོང་གྱུར་ན། །དམྱལ་མེས་བསྲེག་པ་ཁོ་ནར་ཟད། །དེ་ལ་ཁྱོད་ཀྱིས་མི་གཟིགས་ ན། །ཐུགས་རྗེའི་བདག་ཉིད་ཇི་ལྟར་ལགས། །ཀྱེ་མ་ཀྱི་ཧུད་བདག་གི་ སྡིག །མ་ལུས་བྱང་བར་མཛད་དུ་གསོལ། །སྐད་ཅིག་འདི་ལ་ཐུགས་རྗེས་དགོངས། །བདག་ལ་དབང་བསྐུར་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བགེགས་དང་ལོག་འདྲེན་བར་ཆད་སོལ། །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང༌། །འཆི་ཀར་གནད་གཅོད་སྡུག་བསྔལ་མེད། །བར་དོའི་འཇིགས་པ་ཀུན་ལས་སྒྲོལ། །འོག་མིན་གནས་སུ་འཁྲིད་པར་མཛོད། ། ཅེས་ཉིན་མཚན་ཐུན་བཞིར་གསོལ་བ་ལན་བདུན་བདུན་གདབ་བོ། །དེས་ནི་ཉམས་ཆག་ཐམས་ཅད་དག་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་ དུ་འཐོབ་བོ། །ཉམས་ཆག་སྐོང་བ་ལ་འདི་ལས་ཟབ་པའི་གནད་མེད་དོ། ། « གུས་པའི་ཀུན་སྤྱོད་དང་དུ་བླང་བ་ནི།» སྤྱོད་ལམ་གཞན་ཡང༌། བླ་མ་མཐོང་ཚེ་ལྡང་དང་ཕྱག་འཚལ་ཞིང༌། །བཞུགས་ཚེ་སྟན་སོགས་མཁོ་བའི་ཡོ་བྱད་དབུལ། །སྙན་པར་སྨྲ་བས་བསྟོད་ཅིང་ཐལ་མོ་སྦྱོར། །བཞུད་ཚེ་ལྡང་དང་ཞབས་འབྲིང་བསྙེན་བཀུར་བྱ། །བླ་མའི་སྟན་འདིངས་པ་དང༌། བསྟོད་ཅིང་ཐལ་མོ་སྦྱོར་བ་དང༌། འབྱོན་པ་དང་བཞུད་པའི་ཚེ་ལྡང་ཞིང་བསུ་བ་དང་སྐྱེལ་བ་ལ་སོགས་པ་བྱའོ། །འདི་ཉིད་དམ་ཆོས་འདུལ་བ་ལས། མཁན་པོ་མཐོང་མ་ཐག་ཏུ་སྟན་ལས་ལྡང་བར་བྱའོ་ཞེས་བཤད་དོ། །མ་ལངས་ན་ཚེ་རབས་ལྔ་བརྒྱར་འཕྱེ་བོར་སྐྱེ་བར་ལས་བརྒྱ་པར་གསུངས་སོ། །ལྡང་ཞིང་ཞབས་འབྲིང་བྱས་ན་མཚན་དཔེ་འཐོབ་སྟེ། མངོན་རྟོགས་རྒྱན་གྱི་འགྲེལ་པ་ལས། བླ་མ་སྐྱེལ་བ་དང་བསུ་བ་ལ་སོགས་པ་ཉིད་ཀྱིས་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་ཉིད་དང་ཞེས་གསུངས་སོ། ། «དྲན་དང་ཤེས་བཞིན་བག་ཡོད་བསྒྲུབ་པ་ནི།» འདི་ལྟར་བླ་མ་དང་འགྲོགས་པའི་དུས། རྟག་ཏུ་དྲན་དང་ཤེས་བཞིན་བག་ཡོད་ཅིང༌། །གུས་དང་འཇིགས་བཅས་ཞུམ་པས་གནས་པར་བྱ། །ཇི་ལྟར་བག་མ་གསར་པའི་ཚུལ་བཞིན་དུ། །སྒོ་གསུམ་ཞི་བས་བླ་མའི་དྲུང་འདུག་གི །འཕྱར་ཞིང་གཡེང་ལ་རྒོད་བག་བྱ་བ་མིན། ། ཕྱོགས་རིས་མ་ཡིན་ཁེ་དང་གྲགས་པས་མིན། །གཡོ་སྒྱུས་མ་ཡིན་དེ་བཞིན་ཚུལ་འཆོས་མིན། །ངོ་ལྐོག་མ་ཡིན་ཉེ་རིང་ཆགས་སྡང་མིན། །དེའང་འདི་ལྟར་བླ་མའི་དྲུང་དུ་འདུག་པ་ན་དྲན་པས་ཟིན་པར་བྱས་ཏེ། ལུས་དང་ངག་དང་ཡིད་ཀྱི་ཉེས་སྤྱོད་ཆ་དང་བཅས་པ་བསྡམ་ཞིང་ཤེས་བཞིན་གྱིས་ཟིན་པར་བྱས་ནས། སེམས་ལ་སེམས་ཀྱིས་བལྟ་ཞིང་ཉོན་མོངས་པའི་དབང་དུ་མ་ཤོར་བར་བསྡམས་ལ་བག་ཡོད་ཀྱིས་ཟིན་པ་བག་མ་གསར་པའི་ཚུལ་ལམ། དགེ་སློང་གསར་པ་བཞིན་དུ་ཞི་དུལ་དང་ལྡན་པས་འདོད་པ་བསྒྲུབ་དགོས་སོ། །སྤྱོད་འཇུག་ལས། སེམས་ཀྱི་གླང་ཆེན་མྱོས་པ་ནི། །ཆོས་ལ་སེམས་པའི་ཀ་ཆེན་ ལ། །ཇི་ལྟར་བཏགས་པ་མི་འཆོར་བ། །དེ་ལྟར་འབད་པས་ཀུན་གྱིས་ བརྟག །ཅི་ནས་རྩེ་གཅིག་སེམས་ཀྱིས་ནི། །སྐད་ཅིག་གཅིག་ཀྱང་མི་འཆོར་བར། །བདག་གི་ཡིད་འདི་གར་དཔྱོད་ཅེས། །དེ་ལྟར་ཡིད་ལ་སོ་སོར་བརྟག ། ཅེས་པ་དང༌། སེམས་སྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབ་ཀྱང་སྲུངས་ཤིག་ཅེས། །བདག་ནི་དེ་ལྟར༌། ལ་མོ་ སྦྱོར། །ཞེས་སོ། །རང་གི་གནས་ཁང་ལ་སོགས་པར་གཅིག་པུར་འདུག་པ་ནའང་བག་མེད་པའི་སྤྱོད་པ་མི་བྱ་བར། དྲན་ཤེས་བཞིན་གྱིས་ཟིན་དགོས་ཏེ། སངས་རྒྱས་ལ་སོགས་པ་ལྷའི་མིག་ཡོད་པ་རྣམས་ཀྱིས་བསྒྲིབས་ཀྱང་མཐོང་བའི་ཕྱིར་ཏེ། དེ་ཉིད་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དག །ཀུན་དུ་ཐོགས་མེད་གཟིགས་པར་ལྡན། །དེ་དག་ཐམས་ཅད་སྤྱན་སྔ་ན། །བདག་ནི་རྟག་པར་གནས་སོ་ཞེས། །དེ་ལྟར་བསམས་ནས་ངོ་ཚ་དང༌། །གུས་དང་འཇིགས་ལྡན་དེ་དག་གནས། །ཞེས་སོ། །གཞན་ཡང་དུས་དང་གནས་སྐབས་གཞན་དུའང་སེམས་དགེ་བ་ལས་མ་ཡེངས་པར་བྱ་སྟེ། དེ་ཉིད་ལས། བྲེ་མོའི་གཏམ་ནི་སྣ་ཚོགས་དང༌། །ངོ་མཚར་ལྟད་མོ་རྣམས་མང་པོ། །ཀུན་ལ་འཇུག་པར་གྱུར་པ་ན། །དེ་ལ་ཆགས་པ་སྤང་བར་བྱ། །དོན་མེད་ས་བརྐོ་རྩྭ་གཅོད་དང༌། །ས་རིས་འདྲི་སོགས་བྱེད་གྱུར་ན། །བདེ་གཤེགས་བསླབ་པ་དྲན་བྱས་ནས། །སྐྲག་པས་དེ་ཡི་མོད་ལ་བཏང༌། །གང་ཚེ་བསྐྱོད་པར་འདོད་གྱུར་ ཏམ། །སྨྲ་བར་འདོད་པར་གྱུར་ན་ཡང༌། །དང་པོར་རང་གི་སེམས་བརྟགས་ནས། །བརྟན་པར་རིགས་པ་ལྡན་པར་བྱ། །གང་ཚེ་རང་ཡིད་ཆགས་པ་དང༌། ཁྲོ་བར་འདོད་པ་དེ་ཡི་ཚེ། །ལས་སུ་མི་བྱ་སྨྲ་མི་བྱ། །ཤིང་བཞིན་དུ་ནི་གནས་པར་བྱ། །རྒོད་དང་ག་ཞར་བཅས་པ་དང༌། །གལ་ཏེ་ང་རྒྱལ་རྒྱགས་ལྡན་པའམ། །མཚང་འབྲུ་པ་ཡི་བསམ་པ་དང༌། །གལ་ཏེ་སྐྱོར་འབྱིན་སླུ་སེམས་སམ། །གང་ཚེ་བདག་བསྟོད་ལྷུན་ལེན་པའམ། །གཞན་ལ་སྨོད་པ་ཉིད་དང་ ནི། །གཤེས་བཅས་འགྱེད་དང་བཅས་གྱུར་ལ། །དེ་ཚེ་ཤིང་བཞིན་གནས་པར་བྱ། །རྙེད་དང་བཀུར་སྟི་གྲགས་འདོད་པའམ། །གཡོག་འཁོར་དོན་དུ་གཉེར་འདོད་པའམ། །བདག་སེམས་རིམ་གྲོ་འདོད་གྱུར་ན། །དེ་ཚེ་ཤིང་བཞིན་གནས་པར་བྱ། །གཞན་དོན་ཡལ་བར་འདོར་བ་དང༌། །རང་དོན་གཉེར་བར་འདོད་པ་དག །སྨྲ་བར་འདོད་པའི་སེམས་བྱུང་ན། །དེ་ཚེ་ཤིང་བཞིན་གནས་པར་བྱ། །མི་བཟོད་ལེ་ལོའི་འཇིགས་པ་དང༌། །དེ་བཞིན་སྤྱི་བརྟོལ་མུ་ཅོར་དང༌། །རང་གི་ཕྱོགས་ཞེན་སེམས་བྱུང་ན། །དེ་ཚེ་ཤིང་བཞིན་གནས་པར་ བྱ། །དེ་ལྟར་ཀུན་ནས་ཉོན་མོངས་དང༌། །དོན་མེད་བརྩོན་པའི་ཡིད་བརྟགས་ནས། །དེ་ཚེ་དཔའ་བོས་གཉེན་པོ་ཡིས། །ཡིད་ནི་བརྟན་པོར་གཟུང་བར་ བྱ། །ཤིན་ཏུ་ངེས་དང་རབ་དད་དང༌། །བརྟེན་དང་གུས་དང་ཞེ་སར་ བཅས། །ངོ་ཚ་ཤེས་དང་འཇིགས་དང་བཅས། །ཞི་ཞིང་གཞན་དགའ་བྱེད་ལ་བརྩོན། །ཕན་ཚུན་མི་མཐུན་བྱིས་པ་ཡི། །འདོད་པ་རྣམས་ཀྱིས་མི་སྐྱོ་ ཞིང༌། །ཉོན་མོངས་སྐྱེས་པས་འདི་དག་གི །སེམས་འདི་འབྱུང་སྙམ་བརྩེར་ལྡན་དང༌། ཁ་ན་མ་ཐོ་མེད་དངོས་ལ། །བདག་དང་སེམས་ཅན་དབང་བྱས་ཤིང༌། །སྤྲུལ་ཞིང་ང་རྒྱལ་མེད་པར་ནི། །ཡིད་ནི་རྟག་ཏུ་གཟུང་བར་བྱ། །རིང་ཞིག་ལོན་ནས་དལ་བའི་མཆོག །ཐོབ་པར་ཡང་དང་ཡང་བསམས་ནས། ། སེམས་དེ་ལྟ་བུ་རི་རབ་ལྟར། །རབ་ཏུ་མི་གཡོ་གཟུང་བར་བྱ། །ཞེས་སོ། ། དེའང་ཆོས་མ་ཡིན་པ་ཚེ་འདིའི་ཕྱོགས་སུ་སྐད་ཅིག་ཀྱང་མ་ཡེངས་པར་བྱའོ། ། དེ་ཡང་བླ་མ་དང་འགྲོགས་པ་དང༌། མཁན་པོས་གདམས་པ་དང༌། ངན་སོང་དང་འཁོར་བའི་སྡུག་བསྔལ་ལ་འཇིགས་པ། རང་གིས་ཉམས་སུ་ལེན་པའི་ཆོས་ལ་གུས་པས་བརྩོན་པ་རྣམས་ལ་དྲན་ཤེས་བཞིན་བག་ཡོད་དང་དགེ་བ་མང་པོ་ངང་གིས་སྐྱེ་སྟེ། དེ་ཉིད་ལས། བླ་མ་དང་ནི་འགྲོགས་པ་དང༌། །མཁན་པོས་རྗེས་སུ་བསྟན་པ་དང༌། །འཇིགས་པས་སྐལ་ལྡན་གུས་བྱེད་ལ། །དྲན་པ་བདེ་བླག་ཉིད་དུ་སྐྱེ། །ཞེས་སོ། །དེ་ལྟར་དགེ་བ་བྱེད་པ་དང༌། བླ་མ་བཀུར་ཡང་ཕྱོགས་ཆ་དང༌། ཁེ་གྲགས་དང༌། གཡོ་སྒྱུ་དང༌། ངོ་ལྐོག་དང༌། ཉེ་རིང་མ་ཡིན་པར་དུས་ཐམས་ཅད་དུ་ཐམས་ཅད་ལ་དེ་ལྟར་བྱ་སྟེ། རང་གི་ཚོགས་རྫོགས་ཤིང་སྒྲིབ་པ་འདག་པར་ཁྱད་མེད་པའི་ཕྱིར་རོ། ། «མཉེས་པ་གསུམ་གྱིས་བཀུར་སྟི་བྱ་བ་ནི།» དེའང༌། རང་ལ་འབྱོར་པ་ཡོད་ན་བླ་མ་མཆོད།།ལུས་ངག་ཞབས་ཏོག་བསྙེན་བཀུར་སྲི་ཞུ་དང༌། །ཚེ་འདི་བློས་བཏང་སྒྲུབ་པས་མཉེས་པར་བྱ། །རབ་བསྒྲུབ་པ་དང༌། འབྲིང་ལུས་ངག་དང༌། ཐ་མ་ཟང་ཟིང་གི་ཞབས་ཏོག་གང་རུང་ངེས་པར་བྱ་དགོས་སོ། ། «གཞན་གྱི་རྒོལ་བ་ཐབས་ཀྱིས་བཟློག་པ་ནི།» བླ་མ་ལ། གཞན་གྱིས་མི་སྙན་བརྗོད་ནའང་དེ་བཟློག་ཅིང༌། །ནུས་པ་མེད་ན་སླར་ཡང་ཡོན་ཏན་བསམ། །རྣ་བ་དགབ་ཅིང་སྙིང་རྗེས་ཕན་པ་བསྒྲུབ། །དེ་ལ་མི་བརྟེན་བག་ཕེབས་སྨྲ་བ་མིན། །འགའ་ཞིག་གིས་ངན་དུ་སྒྲོགས་ན་ཐབས་ཀྱིས་བཟློག །ནུས་པ་མེད་ན་བླ་མའི་ཡོན་ཏན་བསམ་ཞིང་རང་གི་རྣ་བ་མཛུབ་མོས་བཀག་ནས། མི་དེ་ལ་བསྟེན་འདྲིས་དང་བག་ཕེབས་པར་མི་བྱ་སྟེ། བདུད་རྩི་འབྱུང་བའི་རྒྱུད་ལས། རྡོ་རྗེ་སློབ་དཔོན་སྨོད་པ་ན། །ཞི་བའམ་མངོན་སྤྱོད་ལས་ཀྱིས་བཟློག །ནུས་པ་ཡོད་པར་མ་གྱུར་ན། །རྣ་ཆ་དྲན་པས་དགབ་པར་བྱ། །བསྟེན་པར་མི་བྱ་གཏམ་མི་བྱ། ། གལ་ཏེ་དེ་དང་འདྲིས་གྱུར་ན། །ངན་སོང་དག་ཏུ་འཚེད་པར་འགྱུར། །ཞེས་སོ། ། «དེ་ལྟར་བྱས་པའི་ཕན་ཡོན་བཤད་པ་ནི། »ཕན་ཡོན་བཤད་པ། དེས་ནི་ཚེ་རབས་ཀུན་དུ་ཕན་པ་འགྲུབ། །དམ་པ་རྣམས་དང་འཕྲད་ཅིང་ཆོས་རབ་ཐོས། །ས་དང་ལམ་དང་གཟུངས་དང་ཏིང་ངེ་འཛིན། །སྣ་ཚོགས་ཡོན་ཏན་འབྱོར་པས་ཡོངས་གང་ཞིང༌། །འགྲོ་ལ་ཞི་བདེའི་དགའ་སྟོན་འགྱེད་པ་ཡིན། །ཇི་སྐད་དུ། སྡོང་པོ་བཀོད་པ་ལས། ཀྱེ་རིགས་ཀྱི་བུ། དེ་ལྟར་དགེ་བའི་བཤེས་གཉེན་ལ་བརྟེན་ཅིང་བསྙེན་བཀུར་བས་ནི་རྟག་ཏུ་ཚེ་རབས་དྲན་པ་ཡིན་ནོ། །སེམས་ཅན་གྱི་ཚོགས་ལ་ཕན་བདེ་བྱེད་པ་ཡིན་ནོ། །དགེ་བའི་བཤེས་གཉེན་རྣམས་དང་འཕྲད་པ་ཡིན་ནོ། །ས་དང་ལམ་དང་ཏིང་ངེ་འཛིན་དམ་པ་འགྲུབ་པ་ཡིན་ཞེས་སོ། ། « སྤྱི་དོན་བཞི་པ་སྤང་བྱའི་གང་ཟག་གྲོགས་དང་བཅས་པ་ལ་དྲུག་ལས། སྡིག་པའི་བཤེས་གཉེན་སྤང་བར་འདོམས་པ་ནི།» ད་ནི་ཕྱོགས་གཉིས་པ་སྡིག་པའི་བཤེས་གཉེན་གྲོགས་དང་བཅས་པ་སྤང་བར་གདམས་པ། དེ་ལྟར་དམ་པ་རྣམས་ལ་ལེགས་བརྟེན་པས། །སྡིག་པའི་བཤེས་གཉེན་ངན་པའང་ཀུན་དུ་སྤང༌། །དེ་ཡང་སྔར་བཤད་ཡོན་ཏན་མི་ལྡན་ཞིང༌། ། ལོག་པའི་སྐྱོན་མང་སྡོམ་དང་དམ་ཚིག་འཆལ། །བྱམས་དང་སྙིང་རྗེ་ཤེས་རབ་ཐོས་པ་ཆུང༌། །ལེ་ལོ་སྙོམ་ལས་མི་ཤེས་ང་རྒྱལ་ཆེ། །ཀོ་ལོང་གདུག་རྩུབ་ཉོན་མོངས་དུག་ལྔ་རགས། །ཚེ་འདི་དོན་གཉེར་ཕྱི་མ་རྒྱང་རིང་འཕངས། །ཆོས་ལྟར་སྟོན་ཡང་ཆོས་མིན་ཟོག་པོའི་རིགས། །མི་གཙང་ཕུང་པོ་ལྟ་བུའི་བླ་མ་ ནི། །གདུལ་བྱའི་བུང་བ་མང་ཡང་རིང་དུ་སྤང༌། །དད་ལྡན་ལོག་ལམ་ངན་འགྲོར་འཁྲིད་པས་ན། །ཐར་ལམ་འདོད་པས་ནམ་ཡང་བསྟེན་མི་བྱ། །ཞེས་གདམས་ཏེ། འདི་ལྟར་སྡོམ་པ་དང་དམ་ཚིག་ཉམས་ཤིང་སྙིང་རྗེ་དང་ཐོས་པ་ཆུང་བ། ལེ་ལོ་དང་ང་རྒྱལ་ཆེ་བ། ཀོ་ལོང་དང་དུག་ལྔ་རགས་པ། ཚེ་འདིའི་འཁོར་དང་ཡོ་བྱད་དང་གྲགས་པ་དོན་དུ་གཉེར་བ། དབེན་པར་གནས་ཀྱང་འདུ་འཛི་དང་ཉོན་མོངས་པའི་ཆར་འབབ་པ། ཕྱི་མ་རྒྱང་རིང་དུ་འཕངས་པ། རང་ལས་གཞན་པའི་ཆོས་དང་གང་ཟག་ཐམས་ཅད་ལ་སྐུར་པ་འདེབས་པ། ངག་ཏུ་ཆོས་ལྟར་མཁས་མཁས་ལྟར་སྟོན་ཡང༌། དོན་ལ་རང་གི་སེམས་ལ་མི་ཕན་པས། ཚིག་དང་དོན་དུ་འཛོལ་བས་ཟོག་པོའི་རིགས་ཞེས་བྱ་སྟེ། མི་གཙང་བ་ཕྱི་སའི་ཕུང་པོ་ལྟ་བུའི་ཚོགས་མ་བསགས་པའི་འཁོར་སྦྲང་བུ་ལྟ་བུ་མང་དུ་འདུ་ཡང༌། དད་ལྡན་ཐར་པ་འདོད་པ་དག་ངན་འགྲོར་འཁྲིད་པས་ན་རིང་དུ་སྤོངས་ཤིག་ཅེས་པ་སྟེ། སངས་རྒྱས་མཛོད་ཀྱི་མདོ་ལས། འཇིག་རྟེན་གྱི་དགྲས་ནི་སྲོག་ཙམ་ཕྲོགས་ཏེ་ལུས་འདོར་བ་ཙམ་དུ་ཟད་ཀྱི་ངན་འགྲོར་ལྟུང་བར་མི་བྱེད་དོ། །མི་གཏི་མུག་ཅན་ལོག་པའི་ལམ་ལ་ཞུགས་པས་ནི་དགེ་བ་དོན་དུ་གཉེར་བ་རྣམས་བསྐལ་པ་སྟོང་གི་བར་དུ་དམྱལ་བར་འཁྲིད་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོ་དང་མཚན་མའི་ཆོས་ལ་སྤྱོད་ཅིང༌། ཕྱིན་ཅི་ལོག་གི་ཆོས་བསྟན་པའི་ཕྱིར་རོ། །འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་སྲོག་བཅད་པ་པས་ལོག་པར་འཁྲིད་པའི་ཆོས་བསྟན་ན་སྡིག་པ་ཆེའོ་ཞེས་པ་སྨྲའོ་ཞེས་སོ། ། «སྡིག་ལ་སྦྱོར་བའི་མཛའ་གྲོགས་སྤང་བ་ནི།» ཞར་ལ་སྡིག་པའི་གྲོགས་པོ་སྤང་བར་གདམས་པ། སྡིག་པའི་གྲོགས་པོ་དེ་ཡང་སྤང་བྱ་སྟེ། །ཇི་ཙམ་འགྲོགས་པ་དེ་ཙམ་སྡིག་པ་འཕེལ། །དགེ་བ་འགྲིབ་ཅིང་ཉོན་མོངས་ཆར་བཞིན་འབབ། ། བདེ་འགྲོ་འགོག་ཅིང་ངན་འགྲོའི་འབབ་སྟེགས་ཏེ། །དམ་པ་སྨོད་ཅིང་དཀར་པོའི་ཆོས་ལ་སྡང༌། །ངན་པ་བསྟོད་ཅིང་ནག་པོའི་ཆོས་ལ་བརྟེན། །སྐལ་མཉམ་མི་དགེ་སྤྱོད་རྣམས་བསྔགས་པ་སྟེ། །རྟག་ཏུ་ལོག་ལམ་ངན་འགྲོར་འཁྲིད་པས་ན། །བློ་མིག་ལྡན་པས་རིང་དུ་སྤང་བར་བྱ། །ཇི་ལྟར་བསྟེན་པ་ལྟར་སྡིག་པ་འཕེལ་ཞིང་སྡིག་པ་བྱེད་པ་རྣམས་ལ་བརྟེན། དེ་དག་གི་བསྔགས་པ་བརྗོད། དགེ་བ་རིང་དུ་སྤོང་བ་དེ་དག་གིས་ངན་འགྲོར་ལྟུང་བས་སྤང་དགོས་ཏེ། དཀོན་བརྩེགས་ལས། སྡིག་པའི་གྲོགས་པོ་གང་ཞེ་ན། དགེ་བ་འགྲིབ་ཅིང་མི་དགེ་བ་ལ་སྦྱོར་བ་གང་ཡིན་པ་སྟེ། དེ་བསྟེན་པར་མི་བྱ། བསྙེན་པར་མི་བྱ། མཐོང་བར་ཡང་མི་བྱའོ་ཞེས་པ་དང༌། ཉན་ཐོས་གང་དག་བདག་ཕན་བརྩོན་པ་དང༌། །བདག་གི་དོན་དུ་གཞན་ཕན་རྣམ་པར་སྤོང༌། །གང་གིས་བསྟེན་པ་ཟང་ཟིང་ཀུན་སྡུད་ཀྱིས། །ཆོས་ཀྱིས་ནམ་ཡང་སྡུད་པར་མི་བྱེད་པ། །དེ་ནི་བཤེས་གཉེན་ངན་དང་གྲོགས་ངན་དུ། །རྒྱལ་བས་གསུངས་ཏེ་ཐག་བསྲིངས་ཡོངས་སུ་སྤང༌། །ཞེས་སོ། ། «བཤེས་དང་གྲོགས་ངན་སྤངས་པའི་ཕན་ཡོན་ནི།» དེ་དག་སྤངས་ཤིང་མ་བསྟེན་པའི་ཕན་ཡོན། སྡིག་པའི་བཤེས་གཉེན་གྲོགས་བཅས་སྤངས་པ་ཡིས། །འདི་ཕྱིར་བདེ་ཞིང་ལེགས་པའི་ཡོན་ཏན་འགྲུབ། །རྟག་ཏུ་དགེ་འཕེལ་ཐར་ལམ་ཟབ་མོ་ཟིན། སྐྱེ་བོ་ངན་པ་ནམ་ཡང་མི་མཐོང་ཞིང༌། །བདེ་གཤེགས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། བདག་ལ་དགོངས་ཤིང་བྱིན་གྱིས་རློབ་པར་མཐོང༌། །བདེ་བར་ཚེ་ཡི་དུས་བྱེད་མཐོ་རིས་འགྲོ། །དེ་སོགས་བསམ་གྱིས་མི་ཁྱབ་ཡོན་ཏན་ལྡན། །ཞེས་པ་སྟེ། ཁྲི་བརྒྱད་སྟོང་པ་ལས། རབ་འབྱོར། དེ་ལ་སྡིག་པའི་གྲོགས་པོ་སྤངས་པའི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་བོ། །རྟག་ཏུ་དགེ་བ་བྱེད་པ་ཡིན། དེ་བཞིན་གཤེགས་པ་རྣམས་མཐོང་བ་ཡིན། བདེ་བར་ཚེའི་དུས་བྱེད་པ་ཡིན། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བ་ཡིན། སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བ་ཡིན། རྒྱུན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་དུ་བྱེད་པ་ཡིན་ནོ་ཞེས་སོ། ། «དེ་དག་གི་དོན་བསྡུ་བ་ནི།» དེའི་རྗེས་ཐོགས་སུ། དགེ་བའི་གྲོགས་པོ་དམ་པ་རྟག་ཏུ་བསྟེན། །དེ་དག་གིས་ནི་དགེ་བའི་ལས་འཕེལ་ཞིང༌། །སྡིག་དང་ཉོན་མོངས་འགྲིབ་ལ་ཉེས་པ་འགོག །སྲིད་ལས་མཐར་འབྱིན་མངོན་མཐོ་ངེས་ལེགས་འགྲུབ། །ཚེ་འདིར་བདེ་ཞིང་ཕྱི་མ་འབྲས་དང་བཅས། །རྟག་ཏུ་དོན་ཡོད་ལྷ་མའི་འདྲེན་པར་འགྱུར། །འདི་ལྟར། འདུལ་བ་ལུང་ལས་ཀྱང༌། ཚངས་པ་མཚུངས་པར་སྤྱོད་པ་ནི་གྲོགས་དམ་པ་སྟེ་ཚངས་པར་སྤྱོད་པ་མཐར་ཕྱིན་ཞིང་དགེ་བའི་རྩ་བ་སྤེལ་བས། རྣམ་པར་གྲོལ་བའི་རྒྱུར་མཐུན་པའི་ཕྱིར་ཚེ་དང་ལྡན་པ་དག་གིས་གུས་པ་དང་བཅས། ཞེ་ས་དང་བཅས། འཇིགས་པ་དང་བཅས་པས་བསྟེན་དགོས་སོ་ཞེས་པ་དང༌། ཆོས་དྲན་འགྲོ་བའི་མདོ་ལས། དགེ་བའི་གྲོགས་ལ་བརྟེན་པས་ནི་དྲན་པ་དང་ཤེས་བཞིན་རྣམ་པར་དག་ཅིང༌། དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་སོ། ། «དགེ་བའི་བཤེས་གྲོགས་བསྟེན་པར་གདམས་པ་ནི།» འདི་ལྟར། དགེ་བའི་བཤེས་དང་དགེ་གྲོགས་བསྟེན་པ་ཡིས། །དགེ་ཚོགས་འཕེལ་ཞིང་འབྲས་བུ་བདེ་བ་འཐོབ། ། སྲིད་ན་མི་འཇིགས་ཕན་བདེ་དཔག་མེད་ཅིང༌། །འགྲོ་བའི་དོན་གཉིས་འབྱོར་པ་མཐའ་ཡས་འགྲུབ། །འདི་ནི་རྣམ་འདྲེན་རྒྱལ་བའི་སྤྲུལ་པ་སྟེ། །སྙིགས་མའི་དུས་སུ་དེ་ལྟར་སྣང་བ་ཡིན། །དེ་ལས་ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །སྐྱེ་བོ་དམ་པ་རྣམས་ལ་བརྟེན་པར་བྱ། །ཇི་སྐད་དུ། ཏིང་ངེ་འཛིན་མཆོག་དམ་པའི་མདོ་ལས། རིགས་ཀྱི་བུ། དེ་ཡང་ཕྱི་མའི་ཚེ་ཕྱི་མི་དུས་ན་ང་ཉིད་དགེ་བའི་བཤེས་གཉེན་དུ་སྤྲུལ་ནས་ཏིང་ངེ་འཛིན་འདི་དག་སྟོན་པར་འགྱུར་ཏེ། དེའི་ཕྱིར་དགེ་བའི་བཤེས་གཉེན་ནི་ཁྱོད་ཀྱི་སྟོན་པ་ཡིན་པས། ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བསྟེན་ཅིང༌། བཀུར་སྟི་དང་རིམ་གྲོ་གྱིས་ཤིག་ཅེས་སོ། ། «ཚུལ་བཞིན་བསྟེན་པའི་ཡོན་ཏན་བཤད་པ་ནི།» དེའི་ཡོན་ཏན་ནི། དེ་ཡིས་དག་སྣང་ཕྱོགས་མེད་འཆར་བ་དང༌། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་འབྱོངས་ཤིང༌། ། ཉམས་དང་རྟོགས་པ་རང་བཞིན་གོང་དུ་འཕེལ། །གཞན་དོན་དཔག་མེད་ཅི་བསམ་ཆོས་བཞིན་འགྲུབ། ཇི་སྐད་དུ། གཙུག་ན་རིན་ཆེན་གྱིས་ཞུས་པའི་མདོ་ལས། ལྷའི་བུ། འདི་ལ་དགེ་བའི་བཤེས་གཉེན་བསྟེན་ཅིང་བཀུར་སྟི་བྱས་པས་ནི་ཐམས་ཅད་དུ་སངས་རྒྱས་ཀྱི་ཞིང་དག་པ་མཐོང་བ་ཡིན་ནོ། །སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་དམ་པ་འཐོབ་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མི་འབྲལ་བ་ཡིན་ནོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པ་འགྲུབ་པ་ཡིན་ནོ། །རེ་བ་ཐམས་ཅད་ཡོངས་སུ་རྫོགས་པ་འཐོབ་པ་ཡིན་ནོ། །ཞེས་སོ། ། དེ་དག་གིས་བླ་མའི་རང་བཞིན་ཤེས་པར་བྱ་བ་བསྟན་ཏོ། ། « སྤྱི་དོན་ལྔ་པ་སྤང་བླང་ཤེས་ནས་དངོས་གྲུབ་བླང་ཚུལ་ལ། བསྒྲུབ་པའི་ཚུལ། བསྙེན་པའི་ཚུལ། ལས་ཚོགས། བྱེ་བྲག་གི་རིམ་པ། ཕན་ཡོན་དང་ལྔ་ལས། དང་པོ་བསྒྲུབ་པའི་ཚུལ་ནི།» ད་ནི་ཤེས་ནས་དངོས་གྲུབ་བླང་བའི་ཚུལ་བཤད་པ། ཇི་ལྟར་སྒོམ་ཞིང་གསོལ་བ་གདབ་པ་ནི། རྒྱུན་དུ་ཚོགས་བསགས་སྒྲིབ་པ་སྦྱོང་བ་ལ། །ཉིན་མོ་སྤྱི་གཙུག་མཚན་མོ་སྙིང་ནང་དུ། །རྩ་བའི་བླ་མ་གང་མོས་ཡི་དམ་དང༌། །མཁའ་འགྲོ་གཉིས་མེད་མཚན་དཔེས་བརྒྱན་པའི་མཐར། །བརྒྱུད་པའི་བླ་མ་དཔའ་བོ་མཁའ་འགྲོས་བསྐོར། །ཡིད་ཀྱིས་མཆོད་ཅིང་འདོད་དོན་གསོལ་བ་གདབ། དེའང་ཀུན་འདུས་རིན་པོ་ཆེའི་རྒྱུད་ལས། གང་གིས་བསྐལ་པ་འབུམ་ཕྲག་ཏུ། །ལྷ་སྐུ་འབུམ་ཕྲག་བསྒོམས་པ་པས། །བླ་མ་ཅུང་ཟད་དྲན་པ་མཆོག །བསོད་ནམས་འདི་ནི་ཕ་མཐའ་ཡས། ། ཞེས་གསུངས་པའི་དོན་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མན་ངག་ཏུ་བསྡེབས་ཏེ་བཤད་པ་ལས་ཇི་ལྟ་བ་བཞིན་དགོད་པར་བྱ་ན། རྒྱུན་དུ་གསོལ་བ་འདེབས་པ་ན་བླ་མ་ཡི་དམ་མཁའ་འགྲོ་གསུམ་དུ་བསྒྲིལ་ནས་སྒྲུབ་པ་ཡིན་ཏེ། བླ་མས་བྱིན་གྱིས་རློབ། ཡི་དམ་གྱིས་མཆོག་གི་དངོས་གྲུབ་སྟེར། མཁའ་འགྲོས་བར་ཆད་སེལ་ཞིང་གཙོ་ཆེར་ཐུན་མོང་གི་དངོས་གྲུབ་འགྲུབ་པའོ། ། དེའང་སྟན་བདེ་བ་ལ་འདུག་སྟེ། སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་ནས་སྟོང་པའི་ངང་ལས། རང་ཉིད་ཡི་དམ་གང་མོས་སུ་ཝལ་གྱིས་བསྐྱེད་པའི་སྤྱི་གཙུག་ཏུ་སེང་གེ་པདྨ་ཉི་ཟླའི་སྟེང་དུ། རྩ་བའི་བླ་མ་འོད་དང་གཟི་བརྗིད་འབར་བའི་མཐར་བརྒྱུད་པའི་བླ་མ་དང་ཆོས་འབྲེལ་ཡོད་ཚད་ཀྱིས་བསྐོར་བ། མཁའ་འགྲོའི་སྤྲིན་ཕུང་འཐིབས་པར་བསྒོམས་ལ། སྤྲོས་པ་ལ་དགའ་ན་ཡེ་ཤེས་པ་སྤྱན་དྲང་བ་དང༌། མཆོད་ཅིང་བསྟོད་པ་དང༌། སྡིག་པ་བཤགས་པ་རྣམས་བྱའོ། །བསྡུ་ན། བླ་མ་སངས་རྒྱས་རིན་པོ་ཆེ། །ཡི་དམ་མཁའ་འགྲོའི་ཚོགས་བཅས་ལ། །གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །ཕྱི་ནང་གསང་བའི་མཆོད་པས་མཆོད། །སྡིག་པ་མ་ལུས་སོ་སོར་བཤགས། །དགེ་བ་ཀུན་ལ་ཡི་རང་ཞིང༌། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདར་གསོལ་བ་འདེབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བགེགས་དང་ལོག་འདྲེན་བར་ཆད་སོལ། །རྫོགས་པའི་བྱང་ཆུབ་འགྲུབ་པར་ཤོག །ཅེས་པ་ལན་གསུམ་བརྗོད་དོ། ། «གཉིས་པ་བསྙེན་པའི་ཚུལ་ནི།» དེ་ནས་སྔགས་བཟླས་པར་འདོད་ན། མཚན་དེ་རྒྱ་སྐད་ཐོག་མར་ཨོཾ་སྦྱིན་ཞིང༌། ཐ་མར་ཨཱཿཧཱུྃ་གང་འདོད་ཤམ་བུར་གདགས། དེ་ཡང་ཨོཾ་ཨཱཿཧཱུྃ་གསུམ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོར་ཡེ་ནས་ལྷུན་གྱིས་གྲུབ་པས་ན། དེའི་སྒྲོམས་སུ་བཅུག་ནས་བཟླ་སྟེ། བླ་མའི་མཚན་རྒྱ་སྐད་དུ་བསྒྱུར་ཤེས་ན་བསྒྱུར། མ་ཤེས་ན་དེ་རང་བཅུག་ནས་གང་འདོད་ཤམ་བུར་གདགས་སོ། །དེའང་ཞི་བ་ལ་ཤཱནྟིངྐུ་རུ་ཡེ་སྭཱ་ཧཱ། རྒྱས་པ་ལ་པུཥྟིངྐུ་རུ་ཡེ་སྭཱ་ཧཱ། དབང་ལ་ཝ་ཤངྐུ་རུ་ཡེ་སྭཱ་ཧཱ། དྲག་པོ་ལ་མཱ་ར་ཡ་ཕཊ། དཔེར་ན། ཨོཾ་བཛྲ་གུ་རུ་པདྨ་སམྦྷཱ་ཝ་ཨཱཿཧཱུྃ་ཀརྨ་པུཥྟིངྐུ་རུ་ཡེ་སྭཱ་ཧཱ་ཞེས་པ་ལྟ་བུའོ། །དེའང་ཕྱི་ལྟར་ཞི་བ། ནང་ལྟར་ཕྱེད་མ། གསང་བ་ལྟར་དྲག་པོ་བསྒྲུབ་པ་སྟེ། སྤྲུལ་སྐུ་ལོངས་སྐུ་ཆོས་སྐུའི་དགོངས་པའོ། ། «གསུམ་པ་ལས་ཚོགས་ལ། ཞི་བ། རྒྱས་པ། དབང་དགུག» «།མངོན་སྤྱོད། དམིགས་པ། རྗེས་རྟགས་དང་བདུན་ལས། དང་པོ་ནི།» ད་ནི་ལས་ཚོགས་རྣམ་པ་བཞི་བསྟན་ཏེ། དེའང༌། ནད་གདོན་སྡིག་སྒྲིབ་ཞི་བར་འདོད་པ་ཡིས། །ཐམས་ཅད་དཀར་པོ་འོད་ཟེར་རབ་འཕྲོས་ པས། །མི་མཐུན་ཕྱོགས་ཞི་དངོས་གྲུབ་ཐོབ་པར་བསམ། །དེའང་ཞི་བའི་དུས་སུ་བླ་མ་རྣམས་དཀར་པོ་ལས་འོད་ཟེར་དཀར་པོ་འཕྲོས་པའི་རྩེ་ཐམས་ཅད་ལས་བླ་མ་ཡི་དམ་གྱིས་ནམ་མཁའ་གང་ཞིང༌། སྔགས་ཀྱི་སྒྲ་དི་རི་རི་བསྒྲགས་པས་ཞི་བའི་དངོས་གྲུབ་ཐོབ་པར་བསམ་མོ། ། «གཉིས་པ་ནི།» རྒྱས་པ་ལ། ཚེ་དཔལ་འབྱོར་སོགས་རྒྱས་པའི་ལས་འདོད་ པས། །སེར་པོ་འདོད་དགུའི་ཆར་པ་འབེབས་པར་བསམ། །ཐམས་ཅད་སེར་པོར་བསམས་ལ། ནོར་དང་ཚེ་ལ་སོགས་པའི་ཆར་བབ། རང་གི་གནས་ཁང་དང་ལུས་ལ་ཁྱབ་པར་བསམས་ལ་བཟླའོ། ། «གསུམ་པ་ནི།» དབང་དང་དགུག་པ་ལ་སོགས་དབང་རྣམས་ལ། ཐམས་ཅད་དམར་པོ་འོད་ཟེར་ལྕགས་ཀྱུའི་ཚུལ། །དེའང་དབང་དུ་བྱ་བ་དང༌། དགུག་པ་དང༌། གཞུག་པ་ལ་སོགས་པ་དབང་གི་ལས་ལ་ཐམས་ཅད་དམར་པོ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུས་གང་འདོད་དེ་དྲངས་ནས་རྐང་པའི་འོག་ཏུ་བསམས་ལ་སྔགས་བཟླའོ། ། «བཞི་པ་ནི།» དྲག་པོ་ལ། བགེགས་དང་གདོན་སོགས་ཚར་བཅད་མངོན་སྤྱོད་ལ། །ཐམས་ཅད་མཐིང་ནག་འོད་ཟེར་མཚོན་ཆ་འཕྲོ། །མེ་དཔུང་རྩིབས་སྟོང་འཁོར་ལོས་འཇོམས་པར་བསམ། །གདོན་བགེགས་ལ་སོགས་པའི་བར་ཆད་བྱུང་བ་ན། ཐམས་ཅད་མཐིང་ནག་ལས་འོད་ཟེར་མཚོན་ཆའི་ཚོགས་འཕྲོས་གདོན་བགེགས་རྡུལ་དུ་བྱས། གནས་དང་ནམ་མཁའི་དབྱིངས་སུ་མེའི་འཁོར་ལོ་རྩིབས་སྟོང་ལྡན་བསྣོལ་མར་འཁོར་བའི་བར་དུ་གནོད་བྱེད་བཀུག་ནས་དུམ་བུ་ཕྱེ་མར་བསམ་མོ། ། «ལྔ་པ་ནི། »ཁྱད་པར་དུ། སྔགས་བཟླས་སྟོང་གསུམ་གཡོ་འགུལ་ལྡེག་ཅིང་འཕར། །ལས་རྣམས་གྲུབ་ཅིང་ལྷག་པའི་བསྐྱེད་རིམ་བསྒོམ། །སྔགས་ཀྱི་རང་སྒྲས་འཇིག་རྟེན་ཐམས་ཅད་ཁྱོམ་ཁྱོམ་མེར་མེར་འུར་འུར་ཡོད་པར་བསྒོམས་ལ། ལས་བཞི་སོ་སོའི་ལྷག་པའི་བསྐྱེད་རིམ་བཞིན་བྱའོ། ། «དྲུག་པ་ནི། »དེ་ལྟར་བསྒོམས་པའི། རྗེས་རྣམས་རིམ་བསྡུ་མི་དམིགས་སྟོང་པའི་དང༌། །དར་ཅིག་གློད་ལ་དགེ་བ་བྱང་ཆུབ་བསྔོ། །དེ་ཡང་ཕྱི་སྣང་སྲིད་ཐམས་ཅད་ལྷའི་རྣམ་པ་ལ་བསྡུ། དེ་རང་ལ་བསྡུ། རང་སྤྱི་བོའི་བླ་མ་ལ་བསྡུ། དེའང་མི་དམིགས་པའི་ངང་ལ་བཞག་པ་ནི་རྫོགས་རིམ་ཙམ་དང༌། རྗེས་དགེ་བ་བྱང་ཆུབ་ཏུ་བསྔོ་བར་བྱའོ། །མཚན་མོ་ནི་སྙིང་གི་ནང་དུ་བསྒོམས་ནས་ཉལ་བས་འཁྲུལ་པའི་རྨི་ལམ་འོད་གསལ་དུ་འཆར་བའི་དགོས་པ་ཡོད་དོ། ། «བདུན་པ་ནི།» དེ་ལྟར་བསྒོམས་པས། སོ་སོའི་ལས་དང་རྗེས་མཐུན་རྟགས་རྣམས་འབྱུང༌། །འདི་ནི་ཟབ་ལམ་བདེ་ཆེན་རྒྱ་མཚོ་ཡིན། །དེའང་ནད་གདོན་ཞི་བའི་རྟགས་སུ་རྨི་ལམ་དུ་ཁྲུས་བྱེད་པ་དང༌། རྣག་ཁྲག་འཛག་པ་དང༌། གོས་དཀར་གྱོན་པ་ལ་སོགས་པ་དང༌། ཚེ་རྒྱས་པའི་རྟགས་སུ། འབྲུའི་ཕུང་པོ་དང༌། ལོ་ལེགས་པ་དང༌། ཉི་ཟླ་ཤར་བ་ལ་སོགས་པའོ། །ལོངས་སྤྱོད་འཕེལ་བའི་རྟགས་སུ། རིན་པོ་ཆེའི་ཆར་འབབ་པ་དང༌། བཙས་མ་བརྔ་བ་ལ་སོགས་ པའོ། །དབང་དུ་འདུས་པའི་རྟགས་སུ། མི་མང་པོས་ཕྱག་འཚལ་བ་དང༌། བསྟོད་པ་ལ་སོགས་པའོ། །གདོན་ཞི་བའི་བརྟགས་སུ། མེ་ཆེན་པོ་འབར་བ་དང༌། སེམས་ཅན་བསད་ཅིང་བཙོས་པ་དང༌། འཁྲུག་པ་ལས་རྒྱལ་བ་ལ་སོགས་པའོ། །དངོས་སུ་ནི་གང་འདོད་པ་དེའི་ཕྱོགས་དང་མཐུན་ངེས་པ་འབྱུང་བ་ཡིན་ནོ། ། «བཞི་པ་བྱེ་བྲག་གི་རིམ་པ་ལའང་དྲུག་ལས། ཞིང་སྤྲུལ་པ་ནི།» ད་ནི་བྱེ་བྲག་གི་རིམ་པ་བཤད་པ་ལས། ཁྱད་པར་ནད་གདོན་བར་ཆད་འཆི་བླུའི་ཚེ། །མདུན་གྱི་ནམ་མཁའ་པད་སྡོང་སེང་གེའི་ཁྲི། །མི་འཇིགས་ཡངས་པ་ཅན་སྟེང་བླ་མ་དང༌། །སངས་རྒྱས་དབྱེར་མེད་འཛུམ་མདངས་ལྡན་པ་ལ། །བརྒྱུད་པའི་བླ་མ་བྱང་སེམས་མཁའ་འགྲོས་བསྐོར། །འོག་ཏུ་རིགས་དྲུག་ལན་ཆགས་སྙིང་རྗེའི་མགྲོན། ། དུས་གསུམ་ཕ་མ་འཁོར་བའི་སེམས་ཅན་བསམ། །དེའང་འཆི་ལྟས་སམ། གདོན་ནམ་ནད་ཚབས་པོ་ཆེའི་ཚེ་མདུན་གྱི་ནམ་མཁར་བླ་མ་དང་སངས་རྒྱས་དབྱེར་མེད་ལ་བརྒྱུད་པའི་བླ་མ་མཁའ་འགྲོའི་ཚོགས་གྱིས་བསྐོར་བའི་མདུན་ངོས་ཀྱི་འོག་ཏུ་འགྲོ་བ་རིགས་དྲུག་ཕ་མ་དང༌། གནོད་པའི་གདོན་བགེགས་དང་བཅས་པ་བསམས་ལ། ཡེ་ཤེས་པ་སྤྱན་དྲངས། མཆོད་པ་དང༌། བསྟོད་པ་མདོར་བསྡུས་བྱས་ལ། «རྫས་ཀྱི་སྤེལ་སྦྱང་ནི།» དེ་ནས། རང་སེམས་སྤྱི་གཙུག་ཧཱུྃ་འཐོན་དཔའ་བོའི་སྐུ། ། ཆུ་གྲི་ཐོད་པ་ཐོགས་པའི་རྣམ་པ་ཡིས། །ལུས་ཀྱི་ཐོད་པ་སྨིན་མཚམས་མཛོད་སྤུར་བཅད། །ཐོད་པའི་སྒྱེད་པུ་གསུམ་སྟེང་བཞག་པའི་ནང༌། །ལུས་ཀྱི་ཤ་ཁྲག་རུས་པས་ཁེངས་པ་ལ། །བདུད་རྩིའི་ཆར་བབ་འོག་ནས་མེ་འབར་ བས། །ཐོད་པ་སྟོང་གསུམ་དང་མཉམ་བདུད་རྩིའི་ཁེངས། །དེའང་རང་གི་སེམས་ཧཱུྃ་དཀར་པོ་སྤྱི་གཙུག་ནས་འཐོན་པས་དཔའ་བོ་དཀར་པོ་གཡས་རལ་གྲི་དང་གཡོན་ཐོད་པ་ཐོགས་པར་གྱུར་པའི་རལ་གྲིས་རང་གི་ལུས་དེའི་སྨིན་མཚམས་ནས་བྲེགས། ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ་བཞག །ལུས་དེའི་ཤ་ཁྲག་གིས་ཐོད་པ་ཁེངས་པའི་འོག་ནས་ཡཾ་ལས་རླུང་གཡོས། རཾ་ལས་མེ་འབར་བས་ཐོད་པ་ཁོལ་བར། སྟེང་ནས་བདུད་རྩིའི་རྒྱུན་བབ་པས་སྟོང་གསུམ་དང་མཉམ་པར་བསམ་མོ། ། «མགྲོན་འགྱེད་པ་ནི།» དེ་ནས། རང་སེམས་དཔའ་བོ་གྲངས་མེད་སྤྲུལ་པ་ཡིས། ། ཐོད་པས་ཐམས་ཅད་དུས་མཉམ་བདུད་རྩིའི་བཀྱེ། །ཞི་བའི་མགྲོན་མཉེས་ཚོགས་རྫོགས་དངོས་གྲུབ་ཐོབ། །སྲིད་པའི་མགྲོན་མཉེས་ཐོག་མེད་ལན་ཆགས་འཁོར། ཁྱད་པར་གང་གནོད་གདོན་མཉེས་བར་ཆད་ཞི། །ཐམས་ཅད་མཉེས་པའི་འོད་ཟེར་བདག་ལ་ཕོག །ནད་ཞི་གདོན་ཞི་བར་ཆད་རང་སར་ ཞི། །འཆི་བ་སླུས་ཤིང་དངོས་གྲུབ་ཐོབ་པར་བསམ། །དེའང་རང་ཉིད་མགྲོན་གྱི་གྲངས་དང་མཉམ་པའི་ལག་བདེ་བར་སྤྲུལ་ནས་མགྲོན་ཐམས་ཅད་དུས་གཅིག་ཏུ་མཆོད་པས་དགྱེས་ཏེ་སངས་རྒྱས་ལ་སོགས་པ་འཇིག་རྟེན་ལས་འདས་པ་མཉེས་དངོས་གྲུབ་རྣམ་པ་གཉིས་ཐོབ། རིགས་དྲུག་མཉེས་ལན་ཆགས་འཁོར། གདོན་མཉེས་བར་ཆད་ཞི། ཐམས་ཅད་དགྱེས་པའི་འོད་ཟེར་བདག་ལ་ཕོག་པས་ནད་གདོན་བར་ཆད་ཐམས་ཅད་ཞི་བར་བསམ་མོ། །བསྔོ་བ་བྱ་བ་ནི། དེ་ཡི། རྗེས་ལ་ཐམས་ཅད་མི་དམིགས་སེམས་ཀྱི་ངང༌། །སེམས་ཉིད་མི་དམིགས་ཆོས་དབྱིངས་མཉམ་པར་གཞག །སྒྱུ་མའི་རང་བཞིན་དག་ལས་བསྔོ་བ་བྱ། །དེའང་དེ་ལྟར་མགྲོན་དང་སྦྱིན་རྒྱུ་དང་སྦྱིན་པ་པ་ཐམས་ཅད་རང་གི་སེམས་ཡིན་པ་ལྟར། ཆོས་ཐམས་ཅད་རང་གི་སེམས་ཉིད་སྤྲོས་པ་དང་བྲལ་བའི་ངང་ལས་གཞན་མེད་པར་ཤེས་ནས་མཉམ་པར་གཞག་ཅིང་སྒྱུ་མ་ལྟ་བུའི་ངང་ལས་བསྔོ་བ་བྱའོ། ། «ཡོན་ཏན་བསྟན་པ་ནི། »རྣལ་འབྱོར་པ་ཀུ་ས་ལི་པ་རྣམས་ཀྱི་ནང་གི་ཚོགས་འཁོར་བཟང་པོ། འདིས་ནི་མི་མཐུན་རྐྱེན་རྣམས་ཞི་བ་དང༌། །ཚོགས་ཆེན་གཉིས་རྫོགས་སྒྲིབ་གཉིས་བྲལ་བ་སྟེ། །བྱིན་རླབས་ཚད་མེད་རྟོགས་པ་རྒྱུད་ལ་སྐྱེ། ། བདག་འཛིན་མེད་ཅིང་ངེས་འབྱུང་བློ་སྣ་ཐུང༌། །བསམ་པ་འགྲུབ་ཅིང་སྣང་སྲིད་བླ་མར་འཆར། །གནད་གཅོད་མེད་ཅིང་འཆི་ཀའི་འོད་གསལ་འགྲུབ། །བར་དོར་གྲོལ་ཞིང་དོན་གཉིས་ཕུན་སུམ་ཚོགས། །དེ་ཕྱིར་བླ་མ་སྒྲུབ་ལ་ནན་ཏན་བྱ། །ཞེས་གདམས་ཏེ། ཕན་ཡོན་གཞན་ཡང༌། ཉམས་ཆག་ཐམས་ཅད་སྐོང་བ་དང༌། ལྷ་མཆོད་པའི་མཆོག་ཏུ་འགྱུར་བ་དང༌། བདག་འཛིན་བློས་བཏང་བས་གཉིས་སུ་འཛིན་པའི་འཁྲུལ་པ་འཇིག་པ་ལ་སོགས་པ་དཔག་ཏུ་མེད་དོ།། «དེའི་རྒྱུ་མཚན་བསྟན་པ་ནི།» ད་ནི་ཕན་ཡོན་ཆེ་བའི་རྒྱུ་མཚན་འགོད་པ། གང་གིས་བསྐྱེད་རིམ་བསྐལ་པར་བསྒོམས་པས་ཀྱང༌། །བླ་མ་སྐད་ཅིག་དྲན་པ་མཆོག་ཏུ་གསུངས། །འཁོར་ལོ་ཆུབ་པ་རོལ་པའི་རྒྱུད་ལས། གང་གིས་བསྐལ་པ་བྱེ་བ་རུ། །ལྷ་ཡི་སྐུ་ནི་བསྒོམས་བྱས་པས། །མགོན་པོ་ཀུན་གྱི་དབང་ཕྱུག་ཆེ། །བླ་མ་དྲན་པ་མཆོག་ཏུ་བཤད། །ཅེས་སོ། ། «ལྔ་པ་ཕན་ཡོན་ལ་གཉིས་ཏེ། ཡོན་ཏན་ཀུན་གྱི་གཞིར་གྱུར་པས་བསྟེན་པར་འདོམས་པ་ནི།» དེ་ལྟ་བུའི་བླ་མ་བསྟེན་པར་གདམས་པ། དཔལ་ལྡན་འབྱོར་པ་དམ་པའི་གཞིར་གྱུར་པ། ། ཡོན་ཏན་ཡོངས་གང་ཕན་བདེའི་སྤྲིན་ཚོགས་ཅན། །ས་གསུམ་བདུད་རྩི་དམ་པའི་ཆར་འདོད་པས། །ཐུགས་རྗེའི་དད་ཅན་རྣམས་ལ་བརྟེན་པར་བྱ། །རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ནི་རང་དང་གཞན་གྱི་དཔལ་དམ་པ་སྟེ། འཆི་བ་མེད་པའི་ཆོས་ཀྱི་འབྱོར་པས་འགྲོ་བ་སྐྱོབ་ཅིང་ཡོན་ཏན་མཐའ་ཡས་པ་མངའ་བ། ཕན་པ་དང་བདེ་བའི་སྤྲིན་མང་པོ་ལས་ཁམས་གསུམ་དུ་ཆོས་ཀྱི་ཆར་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་དེ་ཐོབ་པར་འདོད་པ་དེས་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། །དེ་སྐད་དུ། ཡུམ་བར་མ་ལས། རབ་འབྱོར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པས་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ་ཞེས་པ་དང༌། སྡུད་པར། བླ་མ་མཁས་པ་དག་ལ་རྟག་ཏུ་བརྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང༌། །ཞེས་ སོ། །འཁོར་ལོ་གསུམ་ནི་བཅོམ་ལྡན་འདས་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་དུ་ཆོས་མ་གསུངས་སོ། །བདུན་ཕྲག་དང་པོ་ལ་སྐྱིལ་མོ་ཀྲུང་མ་ བཤིག །གཉིས་པ་ལ་སྙིང་པོ་བྱང་ཆུབ་ཀྱི་ཤིང་ལ་གཟིགས། གསུམ་པ་ལ་འཛམ་གླིང་ཉེ་བར་བཅགས། བཞི་པ་ལ་སྟོང་གསུམ་རིང་དུ་བཅགས། ལྔ་པ་ལ་ཀླུའི་རྒྱལ་པོ་བཏང་བཟུང་གི་གནས་སུ་གཤེགས། དྲུག་པ་ལ་ཤིང་སྒྲོལ་རྒྱུའི་ཚལ་དུ་བཞུགས་ཏེ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། ། བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཡང་གོ་བར་མི་འདུག་པས། །མི་སྨྲ་གཅིག་པུར་ནགས་ཀྱི་ནང་དུ་གནས། །ཞེས་གསུངས་ཤིང་བཞུགས་པ་ལ། ཚོང་པ་ག་གོན་དང་བཟང་པོས་སྦྲང་རྩི་ཕུལ་བས་གསོལ་བའི་སྣོད་མ་རྙེད་ནས། རྒྱལ་པོ་བཞིས་རྡོའི་ལྷུང་བཟེད་བཞི་དུས་གཅིག་ལ་ཕུལ་བ་གཅིག་ཏུ་བྱིན་གྱིས་བརླབས་ཏེ་གསོལ་ནས་ཤིས་པ་བརྗོད་པ་ཙམ་གསུངས། བདུན་པ་ལ་ཚངས་པ་དང་བརྒྱ་བྱིན་གྱིས་གསོལ་བ་བཏབ་པས། དེ་ནས་ཝཱ་རཱ་ཎ་སིར་བྱོན་ནས་ལྔ་སྡེ་བཟང་པོ་ལྷ་བརྒྱད་ཁྲི་དང་བཅས་པ་ལ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར། དེ་ནས་བྱ་རྒོད་ཕུང་པོའི་རི་ལ་ཕྱོགས་བཅུ་ནས་ལྷགས་པའི་སེམས་དཔའ་དང༌། འཁོར་རྣམ་པ་བཞི་དང༌། ལྷ་དང་ཀླུ་ལ་སོགས་པ་ལ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར། དེ་ནས་ལྷའི་གནས་དང༌། ཀླུའི་གནས་དང༌། གྲོང་ཁྱེར་ཀུ་མུ་ད་གསལ་བྱིན་ལ་སོགས་པར་ངེས་པ་དོན་གྱི་འཁོར་ལོ་འཁོར་ངེས་མེད་སྣ་ཚོགས་ལ་གསུངས་ཏེ། དེ་དག་ཀྱང༌། དབང་པོ་ཆུང་ངུ༌། འབྲིང༌། ཆེན་པོའམ། དང་པོ་འཇུག་པའི་གཞི། བར་དུ་ཞུགས་པའི་ལམ། ཐ་མར་དོན་གྱི་སྙིང་པོ་གསུམ་ལ་དགོངས་ནས། སྡེ་སྣོད་གསུམ་བརྗོད་བྱེད་དང༌། བསླབ་པ་གསུམ་བརྗོད་བྱའི་ཚུལ་དུ་རིམ་པས་གསུངས་སོ། །སློབ་དཔོན་ཁ་ཅིག་འཁོར་ལོ་གསུམ་པོ་དུས་གཅིག་ལ་བསྐོར་ཏེ། གང་ཟག་སོ་སོའི་སྣང་བ་ལ་དེ་ལྟར་བྱུང་ངོ་ཟེར་བའང་ཡོད་མོད་ཀྱི་མདོ་སྡེ་རྣམས་ནས་ལོ་སོ་སོར་བཤད་པས་མི་འགྲིག་པར་སྣང་ངོ༌། །དེའང་བྱེ་བྲག་བཤད་མཛོད་ཆེན་མོ་ལས་ལོ་བརྒྱད་ཅུར་འདོད་ལ། མྱ་ངན་ལས་འདས་པ་ལས་བརྒྱད་ཅུ་དང་ཟླ་བ་གསུམ་དུ་འདོད་དེ། མཆོད་རྟེན་བརྒྱད་པ་ལས། ཙུནྡས་གསོལ་བ་བཏབ་ནས་ཟླ་གསུམ་ན། །མྱ་ངན་འདས་མཛད་མཆོད་རྟེན་ཕྱག་འཚལ་ལོ། །ཞེས་འདོད་དོ། །སློབ་དཔོན་ཁ་གཅིག་བརྒྱད་ཅུ་རྩ་གཉིས་ཀྱང་ཟེར་ལ། ངེས་པར་ཟླ་བ་གསུམ་དང་བརྒྱད་ཅུར་མདོ་དུ་མ་ལས་གསུངས་སོ། །དེའང་བརྒྱད་ཅུ་ནི་བཤད་མཛོད་ལས། ཆོས་འཁོར་གནས་དང་ཡངས་པ་ཅན། །ས་དཀར་ཅན་དང་ལྷ་ཡི་གནས། །བྱིས་པ་གསོད་དང་ཀཽ་ཤམྦྷི། ། འབྲོག་གནས་མཆོད་རྟེན་རི་དང་ནི། །འོད་མའི་ཚལ་དང་དགྲར་བཅས་ དང༌། །སེར་སྐྱ་ཡི་ནི་གྲོང་ཁྱེར་ཏེ། །འདི་རྣམས་སུ་ནི་ཐུབ་པ་ཡི། །སྐྱེས་མཆོག་ལོ་རེ་ལོ་རེ་བཞུགས། །འབར་བའི་ཕུག་གི་གནས་སུ་གཉིས། །སྨན་གྱི་ནགས་སུ་ལོ་གསུམ་དང༌། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། །དཀའ་བ་སྤྱད་པ་ལོ་དྲུག་དང༌། །ཉི་ཤུ་རྩ་གསུམ་མཉན་ཡོད་དུ། །ཉི་ཤུ་རྩ་དགུ་ཁབ་གནས་ ཏེ། །དེ་ལྟར་རྒྱལ་བ་བརྒྱད་ཅུ་ལ། །ཐུབ་མཆོག་དམ་པ་མྱ་ངན་འདས། ། ཐམས་ཅད་མཁྱེན་པས་བཞུགས་པ་ཡི། བསོད་ནམས་གནས་ནི་དེ་དག་ལ། ། རྟག་ཏུ་ལུས་དང་ངག་དང་ཡིད། །གུས་པས་བཏུད་དེ་ཕྱག་འཚལ་ལོ། །ཞེས་སོ། ། «སྔོན་བྱུང་གི་ཚུལ་བཞིན་བསྟན་པར་གདམས་པ་ནི། »འདི་ལྟར། ཐོག་མེད་དུས་ནས་ཉེ་བར་གོམས་པ་ཡི། །ཡིད་མཁའི་ཉོན་མོངས་གདུང་བ་ཞི་བྱའི་ཕྱིར། །ནོར་བཟང་རྟག་ཏུ་ངུ་བཞིན་ཆོས་འཚོལ་བས། །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་གཉེན་བསྟེན། །དེའང་ལས་དང་ཉོན་མོངས་པ་མེད་པར་མ་གྱུར་གྱི་བར་དུ་དེ་དག་ཞི་བར་བྱ་བའི་ཕྱིར་རང་བས་ལྷག་པའི་བླ་མ་བསྟེན་དགོས་ཏེ་ཡོན་ཏན་ལྷག་པར་ཐོབ་པར་བྱ་དགོས་པའི་ཕྱིར་རོ། །ཚུལ་ཡང༌། གྲོང་ཁྱེར་སྐྱིད་པའི་འབྱུང་གནས་ཀྱི་ཚོང་དཔོན་ནོར་རབ་ཏུ་བརྟན་པའི་བུ་ནོར་བཟངས་ཀྱིས་ལྷོ་ཕྱོགས་ཀྱི་རྒྱུད་ནས་ལྷོ་ཕྱོགས་ཀྱི་རྒྱུད་ཀུན་དུ་སོང་སྟེ་རྟག་ཏུ་ཆོས་འཚོལ་བས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པས་ལུང་སྟོན་ཅིང་བྱིན་གྱིས་རློབ་པའི་བླ་མ་ལྔ་བཅུ་རྩ་བཞི། དེ་དག་གིས་གདམས་པས་རྗེས་སུ་བསྟན་པའི་བླ་མ་ལྔ་བཅུ་རྩ་བཞི་སྟེ་བརྒྱ་རྩ་བརྒྱད་བསྟེན་པའམ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཚོལ་བའི་ཚེ་ལུས་བཙོངས་ཏེ། ཚོང་དཔོན་གྱི་བུ་མོ་ལྔ་བརྒྱ་དང་ལྷན་ཅིག་ཏུ་ཤིང་རྟར་ཞུགས་ཏེ་ཤར་ཕྱོགས་སུ་གྲོང་ཁྱེར་སྤོས་ལྡན་དུ་སོང་ནས། བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་མཆོད་ནས་བསྙེན་བཀུར་བ་བཞིན་བྱའོ། ། «སྤྱི་དོན་དྲུག་པ་ནི།» ད་ནི་དགེ་བ་སེམས་ཅན་ལ་བསྔོ་བ། དེ་ལྟར་དོན་སྤྱོད་དབང་པོའི་རྒྱུད་སྟོང་ལྡན། །སྐལ་བཟང་རྣ་བའི་བདུད་རྩིར་ལྷུང་བ་ལས། །ཉེས་གྱུར་ལོག་པའི་ལམ་ལ་བརྟེན་པ་ཡིས། །དུབ་པའི་སེམས་ཉིད་དེ་རིང་ངལ་སོས་ཤིག །ཡང་དག་པའི་དགེ་བའི་བཤེས་གཉེན་བསྟན་པའི་རབས་ལས་བྱུང་བའི་ཕྲེང་བ་བཀོད་ལེགས་པ་ནི། དོན་སྤྱོད་པ་སྟེ། པདྨ་སྤུངས་པར། སྦྱིན་པའི་གཡབ་མོས་ལེགས་བོས་ཏེ། །སྙན་པར་སྨྲ་བའི་ཚིག་གིས་བསུ། །དོན་མཐུན་པ་ཡིས་བག་ཕབ་སྟེ། །དོན་སྤྱོད་གྲོས་ཆེན་གདབ་པར་བྱ། །ཞེས་པའི་ཚུལ་ལྷའི་དབང་པོའི་རྒྱུད་སྟོང་སྦྲེངས་པའི་དབྱངས་ལས་ཆེས་ལྷག་པ་གང་གིས་བསྙད་པ་སྐྱེ་དགུ་སྐལ་བ་རབ་ཏུ་བཟང་པོའི་རྣ་བར་ལྷུང་བའི་བསོད་ནམས་དམ་པས་འགྲོ་བ་ཡུན་རིང་མོ་ཞིག་ཏུ་ཉེས་པའི་བཤེས་གཉེན་ངན་པ་ལ་བརྟེན་ནས་འཁོར་བར་དུབ་པའི་ཚོགས་རྣམས་ལྷ་དང་མིའི་བླ་མ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐྱེད་མོས་ཚལ་ཡིད་བཞིན་གྱི་སྤྲིན་དུ་ངལ་སོས་པར་ཤོག་ཅིག་ཅེས་པའོ། །ཡང་དག་མ་ཡིན་བཤེས་གཉེན་དེ་བསྟེན་པས། །ཡུན་རིང་སྲིད་པར་ཉེས་པའི་ཚོགས་མང་པོས། །རང་གི་སེམས་འདི་དུབ་པའི་འགྲོ་བ་ རྣམས། །བདེ་ཆེན་རྒྱལ་བའི་ས་ལ་བརྟེན་པར་ཤོག །སེམས་དམན་ཐེག་པ་ཆུང་ལ་ཞུགས་གྱུར་ཏེ། རང་ཉིད་གཅིག་པུ་ཞི་བདེའི་ལམ་ཞུགས་པ། །དེ་དག་རྒྱལ་སྲས་དམ་པའི་རྗེས་ཞུགས་ཏེ། །ཐེག་ཆེན་ལམ་ཞུགས་སྐྱེ་དགུའི་བླ་མར་ཤོག །གང་རྣམས་ཟླ་བ་ཉ་འདྲའི་སྐུ་མངའ་བ། །ལྷར་བཅས་རྒྱུ་སྐར་ཕྲེང་བའི་དབུས་ན་མཛེས། །ཕན་བདེའི་འོད་དཀར་ཉོན་མོངས་གདུང་སེལ་བ། །གང་དེའི་དཔལ་ལ་འགྲོ་ཀུན་རེག་པར་ཤོག །རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། དགེ་བའི་བཤེས་གཉེན་བསྟེན་པའི་ལེའུ་སྟེ་ལྔ་པའི་འགྲེལ་ བའོ།། །། «༄༅། །དེ་ལྟར་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན་པའི་དགོས་པ། ཐེག་པ་ཆེན་པོའི་ལམ་མཐའ་དག་གི་ཐོག་མའམ་གཞི་རྟེན་དུ་གྱུར་པ། དྲུག་པ་སྐྱབས་སུ་འགྲོ་བའི་ལེའུ་ལ་གསུམ་སྟེ། ཐེག་པ་ཆེན་པོའི་ལམ་ལ་འཇུག་ཚུལ་བསྟན་པ། བྱེ་བྲག་ཏུ་སྐྱབས་སུ་འགྲོ་བ་དངོས་དང༌། སྐབས་ཀྱི་དགེ་བ་བསྔོ་བའོ། །སྤྱི་དོན་དང་པོ་ཐེག་ཆེན་གྱི་ལམ་ལ་རིམ་གྱིས་འཇུག་ཚུལ་ནི།» ད་ནི་ཐེག་པ་ཆེན་པོའི་ལམ་ལ་ཇི་ལྟར་འཇུག་པའི་རིམ་པ་ནས་བརྩམས་ཏེ་སྟོན་པ་ལས། རེ་ཞིག་སྐྱབས་སུ་འགྲོ་བའི་ཚུལ་ལ་སློབ་དགོས་པས་ན། བཤད་མ་ཐག་པའི་ཚུལ། དེ་ལྟར་དགེ་བའི་བཤེས་གཉེན་ལེགས་བསྟེན་ནས། །ཐར་པའི་ལམ་ལ་རིམ་གྱིས་བསླབ་པར་བྱ། །ཅིའི་ཕྱིར་ཞེ་ན་ཐོད་རྒལ་དུ་འཇུག་པར་མི་རིགས་པའི་ཕྱིར་ཏེ། ལམ་གྱི་ཡོན་ཏན་འོག་མ་མ་སྐྱེས་པར་གོང་མ་ཐོབ་པར་མི་ནུས་པ་ཉིད་དང༌། རིམ་པས་མ་འཛེགས་པར་གོང་དུ་ཕྱིན་པར་མི་ནུས་པའི་ཕྱིར་ཏེ། མྱ་ངན་ལས་འདས་པའི་མདོ་ལས། ཇི་ལྟར་སྐས་ཀྱི་རིམ་པ་བཞིན། །ང་ཡི་བསྟན་པ་ཟབ་མོ་ཡང༌། །རིམ་གྱིས་བསླབ་ཅིང་ནན་ཏན་བྱ། །ཐོད་རྒལ་མ་ཡིན་མཐར་ཆགས་སོ། །ཇི་ལྟར་བུས་པ་ཆུང་དུ་དག །རིམ་གྱིས་ལུས་ཤེད་རྫོགས་པ་ལྟར། །ཆོས་འདི་ཡང་ནི་དེ་དང་འདྲ། ། དང་པོ་འཇུག་པའི་རིམ་པ་ནས། །ཡོངས་སུ་རྫོགས་པའི་བར་དུའོ། །ཞེས་སོ།། «སྤྱི་དོན་གཉིས་པ་བྱེ་བྲག་ཏུ་སྐྱབས་སུ་འགྲོ་བ་དངོས་ལ་གསུམ་སྟེ། རྒྱུའི་སྐྱབས་འགྲོ། འབྲས་བུའི་སྐྱབས་འགྲོ། སྐྱབས་སུ་སོང་བའི་ཕན་ཡོན་ནོ། དང་པོ་རྒྱུའི་སྐྱབས་འགྲོ་ལ་བཞི་ལས། གང་སྐྱབས་སུ་འགྲོ་བའི་གང་ཟག་ནི། »དེ་ལ་དང་པོ་རྟེན་གྱི་གང་ཟག་བསྟན་པ། ལམ་རྣམས་ཀུན་གྱི་གཞི་རྟེན་སྐྱབས་སུ་འགྲོ། །སྐྱེས་བུ་ཆུང་རྣམས་ངན་འགྲོས་འཇིགས་པ་སྟེ། །འབྲིང་གཉིས་སྲིད་པས་འཇིགས་དང་ཆེན་པོ་རྣམས། །འཁོར་བའི་སྡུག་བསྔལ་ཆ་དང་བཅས་མཐོང་ནས། །གཞན་གྱི་སྡུག་བསྔལ་མི་བཟོད་ཞི་བདེས་འཇིགས། །རྒྱལ་སྲས་ཐེག་པ་ཆེ་རྣམས་འགྲོ་བའི་ཕྱིར། །སྐྱབས་སུ་འགྲོ་བྱེད་གསུམ་དང་བསམ་པ་གསུམ། ཕལ་པ་མཆོག་དང་བླ་ན་མེད་པའོ། །ཞེས་སྨོས་ཏེ། སྐྱབས་སུ་མ་སོང་བ་ལ་སྡོམ་པ་མི་སྐྱེ་ལ། སྡོམ་པས་མ་བསྡམས་པ་ལ་ནི་ལམ་མེད་པས་དེ་ཕྱིར་ལམ་གྱི་གཞི་རྟེན་ཡིན་པར། སྐྱབས་འགྲོ་བདུན་ཅུ་པ་ལས། སྡོམ་པ་ཀུན་ལ་ཡོད་མོད་ཀྱི། ། སྐྱབས་སུ་མ་སོང་བ་ལ་མེད། །ཅེས་སོ། །དེ་ལའང༌། གང་ཟག་གི་རིགས་གསུམ་སྟེ། ཆུང་ངུ་འཁོར་བའི་བདེ་འབྲས་འདོད་ནས། ངན་སོང་ལ་འཇིགས་ཏེ་རང་རང་གི་ལྷའམ་དཀོན་མཆོག་ལ་སྐྱབས་སུ་འགྲོ་བའི་སྐྱེ་བོ་གྲུབ་མཐའ་ལ་མ་ཞུགས་པའམ། ཞུགས་ནའང་ཕྱི་རོལ་པར་གྱུར་པའམ། ནང་པའི་ཁོངས་སུ་ཆུད་པས་དཀོན་མཆོག་ལ་དད་ཀྱང༌། ལམ་ལ་འཇུག་པའི་ནུས་པ་མེད་པ་སྟེ། མདོ་རྒྱལ་མཚན་དམ་པ་ལས། འཇིགས་པས་སྐྲག་པའི་མི་རྣམས་ནི། ། ཕལ་ཆེར་རི་དང་ནགས་ཚལ་དང༌། །ཀུན་དགའ་ར་བ་མཆོད་རྟེན་དང༌། །ལྗོན་ཤིང་དག་ལ་སྐྱབས་སུ་འགྲོ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང༌། །སྐྱབས་དེ་མཆོག་གྱུར་མ་ཡིན་ཏེ། །སྐྱབས་དེ་དག་ལ་བརྟེན་ནས་ནི། །སྡུག་བསྔལ་ཀུན་ལས་རབ་མི་ཐར། །ཞེས་ལྷ་གཞན་ལ་བརྟེན་ནས་བདེ་བ་འདོད་པ་བསྟན་ ཞིང༌། འདུལ་བ་ལུང་ལས། ཀུན་དགའ་བོས་བྲམ་ཟེའི་བུ་མོ་ལ་མཐོ་རིས་ཀྱི་ཡོན་ཏན་སྐྱབས་སུ་འགྲོ་བ་ལས་བྱུང་བའི་ཚུལ་བཤད་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། དེ་ནི་མ་ལགས་ཏེ། སྲིད་པའི་བདེ་བ་གཉེར་བ་དེ་ནི་སྐྱེས་བུ་མ་རབས་ཞེས་བྱའོ། །དེ་བས་ན་ཐར་པའི་ཡོན་ཏན་ཡང་དག་པར་སྒྲོགས་ཤིག་ཅེས་པས། དཀོན་མཆོག་ལ་སྐྱབས་སུ་འགྲོ་ཡང་བསམ་པ་མ་དག་པས་ཆུང་ངུར་བཤད་དོ། །འབྲིང་ནི་ཉན་རང་གི་རིགས་ཅན་རྣམས་འཁོར་བས་སྐྲག་ནས་ཞི་བ་རང་དོན་དུ་ཚོལ་བའི་ཕྱིར་སྐྱབས་སུ་འགྲོ་སྟེ། སྔ་མ་དེ་ཉིད་ལས། གང་ཞིག་གང་ཚེ་སངས་རྒྱས་དང༌། །ཆོས་དང་དགེ་འདུན་སྐྱབས་སོང་སྟེ། །འཕགས་པ་ཡི་ནི་བདེན་པ་བཞི། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང༌། །སྡུག་བསྔལ་ཡང་དག་འདས་པ་དང༌། །མྱ་ངན་འདས་དེར་འགྲོ་བ་ཡི། །འཕགས་ལམ་ཡན་ལག་བརྒྱད་པོ་དག །ཤེས་རབ་མིག་གིས་ལྟ་བྱེད་ན། །སྐྱབས་དེ་དག་ནི་གཙོ་ཡིན་ཞིང༌། །སྐྱབས་དེ་དག་ནི་མཆོག་ཡིན་ཏེ། །སྐྱབས་དེ་དག་ལ་བརྟེན་ནས་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་ཐར། །ཞེས་སོ། །ཆེན་པོ་ནི་གཞན་དོན་དུ་ཞི་བདེས་འཇིགས་ནས་སྐྱབས་སུ་འགྲོ་བ་སྟེ། ཐར་པ་ཆེན་པོ་ལས། གང་རྣམས་སྲིད་པའི་ཆུ་བོར་ལྷུང་བ་དེ་དག་གི་ཕྱིར་རང་ཉིད་ཞི་བའི་འཇིགས་པ་ཡོངས་སུ་སྤངས་ཏེ་སྐྱབས་སུ་འགྲོ་བ་དེ་ནི་སྐྱེས་བུ་མཆོག་རབ་ཅེས་བྱའོ། །དེད་དཔོན་དམ་པ་ཞེས་བྱའོ་ཞེས་སོ། །དེ་ལྟར་སྐྱེས་བུ་གསུམ་དུ་ངེས་པ་ཡང་བློ་རིགས་གསུམ་དུ་ངེས་པས་བཞག་སྟེ། བྱང་ཆུབ་ལམ་གྱི་སྒྲོན་མ་ལས། ཆུང་དང་འབྲིང་དང་མཆོག་གྱུར་པས། །སྐྱེས་བུ་གསུམ་དུ་ཤེས་པར་བྱ། །དེ་དག་མཚན་ཉིད་རབ་གསལ་ བར། །སོ་སོའི་དབྱེ་བ་བྲི་བར་བྱ། །གང་ཞིག་ཐབས་ནི་གང་དག་གིས། ། འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མར་ཤེས། །སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང༌། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །རང་རྒྱུད་རྟོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་སོ། །དེའང་ཆུང་ངུ་དག་ནི་ཕྱི་རོལ་པའི་གཙང་སྦྲ་དང༌། མི་འཚེ་བ་དང༌། ཆོས་སྤྱད་པས་མཐོ་རིས་སུ་འགྲོ་བ་ཡང་ཡོད་ལ། ནང་པའི་དཀོན་མཆོག་ལ་སྐྱབས་སུ་སོང་ནས་དགེ་བ་ཅུང་ཟད་ཀྱིས་མཐོ་རིས་སུ་བགྲོད་པའང་ཡོད་དེ། གཉིས་ཀ་གང་ལྟར་ཡང་བསོད་ནམས་ཆ་མཐུན་གྱི་དགེ་བ་བཅུ་དང་བསམ་གཏན་གཟུགས་མེད་ལ་བརྟེན་དགོས་ཏེ། དེ་མེད་ན་མཐོ་རིས་སུ་མི་བགྲོད་པའི་ཕྱིར་རོ། །ཆོས་འདི་ནི་གྲངས་ཅན་པ་ལ་སོགས་པ་ཁ་ཅིག་ལ་ཡོད་ཀྱི། ཐམས་ཅད་ལ་ནི་མ་ཡིན་ནོ། །འབྲིང་ནི། ཉན་རང་དང༌། ཆེན་པོ་ཐེག་པ་ཆེན་པོའི་ལམ་ནས་ངེས་པར་འབྱུང་བ་ཡིན་ནོ། ། «སྐྱབས་སུ་འགྲོ་བའི་དུས་ནི།» དེ་ལྟར་རྟེན་གྱི་གང་ཟག་གསུམ་གྱི་འབྲས་བུ་བསྒྲུབ་པའི་ཕྱིར་སྐྱབས་སུ་འགྲོ་བ་ན། བསམ་པ་གསུམ་གྱིས་ཕལ་པ་དང་མཆོག་དང་བླ་ན་མེད་པར་བསྟན་ཏེ། གང་ཞེ་ན། དུས་ཀྱང་བསམ་པའི་རྗེས་འགྲོ་ཆུང་ངུ་རྣམས། །ཕྱི་མའི་བདེ་འབྲས་བར་དུ་འགྲོ་བ་སྟེ། །འབྲིང་གཉིས་གནས་སྐབས་ཇི་སྲིད་འཚེ་བ་དང༌། །མཐར་ཐུག་ཉན་རང་འབྲས་ཐོབ་བར་དུ་འགྲོ །མཆོག་རྣམས་བྱང་ཆུབ་བར་དུ་རྟག་འགྲོ་ཞིང༌། །ཡེ་ཤེས་གཞལ་མེད་བསམ་ཡས་བར་དུ་འོ། །དེའང་ཕལ་པ་དག་རང་རང་གི་ལྷ་ལ་འདོད་དོན་གྲུབ་ཀྱི་བར་དུ་འགྲོ་ཞིང༌། ཁྱད་པར་དུ་མཐོ་རིས་ཐོབ་ཀྱི་བར་དུའོ། །ཆོས་འདི་པར་ཕྱོགས་པའི་ཆུང་ངུ་ཡང་དེ་བཞིན་ནོ། །འབྲིང་གཉིས་གནས་སྐབས་མ་ཤིའི་བར་དང༌། མཐར་ཐུག་དགྲ་བཅོམ་ཐོབ་ཀྱི་བར་དུའོ། །ཆེན་པོ་ནི་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་རམ། སངས་རྒྱས་ཀྱི་ཡེ་ཤེས་མ་ཐོབ་ཀྱི་བར་དུའོ། ། «གང་ལ་སྐྱབས་སུ་འགྲོ་བའི་ཡུལ་ལ་གཉིས་ལས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྐྱབས་གནས་སྤྱིར་བསྟན་པ་ནི།» ད་ནི་རྟེན་ནམ་ཡུལ་ནི། ཡུལ་རྣམས་གཉིས་ཏེ་ཐུན་མོང་རྒྱུ་དང་ནི། །ཐུན་མོང་མ་ཡིན་འབྲས་བུའི་སྐྱབས་གནས་གཉིས། །རྒྱུ་དང་འབྲས་བུར་དམ་འཆའ་དེ་ཡང་ནི། །དུས་གཞན་འགྲུབ་འདོད་རྒྱུ་ཡི་ཐེག་པ་དང༌། །ད་ལྟ་ཉིད་གྲུབ་རང་སེམས་འབྲས་བུའི་ཚུལ། །རྡོ་རྗེ་ཐེག་པ་དག་གི་དབྱེ་བས་བཞག །མཚན་ཉིད་ཐེག་ལས་དེ་ཉིད་གསུངས་པ་ནི། །མིང་ཙམ་མཐུན་པས་ཕྱོགས་གཅིག་ངེས་པར་བྱ། །དེ་ལ་སྐྱབས་སུ་འགྲོ་བའི་ཡུལ་ནི་གཉིས་ཏེ། ཐུན་མོང་དང༌། ཐུན་མོང་མ་ཡིན་པའོ། །དེའང་སྐྱེས་བུ་ཆུང་འབྲིང་གཉིས་ཀྱི་ཡུལ་ནི་ཐུན་མོང་བ་ཡིན་ལ། ཆེན་པོའི་ནི་ཐུན་མོང་མ་ཡིན་པའོ། །ཅིའི་ཕྱིར་ན་ཆུང་ངུའི་ཕྱོགས་གཅིག་ཆོས་འདི་པར་ཞུགས་པ་དང༌། འབྲིང་གཉིས་ཀྱིས་རྟེན་དུ་ཁས་བླངས་པ་དེ་འདི་ཡང་གནས་སྐབས་སུ་སྐྱབས་གནས་དམ་པར་གཟུང་བའི་ཕྱིར་རོ། ། དེའི་སྟེང་དུ་ཐེག་པ་ཆེན་པོས་གཟུང༌། ཆུང་འབྲིང་གིས་མ་བཟུང་བའི་སངས་རྒྱས་ཆོས་ཀྱི་སྐུ། ཐེག་པ་ཆེན་པོའི་ཆོས། བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་སོ། །དེ་ལ་རྒྱུའི་སྐྱབས་འགྲོ་ནི་འབྲས་བུ་ལ་རེག་པའི་སྐྱེལ་མར་འགྲོ་ལ། འབྲས་བུའི་སྐྱབས་འགྲོ་ནི་འབྲས་བུ་དཀོན་མཆོག་གསུམ་རང་རྒྱུད་ལ་དངོས་སུ་གྲུབ་པར་འདོད་དེ། གཉིས་ཀའི་གྲོགས་སུ་ཁས་ལེན་གྱི། ཆོ་ག་དང་སྙིང་རྗེ་མཚུངས་པར་ལྡན་པ་ནི། མདོ་སྡེའི་རྒྱན་ལས། དེ་དངོས་འདོད་པས་ཁས་ལེན་དེ་ཡང་སྙིང་རྗེ་ལས་རིག་བྱ། །ཞེས་སོ། །དེའང་མཚན་ཉིད་ཀྱི་ཐེག་པས་ནི་དུས་གཞན་གྲངས་མེད་གསུམ་ལ་སོགས་པའི་མཐར་སངས་རྒྱས་ཐོབ་པར་འདོད་ནས་སྐྱབས་སུ་འགྲོ་བ་སྟེ། ཆོས་སྐུ་མཐར་ཐུག་རང་གི་རྒྱུད་ལ་ཐོབ་པར་འདོད་པ་ནི་འབྲས་བུའི་སྐྱབས་འགྲོ་ཡིན་ལ། དེ་མ་ཐོབ་ཀྱི་བར་དུ་དཀོན་མཆོག་གསུམ་ལ་ལམ་གྱི་སྐྱེལ་མར་སྐྱབས་སུ་འགྲོ་བ་ནི་དེ་ཐོབ་པའི་རྒྱུ་བྱེད་པས་རྒྱུའི་སྐྱབས་འགྲོ་ཞེས་བྱའོ། །དེ་ལའང་གནས་སྐབས་སུ་དཀོན་མཆོག་གསུམ་ཀ་རྟེན་དུ་འདོད་ལ། མཐར་ཐུག་སངས་རྒྱས་ཆོས་སྐུ་ཉག་གཅིག་ལས། གཟུགས་སྐུ་དང༌། ལུང་དང་རྟོགས་པའི་ཆོས་སེམས་དཔའི་རྒྱུད་ཀྱི་ལམ་བཞི་དང༌། ཉན་རང་གི་རྒྱུད་ཀྱི་འགོག་པ་གཉིས་དང༌། དགེ་འདུན་ཆུང་ངུའི་སྐྱེས་བུ་ཟུང་བཞི། ཐེག་ཆེན་གྱི་ས་བཅུ་ལ་བཞུགས་པའི་སེམས་དཔའ་རྣམས་སྐྱབས་གནས་མ་ཡིན་ཏེ་ཀུན་རྫོབ་པ་ཡིན་པའི་ཕྱིར་དང༌། མཐར་མ་ཐུག་པའི་ཕྱིར་དང༌། རང་ཡང་ད་དུང་གཞན་ལ་བརྟེན་ནས་ཐར་པ་ཐོབ་པར་བྱ་དགོས་པའི་ཕྱིར་རོ། །དེའང་གཟུགས་སྐུ་ཀུན་རྫོབ་པ་ཡིན་པའི་ཕྱིར་དང༌། སངས་རྒྱས་ཀྱི་རྟོགས་པའི་ཆོས་ལས་གཞན་སེམས་དཔའ་དང་ཉན་རང་གི་རྒྱུད་ཀྱིས་བསྡུས་པའི་རྟོགས་པའི་ཆོས་དེ་དག་ཀྱང་འབད་པས་བསྒྲུབས་ཤིང་བོགས་དབྱུང་དུ་ཡོད་ལ་མི་རྟགས་པའི་ཕྱིར་སླུ་བ་དང༌། ལུང་གི་ཆོས་རྣམས་བདེན་པ་མཐོང་དུས་སྤང་དགོས་པ་དང༌། དགེ་འདུན་དེ་དག་ཀྱང་རང་གི་ས་པའི་སྒྲིབ་པ་དང་བག་ལ་ཉལ་གྱིས་འཇིགས་ནས་སངས་རྒྱས་ལ་བརྟེན་པས་ན་འཇིགས་པ་དང་བཅས་པའི་ཕྱིར་ཏེ། རྒྱུད་བླ་ལས། སྤང་ཕྱིར་སླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམས་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་གནས་མ་ཡིན་ནོ། །ཞེས་སོ། །གང་སྐྱབས་ཡིན་ན། ཆོས་སྐུ་མཐར་ཐུག་སྟེ། དེ་ཉིད་ལས། སྐྱབས་ནི་སངས་རྒྱས་ཉག་གཅིག་ ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཡིན། ། ཞེས་དང༌། དྲིན་ལན་བསབ་པའི་མདོ་ལས། ཚེ་དང་ལྡན་པ་དགའ་བོས་གསོལ་པ། སངས་རྒྱས་གང་ལ་སྐྱབས་སུ་འགྲོ་བ་ལགས། བཀའ་སྩལ་པ། ཆོས་ཀྱི་སྐུ་ལ་སྐྱབས་སུ་འགྲོ་ཡི། གཟུགས་ཀྱི་སྐུ་ལ་ནི་མ་ཡིན་ནོ། །གསོལ་པ། ཆོས་གང་ལ་སྐྱབས་སུ་འགྲོ་བ་ལགས། བཀའ་སྩལ་པ། དོན་དམ་པའི་ཆོས་ལ་སྐྱབས་སུ་འགྲོ་ཡི། ཀུན་རྫོབ་ཀྱི་ཆོས་ལ་ནི་མ་ཡིན་ནོ། །གསོལ་པ། དགེ་འདུན་གང་ལ་སྐྱབས་སུ་འགྲོ་བ་ལགས། བཀའ་སྩལ་པ། དོན་དམ་པའི་དགེ་འདུན་ལ་སྐྱབས་སུ་འགྲོ་ཡི། ཀུན་རྫོབ་པའི་དགེ་འདུན་ལ་ནི་མ་ཡིན་ཡིན་ནོ་ཞེས་སོ། །མདོར་ན་བྱང་ཆུབ་གསུམ་རང་གི་རྒྱུད་ཐོབ་པར་འདོད་ནས་དེའི་དོན་དུ་ཁས་ལེན་ཞིང་སྐྱབས་སུ་འགྲོ་བ་ནི་རྒྱུའི་བསྒྲུབ་བྱ་མཐར་ཐུག་ཏུ་འདུག་པས་འབྲས་བུའི་སྐྱབས་འགྲོ་ཟེར་ལ། ཤཱཀྱ་ཐུབ་པ་ལ་སོགས་པ་གཞན་རྒྱུད་ལ་བྱོན་ཟིན་པའི་སངས་རྒྱས་ཀྱིས་འཇིགས་པ་ལས་སྐྱོབ་པའི་ལམ་སྟོན་པས་སྟོན་པའི་བྱ་བ་བྱེད་པ་དང༌། དེས་བསྟན་པའི་ཆོས་ཀྱིས་འཇིགས་པ་མེད་པའི་སར་བགྲོད་པའི་ལམ་གྱི་བྱ་བ་བྱེད་པ་དང༌། དགེ་འདུན་གྱིས་འཇིགས་པ་ལས་སྒྲོལ་བའི་གྲོགས་ཀྱི་བྱ་བ་བྱེད་པས་ན། རང་རྒྱུད་ལ་དཀོན་མཆོག་འགྲུབ་པའི་རྒྱུའི་བྱ་བ་བྱེད་པས་རྒྱུའི་སྐྱབས་གནས་སུ་བཞག་སྟེ། སངས་རྒྱས་ཀྱིས་བསྟན་པའི་ཆོས་དེ་དགེ་འདུན་དང་འགྲོགས་ནས་ཉམས་སུ་བླངས་ན་འཇིགས་པ་ལས་ཐར་བར་འགྱུར་བའི་ཕྱིར་རོ། །འདིར་བླ་མ་ཁ་ཅིག་ནི་ཐེག་ཆེན་པས་སྨན་པའི་འཇིགས་པ་དང་སྒྲིབ་པ་ཕྲ་ཞིང་ཕྲ་བའི་འཇིགས་པ་ལས་ཀྱང་སྐྱོབ་པར་བྱེད་པ་ནི་རང་གིས་ཐོབ་པར་འགྱུར་བའི་སངས་རྒྱས་ཆོས་ཀྱི་སྐུ་ཅན་དེ་ཁོ་ན་ཡིན་པས་འབྲས་བུའི་སྐྱབས་གནས་སུ་གཞག་གོ །རང་སངས་རྒྱས་ཀྱི་ཐེག་པས་མ་འོངས་པ་ན་རང་རྒྱུད་ལ་རྟོགས་པ་རང་བྱུང་དུ་སྐྱེ་བར་འགྱུར་བའི་ཆོས་དཀོན་མཆོག་ནི་འབྲས་བུ་སྟེ། འབྲས་བུའི་སྐྱབས་གནས་སུ་གཞག་གོ །ཉན་ཐོས་ཀྱི་ཐེག་པས་རང་རྒྱུད་ལ་མ་འོངས་པ་ན་འབྱུང་བའི་དགྲ་བཅོམ་པའི་དགེ་འདུན་དེ་འབྲས་བུའི་སྐྱབས་གནས་སུ་བཞག་པས། ཐེག་པ་གསུམ་པོ་སོ་སོ་ལ་འབྲས་བུའི་སྐྱབས་གནས་ནི་རེ་རེ་ཡིན་ནོ་ཞེས་གསུངས་པ་ཡང་ཅུང་ཟད་མི་རིགས་ཏེ། ཐེག་ཆེན་པས་སངས་རྒྱས་པ་ན་སྐུ་གསུམ་དཀོན་མཆོག་གི་རང་བཞིན་དུ་ངོ་བོ་གཅིག་པར་ཁས་བླངས་པས་ཆོས་དང་དགེ་འདུན་མི་འབྱུང་བ་ག་ལ་འཐད། ཉན་རང་གཉིས་ཀས་འགོག་པ་གཉིས་མཐར་ཐུག་གི་ཐོབ་བྱར་འདོད་པས། དེ་ནི་ཁོ་རང་གི་ལུགས་ཀྱི་དོན་དམ་པའི་བདེན་པ་བླ་ན་མེད་པའི་བྱང་ཆུབ་ཆོས་སྐུར་དོན་གྱིས་འགྱུར་བས། ཉན་ཐོས་ལ་སངས་རྒྱས་དང་ཆོས་དཀོན་མཆོག་མེད་པ་ག་ལ་ཡིན། རང་སངས་རྒྱས་ཀྱིའང་འགོག་པ་ཆོས་ཉིད་བྱང་ཆུབ་ཏུ་ཁས་བླངས་ཀྱི། ཆོས་དཀོན་མཆོག་ཁོ་ནར་ཆད་པ་ཁས་མ་བླངས་སོ། །དེས་ན་འབྲས་བུའི་སྐྱབས་གནས་རང་རང་གི་བྱང་ཆུབ་ལ་འདོད་པ་ཡིན་ནོ། །དེའང་དཀོན་མཆོག་མཐར་ཐུག་ཐོབ་པར་འདོད་པ་དེ་འབྲས་བུའི་སྐྱབས་འགྲོ་ཡིན་པར། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ནི་སངས་རྒྱས་ཐོབ་པར་འདོད་པའོ། །ཆོས་ལ་སྐྱབས་སུ་འགྲོ་བ་ནི་ཆོས་ཐོབ་པར་འདོད་པའོ། །དགེ་འདུན་ལ་སྐྱབས་སུ་འགྲོ་བ་ནི་དགེ་འདུན་ཐོབ་པར་འདོད་པའོ་ཞེས་སོ། །རང་གཞན་གྱི་དོན་གཉིས་འགྲུབ་པའི་དོན་དུ་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་རྒྱུའི་སྐྱབས་འགྲོ་ཡིན་པར་དཀོན་མཆོག་བརྩེགས་པ་ལས། དགེ་སློང་དག །ཁྱེད་ཀྱིས་རང་ངམ་གཞན་གྱི་ཕྱིར་ཡང་རུང་སྟེ་འཇིགས་པ་དང་འཚེ་བ་དེ་ལས་ཐར་བར་བྱ་བའི་ཕྱིར་སྐྱབས་སུ་སོང་ཞིག་དང༌། ཁྱེད་ཀྱི་འདོད་པའི་རེ་བ་དེ་དང་དེ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་སོ། །གསང་སྔགས་པས་ནི་རང་ལ་ཡོད་པའི་སེམས་ཉིད་སངས་རྒྱས་སུ་ད་ལྟ་རང་ཆས་སུ་གནས་པ་མངོན་དུ་མཐོང་བར་འདོད་ནས། ཐུན་མོང་གི་ཡུལ་ཕྱི་རོལ་གྱི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང༌། ཐུན་མོང་མ་ཡིན་པ་རང་གི་སེམས་ཉིད་གདོད་མ་ནས་མ་སྐྱེས་པའི་ངང་ལ་མཉམ་པར་འཇོག་གོ །དེའང་དཀྱིལ་འཁོར་སོ་སོའི་དཀོན་མཆོག་གསུམ་དང༌། བསྟན་པ་སྤྱིའི་དཀོན་མཆོག་གསུམ་གཉིས་ཀ་རྒྱུའི་སྐྱབས་ཡུལ་དུ་འདོད་ལ། དེ་ལ་སྐྱབས་སུ་འགྲོ་བ་ནི་རྒྱུའི་སྐྱབས་འགྲོའོ། །རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་དཀོན་མཆོག་གསུམ་ཡེ་ནས་གནས་པ་ནི་འབྲས་བུའི་སྐྱབས་ཡུལ་ཏེ། དེ་ལ་བླང་དོར་དང་བཅོས་བསླད་མེད་པར་རྩེ་གཅིག་ཏུ་འཇོག་པ་ནི་འབྲས་བུའི་སྐྱབས་འགྲོའོ། །དེའང་ཕྱི་རོལ་གྱི་དཀོན་མཆོག་ལ་འབྲས་བུ་ཐོབ་པར་འདོད་པའི་ཆ་ནས་འབྲས་བུ་དང༌། དེའི་ཆེད་དུ་སྐྱབས་སུ་འཛིན་པར་ཁས་ལེན་པའི་ཆ་ནས་རྒྱུར་འདོད་པ་ལྟར་བརྩིར་རུང་མོད་ཀྱང༌། གཙོ་བོར་རང་ལ་ལྷུན་གྲུབ་ཏུ་ཡོད་པས་གཞན་དུ་མི་སྨོན་པར་དེའི་ངང་ལ་འཇོག་པས་འབྲས་བུའི་སྐྱབས་འགྲོ་དང༌། དེ་བསྒྲུབ་པའི་མཐུན་རྐྱེན་དུ་ཕྱིའི་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་རྒྱུའི་སྐྱབས་འགྲོར་བཞག་སྟེ། ཡེ་ཤེས་གྲུབ་པ་ལས། དཀྱིལ་འཁོར་གསུམ་གྱི་མངའ་བདག་ལ། །གཞན་དུ་ཕུན་ཚོགས་དེ་འདོད་ནས། །གང་ཕྱིར་རྒྱུ་ལ་སྨོན་པ་དང༌། །འོད་གསལ་བ་ཡི་སེམས་ཉིད་ ནི། །དཀྱིལ་འཁོར་གསུམ་གྱི་བདག་ཉིད་དུ། །རྟོགས་ནས་རྩེ་གཅིག་མཉམ་འཇོག་པ། །འབྲས་བུའི་མཆོག་ཏུ་ཡང་དག་བཤད། །ཅེས་སོ། ། «སྐབས་འདིར་དཀོན་མཆོག་གསུམ་ངོས་གཟུང་བ་ལ་གཉིས་ལས། ཐུན་མོང་གི་ཐེག་པ་ཆུང་ངུ་ལས་ནི།» སངས་རྒྱས་མཆོག་གི་སྤྲུལ་པའི་སྐུའོ། །ཆོས་ལུང་དང་རྟོགས་པའི་བདག་ཉིད་གསུང་རབ་ཡན་ལག་བཅུ་གཉིས་དང༌། སོ་སོའི་རྒྱུད་ཀྱི་ལམ་དང༌། ཏིང་ངེ་འཛིན་ལ་སོགས་པའོ། །དགེ་འདུན་སོ་སོའི་སྐྱེ་བོ་དང་འཕགས་པ་གཉིས་ལས། སོ་སོའི་སྐྱེ་བོ་ལ་དགེ་འདུན་ཆུང་ངུ་དགེ་ཚུལ་ཕ་མ་དགེ་བསྙེན་དང་བཅས་པ་སྟེ་འགྲོ་བའི་བསོད་ནམས་ཀྱི་ཞིང་ཡིན་པའི་ཕྱིར་རོ། །ཆེན་པོ་བསྙེན་པར་རྫོགས་པ་སྟེ། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཞེས་སོ། །དེའང་བཞིར་ལོངས་ནས་དགེ་འདུན་འདུས་པ་ཞེས་བྱའོ། །འཕགས་པ་ལ། རྒྱུན་ཞུགས། ཕྱིར་འོང༌། ཕྱིར་མི་འོང༌། དགྲ་བཅོམ་པའི་ཞུགས་པའོ། །གནས་པ་ནི་སངས་རྒྱས་སོ། ། ཐེག་པ་ཆེན་པོ་ལ་གྲགས་པ་ཡང༌། སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་དག་པ་གཉིས་ལྡན་མཐར་ཐུག་པ་དོན་གཉིས་ཕུན་སུམ་ཚོགས་པ་སྟེ། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་སོ། །ཆོས་ནི་ངོ་བོ་སྨྲ་བསམ་བརྗོད་དུ་མེད་པ། རང་བཞིན་སངས་རྒྱས་སུ་འགྲོ་བའི་ལམ་མམ་གཉེན་པོ་ཡིན་པ། རྣམ་པ་ལམ་བདེན་དང་འགོག་པ་གཉིས་ཀྱི་མཚན་ཉིད་ཅན་དོན་གྱི་ཆོས་དང༌། ཚིག་གི་ཆོས་གསུང་རབ་ཡབ་ལན་བཅུ་གཉིས་ཏེ། ཡང་དེ་ཉིད་ལས། བསམ་མེད་གཉིས་མེད་རྟོག་མེད་པ།། དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་གཉིས་ནི་འགོག་པ་དང༌། །ལམ་གྱི་བདེན་པ་དག་གིས་བསྡུས། །ཞེས་སོ། །དེ་ལ་འགོག་པ་གཉིས་ནི་དྲི་མ་སྔར་ཡོད་གཉེན་པོས་བསལ་ཏེ་སྤྲོས་པ་མེད་པར་སོ་སོར་བརྟགས་པའི་འགོག་པ་དང༌། དྲི་མའམ་སྤྲོས་པ་ནམ་མཁའ་ལྟར་རང་བཞིན་གྱིས་མེད་པའི་དོན་ལ་འཇོག་པ་སོ་སོར་བརྟགས་མིན་གྱི་འགོག་པའོ། །ལམ་ནི་ཚོགས་སྦྱོར་མཐོང་སྒོམ་གྱི་རྟོགས་པའི་ཆའོ། །བདེན་གཉིས་ཀྱི་མཚན་ཉིད་འཛིན་པ་ལུང་དང་རྟོགས་པའི་ཆོས་ཐམས་ཅད་དོ། །དགེ་འདུན་ནི་སེམས་ཀྱི་རང་བཞིན་འོད་གསལ་བའི་དོན་གསར་དུ་མཐོང་བ་འཕགས་པ་ས་བཅུ་ལ་གནས་པ་སྟེ། དེ་ཉིད་ལས། ཇི་ལྟ་ཇི་སྙེད་ནང་གི་དོན། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་སོ། །ཐུན་མོང་མ་ཡིན་པའི་ཕྱོགས་རྡོ་རྗེའི་ཐེག་པ་ལས། རྒྱུད་སྡེ་སོ་སོའི་དབང་གིས་ཐ་དད་པར་འདོད་དེ། བྱ་བ་དང་སྤྱོད་པའི་རྒྱུད་ལས། སངས་རྒྱས་དཀོན་མཆོག་ནི་ཡེ་ཤེས་ལྔ་དང༌། སྐུ་གསུམ་མམ་བཞིའི་བདག་ཉིད་ཆོས་ཉིད་དག་པ་དང༌། རྣམ་པར་འཕྲུལ་པ་དང༌། བྱིན་གྱིས་བརླབས་པའི་ལྷ་དང་བཅས་པ། དེ་བཞིན་གཤེགས་པ་དང༌། པདྨ་དང༌། རྡོ་རྗེའི་རིགས་གསུམ་གྱིས་བསྡུས་པ། ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུ་ཞི་བ་དང་ཁྲོ་བོའི་ཆ་བྱད་ཅན་དཀྱིལ་འཁོར་ཆེ་ཆུང་གི་ལྷ་རྣམས་སོ། །ཆོས་དཀོན་མཆོག་ཀྱང་གོང་དུ་སྨོས་པ་རྣམས་དང༌། ཁྱད་པར་དུ་རང་རང་གི་གཞུང་དུ་གྲགས་པའོ། །དགེ་འདུན་ཡང་ཉན་ཐོས་དང༌། བྱང་ཆུབ་སེམས་དཔའ་ དང༌། རིག་པ་འཛིན་པའི་དགེ་འདུན་ཏེ་གསུམ་དུ་འདོད་དོ། །རྣལ་འབྱོར་གྱི་རྒྱུད་ལས། སངས་རྒྱས་དཀོན་མཆོག་ནི་ཡེ་ཤེས་ལྔ་དང༌། སྐུ་གསུམ་མམ་བཞིའི་ཆོས་ཉིད་དག་པ་དང༌། དཀྱིལ་འཁོར་གྱི་རྒྱུད་དུ་གཏོགས་པ་རྡོ་རྗེ་སེམས་དཔའ་རིགས་ཐམས་ཅད་ཀྱི་བདག་པོ་དང༌། རིན་པོ་ཆེ་དང༌། པདྨ་ དང༌། ལས་དང༌། དེ་བཞིན་གཤེགས་པའི་རིགས་ལྔས་བསྡུས་པའི་སྐུ་གསུམ་ཞི་བ་དང་ཁྲོ་བོར་སྣང་བ། གཙོ་བོ་དང༌། འཁོར་དང༌། གཅིག་དང༌། དུམ་པ་རྩ་བའི་དཀྱིལ་འཁོར་དང༌། དམ་ཚིག་དང༌། ཆོས་དང༌། ལས་ཀྱི་དཀྱིལ་འཁོར་དང༌། ཕྱག་རྒྱ་བཞི་པ་དང༌། གཅིག་པ་ལ་སོགས་པའི་རིམ་པས་དཀྱིལ་འཁོར་ཆེ་ཆུང་དུ་གཏོགས་པའི་ལྷ་རྣམས་ནི་སངས་རྒྱས་སོ། །ཆོས་དང་དགེ་འདུན་ནི་བཤད་མ་ཐག་པ་བཞིན་ནོ། །རྣལ་འབྱོར་ཆེན་པོའི་ཚུལ་ལས། སངས་རྒྱས་དཀོན་མཆོག་ནི་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་ཐམས་ཅད་དང་དབྱེར་མེད་པར་བཞུགས་པ་གཙོ་བོ་དང་འཁོར་དང༌། གཅིག་དང༌། དུ་མ་དང༌། ཚོམ་བུ་དང༌། དཀྱིལ་འཁོར་གྱི་ཚུལ་དུ་ལྷུན་སྟུག་པོ་བཀོད་པ་ན་བཞུགས་པ་རྣམས་དང༌། དེ་ལས་འཕྲོས་པའི་སྤྲུལ་པ་ཇི་སྙེད་པ་ཐམས་ཅད་ དོ། །ཆོས་དཀོན་མཆོག་ཀྱང་སྔར་བསྟན་པ་ཐམས་ཅད་དང༌། གཞན་ཡང་དཀོན་མཆོག་གསུམ་དབྱེར་མེད་པའི་རང་བཞིན་མཚན་དང་དཔེ་བྱད་ཀྱིས་འབར་བ་ནི་དགེ་འདུན་དཀོན་མཆོག་དམ་པ་བླ་ན་མེད་པ་ཡིན་ནོ། །ཅིའི་ཕྱིར་དཀོན་མཆོག་ཅེས་བྱ་ན། རྒྱུད་བླ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། ། མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། ། འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་སོ། །མདོར་བསྡུ་ན། རིན་པོ་ཆེ་དང་ཆོས་མཐུན་པ་དྲུག་གིས་ན། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ཞེས་བྱ་བའི་དཀོན་མཆོག་གསུམ་པོ་འདི་རིན་པོ་ཆེ་དང་འདྲ་བར་བརྗོད་པ་ནི། འདི་ལྟ་སྟེ། འབྱུང་བ་དཀོན་པར་ཆོས་མཐུན་པ་ནི། བསྐལ་པ་ཡོངས་སུ་འགྱུར་བ་མང་པོར་ཡང་དགེ་བའི་རྩ་བ་མ་བསྐྲུན་པ་རྣམས་དང་དེ་འཕྲད་པ་མི་འགྱུར་བའི་ཕྱིར་རོ། །དྲི་མ་མེད་པར་ཆོས་མཐུན་པ་ནི། རྣམ་པ་ཐམས་ཅད་དུ་དྲི་མ་དང་བྲལ་བའི་ཕྱིར་རོ། །མཐུ་དང་ལྡན་པར་ཆོས་མཐུན་པ་ནི། མངོན་པར་ཤེས་པ་དྲུག་ལ་སོགས་པ་ཡོན་ཏན་གྱི་མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར་རོ། །འཇིག་རྟེན་གྱི་རྒྱན་དུ་གྱུར་པས་ཆོས་མཐུན་པ་ནི། འགྲོ་བ་ཐམས་ཅད་ཀྱི་བསམ་པ་དགེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །རིན་པོ་ཆེ་བཅོས་མ་ལས་མཆོག་ཉིད་དུ་ཆོས་མཐུན་པ་ནི། འཇིག་རྟེན་ལས་འདས་པའི་ཕྱིར་རོ། ། བསྟོད་པ་དང་སྨད་པ་ལ་སོགས་པས་རྣམ་པར་མི་འགྱུར་བས་ཆོས་མཐུན་པ་ནི། འདུས་མ་བྱས་པའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ། །གསུམ་དུ་འཇོག་པའི་ཚུལ་ཡང༌། དེ་ཉིད་ལས། སྟོན་པ་བསྟན་པ་སློབ་དོན་གྱིས། །ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་པ་དང༌། དེའི་འགྲེལ་པར། སྟོན་པའི་ཡོན་ཏན་བསྟན་པའི་དོན་དུ་སངས་རྒྱས་ཀྱི་དངོས་པོ་ཉིད་དོན་དུ་གཉེར་བར་ཞུགས་པ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དང༌། སངས་རྒྱས་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་སངས་རྒྱས་ནི་སྐྱབས་ཡིན་ཏེ། རྐང་གཉིས་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ་ཞེས་བསྟན་ཞིང་རྣམ་པར་གཞག་གོ །སྟོན་པས་བསྟན་པའི་ཡོན་ཏན་བསྟན་པའི་དོན་དུ་རང་ཉིད་རྟེན་འབྲེལ་གྱི་ཆོས་ཟབ་མོའི་རྗེས་སུ་རྟོག་པའི་ཕྱིར་ཞུགས་པ། རང་སངས་རྒྱས་ཀྱི་ཐེག་པ་པའི་གང་ཟག་དང༌། ཆོས་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་ཆོས་ནི་སྐྱབས་ཡིན་ཏེ། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ་ཞེས་བསྟན་ཞིང་རྣམ་པར་གཞག་གོ །སྟོན་པའི་བསྟན་པ་ལ་ལེགས་པར་ཞུགས་པའིསློབ་མའི་ཡོན་ ཏན་བསྟན་པའི་དོན་དུ་གཞན་ལས་ཐོས་པའི་སྒྲའི་རྗེས་སུ་རྟོག་པའི་ཕྱིར་ཞུགས་པ། ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་དང༌། དགེ་འདུན་ལ་མཆོག་ ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་དགེ་འདུན་ནི་ སྐྱབས་ཡིན་ཏེ། ཚོགས་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ་ཞེས་བསྟན་ ཞིང་རྣམ་པར་གཞག་གོ་ཞེས་སོ། །མདོར་བསྡུ་ན། གནས་སྐབས་པའི་ སྐྱབས་ནི་དཀོན་མཆོག་གསུམ་ཀ་ཡིན་ལ། མཐར་ཐུག་གི་སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན་ཏེ། དེ་ཉིད་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཡིན། ། ཞེས་བཤད་དེ། མཐར་ཐུག་གི་དོན་དུ་གཉེར་བྱ་འབྲས་བུའི་སྐྱབས་གནས་གང་ཡིན་པ་དེ་འདྲ་བ་ཡིན་པའི་ཕྱིར་རོ་ཞེས་བཤད་པའི་ཕྱིར་རོ། ། «རྒྱུའི་ཡུལ་བྱེ་བྲག་ཏུ་བསྟན་པ་ལའང་གསུམ་སྟེ། དཀོན་མཆོག་གསུམ་སྤྱིར་བསྟན་པ་ནི།» ད་ནི་ཐུན་མོང་དུ་ཁས་ལེན་པ། གང་ལ་སྐྱོབ་པའི་ནུས་པ་ཡོད་པ་ལ། རང་ཉིད་འཇིགས་པ་ལས་སྐྱོབ་པར་ཞུ་ཞིང༌། ཁས་ལེན་ཆོ་གའི་རྟེན་དུ་འོས་པ་དེའི་རང་བཞིན་བསྟན་པའི་ཕྱིར་བཤད་པ། རྒྱུ་ཡི་ཡུལ་ནི་དམིགས་བཅས་དཀོན་མཆོག་གསུམ། ། སངས་རྒྱས་སྤྲུལ་སྐུ་མཆོག་ཡིན་མཚན་དཔེས་བརྒྱན། །ཆོས་རྣམས་གཉིས་ཏེ་དྲི་མེད་ལུང་གི་ཆོས། །མདོ་དང་རྒྱུད་སྡེ་ཐེག་པ་སྣ་ཚོགས་དོན། །གསུང་རབ་ཡེ་གེར་སྣང་བའིགཟུགས་བརྙན་ཡིན། །འདི་ལྟར་ཐེག་པ་ཆེ་ཆུང་ལ་གྲགས་ཤིང༌། ཁྱད་པར་དུ་སྐྱབས་འགྲོའི་རྟེན་དུ་གྱུར་པའི་དཀོན་མཆོག་གསུམ་ནི་མཚན་དཔེས་བརྒྱན་པ་སྤྲུལ་པའི་སྐུ་དང༌། ཆོས་དང༌། ལོངས་སྤྱོད་རྫོགས་པ་ཐམས་ཅད་དང༌། ཆོས་ནི་མདོ་དང་རྒྱུད་ཀྱི་ཚིག་དང་དོན་རྣམས་དང༌། ཡི་གེའི་གཟུགས་བརྙན་ཐམས་ཅད་ཀྱང་ཡིན་ནོ། ། «ཆོས་དཀོན་མཆོག་བྱེ་བྲག་ཏུ་བཤད་པ་ལ། ལུང་དང་རྟོགས་པའི་ཆོས་གཉིས་ལས། ལུང་ལའང་གཉིས་ཀྱི་རྒྱུའི་ཆོས་ནི།» དེ་ལ་གསུང་རབ་ཡན་ལག་བཅུ་གཉིས་ནི། དེ་ཡང་མདོ་སྡེ་གསུང་རབ་བཅུ་གཉིས་ཏེ། །མདོ་སྡེ་དབྱངས་བསྙད་ལུང་བསྟན་ཚིགས་སུ་བཅད། །ཆེད་བརྗོད་རྟོགས་པ་བརྗོད་དང་དེ་ལྟར་བྱུང༌། །གླེང་གཞི་ཤིན་ཏུ་རྒྱས་དང་སྐྱེས་རབས་བཅས། །གཏན་ཕབ་རྨད་དུ་བྱུང་པའི་སྡེ་རྣམས་སོ། །དེ་ཡང་འཕགས་པ་ཟླ་བ་སྒྲོན་མའི་མདོ་ལས། མདོའི་སྡེ་དང༌། དབྱངས་སུ་བསྙད་པའི་སྡེ་དང༌། ལུང་དུ་བསྟན་པའི་སྡེ་དང༌། ཚིགས་སུ་བཅད་པའི་སྡེ་དང༌། ཆེད་དུ་བརྗོད་པའི་སྡེ་ དང༌། རྟོགས་པ་བརྗོད་པའི་སྡེ་དང༌། དེ་ལྟ་བུ་བྱུང་བའི་སྡེ་དང༌། གླེང་གཞིའི་སྡེ་དང༌། ཤིན་ཏུ་རྒྱས་པའི་སྡེ་དང༌། སྐྱེས་པ་རབས་ཀྱི་སྡེ་དང༌། གཏན་ལ་དབབ་པར་བསྟན་པའི་སྡེ་དང༌། ཆོས་རྨད་དུ་བྱུང་བའི་སྡེ་རྣམས་ཏེ་ཞེས་སོ། ། དེའང་སྡེ་ཚན་མཐུན་པར་གཅིག་ཏུ་བསྡུས་པ་རྣམས་ནི་མདོའི་སྡེའོ། །དང་པོ་ལྷུག་པའི་མཐར་དེའི་དོན་ཚིགས་བཅད་ཀྱིས་བསྡུས་པ་ནི་དབྱངས་སུ་བསྙད་པའོ། །སངས་རྒྱས་ལ་སོགས་པར་ལུང་བསྟན་པ་ནི་ལུང་དུ་བསྟན་པའོ། ། ཚིགས་བཅད་འབའ་ཞིག་པ་ནི་ཚིགས་སུ་བཅད་པའི་སྡེའོ། །ཆོས་ཉན་པ་པོ་ལ་བསྐུལ་ནས་བསྟན་པ་ནི་ཆེད་དུ་བརྗོད་པའོ། །རང་རང་གི་རྟོགས་པ་བརྗོད་པ་རྣམས་བྱིན་གྱིས་བརླབས་པ་ནི་རྟོགས་པ་བརྗོད་པའོ། །སྔོན་གྱི་རབས་བསྟན་པ་ནི་དེ་ལྟ་བུ་བྱུང་བའོ། །གཞི་འགའ་ཞིག་གིས་རྐྱེན་ནས་བཅས་པ་ནི་གླེང་གཞིའོ། །གང་སྟོན་པ་རྒྱས་པ་མཐའ་ཡས་པ་ནི་ཤིན་ཏུ་རྒྱས་པའོ། །དད་པ་ལ་སོགས་པར་སྐྱེས་པའི་ཚུལ་ནི་སྐྱེས་རབས་སོ། །དོན་གཅིག་མདོར་བསྟན་ནས་སླར་དེའི་འགྲེལ་པར་བསྟན་པ་ནི་གཏན་ལ་དབབ་པར་བསྟན་པའོ། །ངོ་མཚར་བ་སྙིང་པོའི་དོན་བསྟན་པ་ནི་རྨད་དུ་བྱུང་བའི་སྡེའོ། ། «འབྲས་བུའི་ཆོས་ནི།» མདོ་ལས་གཞན། རྒྱུད་ནི་བྱ་སྤྱོད་རྣལ་འབྱོར་ཐུབ་པ་ རྒྱུད། །ཐབས་ཤེས་གཉིས་མེད་ཕ་མ་གཉིས་སུ་མེད། །ནང་པ་སྔགས་ཏེ་རྣལ་འབྱོར་ཆེན་པོ་འོ། །དེ་ཡི་ཡི་གེ་གླེགས་བམ་ལ་སོགས་ཡིན། །ཐུབ་པས་ཕྱིའི་གཙང་སྦྲ་ལ་བརྟན་ནས་བྱང་ཆུབ་བསྒྲུབ་པ་དང་མཐུན་པའི་བྱ་སྤྱོད་རྣལ་འབྱོར་གསུམ་ནི་ཐུབ་པ་རྒྱུད་ཀྱི་ཐེག་པ་ཡིན་ལ། བླང་དོར་མེད་པས་བྱང་ཆུབ་བསྒྲུབ་པའི་ཐབས་ཤེས་གཉིས་སུ་མེད་པ་གསུམ་ནི་ནང་པ་སྔགས་ཀྱི་ཐེག་པ་ཞེས་བྱ་སྟེ་དྲུག་ནི་སྔགས་ཡིན་ལ། དེའི་ཡི་གེ་རྣམས་སོ། ། «རྟོགས་པའི་ཆོས་ལ་ཡང་བཞི་ལས། བསྐྱེད་རྫོགས་སྤྱིར་བསྟན་པ་ནི། »དོན་གྱི་རང་བཞིན། རྟོགས་པའི་ཆོས་ནི་ས་ལམ་བསྐྱེད་རྫོགས་ཏེ། །གཟུངས་དང་ཏིང་འཛིན་ཡེ་ཤེས་སྙིང་པོ་ཅན། །ཐུགས་རྗེའི་རང་བཞིན་ཐབས་ཚུལ་དཔག་མེད་དོ། ། « ས་བཅུར་བསྟན་པ་ནི།» དེ་དག་གི་རྟེན་ཡང་ས་ཡིན་པས། དེ་ཡང་རབ་དགའ་དྲི་མེད་འོད་བྱེད་པ། །འོད་འཕྲོ་སྦྱང་དཀའ་མངོན་གྱུར་རིང་དུ་སོང༌། །མི་གཡོ་ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །ཞེས་སྨོས་ཏེ། བརྒྱད་སྟོང་འགྲེལ་ཆེན་ལས། ཡོན་ཏན་གྱི་རྟེན་དུ་གྱུར་པས་ན་སའོ་ཞེས་བཤད་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་བརྒྱད་དང༌། བྱང་ཆུབ་སེམས་དཔའི་ས་བཅུའོ། །དང་པོ་ནི། ཡུམ་བར་མ་ལས། རིགས་ཀྱི་ས་དང༌། བརྒྱད་པའི་ས་དང༌། མཐོང་བའི་ས་དང༌། བསྲབས་པའི་ས་དང༌། འདོད་ཆགས་དང་བྲལ་བའི་ས་དང༌། བྱས་པ་རྟོགས་པའི་ས་དང༌། ཉན་ཐོས་ཀྱི་ས་དང༌། རང་སངས་རྒྱས་ཀྱི་ས་སྟེ། འདི་དག་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་སའོ་ཞེས་པ་དང༌། རིན་ཆེན་ཕྲེང་བ་ལས། ཇི་ལྟར་ཉན་ཐོས་ཐེག་པ་ལས། །ཉན་ཐོས་ས་ནི་བརྒྱད་བཤད་པ། །དེ་བཞིན་ཐེག་པ་ཆེན་པོ་ལ། །བྱང་ཆུབ་སེམས་དཔའི་ས་བཅུའོ། །ཞེས་སོ། །དེའང་ཐོག་མར་སྦྱོར་ལམ་ནི་ཐེག་པ་གསུམ་སོ་སོར་ངེས་པས་ན་རིགས་ཀྱི་སའོ། །འདི་ལ་ཉི་ཁྲི་ལས། དཀར་པོ་རྣམ་པར་མཐོང་བའི་ས་ཞེས་བཤད་དེ་ཆོས་དཀར་པོར་མཐོང་ངོ༌། །རྒྱུན་ཞུགས་འབྲས་བུ་ལ་ཞུགས་པ་ནི་དགྲ་བཅོམ་ནས་ཡར་བགྲངས་པའི་བརྒྱད་པ་ཡིན་པས་བརྒྱད་པའི་སའོ། །དེའང་འདོད་པའི་ས་གཅིག་དང༌། གཟུགས་ཀྱི་བསམ་གཏན་བཞི་དང༌། གཟུགས་མེད་བཞི་རྣམས་ཀྱི་དྲི་མ་དགུ་གྲོལ་བས་དགྲ་བཅོམ་པའོ། །དགེ་སྦྱོང་གི་འབྲས་བུ་དང་པོར་མཐོང་བ་རྒྱུན་ཞུགས་འབྲས་བུ་ལ་གནས་པ་སྟེ་མཐོང་བའི་སའོ། །འདོད་པ་ཁམས་ཀྱི་སྒོམ་སྤང་ཕལ་ཆེར་བསྲབས་པས་ན་ལན་ཅིག་ཕྱིར་འོང་བ་ལ་བསྲབས་པའི་ས་ཞེས་སོ། །འདོད་པ་ཁམས་ལ་འདོད་ཆགས་དང་བྲལ་བ་ནི་ཕྱིར་མི་འོང་བ་སྟེ་འདོད་ཆགས་དང་བྲལ་བའི་སའོ། །བྱ་བ་བྱས་ཟིན་པས་དགྲ་བཅོམ་པ་ལ་ནི་བྱས་པ་རྟོགས་པའི་ས་ཞེས་བྱའོ། །ཕྱིར་འོང༌། ཕྱིར་མི་འོང༌། དགྲ་བཅོམ་ཞུགས་པའི་ས་གསུམ་ནི་ཉན་ཐོས་ཀྱིས་ཞེས་བྱ་སྟེ། དེའང་ཐེག་པ་ཐ་དད་དུ་གོ་བའི་དགོས་པ་ཡོད་དོ། །རང་སངས་རྒྱས་ཀྱི་ས་ནི་རང་སངས་རྒྱས་ཀྱི་འབྲས་བུ་བཞི་ཀའི་ས་ལ་བརྗོད་དོ། །སྐབས་འདིར་བྱང་ཆུབ་སེམས་དཔའི་ས་བཤད་དེ། དེའང་མཐོང་སྤང་དང༌། སྒོམ་སྤང་གིས་ཉོན་མོངས་པའི་འབྱུང་པོ་དཔག་ཏུ་མེད་པའི་འཇིགས་པ་ལས་སྐྱོབ་ཅིང༌། དེ་དག་གོང་ནས་གོང་དུ་བགྲོད་པས་ས་ཞེས་བྱ་སྟེ། མདོ་སྡེའི་རྒྱན་ལས། འབྱུང་པོ་དཔག་མེད་འཇིགས་མེད་ཕྱིར། །དཔག་ཏུ་མེད་པ་དེ་དག་ལས། །ཕྱི་ཕྱིར་གོང་དུ་བགྲོད་ལྡན་ཕྱིར། །དེ་དག་ཉིད་ལ་སར་འདོད་དོ། །ཞེས་སོ། །དེ་ཡང་སེར་སྣ་ལ་སོགས་པ་མི་མཐུན་པའི་ཕྱོགས་བཅུ་སེལ་བ་ལ་ལྟོས་ནས་ས་བཅུར་བཞག་པ་སྟེ། ཕལ་པོ་ཆེ་ལས། ཀྱེ་རྒྱལ་བའི་སྲས་དག །ས་བཅུ་པོ་འདི་དག་ལ་མི་མཐུན་པའི་ཕྱོགས་བཅུ་དག་པར་བྱ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་བཅུས་ལྷག་པར་ཕྱེ་བ་ཡིན་ནོ། །ས་དང་པོར་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཙོ་ཆེར་སྤྱོད་ལ། ལྷག་མ་རྣམས་ཀྱང་ཅི་ནུས་སུ་མི་བསྒྲུབ་པ་ནི་མ་ཡིན་ནོ་ཞེས་པ་ནས། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་འགྲེས་མཐུན་པར་གསུངས་སོ། །དེའང་ཕ་རོལ་ཏུ་ཕྱིན་པ་བཅུ་ནི། དབུས་མཐའ་ལས། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཕ་རོལ་ཕྱིན། །ཐབས་སྟོབས་སྨོན་ལམ་ཡེ་ཤེས་ཏེ། །འདི་དག་ཕ་རོལ་ཕྱིན་བཅུར་འདོད། །ཅེས་སོ། །དེའི་སྤང་བྱ་བཅུ་ཡང་སེར་སྣ་དང༌། འཆལ་པའི་ཚུལ་ཁྲིམས་དང༌། ཁོང་ཁྲོ་དང༌། ལེ་ལོ་དང༌། རྣམ་གཡེང་དང༌། ཤེས་རབ་འཆལ་བ་དང༌། ཐབས་ལ་མི་མཁས་པ་དང༌། སྟོབས་ལ་སྒྲིབ་པ་དང༌། སྨོན་པའི་དོན་མི་འགྲུབ་པ་དང༌། ཤེས་བྱའི་སྒྲིབ་པ་སྟེ་བཅུའོ། །དེ་དག་སེལ་བ་ལ་ལྟོས་ནས་བཅུར་ཕྱེ་བ་ལས། ས་དང་པོ་རབ་ཏུ་དགའ་བ་ནི། མདོ་སྡེའི་རྒྱན་ལས། བྱང་ཆུབ་ལ་ནི་ཉེ་བ་དང༌། །སེམས་ཅན་དོན་གྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །ཞེས་པ་དང༌། རིན་ཆེན་ཕྲེང་བ་ལས། དེ་དག་དང་པོ་རབ་དགའ་བ། །བྱང་ཆུབ་སེམས་དཔའ་དགའ་བྱེད་ཕྱིར། །ཀུན་དུ་སྦྱོར་བ་གསུམ་སྤངས་ཤིང༌། །དེ་བཞིན་གཤེགས་པའི་རིགས་སྐྱེས་ཕྱིར། །དེ་ཡི་རྣམ་པར་སྨིན་པས་ནི། །སྦྱིན་པའི་ཕ་རོལ་ཕྱིན་མཆོག་འགྱུར། །འཇིག་རྟེན་ཁམས་ནི་བརྒྱ་གཡོ་ཞིང༌། །འཛམ་གླིང་དབང་ཕྱུག་ཆེན་པོར་འགྱུར། །ཞེས་པ་སྟེ། དུས་སྐད་ཅིག་མ་གཅིག་ལ་སངས་རྒྱས་བརྒྱའི་ཞལ་བལྟ་བ་དང༌། སངས་རྒྱས་བརྒྱས་བྱིན་གྱིས་བརླབས་པར་ཤེས་པ་དང༌། སྤྲུལ་པ་བརྒྱ་འགྱེད་པ་དང༌། དུས་བསྐལ་པ་བརྒྱར་སྟོན་པ་དང༌། སྔོན་དང་ཕྱི་མའི་མཐའ་བརྒྱ་ལ་ཡེ་ཤེས་གཟིགས་པ་འཇུག་པ་དང༌། ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་ཅིང་ལྡང་བ་དང༌། སེམས་ཅན་བརྒྱ་སྨིན་པར་བྱེད་པ་དང༌། ཞིང་ཁམས་བརྒྱ་གཡོ་བར་བྱེད་པ་དང༌། ཞིང་ཁམས་བརྒྱ་འོད་ཀྱིས་གསལ་བར་བྱེད་པ་དང༌། ཆོས་ཀྱི་སྒོ་བརྒྱ་འབྱེད་པ་དང༌། རང་གི་ལུས་བརྒྱར་སྟོན་པ་དང༌། ལུས་རེ་རེ་ལ་འཁོར་ཕུན་སུམ་ཚོགས་པ་བརྒྱ་བརྒྱས་བསྐོར་བར་སྟོན་པའོ། །ཛམྦུའི་གླིང་ལ་དབང་བའི་སྐྱེ་བ་འཛིན་ནུས་སོ། །ས་གཉིས་པ་ནི། སྔ་མ་ལས། འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ། །ཞེས་པ་དང༌། རིན་ཆེན་ཕྲེང་བ་ལས། གཉིས་པ་དྲི་མ་མེད་ཅེས་བྱ། །ལུས་དང་ངག་དང་སེམས་ཀྱི་ལས། ། བཅུ་ཆར་དྲི་མ་མེད་པའི་ཕྱིར། །རང་གིས་དེ་དག་ལ་གནས་ཕྱིར། །དེ་ཡི་རྣམ་པར་སྨིན་པས་ནི། །ཚུལ་ཁྲིམས་ཕ་རོལ་ཕྱིན་མཆོག་འགྱུར། །དཔལ་ལྡན་རིན་ཆེན་བདུན་གྱི་བདག །འགྲོ་ཕན་འཁོར་ལོས་སྒྱུར་བར་འགྱུར། །ཞེས་པ་སྟེ། མི་དགེ་བ་བཅུ་མེད་ཅིང་དགེ་བ་བཅུ་སྤྱོད་ལ། ཡོན་ཏན་སྔར་བཤད་པ་སྟོང་ཕྲག་བཅུ་གཉིས་སྐད་ཅིག་ལ་འཐོབ་ཅིང༌། གླིང་བཞི་ལ་དབང་པའི་འཁོར་ལོས་སྒྱུར་བའི་སྐྱེ་བ་འཛིན་ཏོ། །ས་གསུམ་པ་ནི། མདོ་སྡེའི་རྒྱན་ལས། ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པའོ། །ཞེས་པ་དང༌། རིན་ཆེན་ཕྲེང་བ་ལས། ས་གསུམ་པ་ནི་འོད་བྱེད་པ། །ཡེ་ཤེས་ཞི་བའི་འོད་འབྱུང་ཕྱིར། བསམ་གཏན་མངོན་ཤེས་སྐྱེས་པ་དང༌། །འདོད་ཆགས་ཞེ་སྡང་ཡོངས་ཟད་ཕྱིར། །དེ་ཡི་རྣམ་པར་སྨིན་པས་ནི། །བཟོད་དང་བརྩོན་འགྲུས་ལྷག་པར་སྤྱོད། །ལྷ་ཡི་དབང་ཆེན་མཁས་པ་སྟེ། །འདོད་པའི་འདོད་ཆགས་བཟློག་པ་ཡིན། །ཞེས་ཏེ། ཡོན་ཏན་འབུམ་ཕྲག་བཅུ་གཉིས་ཡོད་ལ། ལྷའི་དབང་པོ་བརྒྱ་བྱིན་གྱི་སྐྱེ་བ་འཛིན་ཏོ། །ས་བཞི་པ་ནི། མདོ་སྡེའི་རྒྱན་ལས། འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པོ་སྲེག་པས་འོད་འཕྲོ་ཅན། །ཞེས་པ་དང༌། རིན་ཆེན་ཕྲེང་བ་ལས། བཞི་པ་འོད་འཕྲོ་ཅན་ཞེས་བྱ། །ཡང་དག་ཡེ་ཤེས་འོད་འབྱུང་ཕྱིར། ། བྱང་ཆུབ་ཕྱོགས་མཐུན་མ་ལུས་པ། ཁྱད་པར་དུ་ནི་བསྒོམ་པའི་ཕྱིར། །དེ་ཡི་རྣམ་པར་སྨིན་པས་ནི། །རབ་མཐའ་བྲལ་ནས་ལྷ་རྒྱལ་འགྱུར། །འཇིག་ཚོགས་ལྟ་བར་རབ་འབྱུང་བ། །ཀུན་ནས་འཇོམས་བྱེད་མཁས་པ་ཡིན། །ཞེས་ཏེ། ཡོན་ཏན་སྔར་གྱི་དེ་ལྟ་བུ་བྱེ་བ་ཕྲག་བཅུ་གཉིས་འཐོབ་ཅིང༌། མཚེ་མའི་རྒྱལ་པོའི་སྐྱེ་བ་འཛིན་ཏོ། །ས་ལྔ་པ་ནི། མདོ་སྡེའི་རྒྱན་ལས། སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང༌། །རང་གི་སེམས་ཀྱང་བསྲུང་བའི་ཕྱིར། །བློ་ལྡན་རྣམས་ཀྱིས་སྦྱང་དཀའ་བ། །དེ་ཕྱིར་སྦྱང་དཀའ་ཞེས་བརྗོད་དོ། །ཞེས་པ་དང༌། རིན་ཆེན་ཕྲེང་བ་ལས། ལྔ་པ་ཤིན་ཏུ་སྦྱང་དཀའ་བདུད། །ཀུན་གྱིས་ཤིན་ཏུ་ཐུབ་དཀའི་ཕྱིར། །འཕགས་པའི་བདེན་སོགས་ཕྲ་མོའི་དོན། །ཤེས་ལ་མཁས་པ་འབྱུང་བའི་ཕྱིར། །དེ་ཡི་རྣམ་པར་སྨིན་པས་ནི། །དགའ་ལྡན་གནས་ཀྱི་ལྷ་རྒྱལ་འགྱུར། །ཞེས་ཏེ། ཡོན་ཏན་བྱེ་བ་སྟོང་ཕྲག་བཅུ་གཉིས་དང༌། དགའ་ལྡན་གྱི་རྒྱལ་པོ་བྱེད་དོ། །ས་དྲུག་པ་ནི། སྔ་མ་ལས། ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་མངོན་དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བཤད། །ཅེས་པ་དང༌། རིན་ཆེན་ཕྲེང་བ་ལས། དྲུག་པ་མངོན་ཕྱོགས་ཞེས་བྱ་སྟེ། །སངས་རྒྱས་ཆོས་ལ་མངོན་ཕྱོགས་ཕྱིར། །ཞི་གནས་ལྷག་མཐོང་གོམས་པ་ཡིས། །འགོག་པ་ཐོབ་པ་རྒྱས་པའི་ཕྱིར། །དེ་ཡི་རྣམ་པར་སྨིན་པས་ནི། །ལྷ་ཡི་རྒྱལ་པོ་རབ་འཕྲུལ་འགྱུར། །ཞེས་ཏེ། ཡོན་ཏན་བྱེ་བ་འབུམ་ཕྲག་བཅུ་གཉིས་དང༌། འཕྲུལ་དགའི་རྒྱལ་པོའོ། ། ས་བདུན་པ་ནི། སྔ་མ་ལས། བགྲོད་གཅིག་ལམ་དང་འབྲེལ་པའི་ཕྱིར། །རིང་དུ་སོང་བའི་སར་འདོད་དོ། །ཞེས་སམ། ཕྱི་མ་ལས། བདུན་པ་རིང་དུ་སོང་བ་སྟེ། །གྲངས་ནི་རིང་དུ་སོང་ལྡན་ཕྱིར། །གང་ཕྱིར་སྐད་ཅིག་སྐད་ཅིག་ལ། །དེ་ནི་འགོག་ལ་སྙོམས་པར་འཇུག །དེ་ཡི་རྣམ་པར་སྨིན་པས་ནི། །དབང་སྒྱུར་ལྷ་ཡི་བདག་པོར་འགྱུར། །ཞེས་ཏེ། ཡོན་ཏན་བྱེ་བ་ཕྲག་ཁྲིག་འབུམ་ཕྲག་བཅུ་གཉིས་དང༌། གཞན་འཕྲུལ་དབང་བྱེད་ཀྱི་རྒྱལ་པོ་བྱེད་དོ། །ས་བརྒྱད་པ་ནི། སྔ་མ་ལས། འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་བ་ཞེས་ངེས་པར་བརྗོད། །ཅེས་པ་དང༌། ཕྱི་མ་ལས། དེ་བཞིན་བརྒྱད་པ་གཞོན་ནུའི་ས། །མི་གཡོ་བ་དེ་མི་རྟོག་ཕྱིར། །མི་གཡོ་དེ་བཞིན་ལུས་དང་ནི། །ངག་སེམས་སྤྱོད་ཡུལ་བསམ་མི་ཁྱབ། །དེ་ཡི་རྣམ་པར་སྨིན་པས་ནི། །སྟོང་གི་བདག་པོ་ཚངས་པར་འགྱུར། །ཞེས་སོ། །ཡོན་ཏན་ནི་སྟོང་ཆེན་འབུམ་ཕྲག་གཅིག་གི་རྡུལ་གྱི་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞལ་བལྟ་བ་ལ་སོགས་པ་བྱེད་དོ། །ས་དགུ་པ་ནི། སྔ་མ་ལས། སོ་སོར་ཡང་དག་རིག་བློ་བཟང༌། །ས་དེ་ལེགས་པའི་བློ་གྲོས་ཡིན། ཞེས་པ་དང༌། ཕྱི་མ་ལས། ས་དགུ་པ་ནི་ལེགས་པ་ཡི། །བློ་གྲོས་ཞེས་བྱ་རྒྱལ་ཚབ་བཞིན། །གང་ཕྱིར་སོ་སོར་ཡང་དག་རིག །ཐོབ་པས་འདི་ལ་བློ་གྲོས་བཟང༌། །དེ་ཡི་རྣམ་པར་སྨིན་པས་ནི། །སྟོང་གཉིས་བདག་པོ་ཚངས་ཆེན་འགྱུར། །སེམས་ཅན་བསམ་པ་དྲིས་པ་ལ། །དགྲ་བཅོམ་སྩོགས་ཀྱིས་འཕྲོགས་པ་མེད། །ཅེས་སོ། །ཡོན་ཏན་ནི་སྟོང་ཆེན་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་གྱི་གྲངས་དང་མཉམ་པའི་སངས་རྒྱས་བལྟ་བ་ལ་སོགས་ པའོ། །ས་བཅུ་པ་ནི། སྔ་མ་ལས། སྤྲིན་བཞིན་གཉིས་ཀྱིས་ནམ་མཁའི་ ཁམས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཞེས་པ་དང༌། ཕྱི་མ་ལས། བཅུ་པ་ཆོས་ཀྱི་སྤྲིན་ཡིན་ཏེ། །དམ་པ་ཆོས་ཀྱི་ཆར་འབེབས་ཕྱིར། །བྱང་ཆུབ་སེམས་དཔར་སངས་རྒྱས་ཀྱི། །འོད་ཟེར་དབང་གིས་དབང་བསྐུར་ཕྱིར། །དེ་ཡི་རྣམ་པར་སྨིན་པས་ནི། །གནས་གཙང་ལྷ་ཡི་བདག་པོར་འགྱུར། །བསམ་ཡས་ཡེ་ཤེས་ཡུལ་གྱི་བདག །དབང་ཕྱུག་ཆེན་པོའི་མཆོག་ཡིན་ནོ། །ཞེས་སོ། །ཡོན་ཏན་ནི་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་གྱི་གྲངས་དང་མཉམ་པའི་རྡུལ་ཕྲར་རབ་སྙེད་ཀྱི་སངས་རྒྱས་བལྟ་བ་ལ་སོགས་པ་བཅུ་གཉིས་སྐད་ཅིག་སྐད་ཅིག་ལ་བྱེད་དོ། །གཞན་ཡང་ས་དང་པོར་སེམས་ཉིད་འོད་གསལ་བའི་སྙིང་པོ་དེ་ཉིད་སེམས་ཅན་ཀུན་ལ་ཁྱབ་པར་རྟོགས་པས་བདག་གཞན་མཉམ་པ་ཉིད་བྱང་ཆུབ་ཀྱི་སེམས་རྟོགས་སོ། །གཉིས་པར་དེ་ཉིད་རྟོགས་བྱ་རྣམས་ཀྱི་མཆོག་ཏུ་རྟོགས་པས་ཁམས་ཀྱི་དྲི་མ་སྦྱོང་བའི་བརྩོན་འགྲུས་བྱེད་དོ། །གསུམ་པར་ཐོས་པ་དེ་ཆོས་ཀྱི་དབྱིངས་དེའི་རྒྱུ་མཐུན་པར་རྟོགས་པས་སྟོང་གསུམ་མེ་ལྕེ་གཅིག་ཏུ་གྱུར་པ་ལས་ཀྱང་བརྒལ་ནས་ཆོས་ཉན་ཏོ། །བཞི་པར་དེ་ཉིད་བདག་གིར་འཛིན་པ་མེད་པར་རྟོགས་པས་ཆོས་ལ་ཆགས་པ་སྤང་ངོ༌། །ལྔ་པར་རང་གཞན་གྱི་རྒྱུད་ལ་ཡོད་པའི་ཁམས་དེ་ཐ་དད་མེད་པར་རྟོགས་པས་སངས་རྒྱས་ཐམས་ཅད་བསམ་པ་དག་པ་བཅུས་མཉམ་པར་རྟོགས་སོ། །དག་པ་བཅུ་ནི་ཡོན་ཏན་དང༌། བསླབ་པ་དང༌། ལམ་དང༌། ལམ་མ་ཡིན་པ་ཤེས་པ་དང༌། ཆོས་སུམ་ཅུ་རྩ་བདུན་དང༌། སེམས་ཅན་སྨིན་པར་བྱེད་པའོ། །དང་པོ་གཉིས་ལ་སྐུ་གསུང་ཐུགས་ཀྱིས་གསུམ་གསུམ་བགྲང་ངོ༌། །དྲུག་པར་ཁམས་དེ་རང་བཞིན་གྱིས་རྣམ་པར་དག་པས་རྟོགས་པས་འཁོར་འདས་ལ་བླང་དོར་དུ་འཛིན་པ་ཐམས་ཅད་བཟློག་གོ །བདུན་པར་ཁམས་དེ་ཐ་དད་མེད་པར་རྟོགས་པས་མཚན་མར་འཛིན་པ་ཐམས་ཅད་བཟློག་གོ །བརྒྱད་པར་སྙིང་པོ་དེ་ཉིད་ལ་སྐྱོན་ཡོན་བྲི་བ་དང་འཕེལ་བ་མེད་པར་རྟོགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པའི་མཆོག་ཤིན་ཏུ་རྣམ་པར་དག་གོ ། དགུ་པར་ཁམས་ཉིད་ལ་རང་ཆས་སུ་སོ་སོར་རིག་བཞི་ཡོད་པར་རྟོགས་པས་ཡེ་ཤེས་ལ་དབང་བར་བྱེད་དོ། །བཅུ་པར་ཁམས་དེ་ཉིད་འཕྲིན་ལས་ཕུན་སུམ་ཚོགས་པའི་འབྱུང་གནས་སུ་རྟོགས་པས་དབང་བཞི་ལ་རང་དབང་ཐོབ་པ་ཡིན་ནོ། །དབང་བཞི་ནི། དབུས་མཐའ་ལས། ཀུན་དུ་འགྲོ་དོན་མཆོག་གི་དོན། ། རྒྱུ་མཐུན་དོན་གྱི་མཆོག་ཉིད་དང༌། །ཡོངས་སུ་འཛིན་པ་མེད་དོན་དང༌། །ཐ་དད་མེད་པའི་དོན་ཉིད་དང༌། །བྲི་མེད་འཕེལ་བ་མེད་དོན་དང༌། །དབང་ནི་རྣམ་པ་བཞི་ཡི་གནས། །ཞེས་སོ། གང་ཞེ་ན། མདོ་སྡེའི་རྒྱན་ལས། ཡིད་དང་འཛིན་དང་རྣམ་པར་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་དང༌། །ཞིང་དང་ཡེ་ཤེས་ལས་དག་ལ། །དབང་ནི་རྣམ་པ་བཞི་ཡིན་ཏེ། །དབང་དེ་མི་གཡོ་ལ་སོགས་པའི། །ས་གསུམ་ལ་ནི་རྣམ་བཞི་སྟེ། །གཅིག་ལ་རྣམ་གཉིས་དེ་ལས་གཞན། ། དབང་ནི་རེ་རེར་འདོད་པ་ཡིན། །ཞེས་སོ། །དེའང་ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པས་རྣམ་པར་མི་རྟོག་པ་ལ་དབང་ཐོབ་པ་དང༌། འཛིན་པ་སྒོ་ལྔའི་རྣམ་ཤེས་གནས་འགྱུར་པས་ཞིང་ཁམས་དག་པ་ལ་དབང་ཐོབ་པ་གཉིས་ནི་ས་བརྒྱད་པ་ལའོ། །ཡིད་ཀྱི་རྣམ་ཤེས་གནས་གྱུར་པས་སོ་སོར་ཡང་དག་རིག་བཞི་ལ་མངའ་བརྙེས་ཤིང་འཕྲིན་ལས་ཕུན་སུམ་ཚོགས་པ་ལ་དབང་ཐོབ་པས་སེམས་ཅན་སྨིན་པར་བྱེད་པ་ནི་ས་དགུ་པའོ། །བཅུ་པ་ལ་རྟོག་པ་སྟེ་ཡིད་ཤེས་ཀྱི་འཆར་གཞི་ཀུན་གཞིའི་རྣམ་ཤེས་གནས་གྱུར་པས་ཡེ་ཤེས་མེ་ལོང་ལྟ་བུ་ལ་དབང་ཐོབ་སྟེ་འཕྲིན་ལས་ཆེན་པོས་སངས་རྒྱས་དང་བྱ་བ་ཡུལ་ལ་ཡོད་པའི་འཕྲིན་ལས་འདྲ་རུང་དུ་བྱེད་དེ། རྒྱུད་བླ་ལས། བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང༌། །སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། །ཅེས་སོ། །དེའང་བརྒྱད་པར་མཉམ་པ་ཉིད་དང་སོ་སོར་རྟོག་པ། དགུ་པར་བྱ་བ་གྲུབ་པ། བཅུ་པར་མེ་ལོང་ལྟ་བུའི་ཡེ་ཤེས་བཞི་ལ་དབང་ཐོབ་ནས། རྒྱུན་མཐར་བག་ཆགས་སྣ་ཚོགས་པའི་ཀུན་གཞི་གནས་གྱུར་མ་ཐག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་དབང་ཐོབ་སྟེ་འཚང་རྒྱ་བ་ཡིན་ནོ། །ས་བཅུ་རྒྱུན་མཐར་འོད་ཟེར་ཆེན་པོས་དབང་བསྐུར་བ་ཡིན་ཏེ། མདོ་སྡེའི་རྒྱན་ལས། སྒོམ་པ་ཐ་མ་ཐོབ་ནས་ནི། །འོད་ཟེར་ཆེན་པོས་དབང་བསྐུར་བ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །རྟོག་པས་མི་ཤིགས་ཐོབ་ནས་ནི། །གནས་གཞན་གྱུར་པས་མཐར་ཐུག་པ། །སྒྲིབ་པ་ཀུན་གྱི་དྲི་མེད་ པ། །གང་ལ་གནས་ནས་སེམས་ཅན་ཀུན། །ཕན་ཕྱིར་རབ་ཏུ་སྒྲུབ་བྱེད་པ། ། རྣམ་པ་ཐམས་ཅད་མཁྱེན་པ་ཡི། གོ་འཕང་བླ་ན་མེད་པ་འཐོབ། །ཅེས་པས། དེའང་ས་བཅུ་པ་དེས་ཕྱོགས་བཅུའི་སངས་རྒྱས་ལ་མཆོད་པ་ཆེན་པོ་བྱས་མ་ཐག་ཏུ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་མཛོད་སྤུ་ནས་འོད་ཟེར་གྱི་ཚོགས་བྱུང་སྟེ། སེམས་དཔའ་དེའི་སྤྱི་བོར་ནུབ་པས། རྡོ་རྗེ་ལྟ་བུ་ལ་སོགས་པ་སྔོན་མ་ཐོབ་པའི་ཏིང་ངེ་འཛིན་འབུམ་ཕྲག་གྲངས་མེད་པ་ཐོབ་སྟེ་ཤེས་བྱའི་སྒྲིབ་པ་ཕྲ་མོའང་དག་ནས་འཚང་རྒྱ་བ་ཡིན་ནོ། །ཕྱི་ནང་གི་དབྱེ་བ་བསྟན་པ་ནི། ཚུལ་ཇི་ལྟར་ཞེ་ན། སློབ་པའི་ས་བཅུ་བཅུ་གཅིག་ཀུན་དུ་འོད། །སྤྲུལ་སྐུའི་ས་སྟེ་རྒྱུ་ཡི་ཐེག་པས་བཞག །རྡོ་རྗེའི་ཐེག་པར་ཡོན་ཏན་རིགས་དབྱེ་བས། ། བཅུ་གཉིས་ལ་སོགས་རྣམ་གཞག་དཔག་ཏུ་མེད། །དེའང་ཕ་རོལ་ཏུ་ཕྱིན་པའི་ཐེག་པས་དེའི་ཚེ་སྔར་གྱི་ཁམས་བྱང་ཆུབ་ཏུ་གྱུར་ཏེ། ཆོས་ཐམས་ཅད་དྲི་མ་མེད་པའི་གནས་སྐབས་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་འབའ་ཞིག་གིས་བསྡུས་པར་འདོད་དེ། སྐུ་གསུམ་གྲུབ་པ་ལས། དྲི་མེད་དེ་བཞིན་ཉིད་དང་ ནི། །མི་རྟོག་ཡེ་ཤེས་མ་གཏོགས་པ། །སངས་རྒྱས་རྣམས་ལ་ཆོས་གཞན་ ནི། །འགའ་ཡང་ཡོད་པ་མ་ཡིན་ནོ། །ཞེས་སོ། །དེ་ལ་དྲི་མ་དང་བྲལ་བའི་སྐུ་ནི་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུ་ཡིན་ལ། དེའི་རང་བཞིན་ཅན་གྱི་མི་རྟོག་པའི་ཡེ་ཤེས་སྟོབས་སོགས་ཀྱི་རྣམ་པ་ནི་ཆོས་ཀྱི་སྐུ་དང༌། ཡེ་ཤེས་དེ་ཉིད་ས་བཅུ་པའི་སེམས་དཔའ་ལ་མཚན་དཔེས་བརྒྱན་པར་སྣང་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང༌། ཡེ་ཤེས་དེ་ཉིད་གདུལ་བྱ་གཞན་ལ་གང་ལ་གང་འདུལ་དུ་སྣང་བ་ནི་སྤྲུལ་པའི་སྐུ་དང༌། ཡེ་ཤེས་དེ་ཉིད་འཁོར་བ་ཇི་སྲིད་པར་རྒྱུན་མི་འཆད་པ་ དང༌། ལྷུན་གྱིས་གྲུབ་པར་གཞན་ལ་ཕན་པར་མཛད་པ་ནི་འཕྲིན་ལས་ཡིན་ ནོ། །ངོ་བོ་ཉིད་ཀྱི་སྐུ་ནི། མངོན་རྟོགས་རྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་སོ། །ཆོས་ཀྱི་སྐུ་ནི། དེ་ཉིད་ལས། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌། །རྣམ་པར་ཐར་དང་མཐར་གྱིས་ ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང༌། །ཟད་པར་བཅུ་ཡི་བདག་ཉིད་དང༌། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བ་རྣམ་བརྒྱད་ དང༌། །ཉོན་མོངས་མེད་དང་སྨོན་མཁྱེན་དང༌། །མངོན་ཤེས་སོ་སོར་ཡང་དག་རིག །རྣམ་པ་ཐམས་ཅད་དག་བཞི་དང༌། །དབང་བཅུ་དང་ནི་སྟོབས་བཅུ་ དང༌། །མི་འཇིགས་པ་ནི་བཞི་དག་དང༌། །བསྲུང་བ་མེད་པ་རྣམ་གསུམ་ དང༌། །དྲན་པ་ཉེར་གཞག་རྣམ་གསུམ་དང༌། །བསྙེལ་བ་མི་མངའི་ཆོས་ཉིད་དང༌། །བག་ཆགས་ཡང་དག་བཅོམ་པ་དང༌། །སྐྱེ་ལ་ཐུགས་རྗེ་ཆེན་པོ་ དང༌། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་ དང༌། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ ཡིན། །ཞེས་སོ། །དེ་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི། དྲན་པ་ཉེ་བར་གཞག་པ་བཞི། ཡང་དག་པར་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི། དབང་པོ་ལྔ༌། སྟོབས་ལྔ། བྱང་ཆུབ་ཀྱི་ལམ་ཡན་ལག་བདུན། འཕགས་ལམ་ཡན་ལག་བརྒྱད་དོ། །ཚད་མེད་པ་བཞི་ནི། བྱམས་པ། སྙིང་རྗེ། དགའ་བ། བཏང་སྙོམས་ཚད་མེད་པའོ། །རྣམ་པར་ཐར་པ་བརྒྱད་ནི། གཟུགས་ཅན་གཟུགས་ལ་བལྟ་བའི་རྣམ་པར་ཐར་པ་དང༌། གཟུགས་ཅན་མ་ཡིན་གཟུགས་ལ་བལྟ་བའི་རྣམ་པར་ཐར་པ་དང༌། སྡུག་པའི་རྣམ་པར་ཐར་པ་དང༌། ནམ་མཁའ་དང༌། རྣམ་ཤེས་དང༌། ཅི་ཡང་མེད་པ་དང༌། འདུ་ཤེས་མེད་མིན་སྐྱེ་མཆེད་རྣམས་ཀྱི་རྣམ་པར་ཐར་པ་སྟེ་བཞི་དང༌། འགོག་པའི་རྣམ་པར་ཐར་པའོ། །སྙོམས་འཇུག་དགུ་ནི། བསམ་གཏན་བཞི་དང༌། གཟུགས་མེད་བཞི་དང༌། འགོག་པ་ལ་སྙོམས་པར་འཇུག་པའོ། །ཟད་པར་བཅུ་ནི། ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དང༌། ནམ་མཁའ་དང༌། རྣམ་པར་ཤེས་པའོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ནི། ནང་གཟུགས་ཅན་དག་གིས་ཆུང་ངུའི་རྣམ་པར་ཕྱི་རོལ་གྱི་གཟུགས་ཆུང་ངུ་རྣམས་ལ་བལྟ་ཞིང་དེ་དག་ཟིལ་གྱིས་གནོན་པ་དང༌། ནང་གཟུགས་ཅན་དག་གིས་ཕྱི་རོལ་གྱི་གཟུགས་ཆེན་པོ་རྣམས་ལ་བལྟ་ཞིང་དེ་དག་ཟིལ་གྱིས་གནོན་པ་དང༌། དེ་བཞིན་དུ་གཟུགས་ཅན་མ་ཡིན་པས་གཟུགས་ཆུང་ངུ་དང་ཆེན་པོ་ལ་བལྟ་བས་དེ་དག་ཟིལ་གྱིས་གནོན་པ་གཉིས་ཏེ་བཞི་དང༌། ནང་གཟུགས་མེད་པར་འདུ་ཤེས་པ་ཁོ་ནས། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དག་ཟིལ་གྱིས་མནན་ནས་མཐོང་ཞེས་བྱ་བ་བཞི་སྟེ་བརྒྱད་དོ། །གཞན་རྒྱུད་ཀྱི་ཉོན་མོངས་པ་སེལ་བས་མེད་པར་མཛད་པ་དང༌། ཇི་ལྟར་མཛད་པ་ཐམས་ཅད་ལྷུན་གྲུབ་ཏུ་འབྱུང་བས་སྨོན་པའི་གནས་མཁྱེན་པ་དང༌། མངོན་ཤེས་དྲུག་ནི། རྫུ་འཕྲུལ་དང༌། ལྷའི་རྣ་བ་དང༌། གཞན་གྱི་སེམས་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། མངོན་པར་འདུ་བྱེད་པ་ལས་བྱུང་བ་ལྷའི་མིག་དང༌། ཟག་པ་ཟད་པའི་མངོན་པར་ཤེས་ པའོ། །དོན་དང༌། ཚིག་དང༌། ཆོས་དང༌། སྤོབས་པ་སོ་སོར་ཡང་དག་པར་རིག་པ་བཞིའོ། །དག་པ་བཞི་ནི། རྟེན་དང༌། དམིགས་པ་དང༌། ཐུགས་དང༌། ཡེ་ཤེས་ཡོངས་སུ་དག་པའོ། །དབང་བཅུ་ནི། ཚེ་དང༌། སེམས་དང༌། ཡོ་བྱད་དང༌། ལས་དང༌། སྐྱེ་བ་དང༌། མོས་པ་དང༌། སྨོན་ལམ་དང༌། རྫུ་འཕྲུལ་དང༌། ཡེ་ཤེས་དང༌། ཆོས་ལ་དབང་བའོ། །སྟོབས་བཅུ་ནི། གནས་དང་གནས་མ་ཡིན་པ་དང༌། ལས་ཀྱི་རྣམ་པར་སྨིན་པ་དང༌། མོས་པ་སྣ་ཚོགས་དང༌། འཇིག་རྟེན་གྱི་ཁམས་དུ་མ་དང༌། དབང་པོ་མཆོག་དང་མཆོག་མ་ཡིན་པ་དང༌། ཐམས་ཅད་དུ་འགྲོ་བའི་ལམ་དང༌། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། འཆི་འཕོ་བ་དང༌། སྐྱེ་བ་དང༌། ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ། །མི་འཇིགས་པ་བཞི་ནི། ང་ནི་སངས་རྒྱས་སོ་ཞེས་ཞལ་གྱིས་བཞེས་པ་ལ་དང༌། འདོད་ཆགས་ལ་སོགས་པས་བར་ཆད་བྱེད་པ་ཉིད་དུ་བརྗོད་པ་ལ་དང༌། ཐམས་ཅད་ཤེས་པ་ཉིད་ལ་སོགས་པའི་ལམ་ངེས་པར་འབྱུང་བ་ཉིད་དུ་བསྟན་པ་ལ་དང༌། བདག་ཉིད་ཀྱིས་ཟག་པ་ཟད་པ་ཉིད་དུ་ཞལ་གྱིས་བཞེས་པ་རྣམས་ལ་རྒོལ་བ་པོ་མེད་པས་མི་འཇིགས་པའོ། །སྐུ་དང༌། གསུང་དང༌། ཐུགས་ཀྱི་སྤྱོད་པ་དག་པས་ཕྱིན་ཅི་ལོག་བཅབ་པར་བྱའོ་སྙམ་པ་མེད་པ་གསུམ་ནི་བསྲུང་བ་མེད་པ་རྣམ་གསུམ་མོ། །དྲན་པ་ཉེ་བར་གཞག་པ་གསུམ་ནི། ཆོས་བསྟན་པ་ན་ཉན་པར་འདོད་པ་དང་མི་འདོད་པ་དང༌། གཉིས་ཀ་དག་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང༌། གཉིས་ཀས་དབེན་པར་བཏང་སྙོམས་སུ་དྲན་པ་དང་ལྡན་པར་གནས་པའོ། ། སེམས་ཅན་གྱི་དོན་ལ་བསྙེལ་བ་མེད་པ་དང༌། དྲི་མའི་བག་ཆགས་ཐམས་ཅད་བཅོམ་པ་དང༌། འགྲོ་བ་ཐམས་ཅད་ལ་ཕན་པར་བཞེད་པའི་ཐུགས་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི། འཁྲུལ་པ་དང༌། ཅ་ཅོ་དང༌། དྲན་པ་ཉམས་པ་དང༌། ཐུགས་མཉམ་པར་མ་བཞག་པ་དང༌། ཐ་དད་པ་ཉིད་ཀྱི་འདུ་ཤེས་དང༌། སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བའི་རྣམ་པ་དྲུག་དང༌། འདུན་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་ལས་ཉམས་པ་མི་མངའ་བའི་རྣམ་པ་དྲུག་དང༌། སྐུ་དང༌། གསུང་དང༌། ཐུགས་ཀྱི་འཕྲིན་ལས་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་གསུམ་དང༌། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པ་གསུམ་སྟེ་བཅོ་བརྒྱད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ལམ་ཤེས་པ་ཉིད་དང༌། ཐམས་ཅད་ཤེས་པ་ཉིད་དེ། སྡེ་ཆེན་ཉི་ཤུ་རྩ་གཅིག་པོ་དེ་རྣམས་ནི་ཆོས་ཀྱི་སྐུའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི། མངོན་རྟོགས་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་སོ། །རྒྱས་པར་འོག་ཏུ་འཆད་དོ། ། སྤྲུལ་པའི་སྐུ་ནི་དེ་ཉིད་ལས། གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་འདི་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་པ་དང༌། མདོ་སྡེ་རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། ། བྱང་ཆུབ་མཆོག་གི་སྤྲུལ་པ་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་སོ། འཕྲིན་ལས་ནི། ཡང་དེ་ཉིད་ལས། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་འཆད་པར་འདོད། །ཅེས་སོ། གསང་སྔགས་ལས་ནི། དེའི་སྟེང་དུ་བཅུ་གཉིས་པདྨ་ཅན་གྱིས་སེམས་དཔའ་ལ་མི་སྣང་བ་ཐམས་ཅད་མཁྱེན་པ་ཁོ་ནའི་ལོངས་སྤྱོད་ཆེན་པོའི་སྐུ་གཅིག་དང་དུ་མ་མེད་པ་རྟག་ཏུ་ལྷུན་གྱིས་གྲུབ་པའོ། །ཞེས་པ་དང༌། ཁ་ཅིག་ལས་དེའི་སྟེང་དུ་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་བདེ་བ་ནམ་མཁའི་མཐས་ཁྱབ་པ་ཀུན་དུ་སྤྲོས་པ་དང་བྲལ་བའི་ཆོས་ཀྱི་སྐུས་ཁྱབ་པའོ་ཞེས་པ་དང༌། གཞུང་ཁ་ཅིག་ལས། བཅུ་བཞི་པ་བདེ་བ་ཆེན་པོ། བཅོ་ལྔ་པ་ཏིང་ངེ་འཛིན། བཅུ་དྲུག་པ་ཡེ་ཤེས་བླ་མའི་སའོ་ཞེས་པ་ལ་སོགས་པ་དཔག་ཏུ་མེད་པ་གསུངས་ཀྱང༌། ཀུན་དུ་འོད་ཟེར་འགྱེད་པ་དང༌། ངོ་བོ་གཅིག་ལ་ལྡོག་པས་ཕྱེ་བ་ཡིན་ནོ། །སྐུ་གསུམ་ཡེ་ཤེས་ལྔའི་མཚན་ཉིད་སོ་སོར་དབྱེ་བར་སྣང་ངོ༌། ། «ལམ་ལྔར་བསྟན་པ་ནི།» གཞན་ཡང༌། ཚོགས་སྦྱོར་མཐོང་སྒོམ་མི་སློབ་ལམ་ལྔ་དང༌། རིམ་གཉིས་ལ་སོགས་ཟབ་མོ་སེམས་ཀྱི་ཡུལ། །དམ་ཆོས་ཉི་མ་དྲི་མེད་འོད་མངའ་འོ། །ལས་དང་པོ་པ་འཇུག་པའི་སྒོ་ཚོགས་ཀྱི་ལམ་དང༌། སྦྱོར་བའི་ལམ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནི་མོས་པས་སྤྱོད་པའི་ས་སྟེ་སོ་སོའི་སྐྱེ་བོའི་ལམ་གཉིས་དང༌། མཐོང་བ་དང་སྒོམ་པའི་ལམ་ནི་འཕགས་པ་སློབ་པའི་ལམ་སྟེ། མཐོང་བ་དང་སྒོམ་པའི་སྤང་བྱ་སྤོང་ཞིང་འབད་པས་བསྒྲུབ་པ་དང༌། མི་སློབ་པའི་ལམ་ནི་མཐར་ཕྱིན་པ་སྟེ། གདུགས་ཟླ་མེད་པ་གཙོ་བོ་གཅིག་པུའི་སའོ། །ས་དེ་དག་ན་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཟབ་མོ་སེམས་དང༌། ཡེ་ཤེས་ཀྱི་ཡུལ་དུ་གྱུར་པའི་ཆོས་རྣམས་ནི་སྐབས་འདིར་ཆོས་དཀོན་མཆོག་གོ །གཞན་དུ་ན་མི་སློབ་པའི་ལམ་ཆོས། གྲོགས་དགེ་འདུན། སྟོན་པ་སངས་རྒྱས་ཞེས་བཤད་དེ། དེ་དག་ནི་ཐ་དད་པའི་དབང་དུ་བྱས་ལ། འདིར་ནི་ཐ་དད་པ་དང་དབྱེར་མེད་པའི་དཀོན་མཆོག་མཐར་ཐུག་པ་དང་མ་ཐུག་པ་ཀུན་བསྡུས་སོ། ། « དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པ་ནི། »གྲོགས་ཀྱི་རྟེན། དགེ་འདུན་ཉན་རང་སྐྱེས་བུ་ཟུང་བཞི་དང༌། །རྒྱལ་སྲས་སར་གནས་ཕྱི་སྟེ་མཁའ་འགྲོ་དང༌། །གསང་སྔགས་རྗེས་སློབ་འགྲོ་བ་ནང་དུ་འདོད། །དེའང་ཉན་རང་གི་རྒྱུན་ཞུགས་ལ་སོགས་པ་བཞི་དང༌། བྱང་ཆུབ་སེམས་དཔའི་ས་བཅུ་ལ་བཞུགས་པའི་དགེ་འདུན་ནི་ཕྱི་དང༌། མཁའ་ལ་འགྲོ་བ་དང༌། ཤུགས་ཀྱིས་འགྲོ་བ་དང༌། སྔགས་ལས་སྐྱེས་པ་དང༌། ལས་ལས་སྐྱེས་པ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་དང༌། དེ་བཞིན་གཤེགས་པའི་རིགས་ཀྱིས་བསྡུས་པ་འཇིག་རྟེན་ལས་འདས་པའི་ཚོགས་དང༌། ཕྱག་རྒྱ་ཆེན་པོ་དང༌། ཚེ་ལ་དབང་བ་དང༌། ལྷུན་གྱིས་གྲུབ་པའི་ས་ལ་བཞུགས་པའི་རིགས་འཛིན་གྱི་སློབ་དཔོན་རྣམས་ནི་ནང་དུ་འདོད་པའོ། །དེ་ལ་སྐབས་འདིར་རིགས་འཛིན་གྱི་རིགས་དབྱེ་ན་བཞི་སྟེ། རྣམ་པར་སྨིན་པ་དང༌། ཚེ་ལ་དབང་བ་དང༌། ཕྱག་རྒྱ་ཆེན་པོ་དང༌། ལྷུན་གྱིས་གྲུབ་པའི་རིགས་འཛིན་ནོ། །དང་པོ་ནི། ཚོགས་དང་སྦྱོར་བའི་ལམ་དུ་བསྐྱེད་རྫོགས་བསྒྲུབས་པས་ལུས་ཐ་མལ་དུ་ཡོད་ལ། སེམས་ལྷའི་སྐུར་གྲུབ་པ་སྟེ། སྒྱུ་འཕྲུལ་རྒྱས་པ་ལས། རྒྱ་མིག་རྒྱ་ས་ཇི་ལྟ་བར། །ཕྱག་རྒྱ་ཐོབ་ལ་མ་རེག་པའི། །གཟུགས་རྫོགས་སྟོབས་ཅན་དེ་ཁོ་ན། །ཞེས་སོ། རྒྱ་མིག་ནི་ལུས་ལ། རྒྱ་ས་ནི་སེམས་ཕྱག་རྒྱ་ཐོབ་པའོ། །དེའང་སྐོལ་ཕོར་དང༌། སཱཙྪ་ལྟར་ རོ། །འདི་ཉིད་ཆོས་མཆོག་མ་ཐོབ་པར་འདས་ན། བར་དོར་ཕྱག་རྒྱ་ཆེན་པོ་འཐོབ་སྟེ། ལུས་དོར་བ་དང་སེམས་ལྷའི་སྐུར་སྨིན་ཟིན་པའི་ཕྱིར་རོ། །ལས་རིམ་ལས། གཅིག་དང་དུ་མའི་རྣལ་འབྱོར་པ། །བསྟན་བྱ་ཉིད་སའམ་དེ་ཐོབ་ནས། །ཟླ་དྲུག་བཅུ་དྲུག་བསྙེན་སྒྲུབ་ཚེ། །རྡོ་རྗེའི་ལུས་སུ་མ་གྱུར་བར། ། སྟོབས་ཆུང་རྐྱེན་སྨོན་ཞན་པའི་ཕྱིར། །རྣམ་རྟོག་འབྱུང་བའི་ལྷག་ལུས་ བཞག །རྡོ་རྗེ་འཆང་བར་རིག་པས་འགྲོ། །ཞེས་སོ། །ཆོས་མཆོག་ཐོབ་ན་ཚེ་ལ་དབང་བར་དངོས་སུ་སྦྱོར་ཏེ། དེ་ཉིད་ལས། རྐྱེན་གྱིས་བར་མ་ཆད་པ་ན། དེ་ཡང་རྡོ་རྗེའི་ལུས་ལ་སྦྱོར། །ཞེས་སོ། །ཚེ་དབང་ནི། ཆོས་མཆོག་ཆེན་པོ་མཐར་ཕྱིན་ནས། ལུས་རྡོ་རྗེའི་སྐུ་ཐོབ་པས་སྐྱེ་ཤི་མེད་ཅིང་སེམས་མཐོང་ལམ་སྐྱེས་པ་སྟེ། དེ་ཉིད་ལས། དོན་མཐོང་འཇུག་པ་མཐར་ཕྱིན་པའི། །ཚོགས་སྤྱད་བསྒྲུབས་པའི་དངོས་གྲུབ་ཀྱིས། །ལུས་ཁམས་སྐྱེ་གནས་ཟག་པ་ཟད། །རྡོ་རྗེའི་ལུས་གྱུར་ཚེ་ཡི་རིགས། །མཐོང་བའི་ཆོས་ལ་མྱ་ངན་བཟླ། །ལུས་མ་བོར་བར་རྒྱལ་བའི་ས། །འཇིགས་པ་ཀུན་བྲལ་ཆོ་འཕྲུལ་རྫོགས། །ཞེས་སོ། ། དེའང་ལུས་དེ་ཆོས་མཆོག་གི་རྟེན་གང་ཡིན་དེར་གནས་ཏེ། གསང་སྙིང་ལས། མི་དང་ལྷ་དང་ཚངས་པ་ཡི། །སྐྱེ་བ་རྣམ་དག་འཛིན་འདོད་ཀྱི། །ཁྱད་པར་ས་ལ་གནས་གྱུར་ཡིན། །ཞེས་སོ། །སྤྲུལ་པ་དང་ཡོན་ཏན་ནི་ས་དང་པོའི་ཇི་སྙེད་པའོ། །ཕྱག་རྒྱའི་རིགས་འཛིན་ས་གཉིས་པ་ནས་བཅུ་པའི་བར་སྒོམ་ལམ་ས་དགུ་ལ་གནས་པ་སྟེ། དེའང་ལུས་དཀྱིལ་འཁོར་གྱི་རྣམ་པར་སྣང་ཞིང་སེམས་ས་དགུའི་དྲི་མ་སྦྱོང་བ་ལ་མཚན་མ་མེད་པའི་ཡེ་ཤེས་ཅན་ཏེ། ལས་རིམ་ལས། རང་སེམས་ཕྱག་རྒྱ་ཆེན་པོ་སྟེ། །བསྒོམས་པས་གང་ཡིན་མངོན་གྱུར་སྐུ། །ཐུན་མོང་མཆོག་གི་མཚན་དཔེར་ལྡན། །ལོང་སྤྱོད་གཉིས་པ་ཕྱག་རྒྱའི་རིགས། །རྡོ་རྗེ་འཁོར་ལོ་རིན་ཆེན་དང༌། །པདྨ་རལ་གྲིའི་རིགས་འཛིན་འགྱུར། །ཞེས་ སོ། །དེའང་ས་གཉིས་པ། གསུམ་པ། བཞི་པ། ལྔ་པ་རྣམས་སུ་རྡོ་རྗེའི་རིགས་འཛིན་ཞེས་བྱ་སྟེ། རྟོགས་པ་རྡོ་རྗེ་ལྟ་བུས་རང་སའི་སྒྲིབ་པ་འཇིག་པའི་ཕྱིར་ རོ། །དྲུག་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོར་སྤྱོད་ཅིང༌། ཆོས་ཀྱི་འཁོར་ལོ་བསྐོར་བས་འཁོར་ལོའི་རིགས་འཛིན་ནོ། །བདུན་པའང་ཐབས་ལ་མཁས་པ་འཁོར་ལོ་ལྟར་འབྱུང་བས་དེ་ཉིད་དོ། །བརྒྱད་པར་རྣམ་པར་མི་རྟོག་པ་ཡེ་ཤེས་རིན་པོ་ཆེ་ལ་དབང་ཐོབ་པས་རིན་པོ་ཆེའི་རིགས་འཛིན་ནོ། །དགུ་པར་ཆགས་པ་མེད་པས་ཞིང་སྦྱོང་ཞིང་དོན་བྱེད་པས་མདྨའི་རིགས་འཛིན་ནོ། ། བཅུ་པར་འཕྲིན་ལས་ཕུན་སུམ་ཚོགས་པས་སེམས་ཅན་གྱི་དོན་བྱེད་པས་རལ་གྲིའི་རིགས་འཛིན་ནོ། །ལྷུན་གྱིས་གྲུབ་པའི་རིགས་འཛིན་ནི་སངས་རྒྱས་ཀྱི་ས་སྟེ། དེ་ཉིད་ལས། སྔ་མའི་རིགས་ལས་མཐུ་རྫོགས་པས། །བཤད་པ་བཞིན་དུ་དྲི་མ་སྦྱངས། །སངས་རྒྱས་པ་ཡི་ཤེས་རབ་གསུམ། །ལྷུན་གྱིས་གྲུབ་པའི་རིགས་སུ་འགྱུར། །ཞེས་སོ། །སློབ་དཔོན་ཁ་ཅིག་ཕྱག་རྒྱ་ཆེན་པོ་ས་དང་པོ་ནས་བདུན་པའི་བར། ལྷུན་གྲུབ་དག་པ་ས་གསུམ་དུ་བཞེད་པའང་དགོངས་པ་མ་ལོན་པར་སྣང་ངོ༌། །ཅིའི་ཕྱིར་ན། ལས་དང་པོ་པའི་ས་ནས་སངས་རྒྱས་ཀྱི་སའི་བར་རིགས་འཛིན་བཞིས་བགྲོད་ཅིང་བསྡུས་པའི་ཕྱིར་རོ། ། «སྐྱབས་སུ་འགྲོ་བ་དངོས་ལའང་གསུམ་གྱི། ཞིང་སྤྲུལ་པ་ནི།» ད་ནི་སྐྱབས་སུ་འགྲོ་བ་དངོས་བསྟན་པ་ལས། སྐྱེ་བའི་རྒྱུ་ནི། དེའང་ཐ་མལ་པ་ནི་ངན་སོང་གི་འཇིགས་པ་དང་མཐོ་རིས་ལ་སོགས་པའི་ཡོན་ཏན་འདོད་པའོ། །ཉན་རང་ནི་དེའི་སྟེང་དུ་སྲིད་པས་འཇིགས་ནས་དད་པ་གསུམ་བསྐྱེད་པའོ། །ཐེག་ཆེན་གྱིས་སྙིང་རྗེས་གཞན་འཁོར་བ་ལས་སྐྱོབ་པ་སྟེ། མདོ་སྡེའི་རྒྱན་ལས། དེ་ཡང་སྙིང་རྗེ་ལས་རིག་བྱ། །ཞེས་སོ། །དེའང་བླ་མས་སྐྱབས་སུ་སོང་བའི་ཡོན་ཏན་བརྗོད་ནས་བློ་བཅོས་པ་དང༌། དཀོན་མཆོག་གི་རྟེན་གྱི་དྲུང་དུ་མཆོད་པ་བཤམས་ལ། མདུན་གྱི་ནམ་མཁར་སྔར་བཤད་པའི་དཀོན་མཆོག་གསུམ་སྤྲིན་ཕུང་གཏིབས་པ་ཙམ་བྱོན་ནས་བཞུགས་པར་བསམ་པ་ནི། སངས་རྒྱས་ལ་སོགས་པ། འདི་དག་དམིགས་པའི་ཡུལ་ཏེ་ནམ་མཁར་བསམ། ཁྱད་པར་བླ་མ་སངས་རྒྱས་གཙོ་བོར་འདོད། །ཕྱིའི་དབང་དུ་བྱས་ན་སངས་རྒྱས་གཙོ་བོ་ཡིན་ལ། ནང་གི་ལྟར་བླ་མ་གཙོ་བོ་ཡིན་ནོ། ། « སྐྱབས་སུ་འགྲོ་བ་ནི།» ཚུལ་ལམ། རྣམ་པ་དངོས་ཡིད་གསང་བས་རབ་མཆོད་དེ། ། བདག་དང་འགྲོ་ཀུན་གུས་པས་ཐལ་སྦྱར་ཞིང༌། །བླ་མ་སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་བར་དུ་གཞན་དོན་སྐྱབས་སུ་འགྲོ །སྙིང་ཁོང་རུས་པའི་གཏིང་ནས་ཡང་ཡང་བྱ། །དེའང་ཕྱིའི་མཆོད་པ་སྤོས་དང་མེ་ཏོག་ལ་སོགས་པ། ནང་གི་མཆོད་པ་བདུད་རྩི་ག་བུར་ལ་སོགས་པ། གསང་བའི་མཆོད་པ་དགྱེས་མཉམ་བྱང་ཆུབ་མཆོག་ལ་སོགས་པས་ནམ་མཁའ་གང་བའི་མགྲོན་ལ། ནམ་མཁའ་གང་བའི་མཆོད་པ་ཕུལ་ལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་སྙིང་ཐག་པ་ནས་ལན་གསུམ་དུ་བྱའོ། །དེ་ནི་བརྡ་ལས་ཐོབ་པའོ། །དེའི་རྗེས་ལ་གང་དུའང་དམིགས་པ་མེད་པའི་ངང་ལ་བཞག་པས་སྐྱེ་བ་མེད་པར་ཁོང་དུ་ཆུད་པ་ནི་དོན་དམ་པའི་སྐྱབས་འགྲོ་སྟེ། ཆོས་ཉིད་ཀྱིས་ཐོབ་པ་འཇིག་རྟེན་ལས་འདས་པའི་སྐྱབས་འགྲོའི་རྒྱུའོ། ། «འོད་ཟེར་སྤྲོ་བསྡུ་ནི། »དུས་གཞན་དུ་ཚུལ་དེ་ལྟར་སྐྱབས་སུ་སོང་བས། རྟེན་དེ་དག་རབ་ཏུ། དགྱེས་ཤིང་འོད་ཟེར་བཀྱེ་བས་རང་གཞན་གྱ།ི །སྒོ་གསུམ་སྒྲིབ་སྦྱངས་དངོས་གྲུབ་ཐོབ་པར་བསམ། །དེ་ཡིས་བསོད་ནམས་ཚོགས་རྫོགས་གཟུགས་སྐུ་འགྲུབ། །ཇི་སྐད་དུ། དཀོན་བརྩེགས་ལས། མི་གང་གསུམ་ལ་སྐྱབས་སུ་འགྲོ །དེ་ཡིས་ཚོགས་ཀྱང་རབ་རྫོགས་ཤིང༌། །སངས་རྒྱས་ཉིད་ཀྱང་འགྲུབ་པ་དང༌། །ཆོས་དང་དགེ་འདུན་ཐོབ་པར་འགྱུར། །ཞེས་སོ། །གནས་སྐབས་རྒྱུའི་སྐྱབས་འགྲོ་བཤད་ཟིན་ཏོ། ། «གཉིས་པ་འབྲས་བུའི་སྐྱབས་འགྲོ་ལའང་ལྔ་ལས། སྐྱབས་གནས་བཤད་པ་ནི། »ད་ནི། མཐར་ཐུག་འབྲས་བུའི་སྐྱབས་གནས་ཆོས་སྐུ་སྟེ། །སངས་རྒྱས་ཆོས་ཚོགས་སྙིང་པོ་དོན་གྱི་ལྷ། །རང་སེམས་འོད་གསལ་སྤྲོས་ཀུན་བྲལ་བ་ཡིན། །དེའང་མཚན་ཉིད་ཀྱི་ཐེག་པས་འབྲས་བུའི་སྐྱབས་འགྲོ་རང་གིས་འབྲས་བུ་སངས་རྒྱས་ཐོབ་འདོད་ཡིན་ལ། དེའི་སྐྱབས་ཡུལ་གནས་སྐབས་ཆོས་དང་དགེ་འདུན། མཐར་ཐུག་སངས་རྒྱས་ཆོས་སྐུ་ཉག་གཅིག་ཏུ་བཤད་དེ། དམ་པའི་དོན་དུ་འགྲོ་བ་ཡི། ། སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཞེས་པ་ལ་སོགས་པ་བཤད་ཀྱང༌། འདིར་མཐར་ཐུག་འབྲས་བུའི་སྐྱབས་གནས་ཆོས་སྐུ་ཡིན་ཏེ། དཀོན་མཆོག་གསུམ་མཐར་ཐུག་པ་ནི་དེ་ཡིན་པའི་ཕྱིར་རོ། །ཆོས་སྐུ་དེ་ཡང་གཞན་རྒྱུད་ལ་བྱོན་ཟིན་ནི་རྒྱུའི་སྐྱབས་ཡིན་གྱི། འབྲས་བུའི་སྐྱབས་ནི་རང་གི་སེམས་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཉིད་དཀོན་མཆོག་གསུམ་གྱི་རང་བཞིན་དུ་གནས་པས་དེ་ལ་སྐྱབས་སུ་འགྲོའོ། །དེའང༌། ཡེ་ཤེས་གྲུབ་པ་ལས། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ལྷུན་རྫོགས་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་མཆོག །ཅེས་སོ། ། «ཚུལ་ཇི་ལྟར་འགྲོ་བ་ནི།» སྐྱབས་སུ་འགྲོ་ཚུལ་ནི། དེ་ཡི་ལམ་འཁྱེར་སྐྱབས་སུ་འགྲོ་བ་ནི། རྟེན་བསམས་པའི་མདུན་དུ་སྐྱབས་སུ་འགྲོ་བ་བདག་དང་སེམས་ཅན་ཐམས་ཅད་ཀྱིས་བྱེད་པར་བསམས་ནས་ཚིག་གིས་ཇི་སྲིད་ནུས་ཀྱི་བར་དུ་བྱེད་པ་ནི་ཀུན་རྫོབ་ཏུ་དམིགས་པ་དང་བཅས་པ་རྒྱུའི་སྐྱབས་འགྲོའོ། ། «ངོ་བོ་བཤད་པ་ནི།» དེ་ལྟར། རྒྱུ་ཡི་ཐུན་རྗེས་ཐམས་ཅད་རང་གི་སེམས། །དོན་ལ་འགྲོ་བྱ་འགྲོ་བྱེད་གཉིས་མེད་པས། །ཇི་བཞིན་ངང་ལ་དེ་བཞིན་མཉམ་པར་གཞག །ཡུལ་སེམས་གཉིས་སུ་འཛིན་ན་མཐར་ཐུག་མིན། །འབྲས་བུའི་སྐྱབས་འགྲོ་སྨོན་པ་མེད་པ་ཡིན། །དེའང་བློས་ནམ་མཁའ་བསམས་པའི་དཀོན་མཆོག་གསུམ་ཡུལ་གྱི་རྣམ་པ་ལ། བདག་དང་སེམས་ཅན་ཐམས་ཅད་སྐྱབས་སུ་འགྲོ་བར་བྱེད་པ་སྟེ་གཉིས་ཀའང་རང་གི་སེམས་ཀྱི་ཆོ་འཕྲུལ་ལས་དོན་ལ་ཐ་དད་དུ་གྲུབ་པ་རྡུལ་ཙམ་ཡང་མི་འདུག་ཅིང༌། སེམས་ཉིད་དེ་གང་གི་ཕྱོགས་སུ་ཡང་མ་ལྷུང་བ་ནམ་མཁའ་ལྟ་བུའི་ངོ་བོར་འདུག་པས་སྤྲོས་པ་དང་བྲལ་བའི་ངང་ལ་བཞག་པ་སྟེ། ཡུམ་བར་མ་ལས། རབ་འབྱོར། གང་ལ་སངས་རྒྱས་ཀྱང་མི་དམིགས་ལ་ཆོས་དང་དགེ་འདུན་ཡང་མི་སེམས་ན། འདི་ནི་ཡང་དག་པའི་སྐྱབས་སུ་འགྲོ་བའོ་ཞེས་སོ། །དེས་ན་ཡུལ་དཀོན་མཆོག་གསུམ། ཡུལ་ཅན་བདག་དང་སེམས་ཅན་ཐ་དད་པར་བསམ་པ་ནི་གནས་ལུགས་ཀྱི་དོན་མ་ཡིན་པས་སྨོན་མེད་པའི་རང་བཞིན་དུ་ཤེས་པར་བྱའོ། ། «རྗེས་ཐོབ་བཤད་པ་ནི།» ཚུལ། དེས་ནི་ཡེ་ཤེས་ཚོགས་རྫོགས་ཆོས་སྐུ་འཐོབ། ། རྗེས་སྣང་རྨི་ལམ་སྒྱུ་མར་བསྔོ་བ་བྱ། །དེ་ལྟར་མི་དམིགས་པའི་སྟོང་པ་ཉིད་ནི་ཡེ་ཤེས་ཀྱི་ཚོགས་ཡིན་པས་ཆོས་སྐུ་འགྲུབ་སྟེ། བདེན་པ་གཉིས་བསྟན་པའི་མདོ་ལས། འཇམ་དཔལ། བསོད་ནམས་ཀྱི་ཚོགས་ཀྱིས་ནི་གཟུགས་ཀྱི་སྐུ་འཐོབ་ལ། ཡེ་ཤེས་ཀྱི་ཚོགས་ཀྱིས་ནི་ཆོས་ཀྱི་སྐུ་དམ་པ་མངོན་དུ་བྱེད་པ་ཡིན་ཏེ་ཞེས་སོ། །དེས་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་མེད་བཞིན་སྣང་བ་རྨི་ལམ་སྒྱུ་མའི་ངང་ནས་བསྔོ་བ་བྱའོ། །ཇི་ལྟ་བུ་ཞེ་ན། འདུལ་བ་ལུང་ལས། དགེ་བ་རྒྱ་ཆེན་གྱུར་བ་འདི་ཡིས་ནི། །འགྲོ་བའི་ནང་དུ་རང་བྱུང་སངས་རྒྱས་ཤོག །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། སྐྱེ་བོའི་ཚོགས་རྣམས་བདག་གིས་དགྲོལ་བར་ཤོག །ཅེས་པ་ལ་སོགས་པའི་ཚུལ་གྱིས་སོ། ། «རྒྱུའི་བསླབ་བྱ་ལ་བཞི་ལས། དཀོན་མཆོག་མི་སྤང་བར་གདམས་པ་ནི། »དེ་ནས་སྐྱབས་སུ་འགྲོ་བའི། བསླབ་བྱ་གཉིས་ལས་རྒྱུ་ཡི་རིམ་པ་ནི། སྲོག་དང་རྒྱལ་སྲིད་བྱ་དགའ་ལ་སོགས་ཕྱིར། །བླ་མ་དང་ནི་དཀོན་མཆོག་སྤང་མི་བྱ། །ཅིའི་ཕྱིར་ཞེ་ན། དེ་དག་གིས་ཚེ་འདིར་ཅུང་ཟད་བདེ་བ་ལས་གཞན་མེད་ལ། སྐྱབས་སུ་འགྲོ་བས་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་བདེ་བ་ཀུན་འགྲུབ་པ་སྟེ། དམན་པ་དང་མཆོག་གི་ཁྱད་ཞུགས་པའི་ཕྱིར་རོ། །ཞི་བ་ལྷས། ཆུང་ངུའི་ཕྱིར་ནི་ཆེ་མི་བཏང༌། །གཙོ་ཆེར་གཞན་གྱི་དོན་བསམ་མོ། །ཞེས་པ་དང་ཚུལ་མཚུངས་སོ། །འདུལ་བ་ལུང་ལས་ཀྱང༌། ཁྱོད་ཀྱིས་སྲོག་དང་རྒྱལ་སྲིད་དང་ཐ་ན་བཞད་གད་ཀྱི་ཕྱིར་དུ་ཡང་དཀོན་མཆོག་གསུམ་སྤང་བར་མི་བྱའོ་ཞེས་སོ། ། «མཆོད་འོས་མི་སླུ་བར་གདམས་པ་ནི།» གཞན་ཡང༌། བླ་མར་སྐྱབས་སོང་མཆོད་འོས་མི་སླུ་ཞིང༌། །དམ་པ་རྣམས་ལ་སྐུར་འདེབས་མི་སྙན་སྤང༌། །ཞེས་པའང༌། སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་ལ་བརྟེན་པས་ནི་མཆོད་པར་འོས་པ་མི་སླུ་བ་དང༌། སྐྱེས་བུ་དམ་པ་རྣམས་ལ་མི་སྙན་པ་སྨྲ་བ་ཡོངས་སུ་སྤང་བར་བྱ་ཞིང༌། དམ་པའི་ཆོས་ཀྱི་རྗེས་སུ་འགྲོ་བར་བྱའོ་ཞེས་སོ། ། «སྐྱབས་གསུམ་གྱི་བསྲུང་མཚམས་བཤད་པ་ནི།» གཞན་ཡང༌། སངས་རྒྱས་སྐྱབས་སོང་ལྷ་གཞན་ཕྱག་མི་བཙལ། །ཆོས་ལ་སྐྱབས་སོང་སེམས་ཅན་འཚེ་བ་སྤང༌། །དགེ་འདུན་སྐྱབས་སོང་མུ་སྟེགས་ཅན་མི་འགྲོགས། །དེ་ཡང༌། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། ། སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་འགྲོ་བ། །འཚེ་ཞིང་གནོད་པའི་སེམས་དང་བྲལ། དགེ་འདུན་ལ་ཡང་སྐྱབས་འགྲོ་བ། །མུ་སྟེགས་གཞན་ལ་ཕྱོགས་མི་བྱེད། །ཅེས་སོ། ། «དད་པས་མཆོད་པར་གདམས་པ་ནི།» བླ་མ་དང་དཀོན་མཆོག །དེ་དག་གཟུགས་པའང་དད་པས་རབ་མཆོད་ཅིང༌། །ཉིན་མཚན་རྗེས་དྲན་རྟག་པར་སྐྱབས་སུ་འགྲོ །དཀོན་མཆོག་དང་བླ་མའི་སྐུ་གཟུགས་ཙམ་ལའང་མི་སྨད་ཅིང༌། དེའི་གྲིབ་མ་ལ་ཡང་མི་འགོམ་པའི་ཚུལ་གྱིས་ཅི་ནུས་སུ་མཆོད་པ་བྱ་སྟེ་དགེ་བའི་ཞིང་དུ་སྤྲུལ་པ་ཡིན་པའི་ཕྱིར་རོ། །ང་ནི་སྙིགས་མའི་དུས་སུ་ནི། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཞེས་པ་དང༌། པདྨ་དཀར་པོ་ལས། སྐུ་གཟུགས་རྣམ་པ་མང་པོ་དེར་སྤྲུལ་ནས། །འགྲོ་བ་དགེ་བ་སྤྱོད་པའི་དོན་བྱེད་དོ། །ཞེས་པ་དང༌། སྙན་གྱི་གོང་རྒྱན་དུ། ལྔ་བརྒྱའི་ཐ་མར་གྱུར་པ་ན། །ང་ནི་ཡི་གེའི་གཟུགས་སུ་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པར་གྱིས། །ཞེས་སོ། །ཉིན་མཚན་ཁོར་མོའམ། དུས་དྲུག་གམ། གསུམ་མམ། ཐ་ན་ལན་ཅིག་ཏུ་དྲན་པས་སྐྱབས་སུ་འགྲོ་ཞིང༌། དེ་དག་གི་རྗེས་སུ་དགེ་བ་བསྒྲུབ་པར་བྱའོ། །ཇི་ལྟར་ན། དགེ་བའི་བཤེས་གཉེན་གྱི་ཡོན་ཏན་བརྗོད་ཅིང་མཛད་སྤྱོད་ལ་བསླབ། དཀོན་མཆོག་གསུམ་གྱི་ཡོན་ཏན་བརྗོད་ཅིང་རྗེས་སུ་བསླབ། སྤྱོད་པ་འདུལ་བ། སྒོམ་པ་མདོ་སྡེ། ལྟ་བ་མངོན་པ་དང་མཐུན་པར་ཉམས་སུ་ལེན་པ་ནི་ལམ་རྗེས་སུ་བསྒྲུབ་པའི་སྐྱབས་འགྲོ་སྟེ། གཞི་བསྡུ་བར། སྐྱེས་བུ་དམ་པ་ལ་བརྟེན་པ་དང༌། དམ་པའི་ཆོས་ཉན་པ་དང༌། དགེ་འདུན་དང་རྗེས་སུ་མཐུན་པར་བསྒྲུབ་པ་ནི་སྐྱབས་སུ་འགྲོ་བའོ་ཞེས་བཤད་དོ། ། «འབྲས་བུའི་བསླབ་བྱ་ཡང་གཉིས་ཀྱི། བསླབ་བྱ་དངོས་ནི། »གཉིས་པ། འབྲས་བུའི་བསླབ་བྱ་མཉམ་ཉིད་ནན་ཏན་བྱ། །བཟང་ངན་མི་རྟོག་མཆོག་དམན་བླང་དོར་མིན། ། སྤྲོས་ལ་མི་བརྟེན་ཆོས་ཉིད་གཉུག་མར་སྦྱང༌། །ཐམས་ཅད་ལྷུན་རྫོགས་དཀྱིལ་འཁོར་གཅིག་ཏུ་སྤྱད། །ཇི་སྐད་དུ། ཡུམ་བར་མ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་འདོད་པས། ཆོས་གང་ལའང་མི་དམིགས་ཤིང་རྗེས་སུ་མི་མཐོང་བའི་ཚུལ་གྱིས་བསླབ་པར་བྱ་སྟེ། གང་ཞེ་ན། འདི་ནི་མཆོག་གོ ། འདི་ནི་དམན་པའོ། །འདི་ནི་བླང་བའོ། །འདི་ནི་དོར་བའོ། །འདི་ནི་སངས་རྒྱས་ཀྱི་ཆོས་སོ། །འདི་ནི་གཞན་ཀུན་དུ་རྒྱུ་དག་གི་ཆོས་སོ་ཞེས་གཉིས་སུ་མཐོང་བའི་ཚུལ་གྱིས་དཔྱད་པར་མི་བྱའོ་ཞེས་སོ། ། «ཉམས་པའི་རྒྱུ་བཤད་པ་ནི། »ད་ནི་ཐུན་མོང་གི་གནས་ལ་བསྡམ་ཚུལ་བཤད་དེ། སྐྱབས་སུ་འགྲོ་བའི་སྡོམ་པའི། གཏོང་རྒྱུ་བཏགས་པ་ཁས་ལེན་འདས་པ་ དང༌། །མཚན་ཉིད་པ་ནི་ལོག་ལྟ་སྐྱེས་པས་གཏོང༌། །བསླབ་བྱ་ཉམས་པས་དམན་པར་ལྟུང་བ་སྟེ། །བག་ཡོད་དྲན་པས་བསྒྲིམས་སྟེ་བླང་དོར་བྱ། །དེའང་སྙིང་པོ་བྱང་ཆུབ་ཏུ་སངས་རྒྱས་པ་ན་ཆོ་གས་བླངས་པའི་དུས་ལས་འདས་པས་གཏོང་རྒྱུ་བཏགས་པ་བ་དང༌། ལོག་པར་ལྟ་བ་སྐྱེས་ཏེ་དཀོན་མཆོག་གསུམ་སྤངས་པ་དང༌། སྒྲུབ་མ་ནུས་ཏེ་སྐྱབས་འགྲོའི་བསླབ་པ་ཕུལ་བ་ནི་གཏོར་རྒྱུ་མཚན་ཉིད་པའོ། །ལྷ་གཞན་ལ་ཕྱག་བཙལ་བ་ལ་སོགས་པ་བསླབ་བྱ་ཅུང་ཟད་ཉམས་པ་ནི་དམན་པར་ཕྱོགས་པ་ཞེས་བྱའོ། །དེ་དག་གི་ཉེས་པའང་རྒྱལ་པོ་རིགས་ལད་པ་ལྟར་ནང་པའི་ཁོངས་སུ་མི་ཆུད་པ་དང༌། ཚོང་པ་སྐྱེལ་མས་བསླུས་པ་ལྟར་ཅི་བྱེད་འཇིགས་པ་དང་བཅས་པ་དང༌། གྱང་འགྱེལ་བའི་རི་མོ་ལྟར་བསླབ་བསྡོམ་ཐམས་ཅད་འཇིག་པར་སླ་བ་དང༌། དཔུང་གཉེན་དང་བྲལ་བའི་དམང་པ་ལྟར་འཚེ་བ་རྣམས་ཀྱིས་བརྫི་བར་སླ་བ་དང༌། ཁྲིམས་ལས་འདས་པའི་སྐྱེ་བོ་ལྟར་དམ་བཅའ་ཉམས་པས་ངན་སོང་དུ་སྐྱེ་བ་ལ་སོགས་པ་དུ་མ་ཡོད་དོ། །ཚུལ་དེ་བས་ན། ཉམས་པའི་ཉེས་དམིགས་ལ་བལྟས་ཏེ་འགྱོད་པས་བཤགས་ཤིང༌། ཕྱིན་ཆད་སྡོམ་སེམས་ཀྱིས་བླངས་ན་སོར་ཆུད་པ་ཡིན་ནོ། ཁ་ཅིག་གྲངས་ངེས་པར་འདོད་ཀྱང་འདིར་ངེས་པ་མེད་དེ། སྤོང་སེམས་དགེ་བ་ནས་སྐྱེས་པ་ན་སྐྱེ་བར་འདོད་པའི་ཕྱིར་ཏེ། སྤྱོད་འཇུག་ལས། སྤོང་བའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བརྗོད། །ཅེས་པའོ། ། « གསུམ་པ་ཕན་ཡོན་བཤད་པ་ལ་བདུན་ལས། ཚེ་རབས་ཀུན་དུ་སྐྱོབ་པའི་ཕན་ཡོན་ནི། »ད་ནི་ཕན་ཡོན་བཤད་དེ། ཕྱི་རོལ་པའི་དབང་ཕྱུག་ལ་སོགས་པ་ལ་སྐྱབས་སུ་སོང་བས་ངན་སོང་དུ་ལྟུང་བ་ལ་སོགས་པའི། སྐྱབས་གཞན་གང་གིས་སླུ་བ་དེ་མཐོང་ནས། །ལྷག་པར་ཐུགས་རྗེའི་ལྷ་ལ་དད་པ་ཉིད། །ཚེ་རབས་ཀུན་དུ་འཇིགས་བྲལ་སྐྱོབ་པ་སྟེ། །དེ་ལས་ཕན་བདེ་བྱེད་པ་གང་ཞིག་ཡོད། །འདི་ལྟར་སྐྱབས་སུ་སོང་བ་ཙམ་གྱིས་ངན་སོང་གི་སྒོ་གཅོད་ཅིང༌། མཐོ་རིས་དང་ཐར་པའི་ལམ་པོ་ཆེ་བདེ་བ་ལ་ཚེ་རབས་ཐམས་ཅད་དུ་འགོད་པ་ནི་མཚུངས་པ་མེད་པའི་སྐྱབས་ཏེ། ཕག་གི་རྟོགས་པ་བརྗོད་པ་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་དག་ངན་འགྲོར་མི་འགྲོ་སྟེ། །མི་ཡི་ལུས་ཀྱང་སྤངས་ནས་ནི། །ལྷ་ཡི་ལུས་སུ་སྐྱེ་བར་འགྱུར། །ཞེས་པ་ལ་སོགས་པ་གསུངས་སོ། ། « ཚོགས་གཉིས་རྫོགས་པའི་ཕན་ཡོན་ནི། »།སྐྱབས་སུ་སོང་བའི་གང་ཟག་དམ་པ། དེ་ནི་སེམས་གཙང་དད་པའི་ས་གཞི་ལ། །བསོད་ནམས་ཡེ་ཤེས་ཆར་ཆུས་ལེགས་བྲན་ཏེ། །ཆོས་ཁམས་དགེ་བའི་མྱུ་གུ་ཆེར་འཕེལ་བས། རྒྱལ་བའི་ཕུན་ཚོགས་ལོ་ཐོག་སྨིན་པར་བྱེད། །དད་པའི་ས་གཞིར་ཚོགས་གཉིས་ཀྱི་ཆར་ཆུས་ཁམས་གྱི་ས་བོན་གོང་དུ་འཕེལ་ཏེ་སངས་རྒྱས་ཀྱི་ལོ་ཐོག་སྨིན་པ་ཡང༌། མྱང་འདས་ལས། གསུམ་ལ་སྐྱབས་སུ་འགྲོ་བ་གང༌། །བསོད་ནམས་ཡེ་ཤེས་དམ་པའི་ཚོགས། །འཇིག་རྟེན་རྒྱལ་བའི་ཆོས་འཕེལ་བས། །སངས་རྒྱས་ཉིད་ནི་ཐོབ་པར་འགྱུར། །ཞེས་སོ། ། «ཡོན་ཏན་ཚད་མེད་པའི་ཕན་ཡོན་ནི། »གཞན་ཡང་སྐྱབས་སུ་སོང་བའི་གང་ཟག་དེའི། ཆོས་ཚུལ་དགེ་བ་ངོ་ཚ་ཁྲེལ་ཡོད་ཤེས། །བག་ཡོད་དྲན་པ་ཡོན་ཏན་ཚོགས་མང་ཞིང༌། །གཟུངས་སྤྲིན་ཡེ་ཤེས་ཉི་མ་སེམས་ལ་འཆར། །རྨི་ལམ་ན་ཡང་མི་འབྲལ་མཐོང་བ་དང༌། །ཚེ་རབས་དྲན་ཞིང་རིགས་དང་འབྱོར་པས་མཛེས། ། ཇི་སྐད་དུ། ཁྱེའུ་རིན་པོ་ཆེས་བྱིན་པས་ཞུས་པའི་མདོ་ལས། གང་དག་སངས་རྒྱས་ལ་སྐྱབས་སུ་སོང་བ་དེ་དག་གི་དགེ་བའི་ཆོས་ཐམས་ཅད་མངོན་པར་འཕེལ་བ་ཡིན་ནོ། །ངོ་ཚ་ཤེས་པ་ཡིན་ནོ། ཁྲེལ་ཡོད་པ་ཡིན་ནོ། །ཆོས་ལ་སྐྱབས་སུ་སོང་བ་དེ་དག་ནི་བག་ཡོད་པ་ཡིན་ནོ། །ཡོན་ཏན་གྱི་ཚོགས་མང་བ་ཡིན་ནོ། །རྟག་ཏུ་ཚེ་རབས་དྲན་པ་ཡིན་ནོ། །ཆོས་ཀྱི་བགོ་སྐལ་གྱི་ཚོགས་དང་ལྡན་པ་ཡིན་ནོ། །དགེ་འདུན་ལ་སྐྱབས་སུ་སོང་བ་དེ་དག་གི་སེམས་ལས་སུ་རུང་བ་ཡིན་ནོ། །ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་མང་བ་ཡིན་ནོ། །རྟག་ཏུ་རིགས་བཙུན་པ་ཡིན་ནོ། །རྨི་ལམ་དུའང་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་དང་མི་འབྲལ་བ་ཡིན་ནོ་ཞེས་སོ། ། «དཀར་ཕྱོགས་ཀྱི་ལྷས་བསྲུང་བའི་ཕན་ཡོན་ནི།» གཞན་ཡང༌། འགྲོ་ཀུན་དགའ་བས་དོན་གཉིས་ལྷུན་གྱིས་གྲུབ། །མཐར་ཡང་རང་ཉིད་ལུས་ཅན་ཀུན་གྱི་སྐྱབས། ། དཔུང་གཉེན་བྱེད་པས་སྐུ་གསུམ་འབྱོར་པ་འཛིན། །དེའང་དཀར་པོ་ལ་དགའ་བའི་ལྷ་རྣམས་དགའ་བས་བསྲུང་ཞིང་དགེ་བའི་རྩ་བ་གོང་འཕེལ་དུ་འགྲུབ་པར། དེ་ཉིད་ལས། གཞན་ཡང་དཀར་པོ་ལ་མངོན་པར་དགའ་བའི་ལྷ་རྣམས་ཀྱིས་བསྲུང་བ་ཡིན་ནོ། །དགེ་བའི་རྩ་བ་དག་ཀྱང་སྤེལ་བ་ཡིན་ནོ་ཞེས་སོ། ། མྱུར་དུ་རྒྱལ་བའི་གོ་འཕང་ཐོབ་པར་འགྱུར་ཏེ། མྱང་འདས་ལས། གང་སུ་གསུམ་ལ་སྐྱབས་སུ་འགྲོ །དེ་དག་མྱུར་དུ་སངས་རྒྱས་འགྱུར། །ཞེས་སོ། ། དེའང་སངས་རྒྱས་ལ་སྐྱབས་སུ་སོང་བས་མཐར་ཐུག་སངས་རྒྱས་འགྲུབ། ཆོས་ལ་སོང་བས་ཆོས་ཀྱི་འཁོར་ལོ་བསྐོར། དགེ་འདུན་ལ་སོང་བས་ཕྱིར་མི་ལྡོག་པའི་དགེ་འདུན་རྒྱ་མཚོ་ལྟ་བུ་འདུ་བར་འགྱུར་རོ། ། « ཚད་མ་མཆིས་པའི་ཕན་ཡོན་ནི།» ཡོན་ཏན་མདོར་བསྡུ་ན། སྐྱབས་སོང་ཡོན་ཏན་གལ་ཏེ་གཟུགས་མཆིས་ན། །ནམ་མཁས་ཆེས་ལྷག་བསོད་ནམས་ཕ་མཐའ་ཡས། ། དེ་ཡང༌། དྲི་མ་མེད་པའི་མདོ་ལས། །སྐྱབས་སུ་སོང་བའི་བསོད་ནམས་ གང༌། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་སོ། །དེའང་འཇིགས་པ་དང་འཚེ་བ་ཐམས་ཅད་སེལ་བ་ནི། མདོ་རྒྱལ་མཚན་དམ་པ་ལས། དགེ་སློང་དག ། ཁྱོད་དགོན་པ་དང༌། དུར་ཁྲོད་དང༌། འབྲོག་སྟོང་པ་ལ་སོགས་པ་ན་འདུག་ཀྱང་རུང༌། གསུམ་ལ་སྐྱབས་སུ་སོང་ཞིག་དང༌། འཇིགས་པ་དང༌། སྡུག་བསྔལ་བ་དང༌། སྤུ་ཟིང་ཞེས་བྱེད་པ་དེ་དག་མེད་པར་འགྱུར་རོ་ཞེས་སོ། ། ཡར་བདུད་དང་ངན་སོང་གི་འཇིགས་པ་ཐམས་ཅད་ཀྱང་མི་འབྱུང་སྟེ། ཉི་མའི་སྙིང་པོའི་མདོ་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་རྣམས་བྱེ་བས་གསད་པར་མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཞིང་བློ་ནི་འཁྲུགས་ཟིན་ཀྱང༌། །དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ །ཞེས་སོ། མདོར་ན་ཉོན་མོངས་པ་དང༌། འཚེ་བ་དང༌། ཐེག་པ་དམན་པའི་ལམ་དང༌། འཁོར་བ་དང་ངན་སོང་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་སྐྱོབ་ཅིང༌། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་དོན་ཐམས་ཅད་ཐོབ་པར་བྱེད་དེ། མདོ་སྡེའི་རྒྱན་ལས། རྟག་ཏུ་ཉོན་མོངས་ཚོགས་ཀུན་དང༌། །ཉེས་པར་སྤྱོད་པ་ཐམས་ཅད་དང༌། །རྒ་དང་འཆི་བ་དག་ལས་ཀྱང༌། །སངས་རྒྱས་ཉིད་ཀྱིས་ཡོངས་སུ་སྐྱོབ། །འཚེ་བ་དག་ནི་ཐམས་ཅད་དང༌། །ངན་སོང་དང་ནི་གནས་མིན་དང༌། །འཇིག་ཚོགས་ཐེག་པ་དམན་དག་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པ་ཡིན། །ཞེས་སོ། ། «ཡོན་ཏན་ཀུན་གྱི་རྟེན་དུ་གྱུར་པའི་ཕན་ཡོན་ནི།» དེ་ལྟར་ན། ལེགས་པའི་ཡོན་ཏན་ཀུན་གྱི་གཞིར་གྱུར་པ། །དེ་ལ་མཁས་པ་སུ་ཞིག་བརྟེན་མི་བགྱིད། །འདི་ལྟར་ཡོན་ཏན་གཞལ་དུ་མེད་པའི་སྐྱབས་ལ། མཁས་པ་རྣམས་ཀྱིས་བརྟེན་པར་བགྱིད་པར་འོས་ཏེ། དཀོན་མཆོག་བརྩེགས་པ་ལས། མཁས་པ་དག་ནི་ཡོན་ཏན་རྗེས་སུ་འགྲོ། །དེ་ཡི་དབང་གིས་དོན་ཡང་ཕུན་ཚོགས་འགྲུབ། །ཅེས་པའི་ཚུལ་གྱིས་སོ། ། «སྲིད་ཞིའི་རྒུད་པ་སེལ་བའི་ཕན་ཡོན་ནི།» སྲིད་པ་དང་ཞི་བའི་རྒུད་པ་མཐའ་དག་གི ཉེས་སྤོང་ཞི་བ་འགྲོ་བ་ཀུན་གྱི་གཉེན། །དད་བརྒྱའི་སྤྱི་བོས་རབ་ཏུ་ཕྱག་འཚལ་ཞིང༌། །ས་གསུམ་བསོད་ནམས་འདྲེན་མཆོག་དཔག་བསམ་ཤིང༌། །ཕན་བདེའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །འདི་ལྟར་ལྷ་དང་བཅས་པའི་འཇིག་རྟེན་ན་མགོན་སྐྱབས་ཀྱི་མཆོག་ནི་དཀོན་མཆོག་གསུམ་སྟེ། ཉེས་པ་མཐའ་དག་ལས་སྐྱོབ་ཅིང་ཞི་བར་འདྲེན་པའི་དེད་དཔོན་དུ་གྱུར་པའི་ཕྱིར་ རོ། །འདི་དག་ནི་བསོད་ནམས་ཀྱི་ཞིང༌། འདོད་དགུའི་དཔག་བསམ། ཡོན་ཏན་གྱི་གཏེར་མཛོད་དམ་པར་གྱུར་པ་སྟེ། དེ་ཉིད་ལས། དེ་ལྟར་དཀོན་མཆོག་གསུམ་པོ་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་ན་ཕྱག་བྱ་བའི་འོས་སུ་གྱུར་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། བསོད་ནམས་ཀྱི་ཞིང་དམ་པར་གྱུར་པ་སྟེ་ཞེས་པ་དང༌། སྤྱོད་འཇུག་ལས། གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་ བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །ཞེས་པའི་ཚུལ་ལོ། ། འདིར་ཡང་ཉིན་མཚན་དུས་དྲུག་ལ་སོགས་པའམ། ཟས་ཀྱི་འཚལ་མ་འཚལ་བ་ནའང༌། དཀོན་མཆོག་གསུམ་མདུན་གྱི་ནམ་མཁར་བསམས་ཏེ། ཡིད་ཀྱིས་ཕྱག་འཚལ་བ་དང༌། མཆོད་པ་འབུལ་བ་དང༌། སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་རྣམས་བྱས་པའི་རྗེས་ལ། དཀོན་མཆོག་གི་ཡོན་ཏན་དྲན་པས་བདག་གིས་ཀྱང་སེམས་ཅན་གྱི་དོན་དུ་དེ་ལྟ་བུ་ཐོབ་པར་ཤོག་ཅིག་སྙམ་དུ་བསམ་པས་ཐལ་མོ་སྦྱར་ཏེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་དཀོན་མཆོག་བརྩེགས་པ་དང༌། ཟླ་བ་སྒྲོན་མའི་མདོ་ལས་གསུངས་པ་བཞིན་དུ་དཀོན་མཆོག་གསུམ་རྗེས་སུ་དྲན་པ་བརྗོད་པར་བྱས་ལ་རྗེས་སུ་དགེ་བ་བསྔོས་ན་སྡིག་པ་ཟད་ཅིང་དགེ་བ་འཕེལ་བས་མྱུར་དུ་བྱང་ཆུབ་འགྲུབ་ཅིང་ཚེ་རབས་ཐམས་ཅད་དུ་དཀོན་མཆོག་གསུམ་དང་མི་འབྲལ་བ་ཐོབ་པར་འགྱུར་རོ། ། «སྤྱི་དོན་གསུམ་པ་སྐབས་ཀྱི་དགེ་བ་བསྔོ་བ་ནི།» ད་ནི་དགེ་བ་སེམས་ཅན་གྱི་དོན་དུ་བསྔོ་བ། དེ་ལྟར་བདེ་ཆེན་ཡོན་ཏན་མཆོག་བསྒྲགས་པས། །སྐྱེ་དགུ་དམ་པའི་སྤྱོད་ལ་ལེགས་གཞོལ་ཞིང༌། །ཉེས་གྱུར་དམན་པའི་ཡུལ་ལ་བརྟེན་པ་ཡིས། །དུབ་པའི་སེམས་ཉིད་དེ་རིང་ངལ་སོས་ཤིག །ཅེས་སྨོས་ཏེ་ལེགས་པར་སྦྱར་བའི་ཚིག་དང་དོན་གྱི་ཕྲེང་བ་བཀོད་ལེགས་པར་སྦྱར་བའི་བསོད་ནམས་ཀྱི་ཕུང་པོའི་སྤྲིན་གྱི་སྒྲ་བསྒྲགས་པ་དེས། འགྲོ་བ་རྣམས་ཡུན་རིང་མོར་ཡུལ་དམན་པ་ལ་བརྟེན་ནས་སྲིད་པའི་སྡུག་བསྔལ་རྣམ་པ་སྟོང་གི་ཚོགས་མང་པོས་དུབ་པའི་སེམས་ཀྱི་བཞོན་པ་རྣམས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཆོག་བདེ་བར་ངལ་སོས་པར་ཤོག་ཅིག་ཅེས་པའོ། །ཞི་གྱུར་བདུད་རྩི་དམ་པའི་ཆོས་ཆར་གྱིས། །འགྲོ་ཀུན་སེམས་ཀྱི་དགེ་ལེགས་རབ་རྒྱས་ཏེ། །རྟག་ཏུ་རྒྱལ་བའི་གོ་འཕང་ཡིད་བཞིན་སྤྲིན། །རྣམ་གྲོལ་ཡེ་ཤེས་མཆོག་ལ་རེག་པར་ཤོག །གང་དག་ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ། །བདེ་གཤེགས་ཆོས་ཆར་འབེབས་པ་སྲས་དང་བཅས། །ཕན་བདེའི་འོད་ཀྱིས་འགྲོ་བ་སྣང་བྱེད་ཅིང༌། ། ངན་སོང་གསུམ་གནས་རང་སྟོངས་སངས་རྒྱས་ཤོག །འཇིག་རྟེན་ལོང་བ་འདྲེན་པ་མེད་རྣམས་སུ། །དཀོན་མཆོག་གསུམ་གྱི་ཡོན་ཏན་རབ་གྲགས་ཏེ། ། ཀུན་ཀྱང་ཐར་པའི་ལམ་རབ་འཇོགས་ནས། །ཐམས་ཅད་མ་ལུས་སངས་རྒྱས་འགྲུབ་པར་ཤོག །རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། སྐྱབས་སུ་འགྲོ་བའི་ལེའུ་སྟེ་དྲུག་པའི་འགྲེལ་པའོ།། །། «༈» «དེ་ལྟར་སྐྱབས་སུ་སོང་ནས། ཐེག་པ་ཆེན་པོའི་ལམ་གྱི་དངོས་གཞི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་སྨོན་འཇུག་གཉིས་སུ་ཡོད་པ་ལས། བདུན་པ་ཚད་མེད་པ་བཞིའི་ལེའུ་ལ་བཅུ་སྟེ། མཚམས་སྦྱར་ཞིང་ཚངས་པའི་གནས་བཞི་བསྒོམ་པར་བསྟན་པ། ཁྱད་པར་བསྟན་པ། དམིགས་ཡུལ་གྱི་ཁྱད་པར། དམིགས་ཡུལ་མ་དག་པའི་སྐྱོན། དམིགས་ཡུལ་དངོས་བཤད་པ། རྣམ་པ་བཤད་པ། སྒོམ་ཚུལ་བཤད་པ། བསྒོམ་པའི་ཚུལ་གཞན་བཤད་པ། བསྒོམ་པའི་འབྲས་བུ་བསྟན་པ། སྐབས་ཀྱི་དགེ་བ་བསྔོ་བའོ། །སྤྱི་དོན་དང་པོ་མཚམས་སྦྱར་ཞིང་ཚངས་པའི་གནས་བཞི་བསྒོམ་པར་བསྟན་པ་ནི། »དེ་ལྟར་སྐྱབས་སུ་སོང་ནས། ཚད་མེད་པ་བཞི་བསྒོམ་པ་ལ་འཇུག་པས་ན་དེ་བསྟན་པའི་ཕྱིར། བཤད་མ་ཐག་པའི་ཚུལ། དེ་ལྟར་སྐྱབས་སོང་རྟེན་གྱི་གང་ཟག་གིས། །བྱམས་པའི་ས་གཞིར་སྙིང་རྗེའི་མེ་ཏོག་བཀྲམ། །དགའ་བའི་གྲིབ་བསིལ་བཏང་སྙོམས་ཆུ་གཙང་གིས། །འགྲོ་ལ་ཕན་ཕྱིར་རང་གི་སེམས་སྦྱང་ངོ༌། །འདིར་ནགས་ཀྱི་ནང་ཤིན་ཏུ་ཡིད་དུ་འོང་བའི་དཔེས་སྦྱར་ཏེ། བྱམས་པའི་ས་གཞི་སྔོ་ཞིང་སྣུབ་པ་སྐྱེ་བོ་ཀུན་དགའ་བའི་བསྟི་གནས་སུ། སྙིང་རྗེའི་མེ་ཏོག་རྣམ་པ་སྣ་ཚོགས་ཁ་བྱེ་བས་བཀྲམ་ལ། དགའ་བའི་ནགས་ཀྱི་གྲིབ་མས་བསིལ་ཞིང་བྱ་དང་རི་དགས་དུ་མས་བསྟེན་པར། བཏང་སྙོམས་ཀྱི་མཚོ་དང༌། རྫིང་དང༌། ཕུ་ཆུ་བཟང་པོའི་རྒྱུན་ཁ་དུ་མ་ནས་འབབ་པའི་ཚོགས་ཀྱིས། སྲིད་པར་དུབ་པའི་འགྲོན་པོ་རྣམས་དབུགས་འབྱིན་པ་དེར། རང་གི་སེམས་ཀྱང་ངལ་གསོ་ཞིང་སྦྱང་ངོ་ཞེས་གཟུགས་ཅན་གྱི་རྒྱན་དུ་སྦྱར་བའོ། །ཡུམ་བར་མ་ལས། རབ་འབྱོར། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། དགའ་བ་ཆེན་པོ་དང༌། བཏང་སྙོམས་ཆེན་པོ་བསྒོམ་པར་བྱའོ་ཞེས་སོ། ། «སྤྱི་དོན་གཉིས་པར་ཁྱད་པར་བསྟན་པ་ནི།» ཐོག་མར་འདི་དང་གཞན་གྱི་ཁྱད་པར་བཤད་པ་ནི། དེ་ཡང་ཐར་པའི་ལམ་དང་མ་འབྲེལ་ན། །ཚངས་པའི་གནས་པ་བཞི་སྟེ་སྲིད་པའི་རྒྱུ། །ཞི་བའི་ལམ་གྱིས་ཟིན་པའི་དེ་རྣམ་བཞི། །སྲིད་པའི་ཆུ་གཏེར་འདའ་ཕྱིར་ཚད་མེད་བཞི། །དེའང༌། སྙིང་པོ་མཆོག་ལས། ཤཱ་རིའི་བུ། འདི་ལ་སེམས་ཡང་དག་པར་མ་བསྐྱེད་རྗེས་སུ་མ་བསྐྱེད་པའི་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་བཞི་ནི་ཚངས་པའི་གནས་པ་བཞི་སྟེ། སྲིད་པར་མངོན་པར་འདུ་བྱེད་པ་དང་བཅས་པའོ། །སེམས་ཡང་དག་པར་བསྐྱེད། རྗེས་སུ་བསྐྱེད་པའི་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་བཞི་ནི་ཚད་མེད་པ་བཞི་སྟེ། མྱ་ངན་ལས་འདས་པའི་ལམ་དུ་འདུ་བྱེད་པའི་ཕྱིར་རོ་ཞེས་སོ། ། «སྤྱི་དོན་གསུམ་པ་དམིགས་ཡུལ་གྱི་ཁྱད་པར་བསྟན་པ་ནི།» དེའང། དམིགས་ཡུལ་མཐའ་ཡས་འགྲོ་བ་ཆོས་ཉིད་ལ། །རྣམ་པ་ཀུན་ཁྱབ་དམིགས་བཅས་དམིགས་པ་མེད། ། འདི་ལྟར་ཚད་མེད་པ་བཞིའི་དམིགས་ཡུལ་འགྲོ་བ་ཐམས་ཅད་ལ་བློའི་རྣམ་པ་དམིགས་པ་དང་བཅས་པའི་ཚད་མེད་པ་བཞི་སྐྱེ་ཞིང༌། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད་དམིགས་པའི་ཡུལ་ལ། བློའི་རྣམ་པ་དམིགས་པ་མེད་པའི་ཚད་མེད་པ་བཞི་སྐྱེ་སྟེ། ས་སྡེ་ལས། སེམས་ཅན་དང་ཆོས་ཉིད་ལ་བརྟེན་ནས་དམིགས་པ་དང་བཅས་པ་དང༌། དམིགས་པ་མེད་པའི་ཚད་མེད་པ་རྣམ་པ་བཞི་ཉིད་སྐྱེ་སྟེ་ཞེས་སོ། ། «སྤྱི་དོན་བཞི་པ་ལའང་གཉིས་ཏེ། དམིགས་ཡུལ་མ་དག་པའི་སྐྱོན་བསྟན་པ་ནི།» འདི་ནི། སྔ་མ་ཚད་ཡོད་ཉུང་ཟད་འགྲོ་བ་ལ། །དམིགས་རྣམ་མ་དག་དམིགས་བཅས་ཚངས་པའི་རྒྱུ། ། ཚངས་པའི་གནས་པ་བཞིའི་དམིགས་ཡུལ་སེམས་ཅན་གཅིག་དང་གཉིས་ལ་སོགས་པ་ཚད་ཡོད་པ་ལ། བློའི་རྣམ་པ་བྱམས་པ་ལ་སོགས་པ་བཞིར་སྐྱེ་ཞིང༌། དེའང་ཐར་པའི་སེམས་ཀྱིས་མ་ཟིན་པ་སྟེ། གངྒཱ་ལ་བུད་མེད་བུ་ཆུང་ངུ་དང་བཅས་པས་བརྒལ་དུས་གཅིག་ལ་གཅིག་བྱམས་བཞིན་དུ་ཚེའི་དུས་བྱས་པས་ཚངས་པར་སྐྱེས་པ་ལྟ་བུ་སྲིད་པའི་རྒྱུ་བྱེད་པ་སྟེ། སྤྱོད་འཇུག་ལས། སེམས་གསལ་གཅིག་སྐྱེས་འབྲས་བུ་གང༌། །ཚངས་ལ་སོགས་པ་ཡིན་པ་ལྟར། །ཞེས་པའི་ཚུལ་ལོ། ། «ཞར་ལ་ཐར་པའི་ཚད་མེད་བཞིར་བསླབ་པར་གདམས་པ་ནི།» དེའི་ཕྱིར་བྱེ་བྲག་ཤེས་པ་སྔོན་དུ་སོང་ནས། ཚད་མེད་པ་བཞི་པོ། འདི་ནི་དམིགས་མེད་ཐར་པར་གཞོལ་བས་ན། །སྙིང་རྗེའི་རང་བཞིན་ཅན་གྱིས་བསླབ་པར་བྱ། །གང་གི་ཕྱིར་ཐར་པ་འདོད་པས་དམིགས་པ་དང་རྣམ་པ་ཚད་མེད་པ་བཞིའི་ཚུལ་ལ་བསླབ་པར་བྱ་བ་ཁོ་ནའོ། ། «སྤྱི་དོན་ལྔ་པ་དམིགས་ཡུལ་དངོས་བཤད་པ་ནི།» ད་ནི་ཚད་མེད་པ་བཞིའི་དམིགས་ཡུལ་བཤད་པ། བདེ་བ་མི་ལྡན་སྡུག་བསྔལ་གྱིས་ཉམ་ཐག །སྐྱིད་ཅིང་འབྱོར་ལ་ཉེ་རིང་ཆགས་སྡང་ཅན། །བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཡུལ། ། འདིར་སེམས་ཅན་ལ་དམིགས་པའི་ཚད་མེད་པ་བཞིའི་དམིགས་ཡུལ་ནི། བདེ་བ་དང་མི་ལྡན། སྡུ་བསྔལ་གྱིས་ཉམ་ཐག །རང་རང་གི་བདེ་བས་སྐྱིད་ཅིང་འབྱོར། ཉེ་རིང་ཆགས་སྡང་ཅན་གྱི་འགྲོ་བ་རྣམས་ཏེ། མདོ་སྡེའི་རྒྱན་ལས། བརྟན་པ་རྣམས་ཀྱིས་དེ་དག་བདེ་འདོད་དང༌། །སྡུག་བསྔལ་གྱིས་ཉམ་ཐག་དང་བདེ་བ་དང༌། །ཉོན་མོངས་ཅན་དང་ཞེས་སོ། ། «སྤྱི་དོན་དྲུག་པ་རྣམ་པ་བཤད་པ་ནི།» རྣམ་པ་ནི། རྣམ་པ་བདེ་ཐོབ་སྡུག་བསྔལ་བྲལ་བ་དང༌། །དགའ་དང་མི་འབྲལ་སེམས་སྙོམས་ལས་རུང་འདོད། །དེའང་ཡུལ་བཞི་པོ་དེའི་སྡུག་བསྔལ་མེད་ཅིང༌། བདེ་བ་དང་ལྡན་ལ། དགའ་བ་དང་མི་འབྲལ་ཞིང༌། ཆགས་སྡང་བཏང་ནས་བློ་བྱམས་པ་གཅིག་ཏུ་སྙོམས་པར་འདོད་པ་སྟེ། དེ་ཉིད་ལས། སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བ་ཡི་དགོངས་པ་ཅན། །ཕན་བདེ་དགོངས་ཁྱོད་ལ་ཕྱག་འཚལ། །ཞེས་སོ། །ངོ་བོ་ནི་རང་རང་གི་མི་མཐུན་ཕྱོགས་བཞི་དང་བྲལ་བ་སྟེ། དེ་ཉིད་ལས། བརྟན་པ་ཚངས་པའི་མི་མཐུན་སྤངས། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །དམིགས་པ་རྣམ་པ་གསུམ་ལ་འཇུག །སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད། །ཅེས་སོ། །དེའང་རང་རང་གི་མི་མཐུན་ཕྱོགས་སྤངས་པ་ནི། དེ་ཉིད་ཀྱི་འགྲེལ་པར། གཞན་དུ་མི་རྟོག་པ། བདེ་བ་དང༌། སྡུག་བསྔལ་དང༌། བར་མའི་ཡུལ་གསུམ་ལ་དམིགས་པ་སེམས་ཅན་ལ་ཕན་པའོ། །ཇི་ལྟར་དམིགས་པ་འཇུག་ན། བདེ་བ་དང་མི་ལྡན་པ་ཙམ་བཏང་སྙོམས་ཀྱི་ཡུལ། སྡུག་བསྔལ་གྱིས་ཉམ་ཐག་པ་དང༌། ཆགས་སྡང་ཅན་སྡུག་བསྔལ་རྒྱུ་འབྲས་ལ་གནས་པའི་ཕྱིར་སྡུག་བསྔལ་གྱི་ཡུལ། དགའ་བ་ནི་སྐྱིད་པ་སྟེ་བདེ་བའི་ཡུལ་གསུམ་ལ་བློ་གསུམ་འཇུག་པ་ཡིན་ནོ། །དེ་བཞིན་དུ་ཆོས་ལ་དམིགས་པའི་ཚད་མེད་པ་བཞི་ནི་བསྟན་བཅོས་ཐོས་པ་ལས་བཞི་བོ་དེ་སྐྱེས་པའོ། །ཆོས་ཉིད་ལ་དམིགས་པའི་ཚད་མེད་པ་བཞི་ནི་དེ་དག་གི་རང་བཞིན་མ་སྐྱེས་པར་རྟོགས་པའོ། །ཡང་ན་བདག་མེད་མ་རྟོགས་པ་དང༌། ཕྱེད་དང་གཉིས་རྟོགས་པ་དང༌། གཉིས་ཀ་རྟོགས་པའི་རྒྱུད་དང་འབྲེལ་པའི་ཚད་མེད་པ་བཞི་ལ་དེ་སྐད་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔའི་ས་ལས། སེམས་ཅན་ལ་དམིགས་པ་ནི་མུ་སྟེགས་ཅན་རྣམས་དང་ཐུན་མོང་བ་ཡིན་ནོ། །ཆོས་ལ་དམིགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་བ་ཡིན་ནོ། །དམིགས་པ་མེད་པ་ནི་དེ་ཐམས་ཅད་དང་ཐུན་མོང་མ་ཡིན་པའོ་ཞེས་ སོ། །དེའང་སེམས་ཅན་དང༌། ཆོས་དང༌། དམིགས་པ་མེད་པ་གསུམ་ལ་བརྟེན་ནས་སྐྱེ་བ་དང༌། བཤད་པ་ལྟར་བཞི་ལས་སྐྱེ་བ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་ཕྱོགས་དྲུག་མཐོང་བ་ལས་སྐྱེ་བར་བཤད་དེ། མདོ་སྡེའི་རྒྱན་ལས། བཀྲེན་ལ་བརྩེ་དང་མ་རུངས་པ་ལ་བརྩེ། །ཀུན་འཁྲུགས་ལ་བརྩེ་བག་མེད་རྣམས་ལ་བརྩེ། །ཡུལ་གྱི་གཞན་དབང་ཅན་ལ་སྙིང་བརྩེ་དང༌། ། ལོག་པར་མངོན་པར་ཞེན་ལ་སྙིང་བརྩེ་བའོ། །ཞེས་སོ། །ཡུལ་བཅུ་ལས་ཀྱང་སྐྱེ་བར་བཤད་དེ། དེ་ཉིད་ལས། རབ་འབར་དགྲ་ཡི་དབང་དུ་སོང༌། །སྡུག་བསྔལ་གྱིས་ནོན་མུན་པས་བསྒྲིབས། །བགྲོད་དཀའི་ལམ་ལ་ཀུན་དུ་ཞུགས། ། འཆིང་བ་ཆེ་དང་ཡང་དག་ལྡན། །ཟས་ཆེན་དུག་དང་འདྲེས་ལ་ཞེན། །ལམ་ནི་རབ་ཏུ་སྟོར་གྱུར་པ། །ལམ་གོལ་རབ་ཞུགས་སྟོབས་ཆུང་བའི། །སེམས་ཅན་རྣམས་ལ་སྙིང་བརྩེ་བའོ། །ཞེས་སོ། །ཉོན་མོངས་པ་མེ་ལྟར་འབར་བ་དང༌། ལམ་དུ་ཞུགས་ཀྱང་བདུད་ཀྱིས་བར་ཆད་བྱས་པ་དང༌། ངན་སོང་གསུམ་དང༌། ལས་རྒྱུ་འབྲས་ལ་རྨོངས་པ་དང༌། ཕྱིན་ཅི་ལོག་གི་ལམ་ལ་ཞུགས་པ་དང༌། ཉོན་མོངས་པའི་མདུད་པས་དམ་དུ་བཅིངས་པ་དང༌། བསམ་གཏན་གྱི་བདེ་བ་ལ་རོ་མྱང་བ་དང༌། ཉན་རང་གི་ལམ་ལ་ཞུགས་པ་དང༌། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྣམས་སོ། །ཚད་མེད་པ་འདི་དག་རྐྱེན་བཞིས་སྐྱེ་སྟེ། རང་བཞིན་དུ་གནས་པའི་རིགས་སམ་ཁམས་ནི་རྒྱུའི་རྐྱེན་ནོ། །ཚད་མེད་པ་བཞིའི་བཀའ་ལུང་སྟོན་པའི་དགེ་བའི་བཤེས་གཉེན་ནི་བདག་པོའི་རྐྱེན་ནོ། ། རང་རང་གི་ཡུལ་མངོན་དུ་གྱུར་པ་ནི་དམིགས་པའི་རྐྱེན་ནོ། །ཚད་མེད་པ་བཞི་བསྒོམས་པའི་ཕན་ཡོན་མ་བསྒོམས་པའི་ཉེས་དམིགས་གོམས་པ་སྔ་མ་ལས་དེ་མ་ཐག་པའི་རྐྱེན་ནོ། །དེ་སྐད་དུ་ཡང༌། སྔ་མ་ལས། བདེ་དང་སྡུག་བསྔལ་དེ་རྒྱུ་ལས། བྱང་ཆུབ་སེམས་དཔའི་བྱམས་པ་སྟེ། །རྒྱུ་དང་བཤེས་གཉེན་རང་བཞིན་ལས། །བློ་དང་ལྡན་པའི་སྙིང་རྗེ་སྐྱེ། །ཞེས་པ་དང༌། མཛོད་ལས། བཞི་ཡིས་སེམས་དང་སེམས་བྱུང་རྣམས། །གསུམ་གྱིས་སྙོམས་པར་འཇུག་རྣམ་གཉིས། །གཞན་ནི་གཉིས་པོ་དག་ལས་སྐྱེ། །ཞེས་སོ། །དེའང་སེམས་སེམས་བྱུང་ཐམས་ཅད་བདག་རྐྱེན་ལ་སོགས་པ་བཞིས་བསྐྱེད་པ་ཡིན་ལ། རྒྱུའི་རྐྱེན། བདག་པོའི་རྐྱེན། དེ་མ་ཐག་རྐྱེན་གསུམ་གྱིས་སྙོམས་འཇུག་གཉིས་བསྐྱེད་ཅིང༌། བེམས་པོ་རྣམས་ནི་རྒྱུ་དང༌། ཆུ་ལུད་ལ་སོགས་པའི་བདག་རྐྱེན་ལས་སྐྱེའོ་ཞེས་འདོད་དོ། ། «སྤྱི་དོན་བདུན་པ་བསྒོམ་པའི་ཚུལ་བཤད་པ་ལ་བཞིའི། དང་པོ་བཏང་སྙོམས་བསྒོམ་པ་ལའང་བཅུ་གསུམ་སྟེ། བཏང་སྙོམས་བསྒོམ་པའི་དགོས་པ་ནི། »ད་ནི་ཚུལ་ཇི་ལྟར་བསྒོམ་པ་ན་འདི་དག་ལ་འདི་ཁོ་ནའོ་ཞེས་ཕྱོགས་གཅིག་ཏུ་ཚང་བའི། སྒོམ་ཚུལ་གོ་རིམས་ངེས་པ་མེད་ན་ཡང༌། ། དང་པོའི་གང་ཟག་ཐོག་མར་བཏང་སྙོམས་ཏེ། །ཉེ་རིང་བསྙམས་ནས་དེ་ནས་གཞན་གསུམ་བསྒོམ། །དེའང་ཐོག་མར་རྒྱུད་ལ་སྐྱེ་བར་སླ་བ་ནས་བརྩམས་ཏེ་བསྒོམ་པར་བཤད་ལ། དེ་ཡང་ཀུན་ལ་ཉེ་རིང་མ་སྙོམས་པར་གཞན་གསུམ་སྐྱེ་དཀའ་བའི་ཕྱིར། དང་པོར་བཏང་སྙོམས་བསྒོམ་སྟེ། སློབ་དཔོན་ཡེ་ཤེས་སྙིང་པོའི་དབུ་མ་རྒྱན་ལས། བཏང་སྙོམས་ས་གཞི་ལེགས་བརྡལ་བར། །བྱམས་པ་ཡི་ནི་མེ་ཏོག་བཀྲམ། །སྙིང་རྗེའི་གྲིབ་མས་རབ་བརྒྱན་ཅིང༌། །དགའ་བའི་ཆུ་གཙང་རྙོག་པ་མེད། །ཅེས་སོ། །བརྟག་གཉིས་ལས། དང་པོར་བྱམས་པ་བསྒོམ་པར་བྱ། །གཉིས་པར་སྙིང་རྗེ་རྣམས་བསྒོམ་ཞིང༌། །གསུམ་པར་དགའ་བ་བསྒོམ་པ་དང༌། །ཀུན་གྱི་མཐར་ནི་བཏང་སྙོམས་སོ། །ཞེས་པ་ནི་ནང་ གི་ལྷའི་དེ་ཁོ་ན་ཉིད་དང་སྦྱར་བ་སྟོན་པའི་དབང་དུ་མཛད་པ་ཡིན་ནོ། །དེ་ནི་ཐོག་མར་བྱམས་པ་ལ་སོགས་པ་གསུམ་གྱི་རང་བཞིན་སྐྱེ་སླ་བར་བྱ་བའི་ཕྱིར་རོ། ། «བཏང་སྙོམས་བསྒོམ་པའི་དམིགས་ཡུལ་ནི། »བཏང་སྙོམས་བསྒོམ་པ་ཉིད་བཤད་པར་བྱ་སྟེ། དེ་ཡར་དམིགས་ཡུལ་སེམས་ཅན་ཐམས་ཅད་ལ། བློ་ཡི་རྣམ་པ་འདི་ལྟར་བརྟག་པར་བྱ། །ད་ལྟ་ཕ་དང་མ་དང་བཤེས་ལ་ཆགས། །དགྲ་ལ་སྡང་བ་འདི་འདྲའི་སེམས་ཁྱོད་ངན། །འདི་ལྟར་སེམས་ཅན་རེ་རེ་ཡང་དགྲ་དང་གཉེན་དུ་མ་གྱུར་པ་མེད་པས་དེ་ལ་ཆགས་སྡང་བྱ་བར་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། «བཏང་སྙོམས་ཀྱི་དྲིན་དྲན་པ་ནི།» འདི་ལྟར་འཁོར་བ། ཐོག་མཐའ་དུས་མེད་འཁྱམས་ཚེ་དགྲ་འདིས་ཀྱང༌། །ཕ་མ་ལ་སོགས་བཤེས་བྱས་ཕན་པ་བསྒྲུབས། །དེ་ཡི་དྲིན་ལན་གནོད་སེམས་སྒོམ་བྱེད་དམ། །སྔོན་ཕན་བཏགས་པའི་ལན་དུ་གནོད་པ་བྱ་བར་མི་རིགས་ཏེ། འདུལ་བ་ལུང་ལས། ཕན་པའི་ལན་དུ་ཕན་པ་མཆོག །གནོད་པའམ་བར་མ་རིགས་པ་མིན། །ཞེས་སོ། ། «བཏང་སྙོམས་མ་ངེས་པར་བསྒོམ་པ་ནི།» ཡང་ཚེ་རབས་དུ་མར། གཉེན་འདིས་ཀྱང་ནི་དགྲ་བྱས་གནོད་པ་བསྒྲུབས། །ད་ལྟ་ན་ཡང་དེ་ཡི་སྡུག་བསྔལ་འགོ། །དེ་ཡི་ལན་དུ་ཕན་པ་ཇི་ལྟར་རིགས། བར་མ་ཡང་ནི་མཛའ་དང་མི་མཛར་གྱུར། ། ཕན་གནོད་མ་ངེས་ཆགས་སྡང་རིགས་པ་མིན། །འདི་ལྟར་དགྲས་གནོད་པ་བྱས་པས་ཕན་གདགས་སུ་མི་རུང་ན། གཉེན་གྱིས་ཀྱང་སྔོན་རབས་གནོད་པ་བྱས་པའི་ཕྱིར་དང༌། ད་ལྟ་ཡང་དེ་ལ་བརྟེན་ནས་བདག་ལ་སྡུག་བསྔལ་འགོ་བས། དེ་ཙམ་དུ་ཆགས་སྡང་གིས་བསྐྱེད་པའི་ཕན་གདགས་སུ་ཅི་ཡོད། སྐྱེ་བོ་བར་མ་ཡང་སྔོན་དང་ཕྱི་མ་ལ་བསམས་ན་ཕན་གནོད་མ་ངེས་པས་ཆགས་སྡང་བྱ་བའི་འོས་སུ་མ་ཡིན་པས་གང་ལའང་ཆགས་སྡང་མེད་པས་ཉེ་རིང་མཉམ་པའི་སེམས་བསྐྱེད་དགོས་ཏེ། ཉི་ཁྲི་ལས། རབ་འབྱོར། ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་ཚུན་མཉམ་ཞིང་སྙོམས་པའི་སེམས་སུ་བྱའོ་ཞེས་སོ། ། «བཏང་སྙོམས་མཉམ་ཉིད་དུ་བསྒོམ་པ་ནི། »རྒྱུ་མཚན། དེ་བས་ཐོག་མར་མཛའ་བཤེས་ཕྱོགས་རྣམས་ལ། །བར་མ་བཞིན་དུ་ཆགས་པ་སྤང་བྱ་ཞིང༌། །དེ་ནས་དགྲ་ལ་བར་མ་བཞིན་དུ་ནི། །སྡང་བ་སྤངས་ལ་ཉེ་རིང་མེད་པར་བྱ། །དེ་ལྟར་དགྲ་ཉེན་གཉིས་བར་མར་སྙོམས་པ་ན། «བཏང་སྙོམས་འགྲོ་ལ་ཕན་ཕྱིར་བསྒོམ་པ་ནི།» བར་མའི་ཕྱོགས་ལའང་གཏི་མུག་བསྒྲལ་བའི་ཕྱིར། །འགྲོ་བའི་ཉོན་མོངས་མཉམ་དུ་སེལ་བའི་བློ། །སྲིད་དང་བྲལ་བ་དེ་འདྲ་རྣམ་པར་བསྒོམ། །བར་མ་གང་ཡིན་པའི་བློ་ཡང་གཏི་མུག་པས། དེའི་རྗེས་ལ་དགྲ་གཉེན་གྱིས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རབ་ཏུ་ཞི་བར་ཤོག་ཅིག །ཆགས་སྡང་གི་རྣམ་པ་ནམ་ཡང་འབྱུང་བར་མ་གྱུར་ཅིག །ཐམས་ཅད་ཕན་ཚུན་སེམས་ལས་སུ་རུང་བར་ཤོག་ཅིག ། «བཏང་སྙོམས་བྲལ་ཐོབ་ཕྱོགས་གཅིག་ཏུ་བསྒོམ་པ་ནི།» དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་བདེ་འདོད་སྡུག་བསྔལ་འདོར་འདོད་གཅིག །འོན་ཀྱང་མི་ཤེས་སྡུག་བསྔལ་རྒྱུ་ལ་སྤྱོད། །འདི་ལྟར་རང་ལ་བདེན་དགའ་ལ་སྡུག་པ་མི་འདོད་པ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་བས་ན་གནོད་སེམས་ག་ལ་རུང༌། འདོད་པ་བདེ་བ་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་ལ་སྤྱོད་པ་འདི་བདག་གིས་བཟློག་པར་བགྱིའོ། ། «བཏང་སྙོམས་ཀྱི་དམིགས་པ་དངོས་ནི།» ཀྱེ་མ་ཉམ་ཐག་འགྲོ་བའི་ཉོན་མོངས་ཚོགས། ། བག་ཆགས་བཅས་ཀུན་ཞི་ལ་སེམས་སྙོམས་ཤོག །ཆགས་སྡང་དྲག་པོས་གཟིར་བའི་ལུས་ཅན་ཀུན། །ཉེ་རིང་སེམས་སྙོམས་ཆགས་སྡང་བྲལ་བར་ ཤོག །འདི་ལྟར་འགྲོ་བའི་ཉོན་མོངས་པ་ཐམས་ཅད་ཞི་བར་ཤོག་ཅིག །ཁྱད་པར་ཆགས་སྡང་གི་མེ་ཚོགས་ཞི་ནས་ཉེ་རིང་མེད་པའི་སེམས་ལས་སུ་རུང་བར་ཤོག་ཅིག ། «བཏང་སྙོམས་ཀྱི་དམིགས་པ་སྤེལ་བ་ནི།» ཅེས་བསམ་འགྲོ་བ་གཅིག་ནས་གཉིས་དང་གསུམ། །ཡུལ་གྲུ་གཅིག་ནས་གླིང་གཅིག་གླིང་བཞི་ནས། །སྟོང་གཅིག་གཉིས་གསུམ་འཇིག་རྟེན་ཀུན་ལ་བསྒོམ། དེའང་ལས་དང་པོ་པས། རང་གི་དགྲ་གཉེན་གཉིས་ལ་མ་འབྱོངས་ཀྱི་བར་དུ་བསྒོམ། དེ་ནས་སེམས་ཅན་གཅིག་གཉིས་གསུམ་ལ་སོགས་པ་ནས་རང་གི་གྲོང་པ་ཐམས་ཅད་ནས་ཡུལ་གྲུ་དང་འཛམ་བུའི་གླིང་གི་བར་དུ་བསྒོམ། དེ་ནས་ལུས་འཕགས་གླིང་ནས་སྟོང་གཅིག་དང༌། གཉིས་དང༌། གསུམ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བསྒོམ། དེའང་དང་པོ་མི་དང༌། དེ་ནས་དུད་འགྲོ་ལ་སོགས་པ་ཀུན་ལ་མཚུངས་པར་བསྒོམ་མོ། ། «བཏང་སྙོམས་རྒྱུད་ལ་འབྱོངས་པའི་ཚད་ནི།» དེ་ཉིད་རྒྱུད་ལ། འབྱོངས་པའི་ཚད་ནི་བདག་གཞན་དགྲ་གཉེན་མཉམ། དེ་ལྟ་བུའི་སེམས་ཐོབ་ཅིང་སུ་ལའང་ཕྲག་དོག་དང་ཁོང་ཁྲོ་མི་སྐྱེ་བར་མཉམ་ཁད་པ་འབྱུང་ངོ༌། ། «བཏང་སྙོམས་བསྒོམས་པའི་རྗེས་ཐོབ་ནི།» དེ་ལྟར་དམིགས་པ་དང་བཅས་ནས་བཏང་སྙོམས་བསྒོམས་པའི་ཐུན་གྱི། རྗེས་ལ་དམིགས་པ་མེད་པའི་བཏང་སྙོམས་ཡུལ། །ཐམས་ཅད་སེམ་ཏེ་སེམས་ཉིད་ནམ་མཁའ་འདྲ། །དོན་དམ་མ་སྐྱེས་སྟོང་པའི་ངང་དེ་ལ། །བློ་ཡི་རྣམ་པ་སྤྲོས་དང་བྲལ་བར་བཞག །དེའང་བསྒོམ་པར་བྱ་བའི་ཡུལ་སེམས་ཅན་དུ་སྣང་བ་འདི་དག་ཀྱང་གཟུགས་བརྙན་དང་འདྲ་བ་མེད་བཞིན་དུ་སྣང་བ་རང་བཞིན་གྱིས་མ་སྐྱེས་པའོ་ཞེས་དྲན་པའི་ངང་ལ་བཞག་གོ །དེའང་གཟུང་ཡུལ་ཕུང་པོ་དང་དེ་ལས་གཞན་ལ་ངར་འཛིན་པས་ཞེན་ཡང༌། གཉིས་ཀ་བརྫུན་པའི་རང་བཞིན་མེ་ལོང་གི་གཟུགས་བརྙན་ལ་ངའི་བཞིན་ཞེས་རྟོག་པ་ལྟར་མེད་ལ་སྣང་ཞིང་ཕུང་པོ་ལ་བརྟེན་པ་སྟེ། རིན་ཆེན་ཕྲེང་བ་ལས། ཇི་ལྟར་མེ་ལོང་བརྟེན་ནས་སུ། །རང་གཞན་གཟུགས་བརྙན་སྣང་མོད་ཀྱི། །དེ་ནི་ཡང་དག་ཉིད་དུ་ན། །ཅུང་ཟད་ཀྱང་ནི་ཡོད་མིན་ པ། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ངར་འཛིན་པ་ནི་དམིགས་པར་འགྱུར། །རང་གི་བཞིན་གྱི་གཟུགས་བརྙན་བཞིན། །ཡང་དག་ཉིད་དུ་དེ་འགའ་མེད། ཇི་ལྟར་མེ་ལོང་མ་བརྟེན་པར། །རང་བཞིན་གཟུགས་བརྙན་མི་སྣང་ལྟར། །ཕུང་པོ་རྣམས་ལ་མ་བརྟེན་པར། །ངར་འཛིན་པ་ཡང་དེ་དང་ འདྲ། །ཞེས་སོ། །དེའང་རང་བཞིན་གྱི་ཕུང་པོ་རྣམས་ལ་བདག་ཏུ་འཛིན་པ་ཡོད་ན་ལས་ཡོད་ཅིང༌། ལས་ལས་སྐྱེ་བ་ཡོད་པས་ན་རྒ་ཤིའི་བར་ཡོད་ཅིང༌། ཕུང་པོ་ལ་འཛིན་པ་མེད་ན་དེ་ཐམས་ཅད་བཟློག་པར། དེ་ཉིད་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལས་ངར་འཛིན་ཉིད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱ་བ་ཡིན། །ལམ་གསུམ་ཐོག་མཐའ་དབུས་མེད་པ། །འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །འཁོར་ལོ་ལྟ་བུར་ཕན་ཚུན་དུ། །རྒྱུ་ཅན་ཉིད་ནི་འཁོར་བར་འགྱུར། །དེ་ནི་རང་གཞན་གཉིས་ཀ་ དང༌། །དུས་གསུམ་ཉིད་ལས་མ་ཐོབ་ཕྱིར། །ངར་འཛིན་པ་ནི་ཟད་པར་ འགྱུར། །དེས་ན་ལས་དང་སྐྱེ་བ་ཡང༌། །དེ་ལྟར་རྒྱུ་འབྲས་སྐྱེ་བ་དང༌། །དེ་དག་ཟད་པ་ཉིད་མཐོང་ནས། །ཡང་དག་ཉིད་དུ་འཇིག་རྟེན་ལ། །ཡོད་མེད་ཉིད་དུ་མི་སེམས་སོ། །ཞེས་སོ། །དེ་བས་ན་ཆོས་ཐམས་ཅད་ང་དང་ང་ཡིར་གཟུང་བའི་ཡུལ་མེད་པ་གཟུགས་བརྙན་དང་འདྲ་བར་ཤེས་པར་བྱའོ། ། «བཏང་སྙོམས་བསྒོམས་པའི་ཕན་ཡོན་ནི།» དེ་ལྟར་བསྒོམས་པས། འབྱོངས་པའི་ཚད་ནི་ཟབ་ཞིའི་རྟོགས་པ་སྐྱེ། དེའང་ཆོས་ཐམས་ཅད་ཀྱི་རང་བཞིན་གདོད་མ་ནས་མ་སྐྱེས་པར་མཉམ་པ་ཉིད་ཀྱི་རྟོགས་པ་སྐྱེ་སྟེ། ཀུན་བྱེད་ལས། བསམ་དུ་མེད་པའི་ཆོས་ཉིད་བྱང་ཆུབ་ལ། །གཉིས་སུ་མེད་པར་བཞག་པས་ཡེ་ཤེས་སྐྱེ། ། ཞེས་སོ། ། «བཏང་སྙོམས་ཀྱི་འབྲས་བུ་ནི།» དེ་ལྟར་བསྒོམས་པའི། འབྲས་བུ་ཉེ་རིང་རྙོག་པ་མེད་པའི་སེམས། །གནས་ལུགས་དོན་ལ་རང་བཞིན་ལྷུན་གྱིས་གྲུབ། །དེའང་ཀུན་རྫོབ་ཀྱིས་ནི་རང་གཞན་ཉེ་རིང་མེད་ལ། དོན་དམ་པས་ནི་གཉིས་སུ་མེད་པའི་ཆོས་ཉིད་རྟོགས་པར་འགྱུར་རོ། །དེ་ལྟར་གོམས་པ་རབ་ཏུ་གྱུར་ནས་གདོད་བྱམས་པ་བསྒོམ་པར་བྱ་སྟེ། «གཉིས་པ་བྱམས་པ་བསྒོམ་པ་ལའང་ལྔ་སྟེ། བྱམས་པ་གོང་དུ་སྤེལ་བ་ནི། »བཤད་མ་ཐག་པའི་ཚུལ། དེ་ལྟར་ཀུན་ལ་སེམས་སྙོམས་གྱུར་པ་ན། །རང་ཉིད་མ་ལ་བདེ་དང་འཕྲད་འདོད་ལྟར། །ལུས་ཅན་ཀུན་ལའང་དེ་བཞིན་བསམ་པར་བྱ། །དེའང་སེམས་སྙོམས་པ་ན་ཕ་དང་མ་བྱམས་ཤིང་ཡིད་དུ་འོང་བ་ལྟར། སེམས་ཅན་ཐམས་ཅད་ལ་ཕ་དང་མའི་བློ་བཞག་ནས་བྱམས་པ་བསྒོམས་པར་བྱ་སྟེ། ཁྲི་བརྒྱད་སྟོང་པ་ལས། བྱམས་པ་དང་ལྡན་པའི་སེམས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་པ་བསྒོམ་པར་བྱའོ་ཞེས་སོ། ། «བྱམས་པའི་དམིགས་རྣམ་ནི།» ཇི་ལྟར་ཞེ་ན། དེ་ཡང༌། བྱམས་པའི་དམིགས་ཡུལ་སེམས་ཅན་ཐམས་ཅད་ལ། རྣམ་པ་གནས་སྐབས་ལྷ་མིའི་བདེ་བ་དང༌། ། མཐར་ཐུག་བྱང་ཆུབ་བདེ་དང་འཕྲད་པར་ཤོག །སྙམ་དུ་གཅིག་ནས་འགྲོ་བ་ཀུན་གྱི་བར། །ཕྱོགས་མཐའ་གཏུགས་པར་དེ་སྙེད་བསྒོམ་པར་བྱ། །དེའང་བདེ་བ་དང་མི་ལྡན་པའི་སེམས་ཅན་མཐོང་བ་ན་གནས་སྐབས་ལྷ་མི་དང༌། མཐར་ཐུག་སངས་རྒྱས་ཀྱི་བདེ་བ་དང་འཕྲད་པར་ཤོག་ཅིག་སྙམ་དུ་གཅིག་ནས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བསྒོམ་པར་བྱ་སྟེ། ཡུམ་བར་མ་ལས། སེམས་ཅན་བདེ་བ་དང་མི་ལྡན་པ་མཐོང་བ་དེའི་ཚེ་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། སེམས་ཅན་འདི་དག་ནི་ལྷ་ཡུལ་པའི་ལྷའི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་ཐོབ་པར་གྱུར་ཅིག་སྙམ་དུ་ཡིད་ལ་བྱའོ་ཞེས་སོ། ། «བྱམས་པ་འབྱོངས་པའི་རྟགས་ནི།» འབྱོངས་པའི། རྟགས་ནི་ཀུན་ལ་ཁྱབ་པའི་བྱམས་པ་མཆོག །བུ་གཅིག་བརྩེ་བའི་མ་བས་ལྷག་པ་འབྱུང༌། །དེ་ཡང་སེམས་ཅན་གང་མཐོང་ཡང་ཡིད་དུ་འོང་ཞིང་བརྩེ་གདུང་ཆེ་བས་ཕན་པར་འདོད་པ་འབྱུང་ངོ༌། ། «དམིགས་པ་མེད་པའི་བྱམས་པ་ནི།» དམིགས་པ་དང་བཅས་པའི་བྱམས་པ་བསྒོམས་པའི། དེ་རྗེས་ཐམས་ཅད་མཉམ་པའི་ངང་ལ་བཞག།དམིགས་པ་མེད་པའི་བྱམས་པ་ཆེན་པོ་སྟེ། །བྱམས་དང་སྟོང་པ་ཟུང་དུ་ཆུད་པ་རྟགས། དེ་ཡང་བྱམས་པ་བསྒོམས་པའི་ཡུལ་སེམས་ཅན་ཡང༌། ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། ནམ་མཁའ་དང༌། རྣམ་པར་ཤེས་པའི་ཁམས་དྲུག་འདུས་པ་ལས་སྐྱེས་པ་སྟེ། བརྟགས་ན་རགས་པ་རྡུལ་ཕྲན་དང༌། ཕྲ་བ་དོན་དམ་དང༌། རྣམ་ཤེས་དག་གི་དངོས་པོར་ཡོད་པ་མ་ཡིན་པས་ནམ་མཁའ་ལྟ་བུའོ་སྙམ་དུ་བསྒོམ་པར་བྱ་སྟེ། རིན་ཆེན་ཕྲེང་བ་ལས། སྐྱེས་བུ་ས་མིན་ཆུ་ལ་མིན། །མེ་མིན་རླུང་མིན་ནམ་མཁའ་མིན། །རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་དོན་སྐྱེས་བུ་གང༌། ཁམས་དྲུག་སྐྱེས་བུ་འདུས་པའི་ཕྱིར། །ཡང་དག་མ་ཡིན་ཇི་ལྟ་བར། །དེ་བཞིན་ཁམས་ནི་རེ་རེལ་ལའང༌། །འདུས་ཕྱིར་ཡང་དག་ཉིད་དུ་མིན། །ཕུང་པོ་བདག་མིན་དེར་དེ་མིན། །དེ་ལ་དེ་མིན་དེ་མེད་མིན། ། ཞེས་པ་དང༌། གང་ཚེ་དངོས་པོ་མི་རྙེད་པ། །དེ་ཚེ་དངོས་མེད་ག་ལ་འགྱུར། ། གཟུགས་ཀྱི་དངོས་པོ་མེད་ཙམ་ཕྱིར། །ནམ་མཁའ་ཡང་ནི་མིང་ཙམ་མོ། ། འབྱུང་མེད་གཟུགས་ལྟ་ག་ལ་ཡོད། །དེ་ཕྱིར་མིང་ཙམ་ཉིད་ཀྱང་མེད། །ཚོར་དང་འདུ་ཤེས་འདུ་བྱེད་དང༌། །རྣམ་ཤེས་འབྱུང་བ་ལྟ་བུ་དང༌། །བདག་བཞིན་དུ་ནི་བསམ་བྱ་སྟེ། །དེ་ཕྱིར་ཁམས་དྲུག་བདག་མེད་དོ། །ཞེས་སོ། །ཇི་ལྟར་མེད་ན་སེམས་ཅན་དུ་སྣང་དུས་ཀྱི་ལུས་ཀྱི་ཁམས་ལ་བརྟགས་ནའང་མེད་ལ། དེ་ལའང་རྣམ་ཤེས་རྟེན་དང་བརྟེན་པར་ཡང་མི་མཐོང་བས་བདག་དང་བདག་གིར་མི་དམིགས་ཏེ་དཔྱད་ཅིང་གཞིགས་ན་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཏེ་དེ་ཉིད་ལས། ཇི་ལྟར་ཆུ་ཤིང་ཡན་ལག་དག །མ་ལུས་བཅས་ཏེ་བཤིག་བྱས་ ན། །ཅི་ཡང་མེད་ལྟར་སྐྱེས་བུ་ཡང༌། ཁམས་བཅས་བཤིག་ན་དེ་དང་འདྲ། ། ཆོས་རྣམས་ཐམས་ཅད་བདག་མེད་ཅེས། །དེ་ཕྱིར་རྒྱལ་བ་རྣམས་ཀྱིས་གསུངས། །ཞེས་སོ། །དེའང་མཐོང་ཐོས་སུ་སྣང་བ་ཙམ་འདི་བདེན་རྫུན་གང་ཡང་མ་ཡིན་ཏེ། བདེན་རྫུན་བློས་བཀོད་པའི་ཆོས་ཡིན་པའི་ཕྱིར་རོ། །དེ་ཉིད་ལས། མཐོང་དང་ཐོས་སོགས་ཐུབ་པ་ཡིས། །བདེན་མིན་རྫུན་པ་མིན་པར་གསུངས། །ཞེས་པ་དང༌། འཇིག་རྟེན་འདི་ནི་བདེན་རྫུན་འདས། །ཞེས་སོ། ། དེ་ལྟར་ཆོས་ཐམས་ཅད་བདེན་རྫུན་ལས་འདས་ཤིང་ཆུ་ཤིང་དང་འདྲ་བར། ཏིང་འཛིན་རྒྱལ་པོ་ལས་ཀྱང་གསུངས་ཏེ། ཇི་ལྟར་ཆུ་ཤིང་རློན་པའི་སྡོང་པོ་དག།སྙིང་པོ་འདོད་ཕྱིར་སྐྱེས་བུས་དེ་གཤགས་ཀྱང༌། །ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་བདེ་བཞིན་ཤེས་པར་གྱིས། །ཞེས་ སོ། །འབྱོངས་པའི་རྟགས་སུ་བྱམས་པ་སྐྱེ་བཞིན་དུ་འགྲོ་བ་ཆུ་ཤིང་ལྟར་རང་བཞིན་ནམ་བདག་མེད་པའི་ངོ་བོ་ཉིད་རྟོགས་པ་དུས་མཉམ་དུ་འབྱུང་ངོ༌། ། «བྱམས་པ་བསྒོམས་པའི་འབྲས་བུ་ནི།» དེའི་འབྲས་བུ་ཇི་ལྟ་བུ་ཞེ་ན། འབྲས་བུ་མཐོང་ན་ཡིད་འོང་དག་པ་འཐོབ། །འདི་ལྟར་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་ཡིད་དུ་འོང་བ་དང༌། སེམས་ཅན་ཀྱང་མཐོང་ན་ཡིད་དུ་འོང་ལ་ཆགས་སྡང་ལ་སོགས་པའི་རྙོག་པ་དག་པ་འཐོབ་སྟེ། བརྒྱད་སྟོང་པ་ལས། བྱམས་པ་དང་ལྡན་པའི་སེམས་མང་དུ་བསྒོམས་ཤིང་བརྟན་པར་བྱས་པས་འགྲོ་བ་མཐོང་ན་ཡིད་དུ་འོང་བ་ཡིན། ཁོང་ཁྲོ་བ་མེད་པ་ཡིན་ཞེས་སོ། བསོད་ནམས་ཚད་མེད་པ་འཐོབ་པར་ཡང༌། ཐར་པ་ཆེན་པོ་ཕྱོགས་བཅུ་རྒྱས་པའི་མདོ་ལས། གང་ཞིག་འཇིག་རྟེན་རྣམས་དག་ན། །བསྐལ་པ་གཅིག་གི་བར་དག་ཏུ། །ཚུལ་ཁྲིམས་དག་ནི་བསྲུངས་པ་བས། །སྐྱེས་བུའི་སྐད་ཅིག་དགའ་བ་ཙམ། །དེ་བས་བྱམས་པ་སྤྱད་པ་མཆོག །གང་གིས་འཇིག་རྟེན་ཁམས་འདི་རུ། །ལུས་དང་ངག་ཡིད་སྡིག་སྤྱད་དེ། །ངན་སོང་གསུམ་དུ་ལྟུང་ངེས་ཀྱང༌། །བྱམས་པ་དེ་ཡིས་འཕྲལ་དུ་འབྱང༌། །ཞེས་སོ། ། «གསུམ་པ་སྙིང་རྗེ་བསྒོམ་པ་ལ་བདུན་ཏེ། འགྲོ་བའི་སྡུག་བསྔལ་བསམ་པ་ནི། »ད་ནི་སྙིང་རྗེ་བསྟན་པར་བྱ་སྟེ། དེ་ལྟར། བྱམས་པས་འགྲོ་ལ་ཁྱབ་པའི་རྗེས་ཉིད་དུ། །ཕ་མའི་སྡུག་བསྔལ་བློས་མི་བཟོད་པ་བཞིན། །འགྲོ་བའི་སྡུག་བསྔལ་བསམས་ལ་སྙིང་རྗེ་བསྐྱེད། །དེ་ཡང་བདག་གི་ཕ་མ་དྲིན་ཅན་འདི་རྣམས་བདག་ཅག་གི་ཆེད་དུ་སྡིག་པའི་ལས་བྱས་པ་དང༌། ངན་སོང་གསུམ་ལ་སོགས་པའི་སྡུག་བསྔལ་གྱིས་གདུངས་པ་འདི་དག་སྙིང་རེ་རྗེ་བདག་གིས་འདོན་པར་བྱ་སྙམ་པ་སྟེ། ཡུམ་བར་མ་ལས། སེམས་ཅན་སྡུག་བསྔལ་བ་དག་མཐོང་བ་ན་འདི་སྙམ་དུ་སེམས་ཅན་འདི་དག་སྡུག་བསྔལ་དང་བྲལ་བར་ཤོག་ཅིག་ཅེས་སེམས་པ་ཡིན་ཏེ་ཞེས་སོ། ། «སྙིང་རྗེ་བསྒོམ་པའི་ཚུལ་བཤད་པ་ནི།» ཚུལ་ཇི་ལྟར་བསྒོམས་པ་ནི། དེ་ཡང་བདག་གི་ཕ་མ་དྲིན་ཅན་རྣམས། །བདག་གི་ཆེད་དུ་སྡིག་པའི་ལས་བྱས་པས། །ཚ་གྲང་བཀྲེས་སྐོམ་གསད་སྤྱད་ལས་ཀྱིས་མནར། །སྐྱེ་རྒ་ན་འཆིའི་ཆུ་ཆེན་འཁྲུག་པར་བྱིང༌། །སྡུག་བསྔལ་སྣ་ཚོགས་དུ་མས་ཉམ་རེ་ཐག །འདི་ལྟར་བདག་ཅག་གི་ཕྱིར་སྡིག་པ་བྱས་པས་ད་ནི་རང་རང་གི་སྡུག་བསྔལ་ལ་སྒོས་སུ་སྤྱོད་པས་ཉམ་ཐག་པར་གྱུར་ཀྱང༌། «སྙིང་རྗེ་དངོས་བཤད་པ་ནི། »ད་དུང་སྡུག་བསྔལ། དེ་ལས་ཐར་འདོད་ཞི་བའི་སེམས་མེད་ལ། །ཡང་དག་ལམ་སྟོན་དགེ་བའི་བཤེས་མེད་པས། །མཐའ་མེད་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །འདི་དག་མཐོང་ནས་ཡལ་བར་འདོར་ཕོད་ དམ། །འདི་ལྟར་འཁོར་བའི་སེམས་ཅན་རྣམས་སྡུག་བསྔལ་ཡང༌། དེ་ལས་ཐར་པའི་ཐབས་མི་ཤེས་ལ། དགེ་བའི་བཤེས་གཉེན་གྱིས་ཀྱང་ཁ་ཅིག་ཙམ་ལས་ཐམས་ཅད་ལ་ཐར་པའི་ལམ་སྟོན་པའང་མེད་པས། ད་དུང་མཐའ་མེད་པར་འཁོར་ཞིང་སྡུག་བསྔལ་བ་འདི་དག །སྔོན་བདག་གི་ཕ་མ་དང་གཉེན་བཤེས་སུ་མ་གྱུར་པ་ཞིག་མེད་ན་སྐྱབས་དང་མགོན་མེད་པ་འདི་དག་ཁོ་ན་འདོར་བ་ནི་རིགས་ཕ་མ་ཡིན་ནོ་ཞེས་བསམ་དགོས་ཏེ། སློབ་སྤྲིང་ལས། གང་གི་ཁོང་ན་འདི་སྐབས་རྙེད་ནས་གནས་བཅས་ཤིང༌། །གང་གིས་བརྩེ་བག་སེམས་ཀྱིས་ཟོན་བཅས་འདི་བླངས་པ། །ཉོན་མོངས་འདི་དག་སྡུག་བསྔལ་སྐྱབས་མེད་འདིར་བོར་ནས། །འགྲོ་བར་མ་རབས་ཐ་ཤལ་ཞིག་ནའང་སུ་ཞིག་སྤྲོ། །ཞེས་སོ། ། «སྙིང་རྗེའི་རྒྱུ་མཚན་བཤད་པ་ནི། »རྒྱུ་མཚན། དེ་བས་བདག་གི་ལུས་དང་ལོངས་སྤྱོད་དང༌། །དུས་གསུམ་དགེ་བས་འགྲོ་བའི་སྡུག་བསྔལ་དག །སྐད་ཅིག་ཉིད་ལ་བྲལ་བར་ཤོག་ཅིག་ཅེས། སྙིང་ཁོང་རུས་པའི་གཏིང་ནས་བསམ་པར་བྱ། ། འདི་ལྟར་བདག་གི་བདེ་བ་དང་དགེ་བ་ཐམས་ཅད་འགྲོ་བ་ལ་འཕོས་པས་སྡུག་བསྔལ་དེ་དང་བྲལ་ནས་བདེ་བ་ཚད་མེད་པ་ལ་དུས་རྟག་ཏུ་སྤྱོད་པར་ཤོག་ཅིག་ཅེས་སྙིང་ཐག་པ་ནས་བསམ་སྟེ། ཁྲི་བརྒྱད་སྟོང་པ་ལས། སྙིང་རྗེ་ཆེན་པོ་དང་ལྡན་པའི་སེམས་ཡངས་པ་ཚད་མ་ངེས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་བསྒོམ་པར་བྱའོ་ཞེས་སོ། ། «སྙིང་རྗེ་འབྱོངས་པའི་རྟགས་བཤད་པ་ནི།» དེ་ཉིད་སེམས་ཅན་གཅིག་ནས་ཀུན་གྱི་བར་དུ་བསྒོམས་པས་འབྱོངས་དུས། འགྲོ་བའི་སྡུག་བསྔལ་མི་བཟོད་རྟགས་སུ་བཤད། དེའང་ཕ་རོལ་ལ་སྡུག་བསྔལ་བྱུང་བ་དེ་རང་ལ་བྱུང་བ་བས་མི་བཟོད་པའི་ཤས་སྐྱེའོ། ། «སྙིང་རྗེའི་མཉམ་རྗེས་བཤད་པ་ནི།» དེ་ལྟར་དམིགས་པ་དང་བཅས་པའི་སྙིང་རྗེ་བསྒོམས་པའི་ཐུན་རྗེས་ཐམས་ཅད་དུ། དམིགས་མེད་སྙིང་རྗེས་དེ་རྗེས་མཉམ་པར་བཞག །རྟགས་ནི་སྟོང་ཉིད་སྙིང་རྗེ་ཟུང་དུ་འབྲེལ། །དེའང་སྙིང་རྗེའི་ཡུལ་སེམས་ཅན་ཡང་བརྟགས་ཤིང་དཔྱད་ན་རང་བཞིན་གྱིས་མེད་ལ་སྣང་བ་ཆུ་མེད་པ་ལ་ཆུར་སྣང་བ་སྨིག་རྒྱུ་ལྟ་བུ་དང་འདྲའོ་ཞེས་བསམ་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་སོ་གའི་ཉི་མ་ཕྱེད་དུས་ན། །སྐྱེས་བུ་སྐོམ་པས་གདུངས་ཤིང་འགྲོ་བ་དག །སྨིག་རྒྱུ་དག་ལ་ཆུ་ཡིས་ཕུང་པོར་མཐོང༌། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་དང༌། རིན་ཆེན་ཕྲེང་བ་ལས། ཇི་ལྟར་སྨིག་རྒྱུ་ཆུ་འདྲ་བ། །ཆུ་མིན་དོན་དུ་མ་ཡིན་པ། །དེ་བཞིན་ཕུང་པོ་བདག་འདྲ་བ། །དེ་དག་བདག་མིན་དོན་དུ་མིན། །སྨིག་རྒྱུ་ལ་ནི་དེ་ཆུ་ཞེས། ། བསམས་ཏེ་དེར་ནི་སོང་བ་ལས། །གལ་ཏེ་ཆུ་དེ་མེད་དོ་ཞེས། །འཛིན་པ་དེ་ནི་བླུན་པ་ཉིད། །དེ་བཞིན་སྨིག་རྒྱུ་ལྟ་བུ་ཡི། །འཇིག་རྟེན་མེད་པའང་ཡོད་དོ་ཞེས། །འཛིན་པ་དེ་ནི་རྨོངས་པ་སྟེ། །རྨོངས་པ་ཡོད་ན་མི་གྲོལ་ལོ། །ཞེས་པ་དང༌། གང་ཕྱིར་གཉིས་ཀའང་ཡང་དག་ཏུ། །འགྲོ་དང་འོང་དང་གནས་མེད་ པ། །དེ་ཕྱིར་འཇིག་རྟེན་མྱ་ངན་བཟླ། །ཞེས་པ་དང༌། དེ་ཕྱིར་སངས་རྒྱས་རྣམས་ཀྱི་ནི། །བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་ཞེས་བཤད་དོ། །ཞེས་སོ། །དེ་ལྟར་བསྒོམས་པས་ཆོས་ཐམས་ཅད་ཀྱི་རང་བཞིན་ཁོང་དུ་ཆུད་ནས་སྟོང་པ་དང་སྙིང་རྗེ་ཟུང་དུ་འབྲེལ་བ་སྟེ་ལམ་དམ་པ་ལ་སྤྱོད་པ་ཡིན་ནོ། །དེའང་འདི་གཉིས་གང་རུང་ཞིག་མེད་ཀྱང་ལམ་གོལ་བ་སྟེ། དོ་ཧ་མཛོད་ལས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང༌། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང༌། །འཁོར་བ་འདིར་གནས་ཐར་པ་ཐོབ་མི་འགྱུར། །གང་དག་གཉིས་པོ་སྦྱོར་བར་ནུས་པ་ དེ། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །ཞེས་སོ། ། «སྙིང་རྗེ་བསྒོམས་པའི་འབྲས་བུ་ནི།» དེ་ལྟར་བསྒོམས་པའི། འབྲས་བུ་གནོད་སེམས་རྣམ་འཚེ་བྲལ་བའི་སེམས། །ལས་རུང་གདོད་ནས་དག་པ་ཉིད་དུ་འགྲུབ། ། དེའང་གནོད་སེམས་དང་རྣམ་པར་འཚེ་བ་མེད་པའི་སེམས་ལས་སུ་རུང་བ་ཐོབ་ཅིང་སངས་རྒྱས་ཀྱི་བྱང་ཆུབ་འགྲུབ་སྟེ། སྙིང་པོ་མཆོག་ལས། སྙིང་རྗེ་ཆེན་པོས་ནི་སེམས་ལས་སུ་རུང་བ་དང༌། འཚེ་བ་མེད་པ་དང༌། དགའ་བས་བརྒྱན་པའི་མཆོག་ཐོབ་པར་བྱེད་དོ་ཞེས་སོ། ། «བཞི་པ་དགའ་བ་བསྒོམ་པ་ལ་དྲུག་ལས། དགའ་བ་བསྒོམ་དགོས་པར་བསྟན་པ་ནི།» ད་ནི་དགའ་བ་བཤད་པར་བྱ་སྟེ། བཤད་མ་ཐག་པའི་ཚུལ། དེ་ལྟར་སྙིང་རྗེས་བརླན་པའི་འགྲོ་བ་ ལ། །རང་རང་བདེ་བས་གནས་ཏེ་དགའ་བ་བསྒོམ། །འདི་ལྟར་སེམས་ཅན་བདེ་བ་མཐོང་ན་དགའ་བ་བསྒོམ་པ་ནི། ཉི་ཁྲི་ལས། སེམས་ཅན་གང་དག་རང་རང་གི་བདེ་བས་འབྱོར་པ་མཐོང་ན་འདི་སྙམ་དུ་སེམས་ཏེ། བདེ་བ་འདི་དང་མི་འབྲལ་པར་ཤོག་ཅིག །ལྷ་དང་མིའི་བདེ་བ་ལས་འདས་པ་རྣམ་པ་ཐམས་ཅད་མཁྱེན་པའི་བདེ་བ་དེ་དང་ལྡན་པར་གྱུར་ཅིག་སྙམ་མོ་ཞེས་སོ། ། «དགའ་བ་བསྒོམ་པའི་དམིགས་རྣམ་བཤད་པ་ནི།» ཚུལ་ཇི་ལྟར་ན། དེ་ཡང་དམིགས་ཡུལ་བདེ་ལྡན་སེམས་ཅན་ཏེ། །རྣམ་པ་ཨེ་མ་འགྲོ་བ་འདི་དག་ཀུན། །བདག་གིས་བདེ་ལ་དགོད་པ་མ་དགོས་པར། །རང་རང་བདེ་བ་བདག་གིས་རྙེད་པ་རབ། ། ད་ནི་དེང་ནས་བྱང་ཆུབ་སྙིང་པོའི་བར། །བདེ་ཞིང་སྐྱིད་པ་འདི་དང་མི་འབྲལ་ཤོག །སྙམ་དུ་གཅིག་ནས་ཀུན་ལ་བསྒོམ་པར་བྱ། སེམས་ཅན་བདེ་བ་དང་ལྡན་པ་གཅིག་ནས་ཐམས་ཅད་ལ་དེ་བཞིན་བསྒོམས་པས། « དགའ་བ་འབྱོངས་པའི་ཚད་ནི།» དེའི། རྟགས་སུ་ཕྲག་དོག་མེད་ཅིང་དགའ་བ་སྐྱེ། གཞན་གྱི་འབྱོར་པ་ལ་ཕྲག་དོག་མེད་པའི་དགའ་བ་དམ་པ་སྐྱེ་བ་ཡིན་ནོ། ། «དགའ་བའི་ངོ་བོ་བཤད་པ་ནི།» དམིགས་པ་དང་བཅས་པའི་དགའ་བ་བསྒོམས་པའི་ཐུན་གྱི། དེ་རྗེས་མི་དམིགས་བསམ་གཏན་དགའ་བ་ཉིད། དེའང་དགའ་བའི་ཡུལ་སེམས་ཅན་ཐམས་ཅད་ཀྱང་མེད་བཞིན་དུ་སྣང་བ་སྒྱུ་མ་ལྟ་བུར་བསྒོམ་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་སྐྱེ་བོ་མང་པོའི་དབུས་དག་ན། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ནས། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་དང༌། རིན་ཆེན་ཕྲེང་བ་ལས། སོ་སོའི་སྐྱེ་བོ་ལ་གསང་བ། །གང་ཡིན་དེ་ནི་ཟབ་མོའི་ཆོས། །འཇིག་རྟེན་སྒྱུ་མ་ལྟ་བུ་ཉིད། ། སངས་རྒྱས་བསྟན་པའི་བདུད་རྩི་ཡིན། །ཇི་ལྟར་སྒྱུ་མའི་གླང་པོ་ལ། །སྐྱེ་དང་འཇིག་པ་ཉིད་སྣང་ཡང༌། །དེ་ལ་དོན་གྱིས་ཡང་དག་ཏུ། །སྐྱེ་དང་འཇིག་པ་ཉིད་མེད་ལྟར། །དེ་བཞིན་སྒྱུ་འདྲའི་འཇིག་རྟེན་ལ། །སྐྱེ་དང་འཇིག་པ་གཉིས་སྣང་ཡང༌། །དམ་པའི་དོན་དུ་སྐྱེ་བ་དང༌། །འཇིག་པ་ཉིད་ནི་ཡོད་མ་ཡིན། །ཇི་ལྟར་སྒྱུ་མའི་གླང་པོ་ནི། །གང་ནས་མ་འོངས་གར་མི་འགྲོ། །སེམས་རྨོངས་ཙམ་དུ་ཟད་པས་ན། །ཡང་དག་ཉིད་དུ་གནས་པ་མེད། །དེ་བཞིན་སྒྱུ་འདྲའི་འཇིག་རྟེན་ནི། །གང་ནས་མ་འོངས་གར་མི་འགྲོ། །སེམས་རྨོངས་ཙམ་དུ་ཟད་པས་ན། །ཡང་དག་ཉིད་དུ་གནས་པ་མེད། །དེ་ལྟར་དུས་གསུམ་འདས་བདག་ཉིད། །ཐ་སྙད་བཏགས་པ་མ་རྟོགས་པར། །གང་ཞིག་ཡོད་དང་མེད་འགྱུར་བའི། །འཇིག་རྟེན་དུ་ནི་ཅི་ཞིག་ཡོད། །ཅེས་སོ། ། «དགའ་བའི་ཡོན་ཏན་བཤད་པ་ནི། »ཚུལ་དེ་ལྟར་བསྒོམས་པས་གནས་ལུགས་ཀྱི་དགའ་བས། ལུས་ངག་སེམས་ལ་ཞི་བདེ་ལྷུན་གྱིས་གྲུབ། །འདི་ནི་ཚད་དོ། ། « དགའ་བ་བསྒོམས་པའི་འབྲས་བུ་ནི།» དེའི་འབྲས་བུ་འབྱོར་པས་བརྟན་ལ་དགའ་བ་འགྲུབ། དེ་སྐད་དུ་ཡང༌། བརྒྱད་སྟོང་པ་ལས། དགའ་བ་དང་ལྡན་པའི་སེམས་ཡངས་པ་ཚད་མེད་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་པ་གང་གིས། བླ་ན་མེད་པའི་ཕུན་སུམ་ཚོགས་པས་མངོན་པར་མཐོ་བ་ཉིད་ཐོབ་པར་བྱེད་དོ་ཞེས་སོ། ། « སྤྱི་དོན་བརྒྱད་པ་སྒོམ་ཚུལ་གཞན་བཤད་པ་ལ་བདུན་ལས། གོམས་རྗེས་བསྒོམ་པའི་རིམ་པ་ནི། »ད་ནི་བསྒོམ་པའི་ཚུལ་གཞན་ཡང་བསྟན་པ་ནི། བཤད་མ་ཐག་པ། དེ་ལྟར་གོམས་རྗེས་བྱམས་ནས་རིམ་པར་བསྒོམ། །དེ་ཡིས་བཞི་པོའི་ཞེན་པར་རིམ་གྱིས་འགོག ། དེའང་རྟག་ཏུ་སྔར་བཞིན་བསྒོམས་ན་ཁ་ཅིག་གོ་རིམས་ལ་དག་གྲོལ་དུ་བྱེད་པའི་གཉེན་པོ་བྱེད་དོ། ། «བྱམས་པའི་གེགས་སྙིང་རྗེས་འགོག་ཚུལ་ནི། »ཡང༌། བྱམས་བསྒོམས་གཉེན་བཞིན་ཀུན་ལ་ཆགས་པ་ན། །སྙིང་རྗེས་སྡུག་བསྔལ་རྒྱུ་འབྲས་ཞེན་པ་འགོག །ལ་ལས་ཐེར་ཟུག་ཏུ་ཕ་མ་ལྟར་ཞེན་ན་སེམས་ཅན་གཞན་དུ་ཞེན་པ་དང་འདྲ་བས། སྙིང་རྗེ་གཉིས་པོ་བསྒོམས་པས་དེའི་གཉེན་པོ་བྱེད་དོ། ། «སྙིང་རྗེའི་གེགས་དགའ་བས་འགོག་པ་ནི།» ཡང༌། སྙིང་རྗེ་དམན་པས་དམིགས་དང་བཅས་པ་ན། །དམིགས་མེད་དགའ་བས་སྐྱོ་བ་རྣམ་པར་འགོག །སྙིང་རྗེ་རང་མཚན་དུ་ཞེན་ན་དམིགས་པ་མེད་པའི་དགའ་བ་སྒྱུ་མ་ལྟ་བུས་སྐྱོ་བ་དང་ཞེན་པ་ཐམས་ཅད་སེལ་ལོ། ། «དགའ་བའི་གེགས་བཏང་སྙོམས་ཀྱིས་འགོག་པ་ནི། »ཡང༌། དགའ་བས་སེམས་གཡེངས་སྤྲོས་ལ་འཆེལ་བ་ན། །ཉེ་རིང་ཆགས་བྲལ་བཏང་སྙོམས་ཆེན་པོ་བསྒོམ། །གཞན་གྱི་བདེ་བ་ལ་དགའ་བས་ཆགས་ན་སྐྱོ་བ་དང༌། མི་དམིགས་པའི་བཏང་སྙོམས་བསྒོམས་པས་སེལ་ལོ། ། «བཏང་སྙོམས་ཀྱི་གེགས་བྱམས་པས་འགོག་པ་ནི།» ཡང༌། བཏང་སྙོམས་བར་མ་ལུང་མ་བསྟན་བཞིན་ན། །སྔར་བཞིན་བྱམས་སོགས་རིམ་པས་བསྒོམ་པར་བྱ། །དེ་ཡིས་འབྱོངས་པར་སླ་ཞིང་བརྟན་པ་འཐོབ། །ཐམས་ཅད་ལ་ལུང་མ་བསྟན་བཞིན་སོང་ན་བྱམས་པ་ནས་བརྩམས་ཏེ་བསྒོམ་མོ། །དེ་དག་ནི་སྤྱིའི་གཉེན་པོའོ། །བྱེ་བྲག་ཏུ་རང་རང་གི་དམིགས་པ་དང་བཅས་པའི་གཉེན་པོར་དམིགས་པ་མེད་པ་རེ་རེ་བསྟན་པ་བཞིན་བསྒོམ་མོ། །དེ་ལྟར་བསྒོམས་པས་ཚད་མེད་བཞི་ལ་རང་གི་རྒྱུད་འབྱོངས་ཏེ་བརྟན་པ་མྱུར་དུ་འཐོབ་པའི་དགོས་པ་ཡོད་དོ། ། «སྤེལ་མར་སྒོམ་ཚུལ་བཤད་པ་ནི།» དེ་ནས། གོམས་པ་ཤིན་ཏུ་བརྟན་པའི་རྣལ་འབྱོར་པས། །རིམ་དང་རིམ་མིན་སྤེལ་མ་ཐོད་རྒལ་བསྒོམ། །ཚད་མེད་པ་བཞི་བརྟན་ནས་བོགས་དབྱུང་བའི་ཕྱིར་བྱམས་པ་ནས་རིམ་གྱིས་སྒོམ་ཞིང༌། ཡང་བཏང་སྙོམས་ནས་བཟློག་ལ་རིམ་མིན་དུ་བསྒོམ་སྟེ། ཡང་བྱམས་པ་དང་དགའ་བ། སྙིང་རྗེ་དང་བཏང་སྙོམས་སྤེལ་མར་བསྒོམས་ནས། བཏང་སྙོམས་ནས་སྙིང་རྗེ་སྒོམ་ཞིང་བྱམས་པ་བསྒོམ་པ་ཆུང་ངུ། བྱམས་པ་ནས་མར་ལོག་སྟེ་དགའ་བ་བསྒོམ་པ་འབྲིང་དང༌། བཏང་སྙོམས་ནས་བྱམས་པ་བསྒོམ་པ་ནི་ཆེན་པོ་སྟེ། ཐོད་རྒལ་དུ་ཡར་མཆོང་མར་མཆོང་ལ་བར་དུ་བཞག་ནས་བསྒོམ་པ་ཉིད། ཡུམ་བར་མ་ལས། རབ་འབྱོར། འདི་ལྟར་བྱམས་པ་བསྒོམ་མོ། །དགའ་བ་བསྒོམ་མོ།།སྙིང་རྗེ་ལ་མཉམ་པར་འཇོག་གོ །བཏང་སྙོམས་ལེན་ཏོ་ཞེས་པ་ལ་སོགས་པ་གསུངས་སོ། ། «དེ་ལྟར་བསྒོམས་པའི་ཡོན་ཏན་བཤད་པ་ནི།» དེ་ལ་དགོས་པ་ཅི་ཡོད་ན། ཚུལ། དེ་ཡིས་རྟོགས་པ་སོ་མར་བོགས་འབྱིན་ཞིང༌། །ཤིན་ཏུ་བརྟན་པས་ཆེས་བརྟན་ཉིད་དུ་འགྱུར། དེའང་ཚད་མེད་བཞིའི་སེམས་ཀྱི་ཁྱད་པར་སོ་མ་ཐོབ་པ་དང༌། མི་བརྟན་པ་བརྟན། བརྟན་པ་ཆེས་རབ་ཏུ་བརྟན་པ་ཉིད་དུ་འགྱུར་རོ། ། «སྤྱི་དོན་དགུ་བ་འབྲས་བུ་བཤད་པ་ལ་བཅུ་གཉིས་ལས༌། མངོན་མཐོ་ངེས་ལེགས་འགྲུབ་ཚུལ་བཤད་པ།» ད་ནི་ཚད་མེད་པ་བཞི་པོ་བསྒོམས་པའི་འབྲས་བུ་བསྟན་པ་ནི། ཚུལ་ཇི་སྐད་བཤད་པ། དེ་ལྟར་བསྒོམས་པའི་འབྲས་བུ་བཞི་དག་ལས། །རྣམ་སྨིན་མངོན་མཐོ་ངེས་ལེགས་གཉིས་འཐོབ་ལ། །འདོད་པར་ལྷ་མའི་ལུས་འགྲུབ་ཕན་བདེ་བྱེད། ། དེའང་མངོན་པར་མཐོ་བ་ལྷ་དང་མིའི་ལུས་འགྲུབ་ཅིང༌། ཚོགས་གཉིས་རྫོགས་པ་དང༌། སེམས་ཅན་ལ་ཕན་པ་དང༌། ཚད་མེད་པ་བཞི་དང་མི་འབྲལ་བ་དང༌། བག་མེད་པའམ་གཉིད་ལོག་པའི་སྐབས་སུའང་ཡོད་ཅིང༌། གནོད་པ་དྲག་པོས་ཀྱང་མི་འཕྲོགས་པ་ཉིད། མདོ་སྡེའི་རྒྱན་ལས། ཚངས་པའི་གནས་པས་གནས་པ་ཡི། །བློ་ལྡན་རྟག་ཏུ་འདོད་པར་སྐྱེ། །དེར་ནི་ཚོགས་རྣམས་རྫོགས་བྱེད་ ཅིང༌། །སེམས་ཅན་དག་ཀྱང་ཡོངས་སྨིན་བྱེད། །ཀུན་དུ་ཚངས་དང་མི་འབྲལ་བ། །དེ་ཡི་མི་མཐུན་ཕྱོགས་དང་བྲལ། །བག་མེད་གྱུར་ཀྱང་དེ་ཡི་རྐྱེན། །མི་བཟད་པས་ཀྱང་མི་འགྱུར་རོ། །ཞེས་སོ། །མཐར་ཐུག་གི་འབྲས་བུ་ནི་བྱང་ཆུབ་འགྲུབ་པ་སྟེ། དེ་ཉིད་ལས། འཚེ་སྤངས་བྱང་ཆུབ་མཆོག་གི་ས་བོན་ ནི། །བདེ་བ་བསྐྱེད་དང་གདུང་བྱེད་འདོད་པའི་རྒྱུ། །ངོ་བོ་ཉིད་སྨིན་ཆོས་ལ་བརྟེན་པ་ཡི། །རྒྱལ་སྲས་རྣམས་ལ་བྱང་ཆུབ་ཐག་མི་རིང༌། ཞེས་སོ། །དེའང་འཚེ་བ་སྤངས་པ་ནི་བྲལ་བའི་འབྲས་བུའོ། །ཐར་པའི་ས་བོན་བྱེད་པ་ནི་བདག་པོའི་དབང་གི་འབྲས་བུའོ། གཞན་བདེ་བ་བསྐྱེད་པའི་ཕྱིར་རང་ཉིད་དཀའ་སྤྱད་ཀྱི་གདུང་བ་བཟོད་པ་ནི་བྱེད་པའི་འབྲས་བུའོ། །ཚེ་འདིར་བཞི་པོ་དེ་བསྒོམས་པས་ཚེ་རབས་གཞན་ལའང་བཞི་པོ་དེ་སྨིན་ཅིང་གྲུབ་པ་སྟེ་རྒྱུ་མཐུན་པའི་འབྲས་བུའོ། །དེ་ལྟར་བུའི་ཚད་མེད་པ་བཞི་པོ་འདི་རྒྱལ་སྲས་རྣམས་ལ་རང་བཞིན་རྟགས་པར་སྐྱེ་བ་དང༌། གོམས་པ་ལས་སྐྱེ་བ་དང༌། ཡུལ་མཐོང་བ་ལས་སྐྱེ་བ་དང༌། མི་མཐུན་ཕྱོགས་ཉམས་པ་ལས་སྐྱེ་བར། དེ་ཉིད་ལས། སྙིང་རྗེའི་བདག་ཉིད་ཅན་གྱི་བརྩེ་བ་འདི། །རང་བཞིན་དང་ནི་སོ་སོར་བརྟགས་པ་དང༌། །དེ་སྔོན་གོམས་པར་བྱས་དང་ལྡན་པ་དང༌། །མི་མཐུན་ཕྱོགས་ཉམས་རྣམ་དག་ཐོབ་པ་བཞི། །ཞེས་སོ། ། «རྒྱུ་མཐུན་གྱི་ཕན་ཡོན་ནི།» རྒྱུ་མཐུན་གྱི་འབྲས་བུ་ལ་གཉིས་ལས། རྒྱུ་མཐུན་བྱེད་པས་དེ་ཉིད་བྱེད་པ་དང༌། །མྱོང་བས་མི་མཐུན་ཕྱོགས་བྲལ་བདེ་བ་འཐོབ། ། བྱེད་པ་རྒྱུ་མཐུན་པས་ཚད་མེད་བཞི་རྟག་ཏུ་སྒོམ་པར་སྐྱེ་ལ། མྱོང་བ་རྒྱུ་མཐུན་པས་གནོད་སེམས་དང༌། རྣམ་འཚེ་དང༌། མི་དགའ་བ་དང༌། ཆགས་སྡང་རྣམས་མེད་པར་སྐྱེའོ། ། «དབང་གི་ཕན་ཡོན་ནི།» བདག་པོའམ། དབང་གིས་ཡིད་འོང་བདེ་ཞིང་རབ་དགའི་ཡུལ། །འགྲོ་བ་མཐུན་ཅིང་འབྱོར་པས་བརྒྱན་པར་སྐྱེ། །བྱམས་པས་ཡུལ་ཡིད་དུ་འོང་བ་དང༌། སྙིང་རྗེས་བདེ་བ་དང༌། དགའ་བས་སྨན་དང་མེ་ཏོག་ལ་སོགས་པ་མང་ཞིང་སྐྱིད་ལ་འབྱོར་པ་དང༌། བཏང་སྙོམས་ཀྱིས་སྐྱེ་དགུ་མཐུན་ཞིང་གནོད་པ་མེད་པར་སྐྱེའོ། ། «བྱེད་པའི་ཕན་ཡོན་ནི།» སྐྱེས་བུ། བྱེད་པས་བཞི་པོ་ཆེས་ཆེར་རབ་འཕེལ་བས། ། རང་གཞན་དོན་གཉིས་འབྱོར་པ་ལྷུན་གྲུབ་འགྱུར། །ཚད་མེད་པ་བཞི་བསྒོམས་པ་ལས་ཡང་འཕེལ་བའི་བསོད་ནམས་ཀྱིས་བདེ་བ་དང་ལེགས་པ་འགྲུབ་པ་ཡིན་ནོ། ། «བྱམས་པའི་ཕན་ཡོན་ནི།» གཞན་ཡང༌། བྱམས་པས་ཞེ་སྡང་མེད་ཅིང་ལོངས་སྤྱོད་རྫོགས། །མེ་ལོང་ཡེ་ཤེས་རབ་ཏུ་ཐོབ་པར་འགྱུར། །ལོངས་སྤྱོད་རྫོགས་པའི་སྐུ་ནི་མཚན་དཔེས་བརྒྱན། །དེའང་བྱམས་པས་ཞེ་སྡང་གནས་གྱུར་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་གྱུར་ནས་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པ་ཡིན་ཏེ། པདྨ་རྩེ་མོ་ལས། བྱམས་པས་ཞེ་སྡང་གནས་སུ་དག །མེ་ལོང་ཡེ་ཤེས་ལོངས་སྤྱོད་རྫོགས། །ཞེས་སོ། ། «སྙིང་རྗེའི་ཕན་ཡོན་ནི།» ཡང་སྙིང་རྗེས་འདོད་ཆགས་མེད་ཅིང་ཆོས་ཀྱི་སྐུ། །སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱེད། །ཆོས་ཀྱི་སྐུ་ནི་སྟོབས་སོགས་མ་འདྲེས་ཆོས། །སྙིང་རྗེས་འདོད་ཆགས་དག་པ་སོ་སོར་རྟོག་པའི་ཡེ་ཤེས་དང་ཆོས་སྐུ་ཐོབ་པར། དེ་ཉིད་ལས། སྙིང་རྗེས་འདོད་ཆགས་གནས་སུ་དག །ཀུན་རྟོག་ཡེ་ཤེས་ཆོས་ཀྱི་སྐུ། །ཞེས་སོ། ། «དགའ་བའི་ཕན་ཡོན་ནི།» ཡང་དགའ་བས་ཕྲག་དོག་མེད་ཅིང་སྤྲུལ་པའི་སྐུ། །བྱ་གྲུབ་ཡེ་ཤེས་དམ་པ་ཐོབ་པར་འགྱུར། །སྤྲུལ་པའི་སྐུ་ནི་མ་ངེས་སྣ་ཚོགས་གཟུགས། །ལྷུན་གྱིས་གྲུབ་པའི་སྐུ་སྟེ་ཕྲིན་ལས་ཡིན། །དགའ་བ་ཚད་མེད་པས་ཕྲིན་ལས་ཕུན་སུམ་ཚོགས་པའི་རང་བཞིན་བྱ་བ་གྲུབ་པའི་ཡེ་ཤེས་ཐོབ་ཅིང༌། ཕྲག་དོག་དག་ནས་སྤྲུལ་པའི་སྐུ་མངོན་དུ་བྱེད་དེ། དེ་ཉིད་ལས། དགའ་བས་ཕྲག་དོག་གནས་སུ་དག །བྱ་གྲུབ་ཡེ་ཤེས་སྤྲུལ་པའི་སྐུ། །མཛད་པ་ལྷུན་གྲུབ་དམ་པའོ། །ཞེས་སོ། ། «བཏང་སྙོམས་ཀྱི་ཕན་ཡོན་ནི།» ཡང༌། བཏང་སྙོམས་ང་རྒྱལ་རྨོངས་མེད་ངོ་བོ་ཉིད། ། མཉམ་ཉིད་ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱེད། །ངོ་བོ་ཉིད་སྐུ་ཆོས་ཉིད་སྤྲོས་དང་བྲལ། །བཏང་སྙོམས་ཀྱིས་ང་རྒྱལ་དང་གཏི་མུག་གནས་སུ་དག་ནས་མཉམ་པ་ཉིད་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གྲུབ་སྟེ་ངོ་བོ་ཉིད་ཀྱི་སྐུ་མི་འགྱུར་བས་རྡོ་རྗེ་དང༌། མངོན་པར་བྱང་ཆུབ་པའི་སྐུ་མངོན་དུ་བྱེད་པར། དེ་ཉིད་ལས། བཏང་སྙོམས་བཏང་སྙོམས་ཆེན་པོ་ཡིས། །ང་རྒྱལ་གཏི་མུག་གནས་སུ་དག །མཉམ་ཉིད་ཆོས་དབྱིངས་ཡེ་ཤེས་བདག །བྱང་ཆུབ་རྡོ་རྗེའི་སྐུ་ཉིད་དོ། །ཞེས་སོ། ཚད་མེད་པའི་འདི་དག་གི་བྱེད་ལས་ཀྱང་བཞི་ལས། མ་ཆགས་པའི་རང་བཞིན་ནི། མདོ་སྡེའི་རྒྱན་ལས། སྙིང་རྗེས་ཟིན་པའི་བརྩེར་ལྡན་རྣམས། །ཞི་ལའང་ཡིད་ནི་མི་གནས་ན། །འཇིག་རྟེན་བདེ་དང་རང་སྲོག་ལ། །ཆགས་པར་འགྱུར་བ་སྨོས་ཅི་དགོས། །ཞེས་སོ། །རང་བདེ་མི་འདོད་པ་ནི། དེ་ཉིད་ལས། སྙིང་རྗེས་སྡུག་བསྔལ་དག་གིས་སྡུག་བསྔལ་བ། །བདེ་མ་བསྐྱེད་པར་གང་གིས་བདེ་བར་འགྱུར། །དེ་ཕྱིར་བརྩེ་དང་ལྡན་པས་གཞན་བདེ་བ། །བསྐྱེད་ནས་རང་ཉིད་བདེ་བར་བྱེད་པ་ཡིན། །ཞེས་སོ། །གཞན་བདེ་ཟིལ་གྱིས་གནོན་པ་ནི། དེ་ཉིད་ལས། བརྩེ་བས་བསྐྱེད་པའི་སྡུག་བསྔལ་འཇིག་རྟེན་གྱི། །བདེ་བ་ཐམས་ཅད་ཟིལ་གྱིས་གནོན་འགྱུར་ཞིང༌། །དོན་བྱས་རྣམས་ཀྱང་དེ་དང་མི་ལྡན་གང༌། །དེ་ལས་ངོ་མཚར་ཆེ་བ་ཅི་ཞིག་ཡོད། །ཅེས་པ་དང༌། སློབ་སྤྲིང་ལས། འགྲོ་བ་སྡུག་བསྔལ་མི་བཟད་མང་པོས་དབང་མེད་སྐྱབས་མེད་འདིར། །གཞན་གྱི་དོན་དུ་སྡུག་བསྔལ་གང་དེ་བདེ་ཞེས་སྐྱེས་མཆོག་གསུང༌། །སྐད་ཅིག་གཞན་བཀྲེས་སྐོམ་དང་ཚ་ངལ་ཕྲལ་བས་རང་བྱས་པ། །དེས་དགའ་གང་ཞིག་དེ་དང་འདྲ་བར་འདི་ཡང་གང་ཞིག་ཡོད། །གཞན་ཕན་བདེ་བ་བསྐྱེད་པར་བརྩོན་པས་དགའ་བ་རྙེད་པ་གང༌། །དེ་ནི་ཡུལ་བདེའི་ལོངས་སྤྱོད་ལྷུར་ལེན་རྣམས་ཀྱིས་ཇི་ལྟར་ཡང༌། །གཞོན་བདེས་མི་འཐོང་མི་དབང་འབྱོར་པའི་ཡོ་བྱད་རྣམས་ཀྱིས་མིན། །ཆུང་མས་མ་ཡིན་གཞན་མིན་ལྷ་གནས་ལྷ་མིན་འགྲོ་བར་མིན། །ཞེས་སོ། །འཁོར་བ་ལ་མི་སྐྱོ་བའི་བྱེད་ལས་ནི། སྔ་མ་ལས། སྙིང་རྗེ་བློ་མཆོག་འཁོར་བར་བཏགས་པ་ཡི། སྡུག་བསྔལ་བདག་ཉིད་ཀུན་དང་བདག་མེད་པའང༌། །རྣམ་པར་ཤེས་ནས་སྐྱོ་བར་མི་འགྱུར་ཞིང༌། །ཉེས་པས་རབ་གནོད་པར་ཡང་མི་འགྱུར་རོ། །ཞེས་སོ། །དེ་ལྟ་བུའི་དོན་དང་ལྡན་པའི་སྐྱེས་བུ་དམ་པ་དེའི་ཚད་མེད་པ་ནི་འཇིག་རྟེན་ལས་འདས་ཤིང་ཁ་ན་མ་ཐོ་བ་མེད་པ་ཡིན་ཏེ། དེ་ཉིད་ལས། ཆགས་པ་གང་དེ་ཁ་ན་མ་ཐོ་བ། །མེད་དང་འཇིག་རྟེན་འདས་པ་ཡོད་མ་ཡིན། །བློ་ལྡན་རྣམས་ཀྱི་བརྩེ་བས་བྱམས་པ་ནི། ཁ་ན་མ་ཐོ་མེད་ཅིང་འཇིག་རྟེན་འདས། །ཞེས་ཏེ། ཕ་མ་བུ་ཚ་ལ་བྱམས་པ་ཆགས་པ་ཡིན་ལ། སེམས་དཔའ་སེམས་ཅན་ལ་ཆགས་པ་དེ་ལྟ་བུ་མ་ཡིན་ཏེ་འཁོར་བ་ལས་སྒྲོལ་བའི་ཕྱིར་རོ་ཞེས་པའོ། ཁ་ན་མ་ཐོ་བ་མེད་པ་ནི། སྡུག་བསྔལ་བའི་སེམས་ཅན་འཁོར་བ་ལས་སྒྲོལ་བའི་ཕྱིར་ཏེ། དེ་ཉིད་ལས། སྡུག་བསྔལ་དབའ་རྒལ་ཆེ་དང་མི་ཤེས་པའི། །མུན་པ་ཆེ་ལ་བརྟེན་པར་གྱུར་པ་ཡི། །འཇིག་རྟེན་འདྲེན་པའི་ཐབས་གང་ཡིན་པ་དེ། །ཇི་ལྟར་ཁ་ན་མ་ཐོ་མེད་མི་འགྱུར། །ཞེས་སོ། །འཇིག་རྟེན་ལས་འདས་པ་ཡིན་ཏེ། ཉན་རང་ལའང་མེད་པའི་བྱམས་པ་ལ་སོགས་ཡིན་པའི་ཕྱིར་ཏེ། དེ་ཉིད་ལས། འཇིག་རྟེན་བྱང་ཆུབ་རང་སངས་རྒྱས་པ་ཡི། །དགྲ་བཅོམ་རྣམས་ལའང་བྱམས་པ་དེ་མེད་ན། །དེ་ལས་གཞན་ལ་སྨོས་ཀྱང་ཅི་དགོས་པ། །ཇི་ལྟར་འཇིག་རྟེན་འདས་པ་མ་ཡིན་འགྱུར། །ཞེས་སོ། །ཚད་མེད་བཞི་མ་བསྒོམས་ན་ཉེས་པ་དུ་མ་ཡོད་དེ། དེ་ཉིད་ལས། བྱང་ཆུབ་སེམས་དཔའ་གནོད་སེམས་དང༌། །རྣམ་འཚེ་མི་དགའ་གནོད་སེམས་དང༌། །འདོད་པའི་འདོད་ཆགས་དང་ལྡན་པས། ། ཉེས་པ་རྣམ་པ་མང་ལ་རེག །ཅེས་སོ། །དེའང་འདོད་པའི་སར་སྐྱེ་བ་ལ་འདོད་པའི་འདོད་ཆགས་ཟེར་ལ། གོང་མ་གཉིས་སུ་སྐྱེ་བ་ལ་སྲིད་པའི་འདོད་ཆགས་ཟེར་ཏེ། མཛོད་ལས། ཁམས་གཉིས་ལས་སྐྱེས་སྲིད་འདོད་ཆགས། །ཞེས་ སོ། །ཉོན་མོངས་པ་འཕེལ་བའི་ཉེས་པ་ནི་ཚད་མེད་དེ། སྔ་མ་ལས། ཉོན་མོངས་རྣམས་ནི་བདག་འཇོམས་སེམས་ཅན་འཇོམས་ཤིང་ཚུལ་ཁྲིམས་འཇོམས། །ཉམས་བཅས་རྙེད་པས་དམན་ཞིང་སྲུང་དང་དེ་བཞིན་སྟོན་པས་སྨད། །རྩོད་བཅས་མི་སྙན་དེ་ནི་གཞན་དུ་མི་ཁོམ་རྣམས་སུ་སྐྱེ། །ཐོབ་དང་མ་ཐོབ་ཉམས་པས་ཡིད་ལ་སྡུག་བསྔལ་ཆེན་པོ་འཐོབ། །ཅེས་སོ། །ཐོབ་པ་འདིའི་བདེ་བ་དང་མ་ཐོབ་པ་ཕྱི་མའི་བདེ་བ་ལས་ཉམས་པའོ། །ཚད་མེད་པ་བཞི་བསྒོམས་པའི་ཕན་ཡོན་ནི། དེ་ལྟར་བུའི་ཉེས་པ་མེད་པ་དང་སེམས་ཅན་གྱི་དོན་དུ་སྲིད་པ་འཛིན་ཡང༌། ཉོན་མོངས་པ་ཅན་གྱི་འཁོར་བ་མ་ཡིན་པས་སྡུག་བསྔལ་མི་འབྱུང་བ་སྟེ། དེ་ཉིད་ལས། ཉེས་པ་འདི་ཀུན་བྱམས་སོགས་ ལ། །ལེགས་པར་གནས་ལ་མི་འབྱུང་སྟེ། །ཉོན་མོངས་ཅན་མིན་སེམས་ཅན་གྱི། །དོན་དུ་འཁོར་བ་ཡོངས་མི་གཏོང༌། །ཞེས་སོ། ། «ཡོན་ཏན་ལ་བསྔགས་པ་ནི།» ཚུལ། དེ་ལྟར་བྱམས་སོགས་ཡོན་ཏན་མཐའ་ཡས་ ཤིང༌། །མཚུངས་བྲལ་ལྷ་མིའི་སྟོན་པས་རབ་བསྔགས་མཛད། །ཇི་སྐད་དུ། དཔལ་ཕྲེང་གི་མདོ་ལས། གང་གིས་ཚད་མེད་བཞི་བསྒོམས་པ། དེ་ནི་བདེ་གཤེགས་ཀུན་གྱིས་དགོངས། །ཀུན་དུ་ཡོན་ཏན་ཚད་མེད་དེ། །ནམ་མཁའི་ལམ་ལས་རབ་འདས་པའོ། །ཞེས་སོ། ། «ཚད་མེད་བཞི་རྒྱལ་བའི་གཤེགས་ཤུལ་དུ་བསྟན་པ་ནི།» ཚད་མེད་པ་བཞི་པོ། དེ་དག་མི་བདེན་ལམ་དེ་ཕྱིན་ཅི་ལོག །སྟོན་པ་གཞན་ལ་སྐྱབས་སོང་ལམ་ངན་ཡིན། །དེས་གཟུང་ལམ་ནི་ཐར་པ་དྲི་མ་མེད། །དུས་གསུམ་རྒྱལ་བ་སྔ་ཕྱིའི་གཤེགས་ཤུལ་ཡིན། ཇི་སྐད་དུ། སའི་སྟོད་འགྲེལ་ལས། ཚད་མེད་པ་འདི་བཞི་ནི་ཐར་པར་འགྲོ་བའི་ལམ་སྟེ། གཞན་དུ་ན་ལམ་ལོག་པའོ་ཞེས་བཤད་དོ། ། «དམ་པ་གཉིས་ཐོབ་ཚུལ་བསྟན་པ་ནི།» འདི་ལྟར། རྒྱུ་ཡི་ཐེག་པས་ས་བོན་མྱུ་གུ་ བཞིན། །ཐབས་ཤེས་སྐུ་གཉིས་བསྐྱེད་པར་འདོད་ན་ཡང༌། །འབྲས་བུའི་ཐེག་པས་སྐུ་ཡི་སྒྲིབ་པ་གཉིས། །སེལ་བྱེད་རྐྱེན་གྱི་རྣམ་པར་ཁས་ལེན་པས། ། ཐབས་ཉིད་སྙིང་རྗེ་ཚད་མེད་ལམ་ལ་བརྟེན། །དོན་ལ་གཅིག་སྟེ་སྟོང་ཉིད་སྙིང་རྗེ་ཅན། །རྒྱུ་འབྲས་གཉིས་ཀས་མཐུན་པར་ཉམས་སུ་ལེན། །འདི་ལྟར་མཚན་ཉིད་ཀྱི་ཐེག་པ་ཕལ་ཆེར་ལས། ཚོགས་གཉིས་སྐུ་གཉིས་ཀྱི་སྐྱེད་བྱེད་ཀྱི་རྒྱུར་ཁས་ལེན་ཏེ། རིགས་པ་དྲུག་ཅུ་པ་ལས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། ། བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ནི་ཐོབ་པར་ཤོག །ཅེས་པ་དང༌། གསང་སྔགས་ལས། སྐུ་ཡི་སྒྲིབ་པ་གཉིས་སེལ་བ་ལ་ཚོགས་གཉིས་ཐབས་དང་ཤེས་རབ་ཟབ་མོས་ཉམས་སུ་ལེན་པར་འདོད་པས་རྐྱེན་དུ་ཁས་ལེན་པ་གཉིས་ཀ་མཐུན་ཏེ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་བསྒྲུབ་པའི་ཕྱིར་རོ། ། « དེ་ལྟར་བསྒོམས་པའི་དོན་བསྡུ་བ་ནི།» འདི་ལྟར། གཞན་ཡང་ཐོག་མེད་དགེ་བ་ས་བོན་ཚུལ། །མ་བྱས་ཡེ་ནས་གནས་པར་མདོ་ལས་གསུངས། །དེ་དང་སྐུ་གསུམ་ཡེ་ལྡན་གློ་བུར་གྱི། །སྒྲིབ་པས་བསྒྲིབས་ཏེ་སེལ་འདོད་སྔགས་ཉིད་མཚུངས། ། མདོར་ན་མདོ་རྒྱུད་ལམ་རྣམས་གཅིག་ཉིད་དུ། །མཁས་གྲུབ་རྣམས་ཀྱིས་ཕྱི་ནང་བཤད་པ་མཛད། །དེ་ཕྱིར་རྒྱལ་སྲས་དམ་པའི་རྗེས་འགྲོ་ཞིང༌། །ཚད་མེད་རྣམ་པ་བཞི་ལ་འབད་པར་མཛོད། །འདི་ལྟར། བཀའ་ཐ་མ་ལས་ཁམས་རང་བཞིན་གྱིས་དག་པ་ཡོན་ཏན་ཡེ་ལྡན་དུ་ཡོད་ལ། ལམ་ཉམས་སུ་བླངས་དུས་ཡོན་ཏན་སྐྱེ་བ་ལྟར་སྣང་བར་ཁས་ལེན་པ་དང༌། སྔགས་ལས་རང་བཞིན་གྱི་དཀྱིལ་འཁོར་འགྲོ་བ་ཀུན་ལ་གནས་པར་འོག་ཏུ་འཆད་པ་གཉིས་ཁྱད་མེད་པས་གཞི་གཅིག་ལ། ལམ་ཡང་ཐབས་ཤེས་ཚོགས་གཉིས་སུ་གཅིག་ལ། འབྲས་བུ་ཡང་སྐུ་དང་ཡེ་ཤེས་སུ་གཅིག་པས་ན་སྔོན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་སོགས་པས་ཕྱི་ནང་དུ་བཤད་མཛད་པ་ཡིན་ནོ། །དེ་བས་ན་ཚད་མེད་པ་བཞི་བསྒོམ་པ་ལ་འབད་པར་མཛོད་ཅིག་ཅེས་པའོ། ། « སྤྱི་དོན་བཅུ་པ་སྐབས་ཀྱི་དགེ་བ་བསྔོ་བ་ནི།» ད་ནི་དགེ་བ་སེམས་ཅན་གྱི་དོན་དུ་བསྔོ་བ། དེ་ལྟར་ལེགས་གསུངས་ཞི་བའི་རང་བཞིན་གྱིས། །འགྲོ་ཀུན་སེམས་ཀྱི་རྙོག་པ་རབ་ཞི་ནས། །ལམ་གོལ་ལོག་དང་དམན་པར་ཞུགས་པ་ཡིས། །དུབ་པའི་སེམས་ཉིད་དེ་རིང་ངལ་སོས་ཤིག །ཅེས་སྨོས་ཏེ། ལེགས་པར་བཤད་པའི་ཆོས་ཚུལ་སྟོན་ཀའི་ཟླ་བ་དྲི་མ་མེད་པའི་འོད་ཟེར་གྱི་ཚོགས་ཤར་བའི་མཐུས། འགྲོ་བ་གང་དག་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་ལ་ཞུགས་པ་དང༌། གཞན་མུ་སྟེགས་བྱེད་ཀྱི་ལམ་ལ་ཞུགས་པ་དང༌། ཡོངས་སུ་མ་རྫོགས་པའི་ལམ་ལ་ཞུགས་པས་དུབ་པ་དང༌། གཞན་ཡང་སྲིད་པའི་ལམ་པོ་ཆེར་ཞུགས་པས་དུབ་པ་དག་གི་སེམས་ཀྱི་ཉོན་མོངས་པའི་རྙོག་པ་རབ་ཏུ་ཞི་ནས། ཐར་པའི་ནགས་ཚལ་རྨད་དུ་བྱུང་བར། ཡོན་ཏན་གྱི་རྫིང་བུ་མེ་ཏོག་གི་ཚལ་བཀྲ་བས་ཁེབས་པར་ངལ་གསོ་བར་ཤོག་ཅིག་ཅེས་པའོ། །སྟོན་ཟླ་གང་བས་ནམ་མཁའ་བརྒྱན་པ་བཞིན། །ཆ་ཤས་རྫོགས་པས་གསལ་བའི་དཀྱིལ་འཁོར་ ཅན། །དད་བརྒྱའི་ཀུན་མུ་ད་རྣམས་ཁ་འབྱེད་པ། །དེ་ཡིས་འགྲོ་ཀུན་རབ་ཏུ་སྣང་བྱེད་ཤོག །སེམས་གཙང་ལྷུན་པོ་ཕན་བདེའི་རོལ་མཚོས་བསྐོར། །ཚད་མེད་བཞི་ལྡན་ལོགས་བཞི་གླིང་བཞིའི་རྒྱན། །དགེ་ཚོགས་མུ་ཁྱུད་ཀྱིས་མཛེས་འཇིག་རྟེན་གྱིས། །མ་ལུས་འགྲོ་ཀུན་ཉེར་འཚོའི་གཞིར་གྱུར་པ། །ས་གསུམ་རོལ་པའི་ཆུ་འཛིན་ཞི་བའི་ནང༌། །རྨད་བྱུང་དགེ་ཚོགས་ཆར་འབབ་གློག་འགྱུ་ཞིང༌། །ཚད་མེད་རྣམ་བཞིའི་འབྲུག་སྒྲ་སྙན་བསྒྲགས་པས། །ཕྱི་མའི་མུ་མཐར་ཕན་བདེ་བྱེད་པར་ཤོག །རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། །ཚད་མེད་པ་བཞིའི་ལེའུ་སྟེ་བདུན་པའི་འགྲེལ་པའོ།། །།«མེས་པོའི་ཤུལ་བཞག་ལས། ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ། ༼༢༠༽རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་འགྲེལ་པ་ཤིང་རྟ་ཆེན་པོ། སྟོད་ཆ།«- PAGE 420-- PAGE 421-