Klong chen rab byams gsung 'bum/volume 006 146

From Rangjung Yeshe Wiki Texts
Jump to navigationJump to search


༄༅། །མཁའ་འགྲོའི་གཏུམ་མོ་ཁྱད་པར་ཅན་བཞུགས་སོ༔ EMBED Photoshop.Image.7 \s རིགས་ཀྱི་མཁའ་འགྲོ་ལྔ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྱི་མའི་སྐལ་ལྡན་རིགས་ཀྱི་བུ༔ བདེ་བ་ལམ་དུ་འཁྱེར་བ་ལ༔ མཁའ་འགྲོ་ལྔ་ཡི་གཏུམ་མོ་བསྟན༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལ་དང་པོ་ལས་དང་ལྡན་པའི་བུས༔ ཕྱི་ནང་གི་བྱ་བ་ཐམས་ཅད་སྤངས་ལ༔ གནས་དབེན་པར་«དགོས་པའི་ཡོ་བྱད་བསགས་ལ་»སྟན་བདེ་བ་ལ་འདུག་སྟེ༔ བྱང་ཆུབ་«གཞན་དོན་»ཏུ་སེམས་བསྐྱེད་ལ༔ རང་ལུས་རྡོ་རྗེ་ཕག་མོར་བསྐྱེད༔ ལུས་གནད་«ཐ་མལ་ཤེས་པ་ཟློག་ཕྱིར་»ཙོག་པུར་འདུག་ལ༔ རྐང་པ་གཉིས་བསྣོལ༔ «ལག་པ་»མཉམ་བཞག་ལྟེ་བའི་འོག་ཏུ«་»བཅའ་«སོར་བཞིར་དེས་བདེ་བ་སྐྱེ»༔ རྒལ་ཚིགས་དྲང་པོར་བསྲངས་«དེས་རླུང་གནས་སུ་ཚུད»༔ མགྲིན་པ་དགུག་«མི་རྟོག་པ་སྐྱེ»༔ དཔུང་པ་ཕྱིར་བརྒྱངས་«དེས་རླུང་གནད་དུ་ཚུད་»༔ ལུས་སེམས་བསྒྲིམ་«ལུས་དྲོད་སྐྱེ»༔ མིག་སྣ་རྩེ་ལ་དབབ་«རྟོག་པ་མི་འཕྲོ»༔ བསྒོམ་ཐག་གིས་བསྡམ་དེས་«ཤེས་པ་གསལ་ལུས་མི་འཕྱུགས་»༔ རྩེ་མོར་«རྩའི་གནད་ནི་»རྩ་འདབ་སུམ་བརྒྱ་དྲུག་ཅུ༔ རོའི་གནས་ན་བཅུ་དྲུག༔ དྲན་པ་ན་སུམ་ཅུ་རྩ་གཉིས༔ སྐྱེད་བྱེད་ན་དྲུག་ཅུ་རྩ་བཞི༔ བདེ་བ་«གསང་གནས་»ན་ཉི་ཤུ་རྩ་བརྒྱད༔ དེ་རྣམས་འཁོར་ལོ་«དཀར་ཧྲབ་སེ་བ་»བཞིན་དུ་བསྒོམ༔ དེའི་དབུས་ན་ཡར་ཀུན་དྷར་མ་སྲོག་ཤིང་ལྟར༔ རྩེ་མོ་སྤྱི་བོའི་རྩ་མདུད་ལ་ཟུག་པ༔ རྩ་བ་གསང་བའི་ནོར་བུ་ལ་ཟུག་པའོ༔ རོ་མ་«གཡས་»དང་རྐྱང་མ་«གཡོན་»གཉིས་འཁོར་ལོ་ལྔ་ལ་འཁྱུད་ནས་ཀླད་པའི་སྟེང་ན་ཚུར་བྱུང་སྟེ༔ སྨིན་མཚམས་ན་མར་བྱུང་ནས༔ སྣ་བུག་གཉིས་ཀྱི་ནང་དུ་ཚུད་པར་བསམ་མོ༔ རྩ་དེ་གཉིས་ཀྱི་མར་སྣ་ལྟེ་འོག་སོར་བཞི་རུ༔ ཀུན་དྷར་མའི་ནང་དུ་ཚུད་པར་«རྡོ་རྗེའི་རྩ་བར་»བསམ་མོ༔ རྩ་གསུམ་པོ་དེ་སྦོམ་ཕྲ་མདའ་སྙུག་ཙམ་ལ་«ནང་སྟོང་པ»༔ ཁ་དོག་«རྒྱ་སྐག་ལྟར་»དམར་ཤད་ཀྱི་ཡོད་པར་«མི་བསྒོམ་ན་སོ་སོར་གནས་»བསྒོམ་མོ༔ སྟོང་ར་དང་ཁྲོལ་མ་སྔོན་དུབསྒོམ་«དེས་རྩ་ལམ་སེལ་»༔ དེ་ནས་ལུས་གནད་«སྔར་ལྟར་»བཅས་ལ༔ རླུང་རོ་དྲག་པོ་ལན་གསུམ་ཕྱིར་ཕུལ་«དེ་མ་བྱས་ན་ནད་དུ་འགྲོའོ»༔ དེ་ནས་སྣ་བུག་གཉིས་ནས་རླུང་འཇམ་ལ་རིང་པ་ནང་དུ་དྲངས་«རྔུབ་དྲག་ན་རྩ་བྱེར་ནས་འགྲོ»༔ དེ་རྩ་གཉིས་ན་མར་རྒྱུ་མ་ཕུས་བཏབ་པ་ལྟར་སོང་བས་གསང་གནས་སུ་དབུ་མའི་ནང་དུ་སོང་བར་བསྒོམ༔ སྟེང་འོག་གི་རླུང་བསྡམ་«དེས་རླུང་རང་གནད་དུ་ཚུད»༔ གསང་བའི་རྩ་མདུད་དུ་ཨཿདམར་པོ་«རེག་བྱ་ཚ་བ་ཟང་ཁབ་ལྟ་བུ་»ཞིག་བསྒོམ༔ དེ་ལ་རླུང་གིས་བུས་པས་དམར་ལམ་གྱིས་བྱུང་སྟེ་མེ་རེག་བྱ་ཚ་བ་མར་མེ་ལྟ་བུ་བྱུང་སྟེ་ལྟེ་བའི་རྩ་མདུད་ནས་པདྨ་ཌཱཀྐི་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཧཾ་དཀར་པོ་མགོ་ཐུར་དུ་བསྟན་པ་ལ་ཕོག་པས༔ མེའི་དྲོད་ཀྱིས་ཧཾ་ཞུ༔ དེས་ཡབ་ཡུམ་བདེ་བ་སྐྱེས་ཏེ་སྦྱོར་བ་བྱས་པས༔ བྱང་སེམས་མར་ཁུ་ཞུ་བ་ལྟར་འཐིགས་ནས་བྱང་སེམས་མེའི་རྣམ་པས་གསང་བའི་རྩ་མདུད་གང་བར་བསྒོམ༔ རླུང་ཐུབ་ཐང་དུ་མནན༔ མ་ཐུབ་ན་ཅུང་ཞིག་རྔུབ་ལ་མནན༔ དེས་ཀྱང་མ་ཐུབ་ན་ཕྱེད་ཙམ་བཏང་ལ་ལྷག་མ་བསྡམ་མོ༔ དེ་ནས་མ་ཐུབ་བཏང་བའི་དུས་སུ་སྣ་བུག་གཉིས་ན་ཕར་ལ་«དལ་བར་»བཏང་ཞིང་༔ དམིགས་པ་ནི་«ཚ་གྲང་གི་དམིགས་པ་རིག་པས་ཤེས་སོ། །རླུང་»ཀུན་དྷར་མའི་ནང་ན་ཡར་ཞུགས་ཏེ༔ སྤྱི་བོ་ཚངས་པའི་བུ་ག་ན་ཡར་སྔོ་སངས་ཀྱིས་སོང་བར་བསམ་མོ༔ དེ་ལྟར་ནུས་ཚད་བསྒོམས་པས་གསང་གནས་སུ་དྲོད་དང་བདེ་བ་འབར་བས༔ དངས་མ་འཆོར་བར་འདུག་ན་ལྟེ་བ་ནས་གཏུམ་མོ་སྦར་ལ་སྙིང་ཁར་བསྒོམ༔ དེ་ནས་ལྟེ་བར་བདེ་དྲོད་སྐྱེས་པ་དང་༔ སྙིང་ཁ་ནས་མགྲིན་པར་སྦར་ལ་བསྒོམ༔ དེ་ནས་སྙིང་ཁར་བདེ་དྲོད་སྐྱེས་པ་དང་༔ མགྲིན་པ་ནས་སྤྱི་བོར་སྦར་ལ་བསྒོམ༔ དེ་ལྟར་བསྒོམས་པས་རྩ་ཁ་བྱེ༔ རྩ་ཁ་བྱེ་བས་དངས་མ་རྒྱས༔ དངས་མས་བདེ་བ་རྒྱས་ཏེ་ལུས་ལ་བདེ་བ་མེ་ལྟར་འབར༔ ཐིག་ལེ་ཆུ་ལྟར་འབྲུབ་ནས་འོང་༔ དེས་བདེ་སྟོང་གི་ཡེ་ཤེས་རྟོགས་པར་འགྱུར་བ་དང་༔ ཐུན་མོང་གི་ཐིག་ལེའི་ཡོན་ཏན་དཔག་ཏུ་མེད་པ་འབྱུང་ངོ་༔ གཏུམ་མོ་དང་ཕྱག་རྒྱ་མ་སྤེལ་ཞིང་བསྒོམས་ན་«ཚེ་གཅིག་གིས་«ལྷག་མེད་»རིག་འཛིན་གྱི་ས་ལ་འཁོད་པར་འགྱུར་རོ༔ བདག་འདྲ་པདྨ་འབྱུང་གནས་ངས༔ མཁའ་འགྲོའི་གཏུམ་མོ་ཁྱད་འཕགས་འདི༔ ཕྱི་རབས་རྣལ་འབྱོར་དོན་དུ་བཀོད༔ ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཌཱཀྐི་གཏུམ་མོའི་གསང་ཁྲིད་རྫོགས་སོ༔ དགེའོ༔ «མེས་པོའི་ཤུལ་བཞག་ལས། ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ། ༼༦༽མཁའ་འགྲོའི་གཏུམ་མོ་ཁྱད་པར་ཅན།»- PAGE 2 -- PAGE 3 -- PAGE 1 -