སྡོམ་པ་གསུམ་གྱི་རྒྱན་ཅེས་བྱ་བའི་རྒྱ་ཆེར་འགྲེལ་ལས་ལེའུ་དང་པོ་བཞུགས།

From Rangjung Yeshe Wiki Texts
Jump to navigation Jump to search
{{{1}}}

༄༅། །སྡོམ་པ་གསུམ་གྱི་རྒྱན་ཅེས་བྱ་བའི་རྒྱ་ཆེར་འགྲེལ་ལས་ལེའུ་དང་པོ་བཞུགས། །[1]

༄༅། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གཞན་ལ་ཕན་པའི་རྗེས་སུ་སོང་བ་རྫུ་འཕྲུལ་ཤིན་ཏུ་རྨད་བྱུང་སྐུ། །ཅིག་ཅར་རྣམ་པ་མང་སྟོན་ཆུ་ཀླུང་དག་ཏུ་རི་བོང་ཅན་མཚུངས་པའི། །འཇམ་མགོན་རྡོ་རྗེའི་སློབ་དཔོན་གཟུགས་བཟུང་ཞབས་མཐིལ་དམར་བའི་འདབ་བརྒྱ་གང་། །བདག་གི་སྤྱི་བོ་པདྨ་ཅན་གྱི་དགའ་སྟོན་སླད་དུ་རྟག་པར་རོལ་བར་མཛོད། །རྒྱལ་བ་ཀུན་གྱི་བསྟན་པའི་ཉིང་ཁུ་གང་། །ལྐོག་མར་དབུགས་ཕྱིན་འདྲ་ལས་སྲོག་རྙེད་པ། །མཛད་པའི་སྐལ་བཟང་བདུད་རྩིའི་བཅུད་ལེན་མཁན། །དཀར་བརྒྱུད་བླ་མས་དེང་འདིར་ཤིས་པར་མཛོད། །ལ་ལ་འཁོར་བའི་ཆུ་གཏེར་སྡུག་བསྔལ་འཛིན་ཁྲིས་དཀྲུགས་ལ་སོ་སོ་ཐར་པའི་ཚུལ་ཁྲིམས་རྫིང་ཞུགས་ཏིང་འཛིན་བ་དན་ཤེས་རབ་རླུང་དང་སྦྱར་ཏེ་རྣམ་གྲོལ་རིན་ཆེན་གླིང་དུ་ཕྱིན་པས་ངལ་བསོར་མཛད་པ་དང་། །ལ་ལ་སྨོན་འཇུག་འཁོར་ལོའི་ལམ་དུ་སྤོང་སེམས་ཤིང་རྟ་ཉེ་བར་སྦྱར་ཏེ་ཕ་རོལ་ཕྱིན་བཅུའི་ལམ་དུ་ཞུགས་ནས་གཞན་དོན་ཨ་མྲའི་ཚལ་དུ་སོན་པས་སྐལ་བཟང་ཁུ་བྱུག་མངོན་པར་སིམ་པའི་མགྲིན་སྙན་སྒྲོག །ལ་ལ་རང་སེམས་ཡིད་བཞིན་ནོར་བུ་རྟོག་པའི་འདམ་དུ་བྱིང་བ་བཏོན་ཏེ་སྨིན་བྱེད་དབང་གིས་བྱི་དོར་བྱས་ནས་དམ་ཚིག་རྒྱལ་མཚན་རྩེ་མོར་འཕྱར་ཞིང་རིམ་གཉིས་མཆོད་པས་དངོས་གྲུབ་འདོད་དགུའི་ཆར་ཐོབ་སོགས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་གང་དང་ལྡན་པའི་བརྒྱད་ཁྲི་བཞི་སྟོང་སྤྱོད་པའི་གཉེན་པོར་ཆོས་ཀྱི་འཁོར་ལོ་རྣམ་པ་ཐམས་ཅད་བསྐོར་བར་མཛད་པ་ཤཱཀྱ་སེང་གེའི་ཞབས་ཀྱི་པདྨོར་གཏུགས་ཏེ་ཕྱག་འཚལ་ལོ། །ཕན་བདེའི་ག་བུར་ཀུན་དགའ་འཐུལ་བའི་ཕྱེ་མས་ཡོངས་བགོས་མངོན་མཐོ་ངེས་ལེགས་སྦྲང་རྩིའི་དོག་པས་འཁྱུད་གྱུར་པ། །མཆོག་ཏུ་བཀྲ་ཤིས་དྲི་ལེན་འཇིག་རྟེན་གསུམ་པོ་ཁྱབ་པར་འགེངས་པའི་ཐུབ་བསྟན་མེ་ཏོག་མཚར་དུ་རྒོད་པ་གང་། །འདུལ་བའི་གཞུང་ལུགས་རླན་གྱིས་བྲན་ན་ནམ་ཡང་ཉམས་པ་མེད་མཐོང་དེ་ཕྱིར་སྡོམ་གསུམ་རྒྱན་ཚིག་ཆུ་ཀླུང་ཀུན། །ཅི་ཡང་སྤེལ་བའི་རྒྱས་འགྲེལ་སྤྲིན་འཕྲེང་ཟབ་དང་རྒྱ་ཆེའི་ཆུ་རིས་འཁྲུག་པ་བདག་བློ་ཀུན་གསལ་ཉིད་ཀྱིས་བརྩམས། །དྲི་མེད་རྣམ་དཔྱོད་གསལ་བའི་མེ་ལོང་དུ། །ཟབ་རྒྱས་ཆོས་ཀྱི་ངང་ཚུལ་ཀུན་མཐོང་བས། །འཆད་དང་རྩོད་དང་རྩོམ་པ་ཅི་ལ་ཡང་། །ངག་གི་དབང་ཕྱུག་ཐོབ་དེ་འདི་སྐད་ལོ། །ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། རིག་སྔགས་འཆང་གི་འདུལ་བའི་གཞུང་རྒྱ་མཚོ་ལྟ་བུར་ཟབ་ཅིང་རྒྱ་ཆེ་བའི་ལུང་ཀུན་ལས་སྙིང་པོ་བཏུས་པ་དང་། སོ་ཐར་སྡོམ་པ་དང་། བྱང་སྡོམ་དང་། རིག་པ་འཛིན་པའི་སྡོམ་པ་གསུམ་ལུས། བསླབ་པར་བྱ་བ་དང་། བསླབ་པ་ཡོངས་སུ་སྦྱོང་བའི་ཚུལ་ནི་དེ་ལེགས་པར་བྱེད་པའི་རྒྱན་ཡིན་ལ། ལུས་དང་རྒྱན་དེ་དག་འདིར་བརྗོད་བྱར་བྱས་པའི་ཕྱིར། རྗོད་པར་བྱེད་པའི་ཚོགས་པ་ལ་ཡང་། འདུལ་བ་ཀུན་ལས་བཏུས་པ་སྡོམ་པ་གསུམ་གྱི་རྒྱན་ཅེས་རྣམ་པར་བཞག་སྟེ། འདི་འཆད་པ་ལ། བཤད་པ་ལ་འཇུག་པའི་ཡན་ལག བཤད་བྱ་བསྟན་བཅོས་ཀྱི་རང་བཞིན། བཤད་པ་མཐར་ཕྱིན་པའི་བྱ་བ་དང་གསུམ་ལས། དང་པོ་ནི། རྒྱལ་བ་ཐམས་ཅད་ཀྱི་མཁྱེན་པའི་སྤྱི་གཟུགས་སུ་གྱུར་པ་དང་། ཐུགས་རྗེ་ཆེན་པོས་ཐུགས་རྗེར་མཛད་པ་དང་། ལྷུན་གྱིས་གྲུབ་པ་དང་། རྒྱུན་མི་ཆད་པའི་འཕྲིན་ལས་མངའ་བ་བཅོམ་ལྡན་འདས་འཇམ་པའི་དབྱངས་ཉིད་བདག་ཅག་ཐམས་ཅད་ཀྱི་སྙིང་གི་མུན་པ་ལྷག་མ་མེད་པར་འཇོམས་པར་མཛད་པའི་གཤེད་མ་ཉིད་དུ་མཐོང་ཞིང་། བདག་ཅག་གིས་གང་ཅུང་ཟད་ཤེས་པ་ཐམས་ཅད་དེ་ཉིད་ཀྱི་མཐུར་རིག་པས། དང་པོར་ཕྱག་འཚལ་བ་འདི་བརྩམ་སྟེ། རྒྱལ་དབང་མཁྱེན་པའི་ཆུ་གཏེར་གྱིས་སྤྲོས་པའི། །སྙིང་རྗེའི་ནམ་མཁར་ཀུན་ཏུ་བཟང་པོའི་འོད། །ཀུན་ཏུ་འཕྲོ་བའི་ཉི་མ་འཇམ་པའི་དབྱངས། །སྙིང་གི་མུན་པའི་གཤེད་མ་དེར་ཕྱག་འཚལ། །དེ་ཡང་རིགས་པ་ཉིད་དེ། བཅོམ་ལྡན་འདས་ཀྱིས། རྒན་པ་དང་ནི་གཞོན་པའང་རུང་། །གང་ལ་ཆོས་ནི་རྣམ་ཤེས་པ། །དེ་ལ་གུས་པར་ཕྱག་བྱ་སྟེ། །ཟླ་བ་ཚེས་ལ་ཇི་བཞིན་ནོ། །ཞེས་སོ། །ཡང་ན་རྒྱལ་བའི་དབང་པོ་རྣམས་ཀྱི་མཁྱེན་པ་ནི། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་མཁྱེན་པ་སྟེ། དེ་ལྟ་བུའི་ཡེ་ཤེས་ལ་བརྟེན་ནས་འཕོ་བ་བཅུ་གཉིས་བཅོམ་པས་སྲིད་པ་དང་བྲལ་བའི་བདེན་དོན་རྣམ་པ་བཅུ་གཉིས་པའི་ས་མངོན་དུ་བྱས་པ་དང་། སྙིང་རྗེ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་རྫོགས་པ་སྟེ། དེས་ཞི་བ་ལ་མི་གནས་པ་དེ་ཉིད་བཅུ་དྲུག་རིག་པའི་ས་ལ་གནས་པ་ལྷན་ཅིག་སྐྱེས་པའི་སྐུའམ་ཆོས་ཀྱི་སྐུ། བརྟན་གཡོ་ཐམས་ཅད་པའི་ཁྱབ་བདག་ཏུ་གྱུར་པའི་ཀུན་ཏུ་བཟང་པོ་འམ། སེམས་ཀྱི་རྡོ་རྗེ་ཞེས་བྱ་བའི་དཔལ་ལྡན་བླ་མ་དམ་པ་དེ་ལས་ཀུན་ཏུ་འཕྲོ་བ་སྣ་ཚོགས་གཟུགས་བརྙན་སྤྲུལ་སྐུ་དང་། ཐམས་ཅད་པའི་སྐད་ཀྱིས་ཆོས་ཀྱི་ཕུང་པོ་མ་ལུས་པ་སྟོན་པར་མཛད་པ་སྒྲ་བརྙན་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་འཇམ་པའི་དབྱངས་ཏེ། འཇམ་དབྱངས་ཆེན་པོ་སྒྲ་ཆེ་བ། །ཞེས་གསུངས་པའི་དབང་གིས་སོ། །དེ་བས་ན། གཏི་མུག་གི་མུན་པ་མེད་པར་མཛད་པ་དེ་ཁོ་ན་ལ་རག་ལས་པའི་ཕྱིར་དུའོ། །སྟོན་པ་བསྟན་དང་དེ་འཛིན་ཐམས་ཅད་ཀྱང་། །སྐྱོན་མེད་ཡོན་ཏན་མངའ་བ་འབའ་ཞིག་གིས། །འཇིག་རྟེན་གསུམ་གྱིས་མཆོད་འོས་ཉིད་གྱུར་པ། །ཟས་གཙང་སྲས་ཀྱི་རིང་ལུགས་དེ་ལ་འདུད། །ཤཱཀྱ་རྣམས་ཀྱི་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་བརྒྱུད་དུ་འཁྲུངས་ཤིང་། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་རྩྭ་བཞིན་དུ་དོར་ནས་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ཉིད་སྟོན་པ། ལུང་སྡེ་སྣོད་གསུམ་དང་། མངོན་རྟོགས་བསླབ་པ་གསུམ་ནི་དེའི་ཆོས་སམ་བསྟན་པ། དེའི་ཕྱིར་རབ་ཏུ་བྱུང་བ། ཀློག་པ་ཐོས་བསམ་པ་དང་། སྤོང་བ་བསམ་གཏན་པ་དག་ནི་དེའི་བསྟན་པ་འཛིན་པར་བྱེད་པ་སྟེ། ཐམས་ཅད་ཀྱང་ཁ་ན་མ་ཐོ་བའི་སྐྱོན་གྱིས་སྨད་དུ་མེད་ཅིང་། བདུད་ཀྱིས་མི་བརྫི་བའི་ཡོན་ཏན་གྱི་མཐུ་ཆེན་པོ་མངའ་བ་ཁོ་ནས་ས་འོག་དང་། ས་དང་། ས་བླ་བའི་འཇིག་རྟེན་གསུམ་དབང་པོར་བཅས་པ་ཐམས་ཅད་ཀྱིས་མཆོད་པའི་འོས། བསྐྱབ་པའི་གནས་ཉིད་དུ་གྱུར་པས། ཐུབ་པ་ཟས་གཙང་སྲས་ཀྱི་རིང་ལུགས་འདི་འབའ་ཞིག་ཕྱག་གི་ཡུལ་ཡིན་གྱི། གཞན་ནི་མ་ཡིན་ནོ། །ཞེས་ཤེས་པས་ཏེ། སློབ་དཔོན་མཐོ་བཙུན་གྲུབ་རྗེས་ཀྱང་། བདག་ནི་སྟོན་པ་གཞན་སྤངས་ནས། །བཅོམ་ལྡན་ཁྱོད་ལ་སྐྱབས་མཆིས་པ། །དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །གང་ཕྱིར་འཇིག་རྟེན་སྐྱོན་ལ་དགའ། །ཡོན་ཏན་འཛིན་ལ་ཞན་པས་ན། །སྐྱོན་ཡང་ཡོན་ཏན་ལྟར་མཐོང་ནས། །གཞན་ལ་སྐྱབས་སུ་མཆིས་པར་གྱུར། །ཅེས་གསུངས་པས་སོ། །ཐུབ་པ་དེ་ཡི་གཞུང་གི་ཆུ་གཏེར་དུ། །བསླབ་གཞིའི་རིན་ཆེན་ཅི་ཡང་བསྐྲུན་པ་རྣམས། །མཁས་གྲུབ་ཀླུ་དབང་བྱེ་བས་ཡོངས་བཟུང་བ། །རིས་མེད་འགྲོ་ལ་བགོ་བཤར་བདག་གིས་བྱ། །ཐུབ་པ་དེ་ཉིད་ཀྱི་གཞུང་ལུང་སྡེ་བཞི་དང་། ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་སྡེ་དང་། རིག་པ་འཛིན་པའི་སྡེ་སྣོད་རྣམས་སུ་བསླབ་པར་བྱ་བའི་གཞིའི་ཚུལ་ཁྲིམས་ཅི་ཡང་གསུངས་པ། མཁས་པ་དང་གྲུབ་པའི་དབང་པོ་བྱེ་བ་སྙེད་ཀྱིས་ལེགས་པར་བཟུང་མོད། འོན་ཀྱང་གཞུང་རྒྱས་པ་ཉན་པའི་འཇིག་པས་ཐམས་ཅད་ཀྱིས་སྤྱོད་པའི་ཡུལ་དུ་མ་གྱུར་པས། བདག་གིས་འདིར་ཚིག་དང་ཡི་གེ་ཕྲི་ནས་དོན་དང་ངེས་པ་རྒྱས་པར་བཤད་པ་འདི་བརྩམས་པས་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་ཤས་ཐོབ་པར་བྱའོ། །དེ་ཐོབ་པས་དགོས་པ་ཅི་ཞིག་ཡོད་སྙམ་ན། ཚུལ་ཁྲིམས་ལ་བརྟེན་ནས་ཡེ་ཤེས་སྐྱེ་ལ། དེས་ཉོན་མོངས་པ་རྣམས་སྤོང་བར་འགྱུར་ཞིང་། དེ་ལས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བས་སོ། །དེ་ལ་དགོངས་ནས་སློབ་དཔོན་ཡོན་ཏན་འོད་ཀྱིས་ཀྱང་། འདིར་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་ཞེས་དང་པོར་སྦྱར་བ་ཡིན་ནོ།། །། གཉིས་པ་ལ། སྡོམ་པ་གསུམ་གྱི་ལུས་མདོར་བསྟན། རྒྱན་དབྱེ་བའི་སྒོ་ནས་ཡན་ལག་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། སོ་སོ་ཐར་དང་། པྲ་ཏི་སོ་སོ་དང་། མོཀྵ་ཐར་པ་ཞེས་པའི་ཐར་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། སོ་སོ་བ་དེའི་རྒྱུ་དགེ་སློང་གི་སྡོམ་པ་ལ་སོགས་པ་སྟེ། དེ་གཙོ་བོར་བསྟན་པ་ཡིན་པས་མི་ཟད་པའི་བསྡུ་བའམ་གྲངས་མེད་པའི་བསྡུ་བ་བྱས་པས། པྲ་ཏི་མོཀྵ་སོ་སོ་ཐར་པ་སྟེ་ཐེག་དམན་གྱི་ཉམས་ལེན་གཙོ་བོར་གྱུར་པ་ཡིན་ལ། སྡོམ་པ་དང་བར་མའི་ཚུལ་ཁྲིམས་ཀྱིས་བསྡུས་པའོ། །དེ་བཞིན་སེམས་བསྐྱེད་དང་། གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་བློ་ནི་ཀུན་རྫོབ་སེམས་བསྐྱེད་ཡིན་ལ། དེ་ཉིད་སྤོང་བའི་སེམས་པས་ཟིན་པ་བྱང་སྡོམ་དུ་བཞག་པ་སྟེ། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཉམས་ལེན་གཙོ་བོར་གྱུར་པ་ཡིན་ལ། སྨོན་པ་དང་འཇུག་པས་བསྡུས་པའོ། །རིག་པ་འཛིན་པ། རིག་པ་ནི་ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་ཡེ་ཤེས་ཡིན་ལ། འཛིན་པ་ནི་དེ་ལ་གནས་པ་སྟེ། དེས་སྒོ་གསུམ་བསྡམས་པས་ན་སྡོམ་པ་སྟེ། རིག་པ་འཛིན་པའི་སྡོམ་པ་ཞེས་བྱ་བ། འབྲས་བུ་རྡོ་རྗེ་ཐེག་པའི་ཉམས་ལེན་གཙོ་བོར་གྱུར་པ་ཡིན་ལ། དོན་དམ་པའི་བྱང་ཆུབ་སེམས་ཀྱི་བསྡུས་པའོ། །ཚུལ་འདི་ལས་ཀྱང་འབྲས་བུ་ལམ་དུ་བྱེད་པ་ཞེས་པའི་གནད་གོ་བར་འགྱུར་རོ། །དོན་དམ་པ་དེ་ཡང་། རྒྱུད་སྡེའི་དབང་གིས་དུ་མར་གྱུར་ཀྱང་ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་མིང་ཙམ་རྣམ་པར་གཞག་པ་ནི་མཐུན་པ་ཡིན་ནོ། །ཞེས་བྱའི་སྡོམ་པ་གསུམ། རིམ་པ་བཞིན་དུ་ཉན་ཐོས་བྱང་སེམས་དང་། །དེ་བཞིན་གཤེགས་པའི་འདུལ་བ་ཡིན་པར་བསྒྲགས། །དེ་ལྟར་བས་ན། དེ་དག་ཀྱང་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པའི་འདུལ་བ་འམ། རིག་སྔགས་འཆང་གི་འདུལ་བའི་མིང་ཅན་དུ་རིམ་པ་བཞིན་དུ་བཞག་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །གཉིས་པ་ལ། ཉན་ཐོས་ཀྱི་འདུལ་བ་བཤད་པ་དང་། བྱང་ཆུབ་སེམས་དཔའི་འདུལ་བ་བཤད་པ་དང་། དེ་བཞིན་གཤེགས་པའི་འདུལ་བ་བཤད་པ་གསུམ་ལས། དང་པོ་ལ། སོ་སོ་ཐར་པའི་སྡོམ་པའི་ངོ་བོ། དབྱེ་བ། ལེན་པའི་ཆོ་ག ཇི་ལྟར་བསྲུང་བའི་ཚུལ་རྣམ་པ་བཞི་ལས། དང་པོ་ནི། ལུས་ངག་ཉེས་པ་ཙམ་ཞིག་སྤོང་བྱེད་པའི། །ཚུལ་ཁྲིམས་སོ་སོ་ཐར་ཡིན། ལུས་ངག་གི་ཉེས་པ་ཙམ་སྤོང་བའི་ཚུལ་ཁྲིམས་སོ་སོ་ཐར་པའི་སྡོམ་པའི་མཚན་ཉིད་ཡིན་ཏེ། མཛོད་འགྲེལ་ལས། ལུས་དང་ངག་སྡོམ་པའི་ཕྱིར་སོ་སོ་ཐར་པའི་སྡོམ་པ་ཞེས་ཀྱང་བྱའོ། །ཞེས་གསུངས་ཤིང་། འོད་ལྡན་ལས། ལྟུང་བའི་རང་བཞིན་ཅི་ཡིན་ཞེ་ན། ལུས་ཀྱི་དང་ངག་གི་ལས་འདས་པའི་རང་བཞིན་ཡིན་ནོ། །ཇི་སྟེ་ཡིད་ཀྱི་ཐལ་བའི་རང་བཞིན་ལྟུང་བ་ཅིའི་ཕྱིར་མ་ཡིན་ཞེ་ན། ཡིད་ཀྱི་སྡོམ་པ་ལ་སོ་སོ་ཐར་པའི་སྡོམ་པ་ཉིད་མེད་པའི་ཕྱིར་རོ། །གཏམ་གྱི་གཞི་ལས། ལྟུང་བ་ནི་རྣམ་པར་རིག་བྱེད་མ་ཡིན་པར་བརྗོད་པར་བྱའོ། །དེ་བཞིན་དུ་ལྟུང་བ་ནི་སེམས་དང་སེམས་ལས་བྱུང་བ་མ་ཡིན་ནོ། །ཞེས་བརྗོད་པར་བྱའོ་ཞེས་དང་། འདུལ་བ་གཅིག་ནས་འཕྲོས་པ་ལས། ལྟུང་བ་ནི་གཉིས་ཏེ། ལུས་དང་ངག་གིའོ། །ཞེས་པས་སོ། །སོ་སོ་ཐར་པའི་སྡོམ་པ་དེ་ནི་ལས་མི་མཉམ་པ་རྣམས་ཡང་དག་པར་འཇོག་པར་བྱེད་པས་སམ་བསིལ་བའི་ཕྱིར་ཚུལ་ཁྲིམས། མཁས་པ་རྣམས་ཀྱིས་བསྔགས་པའི་ཕྱིར་ལེགས་སྤྱད། བྱ་བའི་རང་བཞིན་ཡིན་པའི་ཕྱིར་ལས་ཞེས་བྱ་སྟེ། མཛོད་ལས། ཚུལ་ཁྲིམས་དང་ནི་ལེགས་སྤྱད་དང་། །ལས་དང་སྡོམ་པ་ཞེས་བྱའོ། །ཞེས་གསུངས་སོ།། །། གཉིས་པ་ནི། དབྱེ་བ་གང་། བརྒྱད་བཞི་གཉིས་ཏེ། བརྒྱད་ནི། དགེ་བསྙེན་ཕ་མ་དང་། དགེ་ཚུལ་ཕ་མ་དང་། དགེ་སློབ་མ་དང་། དགེ་སློང་ཕ་མ་དང་། བསྙེན་གནས་སོ། །བཞི་ནི། རྫས་རིགས་ཀྱི་སྒོ་ནས་དགེ་བསྙེན་དང་། བསྙེན་གནས་དང་། དགེ་ཚུལ་དང་། དགེ་སློང་ངོ་། །མཛོད་ལས། སོ་སོ་ཐར་ཞེས་བྱ་རྣམ་བརྒྱད། །རྫས་སུ་རྣམ་པ་བཞི་ཡིན་ནོ། །མཚན་ལས་མིང་ནི་འཕོ་བའི་ཕྱིར། །ཞེས་གསུངས་སོ། །དགེ་སློབ་མ་མན་ཆད་ནི་ལུས་ཀྱི་ལས་གསུམ་དང་། ངག་གིས་རྫུན་སྤོང་བས་སྤོང་བ་བཞིའི་ཚུལ་ཁྲིམས་སུ་བསྡུ་ལ། བཞིའི་སྟེང་དུ་ཕྲ་མ། ཚིག་རྩུབ། ཚིག་འཁྱལ་བ་གསུམ་སྤོང་བས་དགེ་སློང་གི་སྡོམ་པ་ནི་སྤོང་བ་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས་ཏེ། རྣམ་པར་དབྱེ་བ་འདི་གཉིས་འོད་ལྡན་ལས་བཤད་པས་སོ།། །། གསུམ་པ་ནི། ལེན་པའི་ཆོ་ག་ལ། སྔོན་དང་ད་ལྟར་གཉིས་སུ་གནང་བ་ཡིན། །དགེ་སློང་ཞིག་གིས་རབ་ཏུ་འབྱུང་བར་འདོད་པ་ཁྲིད་དེ་སྟོན་པའི་སྤྱན་སྔར་སོང་བ་ལམ་དུ་ཤི་ནས་བར་ཆད་དུ་གྱུར་པའི་སྐབས་ཏེ་སྟོན་པ་ལ་གསོལ་པས། སྟོན་པས་དེང་ནས་དགེ་འདུན་གྱི་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་ངས་གནང་ངོ་ཞེས་སྔོན་ཆོག་གནང་། དེ་དག་མཁན་སློབ་མེད་པས་ལེགས་པར་མ་སྦྱངས་ཤིང་སྤྱོད་ལམ་བསྟན་པ་དང་འགལ་བར་བྱེད་པས་མུ་སྟེགས་རྣམས་འཕྱ་བར་གྱུར་ཅིང་། དགེ་སློང་ནད་པ་ཞིག་ཀྱང་ནད་གཡོག་མེད་པར་ཤི་བའི་སྐབས་དེ་གསོལ་པས། སྟོན་པས། ངས་ཉན་ཐོས་རྣམས་གཅིག་གིས་གཅིག་བསྡུ་བར་བྱ་བའི་ཕྱིར་དང་། ནད་པ་རྣམས་ལ་རིམ་གྲོ་བྱ་བའི་ཕྱིར་མཁན་པོ་དང་སློབ་དཔོན་དག་གིས་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་གནང་ངོ་ཞེས་ད་ལྟའི་ཆོ་ག་གནང་བས་ཆོ་གས་བསྙེན་པར་རྫོགས་པ་བསྒྲུབ་པའི་ཚུལ་ནི་དེ་གཉིས་སུ་ཟད་དོ། །དེ་གཉིས་ལས། དང་པོར་བསྟན་པའི་ཕྱིར་དང་། བརྗོད་པར་བྱ་བ་ཉུང་བའི་ཕྱིར་སྔོན་གྱི་ཆོ་ག་ཞེས་བྱ་སྟེ། དེ་ཉིད་མདོ་རྩ་བར། དགེ་འདུན་ཐམས་ཅད་འདུས་པ་ན། ཆ་ལུགས་འདི་བཞིན་དུ་བྱས། རྒན་རིམ་ལ་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ཙོག་ཙོག་པུར་འདུག་ཅིང་གསོལ་བ་བཏབ་པར་གྱུར་པ་གསུམ་དང་། གསོལ་བ་དང་བཞིའི་ལས་ཀྱིས་ཅིག་ཅར་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་ཉེ་བར་བསྒྲུབས་པར་གྱུར་པ་ལྟ་བུ་ནི་སྔོན་གྱི་ཆོ་གའོ། །ཞེས་གསུངས། སྔོན་གྱི་ཆོ་གའི་རྣམ་པ་ནི་དེ་ལྟ་བུར་རིག་པར་བྱ་ཡི། རྣམ་པར་གཞན་ནི་མ་ཡིན་ནོ། །རྒྱ་ཆེ་འགྲེལ་པར། འདིར་ལ་ལ་དག་འདི་སྐད་ཅེས། གལ་ཏེ་སྔོན་གྱི་ཆོ་གས་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པར་འགྱུར་བ་རྒྱུའི་དངོས་པོ་བསྒྲུབ་པར་འགྱུར་ན་ནི་ད་ལྟར་གྱི་ཆོ་གས་ཅི་བྱ། གལ་ཏེ་ད་ལྟར་གྱི་ཆོ་ག་ཁོ་ན་རྒྱུ་ཡི་དངོས་པོ་བསྒྲུབ་པར་འགྱུར་ན་ཡང་སྔོན་གྱི་ཆོ་གས་ཅི་བྱ་སྟེ། གཅིག་ཁོ་ནས་བྱས་པའི་ཕྱིར་རོ་ཞེ་ན། དེ་ལ་ཉེས་པ་མེད་དེ། གཉིས་ཀ་ཡང་རྒྱུའི་དངོས་པོ་བསྒྲུབ་པར་འགྱུར་བ་ཡིན་མོད་ཀྱི། འོན་ཀྱང་འདུལ་བའི་སེམས་ཅན་གྱི་བྱེ་བྲག་ལས་ཆོ་ག་གཉིས་རྣམ་པར་གཞག་སྟེ། འདི་ལྟར་དང་པོ་མངོན་པར་རྫོགས་པ་བྱང་ཆུབ་པའི་དུས་ཀྱི་ཚེ་ན་ནི་སེམས་ཅན་རྒྱུད་རྣམ་པར་དག་པ་ཤ་སྟག་འབྱུང་བས། འདུལ་བའི་རིམ་པ་ལ་མི་བལྟོས་ཤིང་། མཁན་པོ་དང་སློབ་དཔོན་ལ་སོགས་པ་ལ་མ་བལྟོས་པར་ཡང་ཚེགས་ཆུང་ངུ་ཁོ་ནས་བཅོམ་ལྡན་འདས་ཀྱི་བཀའ་རྫོགས་པར་བྱེད་པ་དང་། དེ་དག་གིས་བསོད་ནམས་བྱས་པ་ཡིན་པས་ནད་མེད་པ་དང་། ཇི་སྟེ་དེ་དག་ལ་ནད་ཅིག་བྱུང་དུ་ཟིན་ན་ཡང་། དེ་དག་གིས་ནད་གཡོག་ལ་སོགས་པ་རྙེད་པར་འགྱུར་རོ། །ད་ལྟར་ནི་དེ་ལྟ་བུའི་རྒྱུད་རྣམ་པར་དག་པ་དག་མེད་པ་དེས་ན་ད་ལྟར་གྱི་ཆོ་ག་རྣམ་པར་གཞག་གོ །ཞེས་གསུངས། གོང་དུ་རྣམ་པ་གཞན་ཞེས་པ། སྔོན་གྱི་བསྙེན་པར་རྫོགས་པའི་ཚུལ་ཏེ། ༡ སངས་རྒྱས་དང་། རང་སངས་རྒྱས་དག་སྲིད་པ་ཐ་མ་པའི་ཚེ་གཞན་ལ་མ་བརྟེན་པར་ཆོས་ཇི་ལྟར་གནས་པའི་ཚུལ་མཁྱེན་པ་ཉིད་ཀྱིས་རབ་བྱུང་གི་དུས་དེ་ཉིད་དུ་བསྙེན་པར་རྫོགས་པ་ཡིན་ཏེ། ལུང་གཞིའི་སྟོན་པ་རབ་བྱུང་གི་སྐབས་སུ། རབ་ཏུ་བྱུང་ནས་སྐུ་ཡི་ནི། །སྡིག་པའི་ལས་ནི་སྤངས་པ་དང་། །གསུང་གི་སྡིག་པ་སྤངས་ནས་ནི། །འཚོ་བ་ཀུན་ནས་དག་པར་མཛད། །ཅེས་དང་། ཇི་ལྟར་གནས་པ་མཁྱེན་པ་ན། །འདྲེན་པ་རང་རྒྱལ་རང་བྱུང་གིའོ། །ཞེས་ས་ག་ལྷས་གསུངས་པ་བཞིན་ནོ། །མཛོད་འགྲེལ་དུ། རང་བྱུང་ཞེས་བྱ་བ་ནི་ཡེ་ཤེས་བརྙེས་པས་ཞེས་བྱ་བའི་དོན་ཏེ། དེ་དག་གི་ཡེ་ཤེས་ནི་རང་བྱུང་ཡིན་ནོ། །ཞེས་ལུང་ཁུངས་སུ་བྱས་ནས་མངོན་པར་རྫོགས་པར་སངས་རྒྱས་པ་ན་བསྙེན་པར་རྫོགས་སོ་ཞེས་པ་ནི་ལེགས་པར་མ་མངོན་ཏེ། དེ་ནི་ཁ་ཆེ་བའི་ལུགས་སུ་ཟད་ལ། གཞི་ཡོད་སྨྲའི་ལུང་དང་མི་མཐུན་པའི་ཕྱིར་རོ། ༢ །ལྔ་སྡེ་ངེས་པས་འཇུག་པས་རྫོགས་པའི་ངེས་པ་མཐོང་ལམ། དེ་ལ་འཇུག་པ་བསྐྱེད་པ་ཡིན་ནོ་ཞེས་རྒྱལ་པོའི་སྲས་དང་གང་བ་སྤེལ་གྱིས་བཤད་ཀྱང་། ལུང་གཞི་དང་རྒྱ་ཆེ་རོལ་པའི་མདོར། སྟོན་པས་ལྔ་སྡེ་ལ་མཐའ་གཉིས་དང་བྲལ་བའི་འཕགས་པའི་ལམ་ལ་ངེས་པའི་ཤེས་པས་ཤེས་པར་མཛད་པས། དེ་དག་མུ་སྟེགས་ཅན་གྱི་རྟགས་དང་རྒྱལ་མཚན་ནུབ་ནས་དགེ་སློང་གི་དངོས་པོར་གྱུར་ཏེ། ཕྱིས་མཐོང་བའི་ལམ་ཐོབ་པར་བཤད་དོ། ༣ །ཉེ་བའི་ལྔ་སྡེའི་གྲགས་པར་ཚུར་ཤོག་ཅེས་བགྲང་མོད། དེ་ནི་དགེ་བཟང་གི་གཙུག་ལག་ཁང་དུ་མཚན་མོ་བྲོས་ཏེ་སོང་བ་སྟོན་པས་བདེན་པ་ལ་བཀོད། དེས་དགེ་བསྙེན་བྱས། དེའི་ཕ་རིགས་ཀྱི་གཙོ་བོས་ཚོལ་དུ་འོངས་པ་ལ་སྟོན་པས་ཆོས་བཤད་པས། གྲགས་པ་རྒྱན་གྱིས་བརྒྱན་བཞིན་དུ་དགྲ་བཅོམ་རིགས་ཀྱི་གཙོ་བོས་བདེན་པ་མཐོང་ནས་གྲགས་པ་འཁྲིད་པར་བརྩམས་པ་ན་སྟོན་པས། རྒྱན་གྱིས་བརྒྱན་བཞིན་དུ་ནི་ཆོས་སྤྱད་དེ། །དུལ་ཞིང་ཡང་དག་སྡོམ་པ་ཚངས་སྤྱོད་ལ། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་ནི། །དེ་ནི་བྲམ་ཟེ་དགེ་སྦྱོང་དགེ་སློང་ཡིན། །ཞེས་གསུངས་པའི་མོད་ལ་དགེ་སློང་གི་སྤྱོད་ལམ་དུ་གྱུར་པར་བཤད་པས་སོ། ༤ །ཉེ་བའི་ལྔ་སྡེའི་གང་པོ་ལ་སོགས་པ་བཞིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་བདག་ཅག་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་གནང་ན། བདག་ཅག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །ཚེ་དང་ལྡན་པ་དེ་དག་གིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་སྟེ། ཞེས་ལུང་གཞིར་གསུངས་པ་དང་། ༥ སྐྱབས་གསུམ་ཁས་ལེན་གྱིས་རྫོགས་པ་ཞེས་པ་ལྟེང་རྒྱས་ཀྱི་གྲོང་རས་བལ་ཅན་གྱི་ནགས་ཚང་ཚིང་གི་གསེབ་ཏུ་བཟང་སྡེའི་ཚོགས་དྲུག་ཅུ་སྐྱབས་གསུམ་ཁས་ལེན་པས་རྫོགས་པ་སྟེ། འགའ་ཞིག་དགེ་བསྙེན་ཙམ་ཡིན་ནོ། །ཞེས་སྨྲ་བ་ནི་ལུང་གཞི་དང་མངོན་བྱུང་གི་མདོར་མ་གསུངས་པས་སྨྲས་པར་ཟད་ཀྱི། དེར་མི་གསལ་ཡང་ལུང་བཅུ་འཕྲོས་ལས་གསུངས་པའི་ཕྱིར་རོ། ༦ །ཚུར་ཤོག་གིས་རྫོགས་པ་ནི། ལྟེང་རྒྱས་འོད་སྲུང་དང་མཆོག་ཟུང་ལ་སོགས་པ་མང་པོ་དག་ལ་དགེ་སློང་དག་ཚུར་ཤོག ཚངས་པར་སྤྱད་པ་སྤྱོད་ཅིག ཅེས་བཀའ་སྩལ་པའི་མོད་ཉིད་དུ་སྐྲ་དང་ཁ་སྤུ་བྲེགས་ནས་ཞག་བདུན་ལོན་པ་ཙམ། ལག་ན་ལྷུང་བཟེད་དང་བྱ་མ་བུམ་ཐོགས་པ། སྣམ་སྦྱར་བགོས་པ། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུར་གྱུར་པ་རྣམས་སོ། ༧ །སྟོན་པར་ཁས་བླངས་ནི། རྒྱལ་པོའི་ཁབ་བུ་མངས་མཆོད་རྟེན་གྱི་ཤིང་དྲུང་ན་སྟོན་པ་བཞུགས་པ་འོད་སྲུང་ཆེན་པོས་མཐོང་ནས། ཀྱེ་མ་སྟོན་པ་མཐོང་ངོ་སྙམ་ནས་དྲུང་དུ་སོང་སྟེ་ཕྱག་བྱས་ནས། བཙུན་པ་བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་ཏེ། བདག་ནི་ཁྱེད་ཀྱི་ཉན་ཐོས་ལགས་སོ། །ཞེས་བཟླས་ཏེ་གསོལ་པས། སྟོན་པས་ཀྱང་འོད་སྲུང་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ང་ནི་ཁྱོད་ཀྱི་སྟོན་པ་སྟེ། ཁྱོད་ནི་ངའི་ཉན་ཐོས་ཡིན་ནོ། །ཞེས་བཟླས་ཏེ་གསུངས་པས་དགེ་སློང་དུ་གྱུར་པའོ། །རྒྱལ་པོའི་སྲས་དང་གང་བ་སྤེལ་གྱིས་འོད་སྲུང་གིས་ཕྱག་བྱས་མ་ཐག་ཏུ་ཡུལ་དེ་འགས་ལ། སྟོན་པ་ལ་ཕྱག་བྱས་པས་མ་གས་པས་ཡིད་ཆེས་ནས་སྟོན་པར་ཁས་བླངས་ཞེས་སྦྱར་བ་ལུང་དང་མི་མཐུན་པས་སྡེ་པ་གཞན་གྱི་ལུགས་སུ་ཟད་དོ། ༨ །དྲི་བས་རྫོགས་པ་འཆར་བ་བཟང་པོ་འམ། ལེགས་སྦྱིན་གྱིས་སྨྲས་པའི་ལན་བཏབ་པས། བཅོམ་ལྡན་འདས་མཉེས་པར་གྱུར་ཏེ། མཉེས་པ་དེས་ནི་འདི་བསྙེན་པར་རྫོགས་པར་གྱུར་ཏོ། །ཞེས་གང་སྤེལ་གྱིས་བཤད་ལ། གླེང་གཞི་འདི་ལུང་སྡེ་བཞིར་མི་གསལ་བས་སྙིགས་མ་ལྔའི་མདོ་ལས་སོ། །ཞེས་ཞི་གནས་ལྷས་བཤད། པཎ་ཆེན་ཤཱཀྱ་ཤྲཱིས་མངོན་པའི་མདོ་ལས་བཤད་དོ་གསུངས། ༩ ལྕི་ཆོས་ཁས་བླང་གིས་རྫོགས་པ་ནི། སྐྱེ་དགུའི་བདག་མོ་བུད་མེད་ལྔ་བརྒྱ་དང་བཅས་པས་སེར་སྐྱའི་གཞི་ནྱ་གྲོ་དྷའི་ཚལ་དུ། སྟོན་པའི་དྲུང་དུ་ལན་གསུམ་བསྐྱར་ནས་ཞུས་ཀྱང་མ་གནང་། ཡུལ་ན་དི་ཀར་གཤེགས་ཏེ། ཀུན་ཙི་ཀའི་གནས་ན་བཞུགས་པ་ལ་ལན་གསུམ་དུ་གསོལ་བས་ཀྱང་མ་གནང་བས། དེ་རྣམས་སྒོ་ཁང་གི་ཕྱོགས་གཅིག་ཏུ་ངུ་ཞིང་འདུག་པ་ཀུན་དགའ་བོས་མཐོང་སྟེ། ཅིའི་ཕྱིར་ངུ་ཞེས་དྲིས་པས། རྒྱུ་མཚན་སྨྲས་པས། མ་ངུ་ཞིག་ངས་ཞུའོ། །ཀུན་དགའ་བོས་སྟོན་པ་ལ་ཞུས་པས། བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་བུད་མེད་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་། བསྙེན་པར་རྫོགས་ཏེ་དགེ་སློང་མའི་དངོས་པོར་མ་གསོལ་ཅིག དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཆོས་འདུལ་བ་ལ་བུད་མེད་རབ་ཏུ་བྱུང་ན། ཆོས་འདུལ་བ་འདི་ཡུན་རིང་དུ་མི་གནས་པར་འགྱུར་རོ། །འདི་ལྟ་སྟེ། ཀུན་དགའ་བོ་དཔེར་ན་ཁྱིམ་གང་ན་བུད་མེད་མང་ཞིང་སྐྱེས་པ་ཉུང་བ་དེ་ན་རྐུན་པོ་དང་། མི་བརྐུ་བ་རྣམས་ཀྱིས་ཆོམས་པར་འགྱུར་ཞིང་རབ་ཏུ་ཆོམས་པར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་དུ་ཆོས་འདུལ་བ་ལ་བུད་མེད་རབ་ཏུ་བྱུང་ན། ཆོས་འདུལ་བ་འདི་ཡུན་རིང་དུ་མི་གནས་པར་འགྱུར་རོ། །འདི་ལྟ་སྟེ། ཀུན་དགའ་བོ་དཔེར་ན་འབྲས་སཱ་ལུ་ཕུན་སུམ་ཚོགས་པའི་ཞིང་ལ་སེར་བའི་འཁོར་ལོ་མི་བཟད་པ་བབ་ན། འབྲས་སཱ་ལུ་དེ་ཉིད་ཉམས་པར་འགྱུར། ཚུལ་མ་ཡིན་པས་མ་རུངས་པར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་དུ་ཆོས་འདུལ་བ་ལ་བུད་མེད་རབ་ཏུ་བྱུང་ན། ཆོས་འདུལ་བ་འདི་ཡུན་རིང་དུ་མི་གནས་པར་འགྱུར་རོ། འདི་ལྟ་སྟེ། ཀུན་དགའ་བོ་ཞིང་རྨོད་པའི་ཁྱིམ་པའི་ཁྱིམ་བདག་གི་བུ་རམ་ཞིང་ཕུན་སུམ་ཚོགས་པ་ལ་བཙའི་ནད་བྱུང་ན། བུ་རམ་ཤིང་དག་མ་རུངས་པར་འགྱུར། ཆུད་ཟོས་པར་འགྱུར་རོ། །ཀུན་དགའ་བོ་དེ་ལྟར་དེ་བཞིན་དུ་ཆོས་འདུལ་བ་ལ་བུད་མེད་རབ་ཏུ་བྱུང་ན། ཆོས་འདུལ་བ་འདི་ཡུན་རིང་དུ་མི་གནས་པར་འགྱུར་རོ། །འོན་ཀྱང་ངས་བུད་མེད་ལ་དགག་ཅིང་མི་འདའ་བའི་ཕྱིར། ལྕི་བའི་ཆོས་བརྒྱད་བཅས་པ་ལ། བུད་མེད་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །བརྒྱད་གང་ཞེ་ན། དགེ་སློང་གི་དགེ་འདུན་ལས་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པར་བྱ་བ་དང་། དགེ་སློང་ལས་ཟླ་བ་ཕྱེད་ཕྱེད་ཅིང་གདམས་པ་དང་རྗེས་སུ་གདམས་པ་བཙལ་བ་དང་། དབྱར་དགེ་སློང་མེད་པའི་གནས་སུ་གནས་པར་མི་བྱ་བ་དང་། དགག་དབྱེའི་ཚེ་གཉིས་ཀའི་དགེ་འདུན་ལ་དགག་དབྱེ་བྱ་བ་དང་། དགེ་སློང་གི་ཉེས་པ་བཞིས་མི་སྦེད་པ་དང་། དགེ་སློང་ལ་ཁྲོ་བ་དང་ཚིག་རྩུབ་མི་བྱ་བ་དང་། ལྕི་བའི་ཆོས་ལས་འདས་ན་དགེ་འདུན་གཉིས་ཀ་ལ་ཟླ་བ་ཕྱེད་ཀྱི་བར་མགུ་བ་སྤྱོད་པ་དང་། དགེ་སློང་མ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་ཀྱང་། དགེ་སློང་བསྙེན་པར་རྫོགས་མ་ཐག་པ་ལ་ཕྱག་དང་བཀུར་སྟི་བྱེད་པ་སྟེ། འདི་བརྒྱད་བཟུང་ཞིང་ནན་ཏན་དུ་བྱས་ན་འདི་ཉིད་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའོ། །ཞེས་གསུངས་པ་དང་། ཀུན་དགའ་བོ་ཡི་རངས་ཏེ་སོང་ནས། སྲུ་སྐྱེ་དགུའི་བདག་མོ་ལ་སྨྲས་པ། རབ་བྱུང་བསྙེན་རྫོགས་གནང་མོད་ཀྱི། འོན་ཀྱང་ལྕི་བའི་ཆོས་བརྒྱད་བཅས་པ་ལ་བསླབ་པར་བྱའོ། །ཉན་གྱིས་གསུངས་ཤིག ཀུན་དགའ་བོས་སྔར་བཞིན་དུ་སྨྲས་པས། སྲུ་སྐྱེ་དགུའི་བདག་མོ་རངས་ནས་འདི་དག་ནི་བདག་གི་ངག་དང་ཡིད་སྤྱི་བོས་ནོད་དོ། །ཞེས་སྨྲས་པས། ལྔ་བརྒྱ་པོ་ཐམས་ཅད་ཀྱང་བསྙེན་རྫོགས་སུ་གྱུར་ཏོ། །དེ་ཡང་ཉེ་བ་འཁོར་གྱིས་ཞུས་པས། སྐྱེ་དགུའི་བདག་མོ་ལྕི་བའི་ཆོས་ཁས་བླངས་པས་བསྙེན་རྫོགས་སུ་གྱུར་ན། བུད་མེད་ལྔ་བརྒྱ་པོ་དེས་རྫོགས་སམ། རྫོགས་སོ་ཞེས་བཀའ་སྩལ་ཏོ། ༡༠ །འཕྲིན་གྱིས་རྫོགས་པ་ནི། མཉན་ཡོད་ཀྱི་ཁྱིམ་བདག་སྦྱིན་པའི་བུ་མོ་ཆོས་བྱིན་མ་ཆེར་སྐྱེས་པ་དང་རབ་ཏུ་འབྱུང་བར་འདོད་དེ། ཕ་ལ་ཞུས་པས། ཁྱོད་སྔར་དུ་ས་ག་ལ་བྱིན་ཟིན་པས་གནང་དུ་མེད་དོ། །ཁྱིམ་དེར་དགེ་སློང་མ་ཨུཏྤ་ལའི་མདོག་དུས་དུས་སུ་ཆོས་སྟོན་དུ་འོང་བ་ལ། ཆོས་བྱིན་མས། འཕགས་མ་བདག་རབ་ཏུ་འབྱུང་བ་བསྙེན་པར་རྫོགས་པར་འདོད་ན་ཕས་མ་གནང་སྟེ། ཕྱིར་འབྱུང་དུ་ཡང་མི་སྟེར་ན། ཁྱོད་ཀྱིས་འདི་ཉིད་དུ་རབ་ཏུ་མི་འབྱུང་ངམ་ཞེས་སྨྲས་པས། བུ་མོ་ལེགས་ཏེ། འདོད་པ་བརྟེན་པ་ལ་ཉེས་དམིགས་ལྔ། རབ་ཏུ་བྱུང་བ་ལ་ཕན་ཡོན་ལྔ་ཡོད་པས། ངས་བཅོམ་ལྡན་འདས་ལ་ཞུའོ་ཞེས་སྨྲས་ཏེ་སོང་ནས། བཅོམ་ལྡན་འདས་ལ་ཞུས་པས། སྟོན་པས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱོད་སོང་ལ་དགེ་སློང་མ་རྣམས་ལ་བུ་མོ་ཆོས་བྱིན་མ་ཁྱིམ་དེ་ཉིད་དུ་ཨུཏྤ་ལའི་མདོག་འཕྲིན་པར་བཏང་ནས་སྐྱབས་སུ་འགྲོ་བ་གསུམ་དང་བསླབ་པའི་གཞི་ལྔ་བྱིན་ལ། གནས་དེ་ཉིད་དུ་རབ་ཏུ་འབྱུང་བར་ངས་གནང་ངོ་ཞེས་གསུངས་ནས། དེས་དགེ་སློང་མ་རྣམས་ལ་བསྒོའོ། །དེ་རྣམས་ཀྱིས་ཀྱང་ཨུཏྤ་ལའི་མདོག་འཕྲིན་པར་བཏང་སྟེ། དགེ་བསྙེན་མ་དང་དགེ་ཚུལ་མའི་བསླབ་པ་བྱིན་ཏེ། ཁྱེད་ཀྱིས་འདི་ལ་བསླབ་པར་བྱའོ། །ཞེས་བརྗོད་པ་དང་། དེ་དགེ་ཚུལ་མར་གྱུར། ཨུཏྤ་ལའི་མདོག་གིས་དེ་ལ་བདེན་པ་བཞི་བཤད་པས་རྒྱུན་ཞུགས་ཐོབ་བོ། །དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། སྟོན་པས་ཀུན་དགའ་བོ་ཁྱོད་སོང་ལ། དགེ་སློང་མ་རྣམས་ལ་ཆོས་བྱིན་མ་ལ་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་བསླབ་པ་བྱིན་ཅིག་ཅེས་བསྒོ་ཞིག དེ་སོང་ནས་དགེ་སློང་མ་རྣམས་ལ་བསྒོའོ། །དེ་རྣམས་ཀྱིས་ཀྱང་བྱིན་ཏེ་ཨུཏྤ་ལའི་མདོག་འཕྲིན་པར་བཏང་། དེས་ཁྱོད་དགེ་སློབ་མར་གྱུར་གྱིས་བསླབ་པ་ལ་སློབས་ཤིག་ཅེས་བརྗོད་ཅིང་ཆོས་ཀྱང་བསྟན་པས། དེས་ཀྱང་ཕྱིར་འོང་ཐོབ་བོ། །ལོ་གཉིས་སུ་བསླབ་པ་ལ་བསླབས་ཤིང་དེ་གཞོན་ནུ་མར་གྱུར། རི་དྭགས་སྒྲས་བག་མར་བླང་ངོ་ཞེས་སྤྲིངས་པ་དང་སྦྱིན་པས་ཀྱང་ཁས་བླངས་ཏེ་སང་བག་མར་གཏོང་འདོད་པ་དེའི་ཚེ། སྟོན་པས་ཀུན་དགའ་བོ་ལ་ཁྱོད་སོང་ལ་དགེ་སློང་མ་རྣམས་ལ་དེ་ལ་ཚངས་སྤྱོད་ལ་ཉེར་གནས་ཀྱི་སྡོམ་པ་བྱིན་ཅིག དེ་སོང་སྟེ་བསྒོ་ནས། ཨུཏྤ་ལའི་མདོག་གིས་འཕྲིན་བྱས་ཤིང་ཆོས་བཤད་པས་ཕྱིར་མི་འོང་ཐོབ་སྟེ་རྫུ་འཕྲུལ་བསྒྲུབས་སོ། །དེ་ཨུཏྤ་ལའི་མདོག་གིས་སྟོན་པ་ལ་གསོལ་པས། སྟོན་པས་ཀུན་དགའ་བོ་ལ་ཁྱོད་སོང་ལ། དགེ་འདུན་སྡེ་གཉིས་ཀྱི་ཆོས་བྱིན་མ་ལ་བསྙེན་པར་རྫོགས་པ་བྱིན་ཅིག་ཅེས་པ་བསྒོ་ཞིག དེས་བསྒོ་བ་དང་དགེ་འདུན་སྡེ་གཉིས་བསྡུས་ཏེ་བསྙེན་པར་རྫོགས་པར་བྱས་ཏེ། ཨུཏྤ་ལའི་མདོག་འཕྲིན་པར་བཏང་། དེས་ཁྱོད་བསྙེན་པར་རྫོགས་པར་བྱས་སོ་ཞེས་བརྗོད་ཅིང་ཆོས་བཤད་པས་དགྲ་བཅོམ་མར་གྱུར་ཏོ། །གཞན་འདུལ་བ་འཛིན་པར་གཏོགས་པ་ལྔས་མཐའ་འཁོབ་ཏུ་དང་། བཅུས་ཡུལ་དབུས་སུ་རྫོགས་པ་སྟེ། དེ་དག་ལས་འཕྲིན་ཆོག་ནི་ད་ལྟར་གྱི་ཆོ་གར་ངེས་ཤིང་། དིང་སང་བྱེད་དུ་རུང་བ་ཡང་ཡིན་ཏེ། མདོ་མཛད་པས། སྐལ་བ་དང་ལྡན་པའི་རང་བཞིན་ཅན་ལ་མངག་པ་འདྲ་བས་རབ་ཏུ་སྦྱིན་དུ་གཞུག་པ་ནི་ཆོ་ག་མ་ཡིན་པ་མ་ཡིན་ནོ། །ཞེས་གསུངས་ཤིང་། ལྔ་དང་བཅུས་རྫོགས་པ་ཡང་སྟེ། ད་ཆོག་བཅས་ནས་ཐ་སྙད་དེ་གསུམ་བྱུང་བའི་ཕྱིར་རོ། །གཞན་དག་ལ་ནི་བསྙེན་པར་རྫོགས་པའི་ཚུལ་ཞེས་བཤད་ཀྱི། ཆོ་ག་ཞེས་མ་བཤད་དོ། །སྤྲོས་པས་ཆོག་གོ །ད་ལྟར་གྱི་ཆོ་ག་བཤད་པར་བྱ་སྟེ། སྐྱབས་སུ་འགྲོ་བ་རྩོམ་པས་དགེ་བསྙེན་དུ། །ཁས་བླངས་དེ་ལ་བསླབ་པའི་གཞི་ལྔ་སྦྱིན། །མདོར། རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དེའི་ཕྱིར། དགེ་སློང་འགའ་ཞིག་ལ་མཁན་པོ་ཉིད་དུ་གནས་པ་ལའོ། །ཞེས་གསུངས་ཤིང་། འགྲེལ་པར། ད་ལྟར་གྱི་ཆོ་གས་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དེའི་ཕྱིར་དགེ་སློང་འགའ་ཞིག་ལ་མཁན་པོ་ཉིད་དུ་གནས་ན་དེ་ལ་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པ་དག་ཡོད་ཀྱི། ཇི་ལྟར་སྔོན་གྱི་ཆོ་ག་ལ་དགེ་སློང་འགའ་ལ་ཡང་མི་གནས་པ་ལ་ཡང་ཡོད་པ་ལྟ་བུ་ནི་མ་ཡིན་ནོ། །ཞེས་གསུངས་ལ། ས་ག་ལྷས། མཁན་པོ་གཏན་མེད་ཉིད་དང་ནི། །མཁན་པོ་ཁྱིམ་པའི་རྟགས་སོགས་ཉིད། །གང་ཡང་སྐལ་ལྡན་ཞེས་གསུངས་པ་དང་། དེ་དང་ལྡན་པའི་ལྟར་མཁན་པོ་མེད་པ་ཉིད་ལ་ཡང་ངོ་། །དེ་བསྙེན་པར་མ་རྫོགས་པ་ཡིན་ན་ཡང་ངོ་། །ཞེས་པ་སྐལ་བ་དང་ལྡན་པའི་རང་བཞིན་འགའ་ཞིག་ལ་དམིགས་ཀྱིས་བསལ་བའོ། །དེ་བས་ན་དགེ་སློང་འགའ་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་འོངས་ནས། དེས་དེ་ལ་བར་ཆད་ཀྱི་ཆོས་རྣམས་འདི་ལྟར་དྲི་བར་བྱ་སྟེ། ཁྱོད་མུ་སྟེགས་ཅན་མ་ཡིན་ནམ་ཞེས་པ་ལ་སོགས་པས་སོ། །གལ་ཏེ་ཡིན་ནོ་ཞེས་ཟེར་ན། འོ་ན་སོང་ཞིག་ཅེས་བྱ་ལ། མ་ཡིན་ནོ་ཞེས་ཟེར་ན། རབ་ཏུ་འབྱུང་བའི་སྐབས་དབྱེ་བར་བྱ་སྟེ། དང་པོའི་མཁན་པོ་ཉིད་ཀྱིས་བར་ཆད་དྲིས་ནས་ཡོངས་སུ་དག་པ་ལ་སྐབས་དབྱེའོ། །ཞེས་སོ། །སྐབས་དབྱེ་བ་དེ་ལ་སྡོམ་པ་རྣམས་སྦྱིན་པའི་གོ་རིམ་བཤད་པའི་ཕྱིར། དགེ་བསྙེན་ཉིད་དང་། དགེ་ཚུལ་ཉིད་དང་། དགེ་སློང་ཉིད་དག་གིས་སྔ་མ་བསྙེན་པར་མ་རྫོགས་པ་ལ་ཕྱི་མ་མི་བྱའོ། །ཞེས་པས་ཇི་སྲིད་དགེ་བསྙེན་མ་བྱིན་པ་དེ་སྲིད་དུ་དགེ་ཚུལ་གྱི་སྡོམ་པ་ཡང་མི་སྦྱིན་ལ། དགེ་ཚུལ་མ་བྱིན་པར་བསྙེན་པར་རྫོགས་པ་མི་བྱའོ། །ཞེས་གོ་རིམ་གྱི་རྣམ་པར་གཞག་པ་བསྟན་གྱི། འབྱུང་བའི་རྒྱུ་བསྟན་པ་ནི་མ་ཡིན་ཏེ། དགེ་བསྙེན་གྱི་སྡོམ་པ་མེད་པར་དགེ་ཚུལ་དང་། དེ་གཉིས་ཀ་མེད་པར་དགེ་སློང་ལེན་དུ་རུང་བ་ཉིད་ཡིན་པའི་ཕྱིར་ཏེ། ལུང་ལས། བཙུན་པ་ཁྱིམ་པ་རབ་ཏུ་མ་བྱུང་བ་ཞིག་རྫོགས་པར་བསྙེན་པར་བགྱིད་ན། རྫོགས་པར་བསྙེན་ཅེས་བགྱིའམ། མ་བསྙེན་ཅེས་བགྱི། ཉེ་བ་འཁོར་རྫོགས་པར་བསྙེན་ཅེས་བགྱིའོ། །ཞེས་པ་དང་། ཚིགས་སྔ་མ་མེད་པ་ལ་ནི་ཉེས་བྱས་ཙམ་དུ་ཟད་དོ། །མཁན་པོར་མ་གསོལ་བ་ལ་ཡང་ངོ་། །བར་ཆད་མ་དྲིས་པ་ལ་ཡང་ངོ་། །དེ་མེད་པ་ཁས་ལེན་པ་ལ་སྦྱིན་ན་ཡང་ངོ་། །ཞེས་གསུངས་པས་སོ། ༡ །དེ་ནས་དགེ་བསྙེན་གྱི་སྡོམ་པ་སྦྱིན་པར་བྱ་སྟེ། དེ་ཡང་འགྲེལ་པར། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་མི་སྐྱེ་བས། སྐྱབས་སུ་འགྲོ་བས་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་སྒྲུབ་པར་བྱེད་དེ། ཇི་ལྟར་ཞེ་ན། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞེས་བྱ་བ་འདིས་ནི་ལམ་ཉེ་བར་སྟོན་པར་མཛད་པ་ལ་ཡང་དག་པར་བརྟེན་པར་བྱེད། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཞེས་བྱ་བ་འདིས་ནི་ཆོས་རྣམས་ཀྱི་མཆོག་མྱ་ངན་ལས་འདས་པ་ལ་ཡང་དག་པར་བརྟེན་པར་བྱེད། ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་བྱ་བ་འདིས་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་ཟླ་གྲོགས་ལ་ཡང་དག་པར་བརྟེན་པའི་ཕྱིར་ཏེ། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་ནི་སུ་ཡང་སྐྱབས་སུ་འགྲོ་བ་སྒྲུབ་པར་མི་བྱེད་དོ། །ཞེས་གསུངས་པས། སྐྱབས་སུ་འགྲོ་བ་རྩོམ་པས་ཞེས་སྦྱར་ཏེ། སྐྱབས་ཞེས་བྱ་བ་ནི་ཐར་པ་དང་ལམ་ཐོབ་པར་བྱ་བའི་ཕྱིར་རྟེན་དུ་གྱུར་བ་དཀོན་མཆོག་གསུམ་མོ། །དེ་ཡང་སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པའི་ལམ་བདེན། ཆོས་མྱ་ངན་ལས་འདས་པ་འགོག་བདེན་དང་། དགེ་འདུན་དུ་བྱེད་པའི་ཆོས་སློབ་མི་སློབ་ཀྱི་ལམ་བདེན་རྣམས་ཏེ། མཛོད་ལས། སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་གསུངས་པས་སོ། །འགྲོ་བ་ནི་སྐྱབས་སུ་འཇུག་པའོ། །རྩོམ་པ་ནི་སྐྱབས་སུ་འགྲོ་བར་ཁས་ལེན་པའི་ཚིག་དེ་ཉིད་དགེ་བསྙེན་ཉིད་དུ་ཁས་བླང་བའི་ཚིག་གང་ཡིན་པའི་རྩོམ་པ་ཡིན་ནོ་ཞེས་ཤེས་པར་བྱས་ནས། དང་པོར་སྟོན་པར་ཕྱག་འཚལ་དུ་གཞུག་གོ །དེའི་འོག་ཏུ་སློབ་དཔོན་ལ་ཕྱག་འཚལ་དུ་བཅུག་ནས། མདུན་དུ་ཙོག་ཙོག་པུར་འདུག ཐལ་མོ་སྦྱོར་དུ་བཅུག་སྟེ་འདི་སྐད་བརྗོད་པར་བྱའོ། །བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཞེས་པ་ལ་སོགས་པའི་སྔགས་ལན་གསུམ་དུ་བཟླས་པའི་ཚིགས་གསུམ་པ་ལ་སློབ་དཔོན་གྱིས་ཞེས་སྦྱར་ཞིང་། སློབ་དཔོན་གྱིས་ཐབས་ཡིན་ནོ་ཞེས་དང་། དེས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་བསླབ་པའི་གཞི་ལྔ་བརྗོད་པ་ཁས་བླང་བའི་ཚུལ་གྱིས་བྱ་སྟེ། སློབ་དཔོན་དགོངས་སུ་གསོལ་ནས། ལེགས་སོ་ཞེས་པའི་བར་གྱིས་སོ། ༢ །ཞུ་དང་མཁན་པོར་གསོལ་དང་དང་པོ་དང་། །རབ་བྱུང་དགེ་ཚུལ་གྲིབ་ཚོད་བསླབ་པ་བརྗོད། །དེ་ལྟར་མཁན་པོ་རང་གིས་དགེ་བསྙེན་ཉིད་དུ་ཉེ་བར་བསྒྲུབས་པ་དེ་ཉིད་དགེ་འདུན་ལ་ཞུ་བར་བྱེད་པའི་དགེ་སློང་ལ་གཏད་ཅིང་། ཞུ་བའི་དགེ་སློང་དེས་ཀྱང་མཁན་པོ་ལ་ཁྱོད་ཀྱིས་བར་ཆད་ཀྱི་ཆོས་རྣམས་དྲིས་སམ་ཞེས་དྲི་བར་བྱའོ། །མ་དྲིས་པར་ཞུ་བ་བྱས་ན་འགལ་ཚབས་ཅན་དུ་འགྱུར་རོ། །དག་གོ་ཞེས་ཟེར་ན་ཡོངས་སུ་དག་པ་ཁོ་ན་ཡིན་པས། ཞུ་བའི་དགེ་སློང་དེས་གནས་མལ་བཤམས། གཎྜྻི་བརྡུངས་ནས་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་སྟེ། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལའམ། གནས་ཁང་སོ་སོ་ལ་འཁོད་པར་ལ་ཡང་རུང་། རྒན་རིམ་ལ་ཕྱག་འཚལ་དུ་བཅུག་ནས། དེ་གོང་བཞིན་དུ་འདུག་ཏུ་བཅུག་སྟེ་ཞུ་བར་བྱེད་པ་ཉིད་ཀྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། མིང་འདི་ཞེས་བྱ་བ་འདི་ཞེས་པ་ནས། ཅི་སྟེ་རབ་ཏུ་འབྱུང་ངམ་ཞེས་པའི་བར་གྱིས་སོ། །དགེ་འདུན་དུ་གྱུར་པའི་དགེ་སློང་ཐམས་ཅད་ཀྱིས་གལ་ཏེ་ཡོངས་སུ་དག་ནའོ། །ཞེས་བརྗོད་པར་བྱའོ། །གལ་ཏེ་མི་བརྗོད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ནས་མཁན་པོར་གསོལ་བར་བྱ་སྟེ། ཕྱག་བཙལ་ནས་སྔ་མ་བཞིན་དུ་འདུག་པས། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། སློབ་དཔོན་ལ་མཁན་པོར་གསོལ་གྱི། ཞེས་བྱ་བ་ལ་སོགས་པའི་སྔགས་ལན་གསུམ་དུ་བཟླས་པའི་ཚིགས་གསུམ་པ་ལ་མཁན་པོ་མཁན་པོས་ཞེས་བརྗོད་ལ་ཐབས་ལེགས་བྱའོ། །ཇི་སྲིད་རབ་བྱུང་དང་རྫོགས་པར་བསྙེན་པའི་དོན་མ་གྲུབ་ཀྱི་བར་དུ་མཁན་པོར་མི་འགྱུར་བ་མ་ཡིན་ཏེ། མཁན་པོར་གསོལ་བ་ལན་གསུམ་པ་དེའི་ཚེ་མཁན་པོ་ཉིད་དུ་གྱུར་པ་སྟེ། མཁན་པོར་གསོལ་བ་ཁས་བླངས་པ་ན་དེར་གྱུར་ཏོ། །ཞེས་དང་། འདིར་ཐ་མ་ལ་མཁན་པོའི་དོན་དུའོ། །ཞེས་པས་སོ། །དེ་ནས་དེའི་སྐྲ་དང་ཁ་སྤུ་འབྲེག་པར་བྱེད་པའི་དགེ་སློང་ལ་བཅོལ་བས། གཙུག་ཕུད་མ་གཏོགས་པ་བྲེག་པར་བྱའོ། །དེའི་འོག་ཏུ། ཅི གཙུག་ཕུད་བྲེག་གམ་ཞེས་དྲིས་པས། གལ་ཏེ་མི་བྲེག་གོ་ཞེས་ཟེར་ན། སོང་ཞིག་ཅེས་བརྗོད། བྲེགས་ཤིག་ཟེར་ན་འབྲེག་ལ་དུས་དང་མཐུན་པའི་ཁྲུས་བྱེད་དུ་གཞུག་གོ །དེ་ནས་མཁན་པོའི་རྐང་པ་ལ་གཏུགས་པའི་ཕྱག་བྱེད་དུ་བཅུག་ནས། བླ་གོས་དང་། མཐང་གོས་དང་། གདིང་བ་རབ་ཏུ་འབྱུང་བའི་ཚུལ་དང་མཐུན་པར་ཁ་བསྒྱུར་བའི་ངུར་སྨྲིག་དག་དང་། ལྷུང་བཟེད་དང་ཆུ་བཙགས་སྦྱིན་པར་བྱ་ཞིང་། ཞར་ལ་མཚན་མ་ཚོར་བར་བརྟག་གོ །ལས་དེ་མཁན་པོ་ཉིད་ཀྱིས་ངེས་པར་བྱ་དགོས་པ་མ་ཡིན་ཏེ། དགེ་སློང་ཡིད་ཆེས་པས་བྱས་པ་མཁན་པོས་ཐོས་པར་གྱུར་ན་རུང་ངོ་། །དེ་དག་ནི་དུས་དང་པོར་བྱའོ། །དེ་ནས་རྟགས་དང་། བསམ་པ་དང་། མིང་བརྗེས་ཏེ། སྟོན་པ་དང་མཁན་པོ་ལ་ཕྱག་འཚལ་དུ་བཅུག་ནས་སྔ་མ་བཞིན་དུ་འདུག་སྟེ། མཁན་པོ་དགོངས་སུ་གསོལ་ནས། ལེགས་སོ་ཞེས་བརྗོད་པའི་བར་གྱིས་རབ་ཏུ་བྱུང་བ་ཉེ་བར་སྒྲུབ་པའོ། །གསོལ་བའི་འོག་ཏུ་ཡང་རུང་ངོ་ཞེས་པས། མཁན་པོར་གསོལ་བའི་མོད་ཁོ་ན་ལ་རབ་ཏུ་བྱུང་བ་བྱ་ཞིང་། ཕྱིས་སྐྲ་དང་ཁ་སྤུ་བྲེག་པ་ཡང་རུང་བའོ། །དེ་ནས་དགེ་ཚུལ་ཉིད་དུ་སྒྲུབ་པར་བྱེད་ནུས་པའི་དགེ་སློང་ལ་གཏད་པར་བྱའོ། །དེས་ཀྱང་མཁན་པོ་ལ། ཅི ཡོངས་སུ་དག་གམ་ཞེས་དྲི་བ་ལ། ཡོངས་སུ་དག་གོ་ཞེས་ལན་བཏབ་པའི་འོག་ཏུ། སྐྱབས་དང་བདག་དང་གཞན་བརྗོད་པ་གང་གི་ཚིགས་ཐ་མའི། དཔེར་ན་གཞན་བརྗོད་པའི་དུས་ན་དགེ་ཚུལ་ཉིད་བཞིན་ནོ། །ཞེས་གསུངས་པས། དགེ་ཚུལ་ཞེས་བྱ་བའི་འོག སློབ་དཔོན་གྱིས། ཞེས་བརྗོད་པའི་གོང་དུ། དགེ་ཚུལ་གྱི་སྡོམ་པ་སྐྱེས་པ་དང་ཅིག་ཅར་དུ་སྦྱིན་པར་བྱེད་པ་དགེ་ཚུལ་གྱི་སློབ་དཔོན་དུ་གྱུར་བའི་ཕྱིར། བཙུན་པས། བཟུང་དུ་གསོལ་ཞེས་མི་བྱ་བར། སློབ་དཔོན་གྱིས་བཟུང་དུ་གསོལ་ཞེས་བརྗོད་པར་བྱའོ། །སློབ་དཔོན་གྱིས་ཐབས་ཡིན་ནོ་ཞེས་བརྗོད་ཅིང་། དགེ་ཚུལ་གྱིས་ལེགས་སོ་ཞེས་བརྗོད་དོ། །དེ་ནས་སློབ་དཔོན་མ་ཡིན་པའི་དགེ་སློང་གཞན་གང་ཡང་རུང་བ་གཅིག་གིས་གྲིབ་ཚོད་གཞལ་བར་བྱ་ཞིང་། སྐྱེས་བུ་དང་། རྩ་བ་དང་། ཉིན་མཚན་གྱི་ཆ་དང་། དུས་ཚོད་ཀྱང་བརྗོད་པར་བྱའོ། །དེ་ནས་སློབ་དཔོན་གྱིས། སློབ་དཔོན་དགོངས་སུ་གསོལ་ནས། ལེགས་སོ་ཞེས་བྱ་བའི་བར་གྱི་བསླབ་པར་བརྗོད་པར་བྱའོ། །དེ་ལྟ་བུས་བསྒྲུབས་པའི་དགེ་ཚུལ་ནི། ཉོན་མོངས་དགྲ་གཡུལ་རྒྱལ་བྱེད་ཚུལ་ཁྲིམས་ཏེ། །དགེ་ཚུལ་བརཏལ་ཞུགས་ཆུ་ལོན་བརྩིགས་པ་དང་། །འཆི་བའི་མཆེ་བ་འབྱིན་པར་བྱེད་པའི་ཐབས། །རྫོགས་པའི་བྱང་ཆུབ་དཔལ་ནོད་དབང་བསྐུར་ཡིན། །ཞེས་གསུངས་པ་ཡིན་ནོ། །ད་ནི་བསྙེན་པར་རྫོགས་པའི་ཆོ་ག་བཤད་པར་བྱ་སྟེ། སངས་རྒྱས་ཆོས་དང་དགེ་སློང་དགེ་འདུན་ལ། །ཁ་སྐོང་ཆོས་ལྡན་མི་མཐུན་གཉིས་དང་བྲལ། །དབུས་སུ་བཅུ་དང་མཐའ་འཁོབ་ལྔ་ལས་ནི། །ཉུང་བར་མི་རུང་། མངོན་དུ་གྱུར་པ་བཅུ་ལས། ༡ སངས་རྒྱས་མངོན་དུ་གྱུར་པ་ཞེས་བྱ་བའི་དོན། སངས་རྒྱས་སྟོན་པའི་སྐུ་གཟུགས་བཞུགས་པ་ལ་བྱ་སྟེ། མདོར། སངས་རྒྱས་ཀྱི་སྐུ་གཟུགས་ལ་སྟོན་པའི་འདུ་ཤེས་ཉེ་བར་བཞག ཅེས་དང་། ལུང་རྣམ་འབྱེད་ལས། བཅོམ་ལྡན་འདས་བགྲེས་པའི་ཐ་ལོགས་ན་བཞུགས་པའི་ཚེ་ན། བགྲེས་པའི་ཐ་བརྗོད་ཅིང་། མི་བཞུགས་པའི་ཚེ་ན་མི་བརྗོད་པར་མཐོང་ནས། གནང་ན་འཛམ་བུའི་གྲིབ་མ་ལ་བཞུགས་པའི་སྐུ་གཟུགས་བགྱིའོ། །གནང་གིས་གྱིས་ཤིག དེས་སྐུ་གཟུགས་བྱས་ནས་རྒན་པའི་ཐ་ལོགས་སུ་བཞག་གོ །ཞེས་འབྱུང་ཞིང་། ས་ག་ལྷས་ཀྱང་། དགའ་སྟོན་དུས་ཚེ་སྐུ་གཟུགས་ནི། །རྒན་པོའི་གོང་དུ་རྟག་ཏུ་བཞག །ཅེས་བཤད་པས་སོ། ༢ །ཆོས་མངོན་དུ་གྱུར་པ་ནི། འདིར་སྒྲུབ་པའི་ཆོས་དགེ་སློང་གི་བསླབ་པ་ལ་ནན་ཏན་དུ་བྱེད་པ་དང་། ལུང་གི་ཆོས་ལས་ཀྱི་ཆོ་ག་གཉིས་ག་མ་ཉམས་པར་ཡོད་པས་ཏེ། དེ་ཡོད་ན་དམ་པའི་ཆོས་མ་ཉམས་པའམ་མངོན་དུ་གྱུར་པ་ཞེས་བྱ་སྟེ། གླེང་གཞི་ལས། བཙུན་པ། ཇི་ཙམ་གྱིས་ན་དམ་པའི་ཆོས་མཆིས་པ་ཞེས་བགྱི། ཇི་ཙམ་གྱིས་ན་ཞིག་པ་ཞེས་བགྱི། ཨུ་པ་ལི་ཇི་སྲིད་དུ་ལས་བྱེད་ཅིང་ནན་ཏན་དུ་བྱེད་པ་ཡང་ཡོད་པའི་བར་དུ་སྟེ། ལས་བྱེད་ལ་ནན་ཏན་དུ་བྱེད་པ་ཡང་ཡོད་ན་དམ་པའི་ཆོས་ཡོད་པ་ཞེས་བྱའོ། །ལས་ཀྱང་མི་བྱེད་ལ་ནན་ཏན་བྱེད་པ་དག་ཀྱང་མེད་ན། དེ་ནི་དམ་པའི་ཆོས་ཞིག་པ་ཞེས་བྱའོ། །ཞེས་གསུངས་ཤིང་། ཐོགས་མེད་ཀྱིས། དམ་པའི་ཆོས་ཞིག་ཅིང་ནུབ་པ་ན་ནི། དགེ་སློང་གི་སྡོམ་པ་མ་བླང་བ་ནི་བླང་དུ་མེད་ལ། བླངས་པ་ནི་ཡོངས་སུ་མི་གཏོང་བར་རིག་པར་བྱ་སྟེ། ཞེས་དང་། དབྱིག་གཉེན་གྱིས་ཀྱང་། དམ་པའི་ཆོས་ནུབ་པ་ན་ལས་ཀྱི་ཐ་རྣམས་མེད་པའི་ཕྱིར་བླངས་ཀྱང་མི་སྐྱེ་བ་ཞེས་བཤད་པས་སོ། ༣ །དགེ་འདུན་ནམ་སྟོན་པ་མངོན་དུ་གྱུར་པ་ནི། ཁ་སྐོང་གི་ཆོས་དང་ལྡན་པ་ཞེས་པའི་ཁ་སྐོང་གི་ཆོས། མི་འདུག་པར་འགྲེང་པ་མ་ཡིན། གང་ལ་བྱ་བ་མ་ཡིན། འདུན་པ་དང་ཡོངས་སུ་དག་པ་ཕུལ་བ་མ་ཡིན། བསྙེན་པར་མ་རྫོགས་པ་མ་ཡིན། ཉམས་པ་མ་ཡིན། མཚམས་མེད་བྱས་པ་མ་ཡིན། སྡིག་ལྟ་ཅན་མ་ཡིན། ས་གཞན་ན་གནས་པ་མ་ཡིན། ཐ་དད་དུ་གནས་པ་མ་ཡིན། འཁྲུལ་བཅས་མ་ཡིན། མཚམས་གཞན་ན་གནས་པ་མ་ཡིན། དཀོན་མཆོག་གཞན་མ་ཡིན། རང་བཞིན་དུ་མི་གནས་པ་མ་ཡིན། མཚན་མི་མཐུན་པ་མ་ཡིན་པ་སྟེ་བཅུ་བཞི་ལས། ཆོས་ཕྱོགས་པས་ལས་བྱེད་ན། ཐ་དད་དུ་གནས་པ་མ་གཏོགས་གཞན་བཅུ་གསུམ། ཆོས་མིན་ཕྱོགས་པས་ལས་བྱེད་ན་སྡིག་ལྟ་ཅན་མ་ཡིན་པ་མ་གཏོགས་གཞན་བཅུ་གསུམ་ཚང་བ་དགོས་ལ། འདི་ཆོས་ཕྱོགས་པའི་ལས་ཡིན་ནོ། །མཚམས་ཀྱི་ནང་དེ་ཉིད་དུ་དགེ་སློང་ས་ལ་མི་འདུག་པར་བསྒྲེང་བ་དེ་སྤྱོད་ལམ་ཐ་དད་པ་ཡིན་པས་དང་། དཔེར་ན་གང་ཟག་གཅིག་ལ་བསྐྲད་པའི་ལས་བྱེད་ན་བསྐྲད་བྱ་དེ་ལྟ་བུ་དང་། འདུན་པ་དང་ཡོངས་དག་འབུལ་མཁན་དེ་ཡང་མི་རུང་སྟེ་ལས་ཀྱི་གནས་སུ་འདུས་པ་དགོས་པ་དང་། ལྟ་བ་དྲུག་ཅུ་རྩ་གཉིས་དག་གང་ཡང་རུང་བ་ཀུན་ཏུ་སྤྱོད་པ་སྡིག་ལྟ་ཅན་དང་། ས་གཞན་ན་གནས་པ་ནི་ཉེར་གཉིས་ཏེ། སྤོ་སྤྱོད་གསུམ་མགུ་སྤྱོད་གསུམ། སྤོ་ལྡན་གསུམ། མགུ་ལྡན་གསུམ་ངོ་བོ་ཉིད་ཚོལ་བ་དང་། མཐུན་པ་སྦྱིན་པ་དང་། བསླབ་པ་སྦྱིན་པ་དང་། བསྡིགས། སྨད། བསྐྲད་དང་། ཕྱིར་འགྱེད་དང་། གནས་དབྱུང་གསུམ་མོ། །ཆོས་དང་མཐུན་པའི་ཕྱིར་ཁས་བླངས་པ་དེ་ཆོས་དང་མི་མཐུན་པའི་ཕྱོགས་དང་ཐ་དད་པར་གནས་པ་དང་། འཁྲུལ་བཅས་མ་ཡིན་པ་ནི། བསྡམ་པར་བྱ་བས་ཀྱང་ཡིན་གྱི། བཤགས་པར་བྱ་བ་འབའ་ཞིག་གི་ཡིན་པར་མ་ཟད་དོ། །ཞེས་གསུངས་པ་ལས། བསྡམ་བྱའི་ཉེས་བྱས་ཚུན་ཆད་ཀྱིས་མ་གོས་པ་ཞིག་དགོས་པ། བྱིན་གྱིས་བརླབས་པས་དག་པ་ཉིད་དུ་འགྱུར་རོ། །ཞེས་པས། ལྟུང་མཐུན་བྱིན་རླབས་སོགས་བྱས་ན་ཚང་བ་ཡིན་ནོ། །སངས་རྒྱས་ནི་དཀོན་མཆོག་གཞན་ནོ། །ལྟུང་བ་ཅན་ཕྱིར་མི་འཆོས་པ་ནི་རང་བཞིན་དུ་གནས་པ་མ་ཡིན་པའོ། །མི་མཐུན་གཉིས་དང་བྲལ། མ་འདུས་པའི་མི་མཐུན་པ་དང་། འདུས་པ་ཕྱིར་ལོག་གི་མི་མཐུན་པའོ། །དང་པོ་ནི། མཚམས་ནང་དེའི་དགེ་སློང་ཁ་སྐོང་བར་འོས་པས། ལུས་སམ་འདུན་པས་མ་འདུས་པ། སྨྱོན་པའི་གནང་བ་སྦྱིན་པ་མ་ཡིན་པ། གཞི་ན་གནས་པས་ངེས་པར་ཤེས་སམ་འཕྲིགས་པ། དེ་ལ་མི་མཐུན་པའི་ལས་བྱེད་པ་མ་ཡིན་པ། གསོལ་བ་ཙམ་ཡང་མ་ཐོས་པ་ཡིན་པའོ། །དེ་དང་མ་བྲལ་ན་ལས་མི་ཆགས་པས་མ་འདུས་པའི་མི་མཐུན་པ་དང་བྲལ་བ་འདུ་བར་འོས་པ་ཐམས་ཅད་འདུས་པ་དགོས་སོ། །གཉིས་པ་འདུས་པ་ཕྱིར་སློག་གི་མི་མཐུན་པ་ནི། ལས་དེའི་མཚམས་ཀྱི་ཁོངས་སུ་གཏོགས་ཤིང་། ཁ་སྐོང་བར་འོས་པ། སྤྱོད་ལམ་ལས་མ་ཉམས་པ། རང་བཞིན་དུ་གནས་པ། ངག་ཡང་དག་པར་བསྡམས་པ། འདུལ་བ་མངོན་པར་ཤེས་པ། ནང་ཞེ་འགྲས་པ་དང་བཅས་པ་མ་ཡིན་པ་སྟེ། ཆོས་དྲུག་ལྡན་གྱི་དགེ་སློང་གིས་ལས་འདི་བྱ་བར་མི་འོས་སོ་ཞེས་བཟློག་ན་ལས་མི་ཆགས་མོད་ཀྱི། དེ་དང་བྲལ་བ་ཐམས་ཅད་ཀྱང་མི་གསུང་བའི་ཚུལ་གྱིས་གནང་བ་སྟེར་ཞིང་བཟློག་པ་ཡང་མེད་པའོ། །གྲངས་ཚང་བ་ནི། དགེ་འདུན་དུ་མ་གྱུར་བས་མི་བྱའོ། །ཞེས་པས། ལས་སོ་སོའི་དགེ་འདུན་གྱི་གྲངས་སུ་མ་ལོངས་ན་ལས་གང་ཡིན་པ་དེ་མི་ཆགས་པར་བཤད་པས། ལས་འདིའི་གྲངས་ནི། བསྙེན་པར་རྫོགས་པ་ལ་ཡང་བཅུ་ལ་སོགས་པའོ། །མཐའ་འཁོབ་དག་ཏུ་མེད་ན་འདུལ་བ་འཛིན་པ་དང་ལྔ་ལ་སོགས་པའོ། །ཞེས་དང་། ས་ག་ལྷས་ཀྱང་། ཡུལ་དབུས་སུ་ནི་དགེ་སློང་རྣམས། །བཅུ་ལས་ཉུང་དུ་མི་རུང་སྟེ། །མཐའ་འཁོབ་ཏུ་ནི་བསྙེན་རྫོགས་ཕྱིར། །ལྔ་ལ་སོགས་པས་འདོད་པ་ཡིན། །ཞེས་པས། ཡུལ་དབུས་སུ་བསྙེན་པར་རྫོགས་པའི་དགེ་སློང་ཉུང་ཚད་བཅུ་ཡན་ཆད་དང་། མཐའ་འཁོབ་ཏུ་འདུལ་བ་འཛིན་པ་བསྣན་པས་ལྔ་ཡན་ཆད་དུ་ཚང་བ་ཞིག་དགོས་ཤིང་། གཞན་ཡེ་མེད་ན་བཞིས་ཀྱང་ཚང་བར་འགྱུར་ཏེ། གལ་ཏེ་བཞི་ནི་ལས་བརྗོད་མཁས། །ཚུལ་ཁྲིམས་ལྡན་པར་གྱུར་ན་ནི། །བསྙེན་རྫོགས་མ་སྨད་གྱུར་པ་སྟེ། །ལྷ་ཡིས་ཀྱང་ནི་ཕྱག་བྱར་འོས། །ཞེས་གསུངས་པས་སོ། །དབུས་དང་མཐའ་འཁོབ་ཀྱི་མཚམས། མདོར། ཤར་དུ་ནི་ལི་ཁར་ཤིང་འཕེལ་གྱི་མདུན་གྱི་ནགས་ལི་ཁར་ཤིང་ཚང་ཚིང་ཅན་ཞེས་བྱའོ། །ལྷོར་ནི་འདམ་བུ་ཅན་གྱི་ལྷོ་ན་ཆུ་ཀླུང་དེ་ཞེས་བྱ་བའོ། །ནུབ་ཏུ་ནི་བྲམ་ཟེའི་གྲོང་ཀ་བ་དང་ཉེ་བའི་ཀ་བ་ཞེས་བྱ་བ་གཉིས་སོ། །བྱང་དུ་ནི་ཨུ་ཤི་རིའི་རི་ཞེས་བྱ་བའོ། །ཞེས་གསུངས། སློབ་དཔོན་བཞི་ལས་འདིར། གསང་སྟོན་ལས་བྱེད་གཉིས་སོ། །སློབ་དཔོན་ནི་གསང་སྟེ་སྟོན་པ་དང་། ལས་བྱེད་པ་དང་། གནས་སྦྱིན་པ་དང་། ཀློག་པ་ཡང་ངོ་། ཞེས་གསུངས་པ་བཞིའོ། །དགེ་ཚུལ་དང་། དགེ་བསྙེན་གྱི་སློབ་དཔོན་སྔར་བཤད་ཟིན་པས་འདིར་མ་བཟུང་ངོ་། །གནས་སྐབས་གང་གི་སློབ་དཔོན་ཉིད་དུ་གྱུར་པ་བཤད་པའི་ཕྱིར། དོན་གྲུབ་ན་གྱུར་པ་ཉིད་དོ། །ཞེས་གསུངས་པས། གསང་སྟེ་སྟོན་པའི་བྱ་བ་ཡོངས་སུ་རྫོགས་ན། གསང་སྟེ་སྟོན་པའི་སློབ་དཔོན་དང་། དེ་བཞིན་དུ་དགེ་སློང་གི་སྡོམ་པ་སྐྱེ་བ་དང་། ཅིག་ཅར་དུ་ལས་བྱེད་པའི་སློབ་དཔོན་དུ་འགྱུར་རོ། །གང་གི་དྲུང་དུ་མཚམས་གཅིག་ཏུ་གནས་སུ་འཛིན་པས་ཉིན་ཞག་གཅིག་ལྷན་ཅིག་གནས་པར་བྱེད་ན། སྐྱ་རེངས་འཆར་བའི་དུས་གནས་སྦྱིན་པའི་སློབ་དཔོན་དང་། ཀློག་པའི་བསམ་པས། གང་ལ་ཚིགས་སུ་བཅད་པ་གཅིག་ལན་གསུམ་བཟླས་ན་ཀློག་པའི་སློབ་དཔོན་དུ་འགྱུར་བ་ཞེས་བྱའོ། །གལ་ཏེ་ཀློག་པའི་བསམ་པ་མེད་པས་བརྗོད་ན་དེ་ཀློག་པ་མ་ཡིན་ཏེ། དཔེར་ན་ཁ་ཏོན་ནམ་ཟློས་པ་བཞིན་ནོ། །དེ་ཉིད་མདོར། གནས་སྦྱིན་པ་ནི་ཞག་གཅིག་གནས་ཉིད་ཀྱི་ཕྱིར་ཉེ་བར་གནས་པའི་མཐར་ཐུག་ནའོ། །ཀློག་པ་ནི་ཚིགས་སུ་བཅད་པ་གཅིག་ལན་གསུམ་བཟླས་ནའོ། །ཀློག་པའི་བསམ་པ་མེད་པས་བརྗོད་པ་ནི་ཀློག་པ་ཉིད་མ་ཡིན་ནོ། །ཞེས་གསུངས་སོ། །གསང་སྟོན་མངོན་དུ་གྱུར་པ་ནི། །མཁན་པོས་གསང་སྟོན་དུ་གསོལ་བ་བཏབ་པ། གསང་སྟོན་དུ་བསྐོ་བར་འོས་པའི་ཆོས་ལྔ་ལྡན་ལ། དགེ་འདུན་གྱི་གསང་སྟོན་དུ་ལས་ཀྱིས་བསྐོས་ཤིང་ཆགས་པའོ། །ལས་ཀྱི་སློབ་དཔོན་མངོན་དུ་གྱུར་པ་ནི། ཁ་སྐོང་བར་འོས་པ་དགེ་འདུན་གྱི་དབུས་སུ་ལས་ཀྱི་ཆོ་ག་ཚིག་ཕྱེད་ཀྱང་མ་འཁྲུལ་པར་བློ་ལ་ཐོན་པ་ལ་མཁན་པོའི་ཚིག་གིས་གསོལ་བ་བཏབ་པའོ། །མཁན་པོ་དང་ལས་ཀྱི་སློབ་དཔོན་དུ་གྱུར་པ་ལ། མཁན་པོ་དང་སློབ་དཔོན་གྱི་སྒྲ་མ་གཏོགས་རྣམ་པ་གཞན་དུ་ཉེ་བར་མི་བརྗོད་ཅིང་། མཁན་སློབ་མ་ཡིན་པ་གཞན་ལ་མཁན་སློབ་ཏུ་བརྗོད་པར་མི་བྱའོ། །དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཞེས་མ་སྨྲས་པར་ཡང་མཁན་པོའི་མིང་མི་གཟུང་ངོ་། །དང་པོར་བྱ། གལ་ཏེ་ལྷན་ཅིག་གནས་པ་མང་པོ་ཞིག་ཡོད་ན། ཇི་སྐད་དུ། དགེ་ཚུལ་གཅིག་ལས་ལྷག་པ་ཉེ་བར་བཞག་པར་མི་བྱའོ། །གལ་ཏེ་སོ་སོ་རབ་ཏུ་བྱུང་བར་མི་འདོད་ན་རབ་ཏུ་ཕྱུང་ལ་རྒན་པ་བསྙེན་པར་རྫོགས་པར་བྱའོ། །གལ་ཏེ་མ་ལོན་ན་གཞན་ལ་རེ་ཞིག་གནས་པའི་དོན་དུ་གཏང་བར་བྱའོ། །དེས་དེ་དབྲོག་པར་མི་བྱའོ། །བསྙེན་པར་རྫོགས་པར་བྱའོ། །མི་སྟེར་བ་ལས་མཐུས་བཀུག་སྟེའོ། །ཞེས་བསྟན་པ་ལྟར་དུ་བྱ་ཞིང་ལོ་ཚིགས་མི་ཤེས་ན་མཚན་གྱི་ཉེན་ཀོར་དུ་སྤུ་སྐྱེས་པ་སྒྱུ་ཐབས་ཀྱིས་བརྟག་པར་བྱའོ། །བསྙེན་པར་རྫོགས་པར་འདོད་པ་ཤིང་ལ་འཛེག་ཏུ་འཇུག་པ་དང་། མཚམས་ཀྱི་ཕྱི་རོལ་ཉེན་དང་བཅས་པར་མི་གཏང་ངོ་། །དེ་ལ་དགེ་སློང་གི་བསླབ་པའི་གནས་རྣམས་ཀྱང་བརྗོད་པར་མི་བྱའོ། །དེ་ནས་བསྒྲུབ་བྱ་དེས་ལོ་ཉི་ཤུ་ལོན་ན་མཁན་པོས་དེའི་ལྷུང་བཟེད་དང་ཆོས་གོས་དག་སྩལ་བར་བྱ་ཞིང་། ལས་བྱེད་པའི་དགེ་སློང་དང་། །གསང་སྟོན་དང་ལས་ཀྱི་གནས་སུ་འཇུག་པར་འགྱུར་བའི་དགེ་སློང་དག་ལ་ཡང་གསོལ་བ་གདབ་པར་བྱའོ། །ལས་ཀྱི་གནས་སུ་འཇུག་པར་འགྱུར་བའི་དགེ་སློང་དེ་དག་གིས་ཀྱང་ཟླ་བ་ཕྱེད་འདས་པའི་ཉེས་པ་བསྡམ་པར་བྱ་བ་དང་། བཤགས་པར་བྱ་བ་དང་། བྱིན་གྱིས་བརླབ་པར་བྱ་བ་དག་སོ་སོར་བརྟག་པར་བྱ་ཞིང་། ཉེས་པ་ཤེས་པ་བསྡམ་པ་དང་བཤགས་པའམ། བྱིན་གྱིས་བརླབས་པས་ཕྱིར་བཅོས་ཏེ་གནས་ལ་བློ་མཐུན་པར་བྱས་ཏེ་འདུག་པར་བྱའོ། །དེ་ནས་བསྒྲུབ་བྱ་དང་པོར་སྟོན་པ་དང་། དེའི་འོག་ཏུ་དགེ་སློང་རེ་རེ་ལ་ཕྱག་ལན་གསུམ་འཚལ་དུ་གཞུག་གོ །ཕྱག་ནི་གཉིས་ཏེ། ཡན་ལག་ལྔས་ཕྱག་འཚལ་བ་དང་། སྒྱིད་པ་ལ་འཁྱུད་པ་སྟེ་གང་ཡང་རུང་བ་བྱའོ། ༤ །དེ་ནས་མཁན་པོ་མངོན་དུ་གྱུར་པ་བསྟན་པའི་ཕྱིར། ལོ་བཅུ་ལོན་དང་། ཞེས་སྨྲས་ཏེ། བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་པར། མཁན་པོ་ཉིད་དང་། གནས་ཉིད་དང་། མི་གནས་པར་འདུག་པར་མི་བྱའོ། །ཞེས་པས་དགེ་སློང་གི་བསླབ་པ་བླངས་ནས་ཇི་སྲིད་ལོ་བཅུ་མ་ལོན་པ་དེ་སྲིད་དུ་སློབ་མ་གཟུང་བར་མི་བྱ། གནས་སྦྱིན་པར་མི་བྱ། རང་ཡང་མི་གནས་པར་འདུག་པར་མི་བྱའོ། །ཅི་ལོ་བཅུ་ལོན་པ་ཐམས་ཅད་ཀྱིས་དེ་གསུམ་བྱ་བ་ཡིན་ནམ་ཞེ་ན་མ་ཡིན་པས། ལྷན་ཅིག་སྦྱར་ལྡན་པའི། ཞེས་སྨོས་ཏེ། འོག་ནས་འབྱུང་བ་དག་ལས་ལྷན་ཅིག་སྦྱར་བ་གང་དང་ཡང་མི་ལྡན་པས་ནི་མ་ཡིན་ནོ། །ཞེས་པས་ལྔ་ཕྲུགས་སུ་སྦྱར་བ་ཉེར་གཅིག་ལས། གང་ཡང་དུང་བ་དང་མི་ལྡན་པ་དང་། འབྱོར་པ་དང་མཐུན་པ་མ་ཡིན་ན་ལོ་བཅུ་ལོན་པ་དེས་ཀྱང་སློབ་མ་གཟུང་བར་མི་བྱ། གནས་སྦྱིན་པར་མི་བྱ། རང་ཡང་མི་གནས་པས་འདུག་པར་མི་བྱའོ། །དེ་ཡང་མཉན་ཡོད་དུ་ཉེ་སྡེས། རང་གིས་ལོ་གཅིག་ལོན་ནས་གཞན་རབ་ཏུ་བྱུང་ཞིང་བསྙེན་རྫོགས་བྱས་ཏེ། དེ་དང་ལྷན་ཅིག་སྟོན་པའི་སྤྱན་སྔར་སོང་བས། སྟོན་པས་ཉེ་སྡེས་དང་པོ་ཁོ་ནར་ཚོགས་བསྡུ་བར་བསམས་སོ་ཞེས་གསུངས་ནས། བྱུང་བ་འདི་ལ་ལོ་གཅིག་དང་གཉིས་ནས་དགུ་ལོན་པས་ཀྱང་རབ་བྱུང་དང་། བསྙེན་རྫོགས་དང་། གནས་སྦྱིན་པ་དང་། དགེ་ཚུལ་བཞག་པ་དང་། བདག་ཉིད་ཀྱང་མི་གནས་པར་འདུག་པར་མི་བྱའོ། །ལོ་བཅུ་ལོན་ནས་དེ་རྣམས་བྱའོ། །ཞེས་བཅས་པས། ལོ་བཅུ་ལོན་ནས་བྱིས་པ་མི་མཁས་པ་ཡང་མཁན་པོ་བྱེད་དེ། རྒན་ཞུགས་ཤིག་གིས་མུ་སྟེགས་རབ་ཏུ་ཕྱུང་། དེས་གདམ་ངག་དང་རྗེས་སུ་གདམས་པ་དུས་སུ་མ་ཐོབ་ནས། བསླབ་པ་ཕུལ། ཉམས་པའི་སྐབས་དེ་གསོལ་པས། བཀའ་སྩལ་པ། ལོ་བཅུ་ལོན་ཆོས་ལྔ་དང་ལྡན་པའི་རབ་ཏུ་བྱུང་བ་ལ་སོགས་པ་བྱ་སྟེ། ཞེས་གནང་བས་སོ། །འགྲེལ་པར། དེ་ལ་ལོ་བཅུ་ལོན་པ་ཉིད་འདི་ནི་ལྔ་པ་དང་པོའི་ཡན་ལག་དང་པོ་ཡིན་པར་རིག་པར་བྱ་སྟེ། འདུལ་བ་ལ་གནས་པའི་དོན་ཉིད་ཀྱང་བསྟན་པ་ཡིན་ནོ། །དེ་ལྔ་པ་ལྷག་མ་རྣམས་ཀྱི་ནི་ཡུལ་ཡིན་པར་སྟོན་ཏེ། གང་ལ་ལོ་བཅུ་ལོན་པ་ཉིད་དང་། འདུལ་བ་ལ་གནས་པའི་དོན་ཉིད་གཉིས་པོ་དེ་དག་ཡོད་པ་དེས་ནི་མཁན་པོ་ཉིད་ལ་སོགས་པ་གསུམ་པོ་དག་བྱ་སྟེ། འདི་ལྟར་དེ་ནི་མཁན་པོ་ཉིད་ལ་སོགས་པ་དག་གི་གཙོ་བོའི་རྒྱུ་ཡིན་པའི་ཕྱིར་རོ། །སློབ་པ་ཉིད་ལ་སོགས་པའི་ཡན་ལག་ལྷག་མ་ནི་བྱེ་བྲག་ཏུ་གྱུར་པ་ཉིད་ཡིན་ཏེ། དེ་མེད་ཀྱང་མཁན་པོ་ཉིད་ལ་སོགས་པའི་རྒྱུར་རུང་བས། དེའི་ཕྱིར་ལོ་བཅུ་ལོན་པ་ཉིད་དང་། འདུལ་བ་ལ་གནས་པའི་དོན་ཉིད་ནི་འདའ་བར་བྱ་བ་མ་ཡིན་པའི་ཡན་ལག་ཡིན་ནོ། །དོན་འདི་བསྟན་པའི་ཕྱིར་དང་པོ་ལོ་བཅུ་ལོན་པ་ཉིད་སྨོས་སོ། །ཞེས་སོ། །ལྷན་ཅིག་ཏུ་སྦྱར་བ་ཉེར་གཅིག་གི་སྡོམས་ནི། ལོ་བཅུ་འཛིན་དང་མཁས་པ་དང་། །རིག་དང་གསལ་དང་འཛིན་འཇུག་དང་། །སློབ་དང་སློབ་འཇུག་རྣམ་གཉིས་དང་། ཕུན་སུམ་ཚོགས་གཉིས་རྣམ་པ་གསུམ། །སློབ་དང་མི་སློབ་བྱུང་ཤེས་དང་། །གནས་འཆའ་འཆར་འཇུག་ལྟུང་བ་ཤེས། །ལྷོ་ཡི་རི་ལ་རྒྱུ་བ་ཡིན། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །ལོ་བཅུ་ལོན་པ་དང་། ནད་གཡོག་དང་། འགྱོད་པ་བསལ་བ་དང་། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྤོང་བ་དང་། གནས་མངོན་པར་མི་དགའ་བ་འདོར་བར་རང་གིས་བྱེད་པ་འམ། གཞན་བྱེད་དུ་འཇུག་ནུས་པ་ལོ་བཅུ་ལོན་པའི་ལྔ་ཚན་ནི་ལྔ་ཚན་དང་པོའོ། །སྙིང་རྗེ་དང་ལྡན་པ་ཉིད་དང་། སྡུག་བསྔལ་ལ་ཇི་མི་སྙམ་པ་གཉིས་ཡོད་པ། དེ་ནི་སློབ་མ་དང་ཉེ་གནས་ན་བའི་ནད་གཡོག་བྱེད་དམ། བྱེད་དུ་གཞུག་པའི་མཐུ་ཡོད་པ་ཞེས་བྱའོ། །བྱ་བ་འདིས་བདག་ལྟུང་བ་དང་བཅས་པར་འགྱུར་རམ། འོན་ཏེ་མ་ཡིན་ཞེས་པ་ནི་འགྱོད་པར་འགྱུར་བ་སྟེ། ལྟུང་བ་དང་ལྟུང་བ་མ་ཡིན་པ་མངོན་པར་ཤེས་ཤིང་། དེ་ལས་བསླབ་པ་ཡང་མངོན་པར་ཤེས་པ་དེ་ནི་དེ་དག་གི་འགྱོད་པ་དེ་སེལ་བར་ནུས་པ་ཡིན་ནོ། །དེ་བས་ཡན་ལག་འདིས་འདུལ་བ་ལ་གནས་པའི་དོན་ཉིད་བསྟན་ནོ། །སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་ཞེས་པ་ལ་སོགས་པས་ནི་ཆོས་མངོན་པ་ལ་མཁས་པ་ཉིད་བསྟན་ཅིང་། གནས་མངོན་པར་མི་དགའ་བ་ཞེས་བྱ་བ་ལ་སོགས་པས་ནི་བསམ་པས་ཤེས་པ་ཉིད་བསྟན་ཏེ། གང་ལ་ཡན་ལག་བཞི་པོ་དེ་དག་རང་གིས་བྱེད་པའི་མཐུ་མེད་ན་གཞན་བྱེད་དུ་གཞུག་པའི་མཐུ་ཡོད་དུ་ཟིན་ཀྱང་། དེས་སློབ་མ་གཟུང་བ་ལ་སོགས་པའི་གནས་གསུམ་པོ་དེ་དག་མི་བྱ་སྟེ། འདུལ་བ་ལ་གནས་པའི་དོན་ལས་འདས་པར་འགྱུར་བས་སོ། །འདིར་བྱེད་དུ་གཞུག་པ་ཞེས་སྨོས་པ་ནི་འདུལ་བ་ལ་ལྟོས་པའི་ཕྱིར་ཏེ། ལ་ལ་འདུལ་བ་ནི་ལ་ལས་ནུས་ཀྱིས། ཐམས་ཅད་ཀྱིས་ཐམས་ཅད་ནུས་པ་ནི་མ་ཡིན་པས་སོ། །དེ་བས་ན་འདི་ནི་རང་གིས་གཞན་ལ་བསྒོ་ནས་བྱེད་དུ་གཞུག་པ་ལ་གཟུང་བར་བྱའོ། །འདུལ་བ་དང་། མདོ་སྡེ་དང་། མངོན་པ་གསུམ་འཛིན་པ་དང་། དེ་དག་གི་སྟེང་དུ་མང་དུ་ཐོས་པ་དང་། ཚུལ་ཁྲིམས་དང་ལྡན་པ་བསྣན་པའི་ལྔ་ཚན་ནི་གཉིས་པའོ། །མདོ་སྡེ་ལ་སོགས་པ་གཟུང་བ་མི་བརྗེད་པར་འཛིན་པའོ། །གང་ལ་ཚུལ་ཁྲིམས་འཆལ་བའི་སྐབས་མེད་པ་དེ་ནི་ཚུལ་ཁྲིམས་དང་ལྡན་པ་ཉིད་དོ། །བསྟན་བཅོས་མང་པོ་ཤེས་པར་ཉིད་ནི་མང་དུ་ཐོས་པའོ། །འགྲེལ་པར། ལྔ་པ་གང་ལ་སྡེ་སྣོད་མངོན་པར་ཤེས་པ་ཉིད་ཡོད་པ་དེར་ནི་མང་དུ་ཐོས་པ་ཉིད་གཞན་གྱི་བསྟན་བཅོས་ཀྱི་ཡུལ་ཅན་ཡིན་ནོ། །གང་དུ་སྡེ་སྣོད་མངོན་པར་ཤེས་པ་མ་བསྡུས་པ་དེར་ནི་མང་དུ་ཐོས་པ་ཉིད་རང་གི་གྲུབ་པའི་མཐའི་ཡུལ་ཅན་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །སྡེ་སྣོད་གསུམ་མཁས་པ་གསུམ་ལ་མང་ཐོས་ཚུལ་ལྡན་བསྣན་པའི་ལྔ་ཚན་ནི་གསུམ་པའོ། །སྡེ་སྣོད་གསུམ་ཕན་ཚུན་འབྲེལ་བས་འདྲེས་པར་གནས་པ་ལ་སོ་སོར་འབྱེད་པར་ནུས་པ་ནི་མཁས་པའོ། །སྡེ་སྣོད་གསུམ་རིག་པ་གསུམ་ལ་མང་ཐོས་ཚུལ་ལྡན་བསྣན་པའི་ལྔ་ཚན་ནི་བཞི་པའོ། །མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མ་གཉིས་དང་། ལུང་གི་མདོ་སྡེ་ལ་སོགས་པ་སྦྱོར་བ་ནི་རིག་པའོ། །སྡེ་སྣོད་གསུམ་གསལ་བ་གསུམ་དང་། མང་ཐོས་ཚུལ་ལྡན་བསྣན་པའི་ལྔ་ཚན་ནི་ལྔ་པའོ། །ལུང་དང་རིགས་པ་གཉིས་ཀྱིས་མདོ་སྡེ་ལ་སོགས་པ་སྦྱར་ཏེ་གཞན་ལ་གོ་བར་བྱེད་ནུས་པ་གང་ཡིན་པ་དེ་ནི་གསལ་བའོ། །སྡེ་སྣོད་གསུམ་འཛིན་འཇུག་ནུས་པ་གསུམ་ལ་མང་ཐོས་ཚུལ་ལྡན་བསྣན་པའི་ལྔ་ཚན་ནི་དྲུག་པའོ། །སྡེ་སྣོད་མངོན་པར་ཤེས་པའི་གང་ཟག་ཉིད་ཀྱིས་གཞན་ལ་གོ་བར་བྱེད་ནུས་པ་གང་ཡིན་པ་དེ་ནི་འཛིན་འཇུག་ནུས་པ་ཉིད་དོ། །ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་དང་། ལྷག་པ་ཤེས་རབ་ཀྱི་བསླབ་པ་གསུམ་ལ་བསླབ་པ་གསུམ་དང་། མང་ཐོས་ཚུལ་ལྡན་བསྣན་པའི་ལྔ་ཚན་ནི་བདུན་པའོ། །ལྷག་པའི་ཚུལ་ཁྲིམས་ཞེས་སྨོས་པ་ནི་འདུལ་བར་གཏོགས་པའི་བསླབ་པའི་གཞི་ཐམས་ཅད་གཟུང་བ་ཡིན་ནོ། །ལྷག་པའི་སེམས་ཞེས་སྨོས་པས་ནི་བསམ་གཏན་བཞི་པོ་དག་གཟུང་སྟེ། དེ་དག་ནི་སེམས་འདུལ་བར་བྱེད་པ་ཡིན་པའི་ཕྱིར་རོ། །ལྷག་པའི་ཤེས་རབ་སྨོས་པ་ནི་ཟག་པ་མེད་པའི་ལམ་གཟུང་ངོ་། །དེ་གསུམ་ཀ་ཡང་ལྷག་པ་ནི་མྱ་ངན་ལས་འདས་པ་སྟེ། དེའི་དབང་དུ་བྱས་པ་ཞེས་བྱའོ། །བསླབ་པ་གསུམ་པོ་དེ་ལ་སློབ་ཏུ་འཇུག་པ་གསུམ་དང་། མང་ཐོས་ཚུལ་ལྡན་བསྣན་པའི་ལྔ་ཚན་ནི་བརྒྱད་པའོ། །བདག་ཉིད་མ་ཐུལ་བར་གཞན་འདུལ་བར་བྱེད་པ་ནི་གནས་མེད་སྐབས་མེད་པས་རང་ཉིད་ཀྱིས་བསླབས་ནས་གཞན་སློབ་ཏུ་འཇུག་པ་ནི་སློབ་ཏུ་འཇུག་ནུས་པ་ཉིད་དོ། །ལྷག་པའི་སྤྱོད་པ་དང་། འདུལ་བ་དང་། སོ་སོ་ཐར་པ་ལ་སློབ་པ་གསུམ་དང་། མང་ཐོས་ཚུལ་ལྡན་བསྣན་པའི་ལྔ་ཚན་ནི་དགུ་པའོ། །ལྷག་པའི་སྤྱོད་པ་ཞེས་བྱ་བ་ནི་འདུལ་བ་ལས་འགྲོ་བ་དང་འོང་བ་ལ་སོགས་པ་ཡིན་པར་གསུངས་ཏེ། རྟག་ཏུ་ལྷག་པར་སྤྱད་པར་བྱ་བ་ཡིན་པའི་ཕྱིར་རོ། །འདུལ་བ་ཞེས་བྱ་བ་ནི་སོ་སོ་ཐར་པའི་གཞི་རྣམ་པར་བཤད་པར་གྱུར་པ་རྣམ་པར་འབྱེད་པ་དང་། ཕྲན་ཚེགས་དང་། གཞི་ལ་སོགས་པའོ། །སོ་སོ་ཐར་པ་ཞེས་བྱ་བ་ནི་སོ་སོ་ཐར་པར་གཏོགས་པའི་བསླབ་པའི་གཞི་རྣམས་སོ། །དེ་གསུམ་ལ་སློབ་ཏུ་འཇུག་པ་ལ་མང་ཐོས་ཚུལ་ལྡན་བསྣན་པའི་ལྔ་ཚན་ནི་བཅུ་པའོ། །དད་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་དང་། ཤེས་རབ་ཕུན་སུམ་ཚོགས་པའི་ལྔ་ཚན་ནི་བཅུ་གཅིག་པའོ། །དད་པ་ཞེས་བྱ་བ་ནི་དཀོན་མཆོག་གསུམ་ལ་སོགས་པ་དག་ལ་སེམས་དང་བའི་མཚན་ཉིད་དོ། །ཚུལ་ཁྲིམས་ཞེས་བྱ་བ་ནི་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་སྤོང་བའི་མཚན་ཉིད་དོ། །ཐོས་པ་ཞེས་བྱ་བ་སྨོས་པས་ནི་འདིར་འདུལ་བ་གཟུང་བ་སྟེ། འདུལ་བ་ལ་གནས་པའི་དོན་ཉིད་ཤིན་ཏུ་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །གཏོང་བ་ཞེས་བྱ་བ་ནི་མ་ཆགས་པའི་ངོ་བོ་ཉིད་དོ། །ཤེས་རབ་ཅེས་བྱ་བ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་བོ། །དེའི་དངོས་པོ་ནི་ཕུན་སུམ་ཚོགས་པ་ཉིད་དོ། །ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། དེ་ཤེས་མཐོང་ཕུན་སུམ་ཚོགས་པའི་ལྔ་ཚན་ཏེ་བཅུ་གཉིས་པའོ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ནི་འདུལ་བ་མངོན་པར་ཤེས་པ་ཉིད་དོ། །རྣམ་པར་གྲོལ་བ་ནི་མི་སློབ་པ་རྣམ་པར་གྲོལ་བ་ལ་བྱའོ། །དེ་ཞེས་བྱ་བའི་སྒྲ་ནི་གོང་དུ་བསྟན་མ་ཐག་པ་ལ་བསྙེགས་པས་རྣམ་པར་གྲོལ་བ་ཤེས་པ་སྟེ་ཟད་པ་དང་མི་སྐྱེ་བ་ཤེས་པའོ། །མཐོང་བ་ནི་མི་སློབ་པའི་ལྟ་བའོ། །དྲན་པ་དང་ལྡན་པ་དང་། མང་ཐོས་ཚུལ་ལྡན་དང་། བརྩོན་འགྲུས་བརྩམས་པ་དང་། ཤེས་རབ་དང་ལྡན་པ་རྣམ་པ་གསུམ་གྱི་ལྔ་ཚན་དང་པོ་སྟེ་བཅུ་གསུམ་པའོ། །ལུས་ཚོར་སེམས་ཆོས་རྣམས་ལ་རང་སྤྱིའི་མཚན་ཉིད་ཀྱིས་བརྟགས་ནས་སྒོམ་པར་བྱེད་པའི་དྲན་པ་ཉེ་བར་བཞག་པ་བཞི་ནི་དྲན་པ་དང་ལྡན་པའོ། །ཡང་དག་པར་སྤོང་བ་བཞིའི་ངོ་བོར་གྱུར་པ་ནི་བརྩོན་འགྲུས་སོ། །ནང་དུ་ཡང་དག་པར་བཞག་པ་དང་ལྡན་པ་དང་། མང་ཐོས་དང་། ཚུལ་ལྡན་དང་། བརྩོན་འགྲུས་བརྩམས་པ་དང་། ཤེས་རབ་དང་ལྡན་པ་ནི་རྣམ་པ་གསུམ་གྱི་ལྔ་ཚན་བར་པ་སྟེ་བཅུ་བཞི་པའོ། །ལུས་འདུ་འཛི་དང་། སེམས་རྣམ་པར་གཡེང་བ་ལ་རབ་ཏུ་དབེན་པ་ནི་ནང་དུ་ཡང་དག་པར་བཞག་པ་དང་ལྡན་པ་ཞེས་བྱའོ། །མཉམ་པར་བཞག་པ་དང་ལྡན་པ་དང་། མང་ཐོས་ཚུལ་ལྡན་བརྩོན་འགྲུས་ཤེས་རབ་ནི་རྣམ་པ་གསུམ་གྱི་ལྔ་ཚན་ཐ་མ་སྟེ་བཅོ་ལྔ་པའོ། །བྱིང་རྒོད་དང་བྲལ་བའི་སྒོ་ནས་སེམས་མཉམ་པར་བཞག་པ་ནི་མཉམ་པར་བཞག་པ་དང་ལྡན་པའོ། །ཐམས་ཅད་དུ་མང་དུ་ཐོས་པ་ཉིད་ཅེས་སྨོས་པ་ནི་འདུལ་བ་ལ་གནས་པའི་དོན་ཉིད་སྟོན་ནོ། །སློབ་པའི་ཟག་པ་མེད་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་ལྡན་པའི་ལྔ་ཚན་ནི་བཅུ་དྲུག་པའོ། །ཟག་པ་མེད་པའི་ལམ་གྱིས་ཉོན་མོངས་པ་སྤང་བའི་ཕྱིར་སློབ་པའི་ངང་ཚུལ་ཅན་ཡིན་པས་སློབ་པ་ཞེས་བྱ་སྟེ། གང་ཟག་བདུན་པོ་གང་རུང་ངོ་། །ཆོས་བཟོད་དང་། སྒོམ་ལམ་བར་ཆད་མེད་ལམ་རྣམས་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཞེས་བྱའོ། །མི་སློབ་པའི་རྒྱུད་ཀྱི་ཟག་པ་མེད་པའི་ཕུང་པོ་ལྔའི་ལྔ་ཚན་ནི་བཅུ་བདུན་པའོ། །ཉོན་མོངས་པ་སྤངས་པའི་མི་སློབ་པ་སྟེ་དགྲ་བཅོམ་པའོ། །ལྔ་པ་འདི་གཉིས་ཀྱིས་ཀྱང་འདུལ་བ་ལ་གནས་པ་ཤུགས་ལ་བསྟན་པ་ཡིན་ཏེ། དེ་གཉིས་ནི་འཕགས་པ་ཡིན་པས་ལོ་བཅུ་པོ་དག་ལ་འདུལ་བ་ལ་གདོན་མི་ཟ་བར་འབད་པ་བྱས་པ་ཡིན་པའི་ཕྱིར་རོ། །བྱུང་བ་ཤེས་པ་དང་། བཅས་པ་དང་། རྗེས་སུ་བཅས་པ་དང་། གནང་བ་དང་། བཀག་པ་ཤེས་པའི་ལྔ་ཚན་ནི་བཅོ་བརྒྱད་པའོ། །གླིང་གཞི་དང་། བྱེད་རྒྱུ་དང་། རྒྱུ་མཚན་ཤེས་པ་ནི་བྱུང་བ་ཤེས་པའོ། །འདི་ལ་བྱུང་ལ་བཅས་པ་དང་། མ་བཅས་པའི་དབྱེ་བ་གཉིས། དེ་ལས་བསླབ་པའི་གཞི་རྣམས་རྣམ་པར་གཞག་པ་ནི་བཅས་པའོ། །འདི་ལ་ནི་དགག་པའི་བཅས་པ། བསྒྲུབ་བའི་བཅས་པ། གནང་བའི་བཅས་པ་གསུམ་མོ། །སྔར་གནང་བའི་གཞི་ལ་བཀག་པ་དང་། སྔར་བཀག་པ་ལ་གནང་བ་གང་ཡིན་པ་དེ་ནི་རྗེས་སུ་བཅས་པའོ། །འདི་ལ་དགག་པའི་རྗེས་སུ་དགག་པ་བཅས་པ། བསྒྲུབ་པའི་རྗེས་སུ་བསྒྲུབ་པ་བཅས་པ། གནང་བའི་རྗེས་སུ་གནང་བ་བཅས་པ་སྟེ་བཅས་རིགས་ཀྱི་མཚན་ཉིད་མི་འདོར་བའི་མུ་གསུམ། དགག་པའི་རྗེས་སུ་གནང་བ་བཅས་པ། དགག་པའི་རྗེས་སུ་བསྒྲུབ་པ་བཅས་པ། བསྒྲུབ་པའི་རྗེས་སུ་དགག་པ་བཅས་པ། བསྒྲུབ་པའི་རྗེས་སུ་གནང་བ་བཅས་པ། གནང་བའི་རྗེས་སུ་བཀག་པ་བཅས་པ། གནང་བའི་རྗེས་སུ་བསྒྲུབ་པ་བཅས་པ་སྟེ་བཅས་རིགས་ཀྱི་མཚན་ཉིད་དོར་བའི་མུ་དྲུག་སྟེ། རྗེས་བཅས་མུ་དགུ་ཡོད་དོ། །ཅི་དགར་སྤྱད་པའི་ཡུལ་ལ་བྱ་བ་གང་ཡང་རུང་བ་ཞིག་བྱེད་ན་ལྟུང་བ་མེད་པར་གནང་བ་ནི་གནང་བའོ། །སྲོག་ལ་བབ་ཀྱང་གཞི་འདི་ལྟ་བུ་རྣམ་པ་ཐམས་ཅད་དུ་མི་བྱའོ་ཞེས་གསུངས་པ་ལྟ་བུ་ནི་བཀག་པའོ། །བར་དུ་གཅོད་པའི་ཆོས་ཤེས་པ་དང་། མི་གཅོད་པའི་ཆོས་ཤེས་པ་དང་། སྨྲ་བ་པོ་དང་། རྗེས་སུ་སྟོན་པ་དང་། མཁན་པོ་ཡུལ་གཞན་དུ་འགྲོ་བ་ན་གནས་འཆར་འཇུག་ནུས་པའི་ལྔ་ཚན་ནི་བཅུ་དགུ་པའོ། །འདུལ་བ་ལས། སྲོག་གཅོད་པ་ལ་སོགས་པའི་བྱ་བ་མ་ཡིན་པ་གང་ཡིན་པ་དེ་ནི་བར་དུ་གཅོད་པར་ནུས་པའི་ཕྱིར་བར་དུ་གཅོད་པའོ། །བྱ་བ་གང་ཡིན་པ་དེ་ནི་བར་དུ་གཅོད་པ་མ་ཡིན་ནོ། །ཡན་ལག་གཉིས་པོ་གཞན་ལ་སྟོན་ནུས་པ་གང་ཡིན་པ་དེ་ནི་སྨྲ་བ་པོ་ཉིད་དོ། །སློབ་མ་ལ་སོགས་པ་དག་བྱ་བ་མ་ཡིན་པ་དག་ལས་ལེགས་པར་འཇོག་པ་དང་། རྗེས་སུ་མཐུན་པ་དང་། རྣམ་པར་བཟློག་པ་དང་། རྗེས་སུ་མཐུན་པར་སྨྲ་བ་ཉིད་དང་། བྱ་བ་དག་ལ་རྗེས་སུ་བསྒྲུབ་པ་ལ་རྗེས་སུ་འཇུག་པ་དང་། རྗེས་སུ་མཐུན་པར་སྨྲ་བ་ཉིད་ནི་རྗེས་སུ་སྟོན་པའོ། །གནས་དང་བྱ་བ་ལ་རང་དབང་ཡོད་པ་ནི་གནས་འཆའ་འཇུག་ནུས་པའོ། །སྔ་མ་བཞིའི་སྟེང་དུ་རེ་ཞིག་གནས་འཆར་འཇུག་ནུས་པའི་ལྔ་ཚན་ནི་ཉི་ཤུ་པའོ། །རེ་ཞིག་པའི་བསམ་པས་གནས་དང་བྱ་བ་ལ་རང་དབང་ཡོད་པ་ནི་རེ་ཞིག་པའི་གནས་འཆར་འཇུག་ནུས་པའོ། །ལྟུང་བ་དང་ལྟུང་བ་མ་ཡིན་པ་ཤེས་པ་དང་། ཡང་བ་དང་ལྕི་བ་མངོན་པར་ཤེས་པ་དང་། སོ་སོ་ཐར་པ་རྒྱས་པར་ཐོན་པ་ཉིད་ཀྱི་ལྔ་ཚན་ནི་ཉེར་གཅིག་པའོ། །འདུལ་བ་མཐའ་དག་ཤེས་པ་ནི་སོ་སོ་ཐར་པ་རྒྱས་པར་ཐོན་པའོ། །ལྔ་ཕྲུགས་སུ་སྦྱར་བ་དེ་དག་ལས། འདུལ་བ་ཤེས་པའི་སྟེང་དུ་སྡེ་སྣོད་གཞན་ཤེས་པའི་ཡོན་ཏན་དང་ལྡན་པ་རྣམས་ནི་ཁྱད་པར་ཅན་གྱི་ལྔ་ཚན། འདུལ་བ་རྐྱང་པ་ཤེས་པའི་དབང་དུ་བྱས་པ་ནི་ཁྱད་པར་ཅན་མིན་པའི་ལྔ་ཚན་ཞེས་བྱ་ཞིང་གཞན་ཡང་། ལྔ་པ་དེ་རྒྱུད་ལ་ལྡན་པ་ལ། ལྔ་པ་གཞན་སྔོན་དུ་འགྲོ་མི་དགོས་པ་ནི། ལྔ་པ་རང་དབང་ཅན་ཞེས་བྱ་སྟེ། སྡེ་སྣོད་འཛིན་པ་དང་། ཕུན་སུམ་ཚོགས་པའི་ལྔ་ཚན་གཉིས་ལྟ་བུ། ལྔ་པ་གཞན་སྔོན་དུ་འགྲོ་དགོས་པ། ལྔ་པ་རང་དབང་ཅན་མ་ཡིན་པ་སྟེ། འཛིན་འཇུག་དང་སློབ་འཇུག་གི་ལྔ་པ་ལྟ་བུ། རང་ཉིད་ཀྱིས་ལྔ་པའི་གཞི་མ་བྱེད་ཅིང་། ལྔ་པ་གཞན་གྱི་ཁ་སྐོང་དུ་འགྲོ་མི་དགོས་པ་ནི་ཡན་ལག་རང་དབང་ཅན་ཏེ། ནང་དུ་ཡང་དག་པར་བཞག་པ་ལྟ་བུ། རང་ཉིད་ཀྱིས་ལྔ་ཚན་གྱི་གཞི་མ་མི་བྱེད་པར་གཞན་གྱི་ཁ་སྐོང་དུ་འགྲོ་དགོས་པ་ཡན་ལག་རང་དབང་ཅན་མིན་པ་མང་ཐོས་ལྟ་བུ། བརྟན་མཁས་གཉིས་ཀ་དང་ལྡན་པ་གང་ཟག་རང་དབང་ཅན་དང་། གཉིས་ཀ་དང་མི་ལྡན་པ་གང་ཟག་རང་དབང་ཅན་མ་ཡིན་པ་ཞེས་བྱ་བའོ། །མཁན་པོ་དེ་ལྟར་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པ་ལ་མཁན་པོར་གསོལ་བར་བྱ་སྟེ། དེ་ཡང་མཁན་པོ་ལ་ཕྱག་བཙལ། མདུན་དུ་སའི་ཕ་གུའི་སྟེང་དུ་རྩྭ་བཏིང་བ་ལ་རྟིང་པ་གཉིས་ཀྱིས་མནན་ནས་ཙོག་ཙོག་པུར་འདུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས། གལ་ཏེ་མཁན་པོ་ཡིན་ན་མཁན་པོ་ཞེས་དང་། སློབ་དཔོན་ཡིན་ན་སློབ་དཔོན་དང་། གཞན་པ་ལ་བཙུན་པ་ཞེས་བརྗོད་ནས་དགོངས་སུ་གསོལ་ལ་སོགས་པ་ལན་གསུམ་བཟླས་པའི་ཚིགས་གསུམ་པ་ལ་མཁན་པོར་གྱུར་པས་མཁན་པོས་ཞེས་སྦྱར་ཞིང་ཐབས་ལེགས་བྱའོ། །དེ་ནི་མཁན་པོ་མངོན་དུ་གྱུར་པའོ། ༧ །ཡོ་བྱད་མངོན་དུ་གྱུར་པ་ནི། ཆོས་གོས་གསུམ་དང་ལྷུང་བཟེད་སྦྱིན། །དེ་ནས་ཆོས་གོས་ལ་སོགས་པ་བཞི་ཡོད་ན་དེ་ཉིད་ཀྱི་དང་། མེད་ན་གཡར་པོས་ཀྱང་རུང་སྟེ། བྱིན་གྱིས་བརླབ་པའི་ཕྱིར་དུ་བསྒྲུབ་བྱ་ཕྱག་གསུམ་གསུམ་བྱེད་དུ་བཅུག་ནས། མཁན་པོ་རང་ཉིད་ཀྱིས་ཆོས་གོས་གསུམ་སོ་སོར་བལྟབ་སྟེ་སློབ་མའི་ཕྲག་པ་གཡོན་པར་བཀལ་ནས་གཉིས་ཀ་བསྒྲེང་སྟེ་ཆོས་གོས་སྣམ་སྦྱར་བཟུང་ནས། དེ་འདི་སྐད་ཅེས་རྗོད་དུ་གཞུག་གོ །མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་ནས། ལེགས་སོ་ཞེས་པའི་བར་གྱིས་སོ། །ཆོས་གོས་བླ་གོས་དང་མཐང་གོས་ལ་ཡང་མཚུངས་སོ། །གལ་ཏེ་དྲས་ཤིང་དྲུབས་པ་མེད་ན་རྒྱུ་ལ་བྱིན་གྱིས་བརླབ་པར་བྱ་སྟེ། ཆོས་གོས་ཀྱི་རྒྱུ་སོ་སོར་བལྟབ་སྟེ་སྔ་མ་བཞིན་དུ་བཀལ་ཞིང་བཟུང་ནས། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་འདི། སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །འཚལ་ན་ཞེས་པ་ལ་སོགས་པས་སོ། །ལྷུང་བཟེད་དགེ་འདུན་ལ་འདི་ལྟར་བསྟན་པར་བྱ་སྟེ། ལྷུང་བཟེད་གྲོགས་དན་པའི་ལག་པ་གཡོན་པར་བཞག་སྟེ་གཡས་པ་བཀབ་ནས་རྒན་པའི་མཐའ་ལོགས་ནས་མཐར་ཆགས་སུ་བསྒྲེང་སྟེ་འདུད་པ་དང་བཅས་པས་ཚེ་དང་ལྡན་པ་དགོངས་སུ་གསོལ། ཚེ་དང་ལྡན་པ་འདི་ཞེས་བགྱི་བའི་ལྷུང་བཟེད་མི་ཆུང་ངམ། མི་ཆེའམ། མི་སྐྱའམ། ཞེས་སོ། །དེ་ལྟ་བུ་མ་ཡིན་ན། དེ་དག་ཐམས་ཅད་ཀྱིས་ཀྱང་རེ་རེ་ནས་ལྷུང་བཟེད་བཟང་ངོ་ཞེས་བརྗོད་པར་བྱའི། མ་བརྗོད་ན་འགལ་ཚབས་ཅན་དུ་འགྱུར་བས་སོ། །དེ་ནས་མཁན་པོས་ལྷུང་བཟེད་བྱིན་གྱིས་བརླབ་པར་བྱ་སྟེ། གཉིས་ཀ་བསྒྲེང་སྟེ་ལག་པ་གཡོན་པར་ལྷུང་བཟེད་བཞག གཡས་པ་བཀབ་ནས་དེས་མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་ནས་ལེགས་སོའི་བར་གྱིས་སོ། །དེ་ནས་སྣམ་སྦྱར་དང་བཅས་པ་ཡིན་ན་བསྙེན་པར་རྫོགས་པའི་ཕྱིར་དགེ་འདུན་ལ་ཕྱག་བྱས་ནས། དེ་ཐོས་པའི་ཉེན་ཀོར་ནས་བཀར་ཏེ་མཐོང་བའི་ཉེན་ཀོར་དུ་ཐལ་མོ་སྦྱོར་དུ་བཅུག་སྟེ་བཞག་གོ ༨ །ཡོངས་སུ་དག་པ་མངོན་དུ་གྱུར་པ་ནི། སྐྱེ་གནས་ཁྱད་པར་མཛེས་པའི་བར་ཆད་མེད། །འདི་ལ་སྐྱེ་བའི་ཆོས་ཉིད་མེད་པར་ཡང་འདྲའོ། །ཞེས་གསུངས་པ། སྤྲུལ་པ་དང་། སྐྱེ་གནས་ཀྱི་མ་ནིང་། ཟླ་བ་ཕྱེད་པའི་མ་ནིང་། འཁྱུད་ནས་ལྡང་བའི་མ་ནིང་། ཕྲག་དོག་ཅན་གྱི་མ་ནིང་། ཉམས་པ་མ་ནིང་སྟེ་མ་ནིང་ལྔ་དང་བསྙེན་པར་རྫོགས་པའི་ཆོ་ག་མ་བྱས་པ་ཉིད་དམ། མ་ཆགས་པ་ཉིད་དུ་ཤེས་ལ། ལན་གཉིས་སུ་གསོ་སྦྱོང་ལ་སོགས་པའི་དགེ་འདུན་གྱི་ལས་ཉམས་སུ་མྱོང་བར་གྱུར་པས། རྐུ་ཐབས་སུ་གནས་པ་དང་། ཟས་འདི་པ་ཡིན་པ། ལྟ་བ་མུ་སྟེགས་ཅན་ཡིན་པ་ནི། མུ་སྟེགས་ཅན་ཞུགས་པ་དང་། མཚམས་མེད་པ་བྱས་པ་དང་། ཕམ་པ་བཞི་ལས་གང་ཡང་རུང་བ་བྱུང་བ་དང་། དགེ་སློང་མ་སུན་ཕྱུང་བ་དང་། སྒྲ་མི་སྙན་པ་དང་མི་མ་ཡིན་པའི་འགྲོ་བ་སྟེ། ཆོས་འདུལ་བ་འདི་ལ་མི་སྐྱེ་བའི་ཆོས་ཅན་ཡིན་པས་སྡོམ་པ་སྐྱེ་བ་ལ་བར་དུ་གཅོད་པ་ཞེས་བྱའོ། །རྒྱལ་པོས་མ་གནང་བ་དང་། ཕ་མས་མ་གནང་བ་དང་། ཡུལ་ཐག་མི་རིང་བ་དང་། རྒྱལ་པོས་བཀྲབས་པ་དང་། ཤཱཀྱ་དང་མེ་པ་རལ་པ་ཅན་མ་གཏོགས་སེམས་མགུ་བར་མ་གྱུར་བའི་མུ་སྟེགས་ཅན་ལ་སོགས་པ་ནི་སྡོམ་པ་གནས་པ་ལ་བར་དུ་གཅོད་པ་ཞེས་བྱའོ། །དཀོན་མཆོག་གི་བསྔགས་པ་བརྗོད། མུ་སྟེགས་ཅན་གྱི་བསྔགས་པ་མ་ཡིན་པ་བརྗོད་པ་ན་མི་གཡོ་ན་སེམས་མགུ་བ་ཡིན་ནོ། །དེའི་དོན་དུ་དགེ་བསྙེན་བསྒྲུབས་ནས་དགེ་འདུན་གྱི་ལས་ཀྱི་ཟླ་བ་བཞིར་གནས་པ་བྱིན་ནོ། །དེའི་རིན་ལ་དེའི་ཟན་ནི་དགེ་འདུན་ལས་སོ། །གོས་ནི་མཁན་པོ་ལས་སོ། །ལས་སུ་བསྐོ་བའི་བྱེད་པ་པོ་ཉིད་དོ། །ཞེས་པ་ལྟར་དུ་བྱའོ། །ལོ་བཅོ་ལྔ་དང་བདུན་མ་ལོན་པ་དང་། ལོན་ཀྱང་བྱ་རོག་སྐྲོད་མི་ནུས་པ་དང་། བུན་ལོན་ཅན་དང་། ནད་བུ་ཅན་དང་། གནས་དབྱུང་བ་ལ་སོགས་པ་སྡོམ་པ་ཁྱད་པར་དུ་གྱུར་པའི་བར་དུ་གཅོད་པའི། རིགས་ལ་སྐྱོན་ཆགས་པ་བྲན་དང་། ཆོམ་རྐུན་དང་། ལྷམ་མཁན་དང་། གདོལ་པ་དང་། གཡུང་པོ་རྣམས་དང་། ལུས་ལ་སྐྱོན་ཆགས་པ། ལག་རྡུམ་དག་དང་རྐང་རྡུམ་དང་། །ཞེས་པ་ལ་སོགས་པ་དང་། སྐྲ་སེར་དང་ནི་སྐྲ་སེར་སྐྱ། །ཞེས་བྱ་བ་ལ་སོགས་པ་རྣམས་མཛེས་པའི་བར་དུ་གཅོད་པའོ། །སྤྲོ་བྱ། དེ་ནས་དགེ་སློང་ལས་བྱེད་པས། གསང་སྟེ་སྟོན་པའི་དགེ་སློང་ལ། མཁན་པོ་མིང་འདི་ཞེས་བགྱི་བས། མིང་འདི་ཞེས་བགྱི་བའི་གསང་སྟེ་སྟོན་པར་གསོལ་བཏབ་པ་གང་ཡིན་ཞེས་དྲི་བར་བྱའོ། །གསང་སྟོན་དེས་ཀྱང་། བདག་མིང་འདི་ཞེས་བགྱི་བའོ་ཞེས་བརྗོད་དོ། །དེའི་འོག་ཏུ་ལས་བྱེད་པས། མིང་འདི་ཞེས་བགྱི་བ་ཁྱོད། མཁན་པོ་མིང་འདི་ཞེས་བྱ་བས། མིང་འདི་ཞེས་བྱ་བ་ལ་གསང་སྟེ་སྟོན་པར་སྤྲོ་འམ། ཞེས་བྱའོ། །དེས་ཀྱང་སྤྲོའོ་ཞེས་ལན་གདབ་བོ། །གསོལ་དང་། དེ་ནས་ལས་བྱེད་པས་གསང་སྟེ་སྟོན་པས་བར་ཆད་དྲི་བའི་ཕྱིར་གསོལ་བ་འབའ་ཞིག་པའི་ལས་འདི་ལྟར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་ཞེས་པ་ནས། འདི་ནི་གསོལ་བའོ་ཞེས་པའི་བར་རོ། །གསང་སྟོན། དེ་ནས་གསང་སྟེ་སྟོན་པ་དཀྱིལ་འཁོར་བའི་ཕྱི་རོལ་དུ་སོང་ནས་བསྒྲུབ་བྱ་དག་ལ་ཕྱག་འཚལ་དུ་བཅུག་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་ཁྱོད་ཉོན་ཅིག་ནས། མ་བོས་ཀྱི་བར་དུ་སྡོད་ཅིག་ཅེས་པའི་བར་རོ། །ཞུ་བ་དང་། དེ་ནས་གསང་སྟོན་གྱིས། རྒན་པའི་མཐའ་ལོགས་སུ་བསྒྲེང་སྟེ་འདུད་པ་དང་བཅས་པས་ཚིག་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་ཞེས་པ་ནས། ཅི་ཞིག་གམ། ཐམས་ཅད་ཀྱིས་གལ་ཏེ་ཡོངས་སུ་དག་ནའོ། ཞེས་བརྗོད་དོ། །མ་བརྗོད་ན་འགལ་ཚབས་ཅན་དུ་འགྱུར་རོ། །གསོལ་དང་། ༩ གསོལ་བ་མངོན་དུ་གྱུར་བ་སྟེ། དེ་ནས་བསྒྲུབ་བྱ་དཀྱིལ་འཁོར་དུ་བཀུག་ནས་ལས་བྱེད་པས། བསྙེན་པར་རྫོགས་པར་གསོལ་དུ་གཞུག་པར་བྱ་སྟེ། དང་པོར་སྟོན་པ་དང་། དེ་ནས་རྒན་པའི་མཐའ་ལོགས་སུ་ཕྱག་བྱས་ནས། ཕ་གུའི་སྟེང་དུ་སྔར་བཞིན་དུ་བཞག་ལ། དགེ་འདུན་བཙུན་པ་ནས། ཐུགས་བརྩེ་བར་མཛད་དུ་གསོལ། ལན་གསུམ་བཟླས། གསོལ་བ། ལས་བྱེད་པས་དགེ་འདུན་གྱི་ནང་དུ་བར་ཆད་དྲི་བའི་ཕྱིར། གསོལ་བ་འབའ་ཞིག་པའི་ལས་བྱ་སྟེ། དགེ་འདུན་བཙུན་པ་ནས། འདི་ནི་གསོལ་བའོ། །དྲི དེ་ནས་ལས་བྱེད་པས་དགེ་འདུན་གྱི་ནང་དུ་བར་ཆད་དྲི་བར་བྱ་སྟེ། ལས་བྱེད་པ་ལ་ཕྱག་འཚལ་དུ་བཅུག་ནས། ཚེ་དང་ལྡན་པ་ཁྱོད་ནས། ལུས་ལ་མེད་དམ་ཞེས་དྲི། དེས་མ་མཆིས་ཞེས་ལན་གདབ་བོ། །འདོད། བསྙེན་པར་རྫོགས་འདོད་མངོན་དུ་གྱུར་པ་སྟེ། རྒྱུད་ཚོགས་སུ་མ་ལོངས་པ། བསྙེན་རྫོགས་འཐོབ་བཞིན་པ་མ་ཡིན་པ། བསམ་པ་ཐག་པའི་ལེན་འདོད་མ་སྐྱེས་ཀྱི་བར་དུ་རྒྱུན་མ་ལོག་པ། བསྙེན་པར་རྫོགས་པར་ཤེས་པ། མི་མཐུན་པའི་སེམས་མ་སྐྱེས་པ། ངེས་པ་ལྔ་དང་བྲལ་བ། བསམ་པ་རང་བཞིན་དུ་གནས་པ། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོས་ཟིན་པ་རྣམས་དགོས་སོ། །དེ་ཡང་བསྒྲུབ་བྱ་གཅིག་གམ། གཉིས་སམ། གསུམ་ཚུན་ཆད་ནི་དུས་གཅིག་ཏུ་རྫོགས་པར་བྱར་རུང་སྟེ། དུ་མ་མཁན་པོ་གཅིག་པ་གསུམ་མན་ཆད་ཚིགས་གཅིག་གིས་བསྙེན་པར་རྫོགས་པར་བྱར་རུང་ངོ་། །ཞེས་གསུངས། བཞི་ནི་ཚོགས་སུ་ལོངས་པ་ཡིན་པས་མི་རུང་སྟེ། ཇི་སྐད་དུ། ཚོགས་ཀྱི་མི་བྱའོ། །ཞེས་པས་སོ། །དེ་ཡང་དཀྱིལ་འཁོར་གཅིག་གི་དབང་དུ་བྱས་པ་ཡིན་ལ། མཚམས་ཐ་དད་ན་མ་ཡིན་ཏེ། ལུང་ཞུ་བ་ལས། བཙུན་པ་གསོལ་བ་གཅིག་དང་། ལས་གཅིག་གིས་གང་ཟག་བཞི་བསྙེན་པར་རྫོགས་པར་བགྱིས་ན། ལས་ཀྱང་བགྱིས་ལ། དགེ་སློང་དེ་དག་འདས་པ་དང་བཅས་པར་མི་འགྱུར་བར་མཆིས་སམ། ཨུ་པ་ལི་ཡོད་དེ་ལས་བྱེད་པའི་དགེ་སློང་གིས་མཚམས་མནན་ཏེ་འདུག་ལ་གཉིས་ནི་མཚམས་ཀྱི་ནང་དུ་བཞག གཉིས་ནི་མཚམས་ཀྱི་ཕྱི་རོལ་དུ་བཞག་སྟེ། ལས་བྱས་ནའོ་ཞེས་པ་ནས་བཅུ་གཉིས་ཀྱི་བར་དུ་རྒྱས་པར་གསུངས་པས་སོ། །བསྙེན་རྫོགས་འཐོབ་བཞིན་པ་ལ་མ་ཡིན་པ་དགོས་ཏེ། ཉིད་ཀྱི་རྣམ་པར་བཤད་པར་བླངས་པ་ལ་སླར་བླང་བ་མེད་པའི་ཕྱིར་རོ། །ཞེས་དང་། བསམ་པ་ཐག་པ་ནས་ལེན་འདོད་དགོས་ཏེ། མི་ནོད་ན་སྦྱིན་པ་མ་ཡིན་ནོ། །ཞེས་དང་། དེ་ཡང་སྡོམ་པ་མ་སྐྱེས་ཀྱི་བར་དུ་རྒྱུན་མ་ལོག་པ་ཞིག་དང་རྟེན་མ་ཉམས་པ་དགོས་ཏེ། སྐྱེ་བའི་ཚེ་ཉིད་ན་ཕུལ་ལམ་ཉམས་ན་མི་སྐྱེའོ། །ཞེས་སོ། །མཁན་སློབ་དགེ་སློང་མ་ཡིན་པར་ཤེས་པ་དང་། ཕྱིར་སྤོང་བའི་སེམས་སྐྱེས་པ་ནི་མི་མཐུན་པའི་སེམས་ཏེ་དེ་མ་སྐྱེས་པ་དགོས་ཏེ། དེ་དགེ་སློང་ཉིད་མ་ཡིན་པར་ཤེས་ན་ནི་མི་སྐྱེའོ། དེ་ཕྱིར་སྤོང་བ་ལ་ཡང་མི་སྐྱེའོ། །ཞེས་པས་སོ། །སེམས་ཅན། ཡན་ལག ཡུལ། དུས། ཚེ་ངེས་པ་ནི་ཡན་ལག་ལྔ་སྟེ། དེ་དང་བྲལ་བ་ཞིག་དགོས་སོ། །བསམ་པ་རང་བཞིན་དུ་གནས་པ་ཞིག་དགོས་ཏེ། སྒྲེན་མོ་དང་། འཁྲུགས་པ་དང་། མཚན་དུག་མ་དག་ལ་ཡང་མི་སྐྱེའོ། །ཞེས་སོ། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོས་ཟིན་པ་ཞིག་དགོས་ཏེ། མྱ་ངན་ལས་འདས་པ་འཐོབ་འདོད་མེད་ན། ཆོས་དཀོན་མཆོག་ལ་སྐྱབས་སུ་མ་སོང་ལ། སྐྱབས་སུ་མ་སོང་བ་ལ་ནི་སྡོམ་པ་མེད་དེ། སྡོམ་པ་ཀུན་ལ་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་པས་སོ། །དེ་བས་ན་བསམ་པ་དེ་ཡོད་པ་ཉིད་སྐྱབས་སུ་སོང་བ་ཡིན་པའི་ཕྱིར། འདིར་བསྙེན་པར་རྫོགས་པ་དོན་དུ་གཉེར་བ་ཉིད་སྐྱབས་སུ་སོང་བ་དང་། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་སྒྲུབ་པར་བྱེད་པ་ཡིན་པར་ཡང་རྟོགས་པར་བྱ་སྟེ། ཨུ་པ་ས་མཱཔྟ། ཨུ་པ་ནི་ཉེ་བ། ས་མཱཔྟ་རྫོགས་པ་སྟེ། ཉེ་བ་ནི་དགེ་སློང་གི་དངོས་པོ། རྫོགས་པ་ནི་མྱ་ངན་ལས་འདས་པ་སྟེ། མི་ཟད་པའི་ཚིག་སྡུད་ཡིན་པས། སྔ་མ་བརྗོད་བྱའི་གཙོ་བོར་གྱུར་པ་སྟེ། གང་གི་སྔ་མ་བརྗོད་བྱར་གྱུར། །དེ་ནི་མི་ཟད་པར་གྱུར་འདོད། །ཅེས་འདོན་པའི་ཕྱིར་དང་། འགྲེལ་པར། རྫོགས་པར་བསྙེན་པའི་དུས་ན་ནི་རྫོགས་པར་བསྙེན་པའི་སྒྲ་ཁོ་ན་ལས་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་རྟོགས་པར་བྱ་སྟེ། འདི་ལྟར་རྫོགས་པར་བསྙེན་པ་ཞེས་བྱ་བ་ལ། རྫོགས་པ་ཞེས་བྱ་བ་ནི་གནོད་པ་ཐམས་ཅད་དང་བྲལ་བའི་དངོས་པོ་ལ་བྱ་སྟེ། མྱ་ངན་ལས་འདས་པ་ཡང་དེ་ལྟ་བུའི་རང་བཞིན་ཡིན་ནོ། །བསྙེན་པ་ཞེས་བྱ་བའི་སྒྲ་ནི་ཉེ་བའི་ཚིག་ཡིན་ཏེ། དེའི་ཕྱིར་བསམ་པ་ཐམས་ཅད་ཀྱིས་མྱ་ངན་ལས་འདས་པ་དང་ཉེ་བར་གྱུར་པ་ནི་རྫོགས་པར་བསྙེན་པ་ཡིན་ནོ། །དེ་བས་ན་མྱ་ངན་ལས་འདས་པའི་བསམ་པ་ཁོ་ནས་སྡོམ་པ་སྐྱེའི། གཞན་གྱིས་ནི་མ་ཡིན་ནོ། །ཞེས་གསུངས་པས་སོ། །གསོལ་བ་དང་། ལས་དང་། ༡༠ ལས་མངོན་དུ་གྱུར་པ་སྟོན་ཏེ། དེ་ལ་ཡང་། ལས་ཚང་བ། མ་ནོར་བ། མ་འཁྲུགས་པ། བཞག་པར་མི་འོས་པ། ལས་ཉམས་སུ་མྱོང་བ་ལྔ་དང་ལྡན་པར་དགོས་པ་ལས། ལས་ཚང་བ་ནི། ལས་བྱེད་པས་བསྒྲུབ་བྱའི་མིང་དང་། མཁན་པོའི་མིང་དང་། དགེ་འདུན་གྱི་མིང་མ་བརྗོད་པ་དང་། གསོལ་བ་དང་བརྗོད་པ་གང་རུང་ཆད་ན་ལས་མི་ཆགས་པས། དེ་ཐམས་ཅད་ཚང་བ་ཞིག་དགོས་ཏེ། དེ་གཉིས་ཀྱི་མིང་མ་བརྗོད་ན་ཡང་ངོ་། །དགེ་འདུན་གྱི་ན་ཡང་དེའི་སྐྱེ་གནས་ཀྱི་མི་སྐྱེའོ་ཞེས་པ་དང་། ལུང་དུ། གང་ཟག་ལྔ་བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། བདག་གི་མིང་མི་བརྗོད་པ་དང་། མཁན་པོའི་མིང་མི་བརྗོད་པ་དང་། གསོལ་བ་ཆད་པ་དང་། བརྗོད་པ་ཆད་པ་དང་། བསྙེན་པར་རྫོགས་པ་མི་ཤེས་པས་སོ། །ཞེས་པའོ། །ལྷག་ན་ཆགས་ཀྱང་ཉེས་བྱས་ཏེ། བརྗོད་པ་ལྷག་པ་དག་གིས་མ་བྱས་པ་ཉིད་མ་ཡིན་ནོ། །ཉམས་ན་མ་བྱས་པ་ཉིད་དོ། །ཞེས་པས། བཞིའི་ཆོ་ག་ཚིག་ཕྱེད་ཀྱང་མ་འཁྲུགས་པ་ཞིག་དགོས་ཏེ། ལུང་དུ། བསྙེན་པར་རྫོགས་པར་བགྱི་བ་ལ་གསོལ་བ་དང་བཞིའི་ལས་མི་བགྱིད་ན། བསྙེན་པར་རྫོགས་ཞེས་བགྱིའམ་མ་རྫོགས་ཞེས་བགྱི། བཀའ་སྩལ་པ། མ་རྫོགས་ཞེས་བྱའོ། །ཞེས་སོ། །སྤྱིར་གཞན་དང་མ་ནོར་བ་དགོས་ལ། དགེ་སློང་དང་དགེ་སློང་མའི་ཆོ་ག་ལྟ་བུ་ཕན་ཚུན་ནོར་ན་ཆགས་མོད་ཀྱང་མི་བྱ་སྟེ། དགེ་སློང་དང་དགེ་སློང་མ་ཉིད་དག་གི་ལས་གཞན་བྱེད་པ་མ་ཡིན་ནོ། །ཞེས་སོ། །སྤྱོད་ལམ་གྱིས་མ་འཁྲུགས་པ། སྤྱིར་བཏང་དུ་ལས་ཐམས་ཅད་འདུག་པ་ཉིད་ཀྱིས་བྱ་སྟེ། ལས་ནི་འདུག་པ་ཉིད་ཀྱིས་སོ། །ཞེས་དང་། མི་འདུག་པར་བསྒྲེང་བ་ནི། ཁ་སྐོང་བ་ཉིད་མ་ཡིན་ནོ། །ཞེས་དང་། བརྩམ་པ་ན་འགྲོ་བའི་སེམས་ཀྱིས་བཏང་བ་ནི། སྤྱོད་ལམ་ལས་ཉམས་པ་ཡིན་ཞེས་པས་སོ། །ལས་བྱེད་འཕྲོ་ལ་དགེ་སློང་འགའ་ཞིག་སོང་ན། དེའི་ཚེ་ལྷག་མ་དགེ་འདུན་དུ་ལོངས་པ་ཡིན་ན། ཚིག་བྱས་ཟིན་རྣམས་འཁྲུགས་པར་མི་འགྱུར་ལ། མ་ལོངས་ན་ཚིག་རྫོགས་པའང་འཁྲུགས་པས་སླར་བསྐྱར་དགོས་ཏེ། བྱེད་པ་ཉིད་ན་སོང་ན་ཚིག་མ་རྫོགས་པ་རྣམས་རྣམ་པར་འཁྲུགས་པ་ཉིད་དོ། །ལས་དེ་ལ་དགེ་འདུན་གྱི་ཚད་དག་ཏུ་མ་ལོངས་པ་རྣམས་མ་ལུས་པ་ཉིད་ན་རྫོགས་པའོ། །ལུས་པ་ཉིད་ན་མི་འགྱུར་རོ། །ཞེས་པས། བསྙེན་རྫོགས་ཙམ་དུ་མ་ཟད་དགེ་འདུན་གྱི་ལས་ཐམས་ཅད་ལ་འགྲེའོ། །འཁྲུགས་ནས་བསྐྱར་དགོས་ན་གསོལ་བ་སྐྱོར་ན་ཡང་གསོར་བར་བགྱིའོ། །བརྗོད་པ་སྐྱོར་ན་ཡང་རྗེས་སུ་བསྒྲག་གོ །ཞེས་སྦྱར་རོ། །གོ་རིམ་མ་འཁྲུགས་པ་ནི། གསོལ་བ་དང་བརྗོད་པ་གོ་རིམ་མ་ནོར་བར་བྱ་བ་སྟེ། གསོལ་བ་མ་བྱས་པར་བརྗོད་པ་མི་བྱ་བ་ལ་སོགས་པའོ། །ཚིག་མ་འཁྲུགས་པ་ནི། བརྗོད་པ་གསུམ་གྱི་ཚིག་ཕན་ཚུན་མ་འདྲེས་པའོ། །འཁྲུགས་ན་ཆགས་ཀྱང་ཉེས་བྱས་ཏེ། དོན་གྱི་སྐབས་དག་གི་གོ་རིམ་འཁྲུགས་པ་ནི། མི་ཆགས་པ་ཉིད་མ་ཡིན་ནོ། །དེ་ནི་མི་བྱ་བ་ཉིད་དོ། །ཞེས་པས་སོ། །བཞག་པར་མི་འོས་པ་ནི། ལས་ཆོག་གི་སྔགས་ཚིག་དག་ལ་བཞག་པར་འོས་པ་ཚིག་ཕྱེད་ཀྱང་མེད་དོ། །ལས་ཉམས་སུ་མྱོང་བ་ནི། དགེ་འདུན་གྱིས་ཉམས་སུ་མྱོང་བ་ལ། མཁན་སློབ་དགེ་འདུན་དང་བཅས་པ་ཐམས་ཅད་ལ། གང་ལ་བྱ་བའི་གཞི་བསྒྲུབ་བྱ། བྱེད་པ་པོ་མཁན་སློབ་དགེ་འདུན། བྱེད་པ་ལས་ཀྱི་ཆོ་ག་རྣམས་ལ། དེ་ལ་དེར་འདུ་ཤེས་པའི་འདུ་ཤེས་མ་འཁྲུལ་བ་དང་། ཀུན་སློང་བསྒྲུབ་བྱ་དེ་ལ་ཕན་སེམས་ཀྱི་བསམ་པས་ཀུན་ནས་བླངས་ནས། དགོས་པ་དེའི་དོན་དུ་བསམ་པ་ཐག་པས་ལས་དེ་བྱེད་འདོད་དགོས་ཏེ། བཞད་གད་ཀྱི་དངོས་པོ་ནི་གང་གི་ཡང་མི་འགྱུར་རོ། །ཞེས་དང་། གཞན་དུ་ནི་མི་ཆགས་སོ། །ཞེས་དང་། ཆོ་ག་ལས་ཐུགས་བརྩེ་བའི་སླད་དུ་ཞེས་འདོན་པས་སོ། །གཞན་ཡང་འདིར་མཚོན་ནས་དགེ་འདུན་གྱི་ལས་ཐམས་ཅད་ལ་རང་རང་གི་དགེ་འདུན་དང་བསྒྲུབ་བྱས་ཚིག་ཐོས་ཤིང་དོན་གོ་ན་ལས་ཉམས་སུ་མྱོང་བ་ཞེས་བྱ་ཞིང་། གསོལ་བ་ཙམ་ཐོས་པས་ཀྱང་ཡིན་ནོ། །དེ་ལྟར་ཡང་གཞི་འགྲེལ་ལས། ཆོ་ག་ཞེས་བྱ་བ་ནི་ཡང་དག་པའི་ཆོ་ག་སྟེ། དགེ་འདུན་དུ་ཚང་བ་དང་། ལས་བྱེད་པ་དགེ་སློང་ཉིད་ཡིན་པ་དང་། ཉན་པ་པོས་གོར་བཏུབ་པ་ཞེས་སོ། །རྣམ་འབྱེད་འགྲེལ་པར། ཆོ་ག་མ་ཡིན་པ་ཞེས་བྱ་བ་ནི། དགེ་འདུན་མ་ཚང་བ་དང་། ལས་ཉམས་པ་དང་། ཉན་པ་པོ་རྣམས་ཀྱིས་མ་གོ་བ་ལ་སོགས་པའོ། །ཞེས་པས། མ་གོ་ན་མི་ཆགས་པར་བཤད་པ་ནི་ཁས་ལེན་པའི་སེམས་ཡོད་པས། བསྙེན་པར་རྫོགས་པ་བྱས་པ་ཙམ་ཡང་མི་གོ་བ་ལ་དགོངས་ཏེ། ལས་ཚིག་མཐའ་དག་གོ་བ་ངེས་པར་མི་དགོས་པར། ས་ག་ལྷས། འོན་པས་ཀྱང་ནི་གོ་གྱུར་ཅིང་། །ལས་བརྗོད་པ་ནི་མ་ཐོས་ཀྱང་། །འདི་ལ་བསྙེན་རྫོགས་ཡོད་པ་སྟེ། །ཚུལ་ཁྲིམས་ལྡན་ལ་ཉེས་པ་མེད། །ཅེས་དང་། ཞུ་བར། བཙུན་པ་མཐའ་འཁོབ་པ་འཕགས་པའི་སྐད་དུ་བསྙེན་པར་རྫོགས་པར་བགྱིས་པ་དང་། མཐའ་འཁོབ་པ་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི་ཁས་ལེན་པའི་སེམས་ཡོད་ན་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བྱེད་པ་རྣམས་འདས་པ་དང་བཅས་པར་རོ། །ཞེས་གསུངས་ཤིང་། འཕྲིན་གྱི་ཆོ་གས་ཀྱང་གསལ་ལོ། ༩ །ད་ནི་གསོལ་བ་ཞེས་པའི་ཚིག་གི་དོན་ལ་འཇུག་པར་བྱ་སྟེ། དེའི་འོག་ཏུ་ལས་བྱེད་པས་འདུག་སྟེ་གསོལ་བའི་ལས་འདི་ལྟར་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདིས་ཞེས་པ་ནས། འདི་ནི་གསོལ་བའོ་ཞེས་པའི་བར་འདོན་ནོ། ༡༠ །ལས་དང་ཞེས་པའི་ཚིག་གི་དོན། ལས་བྱེད་པས་གསོལ་བ་ཐལ། བརྗོད་པའི་ལས་ལ་ཐུགས་གཏད་པར་ཞུ་ཞིང་། ལྷག་ཆད་བྱུང་ན་གསོ་བར་ཡང་ཞུ་སྨྲས་ནས། དགེ་འདུན་བཙུན་པ་རྣམས་ཞེས་པ་ནས། གསུངས་ཤིག་ཅེས་པའི་བར་བརྗོད་པ་དང་པོ་དང་གཉིས་པ་བྱས། བརྗོད་པ་ཐ་མ་གང་ཡིན་པའི་ཆ་གསུམ་པ་ལ་གྲུབ་པ་ཉིད་དོ་ཞེས་པས། གསུམ་པ་དེ་ཉིད་ཀྱི་མཆི་སྟེ་ཞེས་པ་ཡན་ཆད་ངོ་བོ་བརྗོད་པ། དེའི་འོག་ནས་གསོལ་ནའི་བར་བྱ་བ་བརྗོད་པ། དེའི་སླད་དུ་མན་ཆད་བྱེད་པ་བརྗོད་པ་ཡིན་པས་ངོ་བོ་བརྗོད་པ་དང་། བྱ་བ་བརྗོད་པ་གཉིས་རྫོགས་པ་གསོལ་ན་ཞེས་པ་འགག་པ་དང་མཉམ་དུ་ཁྱེད་ཀྱི་རྒྱུད་ལ་སྡོམ་པ་སྐྱེ། ངེད་ཀྱང་སློབ་དཔོན་དུ་གྱུར་པ་ཡིན་པས། དེའི་སླད་དུ་ཞེས་པའི་ཚིག་འབྱུང་བ་དང་སྡོམ་པ་སྐྱེས་དགེ་སློང་དུ་གྱུར་སྙམ་པ་གྱིས། དགེ་འདུན་རྣམས་བརྗོད་པ་གསུམ་པ་ལ་ཐུགས་གཏད་པར་ཞུ་ཞེས་བྱས་ནས། དེ་དེ་བཞིན་དུ་འཛིན་ཏོ་ཞེས་མཇུག་སྡུད་དང་བཅས་པའི་བར་བྱའོ། །དེ་ཡང་བྱེ་བྲག་ཏུ་སྨྲ་བས་ནི། སྡོམ་པ་འཆལ་ཚུལ་གྱི་རྒྱུན་སྡོམ་ཞིང་འགོག་པར་བྱེད་པའི་ཆུ་ལོན་ལྟ་བུ་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་ཀྱིས་བསྡུས་པའི་གཟུགས་རྫས་བདུན་ཐོབ་པར་འདོད་དེ། དང་པོའི་རྣམ་རིག་རྣམ་རིག་མིན། །སོ་སོ་ཐར་དང་བྱ་བའི་ལམ། །ཞེས་པའི་རང་འགྲེལ་དུ། སྡོམ་པ་ཡང་དག་པར་བླངས་པའི་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་དང་པོ་དག་ནི་སོ་སོ་ཐར་པ་ཞེས་བྱ་སྟེ། དེས་སྡིག་པ་ལས་སོ་སོར་ཐར་པའི་ཕྱིར་ཏེ། སྤངས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །སོ་སོ་ཐར་པའི་སྡོམ་པ་ཞེས་ཀྱང་བྱ་སྟེ། ལུས་དང་ངག་སྡོམ་པའི་ཕྱིར་རོ། །ལས་ཀྱི་ལམ་ཞེས་ཀྱང་བྱའོ། །སྐད་ཅིག་གཉིས་པ་ལ་སོགས་པ་ལ་ནི་སོ་སོ་ཐར་པའི་སྡོམ་པ་ཁོ་ན་ཡིན་གྱི། སོ་སོ་ཐར་པ་ནི་མ་ཡིན་ནོ། །འཇུག་ཡིན་གྱི། ལས་ཀྱི་ལམ་དངོས་ནི་མ་ཡིན་ནོ་ཞེས་གསུངས། གཞན་དག་ལ་རྣམ་པར་རིག་པར་བྱེད་པས་ན་རྣམ་པར་རིག་བྱེད་ཅེས་བྱ་ལ། རྣམ་པར་རིག་བྱེད་བཞིན་དུ་གཞན་དག་ལ་རྣམ་པར་རིག་པར་བྱེད་པ་མ་ཡིན་པས་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱའོ། །རྣམ་པར་རིག་བྱེད་མ་ཡིན་པ་དེ་སྐྱེ་བའི་ཚུལ་ཡང་། མི་རྣམས་ཀྱི་ནང་ནས་སྡོམ་པ་མི་ཆགས་པ་མ་གཏོགས་པ་གཞན་གང་ཡང་རུང་སྟེ། དེས་ལུས་ཀྱིས་ཕྱག་འཚལ་བ་དང་། ངག་གིས་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་ཡང་དག་པར་བླང་བ་ལ་སོགས་པའི་རྣམ་པར་རིག་བྱེད་ལ་བརྟེན་ནས། བདག་གིས་དེང་ཕྱིན་ཆད་ལུས་སམ་ངག་གིས་སྲོག་གཅོད་པ་སྤོང་བ་སོགས་དགེ་བའི་ལས་དེ་ལྟ་བུ་ཞིག་བྱ་ཞིང་། དགེ་བསྙེན་ལ་སོགས་པའི་སྡོམ་པ་ཡང་དག་པར་བླང་ངོ་སྙམ་དུ་ཡི་དམ་བཅས་ན་ཡི་དམ་བཅས་པའི་སེམས་པ་ཚུན་ཆད་ནས། ཇི་སྲིད་ཡི་དམ་བཅས་པའི་རྒྱུན་དེ་མ་སྤངས་ཀྱི་བར་དུ་བྱེད་པ་པོ་དེས་སེམས་གཡེངས་པ་དང་། སེམས་མེད་པ་དང་། སེམས་མ་གཡེངས་པའི་གནས་སྐབས་དག་ན་ལས་དེ་མི་བྱེད་དུ་ཟིན་ཀྱང་སྡོམ་པ་ཡང་དག་པར་བླངས་པའི་རྒྱུ་ལས་བྱུང་བ་འབྱུང་བ་ཆེན་པོ་བཞི་པོ་དག་རྒྱུར་བྱས་པ་སྡོམ་པ་མ་ཡིན་པ་སྤོང་པའི་མཚན་ཉིད་སོ་སོ་ཐར་པའི་སྡོམ་པར་གཏོགས་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སེམས་ཀྱི་རྒྱུད་ལ་སྐྱེ་བར་འགྱུར་རོ། །ཇི་སྲིད་དུ་རྣམ་པར་རིག་བྱེད་མ་ཡིན་པ་དེ་མི་གཏོང་བ་དེ་སྲིད་རྟག་ཏུ་ད་ལྟར་གྱི་དེ་དང་ལྡན་ནོ། །སྐད་ཅིག་མ་དང་པོ་ཕྱིན་ཆད་འདས་པ་དང་ཡང་ལྡན་ཏེ། མཛོད་ལས། སོ་སོ་ཐར་གནས་ཇི་སྲིད་དུ། །མ་བཏང་བར་རྟག་ད་ལྟར་གྱི། །རྣམ་རིག་མིན་ལྡན་སྐད་ཅིག་མ། །དང་པོ་ཕྱིན་ཆད་འདས་པ་དང་། །ཞེས་གསུངས་པའི་ཕྱིར་རོ། །མདོ་སྡེ་པ་དག་ནི། སེམས་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ལ་འདོད་དོ། །མཛོད་འགྲེལ་ལས། ལས་སྔོན་དུ་འགྲོ་བའི་སེམས་ཕྱིར་ཞིང་འབྱུང་བ་གང་ཡིན་པ་དེ་ནི་རྒྱུན་ཡིན་ནོ། །དེ་གཞན་དང་གཞན་དུ་སྐྱེ་བ་ནི་ཡོངས་སུ་འགྱུར་བ་ཡིན་ནོ། །ཞེས་པས་སོ། །སེམས་ཙམ་པ་ནི། སེམས་པ་ས་བོན་དང་བཅས་པ་ལ་འདོད་ལ། མ་བརྟགས་མ་དཔྱད་པའི་དབང་དུ་བྱས་ནས་དབུ་མ་པས་ཅི་རིགས་པར་ཡང་སྨྲ་བ་ཉིད་དོ། །གཞལ་དང་། དེའི་འོག་ཏུ་དགེ་སློང་ལས་བྱེད་པ་མ་ཡིན་པ་གཞན་གང་ཡང་རུང་བ་གཅིག་གིས་ཉིན་མོ་གྲིབ་ཚོད་ཐུར་མ་སོར་བཞི་ཙམ་གྱིས་གཞལ་བར་བྱ་ཞིང་། ཐུར་མ་ཇི་ཙམ་ཡོད་པ་དེ་ཙམ་ལ་སྐྱེས་བུ་དང་། སོར་རེ་རེ་ལ་རྩ་བ་རེ་རེ། དེ་ལས་ཉིན་མཚན་གྱི་ཆ་ཤེས་པར་བྱ་སྟེ། སྔ་དྲོ་དང་། གུང་དང་། ཕྱི་དྲོ་དང་། མཚན་མོའི་ཐུན་དང་པོ་དང་། ཐུན་དང་པོའི་ཕྱེད་དང་། གུང་ཐུན་དང་། གུང་ཐུན་གྱི་ཕྱེད་དང་། ཐུན་ཐ་མ་དང་། ཐུན་ཐ་མའི་ཕྱེད་དང་། སྐྱ་རེངས་མ་ཤར་བ་དང་། སྐྱ་རེངས་ཤར་བ་དང་། ཉི་མ་མ་ཤར་བ་དང་། ཉི་མ་ཤར་བ་དང་། ཉི་མ་བརྒྱད་ཆ་ཤར་བ་དང་། ཉི་མ་བཞི་ཆ་ཤར་བ་དང་། གུང་ཚིགས་མ་ཡོལ་བ་དང་། ཉི་མ་བཞི་ཆ་ལུས་པ་དང་། ཉི་མ་བརྒྱད་ཆ་ལུས་པ་དང་། ཉི་མ་མ་ནུབ་པ་དང་། ཉི་མ་ནུབ་པ་དང་། རྒྱུ་སྐར་རྣམས་མ་ཤར་བ་དང་། རྒྱུ་སྐར་རྣམས་ཤར་བ་སྟེ་ཉི་ཤུ་རྩ་གཉིས་སོ། །དུས་ལྔ། དུས་ཚོད་ནི་ལྔ་སྟེ། དགུན་གྱི་དུས་དང་། དཔྱིད་ཀྱི་དུས་དང་། དབྱར་གྱི་དུས་དང་། དབྱར་ཐུང་ངུའི་དུས་དང་། དབྱར་རིང་པོའི་དུས་སོ། །དང་པོ་གཉིས་ནི་ཟླ་བ་བཞི་བཞིའོ། །འོག་མ་ནི་ཟླ་བ་གཅིག་གོ །དེའི་འོག་མ་ནི་ཉིན་ཞག་གཅིག་གོ །ཐ་མ་ནི་དེས་ཟླ་བ་གསུམ་དུ་མ་ཆོག་པའོ། །འདི་ནི་དབྱར་ཐུང་ངུ་ངོས་འཛིན་པའི་དབང་དུ་མཛད་ལ། གཞན་དུ་དགུན་དང་། དཔྱིད་དང་། དབྱར་གསུམ་དུ་ཕྱེ་སྟེ། དམན་པ་ཕྱག་དར་ཁྲོད་ཀྱི་གོས་ངོས་འཛིན་བདེ་བའི་ཆེད་དུའོ། །དགུན་སྟོད་དང་། དགུན་སྨད། དཔྱིད་དང་། སོས་ཀ དབྱར་དང་། སྟོན་དྲུག་ཏུ་ཕྱེ་བ་ཞག་མི་ཐུབ་པའི་གསོ་སྦྱོང་ངོས་འཛིན་པའི་ཆེད་དུའོ། །འདུལ་བ་རང་ལུགས་ཀྱི་རྣམ་པར་དབྱེ་བ་ནི་དེར་ཟད། །མདོ་སྡེ་ཉི་མའི་སྙིང་པོར། །ར་བ་འབྲིང་པོ་ཐ་ཆུང་གསུམ་གསུམ་དུ་དབྱེ་ནས། མར་ངོ་སྔོན་འགྲོ་མཛད་ལ། སློབ་དཔོན་གྱི་གཞུང་དུ། ར་བ་འབྲིང་པོ་ཐ་ཆུང་ཡར་ངོ་སྔོན་འགྲོར་གསུངས་པ་ནི་འཇིག་རྟེན་ལུགས་གྲགས་ཚོད་ཆེ་བས་བསྟན་བཅོས་པའི་དུས་བརྩི་བའི་གཞིར་བགྲངས་ཀྱི་རང་ལུགས་སུ་མི་བཞེད་དོ། །དུས་ཐམས་ཅད་ཀྱི་ཐོག་མ་ནི་དགུན་ཏེ། དེའི་ཐོག་མའང་མགོའི་ཟླ་བ་ཡིན་ཏེ། དགུན་ཉི་གང་ལ་ལྡོག་པའི་དུས་ཉིད་དགུན་གྱི་ར་བར་འཇོག་པས་སོ། །འདི་ལས་འཕྲོས་པ། དུས་བཞི་ནི་གླིང་བཞིར་གཡས་སྐོར་དུ་འཁོར་བས་རིམ་ཅན་པ་ཞེས་བྱ་སྟེ། འགའ་ཞིག་ལྷོ་འཛམ་བུ་གླིང་དུ་དབྱར་ཉི་ལྡོག་པའི་དུས་དང་། བྱང་སྒྲ་མི་སྙན་དུ་དགུན་ཉི་ལྡོག་པ་དུས་མཉམ་མོ། །ཞེས་ཟེར་བ་ནི་མ་བརྟགས་པར་སྨྲ་བ་སྟེ། གླིང་གང་གི་ཉི་མ་ལྡོག་པ་རང་རང་གི་ལྷོ་བྱང་གི་བགྲོད་པ་མཐའ་ཐུག་ནས་ཡིན་པས། དེ་ནི་རང་གླིང་གི་ཉི་མའི་གུང་ཁོ་ནར་ངེས་ཏེ། བགྲོད་པའི་མཐར་ཐུག་པ་དེ་ལ་འབྱུང་གི གཞན་ལ་མི་འབྱུང་བས་སོ། །དེ་ལ་འབྱུང་བ་ཡང་རྒྱུ་མཚན་ཡོད་དེ། གང་དུ་ཉི་མའི་རྒྱུ་ལམ་གྱི་སྐོར་ཐིག་གི་མཐར་ཐུག་པ་གླིང་གང་གི་ཚངས་ཐིག་ལ་རེག་པ་ཉིད་ཡིན་པས། རང་གླིང་གི་ཉི་གུང་ལ་བབ་པ་དེའི་ཚེ་ཉི་མས་དེར་སླེབ་པ་ཡིན་ནོ། །གཞན་ཡང་གླིང་བཞི་སོ་སོའི་ཉིན་ཞག་གི་དབང་དུ་བྱས་པའི་ཚེས་གྲངས་ནི་མཉམ་དུ་མི་འཆར་བར་ངེས་ལ། ཚེས་ཞག་གི་དབང་དུ་བྱས་པའི་ཚེས་གཅིག་ལ་སོགས་པ་ནི་མཉམ་པར་འཆར་བ་ཉིད་དོ། །དེ་བས་ན་ཉིན་ཞག་ལས་ཚེས་ཞག་བཙན་པས་ཟླ་བའི་འཕེལ་འགྲིབ་ཀྱང་དེའི་རྗེས་སུ་འབྲང་བ་ཡིན་ནོ། །ཚུལ་འདི་ལས་ནི། ནམ་ཕྱེད་ཉི་མ་ནུབ་པ་དང་། །ཉི་མ་ཕྱེད་དང་འཆར་དུས་གཅིག །ཅེས་པ་འདི་འགྲིག་པར་འགྱུར་རོ། །གཞན་དུ་ཉིན་ཞག་གི་དབང་དུ་བྱས་པའི་དུས་དེ་བཞི་པོ་འགྲིག་པ་ནི་ནམ་ཡང་མི་སྲིད་དོ། །གོ་བྱེད་དང་། གཞི་འགྲེལ་མཁན་པོས་ཕྲ་རིམ་ནས་བཅལ་ནས་རགས་རིམ་ནས་བརྗོད་པར་བཤད་པས། དེ་བཞིན་དུ་བརྗོད་པར་བྱའོ། །ཡིན་མིན། ཡིན་པ་བསྙེན་བཀུར་གྱི་གནས། མཚན་མཐུན་པ། དུས་ཀྱི་རྒན་པ་རྣམས་ཡིན། བསྙེན་བཀུར་གྱི་གནས་མ་ཡིན་པ་ནི། བསྙེན་པར་མ་རྫོགས་པ་དང་། དུས་ཀྱི་གཞོན་པའི་དགེ་སློང་རྣམས་དང་། རྟེན་དམན་པའི་དགེ་སློང་མ་ཐམས་ཅད་དང་། དུས་ཀྱི་རྒན་ཡང་ས་གཞན་ན་གནས་པ་ལ་སོགས་པའི་དམིགས་བསལ་ཐམས་ཅད་དེ། འདི་སྐད་དུ། སོ་སོ་ཐར་པའི་སྡོམ་པ་མཆོག་ལ་རབ་ཏུ་བྱུང་བས་ཕྱག་བྱའོ། །མཉམ་ན་རྒན་པ་ལའོ། །མཚན་ཐ་མི་དད་པ་ལའོ། །སྐྱེས་པ་མི་དམན་པ་ལ་བུད་མེད་ཀྱིས་སོ། །ས་གཞན་ན་གནས་པ་དང་། ཉམས་པ་དང་། དགེ་སློང་མ་སུན་ཕྱུང་བ་དང་། ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་དང་ཐ་དད་པར་གནས་པ་དང་། མཚམས་མེད་པ་བྱས་པ་དང་། ཉལ་བ་དང་། སྙོམས་པར་ཞུགས་པ་དང་། བྲེལ་བ་དང་། སེམས་གཞན་དུ་སོང་བ་དང་། རྒྱབ་ཀྱིས་ཕྱོགས་པ་དང་། ཁྱིམ་གཞན་ན་འདུག་པ་དང་། ཟས་ཀྱི་གྲལ་ན་འདུག་པ་མ་གཏོགས་སོ། །ཁྱིམ་པས་རབ་ཏུ་བྱུང་བ་ལའོ། །ཐམས་ཅད་ཀྱིས་སངས་རྒྱས་ལའོ། །ཞེས་དང་། དུས་མཉམ་པ་རྣམས་ནི་གཅིག་གིས་གཅིག་ལ་ཕྱག་མི་བྱའོ། །སྔར་འོངས་པ་དང་པོ་ཡིན་ནོ། །ཞེས་སོ། །ཕན་ཡོན། དངོས་སུ་སྡོམ་པ་ཐོབ་པའི་དུས་ཤེས་པ། ཤེས་ནས་གནས་ལ་བསྙེན་བཀུར་བྱས་པས་བཅས་པ་དང་མཐུན་པ། རང་གཞན་གྱི་བསླབ་པ་ལ་མ་གུས་པའི་ཉེས་པས་མི་གོས་པ། འཇིག་རྟེན་གྱི་ཆོས་དགེ་བ་ལ་གནས་པས་དགེ་ལེགས་ཀྱི་རྒྱུར་འགྱུར་བའོ། །གནས་དང་ལྟུང་བ་དང་། དགེ་སྦྱོང་མཆོག་འདོད་མཉམ་དང་ཚུལ་འབྲེལ་དང་། །དུལ་དང་དགོས་དང་མ་བརྗོད་གུས་པ་དང་། །བསྒྲུབ་པར་བྱ་བརྗོད་དག་ཏུ་བསྡུས་པ་ཡིན། །ཐོབ་པ་མི་ཉམས་ཤིང་འཕེལ་བར་བྱེད་པའི་ཕྱིར་གདམ་ངག་བསླབ་པ་བརྗོད་པ་སྟོན་ཏེ། ལས་བྱེད་པ་དེས། གྲིབ་ཚོད་བརྗོད་པ་དེའི་འོག་ཏུ། །གནས་རྣམས་དང་། ལྟུང་བར་འགྱུར་བའི་ཆོས་རྣམས་དང་། དགེ་སྦྱོང་དུ་བྱེད་པའི་ཆོས་རྣམས་དང་། མཆོག་ཏུ་འདོད་པར་བྱ་བ་ཡང་དག་པ་ཉིད་ཀྱིས་རྫོགས་པ་ཉིད་དང་། ཚུལ་ཁྲིམས་ཀྱིས་མཉམ་པར་གྱུར་པ་ཉིད་བསྒྲུབ་པ་ལ་ངེས་པར་སྦྱར་བར་བྱ་བ་དང་། ཚུལ་དང་འབྲེལ་བའི་གཟུགས་བརྙན་ལ་ངེས་པར་སྦྱར་བར་བྱ་བ་དང་། དུལ་བར་གནས་པ་ཉིད་ལ་ངེས་པར་སྦྱར་བར་བྱ་བ་དང་། དགོས་པ་རྗེས་སུ་བསྒྲུབ་པ་ལ་ངེས་པར་སྦྱར་བར་བྱ་བ་དང་། མ་བརྗོད་པ་ཡང་དག་པར་བླངས་པ་ཡོངས་སུ་ཤེས་པ་བསྒྲུབ་པ་ཉིད་ཀྱང་བརྗོད་པར་བྱ་བ་དང་། གུས་པ་ལ་ཡང་ངེས་པར་སྦྱར་བར་བྱ་བ་དང་། བསྒྲུབ་པར་བྱ་བ་ཐབས་བརྗོད་པ་དང་བཅས་པ་ལ་ངེས་པར་སྦྱར་བར་བྱ་བ་རྣམས་བརྗོད་པར་བྱའོ། །དེ་ནི་དགེ་སློང་ཕ་བསྙེན་པར་རྫོགས་པར་བྱ་བའི་ཆོ་ག་འཕྲོས་དོན་དང་བཅས་པའོ། །བུད་མེད་ལ་ནི་དགེ་སློབ་མ་ཞེས་པའི། །ཚིགས་གཞན། དགེ་བསྙེན་མ་དང་། དགེ་ཚུལ་མར་བསྒྲུབ་པའི་ཆོ་ག་ནི། ཕའི་ཆོ་ག་དང་ཁྱད་པར་མེད་ལ། བུད་མེད་ལ་དགེ་སློབ་མ་ཞེས་པའི་ཚིགས་གཞན་ཡོད་དེ། དེ་ནི་དགེ་ཚུལ་མ་ཉིད་དང་དགེ་སློང་མ་ཉིད་ཀྱི་བར་སྐབས་སུ་སྦྱིན་པར་བྱའོ། །གལ་ཏེ་ཁྱིམ་སོ་བཟུང་བ་ཡིན་ན་ནི་ན་ཚོད་ལོ་བཅུ་ལོན་ན་དགེ་སློབ་མའི་སྡོམ་པ་སྦྱིན་ཞིང་། ལོ་གཉིས་སྤྱད་ནས། ན་ཚོད་ལོ་བཅུ་གཉིས་ལོན་པ་ན་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་ཞིང་བསྙེན་པར་རྫོགས་པར་བྱའོ། །གལ་ཏེ་གཞོན་ནུ་མ་ཞིག་ཡིན་ན་ན་ཚོད་ལོ་བཅོ་བརྒྱད་ལོན་ན་དགེ་སློབ་མའི་སྡོམ་པ་སྦྱིན་པར་བྱ་ཞིང་། ལོ་གཉིས་སྤྱད་ནས། ན་ཚོད་ལོ་ཉི་ཤུ་ལོན་པ་ན་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པར་བྱ་ཞིང་བསྙེན་པར་རྫོགས་པར་བྱའོ། །དགེ་སློང་མ་དྲུག་བཅུ་གཉིས་དབུས། །དགེ་ཚུལ་མ་ཉིད་དུ་ཉེ་བར་བསྒྲུབས་པའི་འོག་ཏུ། མཁན་མོས་ལས་བྱེད་པའི་དགེ་སློང་མ་དང་། ལས་དེའི་གནས་སུ་འཇུག་པར་འགྱུར་བའི་དགེ་སློང་མ་དག་ལ་གསོལ་བ་གདབ་པར་བྱའོ། །དེ་དག་གིས་ཀྱང་ཉེས་པ་ཕྱིར་བཅོས་ཏེ་དེར་འདུའོ། །དེ་ཡང་ཡུལ་དབུས་སུ་དགེ་སློང་མ་བཅུ་གཉིས་ལ་སོགས་པའི་ཚོགས་སམ། མཐའ་འཁོབ་ཏུ་གཞན་མེད་ན་འདུལ་བ་འཛིན་མ་དང་། དྲུག་ཡན་ཆད་རུང་ངོ་། །དང་པོ། དང་པོར་བྱ་བ་ནི་ཕྱག་འཚལ་བའོ། །མཁན་མོ། མཁན་མོར་གསོལ་བའོ། །བསླབ་པའི་སྡོམ་པ་གསོལ། དགེ་སློང་མ་ལས་བྱེད་མས། བསླབ་པའི་སྡོམ་པ་གསོལ་བའོ། །གསོལ་བ་གཉིས་ཀྱི་ལས་དང་སྟེ། དེ་ལྟ་བུས་བསླབ་པའི་སྡོམ་པ་སྦྱིན་པའི་ཆོ་ག་བྱ་བའོ། །གྲིབ་ཚོད་དང་། ལས་བྱེད་པ་མ་ཡིན་པ་གཞན་གང་ཡང་རུང་བ་ཞིག་གིས་གྲིབ་ཚོད་བརྗོད་པའོ། །བསླབ་པ་བརྗོད་པ། དགེ་སློང་མ་ལས་བྱེད་མས་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་རྒྱ་ཆེར་བརྗོད་པའོ། །སྤྱད་དུས་ལོ་གཉིས་སོ། །དེ་ལྟ་བུའི་བསླབ་པ་ལ་ལོ་གཉིས་ཀྱི་བར་དུ་སློབ་ཅེས་པའོ། །དེ་ནི་དགེ་སློབ་མ་ཉིད་དུ་ཉེ་བར་བསྒྲུབ་པའི་ཆོ་གའོ། །དེས་ལོ་གཉིས་ལོན་པ་དེའི་འོག་ཏུ་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་ཐོབ་པར་བསྙེན་པར་རྫོགས་པར་མི་འགྱུར་རོ། །ཞེས་པ་མཆོག་ཁོ་ནའི་དབང་དུ་མཛད་ལ། ཕའི་ཆོ་གས་བུད་མེད་བསྙེན་པར་རྫོགས་པ་ལ་ནི་མ་ཡིན་ནོ། །དེ་ནི་རུང་ཡང་བྱེད་པ་རྣམས་འགལ་ཚབས་ཅན་དུ་འགྱུར་ཏེ། དེའི་ཕྱིར་འདི་ལ་ཚངས་སྤྱོད་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པར་བྱ་སྟེ། འདི་ལྟར། དང་པོར་བྱ་དང་། ལས་བྱེད་པ་ལ་གསོལ་བ་བཏབ་ནས། ཕྱག་འཚལ་དུ་གཞུག་པའི་བར་རོ། །མཁན་མོ། དེའི་འོག་ཏུ་མཁན་མོར་གསོལ་བར་བྱའོ། །ཆོས་གོས་ལྔ། སྣམ་སྦྱར་དང་། བླ་གོས་དང་། མཐང་གོས་དང་། ཤིང་ང་དཔུང་ཆད་དང་། རྔུལ་གཟན་ཏེ་མཁན་མོ་རང་གིས་དེ་ལ་བྱིན་གྱིས་བརླབ་པར་བྱའོ། །ལྷུང་བཟེད་ཡོད་ན་དེ་ཉིད་ཀྱི་དང་། མེད་ན་བརྙན་ནས་ཀྱང་དེ་ཉིད་དང་བཅས་པ་ཡིན་ནོ། །ལྔ་པོ་ཡང་དེ་བཞིན་ནོ། །ཞེས་པ་གོས་ལྔ་པོ་ཡང་གཡར་ཏེ་བསྟད་ནས་བྱིན་གྱིས་བརླབ་པར་རུང་ངོ་། །སྤྲོ་བྱ། དེ་ཐོས་པའི་ཉེན་ཀོར་ནས་བཀར་བ་ནས། གསང་སྟེ་སྟོན་པ་སྤྲོ་བར་བྱ་བའི་བར་རོ། །དྲུག་པོ་འདི་ལ་སྡོམ་པ་མི་སྐྱེ་སྟེ། མཚན་གཉིས་གླེན་འདམས། རྟག་ཏུ་ཟླ་མཚན་འཛག་པ། ཟླ་མཚན་མི་འཛག་པ། མཚན་མ་ཙམ་ཡོད་པ། སྔོན་རབ་ཏུ་བྱུང་བའོ། །གསོལ་དང་། ལས་བྱེད་པ་མས། གསང་སྟེ་སྟོན་པས་བར་ཆད་དྲི་བ་བསྐོ་བའི་ཕྱིར། གསོལ་བ་འབའ་ཞིག་པའི་ལས་བྱ་བའོ། །གསང་སྟོན་དང་། གསང་སྟེ་སྟོན་པའི་དགེ་སློང་མས་དཀྱིལ་འཁོར་པའི་ཕྱི་རོལ་དུ་གསང་སྟེ་སྟོན་པའོ། །ཞུ། གསང་སྟོན་མས་ཚོགས་ལ་ཞུ་བའོ། །གསོལ། བསྒྲུབ་བྱ་དེ་དཀྱིལ་འཁོར་དུ་བཀུག་ནས། དགེ་སློང་མ་ལས་བྱེད་པས་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་གསོལ་དུ་གཞུག་པའོ། །གསོལ་བ་དྲི་དང་། དགེ་སློང་མ་ལས་བྱེད་པས། དགེ་སློང་མའི་དགེ་འདུན་གྱི་ནང་དུ་བར་ཆད་དྲི་བའི་ཕྱིར་གསོལ་བ་འབའ་ཞིག་པའི་ལས་བྱ་ཞིང་བར་ཆད་དྲི་བའོ། །གསོལ་བ་དང་། གཉིས་ཀྱི་ལས་ཀྱིས་ཚངས་སྤྱོད་ཉེར་གནས་སྦྱིན། །དེའི་འོག་ཏུ་དགེ་སློང་མ་ལས་བྱེད་པ་མས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་ཚངས་པའི་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པར་བྱའོ། །གཉིས་ཀའི་དགེ་འདུན་ནང་དུ་གསོལ་དུ་གཞུག ཚངས་སྤྱོད་ལ་ཉེ་བར་གནས་པར་གྲུབ་པ་དེ་ཉིད་སྔར་དགེ་སློང་མའི་དགེ་འདུན་གྱི་སྟེང་དུ། ཡུལ་དབུས་སུ་དགེ་སློང་བཅུ། མཐའ་འཁོབ་ཏུ་ལྔ་བསྣན་པའི་གཉིས་ཀའི་དགེ་འདུན་གྱི་ནང་དུ། དགེ་སློང་ལས་བྱེད་པས་དེ་བསྙེན་པར་རྫོགས་པར་གསོལ་དུ་གཞུག་པར་བྱའོ། །གསོལ་བ་དྲི་དང་། གཉིས་ཀའི་དགེ་འདུན་གྱི་ནང་དུ་བར་ཆད་དྲི་བའི་ཕྱིར། ལས་བྱེད་པས་གསོལ་བ་འབའ་ཞིག་པའི་ལས་བྱས་ནས་བར་ཆད་དྲི་བར་བྱའོ། །གསོལ་བ་ལས་ཀྱིས་སོ། །དེའི་འོག་ཏུ། དགེ་སློང་ལས་བྱེད་པས། གསོལ་བ་བྱ་སྟེ་ལས་བྱའོ། །དུས་ཚོད་བརྗོད་དང་། དགེ་སློང་ལས་བྱེད་པ་མ་ཡིན་པ་གཞན་གང་ཡང་རུང་བ་ཞིག་གིས། གྲིབ་ཚོད་བརྗོད་པའོ། །གནས་དང་ལྟུང་བ་དང་། ལྕི་ཆོས་དགེ་སྦྱོང་འདོད་དང་མཆོག་འདོད་དང་། །མཉམ་དང་ཚུལ་འབྲེལ་དུལ་དང་དགོས་པ་དང་། །མ་བརྗོད་གུས་དང་བསྒྲུབ་བྱས་བསྡུས་པར་བཤད། །དེའི་འོག་ཏུ་དགེ་སློང་ལས་བྱེད་པས། །གནས་རྣམས་དང་། ལྟུང་བར་གྱུར་པའི་ཆོས་རྣམས་དང་། ལྕི་བའི་ཆོས་དང་། དགེ་སྦྱོང་དུ་བྱེད་པའི་ཆོས་དང་། འདོད་པ་རྫོགས་པ་དང་། མཆོག་ཏུ་འདོད་པ་རྫོགས་པ་དང་། ཚུལ་ཁྲིམས་མཉམ་པར་གྱུར་པ་དང་། ཚུལ་དང་འབྲེལ་བའི་གཟུགས་བརྙན་དང་། དུལ་བར་གནས་པ་ཉིད་དང་། དགོས་པ་རྗེས་སུ་བསྒྲུབ་པ་དང་། དེའི་འོག་ཏུ་མ་བརྗོད་པ་ཡང་དག་པ་བླངས་པ་དང་། གུས་པ་དང་། བསྒྲུབ་པར་བྱ་བ་ཐབས་བརྗོད་པ་དང་བཅས་པ་ལ་ངེས་པར་སྦྱར་བ་རྣམས་ཀྱིས་དགེ་སློང་མ་བསྙེན་པར་རྫོགས་པའི་ཆོ་ག་བསྟན་ནོ། །སྔ་མ་མ་སོང་བསྙེན་པར་རྫོགས་པ་དེས། །གཞན་གཉིས་ཞར་གྱིས་ཐོབ་པ་མདོ་སྡེར་སྣང་། །ཚིགས་སྔ་མ་དགེ་བསྙེན་དང་དགེ་ཚུལ་སྔོན་དུ་མ་བཏང་བར་བསྙེན་པར་རྫོགས་པ་བསྒྲུབས་པ་དེས་དགེ་སློང་གི་སྡོམ་པ་དང་མཉམ་དུ་དགེ་ཚུལ་དང་དགེ་བསྙེན་གྱི་སྡོམ་པ་ཡང་ཅིག་ཅར་དུ་ཐོབ་པ་ཡིན་ཏེ། དྲིན་ལན་བསབ་པའི་མདོར། མ་འགག་པས་ཡང་གསོལ་པ། གལ་ཏེ་ཁྱིམ་པས་ཁྲིམས་ལྔ་མ་མནོས་པར་ཐལ་བྱུང་ཁྲིམས་བཅུ་མནོས་ན་ཁྲིམས་ཐོབ་པར་འགྱུར་རམ། བཀའ་སྩལ་པ། དུས་གཅིག་ཏུ་དགེ་བསྙེན་གྱི་ཁྲིམས་དང་། དགེ་སྦྱོང་གི་ཁྲིམས་རྣམ་པ་གཉིས་ཐོབ་བོ། །གལ་ཏེ་ཁྲིམས་ལྔ་ཡང་མ་མནོས། ཁྲིམས་བཅུ་ཡང་མ་མནོས་པར་ཐལ་བྱུང་ཁྲིམས་རྫོགས་པར་མནོས་ན་ཡང་། དུས་གཅིག་ཏུ་ཁྲིམས་གསུམ་ཆར་ཐོབ་པར་འགྱུར་རོ། །མ་འགགས་པས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཁྲིམས་རྫོགས་པར་མནོས་པས་དུས་གཅིག་ཏུ་ཁྲིམས་རྣམ་པ་གསུམ་ཆར་ཐོབ་པར་འགྱུར་ན། རིམ་གྱིས་སྔར་ཁྲིམས་ལྔ་མནོས་ལ། དེའི་འོག་ཏུ་ཁྲིམས་བཅུ་མནོས་ཏེ། ཕྱིས་ཁྲིམས་རྫོགས་པར་ནོད་དོ་ཞེས་བགྱི་ཡང་ཅི་འཚལ། བཀའ་སྩལ་པ། དུས་གཅིག་ཏུ་ཁྲིམས་གསུམ་ཆར་ཐོབ་མོད་ཀྱི། གང་སངས་རྒྱས་ཀྱི་ཆོས་ལ་ལྷག་པར་མོས་པ་ནི། གདོན་མི་ཟ་བར་རིམ་གྱིས་ཁྲིམས་ལྔ་མནོས་ཏེ། དུལ་བར་བྱས་ལ་དད་པ་དང་མོས་པ་ལྷག་པར་སྐྱེས་ནས། དེའི་འོག་ཏུ་ཁྲིམས་བཅུ་ནོད་དོ། །ཁྲིམས་བཅུ་མནོས་ནས་དགེ་བའི་རྩ་བ་ལྷག་པར་སྐྱེས་ནས། དེའི་འོག་ཏུ་ཚུལ་ཁྲིམས་རྫོགས་པར་མནོས་ན་དེ་ལྟར་རིམ་གྱིས་སངས་རྒྱས་ཀྱི་ཆོས་ཀྱི་རོ་ཐོབ་ཅིང་མོས་པ་བརྟན་པ་མི་ཤིགས་པར་འགྱུར་རོ། །ཞེས་གསུངས་པས་སོ། །དེ་དུས་ཀུན་སློང་སེམས་བསྐྱེད་ཀྱིས་ཟིན་ན། །ཐེག་ཆེན་སོ་སོ་ཐར་པར་མཁས་རྣམས་བཞེད། །རྒྱུའི་ཀུན་སློང་ནི་མཚུངས་པ་ཉིད་ཡིན་ཀྱང་། དེ་དུས་ཀྱི་ཀུན་སློང་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་མི་གནས་པའི་མྱ་ངན་ལས་འདས་པ་འཐོབ་པར་འདོད་པའི་བློས་ཟིན་པའི་ཁྱད་པར་གྱིས། སོ་སོ་ཐར་པ་རིས་བརྒྱད་པོ་ཐམས་ཅད་ཐེག་པ་ཆེན་པོའི་སོ་སོ་ཐར་པའི་སྡོམ་པར་འགྱུར་བ་ཡིན་ཏེ། ཁ་ཆེ་པཎ་ཆེན་གྱིས། ཆོ་ག་ཐད་སོ་བ་ལ་བསམ་པ་ཡར་ལ་འཕེན་པ་ཞེས་གསུངས་སོ།། །། བཞི་པ་ཇི་ལྟར་བསྲུང་བའི་ཚུལ་ལ། ཚུལ་ཁྲིམས་ཕུན་སུམ་ཚོགས་པར་བྱ་བའི་ཕྱིར་གནས་བཅའ་བ་བསྟན་པ། མི་མཐུན་ཕྱོགས་ངོ་ཤེས་པར་བྱ་བའི་ཕྱིར་དགག་པའི་བསླབ་བྱ་བསྟན་པ། བསླབ་པ་ཡོངས་སུ་སྦྱོང་བའི་ཕྱིར་བསྒྲུབ་པའི་བསླབ་བྱ་བསྟན་པ། ཉམས་པ་དག་པར་བྱ་བའི་ཕྱིར་ཕྱིར་བཅོས་པའི་ཆོ་ག་བསྟན་པ། ཆོས་རྣམ་པ་གཏན་ལ་དབབ་པའི་ཕྱིར་གནས་མལ་གྱི་གཞི་བསྟན་པ། ཞར་ལ་གནང་བཀག་གི་ཁྱད་པར་བསྟན་པའི་ཕྱིར་ཐེག་ཆེན་སོ་ཐར་གྱི་བསླབ་བྱ་ཤེས་པར་བྱ་བ་དང་དྲུག་ལས། དང་པོ་ལ། གནས་ཇི་ལྟར་བཅའ་བ། གནས་པ་སློབ་མའི་ཁྲིམས། གནས་ཀྱི་སློབ་དཔོན་གྱི་ཁྲིམས། ཐུན་མོང་དུ་འཇུག་པའི་ཁྲིམས། དམིགས་བསལ་འཕྲོས་དོན་དུ་བསྟན་པ་ལྔ་ལས། དང་པོ་ནི། གནས་བཅའ་བར་བྱའོ། །ཅི་གང་ཡང་རུང་བ་ལ་འམ་ཞེ་ན། གང་ཡང་རུང་བ་ལ་མི་བྱའོ། །ཞེས་སོ། །འོ་ན་གང་ལ་ཞེ་ན། དྲི་བ་ལ་སོགས་པས་ཚུལ་ཁྲིམས་དང་། ཤེས་པ་དང་། འཁོར་ལ་ཕན་འདོགས་པ་ཉིད་ངེས་པར་ཤེས་པར་བྱས་ནས་དེ་གཟུང་བར་བྱའོ། །ཞེས་པས། ལོ་བཅུ་ལོན་པ་དང་ལྷན་ཅིག་ཏུ་སྦྱར་བ་ཐ་མ་དང་ལྡན་པ། འཁོར་ལ་ཕན་འདོགས་པར་ནུས་པ། དེ་ལྟ་བུ་གཟུང་བར་བྱའོ། །དེ་ཡང་ཇི་ལྟར་གཟུང་ན། སྡོམ་པ་བཞིན་ནོ། །ལག་པ་གཉིས་ཀྱིས་རྐང་མཐིལ་གཉིས་ལ་བཅངས་ནས་སོ། །གནས་སུ་འོས་པའི་སྒྱིད་པ་ལ་འཁྱུད་དེ། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བ་བཙུན་པ་ལ་གནས་སུ་གསོལ་གྱི། བཙུན་པས་བདག་གི་སློབ་དཔོན་མཛད་དུ་གསོལ། ཞེས་ཆོ་ག་ལན་གསུམ་ཐབས་ལེགས་དང་བཅས་པ་སྡོམ་པ་ལེན་པ་བཞིན་ནོ། །གནས་པའི་སློབ་མ་ནི་གང་ཞེ་ན། རྫོགས་ནས་ལོ་བརྒྱད་ཅུ་ལ་སོགས་པ་ལོན་ཀྱང་སོ་སོ་ཐར་པ་རྒྱས་པར་མི་ཐོན་པ་དག་དང་ལོ་བཞི་ལོན་པ་ལྔ་པ་ཐ་མ་དང་ལྡན་པ་དང་། གསུམ་རིག་པ། དྲི་མ་གསུམ་སྤངས་པ་ཡིན་ལ། ལྔ་པ་ཐ་མ་དང་ཡང་མི་ལྡན་པ་རྣམས་ཡིན། གཞན་ལ་གནས་འཆའ་བར་བྱ་བ་སྟེ། ལུང་ལས། བཙུན་པ་དགེ་སློང་རྫོགས་པར་བསྙེན་ནས་ལོ་དྲུག་ཅུ་ལགས་ལ། དེས་སོ་སོ་ཐར་པའི་མདོ་འདོན་པ་རྒྱས་པར་ཀློག་པ་དང་ཐོན་པ་མ་ལགས་ན། དེས་ཀྱང་གཞན་ལ་གནས་པས་འཆའ་བར་བགྱི་འམ། ཉེ་བ་འཁོར། དེས་ཀྱང་གཞན་ལ་གནས་པས་འདུག་པར་བྱའོ། །ལྔ་པ་ཐ་མ་དང་མི་ལྡན་པ་དང་། ལོ་བཞི་ལོན། ལོ་ལྔ་པ་ཐ་མ་དང་ལྡན་པ་དང་། གསུམ་རིག་པ། དྲི་མ་གསུམ་སྤངས་པ་ཡིན་ལ། ལོ་ལྔ་ཡང་མ་ལོན། ལྔ་པ་ཐ་མ་དང་ཡང་མི་ལྡན་ན། གནས་མ་བྱས་པར་ལྗོངས་རྒྱུར་རུང་ངམ། མི་རུང་སྟེ། ལོ་ལྔ་ལོན་པ་དང་། ལྔ་པ་དང་ལྡན་པ་ལ་བཅའ་བ་བསྟན་པའི་ཕྱིར་རོ། །ཞེས་གསུངས་པས། ལོ་ལྔ་ལོན་ཅིང་ལྷན་ཅིག་སྦྱར་བ་ཐ་མ་དང་ལྡན་ན་གནས་མ་བཅས་པར་ལྗོངས་རྒྱུར་འགྲོ་བར་བྱའོ། །ཞེས་པས། རྫོགས་ནས་ལོ་ལྔ་ལོན་པ་ལྷན་ཅིག་སྦྱར་བའི་ཐ་མ་དང་ལྡན་ན་གནས་ལ་བརྟེན་མི་དགོས་པར་བཤད། །དེས་མཚོན་ནས་ལྷན་ཅིག་སྦྱར་བའི་ཐ་མ་དང་ལྡན་ན་ལོ་དྲུག་ལ་སོགས་པས་ཀྱང་རུང་ལ། དེ་ལས་གཞན་པའི་ལོ་བཅུ་མ་ལོན་པ་ཐམས་ཅད་གནས་པར་བྱ་དགོས་སོ། །ཡོངས་སུ་བརྟགས་ནས་སྦྱིན་ནོ། །ཞེས་པས། གནས་པས་ཀྱང་རང་ཉིད་ལ་བཀུར་སྟི་བྱེད་པ་ཡིན་པ་དང་། ཅི་འདི་ཡོངས་སུ་མྱ་ངན་ལས་འདས་པའི་བསམ་པ་ཅན་དང་། བསླབ་པ་དག་ལ་གུས་པ་ཡིན་ནམ། ཞེས་ཡོངས་སུ་བརྟགས་ནས་གནས་སྦྱིན་པར་བྱའོ། །བུ་དང་ཕའི་འདུ་ཤེས་དག་བསྐྱེད་པར་བྱའོ། །ཞེས་པས། གནས་ཀྱིས་ནི་གནས་པ་ལ་བུའི་འདུ་ཤེས་བསྐྱེད་པར་བྱ། གནས་པས་ནི་གནས་ལ་ཕའི་འདུ་ཤེས་བསྐྱེད་པར་བྱའོ། །མཁན་པོ་དེ་ཉིད་དེའི་གནས་པ་ཉིད་ཡིན་ནོ། དེའི་ཕྱིར་དེ་ལ་མི་བཅའོ། །ཞེས་པས། མཁན་པོ་ལ་གནས་བཅའ་མི་དགོས་ཏེ། མཁན་པོར་གྲུབ་པ་ཉིད་ཀྱིས་གནས་ཉིད་དུ་གྲུབ་པས་སོ། །མཁན་པོ་མ་ཡིན་པ་དག་ཚོགས་ན་འདོད་པས་འཇུག་པར་བྱའོ། །ཞེས་པ། མཁན་པོ་མ་ཡིན་པའི་གནས་ཀྱི་སློབ་དཔོན་དུ་མ་ཚོགས་པར་གྱུར་ན། གང་གི་གནས་པ་བྱ་ཞེ་ན། རང་འདོད་པ་དེའི་བྱའོ། །དེ་དང་ན་དེ་ཉིད་ཀྱིས་སོ། །ཞེས་པས། མཁན་པོ་དང་སློབ་དཔོན་མང་པོ་ཞིག་གཙུག་ལག་ཁང་དུ་ལྷགས་པར་གྱུར་ལ་གནས་པ་ཡང་དེ་ཉིད་དུ་འདུས་པར་གྱུར་ན་མཁན་པོ་མ་ཡིན་པའི་གནས་ཀྱི་སློབ་དཔོན་དུ་མ་ཚོགས་པར་གྱུར་ན། གང་གི་གནས་པ་བྱ་ཞེ་ན། རང་འདོད་པ་དེའི་བྱའོ། །དེ་དང་ན་དེ་ཉིད་ཀྱིས་སོ། །ཞེས་པས། མཁན་པོ་དང་སློབ་དཔོན་མང་པོ་ཞིག་གཙུག་ལག་ཁང་དུ་ལྷགས་པར་གྱུར་ལ་གནས་ཡང་དེ་ཉིད་དུ་འདུས་པར་གྱུར་ན་མཁན་པོ་ཉིད་ཀྱིས་གནས་པ་བྱའི། །གཞན་གྱིས་ནི་མི་བྱའོ། །གཉིས་པ་གནས་པ་སློབ་མའི་ཁྲིམས་ནི། བཞི་མིན་གནས་པས་གནས་ལ་མ་ཞུས་མིན། གནས་པས་གནས་ལ་མ་ཞུས་པར་བྱ་བ་མི་བྱའོ། །ཞེས་གསུངས་པ་སྟེ། བཤང་བ་དང་། གཅི་བ་དང་། སོ་ཤིང་དོར་བ་དང་། ཉེན་ཀོར་དང་བཅས་པའི་གཙུག་ལག་ཁང་ལ་ཕྱག་བགྱིད་པ་བཞི་ནི་ཞུ་བར་མི་བྱའོ། །མཚམས་ཀྱི་ནང་དུ་གཏོགས་པ་འདྲུ་བ་དང་། འཚེད་པ་དང་། བཟླ་བ་ལ་སོགས་པའི་བྱ་བས་ཁྱབ་པའི་བགྲོད་པ་དེའི་ཉེན་ཀོར་རོ། །གཙུག་ལག་ཁང་ནས་འདོམ་བཞི་བཅུའི་མཐའ་ཚུན་ཆད་དུ་འགྲོ་བ་ཡང་ངོ་། །ཞེས་པ། གཙུག་ལག་ཁང་ནི་གཉིས་ཏེ། ར་བས་བསྐོར་བ་དང་མ་བསྐོར་བའོ། །དེ་ལ་ར་བས་བསྐོར་བ་ལ་ར་བའི་ཕྱི་རོལ་ནས་བགྲང་ཞིང་། མ་བསྐོར་བ་ལ་རྩིག་དྲུང་ནས་བགྲངས་པའི་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་དུ་བཅག་པའི་ཕྱིར་བགྲོད་པ་ནི་མ་ཞུས་ཀྱང་རུང་ངོ་། །སྦྱོར་བ་ཆུང་ངུ་དེའི་མོད་ཁོ་ན་ལ་བྱ་བ་འདི་ལྟ་སྟེ། གཏམ་འདྲེ་བ་དང་། ཕེབས་པར་སྨྲ་བ་དང་། ཕན་ཚུན་དགའ་བར་བྱ་བ་དང་། ལན་གདབ་པ་དང་། འོངས་པ་ལེགས་སོ་ཞེས་བརྗོད་པ་དང་། གོས་ལ་རྡུལ་ཆགས་པ་སྤྲུག་པ་དེ་ལྟ་བུ་ལ་སོགས་པ་ཕྲན་ཚེགས་ནི་ཞུས་ན་བཞད་གད་ཀྱི་རྒྱུར་འགྱུར་བས་མི་ཞུའོ། །ལྷུང་བཟེད་དང་ཆོས་གོས་ཀྱི་ལས་ལ་སོགས་པ་སྦྱོར་བ་ཆེན་པོའི་ལས་ཐམས་ཅད་ནི་མ་ཞུས་པར་མི་བྱའོ། །སོ་ཤིང་དང་ལྕེ་བཞར་གྱིས་ཁ་དག་པར་བྱས། ལུས་ཀྱི་བྱ་བ་བསྒྲུབས་ནས་མཆོད་རྟེན་ལ་ཕྱག་བྱས་ཏེ་གནས་ཀྱི་དྲུང་དུ་ཕྱིན་ནས་ཕྱག་བྱ་བ་དང་། བསྙུན་གསོལ་བར་བྱའོ། །ཐ་ན་སོ་ཤིང་ཟ་བ་ཙམ་ནས་མི་གཙང་བའི་ས་བྱི་དོར་བྱེད་པ་ཡན་ཆད་ཀྱི་སྦགས་པ་དང་། གཅེར་བུ་དང་གོས་གཅིག་པ་ལ་ཕྱག་མི་བྱ། རང་དེ་ལྟ་བུ་ཡིན་ན་ཡང་མི་བྱའོ། །གང་གི་ཚེ་འང་མཐོང་མ་ཐག་ཏུ་སྟན་ལས་ལྡང་བར་བྱ་བ་དང་། གཙུག་ལག་ཁང་དེ་ན་འདུག་ན་ཉིན་པར་ལན་གསུམ་འགྲོ་བར་བྱའོ། །གལ་ཏེ་དགོན་པ་ན་འདུག་པ་ལ་རྒྱང་གྲགས་ཙམ་ན་ཉིན་རེ་ལན་རེའོ། །རྒྱང་གྲགས་ལྔ་ཡོད་ན་ཞག་ལྔ་འམ་དྲུག་ཙམ་ནའོ། དཔག་ཚད་ཕྱེད་དང་གསུམ་ན་གསོ་སྦྱོང་གི་ཚེའོ། །སོ་ཤིང་སོར་བརྒྱད་པ་ནས་བཅུ་གཉིས་པའི་བར་མན་ཆད། དབུལ་བ། ཚང་མང་དུ་བཟའ་བཏུང་སྟ་གོན་བྱས་ཏེ། དགའ་བས་སྟོབས་པ་འམ། གལ་ཏེ་གཉིས་ཀ་བསོད་སྙོམས་པ་ཞིག་ཡིན་ན། གསིལ་བྱེད་བྱི་དོར་བྱས་ཏེ་གཏད་ལ་དགོས་པ་ཡོད་ན་ཆུ་ཚགས་ཀྱང་ངོ་། །ཅི་ལགས། ཐབས་ཅིག་ཏུ་བསོད་སྙོམས་ལ་འཇུག་པར་བགྱི་འམ། འོན་ཏེ་སོ་སོར་བཞེས། དེ་སྐད་ཞུ་བར་བྱའོ། །འདོད་ན་དེ་ཉིད་དང་ལྷན་ཅིག་ཏུ་བསོད་སྙོམས་ལ་འཇུག་ལ། ཉམ་ང་བ་ན་མདུན་དུ་འགྲོ་བར་བྱའོ། །བསོད་སྙོམས་བཟང་པོ་ཞིག་རྙེད་ན་ཕུལ་ཅིག་ཅེས་བདར་བར་བྱའོ། །སོ་སོ་ཞུགས་ནས་རང་གི་རྙེད་པ་ཆེས་མཆོག་ཏུ་གྱུར་ན་དེ་འབུལ་ལོ། །དེས་ཀྱང་ཐམས་ཅད་དུ་ཚོད་རིག་པར་བྱའོ། །ཆུ་སྣོད་དགང་བ་དང་། གདུགས་ཚོད་ལ་བབ་བོ་ཞེས་དུས་བརྗོད་པ་དང་། ཟས་ཟོས་ནས་ལྷུང་བཟེད་ལ་སོགས་པ་བཀྲུས་ཏེ་རང་རང་གི་གནས་སུ་བཞག་པར་བྱ་བ་དང་། མཆོད་རྟེན་ལ་ཕྱག་འཚལ་བ་ན། འདག་རྫས་དང་ཆུ་ལ་སོགས་པ་འབུལ་བ་དང་། རྐང་པ་བཀྲུ་བ་དང་། བསྐུ་མཉེ་དང་། དྲིལ་ཕྱིས་སོགས་ལ་ནན་ཏན་བྱའོ། །མལ་སྟན་བཤམ་པ་དང་། ཤམ་ཐབས་ཀྱི་གཟན་ནུབ་མོའི་གོས་བསྐོན་པ་དང་། ཤམ་ཐབས་བླངས་ཏེ་བཞག་པ་དང་། རྐང་རྟེན་དང་། ཆོལ་ཟངས་དབུལ་བ་དང་། མཆིལ་ལྷམ་གཉིས་ཕྱི་བ་དང་། བསྒྲུབ་པར་བྱ་བ་ཉིད་དུ་མ་བསྐོས་པའི་གནས་ཕྱག་དར་དང་། གོས་ཚེམ་པའི་ལས་ཀྱི་རོགས་བྱའོ། །བསྐོས་ན་རང་ཉིད་ཀྱི་ལས་ཡིན་པས་སོ། །རུང་བར་བྱ་བ་དང་། སྔོ་ཆུང་ངུ་བརྔ་བ་དང་། མེ་ཏོག་དང་འབྲས་བུ་བཏོགས་པ་དང་། སོ་ཤིང་ཉེ་བར་བསྒྲུབ་པ་ལ་སོགས་པ་ལ་ཡང་དགེ་ཚུལ་བསྐོ་ཞིང་བྱེད་དུ་གཞུག་པ་དང་། དེ་ནང་དུ་འོང་བར་འདོད་པས་སྒོ་གླེགས་ལ་གདབ་པ་ན་གོ་བར་བྱའོ། །དེའི་ནང་དུ་དལ་བུར་ཤེས་བཞིན་དུ་འཇུག་ཅིང་སྒོ་སྐྱེས་ལ་མི་འབྱར་བ་དག་བྱའོ། །དེ་དང་ལྷན་ཅིག་ཞེ་འགྲས་པའི་གང་ཟག་ལ་མི་གཞར་བ་སྟེ་ཉེ་བར་མི་བྱའོ། །དེ་དག་ནི་དང་པོར་བྱ་བ་བཀུར་སྟིའི་རིམ་པའོ། །ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། དེའི་ལས་སུ་བྱ་བ་ལ་བྲིམ་པར་བྱ་བ་དང་། གུས་པར་བྱ་བ་དང་། མཛེས་པས་འཇུག་པར་བྱ་བ་དང་། ངོ་ཚ་དང་ལྡན་པ་དང་། རྗེ་ས་དང་བཅས་པ་དང་། སེམས་དམའ་བ་དང་། ཤེས་བཞིན་གྱིས་རང་གི་དོན་མི་ཉམས་པར་བྱ་བ་དང་། དགེ་བ་ཚོལ་བ་ཅན་དུ་བྱ་བ་ནི་བསམ་གཏན་དང་ཀློག་པ་ལ་བརྩོན་པར་བྱའོ། །གལ་ཏེ་དེ་ལས་དགེ་བ་བསམ་གཏན་དང་། ཀློག་པ་དང་། འཕྲལ་གྱི་བྱ་བ་ལ་སོགས་པ་མི་འཕེལ་ན་བདག་ཉིད་གཞན་ལ་གཏད་པ་གསོལ་བར་བྱའོ། །དེས་ཀྱང་གནས་ཀྱི་འོས་ཤེས་པར་བྱས་ནས་གཏད་པར་བྱའོ། །དེ་ནི་བར་དུ་བྱ་བའི་རིམ་པའོ། །གཞན་ཡང་ལྷུང་བཟེད་དང་། ཆོས་གོས་ཀྱི་ལས་དང་། ནད་གཡོག་དང་། འགྱོད་པ་བསལ་བ་དང་། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྤོང་བ་ལ། ཨེ་མ་ཧོ་བདག་གིས་བྱའོ་ཞེ་འམ། བྱེད་དུ་གཞུག་གོ་ཞེས་བརྩོན་པ་ཆེན་པོས་བསྒྲུབ་པར་བྱའོ། །ལྷུང་བཟེད་ཀྱི་ལས་ནི་བསྲེག་པ་དང་གླན་པ་ལ་སོགས་པ། ཆོས་གོས་ཀྱི་ལས་ནི་དྲུབ་པ་དང་ཁ་བསྒྱུར་བ་ལ་སོགས་པའོ། །ནད་གཡོག་ནི། འཕྲོད་པ་དང་། སྨན་སྦྱིན་པ་ལ་སོགས་པའོ། །འགྱོད་པ་བསལ་བ་ནི། ལྟུང་བ་ལྷག་པར་སྤྱད་པའི་ཕྱིར་ཡིད་ལ་གཅགས་པ་སྐྱེས་པ་གང་ཡིན་པ་དེ་བསལ་བ་བཤགས་པ་ལ་སོགས་པའོ། །སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་ནི། བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་དག་གོ །རྣམ་པར་སྤངས་པ་ཞེས་བྱ་བ་ནི། དེ་དག་གིས་བར་དུ་གཅོད་པར་མི་འགྱུར་བར་བྱ་བའོ། །འདི་ནི་གནས་ཉེས་པ་བྱེད་པ་ལ་འཇུག་ན་བཟློག་པ་ཡིན། ཨེ་མ་ཧོ་ཞེས་པ་མི་འདོད་བཞིན་དུ་བྱ་བ་མ་ཡིན་པར་ཤིན་ཏུ་འདོད་པའི་ཚུལ་གྱིས་སྒྲུབ་པར་བྱེད་པ་བསྟན་ནོ། །གཞན་ཡང་དགེ་འདུན་གྱིས་གནས་ཀྱི་སློབ་དཔོན་ལ་ནན་ཏུར་གྱི་ལས་བྱེད་པར་འདོད་པ་དེའི་ཚེ། གནས་པས་ཨེ་མ་ཧོ་དགེ་འདུན་གྱིས་འདི་ལ་ནན་ཏུར་གྱི་ལས་འདི་ལྟ་བུ་མི་བྱའོ་ཞེས་འབད་པར་བྱ་ཞིང་། གལ་ཏེ་བྱས་པར་གྱུར་ན་དགེ་འདུན་ལ་བཟོད་པར་བྱ་བ་དང་། སྤོ་སྤྱོད་མགུ་སྤྱོད་སོགས་བཞི་སྦྱིན་པར་བྱ་བ་དང་། དབྱུང་བའི་བྱ་བ་དགོས་པ་རྣམས་ལ་དགེ་འདུན་ལ་ཞུ་ཞིང་འབད་པས་བསྒྲུབ་པར་བྱ་བ་དེ་ནི་ཐ་མར་བགྱི་བ་བླ་མའི་བྱ་བ་བསྒྲུབ་པའོ། །གནས་པ་བསླབ་པ་རྒན། གནས་བསླབ་པ་གཞོན་ན་འདུད་པར་བྱ་བ་མ་གཏོགས་གཞན་ཐམས་ཅད་བྱའོ། །གསུམ་པ་གནས་ཀྱི་སློབ་དཔོན་གྱི་ཁྲིམས་ནི། དེས་ཀྱང་གདམ་ངག་སོགས་ཀྱིས་ཕན་གདགས་བྱ། གནས་དེས་ཀྱང་། གནས་པ་དེ་ལ་ལྷུང་བཟེད་དང་ཆོས་གོས་ཀྱི་ལས་དང་། ནད་གཡོག་དང་། འགྱོད་པ་བསལ་བ་དང་། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྤོང་བ་དང་། ནན་ཏུར་གྱི་ལས་མི་བྱ་བར་གསོལ་བ་དང་། སྤོ་སྤྱོད་སོགས་བྱིན་པ་དང་། དབྱུང་བར་བྱ་དགོས་ན་འབད་པས་དེ་དག་བྱ་སྟེ། དེས་ཀྱང་དེ་ལ་དེ་བྱ་སྟེ་ཞུ་བ་ནི་མ་གཏོགས་སོ། །ཞེས་སོ། །སྡིག་པའི་གྲོགས་པོ་ལ་བཟློག་པར་བྱ་བ་དང་། དགེ་བ་ལ་སྦྱར་བར་བྱ་བ་དང་། དེ་ཉེ་བར་བསྒྲུབ་པར་བྱ་བ་དང་། ལྟུང་བ་ལས་བསླང་བར་བྱ་བ་དང་། རྗེས་སུ་མཐུན་པའི་འཚོ་བའི་ཡོ་བྱད་བསྒྲུབ་པ་ལ་བརྩོན་པར་བྱ་བའོ། །ཚུལ་ཁྲིམས་འཆལ་པ་ལ་སོགས་པ་ནི་སྡིག་པའི་གྲོགས་པོའོ། །བསམ་གཏན་དང་ཀློག་པ་ལ་སོགས་པ་ལ་སྦྱོར་བ་ནི་དགེ་བ་ལ་སྦྱོར་བའོ། །རྗེས་སུ་མཐུན་པ་དང་རྐྱེན་དུ་འབབ་པ། ཁ་ན་མ་ཐོ་བ་མེད་པའི་ཡོ་བྱད་ནི་རྗེས་སུ་མཐུན་པའི་འཚོ་བའི་ཡོ་བྱད་དོ། །མདོར་ན་བསྡུ་བ་རྣམ་པ་བཞིས་བསྡུ་བར་བྱ་སྟེ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པས་སོ། །གནས་པ་ཆད་པས་བཅད་པར་འོས་པ། ཆད་ལས་མི་བྱ་བར་མི་བྱའོ་ཞེས་པས། ཆད་པ་བཅད་དུ་འོས་པ་ནི། མ་དད་པ་དང་། ལེ་ལོ་ཅན་དང་། བཀའ་བློ་མི་བདེ་བ་དང་། མ་གུས་པ་དང་། སྡིག་པའི་གྲོགས་བྱེད་པ་དང་ལྔ་ཆར་ཚང་བ་ཡིན་ལ། མི་འོས་པ་ལ་ནི་མ་ཡིན་ནོ། །ཆད་པ་ནི་རྣམ་པར་ལྔ་སྟེ། གཏམ་འདྲི་བར་མི་བྱེད་པ་དང་། གདམ་ངག་མི་སྦྱིན་པ་དང་། བསྙེན་བཀུར་དང་ཆོས་དང་ཟང་ཟིང་དག་གིས་ལོངས་སྤྱོད་དུ་མི་འཇུག་པ་དང་། དགེ་བའི་ཕྱོགས་བརྩམས་པ་རྒྱུན་བཅད་པ་དང་། གནས་དགག་པར་བྱ་བའོ། །ཆད་པ་བཅད་པ་གཞན་གྱིས་ལེན་ན། ལེན་པ་པོ་དེ་ཉིད་ལ་ཉེས་པ་སྦོམ་པོ་འབྱུང་བར་འགྱུར་རོ། །དེ་ལྟར་བྱས་ཀྱང་བཟོད་པ་གསོལ་བའི་ཕྱིར་གུས་པར་མི་བྱེད་ན། དགེ་སློང་གཉེན་བཤེས་ཅན་བསྐོས་ཏེ་རྣལ་དུ་དབབ་པར་བྱའོ། །གང་གི་མ་དད་པ་ལ་སོགས་པ་རྒྱུ་བཏང་པ་དེའི་ཚེ་གནས་ཀྱིས་བཟོད་པར་བྱ་སྟེ། འོས་པ་ལ་མི་བཟོད་པར་མི་བྱའོ་ཞེས་པས་སོ། །ཧ་ཅང་ལང་དུ་གྱུར་པས་དྲང་པོར་བྱེད་མ་ནུས་ན། དེའི་ཚེ་བསྙེན་པར་རྫོགས་པ་ལ་ཡོ་བྱད་ཆོས་གོས་གསུམ་གདིང་བ་ཆུ་ཚགས་ལྷུང་བཟེད་དྲུག་དང་། མ་རྫོགས་པ་ལ་ཆུ་ཚགས་རིལ་བ་སྤྱི་བླུགས་ཆོས་གོས་གཉིས་ཏེ་བཞི་སྦྱིན་ནས་གནས་ཁང་ནས་བསྐྲད་ཀྱི། གཙུག་ལག་ཁང་ནས་ནི་མ་ཡིན་ཏེ། ལུང་དུ། དགེ་སློང་ནི་རང་གི་གནས་ཁང་ལ་དབང་གི གཙུག་ལག་ཁང་ལ་མ་ཡིན་ཏེ། གཙུག་ལག་ཁང་ནས་ཀྱང་སྐྲོད་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་གསུངས་སོ། །ཕྱིར་བསྐྲད་པ་ལས་འགྱོད་དེ་དྲང་པོར་གྱུར་ན། སེང་གེ་ལྟར་གྱ་ཚོམས་སུ་མི་བྱ་སྟེ། ཕྱིར་གནས་པ་ཉིད་དུ་གཞུག་གོ །བཞི་པ་ཐུན་མོང་དུ་འཇུག་པའི་ཁྲིམས་ནི། རྟགས་ཉམས་པར་བྱེད་པའི་བྱི་བྱད་སྐྲ་དང་ཁ་སྤུ་མ་གཏོགས་པའི་སྤུ་རྣམས་བྲེག་པར་མི་བྱའོ། །དགོན་པ་པས་སྐྲ་སོར་གཉིས་དང་། གྲོང་མཐའ་པས་སྐྲ་སོར་གཅིག་ལས་ལྷག་པ་མི་བཞག་པ་དང་། སྐྲ་བ་ལང་གི་སྤུ་འདྲ་བར་མི་བྲེག་གོ་ཞེས་སྔར་བཅས་ནས། རྨའི་ཆེད་དུ་གཞན་གྱིས་མི་འཚོ་ན་མདོམས་ལ་སོགས་པའི་སྤུ་འབྲེག་པ་དང་། རྨའི་མཐའ་སྐོར་གྱི་སྤུ་བ་ལང་གི་ལྟར་འདྲེག་པར་གནང་ངོ་། །ཆོས་གོས་གྱོན་བཞིན་པ་དང་། བཏིངས་པ་དང་། ཕྱག་དར་འཕྱག་པར་བྱེད་པ་དེ་དག་ཏུ་སྐྲ་མི་བཞར། བཞར་ན་འགལ་ཚབས་ཅན་དུ་འགྱུར་རོ། །རྒན་པོ་དང་ནད་པ་སྦྱོར་བ་མི་བཟོད་པ་ནི་ཁྱམས་སུ་དང་། རླུང་དང་། ཉི་མ་དང་། ཆར་པའི་ཚེ་ཐམས་ཅད་ཀྱིས་ཀྱང་དེར་རུང་ངོ་། །སེན་མོ་སྟེའུའི་ཁ་ལྟ་བུར་དབུས་དང་མཐའ་མཉམ་པར་བྲེག་གོ །སྤྱིལ་བར་མི་བྱའོ། །སྐྲ་དང་སེན་མོ་དེ་དག་ཕྱག་དར་ཁྲོད་དུ་དོར་རོ། །དགེ་སློང་མ་འདོད་ཆགས་མ་བྲལ་བ་ལ་ཞལ་ཏ་བྱེད་པ་མོ་མེད་པར་སྐྲ་བྲེག་ཏུ་མི་གཞུག་གོ །དེ་ནས་ཡན་ལག་ལྔའི་ཁྲུས་བྱའོ། །ཁྲུས་རས་བཅང་ངོ་། །མེད་ན་ལོ་མ་རྒྱབ་མདུན་དུ་དགབ་པས་སོ། །སྒྲེན་མོ་དང་དགེ་སློང་མས་སྐྱེས་པའི་ཆུ་ངོགས་དང་། སྐྱེས་པས་བུད་མེད་ཀྱི་ཆུ་ངོགས་མ་ཡིན་པར་བྱ་བ་ཡིན་ནོ། །དེའི་ཕྱིར་ཁྲུས་ཁང་གནང་ངོ་། །དེ་ལ་སྟོར་ཁུང་དོད་དོ། །ཁྲུས་དོད་ཀྱང་བྱའོ། །ཁྲུས་ཆུ་ནད་པ་ལ་སྨན་གྱིས་བགོས་པ་དང་། རླུང་འདྲེན་པའི་རྫས་བཏབ་པ་ནི་ཐམས་ཅད་ལ་རུང་ངོ་། །རྩུབ་པར་གྱུར་ན་བསྐུ་མཉེ་བྱའོ། །ཐམས་ཅད་དུ་རྐང་པ་འཁྲུ་བ་ནི་འབབ་ཁུང་ངམ་ཝ་རྐ་ཡོད་པར་བྱའི། སོ་ཕག་གིས་རྐང་པ་བཞར་གྱིས། ལུས་གཞན་མི་བཞར་རོ། །ཁྲུས་ཀྱི་ཆེད་དུ་ཆོལ་ཟངས་ས་ལས་བྱས་པ་དང་། ལྕགས་ཀྱི་གཞོང་པ་ཡང་བཅང་ངོ་། །ལུས་ཕྱིས་ཀྱིས་ཕྱིའོ། །མེད་ན་ཁྲུས་རས་ཀྱིས་སོ། །གཤེར་བར་གྱུར་པ་མ་སྤངས་པ་དེ་སྲིད་དུ་ཙོག་པུར་འདུག་ལ་ཆོས་གོས་མི་བགོའོ། །དེའི་ཞར་ལ་བསྲོ་ཁང་བརྟེན་པ་གནང་ངོ་། །རྒྱགས་དྲེགས་དྲན་པ་འཁྲུལ་བའི་ཕྱིར་ནི་མ་ཡིན་ཏེ། གསོ་བའི་ཕྱིར་རོ། །དེ་ལ་ཡོན་ཏན་ལྔ་སྟེ། རྡུལ་དང་པགས་པའི་དྲི་མ་བྱང་། པགས་པ་མདངས་གསལ། པགས་པའི་ནད་དང་། རླུང་དང་བད་ཀན་སེལ། ནད་མེད་པར་བྱེད་པའོ། །དེ་ཡང་ཁང་པ་ཟླུམ་པོ་ལོགས་ཀྱི་དཀྱིལ་དུ་བུ་གུ་གཏོད་པ། སྒོ་གླེགས་ལ་སོགས་པས་ལེགས་པར་བྱས་པའོ། །དེར་མེ་བསྙལ་བ་དང་སྦར་བ་ན། འཁྲུག་པ་དང་། བོག་པ་དང་། དྲི་མི་ཞིམ་པ་དང་། དུད་པས་མཆི་མ་འཛག་ན་བསལ་བའི་ཕྱིར་མེ་འཇུག་པར་བྱེད་པ་གནས་པར་བྱའོ། །ཟངས་དང་། འབྲུ་མར་དང་། སོ་ཤིང་དང་། བ་ལང་གི་ལྕི་བ་དང་། ས་དང་། ཕྱེ་མ་དང་། ཆུ་ལ་སོགས་པ་ཉེ་བར་བཞག་གོ །ཤིང་སྟག་པ་དང་། དྲིལ་ཕྱིས་དང་། སྣུམ་གྱིས་བསྐུ་བ་དང་། བྱི་དོར་ནི་གཞོན་རབས་སམ་ལྷན་ཅིག་གནས་པ་དང་ཉེ་གནས་ཀྱིས་བྱའོ། །ཡོ་བྱད་ཐམས་ཅད་ལེགས་པར་སྦ་བ་དང་བྱི་དོར་བྱས་ཇི་ལྟ་བར་འཇོག་གོ །དེར་ངོ་མི་ཤེས་པ་དང་། མ་དད་པ་དང་། དད་པ་མི་བརྟེན་པ་དག་འཇུག་པ་བསྲུང་བའི་སྒོ་བ་བསྐོའོ། །དེར་འཇུག་པ་དག་གིས་ཀྱང་དྲི་བ་དང་། སྒྲ་བསྐྱུངས་པ་དང་། ལེགས་པར་བསྡམས་པ་དང་། སྤྱོད་ལམ་མཛེས་པས་འཇུག་གོ །ནང་དུ་འདུག་སྟེ་འདུ་འཛིའི་གཏམ་སྤང་། གཅིག་གིས་གཅིག་ལ་བསྙེན་བཀུར་བ་དང་། མཁན་སློབ་ཚུལ་ཁྲིམས་འཆལ་བ་དང་། ཕ་མ་ནད་པ་དག་ནི་ཁྱིམ་པ་ཡིན་ནའང་བསྙེན་བཀུར་ལ། གཞན་ཚུལ་ཁྲིམས་དང་ལྡན་པ་སེང་གེ་ལྟ་བུས་ཚུལ་ཁྲིམས་འཆལ་བ་ཝ་ལྟ་བུ་རྣམས་ལ་བསྙེན་བཀུར་མི་བྱའོ། །འཕགས་པའི་མི་སྨྲ་བས་འདུག་པ་དང་། མཇུག་ཏུ་རྒྱུན་ཆགས་གསུམ་པ་འདོན་ནོ། །ལྔ་པ་དམིགས་བསལ་འཕྲོས་དོན་དང་བཅས་པ་བསྟན་པ་ནི། གང་ན་གནས་མེད་པ་དེར་གསོ་སྦྱོང་ལ་བསྡད་པ་དང་། གནས་པར་ཁས་བླངས་པར་མི་བྱའོ་ཞེས་པས། གཙུག་ལག་ཁང་གང་ན་གནས་ཀྱི་སློབ་དཔོན་མེད་པ་དེར་གསོ་སྦྱོང་ལ་འོང་བ་དང་བསྡད་པར་མི་བྱ་ཞིང་། དབྱར་གནས་པར་ཁས་མི་བླང་ཞིང་། གལ་ཏེ་ཁས་བླངས་པའི་ཕྱིས་གནས་མེད་པར་གྱུར་ན། ཁས་བླངས་པ་སྔ་མ་བྲལ་ཏེ་གང་ན་གནས་ཡོད་པའི་སར་ཕྱིན་ནས་དབྱར་ཕྱི་མ་ཁས་བླང་བར་བྱའོ། །ཕྱི་མར་ཡང་གནས་མེད་པར་གྱུར་ན་ཟླ་བ་གཉིས་ལས་ལྷག་པར་ཁས་བླངས་པ་བྲལ་ཏེ། ཟླ་བ་གཉིས་གནས་མེད་པར་གནས་པར་བྱས་ནས་སྟོན་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ལ་བབ་པ་ན་གཞན་དུ་འགྲོ་བར་བྱའོ། །གནས་དང་ལས་དང་ཉེ་གནས་ཀྱི་ལམ་གྱིས་དེ་བཙལ་བར་བྱའོ་ཞེས་པ། གནས་གང་དུ་ཉེ་གནས་དང་ཡོན་བདག་གི་རྙེད་པ་ལྷག་པར་སྦྱོར་བ་དང་ལྡན་ན་གནས་འོས་པ་གཞན་ནས་སྤྱན་དྲང་ངོ་། །དགེ་སློང་གནས་མ་བཅས་པ་དག་གིས་ཟླ་བ་གཉིས་སུ་ལ་ཞུ་ཞེ་ན། གཞོན་རབས་ཀྱི་ནང་ནས་རྒན་པ་ལ་རེ་ཞིག་པའི་གནས་ཉིད་ཀྱིས་ཞུ་ལ། ཆེས་རྒན་པ་ནི་མ་ཞུས་པར་བྱ་བ་བྱའོ། །ཞེས་རྗེས་སུ་གནང་བ་ཡང་ཡིན་ནོ། །གནས་ལ་མ་ཞུས་པར་ཚུལ་ཁྲིམས་འཆལ་པ་ལ་བསྙེན་བཀུར་མི་བྱ་ཞིང་། དེས་ཚུར་བྱེད་པ་ཡང་དང་དུ་མི་ལེན་ནོ། །གོང་དུ་མི་གནས་པར་འདུག་པར་མི་བྱའོ་ཞེས་སྤྱིར་བཏང་ནས། འདིར་དམིགས་བསལ་དུ་གནས་པར་འོས་པ་ཡོངས་སུ་ཚོལ་བ་ལ་ཞུགས་པ་ནི་མེད་ན་མི་གནས་པར་འཇུག་པ་ལ་ཉེས་པ་མེད་དོ། །ཞག་ལྔའི་མཐར་ཐུག་པའི་བར་དུ་རྙེད་པ་ཡོད་ན་འོས་པ་ཉིད་དོ། །ཞེས་གསུངས་ལ། ལུང་དུ། མི་གནས་པ་ལ་ཡུན་ཇི་སྲིད་དུ་རྙེད་པ་བཙལ་བར་བགྱི། ཉེ་བ་འཁོར། ཞག་ལྔ་ཚུན་ཆད་དུ་ཞེས་པས། གནས་ཚོལ་བ་ལ་ཞུགས་ཤིང་མ་རྙེད་པས། ཞག་ལྔ་ཚུན་ཆད་གནས་མེད་པར་གནས་པ་ནི་རུང་བ་ཉིད་དོ། །གློ་བུར་དུ་འོངས་པས་ནི་ངལ་བསོས་ནས་ཉི་མ་གཉིས་པའམ་གསུམ་པ་ལ་གནས་བཅའ་བར་བྱའོ། །ཉི་མ་གཅིག་ནི་ཆེད་དུ་མི་བྱའོ། །ཞེས་གསུངས་སོ། །གནས་པ་ཉེ་བར་མི་གནས་ན། གཞན་ལ་ཞུ་བར་བྱའོ་ཞེས་པ་འདིར། གནས་ཞེས་བརྗོད་པར་བྱ་བ་ཡིན་པ་ལ། ཇི་ལྟར་གནས་པ་ཞེས་བརྗོད་སྙམ་ན། གནས་པར་བྱ་བའི་ལས་ལ་གནས་པ་ཡིན་པ་ལ་བསམས་ནས་སོ། །དེ་བས་གནས་མེད་ན་དགེ་སློང་གཞན་ལ་ཞུ་བ་ཡང་རུང་ངོ་། །གནས་ཀྱི་ལས་སུ་བསྐོས་པའི་ཆེད་དུ་སོང་ནས་དེར་ལས་སུ་བྱ་བ་གཞན་བྱུང་ན། དེ་བསྒྲུབ་པའི་ཕྱིར་མ་ཞུས་ཀྱང་ཉེས་པ་མེད་དེ། གནས་མལ་གྱི་གཞི་ལས། གལ་ཏེ་དེར་སོང་བ་རྣམས་ལ་ལས་སུ་བྱ་བ་གཞན་བྱུང་ན་དེ་དག་གི་ཡང་འོངས་ཏེ་ཞུ་བར་མི་བྱ་བར་ལས་སུ་བྱ་བ་དེ་ཉིད་བྱ་སྟེ། དེ་དག་གི་ཞུ་བ་སྔ་མ་ཉིད་དེའི་ཞུ་བ་ཡང་ཡིན་ནོ། །ཞེས་གསུངས་སོ། །གནས་བཅས་པ་ཞིག་པ་ནི་མ་དད་པ་ལ་སོགས་པ་ལྔའི་སྟེང་དུ་སྤྱོ་བ་དང་། སོང་བ་དང་། ཕྱོགས་ལས་གཞན་གྱི་ཕྱོགས་སུ་སོང་བ་དང་། མཁན་པོ་དང་ཚོགས་པ་དང་གཉིས་ཀས་བཏང་བའོ། །ཞར་ལ་ནད་པ་ལ་རིམ་གྲོ་བྱ་བར་བརྗོད་པར་བྱ་སྟེ། ལྷན་ཅིག་གནས་པ་དང་། ཉེ་གནས་དང་། མཁན་པོ་དང་། སློབ་དཔོན་དང་། མཁན་པོ་གཅིག་པ་དང་། སློབ་དཔོན་གཅིག་པ་དང་། གཏམ་འདྲེས་པ་དང་། ཕེབས་པར་སྨྲ་བ་དང་། སྨོས་འདྲིན་དང་འགྲོགས་ཤེས་ཀྱི་ནད་གཡོག་བྱའོ། །བྱེད་པ་དང་པོ་མེད་ན་འོག་མས་སོ། །འདིར་ཀློག་པའི་སློབ་དཔོན་ཡང་གཟུང་བ་ཉིད་ཡིན་ནོ། །ཞེས་པས། གཅུགས་པའི་གཏམ་དག་གིས་དགའ་བར་སྤྱོད་པ་ནི་གཏམ་འདྲེས་པའོ། །གང་དང་ལྷན་ཅིག་བག་ཕེབས་པར་གྱུར་ཅིང་ཡུན་དུ་སྨྲ་བར་བྱེད་པ་ནི་ཕེབས་པར་སྨྲ་བའོ། །གང་དང་ལྷན་ཅིག་གནས་གཅིག་ཏུ་འདུག་པ་དང་། ལམ་གཅིག་ཏུ་འགྲོ་བ་ལ་སོགས་པ་ལ་འདྲིས་པར་བྱེད་པ་དང་ངོ་ཤེས་པར་བྱེད་པ་ནི་སྨོས་འདྲིན་ནོ། །གང་གིས་གང་མཐོང་མ་ཐག་ཏུ་རྗེས་སུ་མཐུན་པ་མེད་ཀྱང་དགའ་བ་ཡོད་པ་ནི་འགྲོགས་ཤེས་སོ། །དེ་དག་ལས། དགེ་སློང་ཞིག་གི་གནས་ཀྱི་སློབ་དཔོན་དང་ཀློག་པའི་སློབ་དཔོན་གཉིས་ཀ་ན་ནས་ཇི་ལྟར་བྱེད་མ་ཤེས་པར་གསོལ་བས། ནུས་ན་གཉིས་ཀ་བྱ་ཡི། མི་ནུས་ན་གནས་ཀྱི་བྱ་སྟེ། ཀློག་པ་མེད་པར་ནི་འདུག་ཏུ་རུང་གི་གནས་མེད་པར་ནི་མི་རུང་བས་སོ་ཞེས་གསུངས་པས། དང་པོར་གནས་ཀྱི་སློབ་དཔོན་གྱི་ནད་གཡོག་བྱའོ། །དེ་མེད་ན་ལས་བྱེད་པའི། དེ་མེད་ན་གསང་སྟོན། དེ་ནས་དགེ་ཚུལ་དུ་སྒྲུབ་པར་བྱེད་པའི་དང་། སློབ་དཔོན་ཐམས་ཅད་ལས་རིང་བའི་ཕྱིར། དེ་ནས་ཀློག་པའི་སློབ་དཔོན་གྱི་དང་། དེ་མེད་ན་ལྷན་ཅིག་གནས་པ་དང་། དེ་མེད་ན་མཐར་ཐུག་པ་འགྲོགས་ཤེས་ཀྱི་བར་གྱི་ནད་གཡོག་བྱ་བ་རིག་པར་བྱའོ། །དགེ་འདུན་ཐམས་ཅད་ཅིག་ཅར་དུ་ནད་ཀྱིས་བཏབ་ཅིང་། ཅིག་ཅར་ནད་གཡོག་མི་ནུས་ན། གནས་པ་གང་དང་འཇུག་པའོ་ཞེས་པས། གནས་པའི་བྱ་བ། གནས་པ་ཡང་མང་བས་ཐམས་ཅད་ཀྱི་མི་ནུས་ན་གང་ལ་ཞུ་ཞིང་གནས་པ་དེའི་བྱའོ། །གལ་ཏེ་གཞན་པ་ཤིན་ཏུ་ཉམ་ཐག་པར་གྱུར་ལ། གནས་པ་ལ་སྲོག་གི་བར་ཆད་མེད་ན་ཉམ་ཐག་པ་དེའི་བྱའོ། །ཇི་སྐད་དུ། རབ་ཏུ་བྱུང་བའི་ནད་གཡོག་བྱ་བར་བསྟན་པ་དེ་བཞིན་དུ་རྟགས་ཙམ་པའི་ནད་གཡོག་ཀྱང་དེ་ཁོ་ན་བཞིན་དུ་བྱ་དགོས་པར་གསུངས་ན། ཅིའི་ཕྱིར་ཚངས་པ་མཚུངས་པར་སྤྱོད་པ་ན་བ་ཡལ་བར་འདོར། གལ་ཏེ་ནད་གཡོག་གཅིག་གིས་མི་ནུས་ན་མཐར་ཐུག་པ་ཐམས་ཅད་ཀྱིས་ཀྱང་བྱ་བ་སྟེ། ལུང་དུ། སྟོན་པས་དགེ་སློང་ནད་པ་འདི་དག་ལ་ཚངས་པར་མཚུངས་པར་སྤྱོད་པ་ཁྱེད་ཅག་ཁོ་ན་མ་གཏོགས་ཕ་མེད་མ་མེད་རྩ་ལག་མེད་པས། དེས་ན་ཕན་ཚུན་རིམ་གྲོར་བྱའོ་ཞེས་དང་། འཁོར་དང་བྲལ་བ་ཤེས་པ་ཆུང་བ་ལ་དགེ་འདུན་གྱིས་ནད་ཀྱི་གནས་སྐབས་ལ་བརྟགས་ལ། རིམ་གྲོ་པ་གཅིག་གམ་གཉིས་སམ་དགེ་འདུན་ཀུན་གྱིས་ཀྱང་བྱའོ། །ཞེས་གསུངས་པས་སོ། །དགེ་འདུན་གྱི་སྨན་ཁང་དུ་བཞག་པའི་སྨན་ནི། ནད་པ་འབའ་ཞིག་གིས་སྤྱད་དུ་རུང་ངོ་། མེད་ན་ནད་གཡོག་གིས་ཡོན་བདག་ཚོལ་དུ་གཞུག་ལ། ནད་པས་མ་གནང་བ་ནི་མ་ཡིན་ནོ། །མ་འབྱོར་ན་དགེ་འདུན་གྱི་དཀོར་ཐམས་ཅད་ལས་དང་། མེད་ན་སངས་རྒྱས་ཀྱི་དཀོར་ལས་རིན་སྦྱིན་པར་བྱའི། སྨན་ནི་མཚོན་པ་ཙམ་སྟེ། དངོས་པོ་གང་གི་ནད་དེ་ཞི་བར་བྱེད་ནུས་པའི་ཡོ་བྱད་ཐམས་ཅད་ལ་འགྲེའོ། །མ་ཤི་ན་དེ་བསབ་ཅིང་འབྱོར་བ་མེད་ན་བསབ་མ་ཐུབ་ཀྱང་ཉེས་པ་མེད་དེ། བསམ་པ་དག་པའི་ཕྱིར་དང་། ཞིང་ཆེན་པོའི་གནས་སྐབས་སུ་སྤྱད་པའི་ཕྱིར་རོ། །ནད་པའི་འཚོ་བ་ལ་ཕན་པའི་ཚིག་དོན་དང་ལྡན་པ་དང་། བསོད་ནམས་ལ་ཕན་པའི་ཚིག་ཆོས་དང་འབྲེལ་བ་གཉིས་བཅག་པར་མི་བྱ་བ་དང་། ལྷག་པར་ཞེན་པའི་ཡོ་བྱད་འགུགས་པ་དགག་པར་མི་བྱ་བ་དང་། ནད་གཡོག་གིས་ཕན་པའི་གདམས་པ་སྦྱིན་ཞིང་། ནད་པས་དེ་ལས་འདའ་བར་མི་བྱ་བ་དང་། ཤིར་དོགས་ན་ལེགས་པར་བརྟགས་ཏེ་དགེ་འདུན་གྱི་མལ་སྟན་ལས་བསླང་ནས་གང་ཟག་གི་མལ་སྟན་ལ་བསྐུ་མཉེ་ལ་སོགས་པའི་ཟོལ་གྱིས་བཞག་པ་དང་། ཤི་ན་གོས་བཀྲུ་བ་དང་། བསྙེན་བཀུར་བ་མཐའ་དག་ནད་གཡོག་གིས་བྱ་བ་ཡིན་ནོ། །དེ་ནས་དགེ་འདུན་གྱི་གནས་བརྟན་ནི། དགེ་འདུན་ཐམས་ཅད་ཀྱི་གནས་ལྟ་བུ་ཡིན་པའི་ཕྱིར་འདིར་བཀར་ཏེ་བརྗོད་པར་བྱའོ། །དགེ་འདུན་ཐམས་ཅད་ཚོགས་པ་ན། དགེ་འདུན་གྱི་གནས་བརྟན་སྣ་ལ་འགྲོ་བར་བྱ་བ་དང་། དགེ་སློང་དག་ཐོགས་ན་གནས་བརྟན་གྱིས་སྒུག་པ་དང་། དེ་བཞིན་དུ་དགེ་འདུན་གྱིས་ཀྱང་གནས་བརྟན་ཐོགས་ན་མི་རིང་བར་སོང་ནས་སྒུག་པ་དང་། གྲོང་གི་ཉེན་ཀོར་དང་གྲོང་དུ་འཇུག་པའི་ཚེ་ཕྱི་བཞིན་འོང་བ་མཐོང་བ་ན་བསྡད་དོ། །གལ་ཏེ་ནང་དུ་བྱོན་ཅིག་ཅེས་སྦྲོན་པར་བྱུང་ན་ཡང་གནས་བརྟན་མ་སླེབ་ཀྱི་བར་དུ་སྡོད་ཅིག་ཅེས་བསྒོ་བ་དང་། གལ་ཏེ་ཟས་ཀྱི་ཕྱིར་སོན་པ་ཉིད་ན། ལག་པ་བསྙལ་བའི་ཕྱིར་ལག་ཆུ་དྲངས་པ་དེའི་ཚེ་ཡང་། དུས་ཚོད་ཀྱིས་ཐུབ་ན་གནས་བརྟན་སྒུག་སྡོད་བྱའོ། །ལོང་མེད་ན་བཀད་སའི་གྲལ་གྱི་མགོར་གནས་བརྟན་གྱི་སྟན་བཞག་པར་བྱའོ། །དེ་ནི་དགེ་འདུན་གྱིས་བྱ་བའོ། །ཕྱི་བཞིན་འབྲེང་བའི་དགེ་སྦྱོང་དག་གིས་ནི་གནས་བརྟན་གྱི་མདུན་དུ་འགྲོ་བ་དང་གོང་དུ་འདུག་པར་མི་བྱ། དེས་མ་སྨྲས་པར་སྨྲ་བར་མི་བྱ། དེས་སྨྲས་པ་ཅང་མི་སྨྲ་བས་བསྒྲུབ་ཅིང་། དེའི་གཏམ་གྱི་བར་ཆད་མི་བྱ། དེ་ཆོས་མ་ཡིན་པ་སྨྲ་ན་བཟློག་པར་བྱ། ཆོས་སྨྲ་བ་ན་ལེགས་སོ་ཞེས་རྗེས་སུ་ཡི་རངས་བར་བྱ། བླ་མའི་ཆོས་དང་ལྡན་པའི་རྙེད་པར་བྱུང་ན་བླང་བར་ཡང་བྱ་སྟེ། རང་གིས་བླང་དུ་གཞུག་པ་ནི་ཚུལ་མ་ཡིན་པའི་ཕྱིར་རོ། །ཕྱག་བདར་དང་། མལ་དང་། སྟན་བཤམ་པ་དང་། ཆུ་བཞག་པ་དང་། བྲིམ་པ་དང་། ཟས་དྲང་བ་ནི་ཐམས་ཅད་གསར་བུས་བྱའོ། །ཀུན་དགའ་ར་བའི་གནས་བརྟན་དག་གི་ནི་འདུག་པ་དང་། ཕྱི་རོལ་དུ་ཡང་སོ་སོར་བརྟགས་ཏེ་ཁ་ཅིག་ལེགས་པར་མ་བསྒོས་པ་དང་། ལེགས་པར་མ་སྦྱངས་པ་གྱུར་པ་ལྟ་ན། མཛེས་པར་བྱ་བའི་ཕྱིར་བརྡ་བྱས་ཏེ་འཆོས་སུ་འཇུག་ཅིང་གཙུག་ལག་ཁང་དང་དགོན་པར་གསར་བུ་དག་ཚུལ་ཁྲིམས་ཀྱིས་འཇུག་པ་གནས་པའི་ཚུལ་ཁྲིམས། གཙུག་ལག་ཁང་དང་དགོན་པའི་ཁྲིམས་ཀུན་ཏུ་སྤྱོད་པ་སོགས་འཛིན་དུ་གཞུག་ཅིང་ནན་ཏན་བྱ་བ་ལ་ངེས་པར་སྦྱར་བ་དང་། འགའ་ཞིག་གཙུག་ལག་ཁང་དུ་འོངས་ན། འོངས་པ་ལེགས་སོ་ཞེས་སྔར་སྙན་པར་བརྗོད་པ་དང་། བཞིན་གྱི་མདངས་གསལ་བག་ཕེབས་པར་འགྱུར་བ་དེ་ལྟར་བྱའོ། །གཙུག་ལག་ཁང་དུ་ཁྱིམ་པ་བསྙེན་བཀུར་བར་འོངས་ན། ཟན་སྦྱོར་དུ་བཅུག་ལ་དགེ་སློང་དག་ལ་བསྒོ་བར་བྱའོ། །དགེ་སློང་དེ་དག་སྟ་གོན་མི་བྱེད་པའམ། དེའི་ཟན་མི་འདོད་ན། ཁྱིམ་པ་དེ་ལ་ཆོས་དང་ལྡན་པ་སྦྱིན་པ་ལ་སོགས་པའི་གཏམ་བྱས་ནས། བདག་ཅག་ལ་འདི་ཡོད་དོ་ཞེས་བརྡ་སྦྱར་རོ། །གཡོག་འཁོར་གྱི་བྱ་བར་རང་དང་གཞན་ལ་གནོད་པར་མི་འགྱུར་བ་ནི་ཅི་བདེར་བཞག་གོ །བདག་དང་གཞན་ལ་གནོད་པར་ལྟ་ན། དེ་དག་གི་བྱ་བ་རྒྱུན་བཅད་ལ་ཆོས་དང་ལྡན་པའི་བྱ་བ་ཅི་རིགས་པ་ལ་སྦྱར་བའི་གྲོས་གདབ་པར་བྱའོ། །དེའི་རྐྱེན་གྱིས་གཡོག་འཁོར་མི་དགའ་ཞིང་གཞན་དུ་འཕོ་བསྐྱས་བྱེད་པ་ལྟར་ན། གཡོག་འཁོར་དེ་ཅི་ནས་ཀྱང་མི་དགའ་བ་དང་། འཕོ་བར་མི་འགྱུར་ལ། བྱ་བ་མི་མཐུན་པ་དེ་ཡང་རྒྱུན་གཅོད་པར་འགྱུར་བ་དེ་ལྟར་སྦྱིན་པ་དང་སྙན་པར་སྨྲ་བ་ལ་སོགས་པས་ཕྱིར་བསྡུ་བར་བྱའོ། །མི་ནུས་པ་ཉིད་ཡིན་ན་བདག་ཉིད་གནས་གཞན་དུ་འགྲོ་བར་བྱ་ཞིང་། དེའི་རྐྱེན་གྱིས་གཡོག་འཁོར་དང་རྩོད་ཅིང་འཐབ་པའི་ཚིག་སྨྲ་བར་མི་བྱའོ། །དགེ་འདུན་གྱི་ཀུན་དགའ་ར་བ་ལ་གནོད་པར་བྱེད་ན། ཅི་ནས་ཀྱང་དེ་དག་འཛིན་དུ་གཞུག་པའི་ཕྱིར་འཛིན་པ་བཏང་བ་དེ་ལྟར་བྱའོ། །མི་འགྲོ་ན་བབ་ཅོལ་དུ་སུ་ལའང་མི་བརྗོད་པར་གཞོན་ནུ་དང་། མཛའ་བཤེས་དང་། ཞང་བློན་དང་། བཀྲབས་པ་དང་། ཞབས་འབྲིང་དང་། གཉུག་མར་གནས་པ་དག་ལ་སྐད་སྦྱར་ཏེ། གྲ་དག་པར་ཐུལ་འོག་ཏུ་གཞུག་པར་བྱའོ། །གློ་བུར་དུ་འོངས་པའི་གནས་བརྟན་གྱིས་ནི་རང་དང་ལྷན་ཅིག་ལྷགས་པ་རྣམས་བགྲངས་ནས། གནས་མལ་ཐོབ་པར་བྱ་བའི་ཕྱིར་དགེ་སློང་གཉུག་མར་གནས་པ་རྣམས་ལ་བརྗོད་པར་བྱའོ། །འགྲོ་བའི་གནས་བརྟན་གྱིས་ནི་ཕྱོགས་གང་དུ་མགྲོན་པོ་གང་ལྷན་ཅིག་འགྲོ་བ་དང་། གནས་དགོན་པ་ལ་སོགས་པ་འདོད་པ་གང་ཡིན་པ་དང་། དེར་སོན་པ་རྣམས་ཀྱི་གནས་མལ་གང་ཡིན་པ་དེ་ཐམས་ཅད་ཁོང་དུ་ཆུད་པར་བྱས། །གྲོགས་ཀྱང་ན་ན་གང་གིས་ཀྱང་མི་འདོར་བ་ཉིད་བརྟགས་ནས་འགྲོ་བར་བྱ་ཞིང་། རིང་པོར་མ་ཕྱིན་པར་ཐམས་ཅད་ཀྱི་ཐད་དུ་ཅུང་ཟད་ཙམ་མ་ལུས་སམ་ཞེས་འཕྲལ་དུ་དྲན་པར་བྱའོ། །གྲོང་འདབ་ཀྱི་གནས་བརྟན་གྱིས་ཁྱིམ་པ་འོངས་པར་གྱུར་པ་ལ་ཟས་དང་སྐོམ་ལ་སོགས་པས་ཀུན་དགའ་བར་བྱའོ། །དགོན་པ་པས་ཆུ་དང་སྟན་ཙམ་བཏབ་བོ། །གྲོང་དུ་འགྲོ་བའི་གནས་བརྟན་དག་གིས་ཁྱིམ་དུ་མི་རྒོད་པ་དང་། མ་ཁེངས་པ་དང་། ཁྱིམ་དུ་མི་གནས་པར་བྱའོ། །མིག་ཡུལ་རྣམས་ལས་ཕྱིར་བླན་པར་བྱ་སྟེ་གཡེར་བག་ཏུ་བལྟ་བ་ནི་ཚུལ་མ་ཡིན་པས་སོ། །ཁྱིམ་དུ་ཆོས་དང་ལྡན་པའི་གཏམ་བྱས་ཏེ། ཞི་བ་དང་། དུལ་བ་དང་། ཡང་དག་པར་སྡོམ་པ་དང་། ཚངས་པར་སྤྱོད་པ་ལ་གནས་པ་དང་། གསོ་སྦྱོང་དང་། སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་གཟུང་བ་དག་ལ་ཁྱིམ་པ་དེ་དག་ངེས་པར་སྦྱར་བར་བྱའོ། །དབྱར་གནས་པའི་གནས་བརྟན་གྱིས་གཙུག་ལག་ཁང་བྱི་དོར་མི་བྱེད་པ་ལ་གྲོས་གདབ་ཅིང་། རང་གི་ངང་གིས་བྱེད་པ་རྣམས་སྤྲོ་བར་བྱ་བའོ། །དེ་དག་ནི་སོ་སོར་བྱ་བ་ཡིན་ནོ། །ད་ནི་གནས་བརྟན་ཐམས་ཅད་ཀྱིས་ཐུན་མོང་དུ་བྱ་བ་སྟོན་ཏེ། རང་གི་འཁོར་དུ་གཏོགས་པ་མིང་དང་མཚན་མས་ཀུན་ཤེས་པར་བྱས་ནས་གསར་བུ་རྣམས་ཉེ་བར་ཞི་བ་དང་། རྒྱགས་པ་དང་། ང་རྒྱལ་ངེས་པར་གཞོམ་པ་ཉིད་ལ་དགོད་པར་བྱ། ཁྱིམ་དང་ཉེ་བ་ན་དགེ་འདུན་ཐམས་ཅད་ཀྱང་དེ་ལྟ་བའི་གནས་ལ་སྦྱར་བར་བྱའོ། །བསོད་སྙོམས་ལ་སོགས་པའི་སྤྱོད་ཡུལ་དང་། འཆག་པ་ལ་སོགས་པའི་སྤྱོད་ལམ་སྟོན་པ་དང་། ལུང་ནོད་པ་ལ་སོགས་པ་དང་། ཟས་ཀྱི་རྙེད་པ་དང་། ཆོས་གོས་ལ་སོགས་པའི་ཡོ་བྱད་དང་། ནད་པ་ལ་གཡོག་དང་སྨན་ལ་སོགས་པའི་བྱ་བ་བསྒྲུབ་པས་དང་། དགེ་སློང་འཁོར་དུ་གཏོགས་པ་ལ་ཆོས་ཀྱི་གཏམ་འདོད་ཅིང་གསོལ་བའི་ཚེ་གང་ལ་གང་འོས་པའི་རྗེས་སུ་མཐུན་པའི་ཆོས་ཉེ་བར་བསྒྲུབས་པ་དེས་ཕན་གདགས་པར་བྱའོ། །འཕགས་པའི་མི་སྨྲ་བས་འདུག་པ་ཚུལ་བཞིན་ཡིད་ལ་བྱེད་པ་བཏང་སྙོམས་སུ་བཞག་པར་བྱའོ།། །། གཉིས་པ་མི་མཐུན་ཕྱོགས་ངོ་ཤེས་པའི་ཕྱིར་དགག་པའི་བསླབ་པ་བསྟན་པ་ལ། དགེ་སློང་ཕའི་བསླབ་བྱ་དང་། དགེ་སློང་མའི་བསླབ་བྱ་དང་། ཞར་ལ་རབ་ཏུ་བྱུང་བ་གཞན་གཉིས་ཀྱི་བསླབ་བྱ་དང་། ཁྱིམ་པའི་སྡོམ་པ་གཉིས་ཀྱི་བསླབ་བྱ་དང་། སྤྱིར་བསྟན་པ་དང་ལྔ་ལས། དང་པོ་ལ། ཕམ་པའི་སྡེ། ལྷག་མའི་སྡེ། ལྟུང་བྱེད་ཀྱི་སྡེ། སོར་བཤགས་ཀྱི་སྡེ། ཉེས་བྱས་ཀྱི་སྡེ་བཤད་པ་ལྔ། དང་པོ་ལ། ཐུན་མོང་དུ་བཤད་པས་མདོར་བསྟན། སོ་སོར་བསྟན་པས་རྒྱས་པ་བཤད་པ་གཉིས་ལས། དང་པོ་ནི། མི་ཚངས་སྤྱོད་དང་རྐུ་དང་མི་གསོད་དང་། །བླ་མའི་བརྫུན་བཞི་ཕས་ཕམ་ལྟུང་བའི་སྡེ། །འདོད་པ་རྣམས་ལ་ལོག་པར་གཡེམ་པ་ནི་མི་ཚངས་པར་སྤྱོད་པ་དང་། མ་བྱིན་པར་ལེན་པ་རྐུ་བ་དང་། མིར་གྱུར་པ་གསོད་པ་ནི་མི་གསོད་པ་དང་། མི་ཆོས་བླ་མ་མ་ཐོབ་པར་ཐོབ་བོ་ཞེས་སྨྲ་བ་ནི་བླ་མའི་བརྫུན་སྨྲ་བ་སྟེ། བཞི་ནི་ཕས་ཕམ་གྱི་ལྟུང་བའི་སྡེ་ཡིན་ཏེ། ཕས་ཞེས་པ་ནི་ཕ་རོལ་གཉེན་པོའི་ཆུ་ལོན། ཕམ་པར་བྱེད་པ་ནི་སྤང་བྱ་དེ་སྤྱད་པའི་ཟིལ་གྱིས་མནན་པས་གཉེན་པོ་ཕམ་པར་གྱུར་པས་ན་ཕས་ཕམ་མོ། །ཤིན་ཏུ་ལྕི་ཕྱིར་འདི་དག་གང་བྱུང་ཡང་། །དགེ་སློང་རྣམ་པར་ཉམས་པར་འགྱུར་བ་ཡིན། །ཕས་ཕམ་པ་བཞི་པོ་འདི་དག་ནི་སྡིག་པ་ཤིན་ཏུ་ལྕི་བ་ཡིན་པས་གནས་དེ་དག་ལས་གང་ཡང་རུང་བ་ཞིག་བྱུང་ན་དགེ་སློང་རྣམ་པར་ཉམས་པར་འགྱུར་བ་ཡིན་ནོ། །དེ་ལ་ཡང་མདོ་སྡེ་པ་དག་ནི། ཕམ་པ་ལ་འཆབ་བཅས་ཀྱིས་ཁྱབ་ཅིང་། དེ་ལས་གང་ཡང་རུང་བ་ཞིག་བྱུང་བས་ཀྱང་སྡོམ་པའི་རྩ་བ་མཐའ་དག་གཏོང་བ་ཡིན་ཏེ། རྒྱུད་ཁྲེལ་མེད་པ་ཤས་ཆེན་པོ་དང་ལྡན་པའི་ཕྱིར་རོ། །ཇི་སྐད་དུ་ལུང་ལས། དེ་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་། དགེ་སྦྱོང་དུ་མི་རུང་། ཞེས་པ་ནས། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་རོ། །ཞེས་འདོད་ལ། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་རྣམས་ནི། འཆབ་སེམས་ཕམ་པའི་ཡན་ལག་ཏུ་དགོས་པ་ནི་མི་འཐད་དེ། འདོད་ཆགས་ཀྱི་རོ་མྱོང་བ་དང་། འཆབ་སེམས་དུས་གཅིག་ཏུ་འབྱུང་བ་མི་སྲིད་པའི་ཕྱིར་དང་། ལྟུང་བ་བྱུང་རྗེས་ཀྱི་འཆབ་སེམས་ཀྱང་ལྟུང་བའི་ཡན་ལག་ཏུ་མི་རུང་བའི་ཕྱིར་དང་། ལུང་གི་དོན་ཡང་། ཚེ་དེ་ཉིད་ལ་དོན་དམ་པའི་དགེ་སློང་ཐོབ་པའི་སྐལ་བ་མེད་པ་ལ་དགོངས་པ་ཡིན་ནོ། །དེ་བས་ན་སྲོག་གཅོད་ཀྱི་ཕམ་པ་འཆབ་མེད་ལྟ་བུ་ཞིག་གི་རང་གི་དངོས་ཀྱི་གཉེན་པོ་དེ་ཁོ་ན་ཉམས་པར་བྱེད་ཀྱི། གཞན་རྣམས་ཉམས་པར་བྱེད་པ་ནི་མ་ཡིན་ཏེ། སྤོང་བ་བདུན་པོ་རྫས་ཐ་དད་དུ་སྐྱེ་བའི་ཕྱིར་དང་། ཕྱོགས་གཅིག་ཉམས་པས་མཐའ་དག་གཏོང་བ་ཡང་མི་རིགས་པའི་ཕྱིར་དང་། ལུང་ལས་ཀྱང་། ཚུལ་ཁྲིམས་འཆལ་པ་ཞིག་དགེ་སློང་མ་ལ་འདོམས་པར་བྱེད་ན་ལྟུང་བྱེད་དོ། །ཞེས་གསུངས་པ། སྡོམ་པ་དང་བྲལ་བ་ལ་ནི་ལྟུང་བ་ཡང་ཇི་ལྟར་འགྱུར། དེ་ལྟ་བས་ན། སྲོག་གཅོད་ཀྱི་ཕམ་པ་ཅན་དེ་མ་བྱིན་ལེན་གྱི་ཕམ་པ་སྐྱེ་བའི་རྟེན་དུ་ཡང་རུང་ངོ་། །དེ་ལྟ་བུའི་དགེ་སློང་དེ་ཚུལ་ཁྲིམས་འཆལ་བ་དང་། ཚུལ་ཁྲིམས་ལྡན་པ་གཉིས་ཀ་ཡིན་ཏེ། བུ་ལོན་ཅན་དང་ནོར་ཅན་གྱི་དཔེ་བཞིན་ནོ། །ལུང་ལས་ཀྱང་། དགེ་སློང་བཞི་སྟེ་ལྔ་པ་མེད། །ལམ་གྱི་རྒྱལ་དང་ལམ་སྟོན་དང་། །ལམ་གྱིས་འཚོ་དང་ལམ་སུན་འབྱིན། །ཞེས་གསུངས་པའང་འདི་ལ་དགོངས་སོ། །ཞེས་འཆད་དོ། །དེ་ལྟར་ཡང་། སློབ་དཔོན་དབྱིག་གཉེན་གྱིས། ཁ་ཆེ་རྣམས་ནི་བྱུང་བ་ལ། །བུ་ལོན་ནོར་ཅན་གཉིས་སུ་འདོད། །ཅེས་དང་། འོད་ལྡན་པས། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། འདི་ལྟར་ཕྱོགས་གཅིག་འཁྲུགས་པས་སྡོམ་པ་མཐའ་དག་གཏོང་བར་རིགས་པ་མ་ཡིན་ཏེ། དེ་བས་ན་མཐར་འགྱུར་བས་སྡོམ་པ་ཞིག་པ་མེད་དོ་ཞེས་འཆད་དོ། །ཞེས་གསུངས་པའི་ཕྱིར་རོ། །བཙུན་པ་ཡོན་ཏན་འོད་ཀྱང་། ཕམ་པ་འཆབ་བཅས་ཅན་ལ་དགོས་པ་བསྒྲུབ་ནུས་ཀྱི་སྡོམ་པ་མེད་པ་དང་། བར་མ་རབ་བྱུང་ཙམ་ཡོད་པ་དང་། ཕམ་པ་འཆབ་མེད་ཅན་ལ་སྡོམ་པ་དགོས་པ་བསྒྲུབ་ནུས་སུ་ཡོད་ཅིང་། དེས་ཕམ་པའི་ཆད་ལས་ཉམས་སུ་ལེན་པར་བྱེད་ན་དགེ་སློང་རྣམ་དག་དང་འདྲའོ་ཞེས་བཞེད་དོ། །དེ་ལྟར་གཞུང་གི་དོན་བསྟན་ནས། ད་ནི་སྤྱིའི་དོན་བཤད་པར་བྱ་སྟེ། འདི་སྐབས་ཀྱི་ལྟུང་བའི་མཚན་ཉིད་ནི། ལུས་ངག་གི་བཅས་པ་ལས་འདས་པའི་ཁ་ན་མ་ཐོ་བ་ཡིན་ལ། འདིས་ངན་སོང་དུ་ལྟུང་བར་བྱེད་པས་ལྟུང་བ། ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཡིན་པས་ན་འཆལ་པའི་ཚུལ་ཁྲིམས་ཞེས་ཀྱང་བྱའོ། །དེ་ལ་གནས་སྐབས་ཀྱིས་ཕྱེ་བ། སྦྱོར་བའི་སྦྱོར་བ་དང་། སྦྱོར་བ་དང་། དངོས་གཞི་གསུམ། རྒྱུ་ལས་དབྱེ་བ་མི་ཤེས་པ་ཉིད་དང་། བག་མེད་པ་དང་། ཉོན་མོངས་པ་མང་བ་དང་། མ་གུས་པས་བྱས་པ་བཞི། འབྱུང་བའི་སྒོ་ནས་དབྱེ་བ། ལུས་ལས་བྱུང་བ་དང་། ངག་ལས་བྱུང་བ་གཉིས། བྱ་བས་དབྱེ་བ་བྱེད་དགོས་པ་མ་བྱས་པ་དང་། བྱར་མི་རུང་བ་བྱས་པ་གཉིས། གཙོ་བས་དབྱེ་བ་འདུ་ཤེས་གཙོ་བ་དང་། དངོས་པོ་གཙོ་བ་གཉིས་སམ། སློབ་དཔོན་འཕགས་པ་ཐོགས་མེད་ཀྱི་རྗེས་སུ་འབྲངས་ན་ངོ་བོ་ཉིད་ཀྱིས་ཕྱེ་བ། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་འབྲེལ་བའི་བཅས་པ་དང་། བཅས་པའི་ཁ་ན་མ་ཐོ་བ་ཁོ་ནར་གྱུར་པའི་བཅས་པ་གཉིས། དེ་ཡང་ངོ་བོ་ཉིད་ཀྱི་སྡིག་ཏུ་གྱུར་པ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་། བཅས་པའི་དབང་ཁོ་ནས་ཉེས་པར་གྱུར་པ་བཅས་པའི་ཁ་ན་མ་ཐོ་བ་ཞེས་བཞག་གོ །དེའི་ཕྱིར་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པ་ཙམ་གྱིས་ལྟུང་བར་བཞག་པ་མེད་དེ། ལྟུང་བ་ནི་རབ་ཏུ་བྱུང་བ་བཅས་པའི་བསླབ་པ་དང་ལྡན་པ་ཁོ་ནའི་དབང་དུ་བྱས་པ་དང་། ལས་དང་པོ་པ་ལ་ལྟུང་བ་མེད་པར་བཤད་པས་སོ། །བྱེད་ལས་ཀྱིས་ཕྱེ་བ། རང་ཁོ་ནས་རྫོགས་པར་བྱེད་དགོས་པ་དང་། གཞན་ལ་བཅོལ་བས་རྫོགས་པ་གཉིས། བསམ་པས་ཕྱེ་བ་སེམས་ཉོན་མོངས་པ་ཅན་ཁོ་ནས་ཀུན་སློང་བྱེད་དགོས་པ་དང་། གཞན་པ་ལུང་མ་བསྟན་གྱི་ཀུན་སློང་བྱེད་པ་གཉིས། གཞི་ལ་དབྱེ་བ། གཞི་སེམས་ཅན་ལ་བརྟེན་ནས་འབྱུང་བ་དང་། སེམས་ཅན་མ་ཡིན་པ་ལ་བརྟེན་ནས་འབྱུང་བ་གཉིས། བསགས་པས་ཕྱེ་བ། སྦྱོར་བ་དུ་མ་རྩོམ་པ་ལས་གྱུར་པ་དང་། ལན་གཅིག་གཉིས་ཙམ་གྱིས་གྱུར་པ་གཉིས་སོ། །ཞར་ལ་སྦོམ་པོའི་རྣམ་གཞག་ཀྱང་བཤད་པར་བྱ་སྟེ། འོད་ལྡན་ལས། ཉེས་པ་སྦོམ་པོ་ཞེས་པའི་སྒྲ་ནི་རྣམ་པ་གཉིས་སུ་སྟོན་ཏེ། མིང་དུ་ཆགས་པའི་སྒྲ་དང་། ཡོན་ཏན་གྱི་སྒྲའོ། །དེ་ལ་མིང་དུ་ཆགས་པའི་སྒྲ་ནི་ཉེས་པ་ཆུང་ངུ་ཞེས་བྱ་བ་ཡིན་ནོ། །ཡོན་ཏན་གྱི་སྒྲ་ནི་ཉེས་པ་མང་པོ་ཞེས་བྱ་བ་ཡིན་ནོ། །ཞེས་གསུངས་པའི་དོན། ཇི་ལྟར་དངོས་གཞི་ཡིན་པས་སེལ་བས་སེལ་བ་དང་། དངོས་གཞི་ལས་ཉེས་པ་ཆུང་བས་ན་སྨད་པ་ལ་སྦོམ་པོ་ཞེས་མིང་དུ་བཏགས་པས་མིང་དུ་ཆགས་པའི་སྦོམ་པོ་ཡང་ཡིན་ལ། དེ་ཉིད་ཉེས་པ་མང་བས་ཡོན་ཏན་གྱི་སྒྲའི་སྦོམ་པོ་ཡང་ཡིན་ཏེ། དཔེར་ན་ཁྱི་ནག་པོ་ལ་མིང་དུ་བཏགས་ནས་དུང་དཀར་ཞེས་པ་དང་། ངོ་བོའི་སྒོ་ནས་ཁྱི་ནག་ཅེས་འབོད་པ་མི་འགལ་བ་བཞིན་ནོ། །དེ་བས་ན་སྦོམ་པོ་གཉིས་ལ་དངོས་དང་བཏགས་པ་བར་འབྱེད་པ་རིགས་པར་མ་མཐོང་སྟེ། སྦོམ་པོ་ཉིད་མིང་དུ་ཆགས་པ་ཡིན་པའི་དབང་དུ་མཛད་ནས་འོད་ལྡན་དུ། ཨུཏྤ་ལའི་འཕྲེང་བ་ལས་འདི་སྐད་ཅེས་དམན་པ་སྦོམ་པོ་ཞེས་བྱའི་ཚིག་འདི་ནི་རིལ་གྱིས་མ་ཡིན་པ་དང་། གླང་པོ་ཆེའི་གཙོ་བོ་དག་མི་དལ་མི་བུལ་མི་མགྱོགས་པར་འགྲོ་བ་ལ་སྦྱར་བ་ཡིན་ནོ། །ཞེས་གསུངས་པ་ཡིན་ཏེ། རིལ་གྱིས་མ་ཡིན་པ་ནི་ཆུང་བ་ཉིད་ཡིན་ནོ། །ཞེས་བྱའི་ཐ་ཚིག་གོ །ཞེས་དང་། སྦོམ་པོ་ཉིད་ཡོན་ཏན་གྱི་སྒྲའི་སྦོམ་པོ་ཡིན་པའི་དབང་དུ་མཛད་ནས། ཉེས་པ་སྦོམ་པོ་ཞེས་བྱ་བ་འདི་གང་ལ་བྱ། རེ་ཞིག་གལ་ཏེ་ཉེས་པ་སྦོམ་པོ་ཞེས་བྱ་བའི་ཚིག་འདི་ཉེས་པ་མང་ངོ་ཞེས་བྱ་བ་ཡིན་ན། དེའི་ཚེ་སྲོག་ཆགས་མང་པོ་ཡོད་པའི་བློས་ནགས་མེས་བསྲེགས་ན། དགེ་ཚུལ་ལ་ཉེས་བྱས་མང་པོར་འགྱུར་ཏེ་ཞེས་དང་། སྦོམ་པོ་དེ་ཁ་ན་མ་ཐོ་བ་མང་བ་ཡིན་པར་བསྟན་པ་ཡིན་ནོ། །ཞེས་གསུངས་པས་སོ། །དབྱེ་བ་ནི་གཉིས་ཏེ། ཕམ་པར་གཏོགས་པ་དང་། ལྷག་མར་གཏོགས་པའོ། །དེ་ལྟར་ཡང་རྣམ་པར་འབྱེད་པ་ལས། ཉེས་པ་སྦོམ་པོ་ནི་གཉིས་ཏེ། ཕམ་པ་ལས་བྱུང་བ་དང་། དགེ་འདུན་ལྷག་མ་ལས་བྱུང་བའོ། །ཞེས་སོ། །དེ་གཉིས་ལ་ཡང་སྦྱོར་བ་དང་། སྦྱོར་བའི་རྣམ་པ་དང་། དངོས་གཞི་དང་། དངོས་གཞིའི་རྣམ་པ་བཞིའོ། །དངོས་གཞི་སྐྱེ་བའི་རྒྱུ་ཚོགས་ཚང་ལ། མཐར་ཐུག་མ་ཚང་བ་དང་པོ་དང་། སྦྱོར་བ་དངོས་མ་ཡིན་ཡང་སྦྱོར་བ་དང་རིས་མཐུན་པ་གཉིས་པ། མཐར་ཐུག་གྲུབ་ཀྱང་ཡན་ལག་མ་ཚང་བ་གསུམ་པ། མཐར་ཐུག་དངོས་མ་ཡིན་ཡང་རིགས་མཐུན་པ་བཞི་པའོ། །དེ་རེ་རེ་ལ་དབྱེ་ན་ལྕི་ཡང་གཉིས་གཉིས་ཏེ་བརྒྱད། དེ་ཡང་ལྕི་བ་དང་། རབ་ཏུ་ལྕི་བ། ཡང་བ་དང་། ཤིན་ཏུ་ཡང་བ་གཉིས་གཉིས་སུ་ཕྱེ་བས་བཅུ་དྲུག་ཏུ་འགྱུར་རོ། །བརྫུན་སྨྲ་དང་སྨྲ་བའི་ལྷག་མ་ལ་ཚིག་དང་པོ་ཉིད་དུ་གོ་ན་དངོས་གཞི་སྐྱེད་ལ་ལྷག་མ་དེར་གཏོགས་སོ། །མི་ཚངས་སྤྱོད་སོགས་ལ་འདུན་པ་ནི་སྦྱོར་བའི་སྦྱོར་བ་སྟེ་ཉེས་བྱས་དེ་ལས་ན་སྨད་ཀྱང་དེ་ཉིད་དོ། །ལུས་ཀྱི་འགྱུར་བ་བསྟན་ནས་གོམ་པ་རེ་རེས་ལྟུང་བ་བསྐྱེད་དེ། སྔ་མ་སྔ་མ་ཕྱི་མ་ཕྱི་མ་ལས་ན་སྨད་པ་ཡིན་ནོ། །གང་ལས་དངོས་གཞིར་འགྱུར་བ་དེ་ལ་ནི་སྦྱོར་བ་སྦོམ་པོའོ། །གང་ལ་དངོས་གཞི་ལ་སྦོམ་པོར་འགྱུར་པ་དེ་ལ་ནི་སྦྱོར་བ་ལ་ཉེས་བྱས་སུ་འགྱུར་རོ།། །། གཉིས་པ་སོ་སོར་བསྟན་པས་རྒྱས་པར་བཤད་པ་ལ། མི་ཚངས་སྤྱོད་ཀྱི་ཕམ་པ། མ་བྱིན་ལེན་གྱི་ཕམ་པ། གསོད་པའི་ཕམ་པ། བརྫུན་སྨྲ་བའི་ཕམ་པ་བཤད་པ་བཞི་ལས། ༡ དང་པོ་ནི། འཇིགས་དང་ངོ་ཚ་མེད་དང་ཆགས་པ་ཡིས། །ཆ་ཀུན་གཟུང་བཟོད་སྤྱད་རུང་ལམ་མ་ཉམས། །ཁ་ཤུན་སོ་པགས་ལས་ཕར་ནད་མེད་ཀྱི། །ནོར་བུ་ལས་རུང་དྲུད་བདེ་མྱོང་བ་ནའོ། །བཅུག་རེག་ཉམས་སུ་མྱོང་བར་བྱས་ནའོ། །ཟག་བྱེད་དོ། །དེར་རོ། །མ་ཉམས་པར་རོ། །ཁ་དང་བཤང་བའི་ལམ་དུའོ། །ཞེས་གསུངས་པའི་དོན་ཏེ། འདིའི་གླེང་གཞི་ནི། སྟོན་པའི་ཉན་ཐོས་ཀྱི་དགེ་འདུན་ལོ་བཅུ་གཉིས་སྐྱོན་མེད་ཅིང་ཆུ་བུར་མེད་ལ། སོ་སོ་ཐར་པའི་མདོ་གདོན་པ་ཡང་མདོར་བསྡུས་ཏེ། སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་དེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་དེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཀུན་ཏུ་བསྡམས་བའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ངག་རྣམས་བསྲུང་ཞིང་ཡིད་ཀྱང་རབ་བསྡམས་ཏེ། །ལུས་ཀྱི་མི་དགེ་བ་དག་མི་བྱེད་ཅིང་། །ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ནས། །དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར། །ཞེས་འདོན་ཏོ། །ལོ་བཅུ་གསུམ་པ་ལ་བབ་པ་དང་། སྟོན་པ་ཡུལ་སྤོང་བྱེད་ཀ་ལན་ཏ་ཀའི་གྲོང་དུ་བཞུགས་སོ། །དེའི་ཚེ་ཀ་ལན་ཏ་ཀའི་བུ་བཟང་བྱིན་ཕྱུག་ལ་ནོར་མང་ཞིང་། ནོར་གྱིས་རྣམ་ཐོས་ཀྱི་བུ་ལ་འགྲན་པར་ནུས་པ་ཞིག་འདུག་པ་དེས། རིགས་མཉམ་པ་ལ་ཆུང་མ་བླངས་ནས་དགའ་མགུར་སྤྱོད་དོ། །ཕྱིས་སངས་རྒྱས་ལ་དད་ནས་དགེ་བསྙེན་བྱས། དད་པ་ཕྱིར་སྤེལ་ནས་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་ཏེ་ཉེ་དུ་དང་འདྲེ་ཞིང་གནས་སོ། །དེ་ནས་བདག་རབ་ཏུ་བྱུང་ནས་ཉེ་དུ་དང་འདྲེ་ཞིང་གནས་པ་ནི་རྙེད་པ་མ་ཡིན་ནོ་སྙམ་ནས། ཉེ་དུ་དང་འབྲལ་བའི་ཕྱིར་ལྷུང་བཟེད་དང་ཆོས་གོས་ཐོགས་ནས་ལྗོངས་རྒྱུ་རུ་སོང་བ་དང་། དེའི་ཚེ་མུ་གེ་ཆེ་ནས་ཕ་མས་བུ་ལའང་སྦྱིན་པར་དཀའ་ན། སློང་མོ་བས་ལྟ་སྨོས་ཀྱང་ཅི་དགོས་པ་ཞིག་ཏུ་གྱུར་ནས། བདག་གི་ཉེ་དུ་ལ་ལོངས་སྤྱོད་ཡོད་པས་དགེ་འདུན་ལ་བསོད་སྙོམས་སྦྱོར་དུ་བཅུག་གོ་སྙམ་ནས། རིམ་གྱིས་སོང་སྟེ་ཀ་ལན་ཏ་ཀའི་དགོན་པའི་སྤྱིལ་བུ་ན་གནས་སོ། །དེའི་ཚེ་བཟང་བྱིན་དགོན་པ་པ། ཆོས་གོས་གསུམ་པ། ཕྱག་དར་ཁྲོད་པ། བསོད་སྙོམས་མཐར་ཆགས་ཀྱིས་རྒྱུ་བ་ཞིག་ཏུ་གྱུར་ཏོ། །དེས་ཉེ་དུ་ཅན་སོང་ནས་དགེ་འདུན་ཐུག་པ་དང་ཟས་བསོད་པས་ཚིམ་པར་བྱེད་དུ་བཅུག་སྟེ། རང་ཉིད་རིམ་གྱིས་བསོད་སྙོམས་ལ་རང་གི་ཁྱིམ་དུ་སོང་བ་དང་། བསོད་སྙོམས་མ་ཐོབ་པ་ཕྱིར་ལོག་པ་བྲན་མོ་ཞིག་གིས་མཐོང་ནས། དེའི་མ་ལ་སྨྲས་པས། མས་བཟང་བྱིན་ཅན་སོང་སྟེ། བུ་ཁྱོད་དགེ་སྦྱོང་གི་ཚུལ་དོན་དུ་མི་གཉེར་བ་འམ། སྒྱིད་ལུག་པ་འམ། དམུས་བྱུང་བ་འམ། ཐེ་ཚོམ་ཟ་འམ། གཏོང་འདོད་པ་ལྟ་ན་ཁྱེད་ཀྱི་མའི་དབྱིག་དང་གསེར་གྱི་ཕུང་པོ་མཐའ་གཅིག་ན་འགྲེང་བའི་མིས་མཐའ་གཅིག་འདུག་པ་མི་མཐོང་ལ། མཐའ་གཅིག་ན་འདུག་པའི་མིས་མཐའ་གཅིག་ན་འགྲེང་བ་མི་མཐོང་བ་ནི་ཁྱོད་ཀྱི་མའི་ཡིན་ནོ། །ཕའི་དབྱིག་དང་གསེར་མཚན་མ་བཏབ་པ་བརྒྱ་སྟོང་ཕྲག་ཡོད་ཀྱིས། ཁྱོད་འདོད་པ་ལ་ལོངས་སྤྱོད་པ་དང་། སྦྱིན་པ་དང་། བསོད་ནམས་དག་གྱིས་ཤིག ཡུམ་བདག་དེ་ལྟ་མ་ལགས་སོ། །མས་ཁྱིམ་དུ་སོང་ནས་མནའ་མ་ལ་སྨྲས་པ། ཁྱོད་དུས་ལ་བབ་པ་དང་སྦྲོན་ཅིག དེས་སྦྲན་པས། ཁྱོད་སྔར་བཟང་བྱིན་དགའ་བར་འགྱུར་བའི་ཁྲུས་དང་བསྐུ་མཉེ་དང་རྒྱན་ཐོགས་ལ་ཤོག་ཅིག་ཅེས་བསྒོ་ནས། དེ་གཉིས་ཀྱིས་ཤིང་རྟ་གཅིག་ཏུ་ཞུགས་ནས་བཟང་བྱིན་ཅན་སོང་བས། བཟང་བྱིན་ཆགས་པ་མཐོང་སྟེ། བུ་བག་གསར་འདི་ལ་ས་བོན་གྱི་ཆོས་ཅུང་ཞིག་བྱིན་ཅིག ཁྱོད་ལ་བུ་མེད་པས་ཤི་མ་ཐག་ནོར་རྫས་རྒྱལ་པོས་དབང་དུ་བྱས་ན་མི་རུང་ངོ་། །བཟང་བྱིན་གྱིས་སྔར་བསླབ་པ་མ་བཅས་ཤིང་བུད་མེད་ལ་ཆགས་པས་ཟིལ་གྱིས་ནོན་ཏེ། རུང་ངམ། ས་བོན་ལ་བརྟེན་ནས་ཤིན་ཏུ་རུང་ངོ་། །དེས་དེ་ཁྲིད་ནས་ལན་གཉིས་ལན་གསུམ་དུ་མི་ཚངས་པར་སྤྱད་དེ། སེམས་ཅན་སྲིད་པ་མཐའ་མ་འཛིན་པ་ཞིག་ལྷ་ནས་ཤི་འཕོས་ཏེ་དེའི་མངལ་དུ་ཞུགས་སོ། །མོས་ཁྱེའུར་འགྱུར་བ་ཤེས་ནས། མ་ལ་སྦྲན་པས་དགའ་སྟེ་ལེགས་པར་བསྐྱངས་པས་ཟླ་བ་དགུ་འདས་ནས་ཁྱེའུ་མཚན་དང་ལྡན་པ་ཞིག་བཙས་སོ། །མིང་ས་བོན་པ་ཞེས་བཏགས་ནས་མ་མ་བརྒྱད་ལ་གཏད་པ་སོགས་བྱས་སོ། །ཕྱིས་དད་ནས་རབ་ཏུ་བསྒོམས་པས་དགྲ་བཅོམ་པའི་འབྲས་བུ་ཐོབ་སྟེ། ཆོས་རྣམས་ལ་ནི་སྐལ་བ་ཐོབ། །ཡབ་ཀྱི་དཀོར་གྱིས་བདག་མི་གཏོང་། །བདག་གི་ཧ་ཅང་ཕྱི་ནས་ཤེས། །བདག་ནི་ཆུང་དུས་ཤིན་ཏུ་འདས། །ཟེར་རོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཉན་ཐོས་རྣམས་ལ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་ཤེས་རབ་རྣམ་པར་གྲོལ་བའི་ཆོས་སྟོན་ནོ། །ཞེ་སྡང་དང་གཏི་མུག་ལའང་སྦྱར་རོ། །དེས་བཟང་བྱིན་འགྱོད་ཡིད་ཁོང་དུ་ཆུད་ཅིང་འདུག་པ་དགེ་སློང་གིས་མཐོང་ནས། ཁྱེད་འདི་ལྟ་གྱུར་པ་ལ་ལུས་ཀྱི་གནོད་པ་དང་སེམས་ཀྱི་སྡུག་བསྔལ་དུ་གྱུར་པ་མེད་གྲང་། ལུས་ཀྱི་མེད་མོད་ཀྱི་སེམས་ཀྱི་ཡོད་དེ། གང་ཡོད། འདིའོ། །དེ་དག་བསྟོད་སྨད་མི་བྱེད་པར་སོང་སྟེ། སྟོན་པ་ལ་གསོལ་བས། ཟག་པའི་གནས་ལྟ་བུའི་ཆོས་མང་པོའི་དང་པོ་བཟང་བྱིན་གྱིས་བྱས་པ་འདི་ཡིན་པས། བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་འདུན་བསྡུ་བ་མཛད་ནས། མཁྱེན་བཞིན་དུ་བཟང་བྱིན་ལ་ཁྱེད་ཀྱིས་མི་མཛེས་པ་དེ་ལྟ་བུ་བྱས་པ་བདེན་ནམ། མད་དོ། །དགེ་སྦྱོང་གི་ཚུལ་མ་ཡིན། རྗེས་སུ་མཐུན་པ་མ་ཡིན། རུང་པ་མ་ཡིན། ཚུལ་དང་མཐུན་པ་མ་ཡིན། རབ་ཏུ་བྱུང་བའི་བྱ་བ་མ་ཡིན་ནོ། །ངས་འདོད་ཆགས་དང་བྲལ་བའི་ཕྱིར་ཞེས་སོགས་ཀྱི་ཆོས་མ་བཤད་དམ། སྦྲུལ་ནག་པོ་དུག་རབ་ཏུ་ཁྱབ་པའི་ཁར་ལག་པ་ཆུད་པ་ནི་བླའི། བུད་མེད་ཀྱི་ཡུལ་ལ་མ་ཡིན་ནོ་ཞེས་སྨད་ནས་བསླབ་པ་བཅའ་བའི་ཕན་ཡོན་བཅུ་གཟིགས་ཏེ། བཅུ་ནི། དགེ་འདུན་བསྡུ་བའི་ཕྱིར་དང་། དགེ་འདུན་ལེགས་པར་བསྡུ་བར་བྱ་བའི་ཕྱིར་དང་། དགེ་འདུན་བདེ་བར་གནས་པའི་ཕྱིར་དང་། གནོང་མི་བཀུར་བའི་གང་ཟག་རྣམས་ཚར་གཅད་པའི་ཕྱིར་དང་། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པའི་ཕྱིར་དང་། མངོན་པར་མ་དད་པ་རྣམས་མངོན་པར་དད་པའི་ཕྱིར་དང་། མངོན་པར་དད་པ་རྣམས་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་དང་། ཚེ་འདིའི་ཟག་པ་རྣམས་བསྡམ་པར་བྱ་བའི་ཕྱིར་དང་། ཚེ་རབས་ཕྱི་མའི་ཟག་པ་རྣམས་བཟློག་པར་བྱ་བའི་ཕྱིར་དང་། ངའི་ཚངས་པར་སྤྱོད་པ་སྐྱེ་བོ་མང་པོ་ལ་ཕན་པ་ཡངས་པར་འགྱུར་བ་ལྷ་དང་མིའི་བར་དག་ལ་ཡང་དག་པར་རབ་ཏུ་བསྟན་པ་ཡུན་རིང་དུ་གནས་པར་འགྱུར་བའོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས་བསླབ་པ་མ་ཕུལ། བསླབ་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་འཁྲིག་པ་ལས་བྱུང་བའི་ཆོས་བསྟན་ན་དགེ་སློང་དེ་ཕམ་པར་འགྱུར་བ་ཡིན་གྱི། གནས་པར་མི་བྱའོ། །ཞེས་བཅས་སོ། །དེའི་ཚེ་དགེ་སློང་ཞིག་རྒྱལ་པོའི་ཁབ་ཀྱི་སྤྱིལ་བུ་ན་འདུག་པ་དེས། སྤྲ་མོ་ཞིག་ཟས་ཀྱིས་བརྔོད་ནས་འཁྲིག་པ་བྱས་སོ། །དགེ་སློང་དག་ནགས་ཉུལ་ཞིང་དེར་སོང་བ་དང་། སྤྲ་མོ་དེས་དེར་འོངས་ཤིང་དེའི་གདོང་དུ་ལྟ་ཞིང་རོ་སྨད་བསྟབས་སོ། །དགེ་སློང་དེ་ངོ་ཚ་ནས་ལན་གསུམ་དུ་བཟློག་པས། མོ་མ་དགའ་ནས་སྡེར་མོས་ཆོས་གོས་སོགས་ལ་བྲད་ནས་དུ་རུ་རུ་ཟེར་ཞིང་འདུག་གོ །ཅིའི་ཕྱིར་འདི་ལྟར་བྱེད་ཅེས་དྲིས་པས་དེས་བཤད་དོ། །ཅི་མ་བཀག་གམ། མི་ལ་བཀག་གི་དུད་འགྲོ་ལ་མ་ཡིན་ནོ། །དགེ་སློང་རྣམས་ཀྱིས་གསོལ་པས། ངས་མི་ལའང་བཀག་ན། དུད་འགྲོ་ལ་ལྟ་ཅི་སྨོས། དགེ་སློང་དེ་ལ་དེ་ལྟར་བྱས་པ་བདེན་ནམ་སོགས་གསུངས་ནས། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ། ཞེས་བསྣན་པར་མཛད་པས། སྔ་མ་ནི་བཅས་པ། འདི་ནི་རྗེས་སུ་བཅས་པའོ། །དེ་ཡང་བསླབ་པ་འབུལ་ཆོག་གིས་མ་ཕུལ། ཕམ་པས་ཉམས་པར་མ་བྱས་པའི་བཅས་ལྡན་དགེ་སློང་དག་གིས་འཁྲིག་པའི་གནས་འདི་ལྟ་བུ་སྤྱད་ན་ཕམ་པའི་ལྟུང་བར་འགྱུར་ཏེ། དེ་ཡང་གཞིའི་ཡན་ལག་ལ་གཉིས་ལས། རྟེན་གྱི་ཡན་ལག་ལ། ཡན་ལག་གི་ཆ་ཀུན་གཟུང་བར་བཟོད་པ་དང་། སྤྱད་དུ་རུང་བ་དང་། རྨའི་སྒོ་མ་ཉམས་པ་དང་། ཟག་བྱེད་དང་། ཁ་དང་། བཤང་བའི་སྒོ་གསུམ་པོ་གང་ཡང་རུང་བ་ཡིན་པ་བཞི་དང་། བརྟེན་པའི་ཡན་ལག་ཕོའི་དབང་པོ་ལ་ནད་མེད་པ་དང་། ལས་སུ་རུང་བ་གཉིས། བསམ་པའི་ཡན་ལག་ལ་འཇིགས་པ་མེད་པ་དང་། ངོ་ཚ་མེད་པ་དང་། ཆགས་པར་གྱུར་པ་གསུམ། སྦྱོར་བའི་ཡན་ལག་དྲུད་པ། མཐར་ཐུག་པའི་ཡན་ལག་བདེ་བ་ཉམས་སུ་མྱོང་བ་སྟེ་ཡན་ལག་བཅུ་གཅིག་ཚང་བ་ལས་མཐའ་སྟེ་མི་ཚངས་སྤྱོད་ཀྱི་ཕམ་པའི་དངོས་གཞིར་འགྱུར་རོ། །དེ་ཡང་འཇིགས་པ་མེད་པ། སྤྱོད་པའི་དུས་སུ་བྲེད་པ་མེད་པ་སྟེ། ཀླུ་མོ་ཞིག་གིས་དགེ་སློང་ལ་ཚུར་སྤྱོན་མི་ཚངས་པར་སྤྱོད་དོ། །དེས་ཁས་བླངས་རྨ་ཁར་བཙུགས་པས་དེའི་ལུས་རིང་པོར་གྱུར་པས་སྐྲག་པ་ལ་འགྱོད་དེ། སྟོན་པ་ལ་ཞུས་པས། འཇིགས་པ་ལ་འདོད་ཆགས་མེད་པས་ཕམ་པའི་ལྟུང་བ་ནི་མེད་དེ། དམན་པ་སྦོམ་པོར་འགྱུར་རོ་ཞེས་དང་། འདིར་ནི་བཅུག་ཅིང་རོ་མྱང་བ་མེད་པ་སྦོམ་པོ་ཞེས་གསུངས་ལ། ཀླུ་རྣམས་ནི་རྒྱུ་ལྔས་རང་བཞིན་པའི་ལུས་སུ་འགྱུར་ཏེ། སྐྱེ་བ་དང་། འཆི་བ་དང་། གཉིད་ལོག་པ་དང་། ཁྲོས་པ་དང་། འཁྲིག་པ་རྟེན་པར་བྱེད་པའི་ཚེ་ནའོ། དེ་བཞིན་དུ། གནོད་སྦྱིན་མོ་ལ་སྤྱད་པས་མི་སྣང་བར་གྱུར་པ་དང་། ལྷ་མོ་དང་། ཀླུ་མོ་དང་། ཡི་དྭགས་མོ་རྣམས་ལས་མོ་མཚན་ཆེར་གྱུར་པ་དང་། ཝ་མོས་རྨུགས་པས་སྐྲག་པ་དང་། གླང་མོ་ལ་ཕྲ་བས་སྐྲག་པ་སོགས་ཐམས་ཅད་སྦོམ་པོར་གསུངས་སོ། །ངོ་ཚ་མེད་དང་། སྤྱོད་པའི་དུས་སུ་ངོ་ཚ་བ་མེད་པ་སྟེ། དགེ་སློང་འདོད་ཆགས་ཀྱིས་དཀྲིས་པ་ཞིག་མ་ལ་གཟིར་ཏོ། །ཞེས་སྨྲས་པས། བུ་གང་ཁོ་ན་ནས་བྱུང་བ་དེ་ཉིད་དུ་སྒྲུབས་ཤིག །དེས་བཅུག་པ་དང་། ངོ་ཚ་ནས་འགྱོད་དེ། ཞུས་པས། སྟོན་པས། དགེ་སློང་ངོ་ཚ་ཤེས་པ་ལ་ཀུན་ཏུ་ཆགས་པ་མེད་པས་ཕམ་པའི་ལྟུང་བར་འགྱུར་བ་ནི་མེད་དེ། དམན་པ་སྦོམ་པོར་འགྱུར་རོ། །ཞེས་དང་། སྐྲག་པ་དང་ངོ་ཚ་བས་ཀུན་ཏུ་འདོད་ཆགས་མ་སྐྱེས་ནའོ། །ཞེས་པས་སོ། །ཆགས་པ་ཡིས། སྤྱོད་པའི་དུས་སུ་འདོད་ཆགས་ཀྱི་ཀུན་ནས་བླང་བ་སྟེ། དགེ་སློང་ཉལ་བ་ལ་བུད་མེད་ཀྱིས་བྱས་ནས་འགྱོད་པས་ཞུས་པ་ལ། དགའ་བ་མ་ཚོར་རམ། ཚོར་རོ། །ཤེས་སམ། མ་འཚལ་ཏེ། བདག་གཡོས་པ་ཙམ་དུ་གྱུར་ཏེ། །སྦོམ་པོའོ། །ཞེས་གསུངས་པ་དང་། ཆ་ཀུན་གཟུང་བཟོད། ཇི་སྙེད་ཀྱི་འཁྲིག་པའི་རོའི་བདེ་བ་སྐྱེད་ནུས་པའི་ཡན་ལག་དེ་ཉིད་ཚང་བ་སྟེ། ཞུ་བ་ལས། བཙུན་པ་སྐྱེས་པས་བུད་མེད་ཅི་འདྲ་བ་དང་མི་ཚངས་པར་སྤྱོད་ན་མཐར་འགྱུར། འགའ་ཞིག་གི་ཡན་ལག་ཐམས་ཅད་གཟུང་དུ་རུང་བའོ། །དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །གལ་ཏེ་ཡན་ལག་ཐམས་ཅད་གཟུང་བར་མི་ནུས་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་སོ། །འོད་ལྡན་ལས། གལ་ཏེ་དེ་ལྟར་ཡིན་ན་རྐང་པ་ཆད་པ་མཐར་མི་འགྱུར་ཏེ། དེ་ནི་ཡན་ལག་ཐམས་ཅད་གཟུང་དུ་མི་རུང་བས་སོ། །དེ་བཞིན་རང་གི་རྨ་ལ་མཚན་རིང་དང་། རྒྱབ་མཉེན་གྱིས་ཀྱང་ལོགས་ཤིག་ན་མེད་པས་ཡན་ལག་ཐམས་ཅད་གཟུང་བ་མི་སྲིད་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར་ཡན་ལག་ཇི་སྙེད་ཀྱིས་འཁྲིག་པའི་རོའི་ལྟུང་བ་འབྱུང་བ་དེ་སྙེད་ལས་ཐམས་ཅད་ཀྱི་སྒྲས་བསྡུས་པ་ཡིན་ཏེ། ཞེས་དང་། ཡིན་ནི་འདི་ལྟར་ཡིན་ཏེ། སེམས་ཅན་དུ་བགྲང་བའི་འཇམ་པ་ཡང་ཡོད། རོ་སྨད་ཀྱི་བུ་ག་གསོག་མ་ཡིན་པར་སྣང་བ་ཡང་ཡོད་ན་བརྟེན་པར་བྱ་བ་གང་དུ་ཡན་ལག་གི་སྦུ་གུ་བཅུག་པ་ན། སྟེང་དང་འོག་ལ་ཐུག་པར་གྱུར་བའི་རྨའི་ཆ་ཇི་སྙེད་པ་དག་དང་ཕྲད་པ་ལས་བདེ་བ་འབྱུང་བར་འགྱུར་བའི་རྨའི་དེ་དག་ཉིད་འདིར་ཡན་ལག་ཏུ་རིག་པར་བྱའི། ཕྱི་རོལ་གྱི་ཡན་ལག་ལག་པ་ལ་སོགས་པ་ཉིད་མ་ཡིན་ཞེས་བྱ་བར་བསྟན་པ་ཡིན་ནོ། །ཞེས་པས། དེ་བས་ན་ཡན་ལག་གི་ཆ་ཀུན་གཟུང་བར་བཟོད་པའི་ཡུལ་ནི། རང་དང་གཞན་མི་དང་མི་མ་ཡིན་པའི་འགྲོ་བ་སྐྱེས་པ་དང་། བུད་མེད་དང་། མ་ནིང་གསོན་པོ་འམ་ཤི་བ་རྣམས་ཀྱི་རྨའི་སྒོ། ཁ་དང་། བཤང་བ་དང་།གཅི་བའི་བུ་ག་གོས་ཀྱིས་གཡོགས་པ་དང་མ་གཡོགས་པ། བུད་མེད་ཀྱི་རོ་རྐེད་པ་ཆད་པ་དང་། བུད་མེད་ཆུ་ཤགས་སུ་གཤགས་པ་དུམ་བུར་སྦྱར་བ་ལ་བུ་ག་དེའི་མཚམས་མི་མངོན་པ་དག་སྟེ། མི་མ་ཡིན་པའི་འགྲོ་བ་པ་ཉིད་དང་། རོ་ཉིད་དང་སྙེན་པར་བྱེད་པ་དང་། བསྟེན་པར་བྱ་བ་གཡོགས་མ་ཅན་ཉིད་དག་ལ་ནི་ན་སྨད་པ་མེད་དོ་ཞེས་སོ། །འདིའི་གཡོགས་པ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་རེག་པར་མི་འགྱུར་བ་ནི་མ་ཡིན་ནོ། །སྦྱར་བའི་མཚམས་མངོན་པ་དང་། བསྲེགས་པས་སྤུ་མེད་པ་དག་གི་ལམ་དང་མགོ་བཅད་པའི་ཁ་དང་། མཆན་ཁུང་དང་། བཅོས་མ་གཞན་ལ་ལོག་པར་ཞུགས་ནས་སྦོམ་པོ་ཡིན་ལ། ཤིང་ལ་སོགས་པ་ལ་བྱས་པའི་བུད་མེད་ཀྱི་གཟུགས་བརྙན་ལ་སྤྱད་པས་ནང་ན་མི་མ་ཡིན་ཞུགས་ནས་མདོམས་ཆེ་བ་ཙམ་སྦོམ་པོ་ཡིན། ཡན་ལག་གི་རྣམ་པ་ཐམས་ཅད་ཀྱིས་རེག་པར་བྱེད་ན་ཕམ་པར་འགྱུར་རོ། །ལམ་མ་ཡིན་པ་ལ་ཡིན་པར་འདུ་ཤེས་པ་དང་སོམ་ཉི་ནི་སྦོམ་པོ། བུད་མེད་རེ་ལྡེས་ཆོད་པ་དང་། ཟོ་ཆུན་གྱི་ལས་བྱེད་པ་ལ། ཕྱི་ནས་ཡན་ལག་གི་རྣམ་པས་ཡན་ལག་གི་རྣམ་པ་ལ་རེག་ན་སྦོམ་པོར་འགྱུར་རོ། །སྤྱད་རུང་། ལམ་ཆུང་བ་ནི་སྤྱད་དུ་མི་བཟོད་པ་སྟེ། དེ་ལས་བཟློག་པའོ། །དགེ་སློང་ཞིག་གིས་གླང་པོ་ཆེའི་ཕྲུག་གུ་ལ་ཞུགས་པ་ལས། གཞུག་ཏུ་མ་རུང་བ་དང་། འགྱོད་དེ་ཞུས་པས། གང་དུ་གཞུག་ཏུ་མི་རུང་བ་ནི་དམན་པ་སྦོམ་པོར་འགྱུར་རོ། །དགེ་སློང་དགོན་པ་པས་བྲམ་ཟེའི་བུ་མོ་ཆུང་ངུ་མ་ལ་སྤྱད་པས་རལ་ཏེ་འགྱོད་པས་མ་ཚོར་ནས་སྦོམ་པོར་གསུངས་པས་སོ། །ལམ་མ་ཉམས། ལམ་གསུམ་ཉམས་པ་དག་ཏུ་བཅུག་པ་ལ་ནི་ཁ་ན་མ་ཐོ་བ་སྦོམ་པོར་འགྱུར་ཏེ། དེར་ཉམས་སུ་མྱོང་བ་རྫོགས་པར་མི་མྱོང་བའི་ཕྱིར་རོ། །དེ་བས་འདིར་རྨའི་སྒོར་གཏོགས་པ་མ་ཉམས་པ་ལས་གཞན་པའི་ལུས་མ་ཉམས་པ་གཟུང་བ་དགོས་པ་མེད་དོ། །རྨའི་རེག་བྱ་དང་དུ་ལེན་གྱི་ལུས་ཀྱི་རེག་བྱ་དང་དུ་མི་ལེན་པའི་སྐབས་ཡིན་པའི་ཕྱིར་རོ། །དེ་ཉམས་པ་ནི། ཕྱོགས་ཀྱི་དང་པོ་ཅུང་ཟད་ཟིན་པ་ཉིད་དང་། ཟིན་པ་ཉིད་དང་། སྐྲངས་པ་ཉིད་དང་། རུལ་བ་ཉིད་དང་། མྱགས་པ་ཉིད་དང་། སྲོག་ཆགས་དག་གིས་ཟོས་པ་ཉིད་ལྟ་བུ་ནི་ཉམས་པ་ཉིད་དོ། །ཞེས་གསུངས་པའོ། །ཁ་ཤུན་སོ་པགས་ལས་ཕར། ཁའི་དང་པོ་ནི་སོ་ཕན་ཆད་དོ། །བཤང་བའི་ལམ་གྱི་ནི་སྦུ་གུའི་སྦུབས་ཀྱི་མཐའ་ཡན་ཆད་དོ། །ཟག་བྱེད་ཀྱི་ནི་པགས་རིམ་ཡན་ཆད་དོ། །དེར་ནོར་བུ་བཅུག་པ་ཉིད་ནི་དེའི་མཐའོ། །ནད་མེད་ཀྱི། ནོར་བུ། ཕོའི་དབང་པོ་ལ་ནད་མེད་པ་སྟེ། སྣད་པ་ལ་ནི་འདོད་ཆགས་ཀྱི་རོ་འབྱུང་བ་མེད་པའི་ཕྱིར་སྦོམ་པོ་ཉིད་དུ་བཞག་པས་ཏེ། ལུང་དུ། བཙུན་པ་དགེ་སློང་གི་ཡན་ལག་གི་རྣམ་པ་གས་པ་འཇུག་པར་བྱེད་ན་སྦོམ་པོའོ། །ཞེས་དང་། ཡན་ལག་གི་རྣམ་པ་རྡོལ་བའི་ཕྱིར་རོ་མ་མྱོང་ནའོ། །ཞེས་པས་སོ། །ལས་རུང་། འདོད་ཆགས་ཀྱི་རོ་མྱོང་བ་ནི་ལས་སུ་རུང་བ་ལ་རག་ལས་པའི་ཕྱིར་ཏེ། ཕོ་མཚན་ལས་སུ་མི་རུང་བ་ནི་ཉེས་པ་མེད་དོ་སྙམ་ནས་བུད་མེད་ཀྱི་ཡུལ་དུ་བཅུག་པས་འགྱོད་པ་སྦོམ་པོར་གསུངས་པ་དང་། ལས་སུ་མི་རུང་བ་བཅུག་ནའོ། །ཞེས་གསུངས་པས་སོ། །དྲུད། བཅུག་ནས་བསྐྱོད་པ་དག་སྟེ། ལུང་དུ། གལ་ཏེ་ལག་པས་ལག་པ་དང་། རྐང་པས་རྐང་པ་དང་། ཚིགས་ཀྱིས་ཚིགས་སུ། མདོམས་ཀྱིས་མདོམས་སུ་བརྩོན་པར་བྱེད་ན་ཕམ་པར་འགྱུར་རོ། །འོན་ཏེ་བརྩོན་པར་མི་བྱེད་ན་དམན་པ་སྦོམ་པོར་འགྱུར་རོ། །གཉིད་ཀྱི་ལོག་པ་དང་། ར་རོ་བ་དང་། ཚོར་བས་གཟིར་བ་ཡང་དེ་བཞིན་ནོ། །ཞེས་སོ། །མི་འདོད་བཞིན་དུ་བྱས་པ་དང་། མདུན་ན་མོའི་དབང་པོ་དང་། ཕྱི་ན་མོའི་བཤང་པའི་ལམ་བསྣོར་བ་དང་། སྟེང་དུ་མྱུག་ནས་འོག་མར་འབོ་བ་དང་། འོག་མར་མྱུགས་ནས་སྟེང་དུ་འབོ་བ་དག་དེའི་བྱེ་བྲག་ཏུ་ཟད་པས་མཐར་འགྱུར་པ་ཉིད་དོ། །ལམ་ལྷག་མ་རྣམས་སུ་བརྩལ་བར་བྱའོ་སྙམ་པ་ཡང་ངོ་། །བདེ་མྱོང་བ་ནའོ། །བདག་གིར་བྱེད་པ་སྟེ། ལུས་ཀྱི་འགྱུར་བ་ཆད་ཅིང་། སེམས་ཀྱིས་གཡོ་བར་བྱེད་པ་གང་ལ་ཡོད་པ་ནི་བདག་གིར་བྱེད་པའོ། །དགེ་སློང་འདོད་ཆགས་དང་བྲལ་བ་ཞིག་གཉིད་དུ་སོང་བ། ཡན་ལག་ལ་སྲོག་ཆགས། ཨའུ་ཙི་ཏང་ཀས་ཟིན་ནས་ལས་སུ་རུང་། ཆོས་གོས་ཐོར་བ། ཤིང་འཐུ་མས་མཐོང་སྟེ་སྟེང་ནས་བརྩལ་ལོ། །དེ་སད་ནས་ཉམ་ཆུང་བས་ཕྱིར་ལྡོག་པར་མ་ནུས་ཤིང་། བུད་མེད་དེ་ཀུན་དཀྲིས་དང་བྲལ་ནས་ཕྱིར་སོང་བ་དང་འགྱོད་དེ་ཞུས་པས། བདག་གིར་བྱས་སམ། བདག་འདོད་ཆགས་བྲལ་བས་ག་ལ་བགྱི། དེ་ལ་ལྟུང་བ་མེད་ཀྱི་ཞེས་གསུངས་པ་དང་། ཡང་འདོད་ཆགས་དང་མ་བྲལ་བ་ཞིག་ལ་སྔ་མ་བཞིན་བྱུང་ནས་ཞུས་པས། ཅི་རོ་ཀུན་ཏུ་ཤེས་སམ། ཀུན་ཏུ་མ་འཚལ་ཏེ། འོན་ཀྱང་བདག་གིས་འགུལ་བར་ནི་གྱུར་རོ། །ཞེས་འགུལ་བ་ཡོད་ཀྱང་ཕམ་པའི་ལྟུང་བ་ནི་མེད་དེ་དམན་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་ལ། འདིར་འགུལ་བ་ནི་ཅུང་ཟད་འགྱུར་བའི་བདག་ཉིད་ཀྱིས་བདེ་བ་མྱོང་བའི་ངོ་བོ་ཉིད་ཡིན་མོད་ཀྱང་། ལུས་ཀྱི་འགྱུར་བ་གསལ་བར་བྱེད་པ་མེད་པས་ལྟུང་བར་མ་བཞག་གོ །རྟེན་པར་བྱེད་པ་རང་ངམ་རང་ལ་རྟེན་པར་བྱེད་པ་གཞན་གྱིས་བརྩལ་བའི་རོ་མྱོང་བ་ཡང་མཐར་འགྱུར་ལ། གཞན་ལ་མི་ཚངས་པར་སྤྱོད་ཅིག་ཅེས་བསྒོ་བ་ནི་སྦོམ་པོའོ། །བརྟེན་པའི་ཕྱིར་དུ་ཁས་བླངས་པ་ན་དགེ་སློང་ལ་སྦོམ་པོར་འགྱུར་ལ། དགེ་སློང་མ་ལ་བསླབ་པ་འཁྲུགས་པ་སྟེ་ཉམས་པ་ཡིན་ནོ། །དགེ་སློང་འདོད་ཆགས་དང་མ་བྲལ་བ་རྣམས་ལ་རྒྱུ་ལྔས་དབང་པོ་ལས་སུ་རུང་སྟེ། བཤང་བ་དང་། གཅི་བ་དང་། རླུང་གིས་ནོན་པ་དང་། སྲོག་ཆགས་ཨའུ་ཙི་ཏང་ཀས་ཟིན་པ་དང་། འདོད་ཆགས་ཀྱིས་དཀྲིས་པའོ། །བྲལ་བ་ལ་ནི་ཐ་མ་མ་གཏོགས་པ་བཞིས་སོ། །གཞན་ཡང་དགོན་པའི་སྡིག་ཅན་མས། དགེ་སློང་ལོར་མ་ལོན་པ་ལ། ཁྱོད་རིང་པོར་མ་ལོན་པས་གཉིས་ཀ་ལ་ཉེས་པར་མི་འགྱུར་རོ། །དེས་ཁས་བླངས་ནས་སླར་འགྱོད་པ་དང་། མོས་མི་འདོད་བཞིན་དུ་སྤྱད་ནས་འགྱོད་དེ། །དགའ་བ་མ་ཚོར་བས་ཕམ་པ་མེད་དེ་སྦོམ་པོའོ་ཞེས་གསུངས་པས་སོ། །རྟེན་པར་བྱེད་པའི་ཡན་ལག་གི་རྣམ་པ་གོས་འཐུག་པོས་བསྒྲིབས་པ་དང་། དེ་བཞིན་དུ་བཀུག་པ་དང་། ལམ་ལ་མ་རེག་པར་འཇུག་ན་ཐམས་ཅད་དུ་སྦོམ་པོའོ། །གོས་སྲབ་མོས་བར་དུ་ཆོད་པ་ལ་ནི་རེག་པའི་བདེ་བ་འབྱུང་བའི་ཕྱིར་མཐར་འགྱུར་བར་གསུངས་སོ། །མོ་དབང་དུ་མཐེ་བོང་དང་། རྐང་པ་ལ་སོགས་པ་འཇུག་པ་དང་། མི་ཚངས་པ་སྤྱོད་པའི་ཕྱིར་རང་གི་དབང་པོ་འཚིར་བ་ལ་སོགས་པ་དང་། མ་ཆུད་བ་དང་ཆུད་པའི་ཕྱིར་རྨ་ཉེད་པ་རྣམས་སྦོམ་པོའོ། །གཞན་ཡང་ཕོ་མཚན་ནད་ཀྱིས་གཟིར་བ་བུད་མེད་ཀྱི་རྨར་བཅུག་ན་གསོས་སོ་ཞེས་དང་། དགེ་སྦྱོང་ཉམས་པ་མེད་པར་ཉམས་སོ་སྙམ་པའི་བསམ་པས་བཅུག་པར་ཡང་མཐའ་སྟེ། ནད་དང་བྲལ་བའི་དོན་ཉིད་ལ་ཡང་མེད་དོ། །ཞེས་པས་སོ། །ཞར་ལ་ཉེས་པའི་རྒྱུ་དགག་པའི་ཕྱིར། མ་བསྲུང་པར་ཉིན་མོ་གློས་ཕབ་སྟེ་གཉིད་ལོག་པར་མི་བྱའོ། །བསྲུང་བ་ནི་གསུམ་སྟེ། སྒོ་བཅད་ཅིང་ཀུན་ནས་བསྐོར་བ་ན་གནས་པ་ཉིད་དང་། དགེ་སློང་གིས་ཀུན་ནས་བསྲུངས་པ་ཉིད་དང་། ཤམ་ཐབས་ཀྱི་མཐའ་བཅིངས་པ་ཉིད་དོ་ཞེས་སོ། །བར་ཆད་དུ་གྱུར་པ་འབྱུང་བའི་དགོན་པར་འདུག་པ་དང་། བུད་མེད་ཀྱིས་བརྔོད་པ་དག་ཏུ་མི་འགྲོ་བ་དང་། གང་དུ་ཡན་ལག་གི་རྣམ་པ་འཛིན་པར་འགྱུར་བའི་ཆུ་ཀླུང་དུ་སྒྲེན་མོར་མི་བརྒལ་བ་ལ་སོགས་ཀྱང་ཤེས་པར་བྱའོ། །འདོད་ཆགས་ཤས་ཆེ་བས་འཛག་སྣོད་བཅང་བར་བྱའོ། །ར་འམ་རི་དྭགས་སམ་བྱི་ལའི་པགས་པ་ལས་རྐྱལ་བུ་བྱས་ཏེའོ། །དྲི་མི་ང་བར་བྱ་བའི་ཕྱིར་བསྐ་བས་བཀྲུ་བ་དང་བསྐམ་པར་བྱའོ། །དེ་ཡང་ཐམས་ཅད་དུ་བཅང་ངམ་ཞེ་ན་མ་ཡིན་ཏེ། ཟས་ཟ་བ་དང་མཆོད་རྟེན་ལ་ཕྱག་འཚལ་བའི་ཚེ་ཕོག་ལ་བཀྲུས་ཏེའོ་ཞེས་གསུངས་སོ། །སེམས་སྐྱེས་ཡིད་ཡིན་ཁ་ལ་རེག་པའི་བར། །སྦྱོར་ལྟུང་མཚམས་ལས་འདས་ན་དངོས་གཞིར་འགྱུར། །བརྟེན་པའི་ཕྱིར་སེམས་སྐྱེས་ན་བསྡམ་པར་བྱ་བའི་ཁ་ན་མ་ཐོ་བ་དང་། སོ་དང་། པགས་པ་དང་། སྦུ་གུའི་ཁ་ལ་རེག་པའི་བར་གྱི་བར་མ་དོ་ནི་སྦྱོར་བའི་ལྟུང་བ་དང་། མཚམས་ལས་ཕར་འདའ་བར་བྱེད་ལ། ཡན་ལག་རྣམས་ཚང་ན་དངོས་གཞིའི་ལས་ཀྱི་ལམ་སྐྱེས་པས་དངོས་གཞིའི་ལྟུང་བར་རིག་པར་བྱའོ། །འཁྲིག་ལ་འདུ་ཤེས་གཙོ་མིན། ལམ་དུ་ལམ་མ་ཡིན་པའི་འདུ་ཤེས་དང་སོམ་ཉིས་འཁྲིག་པའི་ཆོས་བརྟེན་ན་ཕམ་པ་ལ་སོགས་པ་འབྱུང་བའི་ཕྱིར་འཁྲིག་པ་ལ་འདུ་ཤེས་གཙོ་བོར་བྱ་བ་མེད་པར་རིག་པར་བྱའོ། །འདུ་ཤེས་གཙོ་བོར་གྱུར་པ་རྣམས་ལ་ནི་དེ་ལྟ་བུ་མེད་དེ། འདི་ལྟར་སྲོག་ཆགས་དང་བཅས་པའི་ཆུ་ལ་སྲོག་ཆགས་མེད་པར་འདུ་ཤེས་དང་ལྡན་པ་ལ་ལྟུང་བ་ཡོད་པར་མི་འདོད་པས་སོ། །བཟློག་པ་ལ། ཡན་ལག་ཚང་བ་ཕམ་པ་ཡིན་པ་དེ་ལས་བཟློག་པ་ཡན་ལག་མ་ཚང་བ་རྣམས་ནི་སྦོམ་པོ་ཡིན་ནོ། །དེ་ལ་ཡང་ལྕི་བ་དང་ཡང་བ་དེ་གཉིས་ཀྱང་། མི་སྐྲག་ལྕི་བ་མི་ཉན་རབ་ལྕི་དང་། །གཞན་ལ་ཁྲེལ་ཡོད་ཡང་དང་རང་ཉིད་ལ། །ངོ་ཚ་ཤིན་ཏུ་ཡང་བའོ། །དེ་དག་ནི། ཕས་ཕམ་གྱིས་བླངས་སྦོམ་པོ་བཞིར་བཤད་དོ། །ཉེས་དམིགས་ལ་སྐྲག་པར་མི་བྱེད་པ་གནས་མ་ཡིན་པ་དེ་དག་ལ་ཞུགས་པ་ནི་ལྕི་བ་དང་། གཞན་དག་གིས་བྱ་བ་མ་ཡིན་པ་སྤྱོད་པ་དེ་འབད་པས་བཟློག་པ་ལ་མི་ཉན་པར་ཞུགས་པ་ནི་རབ་ཏུ་ལྕི་བ་དང་། གཞན་ལ་ཁྲེལ་ཡོད་བཞིན་དུ་སྤྱོད་པ་ཡང་བ་དང་། རང་ཉིད་ངོ་ཚ་བས་འདི་ལྟ་བུ་སྤྱད་པ་ནི་མི་རུང་སྟེ་སྙམ་པ་ནི་ཤིན་ཏུ་ཡང་བའོ། །ལས་དང་པོ་པ་དང་། མྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བས་གཟིར་བ་ལ་ནི་ལྟུང་བ་མེད་དོ། །ལས་དང་པོ་པ་ནི། གང་གི་བཅས་པ་དེ་མ་མཛད་པའི་གོང་གི་དགེ་སློང་དག་གོ །སྨྱོས་པ་ནི་ལྔ་སྟེ། གཉེན་བཤེས་དང་། ལོངས་སྤྱོད་ཟད་པ་གཉིས་དང་། ཁམས་མ་མཉམ་པ་དང་། མི་མ་ཡིན་གྱིས་བརླམས་པ་དང་། སྔོན་གྱི་རྣམ་སྨིན་གྱིས་སོ། །སེམས་འཁྲུགས་པ་ནི་ལྔ་སྟེ། མི་མ་ཡིན་པས་སེམས་དཀྲུགས་པ་དང་། དེས་བརླམས་པ་དང་། དེས་མདངས་ཕྲོགས་པ་དང་། ཁམས་མི་མཉམ་པ་དང་། རྣམ་སྨིན་གྱིས་སོ། །ཚོར་བས་གཟིར་བ་ནི། རླུང་དང་། མཁྲིས་པ་དང་། བད་ཀན་དང་། འདུས་པ་དང་། དུས་གྱུར་པའོ། །དེ་ལ་ཡང་གང་གི་ཚེ་བདག་ཉིད་དགེ་སློང་གི་དངོས་པོར་ཤེས་ན་ནི་གཞི་ཇི་ལྟ་བ་བཞིན་དུ་ལྟུང་བ་འབྱུང་བར་འགྱུར་རོ། །གལ་ཏེ་དགེ་སློང་གི་དངོས་པོར་མི་ཤེས་ན་རང་བཞིན་ཉམས་པའི་སྨོན་པ་ཡིན་པས་ལྟུང་བ་འབྱུང་བར་མི་འགྱུར་ཏེ། དེ་ལ་བཅས་པ་མ་མཛད་པས་སོ། །སེམས་འཁྲུགས་པ་དང་ཚོར་བས་ཉེན་པ་ལ་ཡང་དེ་བཞིན་ནོ། །དེ་ལྟར་ཡང་ཐ་སྙད་དུ་རུང་བའི་འདུ་ཤེས་ཉམས་པ་ཉིད་ལ་ནི་ཕམ་པར་འགྱུར་བ་མན་ཆད་ཀྱི་ལྟུང་བ་ཡང་མི་འབྱུང་ངོ་། །ཞེས་གསུངས་པས་སོ། ༢ །གཉིས་པ་མ་བྱིན་ལེན་གྱི་ཕམ་པ་བཤད་པ་ནི། བརྐུ་སེམས་མིར་རྫས་འདུ་ཤེས་མི་གཞན་ནོར། །ཡུལ་དུས་རིན་ཐང་ཚང་བ་མིས་བཟུང་བསམས། །དེ་ཉིད་སྦྱོར་གཅིག་བདག་དོན་མ་བྱིན་པར། །བརྐུས་སམ་བརྐུར་བཅུག་བརྩད་ལའོ་དད་པས་མིན། །བརྐུས་སམ་བརྐུ་རུ་བཅུག་པ་དག་གིས་སོ། །མངགས་པས་ཀྱང་ངོ་། །མ་བྱིན་པའོ། །མ་ཤ་ཀ་ལྔ་ལ་སོགས་པའོ། །བརྐུ་སེམས་ཀྱིས་སོ། །མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བའོ། །འདུ་ཤེས་པས་སོ། །ཞེས་པའི་དོན་ཏེ། གླེང་གཞི་ནི། སྟོན་པ་འོད་མའི་ཚལ་ན་བཞུགས་སོ། །དེའི་ཚེ་རྫ་མཁན་ལས་རབ་ཏུ་བྱུང་བའི་དགེ་སློང་ནོར་ཅན་རྒྱལ་པོའི་ཁབ་ཀྱི་དགོན་པའི་སྤྱིལ་བུ་ན་གནས་སོ། །དེ་བསོད་སྙོམས་ལ་ཞུགས་པ་དང་རྩྭ་འཐུ་ཤིང་འཐུ་དག་གིས་དེའི་སྤྱིལ་བུ་དཀྲུགས་ཤིང་བཅོམ་ནས་རྩྭ་ཤིང་ཁྱེར་རོ། །ལན་གཉིས་ལན་གསུམ་དུ་དེ་ལྟར་བྱས་པ་དང་། བདག་ནི་བཟོ་ལ་མཁས་པས་སའི་ཞིག་བྱའོ་སྙམ་ནས་ས་བསྐྱས། སྲོག་ཆགས་མེད་པའི་ཆུས་སྦངས་ནས་ཐམས་ཅད་ས་ལས་བྱས་པ་ཞིག་བྱས། བསྐམས་ནས་ཁ་དོག་ཅན་གྱིས་བསྐུས་ནས་སོ་བཏང་བས་མེ་ཏོག་བནྡྷུ་ཛཱི་ཝ་ཀ་འདྲ་བ་ཞིག་བྱུང་བ་དང་། གནས་ཁང་གི་དུས་སྟོན་བྱའོ་སྙམ་ནས་བསོད་སྙོམས་ལ་སོང་བ་དང་། སྟོན་པ་ནི་གདུལ་བྱའི་དབང་གིས་དུས་སུ་དམྱལ་བ་ལ་སོགས་པར་རྒྱུ་བས། དེ་རེས་གཙུག་ལག་ཁང་དུ་རྒྱུ་བར་བཞེད་ནས། སྟོན་པས་ཀུན་དགའ་བོ་ལ། དེ་རེས་དགེ་སློང་རྣམས་ལ་སྟོན་པ་གཙུག་ལག་ཁང་རྒྱུ་བར་གཤེགས་ཀྱི་སྤྲོ་བ་དག་ཆོས་གོས་ལོངས་ཤིག དེ་དག་སྟོན་པ་དང་ལྷན་ཅིག་དལ་བུས་སོང་བ་དང་། ནོར་ཅན་གྱི་སྤྱིལ་བུ་དེ་མཐོང་། འདི་སུའི། ནོར་ཅན་གྱིའོ། །མུ་སྟེགས་ཅན་དག་གོའུ་ཏ་མ་འདུག་བཞིན་དུ་ཟག་པའི་གནས་ལྟ་བུའི་ཆོས་བྱུང་ངོ་ཞེས་འཕྱ་བར་འགྱུར་གྱི། འདི་ཆོམས་ཤིག དེ་དག་གིས་བཅོམ་ནས་གཤེགས་སོ། །དེས་འོངས་པ་དང་མཐོང་ནས། དགེ་སློང་ཉེན་ཀོར་བ་ལ་དྲིས་པས། སྟོན་པའི་བཀས་དགེ་སློང་དག་གིས་སོ། །ཆོས་ཀྱི་རྗེས་བཤིག་ན་ལེགས་སོ། །དེས་ཤིང་བསྲུང་དེ་བདག་གི་འགྲོགས་བཤེས་ཡིན་པས་ཤིང་ལས་བྱས་པ་ཞིག་བྱའོ་སྙམ་ནས་དེར་སོང་སྟེ། ཀྱེ་ནང་པར་རྒྱལ་པོའི་ཤིང་དག་གནང་གི་བྱིན་ཅིག ལྷས་གནང་ན་ལེགས་ཀྱི་ཅི་བདེར་སྣོམས་ཤིག དེས་རྒྱལ་པོའི་ཁབ་རལ་བ་དང་གྲུམས་པ་འཆོས་པའི་ཤིང་སྦས་པ་ཁ་ཅིག་བཅད་ཅིང་གཤགས་ནས་དྲངས་སོ། །དེ་གྲོང་ཁྱེར་བསྲུང་བའི་མི་སྣ་ཆེན་པོས་མཐོང་ནས་སྐྲག་སྟེ་ཤིང་བསྲུང་ལ་དྲིས་པས་ལྷས་གནང་ན་སྣོམས་སྨྲས་སོ། །དེས་རྒྱལ་པོ་ལ་ཞུས་པས་སུ་ལའང་མ་བྱིན་གྱི། ཤིང་བསྲུང་ཁུག་ཅིག དེས་བཀུག་པ་དང་ནོར་ཅན་ཡང་བོས་ནས་ཁོ་བོ་འདིའི་ཕྱིར་བཀུག་གོ་ཞེས་སྨྲས་སོ། །དེ་གཉིས་ཆབ་སྒོ་ན་སྡོད་དོ་ཞེས་ཞུས་པས། སྔོན་ལ་དགེ་སློང་ཁུག་ཅིག བཀུག་ནས་དེས་ཨ་རོག་ཀྱ་ཞེས་བརྗོད་ནས་མཐའ་ཞིག་ཏུ་འདུག་པ་དང་། དགེ་སློང་ཤིང་མ་བྱིན་པར་བླང་དུ་རུང་ངམ། མི་རུང་ངོ་། །འོ་ན་ཅིའི་ཕྱིར་ལེན། ལྷས་གནང་ངོ་། །མ་དྲན་ནོ། །དགོངས་པར་བགྱི་སྟེ། ལྷ་རྒྱལ་སྲིད་ལ་མངའ་བརྙེས་པར་གྱུར་ནས་ངའི་མངའ་རིས་ལ་དགེ་སྦྱོང་དང་བྲམ་ཟེ་རང་བཞིན་བཟང་བར་གྲགས་པ་རྩྭ་དང་ཤིང་དང་ཆུ་མ་བྱིན་པར་སྤྱོད་པ་རྣམས་ལ་དེང་ཕྱིན་ཆད་ཅི་བདེར་སྤྱོད་ཅིག་ཅེས་བསྒྲགས་སོ། །དེ་ནི་ངས་ཡོངས་སུ་མ་བཟུང་བ་ལ་བསམས་ཏེ་སྨྲས་སོ། །ལྷས་ཡོངས་སུ་མ་བཟུང་བ་ལ་ཅི་ཞིག་བགྱིར་མཆི། དེ་ཁྲོས་འཁྲུགས་བརྔམས་སོ། །དཔྲལ་བའི་རྩ་གསུམ་བསྒྲེང་ཞིང་ཁྲོ་གཉེར་བསྡུས། མིག་བགྲད། ལག་མཐིལ་གཉིས་བསྒྲིལ་ཞིང་། དགེ་སློང་བསད་པ་རིགས་ན་སོང་ལ་ཕྱིན་ཆད་དེ་ལྟར་མ་བྱེད་ཅིག འཁོར་རྣམས་རྒྱལ་པོ་འདི་ཙམ་དུ་གཏུམ་པས་ཀྱང་བསད་པར་རིགས་ན་ཞེས་ཚིག་སྙིང་པོ་མེད་པས་སྤྱོས་པ་ངོ་མཚར་ཏེ་ཟེར་རོ། །ནོར་ཅན་སོང་ནས། དགེ་སློང་རྣམས་ལ་ཁོ་བོ་དེའུ་བསད་དོ། །ཅིའི་ཕྱིར། དེ་བཤད་དོ། །ཀུན་དགའ་བོ་རྒྱལ་པོའི་ཁབ་ཀྱི་ལམ་པོ་ཆེ་སོགས་ན་གནས་པའི་མི་ལ། རྒྱལ་པོས་ཅི་ཙམ་བརྐུས་པ་ལ་གསོད་པའི་གྱོད་ལ་དཀྲི་ཞེས་དྲིས་ཤིག དེས་དེ་བཞིན་དུ་དྲིས་ནས་མ་ཤ་ཀ་ལྔ་འམ། མ་ཤ་ཀ་ལྔ་ལས་ལྷག་པས་སོ་ཞེས་མཆིའོ། །དོན་གཉིས་ཀྱིས་དགེ་འདུན་སྡུད་དེ། ཉན་ཐོས་ཀྱིས་ཀུན་ཤེས་པར་བྱ་བའི་ཕྱིར་དང་། བསླབ་པ་བཅའ་བར་བྱ་བའི་ཕྱིར་རོ། །འདིར་ཕྱི་མའི་ཕྱིར་བསྡུས་ཏེ། ནོར་ཅན་དེ་ལྟ་བུ་བྱས་པ་བདེན་ནམ། མད་དོ། །ཚུལ་མ་ཡིན་པ་སོགས་སྔར་དང་འདྲ། འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་འདོན་ཏེ། ཡང་དགེ་སློང་གང་གཞན་དག་གི་གྲོང་འདུག་པ་འམ། དགོན་པ་ན་འདུག་པ་མ་བྱིན་པར་ལེན་པ་རྐུ་བའི་གྲངས་སུ་གཏོགས་པ་བླངས་ན་ཅི་ཙམ་མ་བྱིན་པར་བླངས་པ་དེ་རྒྱལ་པོ་འམ། བློན་པོ་ཆེན་པོས་བཟུང་ནས་དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་ནི་རྐུན་མའོ། །བྱིས་པའོ། །བླུན་པོའོ། །བརྐུ་བའོ་ཞེས་ཟེར་ཞིང་གསོད་དམ། འཆིང་ངམ། སྤྱུགས་ཀྱང་རུང་སྟེ། དགེ་སློང་དེ་ལྟར་མ་བྱིན་པར་ལེན་ན། དགེ་སློང་དེ་ཡང་ཕམ་པར་འགྱུར་བ་ཡིན་གྱི་གནས་པར་མི་བྱའོ། །ཞེས་སོ། །འདི་ལ་གཞིའི་ཡན་ལག་མི་གཞན་གྱི་ནོར་ཡིན་པ་དང་། ཡུལ་དུས་ལ་ལྟོས་པའི་རིན་ཐང་ཚང་བ་དང་། མིས་ཡོངས་སུ་བཟུང་བ་དང་། མ་བྱིན་པ་ཡིན་པ་དང་། དེ་ཉིད་བརྐུ་བར་བསམ་པ་སྟེ་ལྔ་དང་། བསམ་པའི་ཡན་ལག་ལ། བརྐུ་སེམས་དང་། མིའི་རྫས་སུ་འདུ་ཤེས་པ་དང་། བདག་ཉིད་ཀྱི་ཆེད་དུ་ཡིན་པ་གསུམ་དང་། སྦྱོར་བའི་ཡན་ལག་ལ། སྦྱོར་བ་གཅིག་པ་ཡིན་པ་དང་། མཐར་ཐུག་གི་ཡན་ལག བརྐུས་སམ་བརྐུར་བཅུག་པ་འམ། བརྩད་པ་གང་ཡང་རུང་བས་ཐོབ་པ་སྟེ། དེ་ལྟ་བུའི་ཡན་ལག་ཚང་ན་མ་བྱིན་ལེན་གྱི་ཕམ་པར་འགྱུར་རོ། །བརྐུ་སེམས། བརྐུའོ་སྙམ་བསམས་པ་སྟེ། གཞན་བསམ་པ་དག་པ་ལ་མ་བྱིན་ལེན་གྱི་ཉེས་པར་མི་འགྱུར་བས་འདི་ཡན་ལག་རྣམས་ཀྱི་གཙོ་བོ་ཡིན་པའི་ཕྱིར་དང་པོར་བསྟན་ནོ། །དེ་ཡང་མ་བསམས་པ་ལ་ལྟུང་བ་མེད་དོ། །རང་དང་གཉའ་བ་དང་ཡིད་བཅུགས་པའི་སེམས་དག་གིས། གཞན་ལ་གོ་བར་བྱས་ཏེ་བླངས་ན་ལྟུང་བ་མེད་དོ། །བརྐུ་སེམས་མེད་པ་གཞན་གྱིས་ཀྱང་ངོ་། །སྙིང་རྗེས་རྫུ་འཕྲུལ་གྱིས་ཕྲོགས་ནའོ། །ཞེས་གསུངས་པས་སོ། །མིར་རྫས་འདུ་ཤེས། མིས་ཡོངས་སུ་བཟུང་བའི་རྫས་སུ་འདུ་ཤེས་པ་དགོས་པ་སྟེ། འདུ་ཤེས་པས་སོ། །ཞེས་དང་། བརྐུའོ། །མིའི་ལ་མ་ཡིན་ནོ་སྙམ་དུ་སེམས་ན་སྦོམ་པོར་གསུངས་ཤིང་། མིའི་རྫས་ལ་བདག་པོ་མེད་པར་འདུ་ཤེས་པ་དང་། རང་གི་ཡིན་པར་འདུ་ཤེས་པ་ལ་ཉེས་མེད་དུ་གསུངས་པས་སོ། །མི་གཞན་ནོར། །རང་ལས་གཞན་པའི་མིའི་ནོར་ཡིན་པ་དགོས་པ་སྟེ། རང་གི་རྫས་གཞན་གྱིར་འདུ་ཤེས་པས་བརྐུས་པ་སྦོམ་པོར་འགྱུར་བས་ཏེ། སྐྱེས་བུ་མ་ཕམ་པ་བླུན་པོ་དེ་རང་གི་གོས་རྙིང་པ་དག་གིས་ཉེས་པ་སྦོམ་པོ་བྱུང་ངོ་ཞེས་པས་སོ། །ཡུལ་དུས་རིན་ཐང་ཚང་བ། གང་དུ་རྐུ་བའི་གནས་དེ་ཉིད་དང་། རྐུ་དུས་དེ་ཉིད་དུ་རིན་ཐང་ཚང་བ་སྟེ། ཡུལ་དེ་ཀར་རིན་ཐང་མ་ཚང་ཡང་། ཕྱོགས་གཞན་པར་ཚང་བ་ལྟ་བུ་དང་། བརྐུས་པའི་དུས་དེ་ཉིད་དུ་མ་ཚང་ལ་ཕྱིས་ནས་ཚང་བ་ལྟ་བུ་སྦོམ་པོར་གསུངས་པས་སོ། །དེ་སྐད་དུ་ཡང་། རིན་ཐང་ནི་རྐུ་བའི་གནས་དང་དུས་ཀྱིས་སོ། །ཞེས་སོ། །མིས་བཟུང་། དངོས་པོ་འདི་ནི་བདག་གིའོ་ཞེས་མིས་བདག་གིར་བྱས་པ་སྟེ། མི་མ་ཡིན་པ་དག་གིས་བདག་གིར་བྱས་པའི་དངོས་པོ་བླངས་པ་ལ་ནི་སྦོམ་པོ་ཙམ་དུ་འགྱུར་བ་སྟེ། དཔེར་ན་སྒྲ་མི་སྙན་དུ་བརྐུ་སེམས་ཀྱིས་བླངས་པ་བཞིན་ནོ། །འགྲོ་བ་གཞན་གྱི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་ནི་ན་སྨད་དོ། །ཞེས་སོ། །དེ་བཞིན་དུ་དུད་འགྲོའི་བཏུང་བའི་སྐལ་བ་ལ་རིན་ཐང་བརྩི་བར་བྱའོ། །དངོས་པོ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཞེས་གསུངས་པས། དུད་འགྲོའི་བཟའ་བཏུང་ནི་དུད་འགྲོ་ཉིད་དབང་བ་ཡིན་པས་ཚང་ཡང་སྦོམ་པོར་འགྱུར་ཏེ། བཟའ་བཏུང་གི་ཕྱིར་སྦྱིན་པ་ལ་ནི་བསམ་པ་དང་འབྲེལ་བ་མེད་པ་ཉིད་ཡིན་ནོ། །ཞེས་སོ། །དེ་དག་གི་རྒྱན་ལ་སོགས་པ་བདག་པོའི་བསམ་པས་མ་བཏང་བས། དུད་འགྲོ་དེ་དག་གི་བདག་པོ་ཉིད་དེའི་ཡང་བདག་པོ་ཡིན་ཏེ་དེ་ལྟར་ཡང་ཐ་སྙད་མི་ཤེས་པའི་ནི་ཞལ་ཏ་བྱེད་པ་བདག་པོ་ཉིད་ཡིན་ནོ་ཞེས་སོ། །ནགས་མེས་བཏང་བ་ལ་སོགས་པ་བདག་གིས་བཟུང་བའི་རི་དྭགས་ལ་སོགས་པ་ནི། ལིང་པ་ཉིད་བདག་པོ་ཡིན་པས་མ་ཤི་ན་བསྐྱབ་པར་བྱ་ཞིང་། ཤི་ན་རོ་དེ་དག་ལ་སྦྱིན་པར་བྱའོ། །ལྷན་ཅིག་གནས་པ་དང་། ཉེ་གནས་དག་གཞན་གྱིས་བརྐུས་པ་དག་ནི་སྔར་རང་གི་བསམ་པས་བཏང་། ཕྱིས་མཐུས་འཕྲོག་པར་བྱེད་ན། དེའི་ཚེ་རྐུན་མོ་ཉིད་བདག་པོ་ཡིན་པས་སྦོམ་པོར་འགྱུར་ལ། དེ་བཞིན་དུ་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་ལ་ཡང་མཚུངས་པ་སྟེ། ལྷན་ཅིག་གནས་པ་ཉིད་དང་། ཉེ་གནས་ཉིད་ཀྱང་བརྐུས་པར་མི་འགྱུར་བའི་རྒྱུ་མ་ཡིན་ནོ་ཞེས་སོ། །མི་འདོད་བཞིན་དུ་ཁྲིད་པ་ནི་བཟློག་པར་བྱའོ། །བརྐུས་པ་ལས་དགེ་སློང་རང་ཉིད་བྲོས་ན་ཉེས་པ་མེད་དེ། །བདག་ཉིད་ལ་བརྐུ་བ་མེད་པས་སོ། །དེ་བཞིན་དུ་རླུང་ལ་སོགས་པས་ཁྱེར་བ་དང་། བརྗེད་པའི་གོས་དང་། ནོར་ཞིང་ལ་སོགས་པ་ཐམས་ཅད་ལ་བདག་པོའི་བསམ་པས་ཡོངས་སུ་མ་བཏང་བ་དེ་སྲིད་དུ་དེ་ཉིད་བདག་པོ་ཡིན་ལ། བཏང་བ་ནི་མ་ཡིན་ཏེ། ཁྱེར་བ་ཉིད་ན་བསམ་པས་མ་བཏང་བ་ནི་བདག་པོ་ཉིད་དང་མ་བྲལ་བ་ཡིན་ནོ་ཞེས་སོ། །བདག་པོ་དང་བཅས་པའི་གཏེར་དང་། བདག་པོ་མེད་པའི་གཏེར་གཉིས་ལས། བདག་པོས་ནོར་ཡོད་པར་མ་ཤེས་པ་ནི་བདག་པོས་བདག་གིར་བྱ་བ་མེད་པས་བརྐུས་པའི་ཡན་ལག་མ་ཚང་བའི་ཕྱིར་དེ་དང་། ཡོངས་སུ་བཟུང་བ་མེད་པ་ལ་ཡོངས་སུ་བཟུང་བ་ཡོད་པར་འདུ་ཤེས་པས་བརྐུས་ན་དང་། རོའི་རྫས་མི་མ་ཡིན་པས་བདག་གིར་བྱས་པ་འང་སྦོམ་པོར་འགྱུར་རོ། །གཞན་ཡང་དགེ་སློང་ནད་པ་ཞིག་གིས་ནད་གཡོག་རྣམས་ལ་འཁུར་བ་སྣ་གསུམ་དང་། ནས་ཐུག་དག་དགེ་འདུན་ལ་དབུལ། རང་ཡང་སྤྱད་དོ་སྙམ་ནས་དེས་དེ་རྣམས་ལ་བགོད་པའི་རྒྱུ་དག་བྱིན་པ་དང་། དེ་དག་འདི་སྙམ་དུ་བདག་ཅག་ལ་དེས་ཅི་བྱ། འདི་ཉིད་ལ་འདོད་པ་སྦྱིན་ནས་གསེར་གྱི་དོང་རྩེ་དག་བགོ་བར་བྱའོ་སྙམ་དུ་སེམས་པས་འགྱོད་དེ་ཞུས་པས། ཕམ་པའི་ལྟུང་བ་ནི་མེད་དེ་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་སོ། །འདི་ན་སྦྱིན་བདག་གིས་ཡོངས་སུ་བཏང་བས་དེ་ལ་བརྐུས་པར་མ་སོང་ལ་དགེ་འདུན་ལ་བརྐུས་པ་ཡིན་ནོ། །འོན་ཀྱང་དགེ་འདུན་གྱིས་དེ་ཕུལ་བ་མ་ཤེས་པའི་ཕྱིར་བདག་གིར་མ་བྱས་པས་རིན་ཐང་ཚང་ཡང་ལྟུང་བ་དངོས་གཞི་མི་སྐྱེད་དོ། །བསམས། གང་བརྐུ་བར་བྱའོ་སྙམ་དུ་བསམ་པ་དེ་ཉིད་ཐོབ་པ་ཞིག་དགོས་པ་སྟེ། མ་བསམ་པ་ལ་ནི་ལྟུང་བ་མེད་དོ་ཞེས་པས་སོ། །དེ་ཡང་དགེ་སློང་གི་གསོ་རས་བརྐུས་པའི་གསེབ་ཏུ་དར་རིན་ཐང་ཅན་བྱུང་བ་ལ་འགྱོད་པས་གསོ་རས་ཀྱི་རིན་ཐང་བརྩི་བར་བྱའོ། །ཞེས་གསུངས་ཤིང་དར་ལ་མ་གསུངས་པ་ལྟ་བུའོ། །དེ་ཉིད་སྦྱོར་གཅིག གང་རྐུ་བའི་སྦྱོར་བ་གཅིག་པུ་དེ་ཁོ་ན་ལ་རིན་ཐང་ཚང་བ་དགོས་ཏེ། ལུང་དུ། སྦྱོར་བ་གཅིག་ལ་རིན་ཐང་བརྩི་བར་བྱའོ། །དངོས་པོ་ཚང་ན་མཐར་འགྱུར། མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཞེས་སོ། །དེ་ཡང་མ་ཚང་བ་ལན་དུ་མར་བརྐུས་ཀྱང་སྦོམ་པོར་གསུངས་པས་སོ། །བདག་དོན། རང་ཉིད་ཀྱི་ཆེད་དུ་བརྐུས་པ་སྟེ། གཞན་དོན་དུ་བརྐུས་པ་ཉེས་པ་ཆུང་བར་བཤད་དེ། སྦོམ་པོ་ནི་གང་གིས་གང་བསམ་པ་དེ་དེའི་རྣམ་པར་གཞག་པ་ལས་གཞན་ཕྱིར་བརྐུ་བའི་ཞེས་དང་། ཞུས་པ་ལས། དགེ་སློང་གིས་མ་བཅོལ་བར་གཞན་གྱི་ཆེད་དུ་བརྐུ་བར་བགྱིད་ན་ཅིར་འགྱུར་ལགས། བཀའ་སྩལ་པ། ཉེས་ལ་སྦོམ་པོར་འགྱུར་རོ་ཞེས་གསུངས། གཞན་གྱི་བཅོལ་བ་བརྐུས་པ་ལ་ཡང་། འདི་ནི་གཞན་གྱིས་ཡིན་ནོ་བདག་གི་མ་ཡིན་ནོ་སྙམ་ནས་བརྐུས་ལ་སྐལ་བ་མ་བླངས་ན་ཉེས་པ་ཆུང་ངུར་བཤད་པས་སོ། །མ་བྱིན་པར། སྐྱེས་པ་དང་། བུད་མེད་དང་། མ་ནིང་གང་གིས་ཡང་མ་བྱིན་པ་སྟེ། མ་བྱིན་པའོ་ཞེས་སོ། །བརྐུས་སམ་བརྐུར་བཅུག་པ་བརྩད་ལའོ། །རང་གིས་བརྐུས་སམ། གཞན་དག་བརྐུར་བཅུག་པའམ། བརྩད་པས་ཏེ། ལུང་དུ། བདག་ཉིད་ཀྱིས་བརྐུ་བར་བྱེད་པ་དང་། བདག་ཉིད་ཀྱིས་བརྐུར་འཇུག་པ་དང་། བདག་ཉིད་ཀྱིས་གནས་གནས་སུ་སྤོག་པར་བྱེད་པ་དང་། བྱིན་གྱིས་བརླབས་ནས་རྐུ་བར་བྱེད་པ་དང་། བྱིན་གྱིས་བརླབས་ནས་བརྐུར་འཇུག་པ་དང་། བྱིན་གྱིས་བརླབས་ནས་གནས་ནས་གནས་སུ་སྤོག་པར་བྱེད་པ་དང་། བང་ཆེན་གྱིས་རྐུ་བར་བྱེད་པ་དང་། བང་ཆེན་གྱིས་རྐུར་འཇུག་པ་དང་། བང་ཆེན་གྱིས་གནས་གནས་སུ་སྤོག་པར་བྱེད་པ་ཕམ་པར་འགྱུར་རོ། །ཞེས་སོ། རྐུ་བ་ནི། འདུལ་བ་གཅིག་ནས་འཕྲོས་པ་ལས། བཙུན་པ་རྐུ་བ་དུ་མཆིས། ཉེ་བ་འཁོར་དྲུག་སྟེ། མཐུས་རྐུ་བ་དང་། འདྲིད་པས་རྐུ་བ་དང་། གཏམས་པ་རྐུ་བ་དང་། སླར་སྦྱིན་པར་བྱ་བ་རྐུ་བ་དང་། འཇོམས་པས་རྐུ་བ་དང་། ཆོས་རྐུ་བ་དང་དྲུག་གོ །བཙུན་པ་བཅོམ་ལྡན་འདས་ཀྱིས་རྐུ་བ་རྣམ་པ་དྲུག་པ་གང་ལགས་པ་འདི་དག་གསུངས་པ་དེ་དག་ལས་དུ་ཞིག་གིས་མཐར་འགྱུར་ལགས། ཉེ་བ་འཁོར། ཆོས་རྐུ་བ་མ་གཏོགས་ཐམས་ཅད་ཀྱིས་མཐར་འགྱུར་རོ། །ཞེས་པས། མཐུས་རྐུ་བ་ནི། དབང་ཆེས་མནན་ཅིང་ལེན་པ་སྟེ། ནན་ཁུགས་ཀྱིས་རྐུ་བ་ཞེས་ཀྱང་བྱའོ། འདྲིད་པས་རྐུ་བའམ། སྒྱུ་ཐབས་ཀྱིས་རྐུ་བ་ནི། ཆོམས་པོས་རྐུ་བ་དང་། དོར་ཐབས་ཀྱིས་སོ། །དང་པོ་ནི། རྐུ་བ་ཉིད་དོ། །དོར་ཐབས་ཞེས་པ་ནི། རྒྱན་པོ་འགྱེད་པ་དང་། གསང་སྔགས་ཀྱིས་རྐུ་བ་ལ་སོགས་པའོ། །སྔགས་ཀྱིས་ཞིང་ལ་སོགས་པ་མ་རུངས་པར་བྱེད་པ་ཡང་དེར་གཏོགས་སོ། །གཏམས་པ་རྐུ་བ་ནི། བགྲངས་ནས་གཏམས་པ་དང་། རྒྱས་བཏབ་ནས་གཏམས་པ་ལ་མ་ཚང་བར་བྱས་ནས་བསྙོན་པའོ། །སླར་སྦྱིན་པར་བྱ་བའམ། ཕྱིར་བསབ་པས་རྐུ་བ་ནི། སྔར་བརྙས་པ་དང་། བསྐྱིས་པ་ལ་བསྙོན་པའོ། །རྔན་འཐེན་གྱིས་རྐུ་བའམ། འཇོམས་པས་རྐུ་བ་ནི། ཤོ་གམ་དང་རྩོད་ནས་གཤགས་ཀྱིས་ཕམ་པར་བྱས་པ་ལ་སོགས་པའོ། །དད་པས་མིན། དད་པས་སངས་རྒྱས་ཀྱི་རིང་བསྲེལ་དང་ཆོས་རྐུ་བ་ནི་ཉེས་པ་ཆུང་བ་སྟེ། དེ་ལ་སངས་རྒྱས་ཀྱི་སྐུ་གདུང་ནི་གཞལ་དུ་མེད་པའི་རིན་པོ་ཆེ་ཉིད་ཡིན་ནོ། །མཆོད་པའི་དོན་ཉིད་དུ་ན་ཉེས་བྱས་སོ། །དཔེ་འབྲི་བ་ལ་ཉེས་པ་མེད་པ་ཉིད་དོ། །ཞེས་སོ། བརྐུ་ལ་སེམས་གཙོ་དེ་བྲལ་ཉེས་མེད་ཡིན། །གང་ལ་བརྐུ་སེམས་ཡོད་པ་དེ་ལྟུང་བར་འགྱུར་གྱི། བརྐུ་སེམས་མེད་ན་བསྡམ་པར་བྱ་བ་ཙམ་དུ་ཟད་དེ། ཞུ་བ་ལས། བཙུན་པ་དགེ་སློང་གིས་གོས་ཀྱིས་གདང་ལས་གོས་ལེན་ཅིང་སྔར་བརྐུ་བའི་སེམས་བྱུང་ལ། སླད་ཀྱིས་རང་གི་འདུ་ཤེས་དང་ལྡན་པས་བགྱིད་ན་ཅིར་འགྱུར་ལགས། སྔ་མ་ནི་ཉེས་པ་སྦོམ་པོར་འགྱུར་ལ། ཕྱི་མ་ལ་ནི་ཉེས་པ་མེད་དོ། འོན་ཏེ་སྔར་ནི་རང་གི་འདུ་ཤེས་དང་ལྡན་ལ། ཕྱིས་བརྐུ་བའི་སེམས་ཀྱིས་རྐུ་ན་སྔ་མ་ལ་ནི་ལྟུང་བ་མེད་ལ། ཕྱི་མ་ལ་ནི་ཉེས་པ་སྦོམ་པོར་འགྱུར་རོ། །ཞེས་སོ། །ཡན་ལག་ལྷག་མ་ཉམས་པ་སྦོམ་པོར་འགྱུར། བརྐུ་སེམས་ལས་གཞན་པའི་ཡན་ལག་ལྷག་མ་གང་མ་ཚང་ཡང་སྦོམ་པོ་ཉིད་དུ་འགྱུར་རོ། །མཚམས་ལས་མ་བརྒལ་སྦྱོར་བའི་ལྟུང་བ་དང་། །བརྒལ་བ་མཐར་འགྱུར། བརྐུ་བར་བྱ་བའི་དངོས་པོ་དེ་ལ་མཚམས་དེ་ཉིད་དུ་ནོམ་པ་དང་། མྱུག་པ་དང་། རེག་པ་ཚུན་ཆད་ནི་སྦྱོར་བའི་ལྟུང་བ་ཡིན་ལ། མཚམས་དེ་ལས་བརྒལ་བ་ནི་དངོས་གཞིར་འགྱུར་རོ། །ལྷུང་བ་ས་ལས་བཏེག་པ་དང་། གཞི་ལ་འབྱར་བ་དང་། ཟུ་ང་དང་། གདང་བུ་དང་། ཕུར་བ་ལ་བཏགས་པ་དེ་དང་བྲལ་བ་ཉིད་དང་། མིག་ལམ་དུ་སྣང་བ་རྣམས་མི་སྣང་བར་ཁྱེར་བ་དང་། ཆུ་ལ་སོགས་པར་སྤྱིངས་བ་བྱིང་བ་རྣམས་ནི་དངོས་གཞིའོ། །ཕྱོགས་གཅིག་གནས་ནས་མ་འཕགས་པ་ཡང་མ་ཡིན་ནོ། །ཞེས་པས། ཡོལ་བ་ལ་སོགས་པ། གནས་ནས་ཕྱོགས་གཅིག་འཕགས་ལ་མ་མོ་གནས་དེ་ཉིད་དུ་འདུག་པ་ལྟ་བུ་ནི་བརྐུ་བྱའི་རྫས་ཀྱིས་ཁྱབ་པས་མཚམས་གཞན་པ་མ་ཡིན་ལ། ཐམས་ཅད་འཕགས་པ་དེའི་ཚེ་མཐར་འགྱུར་རོ། །ཙ་ར་ར་འཛག་པ་འབྲུ་མར་ལྟ་བུ་དང་། ཕྲུ་ལུ་ལུ་འབྲུལ་བ་འབྲུའི་སྣོད་ནས་རྐུ་བའི་ཚེ། རྒྱུན་ལ་སྐད་ཅིག་མའི་ཚོགས་དུ་མ་ཡོད་པའི་ཕྱིར། སྐད་ཅིག་མ་རེ་རེ་ལ་རིན་ཐང་བརྩི་འམ། མཇུག་ཏུ་བརྩི་བར་བྱ་ཞེ་ན། མཇུག་ཏུ་སྟེ། སྔ་མ་དང་ཕྱི་མའི་བར་རྫས་ཚོགས་པ་གཅིག་པས་སོ། །འབྲུའི་ཕུང་པོ་ལྟ་བུ་ལས་བརྙབས་ཏེ་རྐུ་བ་ནི་ལན་རེ་རེ་བཞིན་ཐ་དད་པས་རིན་ཐང་སོ་སོར་བརྩིའོ། །ལུང་དུ། བཙུན་པ་དགེ་སློང་གིས་བང་བ་བརྟོལ་ཏེ་རྐུ་ན་ཅིར་འགྱུར། སྦྱོར་བ་གཅིག་གིས་རྐུ་བ་ཚུན་ཆད་ཀྱི་རིན་ཐང་རྩི་བར་བྱའོ་ཞེས་སོ། །ཞིང་ལྟ་བུ་མུ་ཁ་མི་མངོན་པས་གཞན་གྱི་ནས་ཚུར་ཟ་བ་ལྟ་བུ་དགེ་འདུན་གྱི་ཡིན་ན་སོ་སོར་བགོས་པའི་རང་སྐལ་ལ་ཚང་ན་དངོས་གཞིར་འགྱུར་ལ། དེ་ནི་ཤིན་ཏུ་དཀའ་སྟེ། དགེ་འདུན་ནི་ཏིལ་གྱི་བང་བ་ལྟ་བུར་མང་བས་སོ། །རང་གི་ཆེད་དུ་ཡིན་ན་ཞིང་ལས་ཟོས་པ་དེ་ཉིད་ཀྱི་རིན་ཐང་བརྩིའོ། །དེ་བཞིན་གཞན་གྱི་ཞིང་ཆུ་བཀག་ནས་རང་གི་དེར་དྲངས་ན་དེའི་རྐྱེན་གྱིས་ལོ་ལེགས་པའི་འབྲུ་རིན་ཐང་བརྩི་ལ། མ་ལྷག་ན་ནི་ཉེས་པ་ཆུང་ངུའོ། །དུད་འགྲོ་ལྟ་བུ་བསད་པ་ན་བསད་པའི་རིན་ཐང་། གསོན་པ་རྒྱགས་པ་ལ་ཕྱོགས་གཅིག་པ་དང་། རྒུད་པའི་རྩིབ་ལོགས་སོགས་རུས་པ་སྣང་ན་དེ་རེ་རེ་ཕྱོགས་ཐ་དད་པ་ཡིན་པས་དེའི་རིན་ཐང་ངོ་། །རྟ་དང་གྲུ་ནོར་གྱིས་གང་བ་སོགས་རྐུ་བ་ལ་ནི་ལུས་ཆེད་དུ་འགྱུར་བ་བསྟན་པ་ཙམ་གྱི་དངོས་གཞི། གསེར་དངུལ་ལ་སོགས་པ་བཟོས་པ་བཤིག་ནས་རྐུ་ན་བཤིག་པའི་རིན་ཐང་ངོ་། །ཉམས་པར་བྱེད་ན་དེ་ཀའི་རིན་ཐང་ངོ་། །དུར་ཁྲོད། ཅེས་པ་ལ། སློབ་དཔོན་ཆོས་ཀྱི་བཤེས་གཉེན་ནི། དུར་ཁྲོད་ནི་རྣམ་པ་གཉིས་ཏེ། འདི་བདག་ཁོ་ནའི་ཡིན་ནོ་ཞེས་བདག་གིར་བྱེད་པ་དང་། གནས་ཡོངས་སུ་འཛིན་པས་ཐོབ་པར་ངེས་པའོ། །དང་པོ་ལས་རྐུ་ན་མཐར་འགྱུར་ལ། །གཉིས་པ་ལས་དམན་པ་སྦོམ་པོར་འགྱུར་རོ། །མཁར་ལན་བྱེད་པ་ལ་སོགས་པའི་དབང་གིས་རིགས་ངན་གང་དག་གིས་རྫས་དེ་ཐོབ་པར་ངེས་པའོ་ཞེས་བཞེད་ལ། སློབ་དཔོན་ཤཱཀྱ་འོད་དཔོན་སློབ། འཇིག་རྟེན་ན་དུར་ཁྲོད་པའི་རྫས་ལ་ཐ་ཆད་ཡིན་པས་མངོན་པར་ཞེན་པ་ཤིན་ཏུ་ཞན་པའི་ཕྱིར་དམན་པ་སྦོམ་པོར་འགྱུར་བ་བཤད་པའི་ཆེད་དུ་དུར་ཁྲོད་པ་ཞེས་གསུངས་སོ་ཞེས་འཆད་དེ། ཕྱི་མ་གླེང་གཞི་དང་མཐུན་པས་ལེགས་པར་བསམས་ནས་དེའི་རྗེས་སུ་འབྲངས་སོ། །མི་དབང་ཟས། དགེ་ཚུལ་རྣམས་ཀྱིའོ་ཞེས་སྦྱིན་པར་བྱེད་པ་ལ། དགེ་སློང་གི་དེའི་ནང་དུ་གཏོགས་པར་བྱས་ནས་ཟས་ལེན་པ་ལྟ་བུས་མཚོན་ནས། རྙེད་པ་བརྒྱད་ལ་ཡང་ཤེས་པར་བསྟན་ཏེ། བརྒྱད་ནི། མཚམས་ཀྱིས་བསྒྲུབས་པ་དང་། ཁྲིམས་སུ་བྱ་བས་བསྒྲུབས་པ་དང་། གནས་ཀྱིས་བསྒྲུབས་པ་དང་། དབྱར་གྱི་རྙེད་པ་དང་། དགུན་ལ་བསྟབས་པ་དང་། གང་ཟག་ལ་བསྟབས་པ་དང་། མངོན་དུ་གྱུར་པ་དང་། སོ་སོར་སྨོས་པའོ། །ཤོ་གམ། འཇིག་རྟེན་ན་ཚོང་ཟོང་ཁོ་ན་ལ་ཤོ་གམ་བཅད་པར་རིགས་སོ་ཞེས་ལུགས་ཀྱིས་བཞག་སྟེ། འདི་ལྟར་ཟོང་ལ་ནི་ཉི་ཤུ་ཆ་ཤོ་གམ་ཡིན་ལ། རྩྭ་དང་ཤིང་ལ་སོགས་ལ་ནི་དྲུག་ཅུ་ཆ་ཡིན་ནོ། །དེ་ནི་ཁྱིམ་པ་རྣམས་ཀྱིས་འཇལ་བར་འོས་པ་སྟེ། སྐྱེ་དགུ་ཉོན་མོངས་བསྲུང་བའི་ཕྱིར། །རྒྱལ་པོ་ལ་ནི་ཤོ་གམ་འཇལ། །གལ་ཏེ་དེ་ཡང་བསྲུང་བ་ཡི། །ཉེ་ན་བླ་ནི་བུན་ལོན་མིན། །ཞེས་སོ། །དེས་ན་འཚོ་བའི་ཡོ་བྱད་ནི་ཤོ་གམ་བཅད་པར་འོས་པ་མ་ཡིན་ནོ། །དེའི་ཕྱིར་རབ་བྱུང་གི་བཤུལ་རྒྱགས་ཀྱི་རིན་ཡང་འཚོ་བའི་སྨན་ཉིད་དུ་གཏོགས་པར་ཟད་ལ། ཡོ་བྱད་ཀྱི་རྒྱུའི་སྣམ་བུ་དང་རས་རིན་ཆེ་བ། རུང་བ་བྱས་ནས་འཁུར་ན་ཤོ་གམ་འཇལ་མི་དགོས་སོ། །དཀོན་མཆོག་གསུམ་མཆོད་པ་དང་། ཕ་མ་ལ་སོགས་པའི་ཆེད་དུ་ཟོང་ཅི་ཡོད་ཀྱང་དེ་དག་གི་བསྔགས་པ་བརྗོད་ཅིང་འཇལ་བར་མི་བྱའོ། །དེ་དག་ལ་ཡང་གལ་གྱིས་འཆུ་བ་ཡིན་ན་ཤོ་གམ་སྦྱིན་པར་བྱའོ། །འགྲེལ་པར། ཤོ་གམ་འཇལ་དགོས་པའི་རྫས་རྐུ་འམ་འདའ་བར་བྱེད་ན་ཕམ་པར་འགྱུར་བ་ལ་སོགས་པའི་ཉེས་པར་འགྱུར་བ་དེ་བཞིན་ནོ། །ཞེས་གསུངས་པ་ནི། གཞན་གྱི་ཤོ་གམ་འདྲལ་བར་བྱེད་པ་དང་། འདྲལ་དུ་འཇུག་པའི་ཕྱིར་བསྒོ་བ་ལ་སོགས་པ་སྦོམ་པོ། གྲུ་བཙས་ཀྱང་རབ་ཏུ་བྱུང་བ་ལ་བབ་པ་མེད་དོ། །ཇི་ལྟ་བུས་ཤོ་གམ་དབང་བར་འགྱུར་ཞེ་ན། ཆོས་བཞིན་དུ་བསྲུང་སྐྱོབ་སྦེད་ཀུན་འགྱེད་པར་བྱེད་པ་དེས་སོ། །གཞན་ཆོམ་རྐུན་དག་དང་འདྲ་བར་ཐམས་ཅད་འཕྲོག་པ་ཡིན་ན། འདས་ན་ཡང་ཉེས་པ་མེད་པ་རྩ་བའི་བྱེ་བྲག་ཏུ་བཤད་པ་ལས་བཤད་དོ། །ཡུལ་ཆོས་ཆད་པ། ཡུལ་ཆོས་ཀྱི་ཁྲིམས་ལས་འགོང་བའི་ཆད་པ་རྒྱལ་པོས་དགེ་འདུན་ལ་ཕུལ་ན་ལེན་དུ་རུང་བ་སྟེ། སུམ་བརྒྱ་པར། ཡུལ་ཆོས་ཆད་པ་སོགས་ཆོས་ལྡན་པས་བསྟན། །རྒྱལ་པོའི་སྐལ་ཡིན་རྒྱལ་པོས་གནང་བ་བླང་། །ཞེས་སོ། །མི་འཇལ་སོགས། གལ་ཏེ་མི་འཇལ་ན། གཤགས་འགྱེད་པར། སྡོམ་བརྩོན་བསྐོ་བར་ནི་མི་བྱ་སྟེ། དེ་ཉིད་ལས། དེ་ལ་རྩོད་པ་དག་ནི་བྱུང་གྱུར་ན། །སྡོམ་བརྩོན་བསྐོ་བ་སྟོན་པའི་བཀའ་ལས་མིན། །ཞེས་པས། གལ་ཏེ་སྡོམ་བརྩོན་གཤགས་འགྱེད་པར་བསྐོས་ན་ཅིར་འགྱུར་ཞེ་ན། མི་འཚམ་པ་སྤྱོད་པའི་ཕྱིར་དོན་གྱི་ན་སྡོམ་པ་མ་ཡིན་པ་དང་ལྡན་པར་འགྱུར་ཞེས་སྟོན་པའི་ཕྱིར་ཡུལ་ཆོས་ལ་སོགས་པའི་ཚིག་སྨོས་སོ། །གཞན་རབ་ཏུ་བྱུང་བས་ཡུལ་ཆོས་ཀྱི་ཆད་པ་སྤྲོད་པ་འཕགས་པའི་ཡུལ་ལ་གྲགས་པ་མ་ཡིན་པས་དོགས་པ་ཙམ་དུ་ཡང་ག་ལ་འགྱུར་ཞེས་ཤེས་པར་བྱའོ། །སྦོམ་པོར་གསུངས་ལ་ལྕི་ཡང་གོང་བཞིན་སྦྱར། འདིར་གཏོགས་པའི་སྦོམ་པོ་གསུངས་ཤིང་ན་སྨད་པ་དེ་དག་གི་ལྕི་ཡང་གོང་དུ་བཤད་པ་བཞིན་འདིར་ཡང་ཡིན་ལ་ཕྱི་མ་དག་ལ་ཡང་ཤེས་པར་བྱའོ། །གང་དུ་མཱ་ཤ་ཀ་ནི་ཉི་ཤུ་ལ། །ཀར་ཤ་པ་ཎ་ཡིན་ན་མཱ་ཤ་ཀ །ལྔ་ལ་ཚང་ཞིང་། ཡུལ་མ་ག་དྷ་སྟོན་པ་བཞུགས་པའི་ཚེ། །མ་སྐྱེས་དགྲ་འམ་རྨ་བྱའི་བུས། མཱ་ཤ་ཀ་ཉི་ཤུ་ལ་ཀར་ཤ་པ་ཎར་བྱས་སོ། །དེ་བས་རྣམ་པར་འབྱེད་པའི་མདོར། མཱ་ཤ་ཀ་ལྔ་ལ་སོགས་པ་ཞེས་གསུངས་སོ། །དེ་ཡང་ཀ་ཀ་ནི་བཞི་ལ་མཱ་ཤ་ཀ་སྟེ་འགྲོན་བུ་ཉི་ཤུའི་རིན་གྱི་ཚད་ཡིན་ནོ། །དེ་བས་མཱ་ཤ་ཀ་ལྔ་ནི་འགྲོན་བུ་བཞི་བརྒྱའི་རིན་ཏེ། དེ་ཙམ་ཞིག་དེའི་ཚེ་མ་བྱིན་ལེན་གྱི་རིན་ཐང་དུ་མཛད་དོ། །དེ་ཡང་འགྲེལ་པར། ཀ་ཀ་ནི་ཞེས་བྱ་བ་ནི་བོནྜི་ཀ་ཞེས་བྱ་སྟེ། དེ་ཡང་འགྲོན་བུ་ཉི་ཤུའི་རིན་ཐང་གི་མིང་ཡིན་ནོ། །ཀ་ཀ་ནི་བཞི་ལ་ནི་མཱ་ཤ་ཀ་གཅིག་སྟེ། འགྲོན་བུ་བརྒྱད་ཅུའི་རིན་ཐང་གི་མིང་ཡིན་ནོ་ཞེས་གསུངས་སོ། །བཅུ་དྲུག་ལ་བཞི་དང་། མཱ་ཤ་ཀ་བཅུ་དྲུག་གིས་ཀར་ཤ་པ་ཎ་གཅིག་ཏུ་བྱས་པ་དེའི་ཚེ་མ་ཤ་ཀ་བཞིས་ཚང་ངོ་། །བཅུ་གཉིས་ལ་གསུམ་བཞི་བཅུ་ལ་བཅུ་སྟེ། །མཱ་ཤ་ཀ་བཅུ་གཉིས་ལ་ཀར་ཤ་པ་ཎར་བྱས་པ་དེའི་ཚེ་གསུམ་གྱིས་ཚང་ངོ་། །མཱ་ཤ་ཀ་བཞི་བཅུ་ལ་ཀར་ཤ་པ་ཎར་བྱས་པ་དེའི་ཚེ་མཱ་ཤ་ཀ་བཅུ་ལ་རིན་ཐང་ཚང་བར་འགྱུར་ལ། ཀུན་ཀྱང་པ་ཎའི་བཞི་ཆར་གཅིག་པ་ཡིན། །བརྩི་བ་དེ་དག་ཐམས་ཅད་ཀར་ཤ་པ་ཎའི་བཞི་ཆ་རིན་ཐང་གི་ཚད་དུ་བྱས་པར་གཅིག་གོ །དེ་ལྟར་ཡང་གཏམ་གྱི་གཞི་ལས། མཱ་ཤ་ཀ་གསུམ་བརྐུས་ན་མཐར་འགྱུར་ལགས་སམ། བཀའ་སྩལ་པ། གང་ན་མཱ་ཤ་ཀ་བཅུ་གཉིས་ལ་ཀར་ཤ་པ་ཎ་ཡིན་ན་འགྱུར་རོ། །མཱ་ཤ་ཀ་ལྔ་ལས་ལྷག་པ་བརྐུས་ན་ཕམ་པར་འགྱུར་བ་མ་ལགས་པར་འགྱུར་ལགས་སམ། བཀའ་སྩལ་པ། གང་ན་མཱ་ཤ་ཀ་བཞི་བཅུ་ལ་ཀར་ཤ་པ་ཎ་ཡིན་ན་འགྱུར་རོ་ཞེས་དང་། ཞུ་བ་ལས་ཀྱང་། དགེ་སློང་གིས་མཱ་ཤ་ཀ་ལྔ་ལས་ལྷག་པར་བརྐུས་ན་མཐའ་མ་ལགས་པར་འགྱུར་ལགས་སམ། གང་ན་ཀར་ཤ་པ་ཎ་རིན་ཐང་ཆེ་བ་ཡིན་ན་འགྱུར་རོ། །ཞེས་གསུངས་སོ། །ཀར་ཤ་པ་ཎ་ཞེས་པ་ཡང་། ཞུ་འགྲེལ་ལས། ཀར་ཤ་པ་ཎ་ནི་ཟོང་གི་ཁྱད་པར་ཏེ། དངུལ་ལས་བྱས་པ་གཟུགས་སུ་དོད་པ་བཙོང་དུ་རུང་བའོ། །ཞེས་དང་། གཞི་འགྲེལ་ལས། ཀར་ཤ་པ་ཎའི་བྱེ་བྲག་སྟེ། མངོན་མཚན་ཅན་ཡིན་ན་ནི་དངུལ་ལས་བྱས་པ་ཡིན་ནོ། །ཞེས་པ་དང་། རྣམ་འབྱེད་ཀྱི་འགྲེལ་པ་ལས། དབྱིག་ཅེས་བྱ་བ་ནི་གསེར་རམ་དངུལ་ལས་མངོན་མཚན་ཅན་དུ་བྱས་པའི་རྫས་སོ། །མངོན་མཚན་ཅན་ཞེས་བྱ་བ་ནི་ཐ་སྙད་དུ་བྱས་པའི་མཚན་མ་ཅན་ཏེ་ཟླུམ་པོ་ལ་སོགས་པ་བྱས་པའི་དབྱིབས་ལ་མི་ལ་སོགས་པས་རྟགས་བྱས་པའོ། །ཞེས་པ་གསེར་དངུལ་ཟངས་ལྕགས་ལ་བྱས་པ་བཞི་ལས། གསེར་དངུལ་ལ་གཙོ་བོར་བརྩི་ལ། དེའི་དབྱིབས་ཀྱང་། དེང་སང་རྒྱ་གར་ནས་མ་ཏྲཾ་ཞེས་ཐོན་འོང་བ་འདི་ལྟ་བུའོ། །འོ་ན་ལག་ཡོད་ཅི་ཙམ་ལ་བརྩི་བ་ཞེ་ན། སློབ་དཔོན་ཡོན་ཏན་འོད་བཞུགས་པའི་དུས་ན། མཱ་ཤ་ཀ་བཅུ་དྲུག་ལ་ཀར་ཤ་པ་ཎར་བྱེད་པ། མཱ་ཤ་ཀ་སེ་བ་བརྒྱད། དེ་བཞིས་རྒྱ་གར་བའི་གསེར་ཞོ་རེར་ལོངས། བོད་ཀྱི་སེ་བ་སུམ་ཅུ་རྩ་གཉིས། དེ་བས་ཡུལ་སོ་སོའི་ཞོ་ལ་ངེས་པ་མེད་པ་བཞིན་དུ་ཀར་ཤ་པ་ཎར་འགྱུར་བའང་འདྲ་ལ། གང་དུ་ཡང་དེའི་བཞི་ཆ་ལ་བཤད་པར་མཐུན་པ་བཞིན་ཡུལ་གང་ཡིན་པའི་གསེར་ཞོར་ལོངས་ན་ཡུལ་དེ་ཉིད་ཀྱི་རིན་ཐང་དུ་ལོངས་ལ། གསེར་ཞོའི་རིན་ཡང་སྐྱེ་འབྲིད་འབྱུང་བས། དུས་དེའི་ཞོའི་རིན་ལ་གང་སྣང་བ་དེ་ཁོ་ན་བཞིན་ཤེས་པར་བྱའོ། །མང་པོའི་སྐལ་བ་བརྐུས་ཚེ་རེ་རེའི་སྐལ། །རིན་ཐང་ལོངས་ན་མཐའ་ཡིན། སྐྱེ་བོ་མང་པོའི་ཐུན་མོང་གི་དངོས་པོ་རྐུ་བར་བྱེད་ན་བདག་པོ་ཇི་སྙེད་པ་དེ་རེ་རེའི་སྐལ་བ་ལ་རིན་ཐང་ལོང་ན་མཐར་འགྱུར་ཏེ། ཞུ་བ་ལས། དགེ་སློང་གིས་ཤིན་ཏུ་མང་པོ་བརྐུས་པས་མཐར་མི་འགྱུར་བ་མཆིས་སམ། ཡོད་དེ། སྐྱེ་པོ་མང་པོའི་རྐུ་བར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཞེས་སོ། །དགེ་འདུན་གྱི་རྫས་ལ་མཚུངས་སམ་ཞེ་ན་མ་ཡིན་ཏེ། ཇི་ལྟར་སྤུན་ནོར་གཅིག་པ་སོ་སོ་ནས་ནོར་ལ་སོ་སོ་བ་མ་ཡིན་པ་ཉིད་ཀྱིས་བདག་གིར་བྱ་བའི་བློ་འབྱུང་བ་དེ་བཞིན་དུ། དགེ་སློང་རྣམས་ཕན་ཚུན་སྤུན་དང་འདྲ་བས་སོ་སོ་བ་མ་ཡིན་པ་ཉིད་ཀྱིས་བདག་གིར་བྱ་བ་ཡོད་དེ། དགེ་འདུན་ནི་ཕུ་ནུ་དང་འདྲ་བས་དེའི་ཆེད་དུ་རྐུ་བ་ནི་བདག་གིར་མི་བྱེད་པ་མ་ཡིན་ནོ། །ཞེས་སོ། །དེ་བས་དགེ་འདུན་གྱི་ལ་འཇོག་རྫས་དང་བགོ་རྫས་ཞེས་སྨྲ་བའང་རིགས་པར་མ་མཐོང་ངོ་། །ཕྱོགས་བཞི་དགེ་འདུན་གྱི་དཀོར། གཉུག་མར་གནས་པའི་དགེ་སློང་གི་དགེ་འདུན་གྱིས་རིན་ཐང་ཚང་བ་བརྐུས་ན་སྦོམ་པོར་འགྱུར་ཏེ། བདག་པོ་གཞན་མ་ཡིན་པས་སོ། །མང་པོས་བརྐུས། དེ་ཚེ་རང་སྐལ་རིན་ཐང་བརྩི་བར་གསུངས། །མང་པོ་དང་ལྷན་ཅིག་གཞན་གྱི་རྫས་བརྐུས་ན་རྐུན་པོ་རང་རང་གི་སྐལ་བ་ལ་རིན་ཐང་ཚང་ན་མཐར་འགྱུར་རོ། །རྐུན་པོ་ལ་སོགས་པ་ལ་བསྒོ་བ་འམ། ལམ་བསྟན་པ་ལ་སོགས་པས་རྐུན་རྫས་ཀྱི་སྐལ་བ་ཐོབ་ན་དེ་ལ་རིན་ཐང་ཚང་བ་ཡིན་ན་མཐར་འགྱུར་རོ། །ལྷན་ཅིག་བརྐུ་བའི་ཕྱིར་ཞུགས་ནས་འགྱོད་པས་ཕྱིར་ལོག་སྟེ་སྐལ་བ་མི་བླང་བར་ངེས་ན། དང་པོར་ཞུགས་པའི་དུས་སུ་སྦྱོར་བའི་སྦྱོར་བ་ཞེས་བྱ་བའི་ཉེས་བྱས་ཡོད་ལ་དངོས་གཞི་མེད་དོ། །དངོས་པོ་ལ་རེག་པ་ཙམ་གྱི་བར་དུ་ཡོད་ལ། དེ་ནས་འགྱོད་དེ་སྐལ་བ་མི་ལེན་པ་ལ་ནི་སྦྱོར་བའི་སྦོམ་པོ་ཡོད་ལ་དངོས་གཞི་མེད་དོ། །སྔར་བརྐུ་བའི་བློ་མེད་ཀྱང་དངོས་པོ་དཔགས་པའི་དེ་མ་ཐག་ཏུ་བརྐུ་སེམས་སྐྱེས་ན་དངོས་གཞི་ཡོད་ཅིང་སྦྱོར་བ་མེད་དོ། །ཞར་ལ་ཀུན་ཏུ་གཟུང་བ་ཡིན་ནམ་མ་ཡིན་ཞེས་ལེགས་པར་བརྟགས་ནས་བླང་བར་བྱ་ཞིང་། ཆོམ་རྐུན་པ་ལས་སྦྱིན་བདག་གི་སེམས་ཀྱི་ལེན་པ་དང་། བླངས་པ་ཚོན་གྱིས་ཁ་དོག་ངན་པར་བྱས་ཏེ་བཅང་བ་དང་། རྐུ་ཐབས་ཅན་ཆོམ་རྐུན་པར་མ་གྲགས་པ་ལ་བླང་བར་མི་བྱ་བ་ལ་སོགས་པ་ཤེས་པར་བྱའོ། ༣ །གསུམ་པ་གསོད་པའི་ཕམ་པ་ནི། མི་ཉིད་གཞན་བསམས་དེར་འདུ་ཤེས་པ་དང་། །འཁྲུལ་མེད་སྦྱོར་བྱས་ཤི་ནའོ། །སྲོག་བཅད་ནའོ། །དེ་ལྟར་བསམས་པས་སོ། །མིར་གྱུར་པའོ། །དེ་ལྟར་འདུ་ཤེས་པའོ། །གང་ཡང་རུང་བས་སོ། །ཞེས་པའི་དོན་ཏེ། གླེང་གཞི་ནི། སྟོན་པ་ཡུལ་སྤོང་བྱེད་ཀྱི་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་སྒྲོན་ཤིང་གི་ཚལ་གསེབ་ན་བཞུགས་སོ། །དེའི་ཚེ་དགེ་སློང་རྣམས་ལ་མི་སྡུག་པ་སྒོམས་ཤིག ཕན་ཡོན་ཆེན་པོར་འགྱུར་རོ་ཞེས་གསུངས་པ་དང་། དགེ་སློང་གིས་མི་སྡུག་པ་བསྒོམས་པས། ལུས་ཀྱིས་སྒྱིད་ལུག་པར་གྱུར་ནས་མཚོན་འབྱིན་པ་སོགས་བྱེད་དོ། །རི་དྭགས་ཟློག་དགེ་སྦྱོང་སྦེད་ལ་ཚུར་ཤོག་ཁོ་བོ་སྲོག་དང་ཕྲོལ་ཅིག ཆོས་གོས་དང་ལྷུང་བཟེད་ཁྱེད་ཀྱིར་འགྱུར་རོ། །དེས་དེ་བསད་དེ་རལ་གྲི་ཁྲག་ཅན་ཆུ་ཀླུང་ཡིད་འོང་ལྡན་ལ་འཁྲུད་དུ་ཕྱིན་པས། བདུད་རིགས་ཀྱི་ལྷ་ཞིག་ཆུ་ཀླུང་ནས་ལུས་ཕྱེད་འཕགས་པར་འདུག་ནས། ལེགས་སོ། །ཁྱེད་ཚུལ་ཁྲིམས་དང་ལྡན་པ་མ་བརྒལ་བ་བརྒལ་བར་བྱེད། མ་གྲོལ་བ་དགྲོལ་བར་བྱེད། མྱ་ངན་ལས་མ་འདས་པ་འདའ་བར་བྱེད་པས་བསོད་ནམས་མང་དུ་སྐྱེ་ཞིང་ལྷུང་བཟེད་ཆོས་གོས་ཀྱི་རྙེད་པའང་གྲུབ་བོ་ཞེས་བསྙད་པས། དེའང་སྡིག་ལྟ་སྐྱེས་པར་གྱུར་ཏེ་རལ་གྲི་རྣོན་པོ་ཁྱེར་ནས་མ་བསྒྲལ་བ་བསྒྲལ་བར་བྱ་བ་སོགས་གང་ཡིན་འདྲི་བ་དང་། དགེ་སློང་དག་བདག་ཡིན་གྱི་སྒྲོལ་ཅིག་ཟེར་ནས་དྲུག་ཅུའི་བར་བསད་དོ། །དེར་དགེ་སློང་རྣམས་ཉུང་ཞིང་བསྲབས་པར་གྱུར་ནས་གསོ་སྦྱོང་གི་ཚེ། སྟོན་པས་དགེ་སློང་ཉུང་བར་གཟིགས་ནས་ཀུན་དགའ་བོ་ལ་རྨེད་པས། ཀུན་དགའ་བོས་ཇི་ལྟར་གྱུར་པ་ཞུས་པས། དགེ་སློང་དག་དེ་ལྟར་བྱེད་པ་ནི་ཚུལ་མ་ཡིན་སོགས་ཀྱིས་སྨད་ནས་བསླབ་པའི་གཞི་འདི་ལྟར་བཏོན་ཏེ། ཡང་དགེ་སློང་གང་མིའམ་མིར་ཆགས་པ་བསམ་བཞིན་དུ་རང་གི་ལག་དར་ཏེ་སྲོག་གཅོད་དམ། དེ་ལ་མཚོན་སྦྱིན་ནམ། དེ་ལ་མཚོན་ཐོགས་པ་གཉེར་ཏམ། དེ་འཆིར་བཅུག་གམ། འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ། དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་ནི་འཚོ་བ་སྡིག་པ་མི་གཙང་བར་ངན་པ་འདིས་ཅི་ཞིག་བྱ། ཀྱེ་མི་ཁྱོད་གསོན་པ་བས་ཤི་བ་སླའོ་ཞེས་ཟེར་ཞིང་། སེམས་ཀྱི་འདོད་པ་དང་། སེམས་ཀྱི་ཀུན་ཏུ་རྟོག་པ་དག་གི་རྣམ་གྲངས་དུ་མ་དག་གིས་དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་དེ། དེ་ཡང་རྩོམ་པ་དེས་དུས་བྱས་ན་དགེ་སློང་དེ་ཕམ་པར་འགྱུར་བ་ཡིན་གྱི་གནས་པར་མི་བྱའོ། །ཞེས་བཅས་སོ། །འདི་ལ་གཞིའི་ཡན་ལག་མི་ཉིད་ཡིན་པ་དང་། རང་ལས་གཞན་པ་དང་། བསད་དོ་བསམ་པ་དེ་ཉིད་མ་འཁྲུལ་བ་དང་གསུམ། བསམ་པའི་ཡན་ལག་གསོད་སྙམ་པ་དང་། གསད་བྱ་དེར་འདུ་ཤེས་པ་གཉིས། སྦྱོར་བའི་ཡན་ལག་གསོད་པའི་སྦྱོར་བ་བརྩམས་ནས་མ་བཟློག་པ་དང་། མཐར་ཐུག་པའི་ཡན་ལག་དེའི་རྐྱེན་གྱིས་ཤི་བ་སྟེ། ཡན་ལག་འདི་དག་ཚང་ན་སྲོག་གཅོད་ཀྱི་ཕམ་པར་འགྱུར་རོ། །མི་ཉིད། གསད་པར་བྱ་བ་མིའི་འགྲོ་བ་ཡིན་པ་དགོས་ཏེ། མི་རྣམས་ནི་གཙོ་བོ་ཡིན། མི་མ་ཡིན་པ་རྣམས་ནི་འབྲིང་ཡིན། དུད་འགྲོ་རྣམས་ནི་ཐ་ཆད་ཡིན་པ་དེའི་ཕྱིར། མི་བསད་ན་ནི་ཕམ་པར་འགྱུར་ལ། མི་མ་ཡིན་པ་བསད་ན་ནི་སྦོམ་པོར་འགྱུར། དུད་འགྲོར་གྱུར་པ་བསད་ན་ལྟུང་བྱེད་འབའ་ཞིག་པར་འགྱུར་བས་སོ། །དེ་བས་འདིར་མེར་མེར་པོའི་གནས་སྐབས་ནས། མཐར་ཐུག་པ་རྒས་པའི་བར་ཚུན་ཆད་ཀྱི་སྐྱེ་བ་བཞིས་བསྡུས་པའི་སྐྱེས་པ་དང་། བུད་མེད་དང་། མ་ནིང་དག་སྟེ། གསད་པར་བྱ་བ་ནི། སྐྱེས་པ་དང་། བུད་མེད་དང་། མ་ནིང་ཉིད་དོ། །ཞེས་སོ། །སྤྲུལ་པ་ཡང་གཉིས་ཏེ། སྲོག་ཆགས་སུ་གྱུར་པ་དང་། སྲོག་ཆགས་མ་ཡིན་པའོ། །དེ་ལས་དང་པོ་མིར་འདུ་ཤེས་པས་བསད་པ་ཐམས་ཅད་ནི་སྦོམ་པོའོ། །མི་མ་ཡིན་པར་འདུ་ཤེས་པས་གསོད་པ་ནི་སྦྱོར་བ་ལས་ཉེས་བྱས། དངོས་གཞི་ལས་སྦོམ་པོ། དུད་འགྲོའི་འགྲོ་བ་དང་དེའི་སྤྲུལ་པ་ལ་མིར་འདུ་ཤེས་པས་གསོད་དམ། མི་ཡིན་ནམ་མ་ཡིན་སོམ་ཉིས་གསོད་པ་གཉིས་ཀའི་སྦྱོར་བ་ལ་སྦོམ་པོ། དངོས་གཞི་ལ་ལྟུང་བྱེད་འབའ་ཞིག་པ། དུད་འགྲོར་འདུ་ཤེས་ན་སྦྱོར་བ་ཡང་ཉེས་བྱས། སྲོག་ཆགས་མ་ཡིན་པའི་སྤྲུལ་པ་ལ་མིའི་འདུ་ཤེས་པས་སམ། སོམ་ཉིས་སྲོག་བཅད་ན་སྦྱོར་བ་ལ་སྦོམ་པོ། དངོས་གཞི་ལ་སྲོག་བཅད་པ་མེད་པའི་ཕྱིར་ལྟུང་བ་མེད་དོ། །གཞན་རང་ལས་གཞན་པ་ཡིན་དགོས་ཏེ། རང་ཉིད་བསད་པ་ལྟུང་བ་ཆུང་ངུ་བཞག་པ་སྟེ། ཞུ་བ་ལས། བཙུན་པ་དགེ་སློང་གིས་མི་ལ་མིར་འདུ་ཤེས་པས་སྲོག་དང་ཕྲལ་ན་མཐར་མི་འགྱུར་བ་ལྟ་མཆིས་སམ། བདག་ཉིད་གསོད་པར་བྱེད་ན་དམན་པ་སྦོམ་པོར་འགྱུར་བ་ཡོད་དོ། །ཞེས་གསུང་པས་སོ། །བསམས། འདི་གསད་པར་བྱའོ་སྙམ་པའི་སེམས་སྐྱེས་པ་དགོས་ཏེ། རྩེད་མོའི་ཕྱིར་རྡོ་འཕངས་པ་ཕ་རོལ་གྱི་མི་ལ་ཕོག་སྟེ་ཤི་བ་ལྟ་བུ་བསྡམ་བྱའི་ཉེས་བྱས་སུ་གསུངས་པའི་ཕྱིར་ཏེ། སེམས་འགྱུར་བ་མེད་པར་མ་ལེགས་པ་བྱས་ན་ཉེས་བྱས་སོ། །ཆེད་དུ་མ་བསམས་པར་གྲུབ་པའི་ནི་བྱེད་པ་པོ་ཉིད་མ་ཡིན་ནོ། །ཞེས་སོ། །དེར་འདུ་ཤེས་པ་དང་། གསད་པར་བྱ་བ་དེ་ཉིད་དུ་འདུ་ཤེས་པ་དགོས་ཏེ། འགྲོ་བ་གཞན་དུ་འདུ་ཤེས་པས་མཐར་འགྱུར་བ་མེད་པའི་ཕྱིར་རོ། །འཁྲུལ་མེད། གསད་པར་བྱའོ་སྙམ་པ་དེ་ཁོ་ན་བསད་པ་སྟེ། དེ་མ་ཡིན་བཞིན་དུ་ཡིན་པར་བསམས་ནས་བསད་པ་སྦོམ་པོར་གསུངས་ཏེ། ལུང་ལས་མ་ལ་མ་མ་ལགས་པའི་འདུ་ཤེས་ཀྱིས་བཀུམ་ན་ཅིར་འགྱུར། ཉེས་པ་སྦོམ་པོ་ཞེས་དང་། དགྲ་བཅོམ་པ་ལ་དགྲ་བཅོམ་པ་མ་ཡིན་པའི་འདུ་ཤེས་ཀྱིས་བཀུམ་ན་ཡང་ཉེས་པ་སྦོམ་པོ་ཞེས། དགྲ་བཅོམ་པ་མ་ཡིན་པ་ཞིག་གསོད་པར་འདོད་ནས་དགྲ་བཅོམ་པ་བཀུམ་ན་སྦོམ་པོར་འགྱུར་བར་གསུངས་པས་སོ། །འདི་གཉིས་ལ་མཚམས་མེད་པ་ཡང་མི་འབྱུང་བར་གསུངས་སོ། །གཞན་ཡང་མ་བསད་པར་འདོད་ནས་དཀུ་མཉེད་པས་མ་བསམས་པ་ཅིག་ཤོས་མངལ་གྱི་བུ་ཤི་བ་ལྟ་བུ་སྦོམ་པོར་གསུངས་སོ། །སྦྱོར་བྱས། རང་གི་ལུས་སམ་ཚིག་དང་འབྲེལ་བ་རྣམ་གྲངས་དུ་མས་སོ། །ཤི་ནའོ། །སྦྱོར་བ་དེའི་ཚེ་འམ་དེའི་རྐྱེན་གྱིས་ཡུན་རིང་པོར་ལོན་ཏེ་ཤི་བའོ། །ཡན་ལག་གཅིག མ་ཚང་ན་ཡང་སྦོམ་པོ་ཉིད་དུ་འགྱུར། །ཡན་ལག་བདུན་པོ་དེ་ལས་གཅིག་མ་ཚང་ན་ཡང་དངོས་གཞིར་མི་འགྱུར་ལ་སྦོམ་པོ་ཁོ་ནར་འགྱུར་རོ། །གསོད་པར་སེམས་པ་མེད་ན། འོད་ལྡན་ལས། ལྟུང་བ་མེད་དེ། བསྡམ་པར་བྱ་བར་ནི་འགྱུར་རོ། །ཞེས་གསུངས་མོད་ཀྱང་། རྣམ་འབྱེད་ཀྱི་ལུང་དང་མ་མཐུན་ཏེ། དེར་དགེ་སློང་དེ་དག་གིས་འདི་སྐད་ཅེས། དེ་སྐད་མི་སྨྲ་ན་སོང་ལ་དོང་དུ་ཆུག་ཅིག ཅེས་སྨྲས། དོང་དུ་བཅུག་སྟེ་དུས་ལ་བབ་པ་དང་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་དང་། སྒོ་གླེགས་ཀྱི་བར་དུ་བཙིར་བ་ལ་ཡང་དེ་བཞིན་དུ་གསུངས་པའི་ཕྱིར། དེ་དག་ལ་གསོད་པའི་བསམ་པ་མེད་ཀྱང་སྦོམ་པོར་བཞག་པས་སོ། །སེམས་འཁྲུགས་ཚོར་བས་གཟིར་ལ་ལྟུང་བ་མེད། །ཅེས་པ་གོང་དུ་བསྟན་པས་ཤེས་སོ། །གསོད་དུ་འཇུག་དང་མཚོན་སྦྱིན་ཐབས་གཞན་དང་། །ལུས་ངག་ཡི་རངས་འཆིར་བསྔགས་རྐྱེན་བྱས་མཐའ། །གསོད་པའི་བྱེ་བྲག་ནི་རང་གིས་གསོད་པ་དང་། གཞན་ལ་གསོད་དུ་འཇུག་པ་དང་། གསོད་པའི་ཕྱིར་མཚོན་སྟེར་བ་དང་། ཐབས་གཞན། དུག་དང་། ཕྱེ་མ་དང་། དོང་དང་། ཤིང་དང་། རང་བཞིན་ཉམས་པར་གཏོང་བ་དང་། བྲང་དུ་འདེབས་པ་དང་། འཁྲུལ་འཁོར་དང་། སྒྱུ་ཐབས་དང་། རོ་ལངས་དང་། རྗེས་སུ་སྦྱོར་བ་རྣམས་སོ། །གཡང་དུ་གཏོང་བའོ། །མེ་དང་ཆུར་འཇུག་པའོ། །གྲང་བ་དང་ཚ་བར་འདོགས་པའོ། །ཕོ་ཉར་གཏོང་བ་ལ་སོགས་པའོ། །དེའི་རྗེས་སུ་བསྒྲུབ་པ་ཆུང་ངུ་ཉིད་ཀྱང་ངོ་། །ཞེས་པ་རྣམས་སོ། །བདག་ཉིད་དུད་འགྲོའི་གཟུགས་སུ་བསྒྱུར་ནས་གསོད་པར་བྱེད་ན། དགེ་སློང་དུ་འདུ་ཤེས་པ་ཡོད་ན་མཐར་འགྱུར་ལ། མེད་ན་སྦོམ་པོ་སྟེ། ཞུ་བ་ལས། བཙུན་པ་བདག་ཉིད་དུད་འགྲོའི་སྐྱེ་གནས་སུ་གྱུར་པར་བསྒྱུར་ཏེ། མི་སྲོག་དང་འབྲལ་ན་ཅིར་འགྱུར་ལགས། བཀའ་སྩལ་པ། གལ་ཏེ་བདག་ནི་དགེ་སློང་ཡིན་ལ་བྱ་བ་མིན་པ་བྱེད་སྙམ་དུ་དགེ་སློང་གི་འདུ་ཤེས་བྱུང་ན་མཐར་འགྱུར་རོ། །གལ་ཏེ་དགེ་སློང་གི་འདུ་ཤེས་མ་བྱུང་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཞེས་སོ། །འདི་ལ་བྱེ་བྲག་ཏུ་བཤད་པ་ལས། གལ་ཏེ་གཅིག་གིས་ཞག་བཅུ་ཙམ་གྱིས་འཆི་བར་འགྱུར་བར་མཚོན་བསྣུན་ལ། གཉིས་པས་ནི་ཞག་དགུས་འཆི་བར་འགྱུར་བར་མཚོན་བསྣུན་ནས། །བཅུ་པས་ནི་དེ་ཉིད་ཀྱི་ཉིན་པར་འཆི་བར་འགྱུར་བར་མཚོན་བསྣུན་ན། དེའི་ཕྱིར་དགུ་པོ་རྣམས་ཀྱིས་ནི་ཕམ་པའི་རྣམ་པར་རིག་བྱེད་མ་ཡིན་པ་གཟུང་བ་ཡིན་ལ། བཅུ་པས་ནི་ཕམ་པའི་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་ཡང་གཟུང་ངོ་ཞེས་དང་། གསོད་པར་བྱེད་པ་མང་པོས་ཅིག་ཆར་དུ་གསོད་པར་བྱ་བ་གཅིག་ལ་འཆི་བར་ངེས་པ་རྐྱང་བསྣུན་ན་ཐམས་ཅད་ཀྱིས་ཕམ་པ་བསྐྱེད་དེ། འོད་ལྡན་ལས། སྦྱོར་བ་ཡང་མཐུན་པའི་ཕྱིར་དང་། འབྲས་བུ་གཅིག་པའི་ཕྱིར་རོ། །ཞེས་གསུངས་པའི་རིགས་པས་སོ། །འཆི་བའི་སྐད་ཅིག་དེ་ལ་མཚོན་བསྣུན་པས་ནི་ཕམ་པར་མི་འགྱུར་ཏེ། བྱེ་བྲག་ཏུ་བཤད་པ་ལས། གང་གི་ཚེ་དབུགས་བརྔུབ་པ་དང་འབྱུང་བ་ཐ་མར་གྱུར་ཅིང་། གནད་དང་འགལ་པའི་ཚོར་བ་ལ་གནས་པ་ན་མཚོན་བསྣུན་ཏེ་དུས་བྱས་པ་ན། དེས་ཕམ་པའི་ལྟུང་བར་མི་འགྱུར་ཏེ། འདི་ལྟར་དེ་ནི་དེ་ཉིད་ཀྱི་ཚེ་འཆི་བས་སོ། །གསད་པར་སྦྱོར་བའི་རྣམ་པ་དེ་ལྟ་བུ་དང་དུ་ལེན་པ་ལ་ལུས་འགྱུར་བ་ཡང་གདོན་མི་ཟ་བར་སྐྱེ་ལ། ངག་གི་འགྱུར་བས་ཀྱང་ལེགས་སོ་བགྱིས་ཤིག་ཅེས་པ་ལྟ་བུ་ནི་མཐར་འགྱུར་བ་ཡིན་ལ། ལུས་འགྱུར་ཡང་ངག་གིས་ཁོ་བོ་ནི་འགོག་པར་ཡང་མི་བྱེད་ལ། བསྐུལ་བར་ཡང་མི་བྱེད་དེ་ཁྱོད་ཉིད་ཤེས་སོ། །ཞེས་པ་ལྟ་བུ་ནི་སྦོམ་པོ་དང་། ཡིད་ཀྱིས་ལེགས་སོ་སྙམ་ནས་ཅི་ཡང་མི་སྨྲ་བར་དང་དུ་ལེན་པར་བྱེད་ན་བསྡམ་བྱར་འགྱུར་བ་ཡིན་ཏེ། མངལ་མ་རུངས་པར་བྱས་པ་ལ་ཉེ་སྡེས་ཡིད་ཀྱིས་དང་དུ་བླངས་པ་ཉེས་མེད་དུ་གསུངས་པ་བཞིན་ནོ། །དེ་ཡང་སུམ་བརྒྱ་པར། གསད་པར་སྦྱོར་ལ་ཡི་རངས་བས་གསོད་ན། དེ་ཡང་མཐར་འགྱུར་གསོད་པར་སྦྱོར་བ་ལ། །ཡིད་ཀྱིས་ཡི་རངས་ན་ནི་ཡིད་ཀྱིར་འགྱུར། །ཞེས་སོ། །དེ་ཤི་བར་འདོད་ནས་དེ་ལ་འཆི་བའི་བསྔགས་པ་བརྗོད་པས། དེས་ཀྱང་ཐབས་ལེགས་པར་གོ་ནས་ཤི་བ་ན་མཐར་འགྱུར་རོ། །སྲོག་གཅོད་པར་བྱ་བ་གཞན་ལ་སྟོན་པས་འདིར་སོང་ངོ་ཞེས་བསྒོ་བ་སྦོམ་པོ་སྟེ། སྟོན་པས་བསྒོ་བའོ། །ཞེས་སོ། །སྦྱོར་བ་དེ་ཁོ་ནའི་རྐྱེན་གྱིས་ཤི་བ་དགོས་ཏེ། གལ་ཏེ་དགེ་སློང་གིས་སྔར་མི་གཞན་འཆི་བར་གྲོས་བཏབ་པའི་འོག་ཏུ་འགྱོད་དེ། གནས་དེ་ལས་བཟློག་པར་མ་བྱས་ཀྱང་། ཕ་རོལ་པོས་ཁས་མི་ལེན་པར་བདག་ཉིད་གསོད་པར་བྱེད་ན། དགེ་སློང་དེའི་སྦྱོར་བ་སྔ་མ་དེ་གསོད་པའི་རྒྱུ་མ་ཡིན་པས་ཕམ་པར་མི་འགྱུར་རོ། །འདུན་པ་བཟློག་པའི་འོག་ཏུ་ན་རྒྱུ་ཉིད་མ་ཡིན་ནོ། །ཞེས་སོ། །གལ་ཏེ་འདུན་པ་མ་བཟློག་ན་སྦྱོར་བ་སྔ་མའི་གཞི་དེས་དེ་ཉིད་ཀྱི་ཚེ་ཤི་བ་དང་། གཞན་གྱི་ཚེ་ཤི་བ་ལ་བྱེ་བྲག་འགའ་ཡང་མེད་པས་མཐར་འགྱུར་བ་ཡིན་ཏེ། གཞི་དེས་གཞན་གྱི་ཚེ་ཤི་ན་ཞེས་པས་སོ། །ལག་པ་གཅོད་པ་དང་། མིའི་འགྲོ་བ་པའི་ལག་པ་གཅོད་པ་དང་། ནགས་མེས་གཏོང་བར་བྱེད་པ་དང་། སྐྲ་ཅན་འཚོང་བ་དང་། ཆོམ་རྐུན་བླའི་གྲྭ་ཁྲིམས་རར་བསད་པའི་ཕྱིར་མ་ཡིན་པར་འབུལ་བ་ལ་སོགས་པ་ནི་སྦོམ་པོའོ། །ནད་པར་འཆི་སེམས་ཀྱིས། རྗེས་མཐུན་བསྒྲུབ་སོགས་ཆུང་ངུར་ཤེས་པར་བྱ། །ནད་པ་ན་རེ། བདག་སློང་ན་འཆི་བར་འོང་ངོ་ཞེས་པ་ལ། ཡིད་མ་ཆེས་པར་སློང་བ་དང་། ཤི་ན་སླའོ་སྙམ་ནས་ནད་གཡོག་མི་བྱེད་པ་དང་། སྨན་མི་འཕྲོད་པ་སྟེར་བ་ལ་སོགས་པས་དེ་ཤི་ན་སྦོམ་པོར་བཞག་གོ །ཞར་ལ་སྨན་པའམ་དགེ་སློང་ཤེས་རབ་ཅན་ལ་མ་དྲིས་པར་སྨན་མི་སྦྱིན་པ་ལ་སོགས་པ་དང་། ཆོམ་རྐུན་སྐྲག་པར་བྱ་བའི་ཕྱིར་ཕོག་པར་མི་བརྡེག་པར་ཚམ་རྔམ་གྱིས་བརྡེགས་པ་དང་། རྩེད་མོའི་ཕྱིར་མཚོན་དང་བོང་བ་མི་བརྡེག་པ་དང་། དགེ་སློང་འགྲོ་བ་ངལ་ཞིང་དུབ་པ་མི་འཕུལ་ལ་དེ་ཟས་ཀྱི་ཚེ་སླེབ་པ་ཞིག་ན་སྔོན་ལ་ཕྱིན་ནས་དེའི་ཟས་བཟོ་བ་དང་། ཟས་ཀྱི་དུས་སུ་མི་སླེབ་པ་ཞིག་ན་ཟས་ཁྱེར་ཏེ་བསུ་བ་ལ་སོགས་པ་གསུངས་སོ། ༤ །བཞི་པ་བརྫུན་སྨྲ་བའི་ཕམ་པ་བཤད་པ་ནི། བླ་མ་བརྗོད་བློས་བསམ་གཏན་ལ་སོགས་དང་། །མངོན་ཤེས་འབྲས་བཅས་ཡོན་ཏན་རྣམ་མང་འདིར། །མི་ཆོས་བླ་མ་ཞེས་བྱ་དེ་བདག་ལ། །ཡོད་ཅེས་མི་ལ་བརྫུན་སྨྲས་གཞན་གྱིས་ནི། །གོ་ལའོ་མངོན་པའི་ང་རྒྱལ་མ་གཏོགས་སོ། །འདུ་ཤེས་བསྒྱུར་ཏེ། བདག་ཉིད་མི་ཆོས་བླ་མ་དང་ལྡན་པ་ཉིད་དུ་སྨྲ་ནའོ། །ཞེས་པའི་དོན་ཏེ། །གླེང་གཞི་ནི་སྟོན་པ་ཡངས་པ་ཅན་གྱི་སྤྲེའུ་རྫིང་གི་འགྲམ་ན་བཞུགས་སོ། །དེའི་ཚེ་ཉ་པ་ལྔ་བརྒྱ་ཆུ་ཀླུང་ཡིད་འོང་ལྡན་ལ་རྒྱ་མོ་སྤྱོད་པ་དང་། སྤྱོད་པ་ཆུང་བ་གཉིས་རེ་མོས་སུ་འཇུག་ཅིང་འཁོད་དེ། དུས་གཅིག་ན་དུས་སྟོན་བྱུང་ནས་ཉ་ཉོ་བ་མང་པོ་ཡོང་བར་ཤེས་ནས་གཉིས་ཀ་བཅུག་པས། ཆུང་བས་ནི་ཉ་དང་རུ་སྦལ་འབྲུའི་ཕུང་པོ་ཙམ་ཟིན་ནོ། །ཆེ་བས་རྒྱ་མཚོ་ནས་འོངས་པའི་ཆུ་སྲིན་ཉའི་རིགས་ཆེན་པོ་ཞིག་ཉལ་བ་ཟིན་ནས་དྲངས་པ། དེ་གཉིད་སད་ནས་ཉ་པ་ཕྱེད་དང་སུམ་བརྒྱ་པོ་རྒྱུན་ཕྱོགས་སུ་ཁྱེར་རོ། །ར་མདའ་ལྷོག་པས་ཕྱེད་དང་སུམ་བརྒྱ་འོངས་ནས་ལྔ་བརྒྱས་དྲངས་ཀྱང་མ་ཐུབ་པ་ར་མདའ་ལྷོག་པས་མི་བརྒྱ་སྟོང་ཕྲག་གིས་དྲངས། རྒྱ་མོ་རལ་ནས་ཆུ་སྲིན་དེ་སྐམ་ལ་བྱུང་བ་དང་མགོ་བོ་བཅོ་བརྒྱད་མིག་སུམ་ཅུ་སོ་དྲུག་ཡོད་པ་ཞིག་བྱུང་བས། སྲོག་ཆགས་དུ་མ་ལྟད་མོ་ལ་ལྷགས་སོ། །དེའི་དོན་བྱ་བའི་ཕྱིར་སྟོན་པས་འཛུམ་པའི་འོད་ཟེར་གྱིས་ལས་གཉིས་བྱས་ནས་ལྟེ་བར་ནུབ། ཀུན་དགའ་བོས་རྒྱུ་ཞུས་པས། ཆུ་ཀླུང་རྒྱུར་གཤེགས་ཀྱི་ཆོས་གོས་ལོངས་ཤིག་ཅེས་བསྒོ་ནས་འཁོར་བཅས་དེར་གཤེགས་པ་ལ་མ་དད་པ་དག གོའུ་ཏ་མ་ལྟད་མོ་དང་བྲལ་ལོ་ཟེར་ནས་ཉ་བལྟར་འོངས་སོ་ཞེས་ཟེར་རོ། །དད་པ་དག ཐུབ་པ་ལྟད་མོ་བྲལ་བའི་དགོངས་ལྡན་པ། །ལྟད་མོ་མེད་ལ་སྐྱེ་ངན་དོན་མེད་སྨྲ། །གཞན་ཕན་དེ་ལ་གཞོལ་བའི་རྒྱལ་བ་ནི། །ལུས་ཅན་ཕན་ཕྱིར་ངེས་པར་འདིར་གཤེགས་སོ། །ཞེས་སོ། །སྟོན་པ་འཁོར་བཅས་དེར་སྟན་བཤམས་པ་ལ་བཞུགས་ནས་ཉ་པ་ལྔ་བརྒྱ་ལ་བཀའ་སྩལ་པ། ཁྱེད་ཅག་ཉེས་པའི་ལས་བྱེད་པ་སྟེ། འགྲོ་བ་འདི་ཅིར་འགྱུར། བདག་ཅག་གིས་ཅི་བགྱི་བ་བཀའ་སྩལ་དུ་གསོལ། སེམས་ཅན་ཆུ་ནས་བཏོན་པ་འདི་དག་ཐོང་ཞིག བཏང་ངོ་། །དེ་ནས་སྟོན་པས་སྲོག་ཆགས་དེ་དག་ཆུ་ཀླུང་དུ་འཇུག་པ་དང་། ཉས་སྐྱེ་བ་དྲན་ཞིང་མིའི་སྐད་དུ་སྨྲ་ཤེས་པར་བྱིན་གྱིས་བརླབས་ནས། ཁྱོད་སེར་སྐྱ་ཡིན་ནམ། ལགས་སོ། །སྒོ་གསུམ་གྱི་ཉེས་སྤྱོད་ཡོད་དམ། མཆིས་སོ། །རྣམ་སྨིན་མྱོང་ངམ། མྱོང་ངོ་། །མི་དགེའི་བཤེས་གཉེན་སུ་ཡིན། མའོ། །གར་སྐྱེས། དམྱལ་བར་རོ། །ཁྱོད་གར་སྐྱེས། དུད་འགྲོར་རོ། །ད་གར་སྐྱེ། དམྱལ་བར་རོ་ཟེར་ནས་ངུས་སོ། །སྟོན་པས། ཁྱོད་ནི་དུད་འགྲོའི་སྐྱེ་གནས་སྐྱེས། །མི་ཁོམ་ཞུགས་པར་འགྱུར་པ་ལ། །ད་ལྟ་ངས་ཀྱང་ཅི་བྱར་མེད། །དོན་མེད་ངུས་པས་ཅི་ལ་ཕན། །ཐུགས་རྗེ་ལྡན་རྒྱལ་ང་ལ་ནི། །ལེགས་པར་སེམས་ཏེ་དད་གྱིས་དང་། །དུད་འགྲོའི་སྐྱེ་འདིར་ཆགས་བྲལ་ཞིང་། །དེ་ནས་མཐོ་རིས་འགྲོ་བར་འགྱུར། །དེས་སྟོན་པ་ལ་དད་པར་བྱས་ཤིང་། སྟོན་པས་ཀྱང་དེ་ལ་ཚིག་གསུམ་གྱི་ཆོས་བསྟན་ཏོ། །དེ་ནས་འཁོར་དེ་ངོ་མཚར་ནས། ཀུན་དགའ་བོ་ལ་བསྐུལ་ཏེ་རྒྱུ་ཞུར་བཅུག་པས། སྟོན་པས་ཉ་དེའི་ལས་ཀྱི་རྒྱུ་བ་གསུངས་ནས། དེའི་བསམ་པ་མཁྱེན་ཏེ་ཆོས་བསྟན་པས། ཚེ་འཕོས་ཏེ་རྒྱལ་ཆེན་རིས་བཞིའི་ལྷར་སྐྱེས་ནས་རྒྱུན་ཞུགས་ཐོབ་པའོ། །དེའི་ཚེ་ཉ་པ་རྣམས་སེར་སྐྱའང་དེ་འདྲ་ན། བདག་ཅག་གིས་འདི་འདྲ་བ་བྱེད་པ་ཅིར་འགྱུར། རིགས་བཟང་ངན་རབ་ཏུ་འབྱུང་བ་བྱེད་པ་ལ་སྙམ་པ་དང་། ཤཱ་རིའི་བུས་མཁྱེན་ནས་དེ་དག་དབུགས་ཕྱུང་ནས་ཁྲིད་དེ་སྟོན་པ་ལ་ཞུས་པས། ཚུར་ཤོག་གིས་བསྙེན་རྫོགས་མཛད་དོ། །དེའི་ཚེ་སྟོན་པ་ཤིང་ཤ་པའི་ཚལ་ན་བཞུགས། མུ་གེ་ཉམ་ང་བ་ཞིག་བྱུང་སྟེ། སྟོན་པས་ཁྱེད་རྣམས་སྨོས་འདྲིན་ནམ་འགྲོགས་བཤེས་ལ་བསྟེན་ཏེ་གནས་པར་ཁས་ལོངས་ཤིག །ང་ཡང་འདི་ཉིད་དུ་ཁས་ལེན་ནོ་གསུངས་ནས། ལྔ་བརྒྱ་པོས་ཉ་པའི་ཡུལ་གྱི་ཉེན་ཀོར་དུ་སྤྱིལ་བུ་བྱས་ནས་དབྱར་གནས་སོ། །དེ་ནས་དེ་དག་གྲོས་བྱས་ཏེ་ཉེ་དུ་འོངས་པ་རྣམས་ལ་ཆོས་བསྟན་པར་མི་ནུས་པས། ཉེ་དུ་དག་ཁྱེད་ནི་རྙེད་པ་ལེགས་པར་རྙེད་དེ་དགེ་སློང་འདི་ནི་མི་རྟག་པའི་འདུ་ཤེས་དང་བྱ་བ་ནས། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཡིན་ནོ་ཞེས་བསྒྲགས་པས། ཁྱེད་ཀྱིས་ཐོབ་བམ། ཐོབ་བོ། །འཇིག་རྟེན་ཡོན་ཏན་ལ་དགའ་བས་བུ་ལ་སྟེར་མི་ཕོད་པའང་དེ་རྣམས་ལ་བྱིན་ནོ། །དབྱར་གནས་ཐོན་ནས་སྟོན་པ་ཅན་ཕྱིན་པ་ན། ཀུན་དགའ་བོས་ཤིས་པའི་ཚིག་གིས་བསུ་ནས་དབྱར་གང་དུ་གནས། བསོད་སྙོམས་ཀྱིས་བྲེལ་བར་མ་གྱུར་ཏམ། དགེ་སློང་གཞན་རྣམས་སྤོང་བྱེད་དུ་གནས། བསོད་སྙོམས་ཀྱིས་བྲེལ་བས་རིད་པར་གྱུར་ཏོ་ཞེས་ཟེར་རོ། །ལྔ་བརྒྱ་པོ་ཉ་པའི་གྲོང་དུ་གནས་ནས་བསོད་སྙོམས་ཀྱིས་མ་བྲེལ་ཏེ་ལུས་རྒྱས་སོ། །ཅི་གཞན་ལ་བྲེལ་ན་ཁྱེད་ལ་མི་བྲེལ་བའི་རྒྱུ་གང་ཡིན། ཡོན་ཏན་འདི་དང་འདི་བསྒྲགས་སོ། །ཡང་དག་གམ། མིན་ནོ། །རུང་ངམ། རུང་ཡང་སྲིད། མི་རུང་ཡང་སྲིད་དེ་སྨྲས་སོ། །དགེ་སློང་རྣམས་འཕྱ་བའི་སྐབས་དེ་གསོལ་པས། བྱུང་བ་འདི་དང་སོགས་སྔར་དང་འདྲ་སྟེ། འཇིག་རྟེན་རྐུན་པོ་ཆེན་པོ་གསུམ་སྟེ། གྲོང་འཇོམས་པ་དང་། དགེ་འདུན་གྱི་སྤྱི་རྫས་བཙོངས་ནས་ཟ་བ་དང་། མི་ཆོས་བླ་མའི་བརྫུན་བྱེད་པའོ། །ཞེས་གསུངས་ནས། བསླབ་པའི་གཞི་འདི་ལྟར་སྟོན་ཏེ། ཡང་དགེ་སློང་གང་མངོན་པར་མི་ཤེས་ཤིང་ཡོངས་སུ་མི་ཤེས་ལ། མིའི་ཆོས་བླ་མ་ཐ་དང་། འཕགས་པ་དང་། བྱེ་བྲག་ཕྱེད་པ་དང་། ཤེས་པ་དང་། མཐོང་བ་དང་། རེག་པར་སྤྱོད་པ་མེད་ལ། མེད་བཞིན་དུ་འདི་ཤེས་སོ། །འདི་མཐོང་ངོ་ཞེས་ཁས་འཆེ་བ་ལས་དེ་ལྟུང་བ་བྱུང་བ་དེ་རྣམ་པར་དག་པར་འདོད་ནས་དུས་གཞན་ཞིག་ན་དྲིས་ཀྱང་རུང་མ་དྲིས་ཀྱང་རུང་། འདི་སྐད་ཅེས། ཚེ་དང་ལྡན་པ་དག་བདག་གིས་ནི་མི་ཤེས་པ་ཤེས་སོ་ཞེས་སྨྲས། མ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ་གསོག་གསོབ་བརྫུན་དུ་སྨྲས་སོ་ཞེས་ཟེར་ན། དགེ་སློང་དེ་ཡང་ཕམ་པར་འགྱུར་བ་ཡིན་གྱིས། གནས་པ་མི་བྱའོ། །ཞེས་སོ། །དེའི་ཚེ་དགེ་སློང་མང་པོ་དབེན་པ་ན་རྣལ་འབྱོར་ལ་གནས་པས། ཞི་གནས་ཀྱི་རྒྱུ་མཚན་རང་གི་མཚན་ཉིད་འཛིན་པ་ཅུང་ཟད་ཐོབ་པ་ལ་བརྟེན་ནས་འདོད་ཆགས་དང་གནོད་སེམས་མ་བྱུང་ནས། དགྲ་བཅོམ་ཐོབ་བོ་སྙམ་ནས་ཕན་ཚུན་བརྗོད་ཅིང་གྲོང་མཐར་སོང་བ་དང་བུད་མེད་མཐོང་ནས་འདོད་ཆགས་སྐྱེས་ཏེ་བརྫུན་སྨྲས་སོ་སྙམ་ནས་འགྱོད་དེ་གསོལ་པས། བསླབ་པ་ལ་གུས་པའི་བསྔགས་པ་བརྗོད་ནས། སྔ་མ་ནི་བཅས་པ། འདི་རྗེས་སུ་གནང་བ་སྟེ། མངོན་པའི་ང་རྒྱལ་མ་གཏོགས་སོ། །ཞེས་བསྣན་ཏོ། །འདི་ལ་གཞིའི་ཡན་ལག་བརྫུན་སྨྲ་བའི་ཡུལ་སྨྲ་ཤེས་ཤིང་དོན་གོ་བའི་མི་ཡིན་པ། བསམ་པའི་ཡན་ལག་ལ། འདུ་ཤེས་བསྒྱུར་ནས་བླ་མ་བརྗོད་པའི་བློ་སྐྱེས་པ། སྦྱོར་བའི་ཡན་ལག་ནི། བླ་མ་ཞེས་བྱ་བ་བདག་ལ་ཡོད་དོ་ཞེས་སྨྲ་བ་དང་། སྨྲ་འདོད་པ་མ་འཁྲུལ་བས་སྨྲས་པ་གཉིས། མཐར་ཐུག་གི་ཡན་ལག་གཞན་གྱིས་དེ་ལྟར་གོ་བ་སྟེ། ཡན་ལག་འདི་དག་ཚང་ན་མི་ཆོས་བླ་མའི་བརྫུན་སྨྲ་བའི་ཕམ་པར་འགྱུར་རོ། །བླ་མ་བརྗོད་བློས། མི་ཆོས་བླ་མ་དག་མ་ཐོབ་ཀྱང་ཐོབ་པར་སྨྲའོ་སྙམ་པའི་འདུ་ཤེས་བསྒྱུར་བའོ། །བསམ་གཏན་ལ་སོགས་དང་། །མངོན་ཤེས་འབྲས་བཅས་ཡོན་ཏན་རྣམ་མང་འདིར། །མི་ཆོས་བླ་མ་ཞེས་བྱ། མི་རྟག་པ་ལ་སོགས་པའི་འདུ་ཤེས་བཅུ་དང་། མི་སྡུག་པ་ལ་སོགས་པའི་འདུ་ཤེས་བཅུ་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པ་རྣམས་དང་། མངོན་པར་ཤེས་པ་དྲུག་དང་། དགེ་སྦྱོང་ཚུལ་གྱི་འབྲས་བུ་བཞི་དང་། བཅས་པས། ཟག་པ་དང་ཟག་པ་མེད་པའི་ཡོན་ཏན་ལྷག་མ་རྣམས་གཟུང་སྟེ། མིའི་ཆོས་ནི་ཆོས་འདུལ་བ་འདི་ལས་སྒྲིབ་པ་ལྔ་ལ་གསུངས་པ་ཡིན་ལ། བསམ་གཏན་ལ་སོགས་པ་དེ་དག་ལས་བླ་མར་གྱུར་པ་སྟེ། སྒྲིབ་པ་ལྔ་སྤངས་པས་ཐོབ་པའི་ཕྱིར་ན་ཆོས་བླ་མ་ཞེས་བྱའོ། །དེ་ཞེས་པ། མི་ཆོས་བླ་མ་དེ་ཉིད་ལས་གང་སྨྲ་བར་འདོད་པ་དེ་མ་འཁྲུལ་བར་སྟོན་པ་སྟེ། ལུང་བསྟན་པར་བྱའོ་སྙམ་པ་ལས་གཞན་པ་ཞིག་ལུང་སྟོན་པར་བྱེད་ན་ཉེས་པ་ཆུང་བར་བཞག་པས་སོ། །ཞུ་བ་ལས། དགེ་སློང་གི་རྒྱུན་དུ་ཞུགས་པའི་འབྲས་བུ་བསྟན་པར་བྱའོ་སྙམ་པ་ལས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལུང་སྟོན་པར་བྱེད། ཕྱིར་མི་འོང་བ་ལུང་བསྟན་པར་བྱའོ་སྙམ་པ་ལས་དགྲ་བཅོམ་པའི་འབྲས་བུ་ལུང་སྟོན་པར་བགྱིད་ན་ཅིར་འགྱུར་ལགས། བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བདག་ལ། ཡོད་ཅེས། བསམ་གཏན་དང་པོ་ལ་སོགས་པ་བདག་གིས་ཐོབ་བོ། །ལྷ་རྣམས་མཐོང་ངོ་། །སྒྲ་ཐོས་སོ། །བདག་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། །ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱ་བ་རྣམ་པ་དུ་མས་བརྗོད་པར་བྱེད་པའོ། །མི་ལ་བརྫུན་སྨྲས། མིའི་འགྲོ་བའི་སྔོན་དུ་སྨྲས་ན་མཐར་འགྱུར་ཏེ། འདུལ་བྱེད་ལས། མི་ལ་མིའི་འདུ་ཤེས་དང་ལྡན་ན་ཕམ་པར་འགྱུར་རོ། །མི་ལ་ཡིད་གཉིས་དང་ལྡན་ན་ཕམ་པར་འགྱུར་རོ། །མི་མ་ཡིན་པ་ལ་མིར་འདུ་ཤེས་དང་ལྡན་པ་དང་། མི་མ་ཡིན་པ་ལ་ཡིད་གཉིས་དང་ལྡན་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཞེས་གསུངས་པས་སོ། །བརྫུན་སྨྲས། དོན་གྱིས་སྟོངས་ཞེས་བྱ་བའི་དོན་ཏེ། མེད་པ་ལ་ཡོད་པར་སྨྲ་བས་སོ། །གཞན་གྱིས་ནི། གོ་ལའོ། །མི་གཞན་གྱི་ཚིག་གི་དོན་ཁོང་དུ་ཆུད་པ་དགོས་ཏེ། དེས་མ་ངེས་ན་སྦོམ་པོར་བཞག་པའི་ཕྱིར་ཏེ། དགེ་སློང་གིས་མིའི་ཆོས་བླ་མ་སྨྲས་པ་ལས། ཁྱིམ་བདག་དེས་མ་བསམ་པས། ཅི་ཟེར་སྨྲས་པ་དང་། དགེ་སློང་ན་རེ། དེ་ཙམ་དུ་ཟད་ཅེས་སྨྲས་ནས་འགྱོད་པ་ལ་ཕམ་པའི་ལྟུང་བ་མེད་དེ་དམན་པ་སྦོམ་པོར་འགྱུར་རོ་ཞེས་སོ། །མངོན་པའི་ང་རྒྱལ་མ་གཏོགས་སོ། །མ་ཐོབ་པ་ལ་ཐོབ་པར་འདུ་ཤེས་པ་ནི་མངོན་པའི་ང་རྒྱལ་ཏེ། དེ་ལྟ་བུས་བརྗོད་པ་ལ་ནི་སྦོམ་པོར་འགྱུར་གྱི། མཐར་འགྱུར་བ་མེད་པས་མ་གཏོགས་པ་ཞེས་སྦྱར་རོ། །ལུས་ཀྱིས་གོ་བྱེད་ངག་གིས་མ་སྨྲས་ན། །ཉེས་བྱས་ཙམ་སྟེ། གནས་དེ་དག་ལུས་ཀྱིས་གོ་བར་བྱེད་ཀྱི། ངག་ཏུ་མི་སྨྲ་ན་ཉེས་བྱས་ཙམ་སྟེ། ངག་གི་འཇུག་པ་མེད་པས་སོ། །དེའི་ཕྱིར་བརྫུན་གྱི་ལྟུང་བའི་རྟེན། །ཚིག་ཡིན། བརྫུན་གྱི་ལྟུང་བ་འབྱུང་བའི་རྟེན་ནི་ཚིག་ཡིན་པར་རྣམ་པར་གཞག་པས་ཐམས་ཅད་དུ་ཚིག་གིས་མ་བརྗོད་ན་ལྟུང་བ་མེད་དོ། །འབྲས་བུ་ལ་རྟོན་དངོས་སུ་དང་། །དེ་ཆོས་ཐོབ་ལས་ཡོངས་སུ་ཉམས་བརྗོད་མཐའ། །གོང་དུ་བརྗོད་པར་བྱ་བ་རྣམ་པ་དུ་མ་ཞེས་པའི་རྣམ་པ་དུ་མ་ནི་འབྲས་བུ་ལ་རྟོན་པ་དང་། དངོས་སུ་དང་། དེའི་ཆོས་ཀྱིས་དང་། ཡོངས་སུ་ཉམས་པ་བརྗོད་པ་དང་། གཞན་ལ་སྙད་བཏགས་པ་དང་། དོན་མཐུན་པ་རྟོན་པ། ཟུར་གྱིས་གླེང་བས་དང་། ཕྱི་མ་ཡང་དག་པས་དང་། ཅང་མི་སྨྲ་བས་དང་དུ་ལེན་པར་བྱེད་པ་རྣམས་སོ། །དེ་དག་ལས་འབྲས་བུ་བརྗོད་པས་རྒྱུ་ཐོབ་པ་ཞར་གྱིས་སྟོན་པ་ནི། འབྲས་བུ་ལ་རྟོན་པ་སྟེ། དཔེར་བརྗོད། ལྷས་བདག་ལ་ལྟ་བར་བྱེད་དོ་ཞེས་པ་ལྟ་བུ་སྟེ། རྒྱུ་བསམ་གཏན་ལ་སོགས་པ་མ་ཐོབ་པར་འབྲས་བུ་ལྷ་བསྙེན་བཀུར་བྱེད་པ་མེད་པས་སོ། །སྡུག་བསྔལ་བ་ཉིད་ཤེས་སོ། །དེ་བཞིན་དུ་ཀུན་འབྱུང་དང་། འགོག་པ་དང་། ལམ་ཤེས་སོ་ཞེས་པ་ལྟ་བུ་དངོས་སུ་བརྗོད་པའོ། །ཟག་པ་ཟད་པའི་ཁྱད་པར་ངེས་པས། དེ་དག་དང་བདག་ཉིད་ལྡན་པར་རྗོད་པར་བྱེད་པ་ནི། དེའི་ཆོས་ཀྱིས་སྟོན་པ་ཡིན་ནོ། །དགྲ་བཅོམ་གང་དབང་བའི་གདན་བདག་དབང་བ་ཡིན་ནོ། །ཞེས་བརྗོད་པ་ལྟ་བུ། ཡོངས་སུ་ཉམས་པའི་དབང་དུ་བྱས་པ་ལ། ཐོབ་པ་ལས་ཡོངས་སུ་ཉམས་པ་དང་། མ་ཐོབ་པ་ལས་ཡོངས་སུ་ཉམས་པ་གཉིས་ལས། དང་པོ་ནི། བདག་ནི་ཟག་པ་མེད་པའི་ལམ་ལས་ཡོངས་སུ་ཉམས་པ་ཡིན་ནོ་ཞེས་པ་ལྟ་བུའོ། །དེ་རྣམས་ནི་མཐར་འགྱུར་བ་དག་གོ །མ་ཐོབ་པ་ལས་ཡོངས་སུ་ཉམས་པ་བརྗོད་པ་ནི་ཉེས་པ་ཆུང་བ་ཉིད་ཡིན་ནོ། །འདྲེ་མཐོང་ཞི་གནས་གཞན་ལ་སྙད་བཏགས་དང་། །དོན་མཐུན་ཟུར་གྱིས་གླེང་དང་ཕྱི་མ་དག །མི་སྨྲ་དང་དུ་ལེན་ན་སྦོམ་པོ་ཡིན། །དེ་དག་ནི་སྦོམ་པོའི་དབང་དུ་བྱས་ནས་བསྟན་ཏེ། ཕྱག་དར་ཁྲོད་ཀྱི་འདྲེ་མཐོང་ངོ་ཞེས་པ་ལྟ་བུ་དང་། ཞི་གནས་ཀྱི་རྒྱུ་མཚན་ནི་རང་གི་མཚན་ཉིད་འཛིན་པ་སྟེ། ཉོན་མོངས་པ་རྣམ་པར་གནོན་པ་དང་། རྣམ་པར་གནོན་མི་ནུས་པ་གཉིས་ལས། རྣམ་པར་གནོན་པ་མ་ཐོབ་པར་བདག་ཉིད་དེ་དང་ལྡན་པ་ཉིད་དུ་འདུ་ཤེས་བསྒྱུར་ཏེ་སྟོན་ན་དང་། གཞན་ལ་སྙད་བཏགས་པ་ནི། རང་ལ་བསམས་ནས་དགེ་སློང་གང་ཞིག་ལྷ་རྣམས་ཀྱི་སྒྲ་ཐོས་པ་དེ་ཡོད་དོ། །ཞེས་པ་ལྟ་བུ་གཞན་ལ་སྙད་བཏགས་ནས་ཟེར་གྱི། དེ་ནི་ང་ཡིན་ནོ་མི་ཟེར་བས་སོ། །དོན་གང་ལ་སྒྲ་མཐུན་པ་ཡོད་པ་དེ་དག་ལ་ནི་དོན་མཐུན་པའམ་སྒྲ་མཐུན་པས་སྟོན་པའོ། །དེ་ཡང་རང་ལ་བསམས་ནས་སོ་སོ་ཐར་པ་སོགས་ལ་སློབ་པར་བྱེད་པའི་བསམ་པས་བདག་ནི་སློབ་པ་ཡིན་ནོ་ཞེས་ཟེར་བ་ལྟ་བུ་དང་། ལམ་དུ་འདུག་ནས་ལམ་ལ་གནས་པ་ཡིན་ནོ་ཟེར་བ་དང་ཆུའི་རྒྱུན་ལ་ཞུགས་ནས་རྒྱུན་དུ་ཞུགས་པ་ཡིན་ནོ་ཞེས་པ་དང་། ཤིང་འབྲུ་བཟུང་ནས་འབྲས་བུ་ཐོབ་བོ་ཞེས་ཟེར་བ་ལྟ་བུ་རྣམས་སོ། །ཟུར་གྱིས་གླེང་བརྗོད་པ་ནི། བདག་ནི་དེ་རིང་འཇིག་རྟེན་པའི་བསམ་གཏན་ལ་སྙོམས་པར་མ་ཞུགས་ཤིང་། ཁ་རྩང་ཡང་མ་ཡིན་ནོ། །ཞེས་པ་ལྟ་བུའོ། །ཕྱི་མ་ཡང་དག་པས་སྟོན་པ་ནི། ཁྱིམ་ག་གེ་མོ་ཞིག་དགྲ་བཅོམ་པའི་ཡིན་ནོ། །དེ་ནི་ངའི་ཡང་ཡིན་ནོ། །ང་ནི་དགྲ་བཅོམ་པ་མ་ཡིན་ནོ་ཞེས་པ་ལྟ་བུའོ། །ཚིག་སྔར་སྨོས་པ་ལས་ཚིག་ཕྱི་མ་ཡང་དག་པར་བདེན་པ་ཉིད་ཡིན་པས་སོ། །མི་སྨྲ་བས་དང་དུ་ལེན་པ་ནི། བཙུན་པ་དགྲ་བཅོམ་པ་ཞིག་ན་བདག་གི་ཟས་འདི་བཞེས་ཤིག ཅེས་པ་ལ་ཅང་མི་སྨྲ་བས་དང་དུ་ལེན་པ་ལྟ་བུ་སྟེ། འདིར་དང་དུ་ལེན་པ་ནི་ལུས་དང་ཡིད་ཀྱི་ཡིན་ནོ།། །། གཉིས་པ་ལྷག་མའི་སྡེ་ནི། ཁུ་བ་འཛིན་དང་འཁྲིག་ཚིག་བསྙེན་བཀུར་སྨྱན། །ཁང་པ་ཁང་ཆེན་དང་ནི་གཞི་མེད་དང་། །བག་ཙམ་དགེ་འདུན་དབྱེན་དང་དེར་རྗེས་ཕྱོགས། །ཁྱིམ་སུན་འབྱིན་དང་བཀའ་བློ་མི་བདེ་བ། །ལྷག་མའི་སྡེ་ཡིན་ཀུན་ཏུ་དགེ་འདུན་གྱི། །དག་བྱ་ལྷག་མའི་ལྟུང་བ་ཉིད་ཕྱིར་རོ། །དེ་ལྟར་བཅུ་གསུམ་ནི། དགེ་འདུན་གྱིས་དག་པར་བྱ་བ་ལྷག་མ་ཅན་གྱི་ལྟུང་བ་ཡིན་པའི་ཕྱིར་དགེ་འདུན་ལྷག་མའི་སྡེ་ཞེས་བྱའོ། ༡ །བསམ་བཞིན་སེམས་ཅན་བགྲང་རུང་ཡན་ལག་ལ། །རེག་དང་བརྩལ་བས་ཁུ་བ་ཕྱུང་བ་ནའོ། །ཕྱུང་ནའོ། །དེར་འདུན་པས་སོ། །རང་གི་ཁུ་བའོ། །དང་པོ་ལའོ་ཞེས་པའི་དོན་ཏེ། གླེང་གཞི་ནི། མཉན་ཡོད་དུ་དྲུག་སྡེའི་འཆར་ཀ་ནག་པོ་འདོད་ཆགས་ཀྱིས་དཀྲིས་པ་ན་རང་གི་ཡན་ལག་ལས་ཁུ་བ་འབྱིན་ཏོ། །དགེ་སློང་དག་གིས་འཆར་ཀ་ལ་ཁྱོད་བདེ་བ་ལ་རེག་པར་གནས་སམ། གནས་ཏེ་འདི་ལྟར་བྱས་པས་སོ། །གསོལ་པས། ཁྱོད་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པས་བཟུང་བ་སླའི། དེ་ལྟ་མ་ཡིན་ནོ་ཞེས་གསུངས་ནས་ལྷག་མར་བཅས་སོ། །འདི་ལ་གཞིའི་ཡན་ལག་ལ་གཉིས་ལས། བརྟེན་པར་བྱ་བའི་ཡན་ལག་སེམས་ཅན་དུ་བགྲང་དུ་རུང་བ། རྟེན་གྱི་ཡན་ལག་ཕོའི་དབང་པོ་དང་། བསམས་པའི་ཡན་ལག་འབྱིན་པར་བསམས་པ། སྦྱོར་བའི་ཡན་ལག་རེག་པ་དང་བརྩལ་བ། མཐར་ཐུག་པའི་ཡན་ལག་རང་གི་ཁུ་བ་གནས་ནས་ཕྱུང་བ་སྟེ། ཡན་ལག་འདི་ལྟ་བུ་ཚང་ན་ཁུ་བ་འབྱིན་པའི་ལྷག་མའི་ལྟུང་བར་འགྱུར་རོ། །བསམ་བཞིན། ཁུ་བ་འབྱིན་པར་ཆེད་དུ་བསམས་པའི་འདུན་པ་སྔོན་དུ་བཏང་བ་སྟེ། གཞན་སེམས་དག་པ་ཉེས་མེད་དུ་གསུངས་པས་སོ། །དེར་འདུན་པ་ཡང་རྣམ་པ་མང་དུ་སྣང་སྟེ། བདེ་བའི་ཕྱིར་དུ་དང་། རིག་སྔགས་དང་། ས་བོན་དང་། སྨན་གྱི་དང་། བརྟག་པའི་ཕྱིར་དུའོ། །དེ་ལྟ་བུ་ཐམས་ཅད་དངོས་གཞི་སྐྱེད་པ་ལ་བྱེ་བྲག་མེད་པ་ཡིན་ནོ། །གང་གིས་རེག་པས་ཞེ་ན། སེམས་ཅན་བགྲང་རུང་སྟེ། རང་དང་། གཞན་དང་། ཤི་བའི་ལུས་རང་གི་རྣམ་པ་གང་ཡིན་པ་དེར་གནས་པ་རྣམས་ནི་སེམས་ཅན་དུ་བགྲང་དུ་རུང་བ་ཞེས་བྱའོ། །དེར་གནས་པ་ཞེས་པས། རྣམ་པར་བསྔོས་པ་དང་། བཤིག་པ་དང་། ཀེང་རུས་ལ་སོགས་པ་ཡང་གཟུང་ངོ་། །དེ་དག་གི་མགོ་དང་། སྣ་དང་། རྣ་བ་དང་། མགུལ་པའི་བར་དང་། །རྩིབ་ལོགས་དང་། རྒྱབ་དང་། བྲང་དང་། གཉེར་མ་དང་། སྐྲའི་གསེབ་དང་། ལག་པ་དང་། ཕྲག་པ་དང་། དཔུང་པ་དང་། དཔུང་པའི་བར་དང་། རྐེད་པ་དང་། བརླ་དང་། རྐང་པ་དང་། སྒྱིད་པ་དང་། སྒྱིད་པའི་བར་དུ་འབྱིན་པ་ཐམས་ཅད་དངོས་གཞིར་འགྱུར་རོ། །གང་ལ་རེག་པས་ཞེ་ན། ཡན་ལག་ལ་ཕོའི་དབང་པོ་ལའོ། །རང་གི་བརླ་ལ་སོགས་པ་ལུས་ཀྱི་ཕྱོགས་གཞན་ལ་རེག་པས་ཕྱུང་བ་ནི་སྦོམ་པོར་བཤད་པས་སོ། །ཇི་ལྟར་རེག་པས་ཞེ་ན། རེག་དང་བརྩལ་བས་བྱ་བ་དྲུད་པ་ལ་སོགས་ཡིན་གྱི། ཕྲད་པ་ཙམ་གྱིས་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཙམ་གྱིས་མ་ཡིན་ནོ། །དེའི་ཕྱིར་རྣམ་པ་གང་ཡང་རུང་བའི་བརྩལ་བས་རེག་པ་ཞེས་སྦྱོར་རོ། །གང་ཡང་རུང་བ་ནི། རིལ་གྱིས་བཅངས་པ་དང་། དམ་དུ་བཅངས་པ་དང་། དེ་གཉིས་མེད་པ་ཡང་ངོ་། །ཇི་སྐད་དུ། བྱེ་བྲག་ངེས་པར་མྱོང་བ་དང་། བྱུང་ལ་ཐུག་པ་དང་། ངད་ལས་པའི་བདེ་བ་ཉམས་སུ་མྱོང་བས་ཀྱང་ངོ་། །ཞེས་པ་མི་ཚངས་པར་སྤྱོད་པ་ཀུན་ཏུ་རྟོག་པས་ཟིལ་གྱིས་ནོན་ནས་ལུས་རིལ་གྱི་མནབས་པས་འདོད་ཆགས་དང་ལྡན་པའི་ལུས་ཀྱི་རྣམ་པར་ཤེས་པ་རེག་པའི་བྱེ་བྲག་སྐྱེ་བར་འགྱུར་བ་དེའི་གནས་སྐབས་ན་བདེ་བ་མྱོང་བ་ནི་བྱེ་བྲག་ངེས་པར་མྱོང་བ་ཞེས་བྱའོ། །གནས་ལས་ཁུ་བ་འབྱུང་ཁའི་གནས་སྐབས་ཀྱི་བདེ་བ་མྱོང་བ་ནི་བྱུང་བ་ལ་ཐུག་པའོ། །ཁུ་བ་ཤོར་བས་འདོད་ཆགས་ཀྱི་གདུང་བ་དང་བྲལ་བའི་བདེ་བ་མྱོང་བ་ནི་ངད་ལས་པའིའོ། །ཁུ་བ་ཕྱུང་ནའོ། །ཁུ་བ་ནི། སླ་བ་དང་། སྐ་བ་དང་། དམར། སེར། སྔོ་བའོ། །དང་པོ་ནི། བུད་མེད་ཀྱིས་དུབ་པ་དང་། དབང་པོ་མ་སྨིན་པ་དག་གིའོ། །གཉིས་པ་དབང་པོ་སྨིན་པའིའོ། །གསུམ་པ་འཁོར་ལོ་སྒྱུར་བའི་བློན་པོའིའོ། །བཞི་པ་འཁོར་ལོ་སྒྱུར་བའི་བུ་ཐུ་བོ་མ་གཏོགས་པ་ཐམས་ཅད་ཀྱིའོ། །ལྔ་པ་འཁོར་ལོ་སྒྱུར་བ་རང་དང་བུ་ཐུ་བོའིའོ། །དེ་དག་ལས་འདིར་རང་གིའོ། །ཕྱུང་བ་ནི་གནས་ནས་ཕྱུང་བ་སྟེ། འགྲེལ་པར། ཁུ་བ་ཕྱུང་བ་ནི་མང་དུ་ཡོད་དེ། གནས་ནས་ཕྱུང་བ་དང་། སྦུབས་སུ་འོངས་པ་ལས་ཕྱུང་བ་དང་། དབང་པོའི་མཐའ་ནས་ཕྱུང་བའོ། །དེའི་ཕྱིར་ཕྱུང་བ་དེ་དག་ལས་བྱུང་བ་གང་ལ་དགེ་འདུན་ལྷག་མར་འགྱུར་རོ་ཞེ་ན། དེའི་ཕྱིར་དང་པོ་ལའོ་ཞེས་སྨྲས་ཏེ་ཞེས་གསུངས་པས་སོ། །དེ་བས་དེའི་གནས་སྐབས་ན་འདོད་ཆགས་ཤས་ཆེ་རབ་ཏུ་གྱུར་པ་དང་། བདེ་བ་ཉམས་སུ་མྱོང་བ་ཆེན་པོ་སྐྱེས་པ་དང་། སྙིང་འདར་བ་ལ་སོགས་པའི་ལུས་འགྱུར་བ་འབྱུང་བ་ཡིན་ནོ། །སྦུབས་སུ་འོངས་པ་ལས་ཕྱུང་པ་དང་། དེ་མ་ཐག་ཏུ་འཕོས་པ་ནི་ཤུགས་ཀྱིས་གནས་སྐབས་སུ་བཏང་བ་ཞེས་བྱ་སྟེ། དེ་ལྟ་བུ་དང་། དབྱུང་བའི་ཕྱིར་སྨན་ཟོས་ནས་འབྱིན་པ་རྣམས་ནི་སྦོམ་པོར་གསུངས་སོ། །ལས་ལམ་མ་རྫོགས་སྦྱོར་བ་རྫོགས་ན་དངོས། །དབྱུང་བའི་ཆེད་དུ་བརྩམས་པ་ཙམ་སྦྱོར་བ་སྟེ། བརྩམས་པ་ཙམ་ན་སྦྱོར་བ་ཉིད་མ་ཡིན་པ་མ་ཡིན་ནོ། །ཞེས་སོ། །སྦྱོར་བ་མེད་པ་ལ་རོ་མྱོང་བ་ནི་དེ་དང་ལྡན་པ་ཉིད་དོ་ཞེས་པས། བབ་ཅོལ་དུ་ཕྱུང་བ་དང་། རྨི་ལམ་དུ་ཕྱུང་བ་གཉིས་རོ་མྱང་བ་སྐྱེད་པར་བྱེད་ན་སྦྱོར་བ་དེ་དང་ལྡན་པ་ཉིད་ཡིན་ནོ། །གལ་ཏེ་སྐྱེད་པར་མི་བྱེད་ན་ཉེས་པ་མེད་དེ། རྨི་ལམ་ནི་མེད་པ་དང་འདྲའོ། །དེའི་འབྲས་བུ་མ་བྱས་པ་ཉིད་དོ། །ཞེས་སོ། །དབྱུང་བའི་ཆེད་དུ་གནས་ནས་ཕྱུང་ན་ལས་ལམ་རྫོགས་པ་ཡིན་པས་དངོས་གཞིར་འགྱུར་རོ། །སྦྱོར་བ་སྔ་མ་ལ་གནས་ནས་འབྱུང་བ་ལ་ཐུག་ལ། སྦྱོར་བ་ཕྱི་མས་སྦུབས་ལས་འབྱིན་པར་བྱེད་ན་སྦོམ་པོར་འགྱུར་གྱི། དངོས་གཞིར་འགྱུར་བ་ནི་མེད་དོ། །ཤེས་བཞིན་འབྱིན་པ་གཞན་ནི་སྦོམ་པོ་དང་། ལུས་ཉམས་པ་ལས་བྱུང་བ་དང་། འདི་སྐད་དུ། ལ་བ་དང་། ཕྱིང་པ་དང་། དྲེའུ་རྔོག་དང་། སྔས་ནང་ཚངས་ཅན་དང་། ཁྲི་དང་། ཁྲིའུ་དང་། སྟན་ནང་ཚངས་ཅན་དང་། ཁྲིའི་གསེབ་དང་། བུམ་པ་དང་། བུམ་བུ་དང་། བུམ་པའི་བར་དང་། བྱ་མ་བུམ་དང་། ཆོལ་ཟངས་དང་། རྡོ་བ་དང་། སྐྱང་ནུལ་དང་། སྐྱང་ནུལ་གྱི་བར་དང་། སྒོ་གཏན་དང་། ཤའི་དུམ་བུ་དག་གོ །ཞེས་གསུངས་པ་རྣམས་དང་། གཞན་ཡང་དབྱུང་བའི་བསམ་པས་གར་བྱེད་པ་དང་། རབ་ཏུ་གར་བྱེད་པ་དང་། ནམ་མཁའ་ལ་རྐེད་པ་བསྐྱེད་པ་དང་། ཡན་ལག་གི་རྣམ་པ་འབབ་ཆུ་དང་། རྫིའི་ཕྱོགས་ལས་བཟློག་པར་གཏད་པས་དང་། བྱེ་བྲག་ངེས་པར་མྱོང་བ་སོགས་གསུམ་ལས་རྣམ་པར་རྟོག་པས་དང་། ཆགས་པའི་སེམས་ཀྱི་རང་གི་ཡན་ལག་གི་རྣམ་པ་ལ་གཞལ་བའམ་བལྟ་བ་རྣམས་ནི་སྦོམ་པོའོ། །ཆུ་བཏི་མཐོང་ནས་ཆགས་གཏོང་ཉེས་བྱས་ཏེ། །བུད་མེད་ཆུ་བཏི་བ་སྟེ་ཆུ་གཏོང་བ་མཐོང་བ་དང་། དབྱུང་འདོད་མེད་པར་ཡན་ལག་གི་རྣམ་པ་ཅུང་ཟད་མཉེད་པ་དང་། མངོན་པར་འཚིར་བ་དང་། གཉུལ་བ་བདག་གིར་བྱེད་པ་དང་། དབྱུང་བའི་ཕྱིར་མ་ཡིན་པར་གནས་ནས་གནས་སུ་འཕོ་བས་འབྱིན་པ་ལ་སོགས་པ་ནི་ཉེས་བྱས་སོ། །ནད་སོགས་རང་བཞིན་འཛག་པ་ཉེས་མེད་ཡིན། །ནད་ཀྱིས་འཛག་པ་དང་། ཆགས་པས་རང་བཞིན་གྱིས་འཛག་པ་དང་། བབ་ཅོལ་དུ་བུད་མེད་ཀྱིས་འཁྱུད་དམ་རེག་པ་ལས་ཤོར་བ་དང་། བརླ་ལ་སོགས་པར་བསྐུ་མཉེ་བྱེད་པའི་རྐྱེན་གྱིས་ཤོར་བ་རྣམས་ནི་ཉེས་མེད་ཡིན་ནོ། ༢ །ཆགས་པས་བུད་མེད་རུང་ལ་མ་ཆོད་རེག །བདེ་མྱོང་ན་ཡིན་ཚུར་ལ་རེག་པས་ཀྱང་། །ལུས་ཀྱི་རེག་པ་བདག་གིར་བྱས་ནའོ། །ཞེས་པའི་དོན་ཏེ། གླེང་གཞི་ནི། མཉན་ཡོད་དུ་འཆར་ཀ་ནག་པོས་དབེན་པར་བུད་མེད་ལ་ཆོས་བསྟན་པ་དང་། དེ་ཆགས་པ་སྐྱེས་ཏེ་དེ་དག་གི་ཡན་ལག་དང་ཉིང་ལག་ལ་ཉུག་པ་དང་། བདག་གིར་བྱེད་པ་དང་། ལྷན་ཅིག་གཞོགས་སྟེགས་བྱེད་ལ། མི་བྱེད་པ་དག་དང་པོ་ནས་ཕྱིར་ཕྱུང་སྟེ། གང་ལས་ཆུ་བྱུང་དེ་ལས་འབར། །གང་ལས་སྐྱོབ་པ་དེ་ལས་འཇིགས། །འཇིགས་པ་མེད་ལས་འཇིགས་པ་སྐྱེས། །སྐྱབས་ལས་འཇིགས་པ་སྐྱེས་པར་གྱུར། །དེ་དགེ་སློང་གིས་ཐོས་ནས་ཁྱེད་སུ་སྨོད། ཁྱེད་ལའོ། །ཅི་བྱས། འཆར་ཀས་ཁྱིམ་ཐབ་ཀྱིས་ཀྱང་མ་བྱུགས་པའི་ཡན་ལག་ལ་བྱུགས་སོ། །ཕ་མའམ་ཕུ་ནུས་ཐོས་ན་རྒྱལ་བྱེད་ཀྱི་ཚལ་བལྟར་ཡང་མི་སྟེར་རོ། །སྲིང་མོ་དག་ཁ་རོག་ཅིག དེ་ཚུལ་ཁྲིམས་དང་ལྡན་མོད་ཀྱི། འདོད་ཆགས་ཤས་ཆེ་བས་རྩོམ་པ་དེས་སེལ་བར་བྱེད་དོ། །ཅི་གླང་བུ་གང་ལ་རྭ་རྣོ་བ་གཉིས་ཡོད་ཟེར་ནས་བདག་ཉིད་ཀྱི་དཀུ་འདྲལ་ལམ། ཁ་རོག་ཅིག་ལྡོག་པར་བྱའོ། །དེ་ལྟར་ན་ལེགས། མིན་ན། སླན་ཆད་རྒྱལ་བྱེད་ཀྱི་ཚལ་དུ་མི་མཆི་ཟེར་ནས་དོང་བ་དང་། ལྷག་མ་རྣམས་ཀྱང་ཐོན་ནས་སོང་། འཆར་ཀ་ཡང་རྒོད་ཅིང་བྱུང་བ་དང་། ཁྱེད་དེ་ལྟ་བུ་བྱས་ནས་ད་ཅི་རྒོད། ཁོ་བོས་ཆང་འཐུངས་སམ། ཀུན་དོང་ཟོས། དེའང་བྱས་སམ། གཞན་ཅི་བྱས། དེ་དག་འཕྱ་ཞིང་དོང་ངོ་། །ལྷུང་བཟེད་ནག་པོ་ཅན་སེར་སྣས་ཆོས་ཚིག་གཅིག་ཀྱང་མི་སྟོན་པར་གཞན་སྟོན་པ་ལ་འཕྱའོ། །ཅི་བདེན་པ་ལ་བཀོད་དམ། མིན་ཏེ་དབང་པོ་སྨིན་པར་བྱས་པའི་ཕྱིར་རོ། །དགེ་སློང་དོན་ཉུང་ངུ་དག་གང་གིས་ངོ་ཚ་བའི་གནས་དེ་ཁེངས་པར་བྱེད་དོ། །ཞེས་སྨོད་པའི་སྐབས་དེ་གསོལ་བས་བཅས་སོ། །འདི་ལ་གཞིའི་ཡན་ལག་བུད་མེད་ལེགས་པ་དང་ཉེས་པར་སྨྲས་པའི་དོན་གོ་ཞིང་གཞན་ལ་འཁྲིག་པ་བརྟེན་དུ་རུང་བ་དང་། གོས་ཀྱི་བར་མ་ཆད་པ། བསམ་པའི་ཡན་ལག་ཀུན་ཏུ་འདོད་ཆགས་པས་འཁྲིག་པའི་བདེ་བ་ཉམས་སུ་མྱོང་བར་འདུན་པ། སྦྱོར་བའི་ཡན་ལག་ལུས་ཀྱི་ཕྱོགས་ལ་རྗེན་པར་རེག་པ། མཐར་ཐུག་པའི་ཡན་ལག་རེག་པའི་བདེ་བ་མྱོང་བའོ། །ཡན་ལག་འདི་དག་ཚང་ན་འཛིན་པའམ་རེག་པའི་ལྷག་མར་འགྱུར་རོ། །ཆགས་པས། གལ་ཏེ་དེ་དག་གི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་ཏུ་འདོད་ཆགས་དང་ལྡན་པས་ཀྱང་ངོ་ཞེས། ཀུན་ཏུ་འདོད་ཆགས་པའི་སེམས་ཀྱིས་རེག་པ་ལ་དངོས་གཞིར་འགྱུར་གྱི། སེམས་དག་པ་ལ་ཉེས་མེད་དུ་བཤད་པས་སོ། །བུད་མེད་རུང་ལ། འདི་ལ་བྱེད་པ་པོ་ཉིད་ནི་བུད་མེད་དེ་ཉིད་དོ། །ཞེས་པས་འདི་དང་འོག་མ་གསུམ་ལ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པ་དག་གི་དོན་ཀུན་ཤེས་པ་དང་། གཞན་ལ་འཁྲིག་པ་བསྟེན་པར་བྱ་བའི་མཐུ་ཡོད་པའི་བུད་མེད་ཡིན་ན་དངོས་གཞིའོ། །གཞན་དུ་ན་འོག་མའིའོ། །མ་ནིང་མོ་དང་། མ་ནིང་ཕོ་དང་། སྤྲུལ་པ་མོ་ཡང་དེ་བཞིན་ནོ། །ཞེས་གསུངས་སོ། །རེག་པ་དང་། འཁྲིག་ཚིག་དང་། བསྙེན་བཀུར་གསུམ་ཀར་མཚུངས་སོ། །མ་ཆོད། གོས་ལ་སོགས་པ་བར་དུ་མ་ཆོད་པ་དགོས་ཏེ། དེས་ཆོད་ན་སྦོམ་པོར་འགྱུར་བས་སོ། །དེ་ཡང་གོས་ཀྱི་བར་དུ་ཆོད་པ་ལ་ནི་འོག་མར་རོ། །ཞེས་སོ། །རེག བུད་མེད་ཀྱི་ལན་བུ་དང་། དེ་དང་འབྲེལ་བའི་སྐུད་པ་ལ་རེག་པ་དང་། ལན་ཅིག་ལུས་ལ་སྦྱོར་བ་ནོམ་པ་དང་། ཡང་ཡང་དུ་སྦྱོར་བ་ཉུག་པ་དང་། རང་གི་ལུས་བུད་མེད་ཀྱི་ལུས་དང་བར་དུ་མ་བཅད་པར་སྤྲོད་པ་དང་། ལག་པ་ལ་སོགས་པ་ནས་འཆང་བ་འཛིན་པ་དང་། གནས་གཞན་ནས་གཞན་དུ་འདྲེན་པ་དང་། ཡུལ་ཐག་ཉེ་བ་ནས་ཁོར་ཡུག་ཏུ་བསྐོར་བའི་ནང་དུ་ཡོངས་སུ་འདྲེན་པ་རྣམས་ནི་དངོས་གཞིར་འགྱུར་བ་ལ་བྱེ་བྲག་མེད་པ་ཉིད་དོ། །བདེ་མྱོང་ན་ཡིན། ཀུན་ཏུ་འདོད་ཆགས་པའི་འདུན་པས་རོ་བདག་གིར་བྱེད་པའོ། །ཚུར་ལ་རེག་པས་ཀྱང་། རྟེན་གྱིས་བརྟེན་པར་བྱ་བ་ལ་རེག་པའི་རྣམ་པ་མང་པོས་རེག་པར་བྱ་བར་བཤད་པ་བཞིན་དུ། བརྟེན་པར་བྱ་བ་བུད་མེད་ཀྱིས་དགེ་སློང་ལ་རེག་པ་དེ་དག་བདག་གིར་བྱེད་ན་ཡང་དངོས་གཞིར་འགྱུར་བ་ལ་བྱེ་བྲག་མེད་དོ། །གཞན་ནི་ན་སྨད། དེའི་གོས་དང་རྒྱན་ལ་རེག་པ་བདག་གིར་བྱེད་པ་དང་། དེ་བཞིན་དུ་ཟས་ལ་སོགས་པ་མོ་དབང་དུ་འཇུག་པ་དང་། བུད་མེད་མ་ཡིན་པ་ལ་བུད་མེད་དུ་འདུ་ཤེས་པས་རེག་པ་ལ་སོགས་པའི་མུ་བཞིས་ན་སྨད་དུ་གྱུར་པ་རྣམས་སོ། །སྐྱབ་དང་སེམས་དག་པ། ཉེས་མེད་དུད་འགྲོ་མོ་སོགས་ཉེས་བྱས་སོ། །རེག་པ་ལྔ་སྟེ། ཁྱད་པར་ཅན་གྱི་སྤྱོད་པས་རེག་པ་དང་། དེ་དང་འདྲ་བས་རེག་པ་དང་། རྒོད་བག་གི་རེག་པ་དང་། རེག་པའི་བྱེ་བྲག་ཉམས་སུ་མྱོང་བར་འདོད་པས་རེག་པ་དང་། མི་འདོད་བཞིན་དུ་སྐྱེ་བོ་མང་པོས་བསྡོས་པའི་དུས་སུ་དབང་མེད་པར་རེག་པ་གང་ཡིན་པ་དག་གོ །མེ་དང་ཆུ་དང་གཡང་ལ་སོགས་པའི་ཉམ་ང་བ་ལས་སྐྱབ་པ་སྙིང་རྗེ་བས་དང་། མ་ལ་སོགས་པར་འདུ་ཤེས་པ་ཉེ་དུ་དང་ཤེས་པ་མཐོང་བས་རེག་པ་དང་། སྔོན་ཁྱད་པར་ཅན་གྱི་སྤྱོད་པས་ཡིད་གཅུགས་པ་ཉམས་སུ་མྱོང་བས་རེག་པ་རྣམས་ནི་རྣམ་པ་ཐམས་ཅད་དུ་ཉེས་པ་མེད་པ་ཡང་ཡིན་ནོ། །སྔོན་གྱི་བུད་མེད་ཀྱིས་བབ་ཅོལ་དུ་འཁྱུད་པ་ཡང་དེ་དང་འདྲའོ། །རྫབ་ལ་སོགས་པའི་ནང་དུ་འདྲེད་པས་འགྱེལ་བའི་བུད་མེད་རང་གིས་ལོངས་ནུས་བཞིན་པ་སློང་བ་ནི་ཁྱད་པར་ཅན་དང་འདྲ་བ་ཡིན་པས་དེ་དང་རྒོད་བག་གིས་བུད་མེད་འཕུལ་འཐེན་དང་། དེའི་སྟན་འཕུལ་བ་ཙམ་ནི་རྒོད་བག་གིས་རེག་པ་སྟེ། གཉིས་པོ་ཉེས་བྱས་ཙམ་དུ་གསུངས་སོ། །བུད་མེད་ཀྱིས་གཉིས་པོ་དེ་བྱས་པ་དང་། མི་འདོད་བཞིན་དུ་བཟུང་བ་དང་། བུད་མེད་འཁྲུལ་པ་སྟེང་དུ་ལྷུང་བ་རྣམས་ལ་ནི་དགེ་སློང་ལ་ལྟུང་བ་མེད་དོ། །འཇམ་པ་དང་། དྲོ་བ་དང་། སྙི་བའི་བསམ་པས་བུད་མེད་ཀྱི་ལུས་ལ་རེག་པ་ནི་རེག་པའི་བྱེ་བྲག་ཉམས་སུ་མྱོང་འདོད་པ་ཞེས་བྱའོ། །དེ་ནི་ཉེས་པ་སྦོམ་པོ་ཡིན་ལ། དུད་འགྲོ་མོ་ལ་ཆགས་སེམས་ཀྱིས་རེག་པ་ནི་ཉེས་བྱས་སོ། ༣ །འཁྲིག་དོན་བུད་མེད་མདུན་དུ་འཁྲིག་ཚིག་སྨྲས། །བརྡ་འཕྲོད་ནའོ། །འཁྲིག་པ་དང་ལྡན་པ་སྨྲས་ནའོ། །རྒྱ་ལ་སོགས་པའི་དོན་གྱིས་སོ། །གང་ལ་གོ་བར་བྱ་བ་ཉིད་དེ་བརྡ་ཕྲད་པ་ན་མཐའོ། །ཞེས་པའི་དོན་ཏེ། གླེང་གཞི་ནི། འཆར་ཀ་ནག་པོས་བུད་མེད་ཀྱི་ཚོགས་པར་མི་རུང་བའི་འཁྲིག་ཚིག་སྨྲས་པ་དང་། སྔར་ཁྱིམ་བདག་གི་གནས་སུ་དྭ་དང་རྒྱན་པོ་དང་ནལ་གྱི་བུས་ཀྱང་མ་སྨྲས་པ་སྨྲས་སོ། །ཞེས་པ་ལ་བཅས་སོ། །འདི་ལ་གཞིའི་ཡན་ལག་བུད་མེད་ལེགས་པ་དང་ཉེས་པར་སྨྲས་པ་ཤེས་པ་ལ། བསམ་པའི་ཡན་ལག་ཆགས་པའི་སེམས་ཀྱིས་འཁྲིག་བདེ་ལ་འདུན་པ། སྦྱོར་བའི་ཡན་ལག་འཁྲིག་པའི་ཚིག་གསལ་བར་སྨྲས་པ། མཐར་ཐུག་པའི་ཡན་ལག་དེ་ལ་བརྡ་འཕྲོད་པ་སྟེ། ཡན་ལག་འདི་དག་ཚང་ན་འཁྲིག་ཚིག་སྨྲ་བའི་ལྷག་མའི་ལྟུང་བར་འགྱུར་རོ། །འཁྲིག་དོན། འཁྲིག་པའི་བདེ་བ་ཉམས་སུ་མྱོང་བའི་དོན་དུ་སྨྲས་པ་ལ་ཡིན་གྱི། དོན་གཞན་ལ་བསམས་ནས་སྨྲས་པ་ལ་ཉེས་པ་མེད་དེ། དཔེར་ན་མ་ག་དྷར་ཆུ་སྣོད་ཀྱི་བྱེ་བྲག་གཅིག་ལ་ཀུན་དི་ཀ་ཞེས་ཟེར་ལ། ཀོ་ས་ལར་དེ་མོའི་དབང་པོ་ལ་ཟེར་བས། གལ་ཏེ་དབུས་འགྱུར་འཆང་དུ་སྐྱེས་པའི་དགེ་སློང་ཞིག་གིས་ཀོ་ས་ལར་ཆུ་སྣོད་ཀྱི་བསམ་པས་ཀུན་དི་ཀ་བརྙའོ་ཞེས་བརྗོད་པ། ཡུལ་དེ་ན་གནས་ངན་ལེན་ཡིན་ཀྱང་ལྟུང་བ་མེད་པ་ལྟ་བུ་སྟེ། དོན་གཞན་ལ་བསམས་པ་ལྗོངས་ཀྱི་ངེས་པའི་དབང་གིས་ན་ལྟུང་བ་མེད་དོ། །མིང་གི་ཆ་ཉིད་འདྲ་བ་ཡང་ངོ་། །ཞེས་སོ། །བུད་མེད་མདུན་དུ། ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པ་ཤེས་པ་དག་ལ་ཡིན་གྱི། ལྐུག་མ་དང་འོན་པ་ལ་སོགས་པའི་མདུན་དུ་སྨྲས་པ་ནི་ཉེས་བྱས་སོ། །སྐྱེས་པའི་མདུན་དུ་སྨྲ་ན་ཡང་ཉེས་བྱས་སོ། །འཁྲིག་ཚིག་སྨྲས། འཁྲིག་པའི་ཚིག་གི་དོན་གོ་བར་བྱེད་པའི་སྒྲ་ནི་གཉིས་ཏེ། དངོས་དང་ཉེ་བར་འདོགས་པའོ། །དངོས་ནི་ལྟ་ཅི་སྨོས། ཉེ་བར་འདོགས་པ་ལ་ཡང་། འཁྲིག་པའི་དོན་ཡུལ་དང་དུས་དེར་ཆགས་པ་ཡིན་པ་དེ་སྨྲས་ན་དངོས་གཞིར་འགྱུར་རོ། །གལ་ཏེ་མ་ཆགས་པ་ཕྲད་པ་དང་ཉལ་བ་ཞེས་བརྗོད་ན་སྦོམ་པོར་འགྱུར་བས་སོ། །བརྡ་འཕྲོད་ནའོ། །སྨྲ་བ་པོས་སྨྲས་པའི་དོན། ཉན་པ་པོའི་རྒྱུད་ལ་བརྡ་འཕྲོད་ན་དངོས་གཞིར་འགྱུར་རོ། །དེ་ལ་ཡང་། ཡི་གེ་དང་པོ་བརྗོད་པའི་དུས་ན་དེ་ཉིད་དངོས་གཞིར་འགྱུར་ལ། ཕྱིས་བརྗོད་པ་ཐམས་ཅད་ནི་དེའི་ཁོངས་སུ་གཏོགས་སོ། །དངོས་སྒྲ་མི་བརྗོད་ན། སྦོམ་པོའོ་ཚུར་སྨྲ་དང་དུ་བླང་བའང་མཚུངས། །དེ་ཡང་དངོས་གཞི་དོན་གྱི་ཚིག་དང་འབྲེལ་བ། སྲུ་ཁྱོད་ཀྱི་རྨའི་སྒོ་གསུམ་པོ་དག་དོད་པ། ལེགས་པར་དོད་པ། ལེགས་པར་གནས་པ། ལེགས་པར་གྱུར་བ་ཡིན་མོད་ཅེས་བསྔགས་པ་བརྗོད་པ་དང་། སྡིག་པའི་གནས་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨོད་པ་དང་། ཚུར་ཤོག་དེ་བྱའོ་ཞེས་དངོས་སུ་མི་བརྗོད་པས་གསོལ་བ་དང་། བུད་མེད་དང་སྐྱེས་པ་དེ་དང་དེ་བྱེད་པ་དག་དགའ་བ་ཡིན་ནོ། །བདག་ཅག་གཉིས་ཀྱང་དེ་དང་དེ་བྱས་ན་དགའ་བར་འགྱུར་རོ། །ཞེས་དགའ་བ་ཉེ་བར་སྒྲུབ་པ་ལ་འདུན་པ་སྐྱེད་པ་དེ་ནི་ཉེ་བར་གསོལ་བའོ། །བུད་མེད་གང་སྐྱེས་པ་དེ་དང་དེ་བྱེད་པ་ལ་དགའ་བར་འགྱུར་བ་ཡིན་ལ། སྲུ་བདག་གིས་ཀྱང་ཁྱོད་ལ་དེ་དང་དེ་བྱས་ན་ཁོ་བོ་ལ་དགའ་བར་འགྱུར་རམ་ཞེས་དྲི་བ་དང་། སྲུའི་རྨའི་སྒོ་གསུམ་པོ་དོད་པ་དང་། ལེགས་པར་དོད་པ་དང་། ལེགས་པར་གནས་སོ་ཞེས་པ་བདེན་ནམ་ཞེས་ཡོངས་སུ་དྲི་བ་ལ། ཁོ་བོ་ནི་ཁྱོད་ལ་དགའ་བ་དང་། ཡིད་དུ་འོང་བ་བདེན་ན་ཁྱོད་ཇི་ལྟ་ཞེས་བརྗོད་པ་དང་། ཁོ་བོ་དང་ཁྱོད་ལྷན་ཅིག་དེ་དང་དེ་བྱེད་པ་ཞིག་ཡིན་ན་ཞེས་བརྗོད་པ་སྨོན་པ་དང་། ཁྱོད་ལ་བོང་བུ་དག་དེ་ལྟར་བྱེད་པར་གྱུར་ཅིག་ཅེས་སམ། མགལ་དུམ་ཆུག་ཅིག་ལྟ་བུས་གཤེ་བ་དང་། བུད་མེད་ཀྱིས་བསྔགས་པ་ལ་སོགས་པ་དེ་དག་བྱེད་པ་ན་རྣམ་པ་དེ་དག་ཉིད་ཀྱིས་ལན་འདེབས་པ་ཕྱིར་སྨྲ་བ་བསྒྲུབ་པ་སྟེ། དེ་ཐམས་ཅད་ལ་གཉིས་ཀྱིས་སྤྲོད་པའི་ཚིག་དངོས་སུ་སྦྱོར་བ་མེད་ན་སྦོམ་པོའོ། །དངོས་སུ་སྦྱོར་བ་ཡོད་ན་དངོས་གཞིར་འགྱུར་ཏེ། དེ་དང་འབྲེལ་བའི་དོན་སྨྲས་པ་ནི་སྦྱོར་བ་མ་ཡིན་པ་མ་ཡིན་ནོ། །ཞེས་སོ། །ཁོ་བོ་ལ་བགོ་བཤའ་གྱིས་ཤིག ལྷན་ཅིག་ཉོལ་ཅིག ཕྲད་པར་གྱིས་ཤིག་ཅེས་སྨྲ་བ་དང་། རྫུ་འཕྲུལ་གྱིས་ཆོས་ཅན་གྱིས་བུད་མེད་ལ་སྨྲ་བ་དང་། གཞན་ཡང་ཇི་སྐད་དུ། སྲུ་ཁོ་བོ་ལ་ནས་བྱིན་ཅིག སྲུ་ཁྱོད་ལ་ཅི་མཐོང་བ་དེ་བྱིན་ཅིག སྲུ་ཁྱོད་ཀྱི་མདུན་ན་མོ་གང་ཡིན་པ་དེ་བྱིན་ཅིག སྲུ་ཁྱོད་ཀྱི་ཡིད་དུ་གང་འོང་བ་གང་ཡིན་པ་བྱིན་ཅིག ཅི་ལ་དགའ་བ་བྱིན་ཅིག དེས་ཚུར་ལ་སྨྲས་པ། ཁྱོད་ཅི་ལ་དགའ་ཞེས་ཟེར་བ་ལ། སྲུ་ཁྱོད་ལ་ཁོ་བོ་དགའ་འོ་ཞེས་བྱ་བ་དང་། སྲུ་ཁོ་བོ་ལ་ཆུ་དང་། བཅའ་བ་དང་། ཐུགས་པ་དང་། བཟའ་བ་བྱིན་ཅིག ཁྱོད་ཉིད་དེ་དག་ཡིན་ནོ་ཞེས་སྨྲས་པ་དག་གོ །འདིར་ནས་ཞེས་པའི་སྒྲ་ཡ་བ་དང་། སྤྲོད་པ་ལས་བྱུང་བའི་སྒྲ་ཡ་བྷ་ཞེས་བྱ་བ་ཆ་ཤས་མཐུན་པར་སྨྲ་བ་ལ་དགོངས་སོ། །རང་བཞིན་གྱི་ཚིག་བརྩོག་པོར་སྨྲས་པས་ཀྱང་རུང་བ་སྟེ། མདོར་ན་རྣམ་པ་ཀུན་ཏུ་བུད་མེད་ཀྱི་ཡུལ་ལ་གནས་ངན་ལེན་གྱི་སེམས་ཀྱིས་ཚིག་སྨྲ་ན་དང་། ཐ་ན་རྒོད་བག་ཙམ་གྱིས་སྨྲ་ན་ཡང་ཐམས་ཅད་དུ་སྦོམ་པོར་རིག་པར་བྱའོ། ༤ །རྟེན་རུང་བུད་མེད་འདུན་པ་བདག་ཉིད་དང་། །འཁྲིག་བརྗོད་བསྔགས་གོ་བསྔགས་ལ་ཡི་རངས་ལའོ། །བདག་ཉིད་དང་འཁྲིག་པ་བརྗོད་པ་བསྔགས་ནའོ། །དེས་བསྔགས་པ་ལ་རྗེས་སུ་ཡི་རངས་བའི་དོན་གྱི་ཚིག་ནི་དེ་དང་འདྲའོ། །དེ་ཉིད་ཕྱིར་འདས་ནའོ་ཞེས་པའི་དོན་ཏེ། གླེང་གཞི་ནི། ཚེ་དང་ལྡན་པ་འཆར་ཀ་ནག་པོས་བུད་མེད་ཀྱི་ཚོགས་སར། ང་ལྟ་བུ་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ཚངས་པར་སྤྱོད་པ་ལ་འཁྲིག་པའི་ཆོས་འདིས་བསྙེན་བཀུར་བྱས་ན་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ། །ཞེས་པ་དང་། ཁྱིམ་ཐབ་ལས་ཀྱང་མ་ཐོས་ཞེས་འཕྱ་བ་ལ་བཅས་སོ། །འདི་ལ་གཞིའི་ཡན་ལག་བརྟེན་དུ་རུང་བའི་བུད་མེད་དང་མ་ནིང་མོ། བསམ་པ་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་སླང་བའི་འདུན་པ། སྦྱོར་བ་བདག་ཉིད་དང་ལྷན་ཅིག་འཁྲིག་པ་ལ་བསྔགས་པ་བརྗོད་པའམ། ཚུར་བསྔགས་པ་གང་རུང་། མཐར་ཐུག་གཞན་གྱིས་གོ་བའམ། རང་ཉིད་ཀྱིས་བདག་གིར་བྱས་པ་གང་རུང་ངོ་། །འདི་ལྟ་བུའི་ཡན་ལག་ཚང་ན་དངོས་གཞིར་འགྱུར་རོ། །བརྟེན་རུང་བུད་མེད་འདུན་པ། སྔར་བཞིན་ནོ། །བདག་ཉིད་དང་། འཁྲིག་བརྗོད་བསྔགས། བདག་ལྟ་བུའི་ཚུལ་ཁྲིམས་དང་ལྡན་པ་ལ་འཁྲིག་པའི་ཆོས་འདིས་བསྙེན་བཀུར་བྱས་ན་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་པ་ལྟ་བུ་དངོས་གཞིར་འགྱུར་རོ། །གོ་ཡུལ་དེ་ལ་བརྡ་འཕྲོད་པའོ། །བསྔགས་ལ་ཡི་རངས་ལའོ། །བུད་མེད་ཀྱིས་ཁྱོད་ལྟ་བུའི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ལ་འཁྲིག་པའི་ཆོས་འདིས་བསྙེན་བཀུར་བྱས་ན་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཟེར་བ་ལ། དགེ་སློང་གིས་སྲུ་དེ་དེ་བཞིན་ནོ། །ཞེས་པའམ། དེ་ཉིད་ཕྱིར་བཟླས་ནས་སྨྲ་ན་དངོས་གཞིར་འགྱུར་རོ། །དངོས་མིན་རིས་འདྲ་བརྗོད་ན་སྦོམ་པོ་དང་། །རང་གི་མིང་མ་བརྗོད་པར་དགེ་སློང་འདི་ལྟ་བུ་ལ་འཁྲིག་པའི་ཆོས་འདིས་ཞེས་བྱ་བ་ལ་སོགས་པས་སམ། ཁོ་བོ་ལྟ་བུ་ལ་ཀུན་ཏུ་སྤྱོད་པ་འདིས་བསྙེན་བཀུར་ན་ཞེས་སྤྲོད་པ་ལས་བྱུང་བའི་ཚིག་མ་སྦྱར་མ་སྨོས་པ་ལྟ་བུ་སྦོམ་པོ་སྟེ། དེ་དང་འཁྲིག་པ་དང་ཉེ་བར་མ་སྦྱར་ན་སྦྱོར་བ་ཉིད་དོ་ཞེས་སོ། །བརྟེན་མི་བཟོད་ལ་ཉེས་བྱས་ཡིན་ཞེས་བྱོས། །ཡུལ་བརྟེན་མི་བཟོད་པ་ཆུང་ངུ་དག་ལ་སྨྲས་པ་ནི་ཉེས་བྱས་སོ། །དེ་ཡང་གཉིས་ཀ་དང་ནི་དེའོ། །ཞེས་པས་སོ། ༥ །སྤྲད་བྱ་མ་འཁྲུལ་སྤྲད་འདོད་རང་གཞན་དང་། །འཕྲིན་གྱིས་བུད་མེད་སྐྱེས་སྤྲད་ཕྲད་ནའོ། །ཕྲད་ནའོ། །གཞན་དང་ངོ་། །གཞན་དུ་ཞེས་པའི་དོན་ཏེ། གླེང་གཞི་ནི། མཉན་ཡོད་ན་རི་དྭགས་འཛིན་གྱི་བུ་ནག་པོ་ཞེས་བྱ་བ་ཞིག་ལ་བུ་མོ་སྦྱིན་བྱ་ཡོད་པ་རྣམས་ཁྱེད་ཀྱིས་ཁྱིམ་ཆེ་གེ་མོ་ཞིག་ཤེས་སམ། ཤེས་སོ། །དེའི་ཁྱེའུ་མཁས་པ་དང་། ལེ་ལོ་མེད་པ་དང་། བསྒྲུབ་ཕོད་པ་བུ་མོ་ལ་ཟས་གོས་སྦྱིན་ནུས་པ་དང་། ལས་ཆུང་བ་ཡིན་ནམ་ཞེས་འདྲི། ཡིན་ཟེར་ན་བུ་མོ་སྟེར། མིན་ཟེར་ན་མི་སྟེར་རོ། །དེ་ནས་བུ་མོ་སློང་བ་རྣམས་ཀྱང་། དེ་ལ་ཁྱིམ་ཆེ་གེ་མོ་ཤེས་སམ། ཤེས་སོ། །དེའི་བུ་མོ་དེ་མཁས་པ་ཡིན་ནམ་ཞེས་པ་ལ་སོགས་དྲི། ཡིན་ཟེར་ན་ལེན། མིན་ཟེར་ན་མི་ལེན་པ་ལས། དེ་དག་ལེགས་ན་ཁྱེའུ་དེ་བསྔགས་ལ། ཉེས་ན་དེ་སྨོད། ཕྱིས་དེ་རབ་ཏུ་བྱུང་ནས་ཀྱང་དེ་ལྟར་བྱེད་དེ། དེ་ནི་བྱུང་བ་ཡིན་ཀྱང་མ་བཅས་སོ། །དེའི་ཚེ་དྲུག་སྡེས་སྨྱན་བྱས་པས། མུ་སྟེགས་དག་ཁྱིམ་པ་དང་ཁྱད་པར་ཅི་ཡོད། སུ་ཞིག་བསོད་སྙོམས་སྦྱིན་ཞེས་ཟེར་བའི་སྐབས་དེ་གསོལ་བས། བྱུང་བ་འདི་ལས་བཅས་སོ། །འདི་ལ་གཞིའི་ཡན་ལག་སྤྲད་བྱ་བརྟེན་པར་བཟོད་པའི་བུད་མེད་དང་སྐྱེས་པ་སྨྲ་བའི་ཡུལ་མ་འཁྲུལ་བ། བསམ་པའི་ཡན་ལག་དེ་གཉིས་ཕྲད་པའི་དོན་དུ་བསམས་པ། སྦྱོར་བའི་ཡན་ལག་རང་ངམ་གཞན་བྱེད་དུ་བཅུག་པའམ། འཕྲིན་སྐྱེལ་བ་ལ་ཞུགས་པ་གང་རུང་མཐར་ཐུག་གི་ཡན་ལག་དེ་གཉིས་ཕྲད་པ་སྟེ། ཡན་ལག་དེ་ལྟ་བུ་ཚང་ན་སྨྱན་བྱེད་པའི་དགེ་འདུན་ལྷག་མར་འགྱུར་རོ། །སྤྲད་བྱ། སྔར་མི་མཐུན་པའི་སྐྱེས་པ་དང་བུད་མེད་སྤྱད་དུ་བཟོད་པ་དགོས་ཏེ། མངལ་ན་གནས་པ་དང་། མངལ་ན་མེད་ལ། གལ་ཏེ་བུ་བུ་མོ་བྱུང་ན་ཞེས་བྱས་ཟིན་པས་དང་། བརཏལ་ཞུགས་ལ་གནས་པས་སྦྱོར་བ་མི་བྱེད་པར་ངེས་པ་དང་། དབང་པོ་མེད་པ་དང་། མ་ནིང་མི་བརྟེན་པ་དང་། རིན་གྱིས་ཉོས་ཟིན་པ་དང་། དེ་གཉིས་ཡིད་གཅུགས་པར་གྱུར་པ་དང་། བདག་ཉིད་ཀྱི་ཕྱིར་སྨྱན་བྱེད་པ་རྣམས་ནི་མཐར་ཐུག་གྲུབ་པ་མེད་པའི་ཕྱིར་སྦྱོར་སྦོམ་དུ་འགྱུར་བས་ཏེ། དེ་ཡང་མི་ཉིད་ལ་མཐར་བྱེད་པ་པོ་མ་ཡིན་ཡང་སྦྱོར་བ་ཉིད་མ་ཡིན་པ་མ་ཡིན་ནོ། །ཞེས་སོ། །མ་འཁྲུལ། སྨྲ་བའི་ཡུལ་དངོས་སམ། དེའི་བདག་པོ་ལ་སྨྲས་པ་སྟེ། འབྲེལ་མེད་པ་གཞན་ལ་སྨྲས་ན་ཉེས་བྱས་སུ་འགྱུར་བས་སོ། །དེ་ཡང་དེ་ཉིད་ཀྱི་བདག་པོ་དང་ནི་སྤྲད་པར་བྱ་བ་དང་འདྲ་བ་ཉིད་དོ། །གཞན་ལས་བྱས་པ་དག་ནི་ཉེས་བྱས་སོ། །ཞེས་སོ། །སྤྲད་འདོད། མི་མཐུན་པ་མཐུན་པར་བསྒྲུབ་པའི་ཕྱིར་སྤྲད་པར་བསམ་པ་སྟེ། ཡང་དེའི་དོན་དུ་མི་མཐུན་པ་མཐུན་པར་བསྒྲུབ་པའི་ཕྱིར་ཞེས་པས་སོ། །རང་། གལ་ཏེ་ཁྱིམ་པ་ཞིག བཙུན་པ་ཁྱོད་ཀྱི་ཁྱིམ་པ་ཆེ་གེ་མོ་ལ་འདི་སྐད་ཅེས། ཁྱིམ་བདག་འདིའི་ཆུང་མའམ། མཛའ་ན་མོའམ། སྨོས་འདྲིན་གྱིས་ཤིག་ཅེས་སྨྲ་ནུས་སམ། ཞེས་ཟེར་བ་ལྟ་བུ་ལ། དེ་ལ་སྤྲིངས་པ་དེ་ནོས་ཏེ་ཕ་རོལ་ལ་སྐྱེལ་བར་བྱེད་ཅིང་། ཚུར་ལན་གློན་པའང་སྐྱེལ་བར་བྱེད་པ་ལྟ་བུ་དང་། དེ་ལ་འཇུག་པ་བར་མ། འཕྲིན་སྔ་མ་སྤྲད་པའི་དུས་སུ་སྔ་མ་ཤོས་ཀྱིས་ཐོས་པ་ན་འཕྲིན་ཚུར་མ་བསྐྱལ་ཡང་སྔ་མ་ལ་བརྗོད་པར་སོང་བས་སྔ་མ་དང་འདྲའོ། །དེ་ལྟར་འཕྲིན་ནོད་པ་དང་། གོ་བར་བྱེད་པ་དང་། བརྗོད་པ་ཞེས་བྱ་བ་གསུམ་གྱིས་བྱ་བ་རྗེས་སུ་བསྒྲུབ་པ་ནི་སྦྱོར་བ་ཐ་དད་ཡིན་ཏེ། གསུམ་པ་དེ་དག་གི་བྱ་བ་ཉིད་ནི་ཐ་དད་པ་ཉིད་དོ། །ཞེས་པས་སོ། །གཞན་དང་། གཞན་ལ་མངགས་པ་སྟེ་རང་ཉིད་ཀྱིས་བྱས་པ་དང་འདྲའོ། །འཕྲིན་གྱིས་བུད་མེད་སྐྱེས་སྤྲད། འཕྲིན་ཡིག་དང་། ལག་ཡིག་དང་། ཡུལ་ཕྱོགས་དང་། བརྡ་དང་། མཚན་མ་རྣམས་ནི་ཚིག་འདི་དང་འདྲའོ། །ཞེས་པ་རྣམས་ནི་དངོས་གཞི་སྐྱེད་ནུས་པར་མཚུངས་སོ་ཞེས་པའི་དོན་ཏོ། །ཁོ་བོས་འཕྲིན་ཕར་སྐྱེལ་ཚུར་ནི་མ་ཡིན་ནོ་ཞེས་པ་སྦོམ་པོ་དང་། གཉིས་ཀྱིས་སྤྲིངས་པ་མནོས་ནས་ཅིག་ཤོག་ཀྱིས་ཕར་ཡང་མི་སྐྱེལ་ཚུར་ཡང་མི་སྐྱེལ་ལོ་ཞེས་སྨྲ་བ་ལ་ནོད་པའི་སྦྱོར་བ་གཅིག་པུར་འགྱུར་རོ། །མང་པོས་ཕར་སྐྱེལ་ཚུར་ཡང་སྐྱེལ་ན་བྱེད་པ་པོ་སོ་སོ་ལ་བྱ་བ་རྫོགས་པར་འགྱུར་རོ། །ཕྲད་ནའོ། །གཉིས་ཀྱིས་གཉིས་ཕྲད་པར་གྱུར་ནའོ་ཞེས་པའི་ཐ་ཚིག་སྟེ། དེ་ལྟ་བུའི་ཕྲད་པ་མེད་ན་ནི་སྦོམ་པོ་ཉིད་དུ་འགྱུར་བས་སོ། །ཆུང་མ་བདུན་ལ་འཐབ་ཚིག་བདུན་རིམ་བཞིན། །དང་པོ་གསུམ་ལ་དང་གསུམ་བསྡུམས་ཉེས་བྱས། །བར་གསུམ་ན་སྨད་ལྷག་མ་དངོས་གཞི་ཡིན། །ཆུང་མ་བདུན་ནི། ཆུ་ཚིགས་ཀྱིས་སྦྱིན་པ་དང་། རིན་ཆས་ཉོས་པ་དང་། བཙན་ཕྲོགས་སུ་ཐོབ་པ་དང་། དངངས་སམ་འདུས་པ་དང་། གོས་ཟས་ཀྱིས་འཚོ་བ་དང་། ཁ་དུམ་པ་དང་། ཐབས་འགའ་ཕྲད་པ་རྣམས་སོ། །སྨད་འཚོང་མ་ནི་ཕྱི་མ་ཉིད་ཡིན་ནོ། །འཐབ་ཚིགས་བདུན་འཐབ་པའི་མོད་དང་། དེའི་འོག་རེ་ཞིག་པ་དང་། ཤིང་རྡུམ་བཅད་པ་ལྟ་བུར་མི་འཕྲད་དོ་ཞེས་ཟེར་བ་དང་། རྡེའུ་གསུམ་གཏོར་ནས་འདི་ལྟ་བུར་མི་འཕྲད་དོ་ཟེར་བ་དང་། བུད་མེད་ཀྱི་ཁྱིམ་གྱི་ཆོ་ག་རབ་ཏུ་བཏང་བ་དང་། སྐྱེས་པས་ཆུང་མ་མ་ཡིན་པར་བསྒྲགས་པ་དང་། བུད་མེད་ཀྱིས་ལྷ་རྟེན་གྱི་དྲུང་དུ་ལུས་ཕུལ་ལོ་ཞེས་སྨྲས་ནས་དྲིལ་བསྒྲགས་པ་རྣམས་སོ། །དེ་ལས་ཆུང་མ་དང་པོ་གསུམ་ལ་འཐབ་ཚིགས་དང་པོ་གསུམ་གྱི་ཚེ་བསྡུམ་པར་བྱེད་པ་ནི་ཉེས་བྱས་སོ། །བར་པ་གསུམ་གྱི་ཚེ་བསྡུམ་པར་བྱེད་ན་སྦོམ་པོ། ཐ་མ་དངོས་གཞིར་འགྱུར་བ་ས་ག་ལྷས་བཤད་དེ། བྱེ་བ་ཉེ་བར་བསྡུམས་བྱེད་གང་། །གཅིག་གཉིས་གསུམ་སྟེ་རིམ་པ་བཞིན། །ཉེས་བྱས་བསོག་པར་འགྱུར་བ་ཡིན། །བཞི་པ་དང་ནི་ལྔ་པ་གཉིས། །དྲུག་སྟེ་གསུམ་ལ་སྦོམ་པོ་ཡིན། །བདུན་པ་བསྡུམ་བྱས་བརཏལ་ཞུགས་ཅན། །དགེ་འདུན་གྱི་ནི་ལྷག་མ་ཐོབ། །ཅེས་པའི་རྗེས་སུ་འབྲང་ཞིང་། རྒྱ་ཆེ་འགྲེལ་པ་ལས། ཚིགས་དྲུག་པ་དང་བདུན་པ་གཉིས་ཀྱིས་དགེ་འདུན་ལྷག་མ་བྱེད་པ་ཡིན་ནོ། །ཞེས་གསུངས་སོ། །མཛའ་ན་མོ་བཅུ་ཆུང་མའི་དང་པོ་གསུམ། །མ་གཏོགས་ཀུན་ལ་འཐབ་ཚིག་བདུན་ཐམས་ཅད། །དངོས་གཞིར་འགྱུར་ཞིང་ན་སྨད་འགྱུར་བ་མེད། །མཛའ་ན་མོ་བཅུ་ནི། མས་བསྲུང་པ་དང་། ཕས་དང་། གྱོས་པོས་དང་། སྒྱུག་མོས་དང་། ཉེ་དུས་དང་། མིང་པོས་དང་། ཕུ་ནུ་མོས་དང་། རིགས་ཀྱིས་དང་། རུས་ཀྱིས་དང་། ཆོས་ཀྱིས་བསྲུངས་པ་རྣམས་སོ། །དེ་ཐམས་ཅད་དང་ཆུང་མའི་ལྷག་མ་བཞི་པོ་ཀུན་ལ་འཐབ་ཚིགས་བདུན་པོ་གང་གི་གནས་སྐབས་སུ་བསྡུམས་བྱས་ཀྱང་དངོས་གཞིར་འགྱུར་གྱི། ན་སྨད་པ་ནི་མེད་དོ། །ས་ག་ལྷས། གང་འདིར་མཛའ་ན་མོར་གསུངས་དང་། །བཞི་པ་ལ་སོགས་ཆུང་མ་རྣམས། །ཐམས་ཅད་དུ་ནི་བསྡུམས་བྱེད་ན། །དགེ་འདུན་ལྷག་མར་ངེས་པར་བསྟན། །ཞེས་སོ། །བུད་མེད་སྐྱེས་པ་དང་བརྡ་བྱས་པ་འདི་ན་འདུག་གོ་ཞེས་སྟོན་པ་དང་། འཐབ་ཀྲོལ་གྱིས་ཕྲོག་ཏུ་འཇུག་པ་དང་། ཆུང་མ་ཆེ་གེ་མོ་ཉོས་ཤིག་ཅེས་བརྗོད་པ་དང་། བྱིན་པོ་དོར་བྱས་པ་སླར་སྦྱིན་དུ་འཇུག་པ་དང་། དགེ་འདུན་ལ་ཆོས་སྟོན་བྱེད་པའི་སར་འདུས་སུ་བཅུག་པ་དང་། དོན་གཞན་ལ་བསྙད་ནས་ཕྲད་པ་རྣམས་ནི་སྦོམ་པོའོ། །ཁྱེའུ་དང་བུ་མོ་ལ་ཁྱིམ་རན་ཞེས་པ་དང་། བུད་མེད་ཉོས་ཞེས་པ་དང་། བུད་མེད་ཀྱི་ཚིག་གིས་སྐྱེས་པ་ལ་ཁུ་ཚུར་བསྣུན་པ་རྣམས་ནི་ཉེས་བྱས་སོ། ༦ །བདག་ཡོད་མ་གསོལ་མ་བསྟན་གཞི་དང་ནི། །བརྩམ་དུ་མི་རུང་རྩོད་པ་དང་བཅས་པར། །ཚད་ལས་ལྷག་པའི་རང་གི་ཁང་བྱས་ལའོ། །བཙལ་བ་ལའོ། །དེས་རྗེས་སུ་མ་གནང་བ་ལའོ། །ཞེས་པ་ལ་སོགས་པའི་དོན་ཏེ། གླེང་གཞི་ནི། མཉན་ཡོད་དུ་དགེ་སློང་མང་པོས་ཁང་པ་འདི་རིངས་སོ། །ཐུང་ངོ་། །ཡངས་སོ། །དོག་གོ །བརྙིངས་སོ། །ཉེས་སོ་ཟེར་ནས་གཞན་བྱེད་པས་བྱ་བྱེད་མང་སྟེ་ཀློག་པ་དང་བསམ་གཏན་ལ་གནོད་པས་མ་དད་པར་གྱུར་པ་འོད་སྲུང་གིས་ཐོས་ནས། སྟོན་པ་ལ་དོན་དེ་གསོལ་ནས། ཁང་པ་དང་ཁང་པའི་གཞི་བསྟན་དུ་གསོལ། བྱུང་བ་འདི་ལས་བཅས་སོ། །འདི་ལ་གཞིའི་ཡན་ལག་བདག་པོ་ཡོད་པ་དང་། དགེ་འདུན་ལ་མ་གསོལ་བ་དང་། གཞི་མི་རུང་བ་དང་། བརྩམ་དུ་མི་རུང་བ་དང་། རྩོད་པ་དང་བཅས་པ། བསམ་པའི་ཡན་ལག་རང་གིའམ་ལྷན་ཅིག་གནས་པའི་ཆེད་དུ་བྱ་བར་བསམས་པ། སྦྱོར་བ་ཚད་ལས་ལྷག་པ། མཐར་ཐུག་ཁང་པ་བྱས་ཟིན་པ་སྟེ། འདི་ལྟ་བུའི་ཡན་ལག་ཚང་ན་ཁང་པ་བྱས་པའི་དགེ་འདུན་ལྷག་མའི་ལྟུང་བར་འགྱུར་རོ། །བདག་ཡོད། མིས་བདག་ཏུ་བཟུང་བའོ། །མ་གསོལ། དགེ་འདུན་ལ་མ་གསོལ་བའོ། །མ་བསྟན། དགེ་འདུན་གྱིས་མ་བསྟན་པའོ། །གཞི་མི་རུང་། སྦྲུལ་དང་། སྡིག་པ་དང་། སྲིན་དང་། གྲོག་མའི་གནས་ཡིན་པའོ། །བརྩམ་དུ་མི་རུང་། ཉེན་ཀོར་འདོམ་གང་གི་ཁོ་ར་ཁོར་ཡུག་གི་ནང་ངམ། ཉེ་བར་ཆུ་ཀླུང་ངམ། ཁྲོན་པའམ། ངམ་གྲོག་ལ་བརྟེན་པའོ། །རྩོད་པ་དང་བཅས་པར། རྒྱལ་པོའི་གཞིའམ། མཆོད་རྟེན་ནམ། ཁྱིམ་བདག་གམ། མུ་སྟེགས་ཀྱི་གཞིའམ། དགེ་སློང་མའི་དབྱར་ཁང་ངམ། ཤིང་ལྗོན་པ་གཅད་པར་བྱ་བ་ཡོད་ན་རྩོད་པ་དང་བཅས་པ་ཡིན་ནོ། །ཚད་ལས་ལྷག་པའི། ཁང་པའི་ཚད་ལས་ལྷག་པ་བྱས་པའོ། །རང་གི རང་ངམ་རང་གི་ལྷན་ཅིག་གནས་པ་གཅིག་གི་ཚད་དུ་བྱས་པ་སྟེ་གཅིག་གི་དོན་དུའོ་ཞེས་པས་སོ། །མང་པོའི་ཆེད་དུ་བྱས་པ་ནི་སྦོམ་པོར་འགྱུར་རོ། །ཁང་བྱས་ནའོ། །མི་བསླས་པ་དང་། གླ་རྔན་བྱིན་པའམ་ཐབས་གང་གིས་ཁང་པ་ཟིན་པའི་སྐད་ཅིག་མ་དངོས་གཞིར་འགྱུར་རོ། །ཡན་ལག་ལྔ་ཚང་སྦོམ་པོ་གཞན་ན་སྨད། །ཡན་ལག་དེ་ལྟ་བུ་དག་ལས་ཡན་ལག་ལྔ་ཙམ་ཚང་བ་ནི་སྦོམ་པོར་འགྱུར་ལ། དེ་ལས་དམན་པ་ནི་སྦོམ་པོ་ལས་ན་སྨད་པ་ཡིན་ནོ། །སྲིད་དུ་བཅུ་གཉིས་ཞེང་དུ་བདུན་གྱི་གྲངས། །བདེ་གཤེགས་མཐོ་སྟེ་དེ་ཚད་ཁྲུ་གཅིག་དང་། །ཕྱེད་ཡིན་དེར་ནི་སྤྱོད་ལམ་བཞི་སྤྱད་རུང་། །ཁང་པའི་ཚད་ནི། ནང་གི་དཀྱུས་ལ་བདེ་བར་གཤེགས་པའི་མཐོ་བཅུ་གཉིས་དང་། ཞེང་དུ་བདུན་ནོ། །རྡུལ་ཕྲ་རབ་ལ་སོགས་པ་རིམ་པས་སྒྲེས་པའི་སོར་མོ་ཉི་ཤུ་རྩ་བཞི་ལ་ནི་ཚད་དང་ལྡན་པའི་ཁྲུ་གང་ངོ་། །ཁྲུ་ཕྱེད་དང་དོ་ནི་བདེ་བར་གཤེགས་པའི་མཐོ་གང་ཡིན་ནོ། །སྤྱོད་ལམ་བཞི་ནི། འགྲེང་བ་དང་། འདུག་པ་དང་། ཉལ་བ་དང་། འཆག་པའོ། །དེ་ལྟ་བུའི་སྣོད་མ་ཡིན་པ་འགྲེང་མི་ཐུབ་པ་ལ་སོགས་པ་བརྩམས་ཀྱང་ཉེས་པ་མེད་དོ། ༧ །བདག་མེད་མ་གསོལ་མ་བསྟན་གཞི་དང་ནི། །བརྩམ་དུ་མི་རུང་རྩོད་བྱས་ས་ལ་ནི། །ཚོགས་ཀྱི་དོན་དུ་གཙུག་ལག་ཁང་བྱས་ལའོ། །ཚོགས་ཀྱི་དོན་དུའོ་ཞེས་པ་ལ་སོགས་པའི་དོན་ཏེ། གླེང་གཞི་ནི། སྟོན་པ་ཀོའུ་ཤམ་བིའི་གདངས་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ། དྲུག་སྡེ་དག་གཞན་གྱི་གཙུག་ལག་ཁང་ན་གནས་ཏེ། གཙུག་ལག་ཁང་འདི་ནི་གྱོང་གྲུགས་སུ་གྱུར་པ། གས་པ། མཚམས་ཉམས་པ། ངོས་ཉམས་པ་མ་མོའི་ཁྱིམ་འདྲའོ། །ཞེས་འཕྱ་བ་དང་། དགེ་སློང་དག་ཁྱེད་ཅག་གིས་རྡོ་ཡང་སྒྲེང་མི་ནུས་པར་གཞན་གྱི་གཙུག་ལག་ཁང་ལ་འཕྱའོ་ཞེས་ཟེར་བ་དང་། དེ་དག་ང་རྒྱལ་གྱིས་ཁེངས་ནས་གྲོས་བྱེད་དེ། ལྷུང་བཟེད་ནག་པོ་ཅན་དག་གིས་ཟིལ་གྱི་མནན་གྱི། སྔར་གཞན་གྱིས་མ་བྱས་པ་ཞིག་བརྩིག་གོ །ཐམས་ཅད་ལག་གི་བླ་ལ་ཞུགས་ན་འཕྱ་བར་འགྱུར་གྱི། བདག་ཅག་གི་ནང་ན་མཁས་པ་སྤྱོད་པ་གསལ་བ་ཁབ་འཇུག་སར་གཏུན་བུ་འཇུག་ནུས་པ་འདུན་པ་ཡིན་པས་བསྐོ་སྙམ་ནས་བསྐོས་སོ། །དེ་ནས་འདུན་པས་ཀོའུ་ཤམ་བི་ན་བྲམ་ཟེ་ལོངས་སྤྱོད་ཅན་སེར་སྣ་ཆེ་བ་བྱ་རོག་ལའང་གཏོར་མ་མི་སྟེར་བ་ཞིག་འདུག་པས་འདི་སྦྱོར་དུ་གཞུག་གོ་སྙམ་ནས། དེ་ཐབས་ཀྱིས་དད་པར་བྱས་ཏེ། དེ་ལས་རིན་བླངས་རྒྱལ་པོ་ལ་ས་བླངས་ཏེ། ཀོའུ་ཤམ་བི་དང་གདངས་ཅན་གྱི་ཀུན་དགའ་ར་བའི་བར་ན་ཤིང་ལྗོན་པའི་དྲུང་ན་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་གསང་ཚིག་ཀློག་པ་ཡོད་དེ། དེ་དག་དྲུག་སྡེ་ལ་ཡང་ཡང་སྤྱོ་འདྲི་བ་དེའི་གནས་སུ་བརྩིག་གོ་ཞེས་བགྲོས་ནས་སོང་སྟེ། གླ་མི་བོས་ནས་ཤིང་བཅད་ཕྱོགས་མཉམ་པར་བྱས་ཏེ། འདིར་དྲི་གཙང་ཁང་། འདིར་སྒོ་ཁང་བྱའོ་ཞེས་མཚན་མ་བྱས་ཏེ་སོང་བའི་ཤུལ་དུ་བྲམ་ཟེའི་ཁྱེའུ་དག་ལྷགས་པ་དང་། ཤིང་མ་མཆིས་པས་ཡིད་ཁོང་དུ་ཆུད་ཅིང་འདུག་པ་ན། དྲུག་སྡེ་ལྷགས་ཏེ་བགད་པ་དང་། ཁྱེད་ཀྱིས་མ་བཀུམ་མམ། བཀྲེན་པ་སྤྱོ་འདྲི་བ་མི་དགའ་བར་བྱས་སོ། །དགེ་སྦྱོང་གི་ཚུལ་ཚིག་གོ་ཟེར་ནས་འཕྱ་བའི་སྐབས་དེ་གསོལ་པས་བཅས་སོ། །འདི་ལ་གཞིའི་ཡན་ལག་བདག་པོ་མེད་པ་དང་། མ་གསོལ་བ་དང་། མ་བསྟན་པ་དང་། གཞི་མི་རུང་བ་དང་། བརྩམ་དུ་མི་རུང་བ་དང་། རྩོད་པ་དང་བཅས་པའི་ས་ཡིན་པ། བསམ་པ་ཚོགས་ཀྱི་དོན་དུ། སྦྱོར་བ་གཙུག་ལག་ཁང་བརྩམས་པ། མཐར་ཐུག་གྲུབ་པ་སྟེ། ཡན་ལག་འདི་དག་ཚང་ན་ཁང་ཆེན་བྱས་པ་ལས་བྱུང་བའི་ལྷག་མའི་ལྟུང་བར་འགྱུར་རོ། །ཡན་ལག་གཅིག་དམན་སྦོམ་པོ་གཞན་ན་སྨད། །ཡན་ལག་གཅིག་ཙམ་གྱིས་དམན་ན་ཡང་སྦོམ་པོར་འགྱུར་ལ། གཉིས་ལ་སོགས་པས་དམན་ན་ནི་དེ་ལས་ཀྱང་ན་སྨད་པ་ཡིན་ནོ། །མ་བསྐོས་པར་བྱེད་པ་དང་། མི་མཐུན་པའི་ཞལ་ཏ་བྱེད་པ་ཡང་སྦོམ་པོའོ། །གསོལ་བའི་འོག་ཏུ་ལེ་ལོས་མ་གྲུབ་ན་ཉེས་བྱས་སོ། །དེ་ལྟ་བས་ན་ཁང་པ་ལ་ནི་བདག་པོ་མེད་པ་མ་བླངས་པར་ཚད་དང་ལྡན་པར་བྱ་བ་དང་། གཙུག་ལག་ཁང་ལ་ནི་བདག་པོ་ཡོད་པ། དགེ་འདུན་གྱི་ཕྱིར་བརྩིག་ཏུ་བཅུག་པ་སྟེ། གཉིས་ཀ་ལ་ཐུན་མོང་དུ་འཇུག་པ་གཞི་རུང་བ་དང་། རྩོད་པ་མེད་པ་དང་། བརྩམ་དུ་རུང་བ་བཙལ་ཏེ། རྙེད་ནས་གནས་མལ་བཤམས། གནྜི་བརྡུངས་ཏེ། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ། མཆིལ་ལྷམ་ཕུད་དེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། རྒན་རིམ་དུ་ཕྱག་བཙལ་ནས། རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་ནས་ཐལ་མོ་སྦྱར་ཏེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་ལག་གི་བླ་ཞེས་པ་ནས། གསོལ་ཞེས་པའི་བར་ལན་གསུམ་བཟླས་པས་གཞི་བསྟན་པར་གསོལ་ལོ། །དེ་ནས་དགེ་འདུན་ཐམས་ཅད་དེར་འགྲོ་བར་བྱ་བའམ། ཡིད་ཆེས་པ་བཏང་སྟེ། དེས་ཀྱང་ཞིབ་མོར་བལྟས་པས་གཞི་རུང་བ་རྣམ་པ་ཐམས་ཅད་རྫོགས་པ་ཡིན་ན་རྒན་པའི་མཐའ་ལོགས་སུ་འདུག་སྟེ། གནས་བརྟན་དག གཞི་དེ་ནི་རུང་བ་དང་། རྩོད་པ་མ་མཆིས་པ་དང་། བརྩམ་དུ་རུང་བ་ལགས་ཀྱི། ད་དེའི་དུས་ལ་བབ་པར་མཁྱེན་པར་མཛོད་ཅིག་ཅེས་བརྗོད་ལ། དེའི་འོག་ཏུ་དགེ་སློང་གཞན་ཞིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དེ་ལྟར་བསྟན་པ་དེར་ལེ་ལོ་མེད་པས་བསྒྲུབ་པར་བྱ་བ་ཡིན་ནོ། ༨ །རྒྱུ་མཚན་མེད་པར་གཞན་ནི་སྨད་འདོད་པས། །ཕམ་པའི་སྐུར་ཚིག་སྨྲས་པའོ་ཉམས་ལ་ཡང་། །ཕམ་པར་གྱུར་པ་ལྷག་པར་སྤྱོད་པས་དགེ་སློང་ཉམས་པ་ལ་སོགས་པ་ཡང་ངོ་། །ཞེས་པ་ལ་སོགས་པའི་དོན་ཏེ། གླེང་གཞི་ནི། རྒྱལ་པོའི་ཁབ་ཏུ་གནས་མལ་འབོགས་པའི་མཆོག་ཏུ་ལུང་བསྟན་པ། ཚེ་དང་ལྡན་པ་གྱད་བུའི་ནོར་ཆེན་པོ། སྟོན་པས་གནས་མལ་འབོགས་པ་དང་ཟས་ལ་བསྐོས་སོ། །དེས་གློ་བུར་དུ་འོངས་པ་རྣམས་ཉི་མ་དང་པོ་ལ་ཟས་བསོད་པ། གཉིས་པ་ལ་འབྲིང་། གསུམ་པ་ལ་ངན་པར་གཏོང་ལ། བཞི་པ་ལ་རང་སྤྱོད་ཡུལ་ཤེས་ནས་འདོང་ངོ་། །དེའི་ཚེ་མཛའ་བོ་དང་ས་ལས་སྐྱེས་གཉིས་ལྷོའི་རི་བོར་ལྗོངས་རྒྱུས་ནས་རྒྱལ་པོའི་ཁབ་ཏུ་ཕྱིན་པ་དང་། གནས་མལ་འབོགས་པ་སུའོ། །གྱད་བུའི་ནོར་རོ། །དེས་དེ་ལ་གནས་མལ་ཕོག་ཅིང་། དེའི་ཚེ་བཟང་བ་རྣམས་གནས་བརྟན་རྣམས་ལ་ཕོག་ཟིན་ནས་ངན་པ་ལས་མ་ལུས་དེ་ཕོག་གོ །ཟས་ལ་སུ། ཁོ་བོའོ། །སྐོས་ཤིག དེས་སྔར་བཞིན་བསྐོས་པ་དང་། ཁྱིམ་པ་དག་སང་སུ་འབྱོན། མཛའ་བོ་དང་ས་ལས་སྐྱེས་གཉིས་སོ། །ཁྱིམ་བདག་གིས་བསམ་པས། དེ་གཉིས་གནས་ངན་ལེན་བྱེད་པ་ཡིན་གྱི། ཅི་ཡང་རུང་བ་ཐོབ་ནས་འགྲོ་བར་གྱུར་ཅིག་སྙམ་ནས་ངན་པ་བྱིན་ནོ། །དེ་ནས་དེ་གཉིས། ཀྱེ་མའོ། སྡུག་བསྔལ་ལོ། །ལན་གསུམ་དུ་ཟས་ངན་པ་སྦྱིན་པས་གནོད་པ་ཞིག་བྱའོ་སྙམ། དེར་མཛའ་བོའི་སྲིང་མོ་འོངས་ནས་ཕྱག་འཚལ་བ་ལ་ཡང་བལྟ་བར་མི་བྱེད་དོ། །དེས་ཅིའི་ཕྱིར། གྱད་བུའི་ནོར་གྱིས་ལན་གསུམ་དུ་མཐོ་བརྩམས་ན་ཡལ་བར་འདོར་རམ། ཅི་བགྱི། སྟོན་པ་ཅན་སོང་ལ། གྱད་བུའི་ནོར་གྱིས་བདག་དང་མི་ཚངས་སྤྱོད་བྱས་པས་ཕམ་པར་གྱུར་ཅེས་སྨྲོས་ཤིག ཁོ་བོས་དཔང་བྱའོ། །ཅི་ལྟར་སྐུར་པ་བཏབ། མི་ཟེར་ན་བལྟ་བ་སོགས་མི་བྱེད་དོ། །ཡུད་ཙམ་ཅི་ཡང་མི་སྨྲ་ནས་བགྱིའོ་ཞེས་ཁས་བླངས་ནས་སྟོན་པའི་སྤྱན་སྔར་དེ་བཞིན་དུ་བགྱིས་སོ། །སྟོན་པས་གྱད་བུའི་ནོར་ཁྱོད་ཀྱིས་ཐོས་སམ། ཐོས་སོ། །ཇི་སྙམ་དུ་སེམས། བཅོམ་ལྡན་འདས་ཀྱིས་བདག་ལ་ཇི་ལྟར་མཁྱེན་པ་ལགས་སོ། །དེའི་དུས་མ་ཡིན་གྱི། དྲན་ན་དྲན་ཞེས་སྨྲོས། མི་དྲན་ན་མི་དྲན་ཞེས་སྨྲོས་ཤིག མི་དྲན་ནོ། །དགེ་སློང་དག་གྱད་བུའི་ནོར་དྲན་པ་དང་ལྡན་པར་གཟུང་ཞིག མཛའ་མོ་རང་གིས་ཁས་བླངས་པ་སྙིལ་ཞིག དགེ་སློང་དག་གིས་ལེགས་པར་དྲིས་པས། ཁོ་བོ་ཅག་ལ་ལན་གསུམ་དུ་མཐོ་བཙམས་པས་འགྲོ་བ་མ་ཡིན་པ་བཞིས་སྨྲས་སོ་ཟེར་ནས་གསོལ་བས། དེ་སྨད་དེ་སྟོན་པས་བཅས་སོ། །འདི་ལ་གཞིའི་ཡན་ལག་རང་ལས་གཞན་པའི་བཅས་ལྡན་དགེ་སློང་ངམ། བསླབ་པ་ལས་ཉམས་པ་གང་རུང་། བསམ་པའི་ཡན་ལག་རྒྱུ་མཚན་མེད་པ་ལ་འདུ་ཤེས་བསྒྱུར་ཏེ་སྨད་འདོད། སྦྱོར་བའི་ཡན་ལག་ཕམ་པའི་སྐུར་ཚིག མཐར་ཐུག་གི་ཡན་ལག་གཞན་གྱིས་གོ་བར་སྨྲས་པའོ། །ཡན་ལག་འདི་དག་ཚང་ན་གཞི་མེད་ཀྱི་སྐུར་འདེབས་ཀྱི་ལྟུང་བར་འགྱུར་རོ། །རྒྱུ་མཚན་མེད་པར་གཞན་ནི། མཐོང་བ་དང་། ཐོས་པ་དང་། དོགས་པའི་གཞི་གང་ཡང་མེད་པའི་དགེ་སློང་ངམ། གལ་ཏེ་གཞི་གཞན་ཡོད་དུ་ཟིན་ཀྱང་། གང་གི་གླེང་བའི་གཞི་དེ་མེད་པའི་ཉམས་པའོ། །སྨད་འདོད་པས། ཕམ་པའི་སྐུར་ཚིག་སྨྲས་པའོ། །མི་བདེན་བཞིན་དུ་སྨྲ་བར་འདོད་པའི་འདུ་ཤེས་བསྒྱུར་བའོ། །དེ་ཡང་གཞི་དེ་ཉིད་ཡོད་དུ་ཟིན་ཀྱང་འདུ་ཤེས་སྒྱུར་བར་བྱེད་ན། བརྫུན་དུ་སྨྲ་བ་ཡིན་པས་ལྷག་མར་འགྱུར་ལ། འདུ་ཤེས་བསྒྱུར་བ་མེད་ན། གཞི་དེ་ཉིད་མེད་དུ་ཟིན་ཀྱང་བདེན་པར་སྨྲ་བ་ཡིན་པས་ལྷག་མར་མི་འགྱུར་རོ། །དེ་ལྟར་ཡང་འགྲེལ་པར། བརྫུན་པ་དང་བདེན་པ་གཉིས་ནི་འདུ་ཤེས་དང་འབྲེལ་བ་ཡིན་གྱི། དོན་གྱི་དེ་ཉིད་དང་འབྲེལ་བ་ནི་མ་ཡིན་ནོ། །ཞེས་སོ། །མིའི་འགྲོ་བ་པ་གང་ཡང་རུང་བ་ལ་བརྡ་ཕྲད་པར་སྨྲས་ནའོ། །ཉམས་ལ་ཡང་། གང་ཟག་མ་དག་པ་ལ་སྐུར་པ་འདེབས་ན་ལྟུང་བ་འབྱུང་བར་འགྱུར་བའི་གཞི་བཅུ་གཅིག་དང་། ལྟུང་བ་མེད་པར་འགྱུར་བའི་གཞི་དྲུག་ཡོད་དེ། དང་པོ་ནི། མ་མཐོང་བ་མཐོང་། མ་ཐོས་པ་ཐོས། མ་དོགས་པར་དོགས། ཐོས་པ་ལ་ཡིད་ཆེས་ནས་བདག་གིས་མཐོང་། ཐོས་པ་ལས་ཡིད་མ་ཆེས་པར་བདག་གིས་མཐོང་། ཐོས་པ་ལ་དོགས་ནས་བདག་གིས་མཐོང་། ཐོས་པ་ལས་མི་དོགས་ནས་བདག་གིས་མཐོང་། དོགས་པ་ལ་དོགས་ནས་བདག་གིས་མཐོང་། དེས་མཐོང་ལ་དེ་ཡང་བརྗེད་བཞིན་དུ་བདག་གིས་མཐོང་། དེས་ཐོས་ལ་དེ་ཡང་བརྗེད་བཞིན་དུ་བདག་གིས་མཐོང་། དེས་དོགས་ལ་དེ་ཡང་བརྗེད་བཞིན་དུ་བདག་དོགས་ཟེར་བ་འདུ་ཤེས་བསྒྱུར་ཏེ་སྨྲ་བ་རྣམས་ནི་བརྗོད་དོ་ཅོག་དངོས་གཞིར་འགྱུར་རོ། །ལྟུང་བ་མེད་པའི་གཞི་དྲུག་ནི། ཐོས་དོགས་མ་ཡིན་པར་མཐོང་བ། མཐོང་དོགས་མ་ཡིན་པར་ཐོས་པ། མཐོང་ཐོས་མ་ཡིན་པར་དོགས་པ། མཐོང་ལ་ཐོས་དོགས་པ། ཐོས་ལ་མཐོང་དོགས་པ། དོགས་ལ་མཐོང་ཐོས་པ་རྣམས་ཀྱི་བརྗོད་དོ་ཅོག་ཉེས་བྱས་སོ། །མཚན་མི་མཐུན་པ་དང་ལྟ་བ་མི་མཐུན་པ་ཡང་ངོ་། །ལྟ་བ་མི་མཐུན་པ་ནི། རང་ཉིད་ཕམ་པ་དང་པོ་ཁས་ལེན་པ་ལ་ཁས་མི་ལེན་པ་ཕམ་པ་གཉིས་པ་དང་། ཁས་ལེན་པ་ལ་ཁས་ལེན་པས་གཞི་མེད་པའི་ཕམ་པས་སྐུར་པ་འདེབས་ན་ཡང་དངོས་གཞིར་འགྱུར་རོ། །གཞན་ཡང་མི་བརྟེན་པས་སྐུར་པ་འདེབས་ན་སྦོམ་པོ་ཞེས་པ། དགེ་སློང་ལ་མ་ནིང་མོ་དང་སྤྱད་དོ་ཞེས་སྐུར་པ་འདེབས་ན་སྦོམ་པོའོ། །དེའི་ཁའམ་བཤང་བར་རོ་ཞེས་ན་དངོས་གཞི། གང་ཟག་གི་མིང་མ་སྨོས་པར་མི་ཚངས་སྤྱོད་བྱས་སོ་ཟེར་ན་ཡང་སྦོམ་པོའོ། ༩ །དེ་བཞིན་སྙད་ཀ་ཅུང་ཟད་ཡོད་པ་ལ། །བརྟེན་ནས་སྨྲ་བ་བག་ཙམ་ཡིན་པར་གྲགས། །བརྗོད་པར་བྱ་བ་གཞན་ལ་སྨྲ་བའི་ཚིག་གི་བརྫུན་ནའོ་ཞེས་པའི་དོན་ཏེ། གླེང་གཞི་ནི། གྱད་བུའི་ནོར་རྫིང་བུ་རྡོ་རྩིགས་ཅན་གྱི་འགྲམ་ན་གནས་པ་ན། ཨུཏྤ་ལའི་མདོག་གྱད་བུའི་ནོར་བསམ་གཏན་གྱི་བདེ་བ་སྤངས་ནས་དགེ་འདུན་གྱི་ཞལ་ཏ་ཉམས་སུ་ལེན་པ་ནི་དཀའ་བ་བྱེད་པ་ཡིན་ནོ་སྙམ་སོང་ནས་ཕྱག་བྱས་ཆོས་ཉན་ནོ། །དེའི་ཚེ་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་ཕྱག་དར་ཁྲོད་ཅིག་རྙེད་ནས་རྫིང་བུ་དེར་སྐེམ་པ་དང་། རི་དྭགས་ཁྱུ་ཅིག་ཆུ་འཐུང་ཕོ་མོ་མི་ཚངས་པ་སྤྱོད་པ་མཐོང་ནས་སྐུར་པ་གདབ་ཀྱིན་གདོང་ངོ་། །མཛའ་བོ་ཡང་གནས་དབྱུང་གི་ལས་བྱེད་འཇུག་གམ། ད་རེས་བག་ཙམ་ལ་བསམ་པ་ཡོད་པས་བརྫུན་དུ་སྨྲ་བ་ག་ལ་ཡོད། དེ་གཉིས་སོང་སྟེ་དགེ་སློང་རྣམས་ལ། གྱད་བུའི་ནོར་དང་ཨུཏྤ་ལའི་མདོག་མི་ཚངས་སྤྱོད་པ་བརྟེན་པ་མཐོང་ངོ་། །ཅི་ཡང་ཁྱེད་གཉིས་སྐུར་པ་འདེབས་སམ། ཅི མིག་གིས་མཐོང་བས་དབྱུང་བར་བྱ་གྲང་། གསོལ་པས་སྔར་བཞིན་རྟོགས་ཤིག བརྟགས་པས་སྔར་བཞིན་ཟེར་ནས། གསོལ་བས་སྨད་དེ་བཅས་སོ། །འདི་ལ་གཞིའི་ཡན་ལག་རང་ལས་གཞན་པའི་དགེ་སློང་ངམ་ཉམས་པ། བསམ་པའི་ཡན་ལག་སྙད་ཀ་ཅུང་ཟད་ཡོད་པ་ལ་བརྟེན་ནས་འདུ་ཤེས་བསྒྱུར་ཏེ་སྨྲ་བར་བསམ་པ། སྦྱོར་བའི་ཡན་ལག་ལ། གཞན་ལ་གནས་པའི་ཚིག་གི་བརྫུན་སྨྲ་བ། མཐར་ཐུག་གི་ཡན་ལག་གཞན་ལ་བརྡ་འཕྲོད་པ། འདི་ལྟ་བུའི་ཡན་ལག་ཚང་ན་བག་ཙམ་གྱིས་སྐུར་བ་འདེབས་པའི་དགེ་འདུན་ལྷག་མར་འགྱུར་རོ། །དཔེར་ན་ཁོ་བོ་ཅག་གིས་གྱད་བུའི་ནོར་མཐོང་ངོ་། །ཨུཏྤ་ལའི་མདོག་མཐོང་ངོ་། །འཁྲིག་པའི་ཆོས་བརྟེན་པ་མཐོང་ངོ་། །ཞེས་སྨྲ་ཡི། འདི་དང་འདིར་ལྷན་ཅིག་དེ་བྱེད་དོ་ཞེས་བྱེད་པ་པོ་དང་བྱ་བར་སྦྱར་ཏེ་མི་སྨྲ་བས་བག་ཙམ་སྨྲ་བ་ཞེས་བསྒྲགས་སོ། ༡༠ །མཐུན་པ་དབྱེ་སླད་རྩོད་པ་བླངས་ནས་གཟུང་། །བཞམས་དང་གསོལ་བཞིས་ལན་གསུམ་བསྒོས་མི་ཉན། །ཚོགས་སུ་ལོངས་པ་ཕྱེ་ཞིང་བྱེ་བ་ནའོ། །དེའི་མཐར་ལ་མི་གཏོང་ནའོ། །བརཏལ་བར་བྱེད་པ་ཉིད་དོ། །དབྱེན་ལའོ། །ཞེས་པའི་དོན་ཏེ། གླེང་གཞི་ནི། སྟོན་པ་རྒྱལ་པོ་འི་ཁབ་ཏུ་བཞུགས་སོ། །དེའི་ཚེ་མུ་གེ་ཉམ་ང་བ་ཞིག་བྱུང་ནས། དགེ་སློང་རྫུ་འཕྲུལ་ཡོད་པ་རྣམས་འཛམ་བུའི་འབྲས་བུ་དང་། སྒྲ་མི་སྙན་ནས་འབྲས་སཱ་ལུ་དང་། ལྷའི་ཡུལ་ནས་བདུད་རྩི་བླངས་ནས་རང་ཡང་སྤྱོད། གཞན་ལ་ཡང་བགོ་བཤར་བྱེད་དོ། །ལྷས་སྦྱིན་ཡང་དེ་ལྟར་བྱའོ་སྙམ་ནས་སྟོན་པ་ལ་བདག་ལ་རྫུ་འཕྲུལ་བསྟན་དུ་གསོལ། ཁྱོད་ཀྱིས་ལྷག་པའི་ཚུལ་ཁྲིམས་དང་སེམས་དང་ཤེས་རབ་ལ་བརྩོན་པར་གྱིས་ཤིག རྫུ་འཕྲུལ་དང་གཞན་ཡང་འབྱུང་ངོ་། །དེས་མི་སྟོན་པར་ཤེས་ནས། ཀོའུ་དི་ནྱ་ཅན་སོང་སྟེ་ཞུས་པ་ནས། གནས་བརྟན་ལྔ་བརྒྱའི་བར་གྱིས་མ་བསྟན་པས། འོད་སྲུང་སྟོབས་བཅུ་པ་ཅན་སོང་སྟེ། དེས་མ་བརྟགས་པར་བསྟན་པ་བསྒྲུབ་པས་བསམ་གཏན་དང་པོ་ལ་བརྟེན་ནས་ཐོབ་བོ། །དེས་མ་སྐྱེས་དགྲ་རྗེས་སུ་འཇུག་པར་བྱའོ་སྙམ་ནས་རྫུ་འཕྲུལ་བསྟན་པས། མ་སྐྱེས་དགྲས་ལྷས་སྦྱིན་སྟོན་པ་བས་རྫུ་འཕྲུལ་ཆེའོ་ཞེས་འཛིན་ཅིང་སྔ་རྒོངས་ཤིང་རྟ་ལྔ་བརྒྱ་ཙམ་དང་ལྷན་ཅིག་འབྱུང་ཞིང་བསྙེན་བཀུར་བྱེད་ལ། སྣོད་དུ་སྩོལ་བ་ལྔ་བརྒྱ་ཙམ་གྱི་ཟས་ཚོམ་བུར་འབུལ་ལོ། །དེའི་ཚེ་ལྷས་སྦྱིན་གྱི་བསམ་པ་ལ། བཅོམ་ལྡན་འདས་འདི་རྒས་འཁོགས་སུ་གྱུར་པས་འཁོར་བཞི་བདག་ལ་གཏད་ན་དྲང་ངོ་སྙམ་པ་དང་རྫུ་འཕྲུལ་ཉམས་ཏེ་ཉམས་པར་མ་ཤེས་སོ། །དགེ་སློང་ནོག་ཅན་ཚངས་པར་སྐྱེས་པ་དེས། མོའུ་འགལ་གྱི་བུ་ཆུ་སྲིན་བྱིས་པ་གསོད་ཀྱི་རི་ན་ཡོད་པ་དེར་སོང་སྟེ། སྟོན་པ་ལ་ཞུས་ཤིག་ཅེས་བསྐུལ་ནས། དེས་ཀྱང་སོང་སྟེ་ཇི་ལྟར་གྱུར་པ་ཞུས་པ་དང་། ལྷས་སྦྱིན་གྲོགས་བཞི་ཀོ་ཀ་ལི་ཀ་དང་། ཁཎྜྻ་དྲ་བྱ་དང་། ཀ་ཏ་མོ་ཏ་ཀ་ཏིཥྛ་དང་། རྒྱ་མཚོས་བྱིན་དང་ལྷན་ཅིག་འོང་བ་གཟིགས་ནས་ཚིག་སྲུངས་ཤིག མོའུ་འགལ་གྱི་བུ་རང་གནས་སུ་སོང་ངོ་། །ལྷས་སྦྱིན་གྱིས་སྟོན་པ་ལ་ཕྱག་བཙལ་ནས། བཅོམ་ལྡན་འདས་སྐུ་བགྲེས་པ་འཁོར་བཞི་ལ་འདོམས་པ་མཉེལ་གྱི། བདག་གིས་དྲངས་ན་ཐུགས་ལས་ཆུང་ངུས་གནས་པར་འགྱུར་རོ། །མི་གཏི་མུག་ཅན། ང་ཤཱ་རིའི་བུ་དང་། མོའུ་འགལ་གྱི་བུ་ལའང་མི་གཏོད་ན། རོ་འདྲ་བ་མཆིལ་མ་ཟ་བ་ཁྱོད་ལ་གཏོད་རི་སྐན། ལྷས་སྦྱིན་མི་བཟོད་པ་སྐྱེས་ཏེ་སྡོད་ཅིག་བྱས་ནས་མགོ་ལྕོགས་ལན་གསུམ་བྱས་ནས་སོང་ངོ་། །སྟོན་པས་ཀུན་དགའ་བོ་ལ་དགེ་འདུན་སྡུས་ཤིག་གསུངས་ནས་བསྡུས་པ་དང་། སྟོན་པས་དགེ་སློང་དག་ལྔ་ནི་འཇིག་རྟེན་ན་ཡོད་ཅིང་སྲིད་པའི་སྟོན་པ་སྟེ། ཚུལ་ཁྲིམས་དང་། འཚོ་བ་དང་། ཤེས་མཐོང་གསུམ་མ་དག་པ་དང་། བརྡ་འཕྲོད་པ་ཕུན་སུམ་མ་ཚོགས་པ་དང་། ངེས་པར་བཤད་པའི་ཆོས་འདུལ་བ་ལ་གནས་བཞིན་དུ་དེ་དག་དག་པ་དང་ཕུན་སུམ་ཚོགས་པར་ཁས་འཆེ་བ་ལ་ལྷན་ཅིག་འགྲོགས་པ་དག་གིས་དེ་ལྟར་ཤེས་ཀྱང་ཡིད་མི་དགའ་བར་འགྱུར་གྱི། འདི་རང་ཤེས་སོ་སྙམ་ནས་དེ་དག་གི་སེམས་བསྲུང་ངོ་། །ང་ནི་དེ་དག་དག་པ་ཁོ་ནས་ཁས་འཆེའི། ཉན་ཐོས་རྣམས་རྗེས་སུ་བསྲུང་བར་མི་བྱ། ངའང་བསྲུང་མི་རེའོ། །ང་ནི་ཁྱེད་ལ་ཚར་བཅད་ཟིལ་གྱིས་མནན་ནས་སྨྲའི། ཚིག་གི་ལམ་བཟོད་པར་གྱིས་ཤིག དེའི་ཚེ་ལྷས་སྦྱིན་འཁོར་བཞི་ལ་དགེ་འདུན་མཐུན་པ་དབྱེ་བར་བྱ་སྟེ། ཕྱེ་ན་བདག་ཅག་ཤི་བའི་རྗེས་སུ་སྙན་པ་འབྱུང་ངོ་། །མི་ནུས་སོ། །ནུས་ཏེ་རྒན་པ་རྣམས་ལ་ཡོ་བྱད་ཀྱིས་དང་། གཞོན་པ་རྣམས་ཟང་ཟིང་གིས་བསྡུ་བར་བྱའོ་སྙམ་ནས་དབྱེན་ལ་བརཏལ་བ་དང་། དེ་གསོལ་པས། བཞམས་ཏེ་བསྒོ་བར་བྱའོ་ཞེས་གསུངས་ནས་བཞམས་ཏེ་བསྒོ་ཡང་འདི་ནི་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་ཟེར་ནས་གཏོང་དུ་མ་འདོད་དེ་གསོལ་པས། གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ་ཞེས་གསུངས་ནས་བྱས་ཀྱང་གཏོང་དུ་མ་འདོད་དོ། །དེའི་གྲོགས་བྱེད་པའི་དགེ་སློང་བཞི་ཡང་། ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་གི་འདི་ལ་ཅི་ཡང་མ་སྨྲ་ཞིག འདི་ནི་ཆོས་དང་འདུལ་བ་སྨྲ་བ་སྟེ་འདི་འདོད་ཅིང་བཟོད་པ་སྟེ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཟེར་ནས་གསོལ་པས། བཞམས་ཏེ་བསྒོ་བ་དང་། གསོལ་བ་དང་བཞིའི་ལས་ཀྱིས་ཟློག་ཅིག བཟློག་ཀྱང་དེ་ཉིད་ལ་ཞེན་ནས་སྔར་བཞིན་ཟེར་ནས་སྐབས་དེ་གསོལ་པས། ལྷས་སྦྱིན་གྱིས་དགེ་འདུན་དབྱེ་བར་ནུས་ཏེ། དེ་ལ་གྲོགས་དགེ་སློང་བཞི་ཡོད་པའི་ཕྱིར་རོ། །ལུང་བསྟན་པར་ལྷས་སྦྱིན་གྱིས་ཐོས་ནས། ད་ནི་དབྱེན་ནུས་པར་ལུང་བསྟན་གྱི་དབྱེ་བར་བྱའོ་ཞེས་པའི་སྐབས་དེ་གསོལ་པས། ལྷས་སྦྱིན་དེ་ལྟར་བྱེད་པ་བདེན་ནམ། མད་དོ། །བརྗོད་པ་གསུམ་པའི་མཐའ་ལ་མི་གཏོང་ན་ལྷག་མའོ། །འདི་ལ་གཞིའི་ཡན་ལག་ཕྱོགས་གཉིས་ཀར་དགེ་འདུན་བཞི་བཞིར་ཚང་བ། བསམ་པའི་ཡན་ལག་མཐུན་པ་དབྱེ་བར་བསམས་པ། སྦྱོར་བ་རྩོད་པ་བླངས་ནས་གཟུང་བ། མཐར་ཐུག་བཞམས་པ་དང་གསོལ་བཞིས་ལན་གསུམ་དུ་བསྒོས་པ་མི་ཉན་པར་ཕན་ཚུན་དབྱེ་བ་གང་རུང་། ཡན་ལག་འདི་ལྟ་བུ་ཚང་ན་དགེ་འདུན་དབྱེན་བྱས་པ་ལས་བྱུང་བའི་ལྷག་མའི་ལྟུང་བར་འགྱུར་རོ། །བཞམས་ཏེ་བསྒོ་བས་མི་བཟློག་ཉེས་བྱས་དང་། །གསོལ་བཞི་གཅིག་གིས་སྦོམ་པོ་བསྐྱར་བ་ཡང་། །གསུམ་པས་མ་བཟློག་ལྷག་མའོ་རིམ་པ་འདི། །འོག་མ་གསུམ་ལའང་སྦྱར་བར་བྱ་བ་ཡིན། །དབྱེན་དང་། དེར་རྗེས་ཕྱོགས་པ་དང་། ཁྱིམ་སུན་འབྱིན་པ་དང་། བཀའ་བློ་མི་བདེ་བ་བཞི་ཀ་ལ། དང་པོར་དགེ་སློང་གཅུགས་པ་དག་གིས་བཞམས་ཏེ་བསྒོ་ལ། དེས་གཞི་དེ་གཏོང་ན་ལེགས། མི་གཏོང་བར་གཞི་དེ་ཉིད་ལ་ནན་ཏན་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་ཐ་སྙད་འདོགས་པར་བྱེད་ན། གནས་མལ་བཤམ་པ་བྱས་ནས། གཎྜྻི་བརྡུངས་ཏེ་དྲིས་པའི་ཚིག་གིས་བསྒོ་བས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་དང་། དགེ་སློང་གཅིག་གིས་གསོལ་བ་དང་བཞིའི་ལས་བརྗོད་པ་དང་པོ་བྱའོ། །དེ་ལ་གཏོང་ན་ལེགས། མི་གཏོང་ན་ལན་གཉིས་པ་བྱའོ། །དེས་མི་གཏོང་ན་གསུམ་པ་མཇུག་སྡུད་དང་བཅས་པ་གདོན་མི་ཟ་བར་བྱའོ། །གསུམ་པའི་མཐར་གཞི་དེ་མི་གཏོང་ན་དངོས་གཞིར་འགྱུར་ཏེ། དེའི་མཐའ་ལ་མི་གཏོང་ནའོ། །བརཏལ་བར་བྱ་བ་ཉིད་དོ་ཞེས་སོ། །ཅི ཚིག་ཇི་སྙེད་པའི་ལྟུང་བར་འགྱུར་རམ་ཞེ་ན་མ་ཡིན་ཏེ། ཚིག་གང་ལས་ལྟུང་བར་འགྱུར་བའི་སྐད་ཅིག་དེར་ཚིག་ཐམས་ཅད་འདུ་བས་སོ། །དེ་ལྟར་ཡང་ཚིག་ནི་སྐད་ཅིག་མ་གཅིག་ཉིད་དོ། །བཟླས་པ་ནི་ཐ་དད་པ་ཉིད་དོ། །མཇུག་སྡུད་པ་ནི་མ་ཡིན་ནོ། །ཞེས་སོ། །ཚིག་གི་བཟློག་པས་གཞི་དེ་མི་གཏོང་ན་དེའི་ལྟུང་བ་ཡང་གསོལ་བ་ལ་སོགས་པའི་ཚིག་གི་རྗེས་སུ་མཐུན་པར་འགྱུར་ཏེ། བཟློག་པ་གཅིག་གིས་དེའི་རྗེས་སུ་འབྲང་བའི་ལྟུང་བ་སྦོམ་པོ་ཡང་གཅིག་ཁོ་ན། བཟློག་པའི་སྦྱོར་བར་གྱུར་པ་ལ་ལྟུང་བའི་ཡང་སྦྱོར་བ། བཟློག་པ་ལན་གསུམ་གྱིས་མཐར་ཐུག་གྲུབ་པ་ན་ལྟུང་བ་ཡང་མཐར་ཐུག་གྲུབ་པར་འགྱུར་རོ། །གསོལ་བ་ནི་བཟློག་པ་དངོས་མ་ཡིན་ཀྱང་། བཟློག་པའི་ཐབས་ཡིན་པས་དངོས་དང་འདྲ་བར་ཤེས་པར་བྱའོ། །དེ་ལྟར་ཡང་བཟློག་པའི་ཚུལ་གྱིས་མི་གཏོང་བར་རྗེས་སུ་གྲུབ་པའི་རང་བཞིན་ནི་རྗེས་སུ་མཐུན་ནོ། །གསོལ་བ་ནི་བཟློག་པ་ཉིད་དང་འདྲ་བ་ཉིད་དོ། །ཞེས་སོ། །བརྗོད་པའི་འཇུག་པ་ཡང་ཐ་མ་མ་གཏོགས་པ་ཐམས་ཅད་སྦྱོར་བ་སྟེ། འཇུག་པ་ནི་སྦྱོར་བ་ཉིད་དོ། །ཞེས་པས་སོ། །མཇུག་སྡུད་ནི་བརྗོད་པ་ཐ་མར་གཏོགས་སོ། །བསྐྲད་པ་དང་། གླེང་བ་དང་། དྲན་པར་མ་བྱས་པ་ནི་དེའོ། །དེ་ལ་ནི་བསྒོ་བར་མི་བྱ་བ་ཉིད་དོ། །ཞེས་པས་བསྐྲད་པ་དང་། གླེང་དྲན་མ་བྱས་པའི་སྔོན་དུ་རང་ཉིད་ཀྱི་དགེ་འདུན་ལ་འདུན་པས་ཕྱིའོ། །ཞེས་པ་ལ་སོགས་པ་བརྗོད་ན་སྦྱོར་བའི་ཉེས་བྱས་ཙམ་ལས་སྦོམ་པོ་དང་དངོས་གཞིར་འགྱུར་བ་ནི་མེད་དེ། མངོན་པར་ཞེན་པ་ཆུང་བ་དང་། སྡིག་པའི་བསམ་པ་ཤས་ཆུང་བའི་ཕྱིར་རོ། །དེ་ལྟར་ཡང་ཞུ་བ་ལས། བསྐྲད་པའི་ལས་མ་བགྱིས་པར་དགེ་འདུན་ལ་འདུན་པས་ཕྱིའོ་ཞེས་ཕྱི་བ་དང་། འཇིག་པས་ཕྱིའོ་ཞེས་བགྱི་བའི་བར་དུ་ཕྱིན་ན་ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ། །བསྒོ་བར་བགྱིའམ། འོན་ཏེ་བསྒོ་བར་མི་བགྱི། བཀའ་སྩལ་པ། བསྒོ་བར་མི་བྱའོ། །བསྒོ་བ་ཆགས་སམ་མི་ཆགས། བཀའ་སྩལ་པ། མི་ཆགས་སོ། །ཞེས་གླེང་དྲན་མ་བགྱིས་པ་ལ་ཡང་སྦྱར་ཏེ་གསུངས་པའི་ཕྱིར་རོ། ༡༡ །གང་ཡང་དེ་རྗེས་འབྲང་བའི་སྡིག་ལྟ་ཅན། །བཞམས་དང་གསོལ་བཞིས་བཟློག་བྱས་མ་བཟློག་ནའོ། །དེའི་གྲོགས་ཉིད་རྗེས་སུ་སྒྲུབ་པར་བྱེད་པའོ། །ཞེས་པའི་དོན། གླེང་གཞི་ནི། དབྱེན་གྱི་བཅའ་བ་མཛད་ནས། སྟན་དེ་ཉིད་ལ་བཞུགས་བཞིན་དུ་དགེ་འདུན་གྱི་བྱ་བ་ཅུང་ཟད་ཡོད་ཀྱི་སྟན་ལས་མ་ལྡང་ཞིག་ཅེས་གསུངས་ནས། ལྷས་སྦྱིན་གྱི་འཁོར་བཞི་ལ་རྗེས་སུ་ཕྱོགས་པ་བདེན་ནམ། མད་དོ། །བརྗོད་པ་གསུམ་པའི་མཐའ་ལ་གཏོང་ན་ལེགས། མི་གཏོང་ན་ལྷག་མའོ་ཞེས་བཅས་སོ། །འདི་ལ་གཞིའི་ཡན་ལག་དགེ་སློང་དབྱེན་བྱེད་པ་དེའོ། །བསམ་པའི་ཡན་ལག་དེའི་གྲོགས་བྱ་བར་བསམ་པ། སྦྱོར་བ་དེའི་གྲོགས་ཉིད་ཀྱིས་རྗེས་སུ་སྒྲུབ་པར་བྱེད་པ། མཐར་ཐུག་བཞམས་བསྒོ་གསོལ་བརྗོད་ལན་གསུམ་གྱིས་མི་བཟློག་པའོ། ༡༢ །འགྲོགས་དང་ལོངས་སྤྱོད་ཀྱིས་སུན་འབྱིན་པ་དག །མཐོང་ཐོས་ཤེས་པ་བསྐྲད་ན་དགེ་འདུན་ལ། །སྐུར་འདེབས་བཞམས་བསྒོ་གསོལ་བརྗོད་ཀྱིས་མི་གཏོང་། །རང་སྐྲོད་པར་བྱེད་པའི་དགེ་འདུན་ལ་ལོག་པའི་བསམ་པས། དེ་དེ་ལ་དེ་ལྟར་ཞུགས་སོ། །ཞེས་བརྫུན་དུ་སྨྲ་བ་ཉིད་དོ། །ཞེས་པའི་དོན་ཏེ། གླེང་གཞི་ནི། ནབས་སོ་འགྲོ་མགྱོགས་དམར་སེར་ཅན་གསུམ་རེ་ལྡེའི་རི་ལ་བུད་མེད་དང་ལྷན་ཅིག་རྩེ། ཅ་ཅོ་འདོན། སྟན་གཅིག་ལ་འདུག སྣོད་གཅིག་ནས་ཟ། ཕོར་བུ་གཅིག་ནས་ཆང་འཐུང་བ་ལ་སོགས་པ་དགེ་སྦྱོང་གི་ལས་མ་ཡིན་པ་དག་བྱེད་དེ། དེས་དེར་དགེ་སློང་གསར་དུ་མི་འོང་རྙིང་པ་རྣམས་འགྲོའོ། །ཁྱིམ་པ་རྣམས་མ་དད་ནས་གཉུག་མར་གནས་པ་ལ་ཡང་བསོད་སྙོམས་མི་སྟེར་ན་གློ་བུར་དུ་འོངས་པ་ལ་ལྟ་ཅི་སྨོས་པར་གྱུར་ཏོ། །དེའི་ཚེ་ཀུན་དགའ་བོ་དེར་བསོད་སྙོམས་ལ་ཞུགས་པས་གཅིག་ཀྱང་མ་ཐོབ་པར་ཁྱིམ་པ་ལྔ་བརྒྱ་ཙམ་འདུས་པའི་སྤོང་སར་སོང་ནས། ཤེས་ལྡན་དག་འདིར་སྔོན་བསོད་སྙོམས་རྙེད་ན་ད་མེད་པ་ཅིས་ཡིན། དེ་རྣམས་ཅི་ཡང་མི་སྨྲའོ། །དགེ་བསྙེན་ཆུ་རྒྱུན་ཅན་གྱིས་ཀུན་དགའ་བོའི་ལག་པ་ནས་བཟུང་སྟེ་མཐའ་གཅིག་ཏུ་ཁྲིད་དེ། འདི་གསུམ་གྱིས་འདི་འདྲའི་སྤྱོད་པ་བྱས་པས་ལན་གྱི། སྟོན་པ་ལ་ཞུས་ཤིག་ཟེར་ནས་བསོད་སྙོམས་ཕུལ་ནས་ཆོས་ཉན་ཏོ། །ཀུན་དགའ་བོས་ཆོས་བསྟན་ནས་འོངས་ཏེ་སྟོན་པ་ལ་གསོལ་པས། དགེ་སློང་གནས་བརྟན་དང་ལྷན་ཅིག་སོང་ལ་དེ་དག་བསྐྲད་པའི་ལས་གྱིས་ཤིག དེ་དག་སོང་བ་དང་དམར་སེར་ཅན་གྱིས་ཐོས་ནས། དེ་དག་བསྐྲད་པའི་ལས་བྱས་ན་ཁོ་བོ་ལའང་བྱེད་ཀྱི་འབྲོས་སོ་སྙམ་པ་དང་། དེ་དག་འོངས་ཏེ་དེ་གཉིས་ལ་གླེངས་པས། མད་དོ། །བསྐྲད་པའི་ལས་བྱེད་དོ་ཟེར་ནས་སྒོ་གཅིག་ནས་ཞུགས། དམར་སེར་ཅན་གཏུར་བུ་ཐོགས། སྒོ་གཞན་ནས་མཉན་ཡོད་དུ་སོང་ནས་བསྡམས་བཤགས་ཏེ་རང་བཞིན་དུ་གནས་པ་ཐོབ་བོ། །དེ་གཉིས་ལ་བསྐྲད་པ་བྱས་པ་དང་ས་ལ་འགྱེལ་བ་ས་ལ་བརྟེན་ནས་ལང་བ་ཡིན་པས་བཟོད་པ་གསོལ་སྙམ་ནས་ཕྱིན་པ་དང་། དགེ་སློང་རྣམས་དེ་གཉིས་ལ་གཏམ་མི་འདྲིའོ། །དམར་སེར་ཅན་ཡང་གཏམ་མི་འདྲི་ནས། ཅི ངེད་གཉིས་དང་ཁྱེད་ལ་ཁྱད་པར་ཅི་ཡོད། དེའང་བདེན་ཏེ་ཁོ་བོས་བཤགས་བསྡམ་བྱས་ཟིན་ནོ་སྨྲས་པ་དང་། དེ་གཉིས་དགེ་སློང་དག་འགྲོ་བ་མ་ཡིན་པ་བཞིས་འགྲོ་སྟེ་ལྟུང་བ་འདྲ་བ་ལ་ཁ་ཅིག་སྐྲོད་དེ། ཁ་ཅིག་མི་སྐྲོད་དོ། །སུ་ལ་འཕྱ། བདག་སྐྲོད་པའི་དགེ་སློང་ལའོ། །གསོལ་པས། དེ་དག་འགྲོ་བ་མ་ཡིན་པ་བཞིས་འགྲོ་བ་མ་ཡིན་གྱི། ཁྱེད་གཉིས་སུན་འབྱིན་པས་ལན་གྱི་དེ་ཐོང་། འགྲོ་བ་མ་ཡིན་པ་བཞིས་སྐུར་བ་འདེབས་པའང་ཐོང་ཞེས་བཞམས་ཏེ་བསྒོ་ཡང་། འདི་ཉིད་བདེན་གྱིས་སོགས་ཟེར་ནས་གསོལ་བས། བཞིའི་ལས་ཀྱིས་ཟློག་ཅིག བཟློག་ཀྱང་འདི་ཉིད་བདེན་སོགས་ཟེར་ནས་གསོལ་བས། བྱུང་བ་འདི་ལས་བརྗོད་པ་གསུམ་པའི་མཐར་མི་གཏོང་ན་ལྷག་མའོ་ཞེས་བཅས་སོ། །འདི་ལ་གཞིའི་ཡན་ལག་ཁྱིམ་པ་འགྲོགས་པ་དང་། ལོངས་སྤྱོད་ཀྱིས་སུན་འབྱིན་པ་བསྐྲད་པ། བསམ་པ་མཐོང་ཐོས་ཤེས་པས་སྐྲོད་པའི་དགེ་སློང་ལ་འཕྱ་བར་འདོད་པས། སྦྱོར་བ་འགྲོ་བ་མ་ཡིན་པ་བཞིས་འགྲོ་སྟེ་ཁ་ཅིག་སྐྲོད། ཁ་ཅིག་མི་སྐྲོད་ཅེས་ཟེར་བ། མཐར་ཐུག་གི་ཡན་ལག་བཞམས་བསྒོ་གསོལ་བརྗོད་ལན་གསུམ་པས་མི་བཟློག་པའོ། །འདི་ལྟ་བུའི་ཡན་ལག་ཚང་ན་ཁྱིམ་སུན་འབྱིན་པའི་ལྷག་མའི་ལྟུང་བར་འགྱུར་རོ། །བུད་མེད་དང་ལྷན་ཅིག་རྩེ་བ་དང་། འཕྱར་གཡེང་བྱེད་པས་ཁྱིམ་པ་མ་དད་པར་བྱེད་པ་ནི་འགྲོགས་པས་སུན་འབྱིན་པའོ། །འཕྱར་གཡེང་ནི་ཕྲན་ཚེགས་ཀྱི་འགྲེལ་པ་ལས་འཁྱུད་པ་སོགས་རེས་འགའ་བྱེད་པ་ན་འཕྱར་བ་དང་། ཡང་ཡང་བྱེད་པ་ནི་གཡེང་བའོ་ཞེས་སོ། །བུད་མེད་དང་། མེ་ཏོག་དང་། འབྲས་བུ་འཐོག་པ་དང་། བཟའ་བཏུང་ལ་སོགས་པ་ལྷན་ཅིག་ཏུ་བྱེད་པས་ཁྱིམ་པ་མ་དད་པར་བྱེད་པ་ནི་ལོངས་སྤྱོད་ཀྱིས་སུན་འབྱིན་པའོ། ༡༣ །གླེང་བ་ཉིད་ན་བདག་ཉིད་དགེ་སློང་དག །བརྗོད་པར་མི་བྱ་བ་ཉིད་བྱེད་པ་ཡང་། །དགེ་སློང་གི་ལྷག་པའི་ཚུལ་ཁྲིམས་ཀྱིས་གླེང་བ་ཉིད་ན། བདག་ཉིད་ཀྱིས་དེ་ལ་དགེ་སློང་དག་གིས་བརྗོད་པར་མི་བྱ་བ་ཉིད་དུ་བྱ་བའོ། །ཞེས་པའི་དོན་ཏེ། གླེང་གཞི་ནི། སྟོན་པ་གདངས་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་འདུན་པ་ལྟུང་བ་བྱུང་བ་ཆོས་བཞིན་དུ་ཕྱིར་མི་བྱེད་ནས། དགེ་སློང་གི་ལྟུང་བ་ཆོས་བཞིན་དུ་ཕྱིར་གྱིས་ཤིག་ཅེས་གླེངས་པ་ན། སུ་ལ་ལྟུང་བ་བྱུང་བ་དེ་ཕྱིར་འཆོས་པར་འགྱུར་རོ། །ཁྱོད་ལ་ལྟུང་བ་བྱུང་བ་སུས་འཆོས། སུ་འགྱོད་པར་འགྱུར་བས་སོ་ཞེས་ཐུར་སོང་ནས། ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་གི བདག་ལ་ཅི་ཡང་མ་སྨྲ་ཞིག ང་ཡང་ཁྱེད་ཅག་ལ་མི་སྨྲའོ། །ཁྱེད་རིགས་རུས་ཁྱིམ་སྣ་ཚོགས་པར་རབ་ཏུ་བྱུང་བ་སྟེ། ཤིང་ལོ་རླུང་གིས་བསྡུས་པ་བཞིན། ཁོ་བོའི་འཕགས་པས་བྱང་ཆུབ་ཐུགས་སུ་ཆུད་དོ། །ཞེས་ཟེར་བའི་སྐབས་དེ་གསོལ་པས། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པ་མ་བྱེད་པར་བརྗོད་པར་བྱ་བ་ཉིད་དུ་གྱིས་ཤིག གཅིག་གིས་གཅིག་ལྟུང་བ་ལས་སློང་བ་བཞིན་དུ་གྱིས་ཤིག་ཅེས་བསྒོ་ཞིག བསྒོས་ཀྱང་འདི་ཉིད་བདེན་གྱི་སོགས་ཟེར་ནས་གསོལ་པས། གསོལ་བ་དང་བཞིའི་ལས་ཀྱིས་ཟློག་ཅིག བཟློག་ཀྱང་མི་གཏོང་བ་དེ་གསོལ་པས། བརྗོད་པ་གསུམ་པའི་མཐའ་ལ་མི་གཏོང་ན་ལྷག་མའོ། །ཞེས་བཅས་སོ། །འདི་ལ་གཞིའི་ཡན་ལག་དགེ་སློང་གཞན་ཡིན་པ། བསམ་པ་དེས་རང་ལ་ལྟུང་བ་གླེང་བའི་གོ་སྐབས་མི་བྱེད་པ། སྦྱོར་བ་དགེ་སློང་རྣམས་ཀྱི་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱི་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་བདག་ལ་ཅི་ཡང་མ་སྨྲ་ཞིག བདག་ཀྱང་དགེ་ཡང་རུང་སྡིག་ཀྱང་རུང་ཚེ་དང་ལྡན་པ་དག་ལ་ཅི་ཡང་མི་སྨྲའོ། །ཚེ་དང་ལྡན་པ་དག་གིས་བདག་ལ་ཚིག་གི་ལམ་ཐོང་ཞིག ཁྱེད་ལ་ཡང་བདག་གི་སྨྲ་བ་ཅི་ཞིག་བྱ། ཞེས་བདག་ཉིད་ལ་བརྗོད་པར་བྱ་བ་མ་ཡིན་པ་བྱེད་པ། མཐར་ཐུག་གི་ཡན་ལག་བཞམས་བསྒོ་དང་གསོལ་བརྗོད་ལན་གསུམ་ལ་མི་གཏོང་བའོ། །ཡན་ལག་འདི་ལྟ་བུ་བྱུང་ན་བཀའ་བློ་མི་བདེ་བ་ལས་བྱུང་བའི་དགེ་འདུན་ལྷག་མར་འགྱུར་རོ།། །། གསུམ་པ་ལྟུང་བྱེད་ཀྱི་སྡེ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་སོ་སོར་ཕྱེ་བའོ། །དང་པོ་ནི། སྤང་ལྟུང་འབའ་ཞིག་པ་གཉིས་ལྟུང་བའི་སྡེ། །འདི་སྤྱད་ངན་འགྲོར་ལྟུང་བར་བྱེད་པའི་ཕྱིར། །སྤང་ལྟུང་དང་འབའ་ཞིག་པ་གཉིས་ལ་ལྟུང་བྱེད་ཅེས་བྱ་སྟེ། འདི་གཉིས་སྤྱད་པས་ངན་འགྲོར་ལྟུང་བར་བྱེད་པའི་ཕྱིར་རོ། །དེའི་དང་པོའི་དུས་འབྲེལ་གྱི་ལྟུང་བ་གཉིས། འཇོག་པ་གཉིས། འབྲལ་བ་གཉིས་ཏེ་དྲུག་པོ་ལ། ཉིན་མཚན་གྱི་དང་པོའི་མཐར་གྱུར་པའི་སྐད་ཅིག་མ་ཁོ་ན་ལྟུང་བ་སྐྱེད་པའི་ཡན་ལག་ཡིན་ཏེ། ཉིན་མཚན་གྱི་དང་པོ་མ་ཡིན་པ་ལ་མཐའ་མ་མ་ཡིན་པ་མེད་པ་ཉིད་དོ་ཞེས་པས་སོ། །ཕྱི་མ་འབའ་ཞིག་པའི་ནང་ཚན་གྱི། ཉལ་བ་ལྔ། དམག་ནང་འདུག་དང་གནས་ངན་ལེན་འཆབ་པ་སྟེ། གནས་པ་དང་འབྲེལ་བའི་བསླབ་གཞི་བདུན་ལ་ཉིན་མཚན་གྱི་ཆ་གཞན་རྣམས་ཀྱང་སྦྱོར་བའི་ཉེས་བྱས་སྐྱེད་པའི་ཡན་ལག་ཏུ་འགྱུར་ཏེ། གནས་པ་ལ་ནི་སྦྱོར་བའི་སྣོད་ཉིད་དོ། །ཞེས་པས་སོ། །ཉིན་མཚན་གྱི་དང་པོའི་མཐར་གྱུར་པའི་སྐད་ཅིག་ཅེས་པ། སྐྱ་རེངས་དང་པོ་ནམ་མཁའ་སྔོན་པོར་སྣང་བ་དང་། བར་པ་སེར་པོ་དང་། ཐ་མ་དམར་པོར་སྣང་བ་ལས་དང་པོ་དེ་ཡིན་ཏེ། དེའི་དང་པོ་ནི་སྐྱ་རེངས་དང་པོའི་དེའོ། །ཞེས་པས་སོ། །གཉིས་པ་ལ། སྤང་ལྟུང་དང་། ལྟུང་བྱེད་འབའ་ཞིག་པ་གཉིས་ལས། དང་པོ་ནི། འཆང་འབྲལ་ཟླ་དང་འཁྲུར་འཇུག་ལེན་པ་དང་། །སློང་དང་སློང་བར་རིགས་པ་དཔགས་པ་སློང་། །སོ་སོར་བསྐུར་བ་སྲིན་བལ་ཆ་གཉིས་དང་། །དྲུག་དང་མཐོ་གང་ལམ་དང་རྨེལ་བ་དང་། །གསེར་དངུལ་མངོན་མཚན་ཅན་དང་ཉོ་ཚོང་དང་། །འཆང་ཚོལ་འཐག་འཇུག་སྐྱེད་དང་བྱིན་འཕྲོག་དང་། །བརྟད་པ་ལས་བྱུང་དགོན་པ་རས་ཆེན་དང་། །བསྔོས་དང་གསོག་འཇོག་སྤང་བའི་ལྟུང་བར་གསུངས། །སུམ་ཅུ་འདི་དག་ལ་སྤང་བའི་ལྟུང་བར་གསུངས་ཏེ། སྤང་འབྲལ་སྔོན་དུ་བཏང་བས་དག་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལ་ཅི་རིགས་པར་འཇུག་པའི་ཤན་གྱི་རྣམ་པར་གཞག་པ་སྟོན་ཏེ། ཤན་དང་། ཤུགས་དང་། རང་ཞུགས་དང་། རྗེས་ཞུགས་ཞེས་བྱ་བ་རྣམ་གྲངས་ཡིན་ལ། དེ་གང་ལས་འབྱུང་བའི་གཞི། རང་གི་ཡིན་ནོ་སྙམ་པའི་རྒྱུན་རྗེས་སུ་འབྲེལ་བ་དང་ལྡན་པའི་གོས་དང་། ལྷུང་བཟེད་དང་། སྨན་ལའོ། །ཤན་རང་གི་དབྱེ་བ་ནི། གཞི་ལས་དབྱེ་བ། ཞག་བཅུ་དང་འབྲེལ་བ་དང་། ཟླ་བ་དང་འབྲེལ་བ། ཞག་བདུན་པ་དང་འབྲེལ་བའི་ཤན་གསུམ། ངོ་བོའི་སྒོ་ནས་གོས་སྔ་མ་བྱིན་རླབས་མ་བྱས་པས་ཞག་ལྔ་ལོན་ན་ཕྱི་མས་དེ་ཉིད་ཀྱི་ཉིན་མོ་ཞག་ལྔ་ལོན་པར་སོང་བ་ལྟ་བུ་ཞག་ཤན། སྔ་མ་བཅུ་གཅིག་ལོན་པའི་སྤང་ལྟུང་བསྐྱེད་པས་ཕྱི་མ་རྙེད་པ་དེ་ཉིད་ཀྱི་ཉིན་པར་བཅུ་གཅིག་ལོན་པའི་སྤང་ལྟུང་དུ་འགྱུར་བ་ལྟ་བུ་ལྟུང་ཤན། སྤང་ལྟུང་སུམ་ཅུ་གང་རུང་རྒྱུད་ལ་ཡོད་པས་རྫས་རིགས་མི་མཐུན་པའི་ཡོ་བྱད་སྤང་དགོས་པ་ལྟ་བུ་སྤང་པའི་ཤན། དེ་ལྟར་དབྱེ་བ་གསུམ་མོ། །ཇི་ལྟར་ཤན་བརྡེག་པའི་ཚུལ་ལས། ཞག་བཅུ་པ་དང་འབྲེལ་བའི་ཤན་བརྡེག་ཚུལ་ནི། ཚེས་གཅིག་ལ་གོས་ལྷག་པོ་ཚད་དང་ལྡན་པ་རྙེད་པ། ཚེས་ལྔའི་བར་དུ་བྱིན་གྱིས་མ་བརླབས་ལ། ཚེས་ལྔའི་ཉིན་གོས་རུང་བ་གཞན་ཞིག་རྙེད་ན། སྔ་མའི་ཤན་གྱིས་ཕྱི་མ་ཡང་དེ་ཉིན་རང་ཞག་ལྔ་ལོན་པར་འགྱུར་ཞིང་། སྔ་མས་ཞག་བཅུ་གཅིག་ལོན་ནས་སྤང་ལྟུང་བསྐྱེད་པའི་ཚེ། ཕྱི་མས་ཀྱང་ཞག་བཅུ་གཅིག་ལོན་པའི་སྤང་ལྟུང་བསྐྱེད་དོ། །དེ་ལྟ་བུ་ནི་བྱིན་གྱིས་མ་བརླབས་པས་བྱིན་གྱིས་མ་བརླབས་པ་ལ་ཤན་བརྡེག་པ་ཞེས་བྱའོ། །ཡང་གོས་སྔ་མ་བྱིན་གྱིས་མ་བརླབས་ལ། ཕྱི་མའི་གོས་བྱིན་གྱིས་བརླབས་ཀྱང་སྔ་མ་སྤང་ལྟུང་བསྐྱེད་པའི་ཚེ་ཕྱི་མའང་ཤན་གྱིས་སྤང་ལྟུང་བསྐྱེད་པར་འགྱུར་ཏེ། ཕྱི་མའི་བྱིན་རླབས་ཀྱིས་སྔ་མའི་ལྟུང་བ་སྐྱོབ་མི་ནུས་པའི་ཕྱིར་རོ། །དེ་ལྟ་བུ་ནི་བྱིན་གྱིས་མ་བརླབས་པས་བྱིན་གྱིས་བརླབས་པ་ལ་ཤན་བརྡེག་པ་ཞེས་བྱ་སྟེ། དེ་ཡང་དེ་ཡོད་ན་དངོས་པོ་དེ་ལྟ་བུ་གཞན་ལ་ཡང་འབྱུང་བ་ཉིད་དོ་ཞེས་སོ། །གོས་སྔ་མ་བྱིན་གྱིས་བརླབས་ན་ཕྱི་མ་ལ་ཤན་མི་ཕོག་པས། ཕྱི་མ་བྱིན་གྱིས་མ་བརླབས་ན་རང་སྟོབས་ཀྱིས་ཞག་བཅུ་གཅིག་ལོན་པའི་ཚེ་སྤང་ལྟུང་དུ་འགྱུར་རོ། །གལ་ཏེ་སྔ་ཕྱི་གཉིས་ཀ་ཞག་བཅུའི་སྔ་རོལ་ལམ། དེ་ཉིད་ཀྱི་ཉིན་པར་བྱིན་གྱིས་བརླབས་ན་ལྟུང་བར་མི་འགྱུར་རོ། །གོས་ཚད་དུ་མ་ལོངས་པ་ཁྲུ་གང་ཙམ་མམ། དེ་ལས་ཆུང་བ་ཁ་སྣོན་གྱི་རེ་བ་མེད་པ་དང་། གདོང་ཕྱིས་དང་། ཆུ་ཚགས་དང་། སྟན་འཇམ་དང་། དྲེའུ་རྔོག་ལ་སོགས་པའི་ཡོ་བྱད་བྱིན་གྱིས་མ་བརླབས་པ་དེ་དག་ཀྱང་ཁ་བསྐང་བ་ལ་རེ་བ་མེད་པ་ཉིད་ཡིན་པས་ཞག་བཅུའི་སྤང་བར་གཏོགས་པ་ཁོ་ན་ཉིད་དོ། །ལྷུང་བཟེད་ཀྱི་ཤན་བརྡེག་པ་ཡང་དེ་ཁོ་ན་བཞིན་དུ་སྦྱར་རོ། །ཟླ་བ་དང་འབྲེལ་བའི་ཤན་བརྡེག་པའི་ཚུལ་ལ་མུ་བཞི་སྟེ། རིགས་ལོག་ལ་ཤན་འབྱུང་བ་དང་། ཤན་འབྱུང་ལ་རིགས་མ་ལོག་པ་དང་། རིགས་ལོག་ལ་ཤན་མི་འབྱུང་བ་དང་། རིགས་ཀྱང་མ་ལོག་ལ་ཤན་ཀྱང་མི་འབྱུང་བའོ། །དང་པོ་རིགས་ལོག་ལ་ཤན་འབྱུང་བ་ནི། གོས་ཅུང་ཟད་མ་ལྡང་བ་ཁ་སྣོན་ལ་རེ་བ་དང་བཅས་པས་ཞག་བཅུའི་ནང་དུ་ཁ་སྣོན་རྙེད་པས་ཁ་སྣོན་ལ་རེ་བ་མེད་པའི་ཕྱིར་རིགས་ལོག་ལ། ཕྱིས་རྙེད་པ་ལ་སྔར་གྱི་ཤན་འབྱུང་བ་ཡིན་ནོ། །གཉིས་པ་ཤན་འབྱུང་ལ་རིགས་མ་ལོག་པ་ནི། ཁ་སྣོན་ལ་རེ་བ་དང་བཅས་པ་ཁ་དོག་རིགས་མི་མཐུན་པ་རྙེད་ཅིང་ཟླ་བ་འདས་པ་ན་རིགས་མ་ལོག་སྟེ། གཉིས་ཀ་བསྡོམས་པས་གོས་བྱར་མི་རུང་བའི་ཕྱིར་རོ། །དཀར་པོ་ཡིན་ན་གང་དུ་ཡང་བསྒྱུར་དུ་རུང་བས་རྙེད་པ་དང་འདྲའོ། །ཕྱིས་རྙེད་པ་ལ་སྔར་གྱི་ཤན་ནི་འབྱུང་བ་ཡིན་ནོ། །གསུམ་པ་རིགས་ལོག་ལ་ཤན་མི་འབྱུང་བ་ནི། གོས་སྔ་མ་གཞན་ཡང་མེད་ཅིང་ཟླ་བ་གཅིག་གི་ནང་དུ་ཁ་སྣོན་ལ་རེ་བ་ཆད་པའོ། །བཞི་པ་རིགས་ཀྱང་མ་ལོག་ལ་ཤན་ཀྱང་མི་འབྱུང་བ་ནི། ཁ་སྣོན་ལ་རེ་བ་དང་བཅས་པས་ཟླ་བ་འདས་ཤིང་གོས་གཞན་འཁོར་གསུམ་ཁེབས་པའི་ཚད་ཙམ་ཡང་མ་རྙེད་པའོ། །ཞག་བཅུ་པ་གསུམ་གང་གི་ནང་དུ་ཁ་སྣོན་རྙེད་ཀྱང་གང་རྙེད་པའི་ཞག་བཅུ་པ་དེའི་རིགས་སུ་སླན་ནོ། །ཞག་བདུན་པ་དང་འབྲེལ་བའི་ཤན་བརྡེག་ཚུལ་ནི། མར་ལྟ་བུའི་ཤན་ཕྱིས་རྙེད་པའི་མར་ཁོ་ན་ལ་འབྱུང་གི འབྲུ་མར་ལྟ་བུ་ལ་ནི་མ་ཡིན་ཏེ། ཞག་བདུན་པ་ལ་ནི་རིགས་མཐུན་པ་ལའོ་ཞེས་པས་སོ། །དེ་བས་ན་ཞག་བདུན་པའི་སྨན་གྱི་ཤན་ལ། མ་བརླབས་པས་མ་བརླབ་པ་ལ་བརྡེག་པ། བརླབས་པས་མ་བརླབས་པ་ལ་བརྡེག་པ། མ་བརླབས་པས་བརླབས་པ་ལ་བརྡེག་པ། བརླབས་པས་བརླབས་པ་ལ་བརྡེག་པ་བཞི་ཡོད་དོ། །ད་ནི་སོ་སོར་རྒྱས་པར་བཤད་དེ། ༡ རུང་གོས་ལྷག་པོ་ཚད་ལོངས་མ་འབྲེལ་ཞིང་། །འབྲེལ་ཀྱང་ཤན་ཞུགས་འཆང་འདོད་ཞག་བཅུ་ལས། །ལྷག་བཅངས་འཆང་བའི་སྤང་ལྟུང་མ་བཏིང་ལའོ། །ཡོད་ནའོ། །རང་གི་ཉིད་དོ། །ཞག་བཅུར་རྗེས་སུ་ཞུགས་པ་ཉིད་དོ། །གཞན་གྱི་ཉི་མའི་དང་པོ་ལའོ། །གོས་ལའོ། །ཞེས་པའི་དོན་ཏེ། གླེང་གཞི་ནི། མཉན་ཡོད་དུ་དགེ་སློང་རྣམས་ཆོས་གོས་མང་པོ་བཅངས་ཏེ། ལ་ལ་གྱོན། ལ་ལ་ཆག་ཆག་འདེབས། ལ་ལས་སྤོས་དང་བྱུག་པ་བྱེད། ལ་ལས་འཁྲུད། ལ་ལས་བསོད་སྙོམས་ལ་འགྲོ། ལ་ལས་ཟས་ཀྱི་གྲལ་དུ། ལ་ལས་ཆོས་ཉན། ལ་ལས་མཚན་མོ་ཉལ། གོན་འབུད་ཀྱི་བྱ་བ་མང་བས། སྤོང་བ་དང་ཀློག་པ་ཉམས་ནས་དོན་ཉུང་ངུ་དག་འཕྱ་བའི་སྐབས་དེ་གསོལ་བས། གསུམ་ལས་ལྷག་པར་འཆང་ན་སྤང་བའི་ལྟུང་བྱེད་དོ། །ཞེས་བཅས་སོ། །སྟོན་པ་འོད་མའི་ཚལ་ན་བཞུགས་པའི་ཚེ། འོད་སྲུང་ཆེན་པོ་དགོན་པ་ན་འདུག་གོ །ཁྱིམ་བདག་ཅིག་གིས་རས་ཡུག་ཆེན་ཐོགས་ནས། ཀུན་དགའ་བོ་ལ་འོད་སྲུང་གང་ན་བཞུགས། དགོན་པ་ནའོ། །ནམ་འབྱོན། གསོ་སྦྱོང་གི་ཚེའོ། །བདག་ཅག་ཁྱིམ་པ་བྱ་བ་མང་བ་ལགས་ཀྱི། རས་ཡུག་ཆེན་འདི་དེ་ལ་བསྐོན་དུ་གསོལ། ཀུན་དགའ་བོས་ཁས་བླངས་ན་བསླབ་པ་འདྲལ། མ་བླངས་ན་ཁྱིམ་བདག་གི་བསོད་ནམས་དང་དགེ་སློང་གི་རྙེད་པའི་བར་ཆད་དུ་འགྱུར་བས། བདག་གིས་བླངས་ན་གནང་བའི་སྐབས་ཀྱང་ཡོད་གྲང་སྙམ་ནས་བླངས་ཏེ་ཞུས་པས། ལེགས་སོ། །ངས་གནང་བ་གང་ཡིན་པ་དེ་ཁྱོད་ཀྱིས་ཤེས་ཏེ། ཞག་བཅུའི་བར་དུ་གོས་ལྷག་པ་རུང་བར་མ་བྱས་པ་བཅང་བ་གནང་སྟེ། སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་རྗེས་སུ་གནང་བའོ། །འདི་ལ་གཞི་རང་གི་གོས་རུང་བ་ལྷག་པོ་ཚད་དུ་ལོངས་པ་བྱིན་རླབས་དང་མ་འབྲེལ་བའམ། འབྲེལ་ཀྱང་སྔ་མའི་ཤན་ཞུགས་པ་གང་རུང་། བསམ་པ་རང་གི་ཆེད་དུ་འཆང་བར་འདོད་པ། སྦྱོར་བ་ཞག་བཅུའི་བར་དུ་བཅངས་པ། མཐར་ཐུག་སྲ་བརྐྱང་མ་བཏིང་བའི་ཞག་བཅུ་གཅིག་གི་སྐྱ་རེངས་ཤར་བ་སྟེ། ཡན་ལག་འདི་དག་ཚང་ན་གོས་ལྷག་པོ་འཆང་བའི་སྤང་ལྟུང་དུ་འགྱུར་རོ། །རུང་གོས་ལྷག་པོ་ཚད་ལོངས། གོས་དྲུབ་པའམ། རྒྱུ་གང་ཡིན་ཀྱང་འཁོར་གསུམ་ཁེབས་པའི་ཚད་དོ། །འཁོར་གསུམ་ནི། ལྟེ་བའི་དཀྱིལ་འཁོར་ནས། པུས་མོའི་ལྷ་ང་དང་བར་ཏེ། དེ་ཆུབ་པར་ཁེབས་པ་ལ་བྱའོ། །མེ་དང་སྲིན་གྱིས་ཉམས་པ་ལ་ནི་ཉེས་པ་མེད་དོ། །མ་འབྲེལ་ཞིང་། དེ་ཉིད་བྱིན་གྱིས་བརླབས་པས་རུང་བར་མ་བྱས་པའོ། །འབྲེལ་ཀྱང་ཤན་ཞུགས། གོས་ལྷག་པོ་གཉིས་རྙེད་པའི་ཕྱི་མ་བྱིན་རླབས་དང་འབྲེལ་ཀྱང་། སྔ་མ་མ་བརླབས་པའི་ཤན་རྗེས་སུ་ཞུགས་པ་སྟེ། འདི་ལ་གཞན་ཡོད་ན་བྱིན་གྱིས་མ་བརླབས་པ་དེའི་ཤན་ཚུན་ཆད་ནས་སོ་ཞེས་པས་སོ། །འཆང་འདོད། སྤང་བ་ལ་འདུ་ཤེས་ལས་གཙོ་ཆེར་རང་གི་ཉིད་དུའོ་ཞེས་པས། སྤང་ལྟུང་འདི་འདུ་ཤེས་ལ་གཙོ་བོར་བཞག་པས། རང་གིར་འདུ་ཤེས་ཡོད་པ་ལ་ནི་དངོས་གཞིར་འགྱུར་ལ། གལ་ཏེ་གཞན་རབ་ཏུ་བྱུང་བའི་དོན་དུ་འཆང་བར་འདོད་ན་ལྟུང་བ་མེད་ལ། དགེ་འདུན་ནམ་གང་ཟག་གཞན་ལ་བསྔོ་བར་བྱེད་ན། གང་ལ་བསྔོ་བར་བྱེད་པ་དེས། ཤེས་ཀྱང་རུང་མི་ཤེས་ཀྱང་རུང་། དེའི་གནས་སུ་བསྐུར་ཡང་རུང་མ་བསྐུར་ཡང་རུང་། བྱིན་གྱིས་མ་བརླབས་སམ། རྣམ་པར་མ་བརྟགས་ཀྱང་རུང་སྟེ་ཉེས་པ་མེད་དོ། །དེ་ལྟ་བུ་བསྐུར་བ་པོ་ཤི་ན། གང་ལ་བསྐུར་བ་དེ་ཉིད་ལ་བྱིན་གྱིས་བརླབས་ཀྱང་མི་ཆགས་པས་རྫས་དེ་ཤི་བའི་ཡོ་བྱད་དུ་གཟུང་ངོ་། །གལ་ཏེ་ཆོས་གོས་ལྷག་པོ་བྱིན་གྱིས་མ་བརླབ་པར་ཞག་ལྔ་ལོན་ལ། དེའི་ཉིན་མོ་དགེ་སློང་དེ་རང་བཞིན་ལས་ཉམས་ན། ཇི་སྲིད་སེམས་འཁྲུགས་པའི་རིང་གི་ཉིན་ཞག་དོར་ནས་སླར་དྲན་པ་རྙེད་པ་ནས་ཞག་བརྩི་བར་བྱའོ། །དེ་ལྟར་ཡང་ཞུ་བ་ལས། བཙུན་པ་དགེ་སློང་གིས་ཆོས་གོས་རྙེད་ནས་གུང་ལྔ་ལགས་ནས་སེམས་རྣམ་པར་འཁྲུགས་པར་གྱུར་ན། དེའི་གུང་བཅུ་པོ་སླད་མ་གང་ཚུན་ཆད་བགྲང་བར་བགྱི། ཉེ་བ་འཁོར། གང་ཚུན་ཆད་ནས། རང་གི་སེམས་ཕྱིར་རྙེད་པ་ནས་སོ་ཞེས་པས་སོ། །ཞག་བཅུ་ལས། ལྷག་བཅངས་འཆང་བའི་སྤང་ལྟུང་མ་བཏིང་ལའོ། །སྲ་བརྐྱང་བཏིང་བའི་དུས་ན་འཆང་འབྲལ་འཇོག་གསུམ་གྱི་ཉེས་པ་མི་འབྱུང་སྟེ། འདི་གསུམ་གྱི་སྲ་བརྐྱང་བཏིང་བ་ལ་ཉེས་པ་མི་འབྱུང་ངོ་། །ཞེས་སོ། །དེ་ལྟར་སྲ་བརྐྱང་མ་བཏིང་བའི་དུས་སུ་ཞག་བཅུ་ལས་ལྷག་པར་བཅངས་པས་ཞག་བཅུ་གཅིག་པའི་སྐྱ་རེངས་དང་པོ་ཤར་བའི་དུས་སུ་སྤང་ལྟུང་དུ་འགྱུར་རོ། །ལྷུང་བཟེད་དྲ་བ་ཕོར་བུ་མཚུངས་པ་ཡིན། །ཇི་ལྟར་གོས་ཀྱི་སྤང་ལྟུང་བྱུང་ན། དེའི་རིགས་མཐུན་པ་སྤང་བར་མ་ཟད། རིགས་མི་མཐུན་པ་ལྷུང་བཟེད་དང་། དྲ་བ། ཕོར་བུ། ཕྲན་ཚེགས་ཀྱི་ཡོ་བྱད་ཐམས་ཅད་སྤང་དགོས་པར་མཚུངས་སོ་ཞེས་སྦྱར་རོ། །དེ་ཡང་ལྟུང་བ་དེ་ཡོད་ན་ཡོ་བྱད་ཙམ་བདག་གིར་བྱས་པ་ལ་ཡང་སྤང་བ་ཉིད་དོ། །ཞེས་སོ། །འོན་ཀྱང་སྤང་དགོས་པར་མཚུངས་ཀྱང་། དེ་དག་གི་ལྟུང་བ་བཤགས་པར་བྱ་མི་དགོས་ཏེ། དེ་དག་ལས་ལྟུང་བ་མ་བྱུང་བའི་ཕྱིར་རོ། །རང་རྫས་རང་གིར་ཤེས་ལའོ། །གང་དུ་འདུ་ཤེས་གཙོ་བོར་བསྟན་པ་ཐམས་ཅད་ལ་དོན་དེ་ཇི་ལྟ་བ་ཉིད་ལ་ནི་དངོས་གཞི་འགྱུར་བ་དཔེར་ན། རང་གི་རྫས་ལ་རང་གིར་འདུ་ཤེས་པ་ལྟ་བུ་གཞན་རྫས་ལ། རང་གིའམ་སོམ་ཉི་ཉེས་བྱས། འདུ་ཤེས་ལས་དོན་ཇི་ལྟ་བ་མ་ཡིན་པ་ལ་ནི་དངོས་གཞི་དང་ཉེ་བའི་ལྟུང་བར་འགྱུར་བ་གཞན་རྫས་ལ་རང་གིར་འདུ་ཤེས་པ་ལྟ་བུ། ཡིད་གཉིས་ནི་ལྟུང་བ་ལ་འདུ་ཤེས་དང་འདྲ་བར་གྱུར་པ། རང་རྫས་ལ་སོམ་ཉི་དངོས་གཞི་དང་། གཞན་རྫས་ལ་སོམ་ཉི་ཉེས་བྱས་སུ་བཞག་པ་ལྟ་བུ། གཞན་ཉིད་ཀྱིར། རང་གིར་གཞན་ཤེས་ལ་གཉིས་ཉེས་པ་མེད། གཞན་གྱི་ལ་གཞན་གྱིར་འདུ་ཤེས་པ་དང་། རང་ཉིད་ཀྱི་རྫས་ལ་གཞན་གྱིར་འདུ་ཤེས་པ་གཉིས་ཀྱིས་བཅངས་པ་ལ་ཉེས་པ་མེད་དོ། ༢ །གཞན་བགྲོད་གནང་བ་མ་ཐོབ་བྱིན་རླབས་མིན། །སྲ་བརྐྱང་བཏིང་མིན་ཆོས་གོས་ནུབ་གཅིག་བྲལ། །འབྲལ་སྤང་གིས་གོས། སྣམ་སྦྱར་བཞག་པར་མི་འོས་པའི་གནས་སུ། དབྱར་གྱི་རས་ཆེན་ཡང་བཞག་པར་མི་བྱའོ་ཞེས་པ་ལ་སོགས་པའི་དོན་ཏེ། གླེང་གཞི་ནི། མཉན་ཡོད་དུ་དགེ་སློང་མང་པོས་དབྱར་ཆོས་གོས་མང་པོ་རྙེད་ནས་བམ་པོར་ཁྲེས་ཏེ་གཉུག་མར་གནས་པ་ལ་གཏད་ནས། སྟོད་གཡོགས་སྨད་གཡོགས་ཀྱིས་ལྗོངས་རྒྱུ་རུ་སོང་བ་དང་། གཉུག་མར་གནས་པ་རྣམས་ཆོས་གོས་དེ་དག་སྐེམ་པ་དང་། བསང་བ་དང་། ཕྲུག་པ་དང་། སྦེད་པས་བྱ་བ་མང་སྟེ། སྤོང་བ་དང་། ཀློག་པ་ལ། གནོད་ནས་འཕྱ་བའི་སྐབས་དེ་གསོལ་བས། ཆོས་གོས་གང་རུང་ལས་མཚམས་ཀྱི་ཕྱི་རུ་འབྲལ་ན་ལྟུང་བའོ། །ཞེས་བཅས་སོ། །སྟོན་པ་འོད་མའི་ཚལ་ན། འོད་སྲུང་ཆེན་པོ་བདེ་ཆེན་གྱི་ཕུག་ན་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་འདུག་གོ །གསོ་སྦྱོང་གི་ཚེ་དགེ་འདུན་རྣམས་དེ་ལ་སྡོད་པ་དང་། དེས་གསོ་སྦྱོང་གི་ཕྱིར་ཆུ་ཀླུང་དབྱར་བཟང་ལྡན་བརྒལ་བས། དེ་རླབས་ཆེ་ནས་སྣམ་སྦྱར་གཤེར་ཏེ་འཚིར་བ་དང་། སྐེམ་པས་རིང་དུ་ཐོགས་སོ། །བསྐམས་ནས་ཕྱིན་པ་དང་། དགེ་སློང་རྣམས་ཁྱེད་འཕྱིས་པར་གྱུར་ཏོ། །དེས་དོན་འདི་ལ་ཐོགས་ཏེ་བདག་རྒས་སྣམ་སྦྱར་ལྗིས་པས་སྐྱོད་པར་རྔོ་མི་ཐོགས་ན་ཇི་ལྟར་བྱ། དེ་གསོལ་པས། འོད་སྲུང་སམ་གཞན་བགྲེས་པ་ལ་མི་འབྲལ་བའི་གནང་བ་བྱིན་ཅིག དེའི་ཚེ་ཤཱ་རིའི་བུས་བདག་རླུང་ནད་ཅན་དུ་གྱུར་པས་སྣམ་སྦྱར་ལྕིས་སྐྱོད་པར་རྔོ་མི་ཐོགས་ན་ཇི་ལྟར་བྱ། དེ་གསོལ་པས། ནད་པ་ལ་གནང་བ་བྱིན་ཅིག སྔ་མ་ནི་བཅས་པ། འདི་གཉིས་ནི་གནང་བའོ། །འདི་ལ་གཞི་དགེ་འདུན་གྱིས་གནང་བ་མ་ཐོབ་པ། བྱིན་རླབས་ཀྱིས་རུང་བར་མ་བྱས་པ། སྲ་བརྐྱང་བཏིང་བའི་དུས་མ་ཡིན་པ། བསམ་པ་འབྲལ་འདོད། སྦྱོར་བ་ཆོས་གོས་དང་བྲལ་བས་ནུབ་མོ་གཅིག་འདུག་པ། མཐར་ཐུག་ཞག་ཕྱི་མའི་སྐྱ་རེངས་ཤར་བ་སྟེ། ཡན་ལག་འདི་དག་ཚང་ན་འབྲལ་བའི་ལྟུང་བར་འགྱུར་རོ། །གཞན་བགྲོད། གཙུག་ལག་ཁང་མཚམས་བཅད་པར་བྱས་པ་ལ་ནི་མཚམས་ཀྱི་ཕྱི་རོལ་དང་། མ་བཅད་པ་ལ་ནི་རྩིག་པའི་ཕྱི་རོལ་དང་། ནོར་ལ་དད་པ་ཐ་དད་པས་ཁྱིམ་བགོས་པ། ཕོ་བོའི་ཁྱིམ་ལྟ་བུར་ཆོས་གོས་བཞག་ནས། རང་ཉིད་ཕའི་ཁྱིམ་དུ་སྐྱ་རེངས་ཤར་བར་བྱེད་ན་ལྟུང་བར་འགྱུར་རོ། །ཡང་བདག་པོ་མང་པོ་སོ་སོའི་ཁྱིམ་ལ་ཉེ་འཁོར་ཐ་དད་པའི་ར་བ་དང་སྒོ་གཅིག་པ་དག་ནི་བར་གྱི་མཚམས་ཐ་དད་པ་ཡིན་ཀྱང་ཕྱི་སྒོ་ཐུན་མོང་བའོ། །བདག་པོ་མང་པོ་ཁྱིམ་གཅིག་པའི་ཚུལ་གྱིས་གནས་ན་ཁང་ཁྱིམ་དང་བར་གྱི་ར་བ་མཚམས་ཐ་དད་པར་མི་འགྱུར་བས་ཐུན་མོང་བའོ། །གཡུལ་ཁ་ལ་དཀྱིལ་དང་། མུ་སྟེགས་ཀྱི་ཁྱིམ་ལ་ལྷ་གནས་དང་། ཚོང་རྡལ་ལ་བཞག་སྟེགས་དང་། ཚོང་ཁང་ལ་འདུག་སྟེགས་དང་། དགྲ་ཁང་ལ་ཡ་ལད་འཇོག་པའི་གནས་དང་། ལྷ་རྟེན་གྱི་གནས་དང་། སྟེང་འགྲོའི་ཁྱིམ་ལ་རྒྱལ་མཚན་བསྒྲེང་བ་དང་། ཤིང་རྟ་ལ་ཁ་ལོ་པ་འདུག་པ་དང་། གྲུ་ལ་གྲུ་པ་འདུག་པ་དང་། ཀུན་དགའ་ར་བ་ལ་ཁྲོན་པ་རྣམས་ཐུན་མོང་བ་ཡིན་ལ། དེ་བཞིན་དུ་ཉེན་ཀོར་གཅིག་པ། ནགས་ལ་ཤིང་ལྗོན་པ་ཡལ་ག་དང་། ཡལ་ག་ཁྲིའུ་དག་འབྲེལ་ན་རྒྱང་གྲགས་གཅིག་ཚུན་ཆད་ཀྱང་མཚམས་གཞན་མ་ཡིན་ཏེ། ལུང་མ་མོ་ལས། དེ་ལ་ཇི་སྲིད་དུ། ལོ་མ་དང་། ཡལ་ག་དང་། མེ་ཏོག་དང་། འདབ་མ་དང་། འབྲས་བུ་དག་ཕན་ཚུན་འབྲེལ་བར་གྱུར་ན། དེར་དགེ་སློང་གིས་རྒྱང་གྲགས་ཀྱི་ཁོ་ར་ཁོར་ཡུག་གར་དགའ་བར་ཆོས་གོས་བཞག་སྟེ། དེ་དག་གར་དགའ་བར་སྐྱ་རེངས་འཆར་བར་བྱའོ། །ཞེས་གསུངས་པས་སོ། །ཐ་གུས་འབྲེལ་བ་དང་། གྲོང་ཁྱེར་གྱི་སྟེང་འབྲེལ་བ་ཡང་མཚུངས་སོ། །གལ་ཏེ་ཡལ་ག་མ་འབྲེལ་ན་ཐ་དད་པ་ཡིན་པས་རྩ་བའམ་རྩ་བ་ཕྲ་མོས་ཁྱབ་པ་ཚུན་ཆད་ཐུན་མོང་བ། གྲུ་དང་ཤིང་རྟ་ལ་ནི་གང་དང་འབྲེལ་བའི་ས་དེར་གཏོགས་པ་ཚུན་ཆད། དགོན་པ་ལ་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་ཉེན་ཀོར་རོ། །དེ་ཡང་ཆོས་གོས་རྩ་བའི་ས་ལ་བཞག་སྟེ། རང་ཉིད་ཤིང་གི་ཡལ་ག་ལ་གནས་སམ་དེ་ཟློག་ན་ཡང་ཉེས་པ་མེད་དོ། །བརྩམ་དུ་རུང་བ་ཉིད་ཀྱི་ཉེན་ཀོར་ནི། ཁོ་ར་ཁོར་ཡུག་ཏུ་འདོམ་རེ་རེའོ། །རྩིག་པས་བསྐོར་བའི་གྲོང་ལ་ནི། བྱ་གག་སྤུར་ནས་འདུག་པ་ཚུན་དང་། རིབ་མས་བསྐོར་བ་ལ་ར་ལུག་གི་རྡུལ་གྱིས་ཁྱབ་པ་ཚུན། འོབས་ཀྱིས་བསྐོར་བ་ལ་ཕྱག་དར་བོར་བའི་བོང་བ་རགས་པས་ཁྱབ་པ་ཚུན་ཆད། ཉེ་བས་སྤྱོད་པ་ཉིད་ཀྱི་ཉེན་ཀོར་ནི། གནས་དེར་འཕྲལ་གྱི་བྱ་བའི་འགྲོ་འདུག་གིས་ཁྱབ་པའི་སའོ། །དེ་བས་ཐུན་མོང་པའི་གནས་དང་ཉེན་ཀོར་གཅིག་པར་ཆོས་གོས་དང་བྲལ་བ་ནི་ཉེས་པ་མེད་དོ། །དེ་ལྟ་བུ་མ་ཡིན་པ་དེ་ལས་བརྒལ་བར་ཆོས་གོས་དང་བྲལ་བས་སྐྱ་རེངས་འཆར་བར་བྱེད་ན་དངོས་གཞིར་འགྱུར་རོ། །ཆོས་གོས་འཇོག་པའི་གནས་ལྔ་སྟེ། དགེ་སློང་དང་བཅས་པའི་གནས་སྒོ་བར་དང་བཅས་པ། ཆར་བབ་པ་དང་བབ་ཀྱི་དོགས་པ། ཆུ་ཀླུང་གི་ཕ་རོལ་ཏུ་འགྲོ་བ། སྲ་བརྐྱང་བཏིང་བ་གནང་བ་ཐོབ་པའོ། །ལྟ་བ་ཐ་དད་པ་མུ་སྟེགས་ཅན་དང་ཆོས་འདི་པ་ཐུན་མོང་བའི་གནས་སུ་ཡང་བཞག་ཏུ་རུང་ངོ་། །གནང་བ་མ་ཐོབ། རྒས་པ་དང་། ནད་བུ་ཅན་དང་། མཚམས་བཅད་པ་དེར་ཆོས་གོས་དང་མི་འབྲལ་བའི་གནང་བ་དགེ་འདུན་གྱིས་མ་སྦྱིན་པའོ། །བྱིན་རླབས་མིན། གལ་ཏེ་ཆོས་གོས་ཡོད་པའི་གནས་སུ་རྐྱེན་དབང་གིས་འགྲོ་བར་མི་ནུས་ན་ཆོས་གོས་གནས་གཞན་ན་འདུག་པའི་བྱིན་རླབས་ཕྱུང་སྟེ། ཁྱིམ་པའི་གོས་རྒྱུར་རམ། གཞན་ལས་བརྙས་པ་ལ་བྱིན་གྱིས་བརླབ་པ་ནི་བྱིན་གྱིས་བརླབ་པ་སྟེ། དེ་ལྟ་བུའི་ཆོ་ག་མ་བྱས་པའོ། །མེད་པ་དག་ལ་མིན། གདིང་བ་དང་བྲལ་བ་ལ་ལྟུང་བ་མེད་པ་དང་། ཆོས་གོས་ཆོམ་པོས་བཅོམ་པ་སོགས་རྐྱེན་དབང་གིས་མེད་པ་ལ་ཡང་འབྲལ་བའི་ཉེས་པ་མེད་དོ། ༣ །མ་བཏིང་གང་རུང་མེད་ཅིང་རྒྱུ་ཡི་གོས། །མི་ལྡང་ཁ་སྣོན་རེ་བཅས་འབྲེལ་མིན་འབྲེལ། ཤན་ཞུགས་འཆང་འདོད་སུམ་ཅུ་ལས་ལྷག་པའི། །སྐྱ་རེངས་ཤར་བཅངས་འཇོག་པའང་ཟླ་སྤང་ངོ་། །ཁ་བསྐང་བ་ལ་རེ་བ་མེད་ན་ཆུང་བ་ཁྲུ་གང་ཡན་ཆད་ཀྱང་ཆོག་པ་དང་འདྲའོ། །ཞེས་པ་ལ་སོགས་པའི་དོན་ཏེ། གླེང་གཞི་ནི། མཉན་ཡོད་དུ་དགེ་སློང་མང་པོས་གོས་སྔོན་པོ་ཞིག་རྙེད་ནས། འདི་འདྲ་ཞིག་རྙེད་ན་གོས་བྱའོ་སྙམ་སྟེ་འཇོག དེ་བཞིན་དུ་སེར་པོ་དམར་པོ་ལའང་བྱེད་ནས་བྱ་བ་མང་བས་འཕྱ་བར་གྱུར་པ་དེ་གསོལ་པས། རེ་བ་ཡོད་ན་ཟླ་བ་གཅིག་ཏུ་བཞག་གི དེ་ལས་འདས་ན་སྤང་བའི་ཞེས་བཅས་སོ། །འདི་གཞི་སྲ་བརྐྱང་མ་བཏིང་པ། ཆོས་གོས་གསུམ་ལས་གང་ཡང་རུང་བ་མེད་པ། གོས་ཀྱི་རྒྱུ་ཅུང་ཟད་མི་ལྡང་བས་ཁ་སྣོན་གྱི་རེ་བ་དང་བཅས་པ། བསམ་པ་འཆང་བར་འདོད་པ། སྦྱོར་བ་བྱིན་གྱིས་བརླབས་པ་དང་མ་འབྲེལ་བའམ། འབྲེལ་ཡང་ཤན་ཞུགས་པ་འཆང་པ། མཐར་ཐུག་ཞག་སོ་གཅིག་པའི་སྐྱ་རེངས་ཤར་བ་སྟེ། ཡན་ལག་འདི་དག་ཚང་ན་ཟླ་བའི་སྤང་བའམ་འཇོག་པའི་སྤང་བར་འགྱུར་རོ། །གོས་ཆུང་ངུ་ཁྲུ་གང་གི་ཚད་དམ། དེ་ལས་ཆུང་བ་ལ་ཁ་སྣོན་གྱི་རེ་བ་ཡོད་ན་དེར་གཏོགས་པའི་ཉེས་བྱས་སུ་འགྱུར་རོ། ༤ །ཉེ་མིན་རབ་བྱུང་མ་ལ་འབྲེལ་བའི་གོས། །བརྙིངས་པ་འཁྲུར་བཅུག་ལས་སོ། །དེ་ནི་ཤེས་གཙོའོ། །དགེ་སློང་མ་ཉིད་དང་། དེ་ཉེ་དུ་མ་ཡིན་པ་དག་ལའོ། །འོག་མ་ལ་ཡང་ངོ་ཞེས་པ་ལ་སོགས་པའི་དོན་ཏེ། གླེང་གཞི་ནི། འཆར་ཀའི་ཤམ་ཐབས་དགེ་སློང་མ་སྦེད་མ་ལ་འཁྲུར་བཅུག་པས། དེས་ཁུ་བ་མཐོང་ནས་ཆགས་ཏེ་མངལ་གྱི་སྒོར་བླུགས་པས་སེམས་ཅན་ཆགས་སོ། །དགེ་སློང་མས་མཐོང་ནས་ཁྱོད་ཆོས་ཀྱི་འཆར་ཀའི་དྲུང་དུ་འགྲོ་བར་སེམས་ཀྱི། འདི་འདྲ་བྱས་པ་མི་སེམས་སོ། །དེས་བདག་རབ་ཏུ་བྱུང་སྟེ་ལག་གིས་ཀྱང་མ་བྱུགས་སོ། །མ་བྱུགས་ན་འདི་འདྲ་ན་བྱུགས་ན་ཅི་འདྲར་འགྱུར་ཟེར་བའི་སྐབས་དེ་གསོལ་བས་བཅས་སོ། །འདི་ལ་གཞི་ཉེ་དུ་མ་ཡིན་པའི་དགེ་སློང་མ་ལ་རང་གི་གོས་བྱིན་རླབས་དང་འབྲེལ་བའི་རྙིང་པ་འཁྲུར་བཅུག་པ། བསམ་པ་རང་གི་ཡིན་པར་བསམ་པ། སྦྱོར་བ་བཀྲུ་བའམ། འཚེད་པའམ། འཆག་ཏུ་བཅུག་པ་གང་རུང་། མཐར་ཐུག་བཀྲུ་བའི་བྱ་བའི་ཕྱོགས་གཅིག་ལ་ཞུགས་པ་སྟེ། འདི་ལྟ་བུའི་ཡན་ལག་ཚང་ན་འཁྲུར་བཅུག་པའི་སྤང་ལྟུང་དུ་འགྱུར་རོ། །ཉེ་མིན་རབ་བྱུང་མ་ལ། ཕའི་རབས་མའི་ཡན་ལག་དང་བཅས་པ། མའི་རབས་ཕའི་ཡན་ལག་དང་བཅས་པ་བདུན་བརྒྱུད་ཚུན་ཆད་ཀྱི་གང་ཡང་རུང་བ་ཞིག་ཏུ་གྱུར་པ་ནི་ཉེ་དུ་ཡིན་ལ། དེ་ལས་གཞན་པའི་དགེ་སློང་མ་དང་དགེ་སློབ་མའོ། །འབྲེལ་བའི་གོས། བརྙིངས་པ། རང་གི་གོས་བརྙིངས་པ་བྱིན་གྱིས་བརླབས་པ་དང་འབྲེལ་བ་བདུན་པོ་གང་རུང་ངམ། གསར་པ་མི་གཙང་བས་མ་རུངས་པར་གྱུར་པའོ། །དེ་ལས་བཟློག་པ་གཞན་དབང་བ་དང་། དྲེའུ་རྔོག་དང་། ཁྱིམ་པའི་གོས་དང་། སྔས་ནང་ཚངས་ཅན་དང་། རུང་བར་བྱས་པ་དང་། སྤངས་པ་དང་། དགེ་འདུན་གྱི་རྣམས་ལ་ནི་ཉེས་བྱས་སོ། །འཁྲུར་བཅུག་ལས་སོ། །འཁྲུར་བཅུག་པ་ལ་སོགས་པའི་ལས་བྱས་པ་ཉིད་ནི་དངོས་གཞིར་འགྱུར་ལ། བསྐོས་པ་ཙམ་ནི་མ་ཡིན་ནོ། །ཇི་ལྟར་སྦྱོར་བ་བར་ཆད་པ་དང་། འཚེད་པ་དང་། འཆག་པ་ལྟ་བུ་ལས་ཐ་དད་པ་མ་ཡིན་ཏེ། འབྲས་བུ་གཅིག་པས་སོ། །དེ་ཡང་ཚིགས་སུ་གྱུར་པ་ཉིད་ལ་འབྲས་བུ་རྣམས་གཅིག་པ་ཉིད་དོ། །ཞེས་པས་སོ། །སོམ་ཉི་ཉེས། འདི་ཡང་འདུ་ཤེས་གཙོ་བས་ཉེ་དུ་ཡིན་མིན་སོམ་ཉི་ཉེས་བྱས་སུ་བཞག་པ་ལ་སོགས་པ་རྣམས་ནི་སྔ་མ་བཞིན་དུ་སྦྱར་རོ། །ཉེ་མིན་དགེ་སློང་མར་བསམས་ཆོས་གོས་བླངས། །ལོན་ནའོ། །ལོན་ནའོ། །རྣམ་པར་རིག་བྱེད་ཀྱིས་སོ། །གོས་སོ། །ཞེས་པའི་དོན་ཏེ། གླེང་གཞི་ནི། མཉན་ཡོད་དུ་ཁྱིམ་བདག་མོ་ཞིག་གིས་སྐྱེ་དགུའི་བདག་མོ་ལ་སོགས་པའི་དགེ་སློང་མའི་དགེ་འདུན་སྤྱན་དྲངས་ཏེ། བསོད་སྙོམས་བསོད་པ་དྲངས་ནས་ཆེན་པོ་ལ་འོས་པའི་གོས་དག་ཕུལ་བ་དང་། སྲུས་མ་བླངས་ན་དེའི་བསོད་ནམས་དང་དགེ་སློང་མའི་རྙེད་པའི་བར་ཆད་དུ་འགྱུར། བླངས་ན་དགེ་སློང་མ་ལ་ཆེན་པོ་འོས་པའི་གོས་བཀག་པས་དེ་དང་འགལ་བར་འགྱུར་སྙམ། འོན་ཀྱང་བླངས་ཏེ་སྟོན་པ་ལ་ཞུས་པས། ལེགས་སོ་ངས་གནང་བ་ཁྱོད་ཀྱིས་ཤེས་ཏེ། དགེ་སློང་རྣམས་དང་བརྗེ་བར་བྱའོ། །བཅུ་གཉིས་སྡེས་དེ་ཁྱེར་ནས་དྲུག་སྡེ་ལ་འདི་སྣོམས་ལ་བདག་ཅག་ལ་ངན་པ་གསོལ་ཅིག དགེ་སློང་མའི་རས་མ་མི་དགོས་སོ། །གཞན་གྱིས་གནས་བརྟན་རྣམས་ལ་ཞུས་པས། སྟོན་པ་ལ་ཞུའོ། །ཞུས་པས་བསླབ་པ་ལ་གུས་པའི་བསྔགས་པ་བརྗོད་ནས། སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་སྟེ་བརྗེ་བ་ལ་ཉེས་པ་མེད་དོ། །དགེ་སློང་མ་ཨུཏྤ་ལའི་མདོག་ལ་ཆོམ་རྐུན་གྱིས་ཆེན་པོ་ལ་འོས་པའི་རས་ཕུལ་བ་ཉེ་དགས་མཐོང་ནས་དྲིས་ཏེ་བཤད་པ་དང་། སྲིང་མོ་ཁྱོད་ཆོམ་རྐུན་པས་ཀྱང་དད་པར་བྱ་ན། ཉེ་དགའ་མཐོང་ན་ལྕག་གིས་བྲབས་ནས་ཁུར་ཚ་བར་ཁྲིད་དོ། །ཉེ་དགའ་ལ་རས་ཡུག་འདི་འདྲ་ཡོད་ན་སྙིང་ལས་ཆུང་ངུས་དགེ་བ་ལ་གྲོན་བྱེད་པར་འགྱུར་རོ། །བཞེད་དམ། ལྷ་གནས་ཀྱིས་ལྷག་མ་བཞིན་དུའོ། །བསོད་སྙོམས་ཀྱི་ཕུད་ཕུལ་ནས་དབུལ་ལོ། །ཁོ་བོས་ཁྲིད་འོང་གི་ནོད་ཅིག དེས་བོས་ནས་ཕུད་ཕུལ་ཏེ་རས་ཡུག་ཆེན་སྤྲུགས་ནས་ཉེ་དགའ་ལ་ཕུལ་བས། སྦྱིན་པ་འདི་ཡིས་སེམས་ཀྱི་རྒྱན་དང་སོགས་སྨྲས་སོ། །དེས་སྟོན་པ་ལ་ཕྱག་འཚལ་དུ་སོང་བ་དང་། ཆོས་གོས་ལྔ་ངན་ཅིང་བརྙིངས་པ་ལ་གཟིགས་ནས། ཀུན་དགའ་བོ་དགེ་སློང་མས་དབྱར་གྱི་རྙེད་པ་མ་གྲུབ་བམ། གྲུབ་བོ། །ཅིའི་ཕྱིར་ཆོས་གོས་ལྔ་བརྙིངས། རས་ཡུག་ཆེན་རྙེད་ནས་ཉེ་དགའ་ལ་ཕུལ་ལོ། །དེ་ལེན་ནམ། ལེན་ནོ། །དགེ་སློང་ནི་འདིའི་ཆོས་གོས་ལྔ་ཚང་ངམ་མ་ཚང་སྙམ་དུ་མི་སེམས་པར་ཐོབ་བོ་ཅོག་ལེན་གྱི་ཉེ་དུ་ནི་མ་ཡིན་ནོ། །ཀུན་དགའ་བོ་ཨུཏྤ་ལའི་མདོག་ལ་གཙུག་ལག་ཁང་ཆེན་པོ་ནས་ཆོས་གོས་ལྔ་བྱིན་ཅིག བྱིན་ནོ། །བྱུང་བ་འདི་ལས་བཅས་སོ། །འདི་ལ་གཞི་དགེ་སློང་མ་ཉེ་དུ་མ་ཡིན་པ། བསམ་པ་དེ་ལ་སློང་བར་འདོད་པ། སྦྱོར་བ་ཆོས་གོས་སམ་རྒྱུ་རུང་བ་དག་གི་རྣམ་པར་རིག་བྱེད་ཀྱིས་བླངས་པ། མཐར་ཐུག་ལག་ཏུ་ལོན་པའམ་བལྟ་བའི་ཉེན་ཀོར་དུ་སོན་པ་གང་རུང་སྟེ། ཡན་ལག་འདི་དག་ཚང་ན་ལེན་པའི་སྤང་ལྟུང་དུ་འགྱུར་རོ། །བརྗེ། དགེ་སློང་མས་གོས་རིན་པོ་ཆེ་བརྗེ་བའི་ཕྱིར་བླང་དུ་རུང་གི ལོངས་སྤྱད་པའི་ཕྱིར་དུ་མི་རུང་ལ། དེ་ལྟ་བུ་དགེ་སློང་ཉེ་དུ་མ་ཡིན་པ་ལ་རིན་མཉམ་པའམ། ཅུང་ཟད་རྒྱལ་བ་ཙམ་གྱིས་བརྗེ་བ་དང་ཆོས། དགེ་འདུན་ལ་གོས་འབུལ་བ་དང་། ཆོས་ལེགས་པར་སྨྲས་པའི་ཡོན་དུ་ཕུལ་བ་དང་། བདག་ལ་འདི་ལྟ་བུ་དག་མཆིས་ཀྱི། འཕགས་པ་ཐུགས་བརྩེ་བས་བཞེས་ཤིག ཅེས་དང་རྫས་བརྗོད་དེ་མདུན་དུ་བཞག་ནས་མི་བལྟོས་པར་སོང་བ་དང་། དགེ་སློང་མ་རྒྱ་ཆེ་བ་དང་། ཐ་སྙད་ཀྱི་དབང་མ་ཡིན་པ་སྟེ། ཉོ་ཚོང་དང་བྲལ་བ་རྣམས་ལ་ལེན་པ་དང་། དབུལ་པོར། བོར་བརླག་བྱུང་བས་འཕོངས་པ་འམ། བསྙེན་པར་རྫོགས་པར་བྱེད་པ་དག་སྟེ། ཉེས་པ་མེད། །གནས་སྐབས་དེ་དག་ལ་ཉེས་པ་མེད་དོ། །རེ་ཞིག་པའི་སེམས་ཀྱི་ལེན་པ་དང་། རིན་གྱིས་བླངས་ནས་རིན་བརྗོད་པ་དང་། གྲོང་ག་གེ་མོ་ནས་ཚེ་དང་ལྡན་པ་ལ་གོས་འབུལ་ལོ་ཞེས་ཟེར་བ་ནོད་ན་ནི་ཉེས་བྱས་སོ། ༦ །ཁྱིམ་པ་ཉེ་དུ་མིན་ལ་ཆོས་གོས་ཚད། །ཕྲོགས་བརླག་ཚིག་ཁྱེར་མིན་པས་བླང་ལོན་ལའོ། །མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་བ་སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པ་ནི་ལྟུང་བའི་བྱེད་པ་ཡིན་ནོ། །ཞེས་པ་ལ་སོགས་པའི་དོན་ཏེ། གླེང་གཞི་ནི། མཉན་ཡོད་དུ་ཁྱིམ་བདག་ཅིག་གིས་རས་བཟང་པོ་ཟུང་གྱོན་ཏེ་སྟོན་པ་ལ་ཕྱག་འཚལ་དུ་འགྲོ་བ་ན་སྒོ་བས་མཐོང་ངོ་། །དེ་ཉེ་དགས་མཐོང་སྟེ་འདི་མ་ཕྲོགས་ན་ཉེ་དགའི་མིང་མི་གཟུང་ངོ་སྙམ་ནས། ཁྱིམ་བདག་འོངས་པ་ལེགས་སོ་སོགས་སྨྲས་ནས་ཆོས་བསྟན་པར་བྱས་སོ། །དྲུག་སྡེས་ཚུལ་ཁྲིམས་ཀྱི་གཏམ་བཤད་ན་ཉན་པ་པོ་རྣམས་ལྷ་རྣམས་སུ་སྐྱེས་སམ། མི་དགེ་བའི་ལས་འབྲས་བཤད་ན་དམྱལ་བར་སྐྱེས་སམ་སྙམ་པ་དང་། སྦྱིན་པའི་གཏམ་བཤད་ན་ཤ་བཅད་ནས་སྦྱིན་ནམ་སྙམ་པ་འབྱུང་ངོ་། །དེ་ལ་ཆོས་བསྟན་པས་དད་ནས་ན་བཟའ་ཕྲུག་གཅིག་འབུལ་ལོ། །ཨ་རོ་ཀྱ་ཞེས་སྨྲས། སྦྱིན་པ་དམ་པ་སེམས་ཀྱི་རྒྱན་སོགས་སྨྲས་ནས། ཁྱིམ་བདག སང་དག་འཆི་འམ་སུས་ཤེས་ཀྱི། །དེ་རིང་ཉིད་དུ་བརཏལ་ཏེ་བྱ། །འཆི་བདག་སྡེ་ཚན་དེ་དང་ནི། །ཁྱེད་ཅག་བཤེས་པ་མ་ཡིན་ནོ། །ཞེས་གསུངས་ཀྱི་གྱོན་པ་འདི་ཉིད་བྱིན། དེས་མཆིས་འབྲང་གིས་སྩལ་ལོ། །ཁྱེད་བུད་མེད་ཁོ་ནའི་དབང་ཡིན་ནམ། བླ་གོས་ཕུལ་བ་དང་ལག་པ་གཉིས་འདྲིལ་ཞིང་བསྒྱུར་རོ། །ཅི་ལགས། ཁྱེད་ལ་བཏང་བ་ལས་བྱུང་བའི་བསོད་ནམས་ཡོད་ཀྱི། ལོངས་སྤྱོད་ལས་བྱུང་བའི་བསོད་ནམས་མེད་དེ། འདི་འདྲ་བ་ཉིད་ལ་སྟོབ་པས་གོས་ཀྱི་གདང་ལ་ཟད་པར་འགྱུར་རོ། །ཅི་སྒྲེན་མོར་མཆིའམ། ངོ་ཚ་ཁྲེལ་ཡོད་ཀྱི་གོས་ཡོད་པས་སྒྲེན་མོ་ལ་མི་སྡུག་པ་ཅི་ཡོད། དོར་ཐུང་གྱོན། ཤིང་ཚལ་ཐོགས་ལ་བ་ལང་གི་གསེབ་ནས་རྒྱུག་ཅིག སྐྱེས་བུ་དག་གིས་བ་ལང་བསུ་བར་ཤེས་པར་འགྱུར་རོ། །དེས་དེ་ལྟར་སོང་བ་དང་། སྒོ་བས་མཐོང་བ་དང་ཆོམ་རྐུན་གྱིས་བཅོམ་མམ། མིན་དེ་ཉེ་དགའི་ཁའི་ཆོས་ཀྱིས་བཅོམ་མོ། །སང་ནང་པར་མགོན་མེད་ཟས་སྦྱིན་དོན་མཐུན་ཁྲིད་ནས་འོངས་པ་སྒོ་བས་མཐོང་ནས། ཆོམ་རྐུན་ལ་བག་གྱིས་ཤིག ཅི་ལམ་བར་དུ་ཆོམ་རྐུན་ཡོད་དམ། མིན་ཏེ་རྒྱལ་བྱེད་ཀྱི་ཚལ་ནའོ། །ཅི་བལ་གྱི་རིགས་ནག་པོ་དང་འདྲ་བ་སྒོ་འདི་ནས་སྟོན་པ་དང་གནས་བརྟན་དག་གིས་ཁྱོད་དཀར་པོ་མཛོད་མ་སྤྱོད་དམ། དེ་དག་གི་ཞབས་རྡུལ་བདག་གིས་ཀྱང་བླངས་ཏེ། ཁ་རྩང་ཁྱིམ་བདག་རས་ཟུང་གྱོན་སོང་བ་ཉེ་དགའི་ཁ་ཆོས་ཀྱིས་བཅོམ་ནས་དོར་ཐུང་གིས་ཞུགས་སོ། །ཁྱིམ་བདག་སོང་བ་དང་ཉེ་དགས་མཐོང་སྟེ། ཨ་རོ་ཀྱ། མ་གྱ་ཡང་རུང་ངོ་། །ཁྱིམ་བདག་སྔར་དུད་པར་འཐུལ་བ་ད་ནི་མེར་འབར་རོ། །རབ་བྱུང་གཞན་ནི་འདོད་པ་སྤང་བའི་ཕྱིར་ཡིན་ལ། ཁྱེད་ནི་སྤེལ་བའི་ཕྱིར་ཡིན་ནོ། །ཅི་བྱས། འདི་བྱས་སོ། །ལྷ་ནི་སྦྱིན་ལ་ཡི་དྭགས་ལྡོག་གོ་ཞེས་ཟེར་རོ། །དེས་ཁྱེད་ལ་རིལ་བ་བྷྲྀཾ་ག་ར་ཕུལ་ལམ། མི་བཟོད་ན་བསླབ་པ་འཆའ་རུ་ཆུག་ཅིག ཁོ་བོས་དེ་ཡལ་བར་བོར་དུ་རེའམ། ཁྱིམ་བདག་གིས་སྟོན་པ་ལ་ཞུས་ནས་བཅས་སོ། །འདི་ལ་གཞི་མིའི་རྒྱུད་དུ་སྐྱེས་པའི་ཁྱིམ་པ་ཉེ་དུ་མ་ཡིན་པ། བསམ་པ་ཆོས་གོས་ཕྲོགས་པའམ། རླག་པའམ། ཚིག་གམ། ཆུས་ཁྱེར་བ་ལྟ་བུ་གང་ཡང་མིན་པས་སློང་བར་བསམས་པ། སྦྱོར་བ་ཆོས་གོས་ཀྱི་ཚད་ལོངས་པ་དག་གིས་བསླངས་པ། མཐར་ཐུག་གང་བསླངས་པ་ལག་ཏུ་ལོན་པ་སྟེ། ཡན་ལག་འདི་ལྟ་བུ་ཚང་ན་སློང་བའི་སྤང་ལྟུང་དུ་འགྱུར་རོ། །བསླངས་པ་ཙམ་གྱིས་ཉེས་བྱས། ལག་ཏུ་ཐོབ་པ་དངོས་གཞི། གོས་སྔོན་པོ་བསླངས་པ་ལ་སེར་པོ་ཐོབ་པ་ལྟ་བུ་ཉེས་མེད། དེ་བཞིན་དུ་རིན་ཀར་ཤ་པ་ཎ་ལྔ་རི་བ་བསླངས་པ་ལ་དེ་ལས་གཞན་ཐོབ་པ་དང་། ཁྲུ་ལྔ་སློང་བ་ལ་དེ་ལས་གཞན་པ་ཐོབ་པ་ལྟུང་བ་མེད་དོ། །ཁ་དོག་དང་རིན་གྱི་ཚད་མ་བྱས་པར་བསླངས་ན་གང་ཡང་རུང་བ་ཞིག་ཐོབ་པས་ལྟུང་བར་འགྱུར་རོ། །ཁ་ཚར་དང་རས་མ་ལྟ་བུ་སློང་བ་ལ་ཉེས་པ་མེད་དོ། །ཆོས་གོས་ཀྱི་རྒྱུར་སྐུད་པའམ། དེའི་རང་བཞིན་རས་བལ་ལྟ་བུ་ལ་སོགས་པ་སློང་བ་ཡང་ཉེས་བྱས་སོ། ༧ །མེད་པས་སྟོད་གཡོགས་སྨད་གཡོགས་ཚད་ལྡན་པ། །ཟུང་ལྷག་བསླངས་པ་ཐོབ་ལའོ། བྱིན་གྱིས་བརླབ་པར་བྱ་བ་ཐམས་ཅད་མེད་ན་སློང་བར་རིགས་པ་ཉིད་དོ། །དེ་ནི་ལྟུང་བའི་བྱེད་པ་པོ་ཉིད་དོ། །ཞེས་པ་ལ་སོགས་པའི་དོན་ཏེ། གླེང་གཞི་ནི། སྟོན་པ་མཉན་ཡོད་དུ་བཞུགས་པའི་ཚེ། བཅོམ་ལྡན་འདས་ཀྱིས་མདོ་སྡེར་བསྔགས་པའི་འཕྲེང་བ་ཅན་པའི་དགེ་སློང་བཞི་བཅུ་དོན་མཐུན་དང་ལྷན་ཅིག་ལྗོངས་རྒྱུ་རུ་སོང་བ་ཆོམ་རྐུན་པས་བཅོམ་ནས། དེ་དག་ཉེ་དུ་མ་ཡིན་པ་ལ་ནི་གོས་སློང་བ་བཀག་ལ། འདི་ན་ནི་ཉེ་དུ་གང་ཡང་མེད་ཀྱི། མཉན་ཡོད་དུ་ཕྱིན་ན་དགེ་སློང་དག་གིས་སྟེར་བར་འགྱུར་རོ་སྙམ་ནས། ཉིན་མོ་ཚང་ཚིང་དུ་འཁོད་མཚན་མོ་འགེབས་པས་རྒྱལ་བྱེད་ཚལ་དུ་སོང་བ་དང་། མིང་ཅི་ཡིན། འཕྲེང་བ་ཅན་པའི་བཞི་བཅུའོ། །འོངས་པ་ལེགས་སོ་ཟེར། ལ་ལས་ཆོས་གོས། ལ་ལས་སྣམ་སྦྱར་སོགས་བྱིན་ཏེ་གསོལ་པས། བསླབ་པ་ལ་གུས་པའི་བསྔགས་པ་བརྗོད་ནས། སྔ་མ་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ནོ། །ཞེས་དང་། དེའི་ཚེ་ཉེ་དགའ་ལ་འདི་དག་ཐམས་ཅད་ཁྱིམ་བདག་གིས་ཞུས་ནས་བསླབ་པ་བསྡམས་པས་བཅའ་བའི་རིན་ཙམ་ཡང་བླང་མི་ནུས་ཀྱི། འཕྲེང་བ་ཅན་པ་ལ་གནང་བས། དེ་སྔོན་དུ་བཏང་བས་རྙེད་པ་བསྒྲུབ་བོ་སྙམ་པ་ལྟར་དུ་བགྱིས་པ་དང་། དེ་དག་རེ་རེ་བཅུ་གསུམ་བདུན་བདུན་རྙེད་དོ། །དེ་དག་གྲལ་དུ་སོང་བའི་བར་ལ་དྲུག་སྡེས་རྙང་རྙིང་ཕྱོགས་གཅིག་ཏུ་སྤུངས་ནས་བཞག་གོ །སླེབ་པ་དང་གོས་ལོངས་ཤིག རྙང་རྙིང་ཤ་སྟག་གོ །མི་དགའ་ན་ཡང་བླངས་ཏེ་འཚེམ་མོ། །སྐབས་དེ་གསོལ་པས། ཁྱེད་ལེན་པའི་དྲོད་མི་ཤེས་པ་བདེན་ནམ་ཞེས་བཅས་སོ། །འདི་ལ་གཞི་བྱིན་གྱིས་བརླབ་ཏུ་རུང་བའི་ཡོ་བྱད་བཅུ་གསུམ་ལས་གང་ཡང་རུང་བ། ཐམས་ཅད་མེད་པས་སློང་བར་རིགས་པའི་དགེ་སློང་། བསམ་པ་སློང་བར་འདོད་པ། སྦྱོར་བ་སྟོད་གཡོགས་སྨད་གཡོགས་ཟུང་ཚད་ལས་ལྷག་པ་དག་གིས་བསླངས་པ། མཐར་ཐུག་ལག་ཏུ་ལོན་པ་དང་རྗེས་སུ་གནང་བ་མ་ཡིན་པ་སྟེ། ཡན་ལག་འདི་ལྟ་བུ་ཚང་ན་སློང་པར་རིགས་པའི་སྤང་ལྟུང་དུ་འགྱུར་རོ། །ཚད་ནི་ཁྱིམ་པའི་སྟོད་གཡོགས་ཆེ་ཚད། རས་ཡུག་ཆེན་སྲིད་དུ་ཁྲུ་བཅུ་གཉིས་པ་དང་ཞེང་དུ་ཁྲུ་གསུམ་པ། སྨད་གཡོགས་ནི་རས་ཡུག་ཕྲན་སྲིད་དུ་ཁྲུ་བདུན་པ་དང་ཞེང་དུ་ཁྲུ་དོ་པའོ། །དགེ་སློང་གི་ཆེ་ཚད་ནི་སྣམ་སྦྱར་དང་ཤམ་ཐབས་ཀྱི་ཆེ་ཚད་དོ། །ཁྱིམ་པ་དང་དགེ་སློང་གི་རྣམ་པར་གཞག་པ་དེ་གཉིས་ལས་ལྷག་པ་བླང་ན་ལྟུང་བར་འགྱུར་རོ། །ཆུང་བ་ཁྲུ་ཕྱེད་དང་གསུམ་པའི་ཞེང་དང་། སྲིད་དུ་ཁྲུ་ཕྱེད་དང་ལྔ་པའི་སྟོད་གཡོགས། འཁོར་གསུམ་ཁེབས་པའི་ཚད་ལས་ཆུང་བའི་སྨད་གཡོགས་བྱིན་གྱིས་བརླབ་ཏུ་མི་རུང་བའི་ཕྱིར། ཐོབ་ཀྱང་དེའི་ཁ་སྐོང་སླར་དེ་ལ་བསླང་བར་མི་བྱའོ། །སྔ་མ་ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་ཀྱི་ཆོས་གོས་ཟུང་ལྷག་ན། ལྷག་པོ་སླར་སྦྱིན་བདག་ལ་མི་སྦྱིན་ལ། ཕྱི་མ་དགེ་སློང་གི་ལས་ལྷག་ན་ལྷག་པ་སླར་སྦྱིན་ནོ། །མ་སྦྱིན་ན་དངོས་གཞིར་འགྱུར་རོ། །བླང་བར་བྱ་བ་མ་ཡིན་པའི་གོས་དང་རས་བལ་ལ་སོགས་པ་བསླངས་ན་སྦྱོར་བའི་ཉེས་བྱས། ཐོབ་ན་དངོས་གཞིའོ། །དངོས་པོ་ལྷག་པོ་སྦྱིན་བདག་ལ་ཕར་སྤྲད་ཀྱང་། བཙུན་པ་བཞེས་ཤིག་ཅེས་རྗེས་སུ་གནང་བར་བྱས་ན་བླངས་ཀྱང་ཉེས་པ་མེད་དོ། ༨ །ཉེ་མིན་ཁྱིམ་གཅིག་བརྟག་རུང་དྲན་བརྗོད་གོས། །རིན་དང་ཁྲུ་ཚད་ཀྱིས་སློང་ཐོབ་ན་ཡིན། །དཔགས་པ་མ་ཕུལ་བར་ཤེས་པ་ནི་མ་དཔགས་པ་དང་འདྲའོ། །དེ་ཉིད་གཞན་ཡིན་ནོ་ཞེས་པའི་དོན་ཏེ། གླེང་གཞི་ནི། མཉན་ཡོད་དུ། ཁྱིམ་བདག་གིས་བུད་མེད་གཞན་དང་ཁྱིམ་བདག་མོས་སྐྱེས་པ་ལ་བྱིན་ནས་ཁྱིམ་གུད་པ་ལ། མངག་གཞུག་མ་ལ་ཁྱིམ་བདག་གིས་འདིས་ཁྱིམ་གུད་དུ་བཅུག་གོ་ཟེར་བརྡེག་པ་ལ། དེས་ཁྱིམ་གུད་པ་ཅི་ལས་གྱུར་ཤེས་ཏེ་བརྗོད་དུ་མི་རུང་ཟེར་བ་ཉེ་དགས་ཐོས་ཏེ། དེ་གཉིས་ལ་ཆོས་བཤད་ནས་དགེ་བསྙེན་ཕ་མར་བྱས་སོ། །དེ་ནས་ཁྱིམ་བདག་དེས་མངག་གཞུག་མི་བརྡེག་པས། དེས་ཀྱང་ཉེ་དགའི་དྲིན་དུ་བསམས་སོ། །ཁྱིམ་བདག་དེས་ཉེ་དགའ་ལ་རས་ཡུག་གཅིག་འབུལ་ལོ། །ཞེས་སྨྲས་པ་མོས་ཐོས་ནས། ཉེ་དགའ་མཐོང་ནས་ཕྱག་འཚལ་ཏེ་དགའ་བ་སྦྲན་ནོ། །དེས་ཁྱིམ་དེར་སོང་ནས་ཁོ་བོ་ལ་འབུལ་བའི་རས་ཡུག་བལྟའོ། །བདག་གིས་གསངས་ནས་སྨྲས་པ་སུས་བཤད། ལྷུང་བཟེད་དུ་ཟོས་ཤིང་སོ་ལྷགས་སྐྲ་དཀར་པོར་གྱུར་ནས་དེ་ཙམ་མི་སྲིད་དམ། བླངས་ཏེ་ཕུལ་བས་གཞན་སྦྱིན་ཅིག མེད་དོ། །ཉོས་ལའོ། །དེས་ཉོན་ནས་རིན་མ་འཁོར་བས་ཉི་མ་ལ་བརྟགས་པས། ཅི་ཞུན་མར་འཐུངས་སམ་ན། བུན་ལོན་པས་བཟུང་ངོ་། །ཅི་དགེ་སློང་དག ལྷག་པ་སློང་བ་ལས་སོ། །ཞེས་པའི་སྐབས་དེ་གསོལ་བས་བཅས་སོ། །འདི་ལ་གཞི་ཁྱིམ་པ་ཉེ་དུ་མ་ཡིན་པས་རང་ལ་འབུལ་བར་དཔགས་པའི་གོས། བསམ་པ་དེ་ཐོས་ནས་འབུལ་མི་འབུལ་བརྟག་པར་བསམ་པ། སྦྱོར་བ་རིན་དང་ཁྲུ་ཚད་ཀྱི་དྲན་པ་བརྗོད་ནས་སློང་བ། མཐར་ཐུག་བསླངས་པ་ལག་ཏུ་ཐོབ་པ་སྟེ། ཡན་ལག་འདི་དག་ཚང་ན་དཔགས་པ་སློང་བའི་སྤང་ལྟུང་དུ་འགྱུར་རོ། ༩ །ཉེ་མིན་ཁྱིམ་པ་མང་པོར་བརྟག་དྲན་བརྗོད། །བསླངས་པ་སྦྱོར་བ་གཅིག་པས་ཐོབ་པ་ལའོ། །སྦྱིན་པ་བྱེད་པ་སྤུངས་ཆེ་བ་ཡང་ངོ་། །སྦྱོར་བ་གཅིག་པའི་ཕྱིར་ཐོབ་ན་གཅིག་ཉིད་དོ། །ཞེས་པ་ལ་སོགས་པའི་དོན་ཏེ། གླེང་གཞི་ནི། ཉེ་དགའ་ལ་ཁྱིམ་བདག་མང་པོས་སོ་སོ་ནས་རས་ཡུག་ཆེན་འབུལ་ལོ་ཞེས་དཔགས་པ་ཐོས་ནས་བསླངས་པ་ལ་བཅས་སོ། །འདི་ལ་གཞི་ཉེ་བ་མ་ཡིན་པའི་ཁྱིམ་པ་མང་པོས་རང་ཉིད་ལ་འབུལ་བར་དཔགས་པའི་གོས། བསམ་པ་ཐོས་ནས་བརྟག་པར་བསམ་པ། སྦྱོར་བ་དྲན་པ་བརྗོད་དེ་བསླངས་པ། མཐར་ཐུག་བསླངས་པ་ལོན་པ་སྟེ། འདི་ལྟ་བུ་ཚང་ན་སོ་སོ་ནས་དཔགས་པ་སློང་བའི་སྤང་ལྟུང་དུ་འགྱུར་རོ། །ལྟུང་བ་འདི་གཉིས་ལ། རང་ལ་འབུལ་བར་བསྔོས་པ་ཐོས་པ་དེ་ཉིད་མ་ཕུལ་བས་མ་དཔགས་པ་དང་འདྲ་བའི་ཕྱིར་སློང་ན་སྤང་བའི་ལྟུང་བར་འགྱུར་རོ། །ཕྲོགས་པ་སོགས་ལ་གཉིས་ཀ་ཉེས་མེད་ཡིན། སྔར་བཞིན་དུ་སྦྱར་རོ། ༡༠ །གསུམ་ཆར་ཁྱིམ་པ་མི་ཡིན་མི་རུང་སྤངས། །དྲི་བསྟན་བསྒོས་ཤིང་སྨྲས་པ་བྱུང་བའི་མཐའ། །རྗེས་བརྗོད་བསྐུལ་བ་དྲུག་རྫོགས་གོས་ཐོབ་ལའོ། །བསྐུལ་བ། རུང་བ་མ་ཡིན་པ་ལ་སོགས་པའི་དོན་ཏེ། གླེང་གཞི་ནི། སྟོན་པ་འོད་མའི་ཚལ་ན་བཞུགས་པའི་ཚེ། ཉེ་དགའ་གྲོགས་པོ་དབྱར་ཚུལ་ཅན་སོང་ནས་སྦྱིན་པའི་བསྔགས་པ་བརྗོད་པས་པ་ཎ་དྲུག་ཅུ་འབུལ་ལོ་ཞེས་སྨྲས་ནས། སྟོན་པ་ཀོ་ས་ལར་གཤེགས་པའི་ཚེ། ཚོང་པ་ལ་བསྐུར་ཏེ་ཉེ་དགའ་ལ་གཏད་པ། ཉེ་དགས་ཞལ་ཏ་བྱེད་པའི་སྤོས་འཚོང་གི་ཁྱེའུ་ཞིག་ལ་གཏད། མཚན་མོ་འགྱོད་དེ་དེས་བསྙོན་སྲིད་སྙམ་སྔ་བར་སོང་བ་དང་། པ་ཎ་འོན་ཅིག་ཅེས་སྨྲས་པས། ཚོང་བའི་ཚོགས་ཀྱི་ཉི་མ་ཤར་ན་འོང་ན་པ་ཎ་དྲུག་ཅུ་འཇལ་བའི་ཁྲིམས་བདོག་གིས་རེ་ཞིག་སྡོད་ཅིག སུ་སྐྲངས་སྐྲངས་སུ་སྡོད་མ་བྱིན་ན་པ་ཎ་དྲུག་ཅུ་འཇལ་དགོས་པའི་གྱོད་ལ་བཀྲིའོ། །དེས་ཁྲོས་ནས་འཕངས། རྒྱ་གོགས་སོ། །རྒྱ་མ་བྱིད་དམ། བལྟའོ། །ཁྱོད་ཀྱིས་བརྟགས་ཏེ་གཏང་ངམ། མ་བརྟགས་ན་ཅིའི་ཕྱིར་རྒྱ་གཅོག དེ་སྒོར་གྱི་བར་ལ་པ་ཎ་དྲུག་ཅུའི་ཆད་པ་ཤོར་ནས། དད་པའི་མྱུ་གུ་སྐྱེས་མ་ཐག་སྐམས་པར་བྱས་སོ། །ཞེས་པའི་སྐབས་དེ་གསོལ་བས་བཅས་སོ། །འདི་ལ་གཞི་སྦྱིན་བདག་དང་། བསྐུལ་བའི་ཕོ་ཉ་དང་། ཞལ་ཏ་བྱེད་པ་གསུམ་ཆར་མིའི་རྒྱུད་དུ་སྐྱེས་པའི་ཁྱིམ་པ་ཡིན་པ། གོས་ཀྱི་རིན་གསེར་དངུལ་ལྟ་བུ་ཡིན་པ་བདག་ཅག་གིས་ལེན་དུ་མི་རུང་ངོ་ཞེས་སྤངས་པ། ཕོ་ཉ་བས་འཕགས་པ་དག་མི་བཞེས་ན་རུང་བར་བྱེད་པའི་ཞལ་ཏ་དག་མཆིས་སམ་ཞེས་དྲིས་པ། དེ་ལ་དགེ་སློང་གིས་ཁྱིམ་པ་འདི་ལྟ་བུ་ཡོད་ཅེས་བསྟན་པ། ཕོ་ཉ་བས་དེ་ལ་རིན་གཏད་དེ་གཏད་པ་ལྟར་དགེ་སློང་ལ་བསྒོ་བ། བསམ་པ་ཆོས་གོས་དོན་དུ་གཉེར་བ། སྦྱོར་བ་ཞལ་ཏ་བྱེད་པ་དེ་ལ་སྔར་ཕོ་ཉས་སྨྲས་པ་བྱུང་བའི་མཐའ་བརྗོད་པས་ལན་དྲུག་གི་བར་དུ་གོ་བར་བསྐུལ་བ། མཐར་ཐུག་བསྐུལ་བ་དྲུག་པ་རྫོགས་པའི་ཕྱི་ལོགས་སུ་ཞལ་ཏ་བས་སྦྱིན་བདག་གི་སེམས་བསྡུ་བར་ཁས་མ་བླངས་པར་གོས་ཐོབ་པ་སྟེ། ཡན་ལག་འདི་ལྟ་བུ་ཚང་ན་བསྐུལ་བའི་སྤང་ལྟུང་དུ་འགྱུར་རོ། །བསྐུལ་བའི་སྒོ་དྲུག་སྟེ། མངོན་པར་སྨྲ་བ་དང་། ལེགས་པར་སྦྱོར་བ་དང་། ཟས་སྐོམ་དག་གི་དབང་དུ་བྱས་པ་གཉིས་གཉིས་སུ་ཕྱེ་བས་དྲུག་གོ དེ་ཐམས་ཅད་སྦྱོར་བ་གཅིག་གིས་བྱས་ན་བསྐུལ་བའི་སྒོ་གཅིག་ཏུ་འགྱུར་ལ། སོ་སོར་བྱས་ན་ཐ་དད་པའོ། །དེ་དག་ལས་གསུམ་ནི་ཚིག་གི་བདག་ཉིད། གསུམ་ནི་ཕྱོགས་ན་སྡོད་པའི་བདག་ཉིད་དེ་དེ་དག་ལ་གོ་རིམས་ནི་མེད་དོ། །དྲུག་པའི་གནས་སྐབས་ཕན་དུ་གོས་གྲུབ་པ་ལེན་ན་ལྟུང་མེད། བསྐུལ་བ་དྲུག་ལས་ལྷག་པ་དང་། ལན་གསུམ་ལས་ལྷག་པར་བསྡད་པ་དང་། སྤངས་ན་སྦྱིན་བདག་གི་སེམས་བསྡུ་བར་ཞལ་ཏ་བས་ཁས་མ་བླངས་པར་གོས་བླངས་ན་དངོས་གཞིར་འགྱུར་རོ། །མི་མ་ཡིན་པས་སྦྱིན་པར་བྱེད་ཅིང་མི་མ་ཡིན་པའི་ཕོ་ཉ་དང་མིས་རུང་བར་བྱེད་པ་ལ་སོགས་པའི་མུ་བདུན་དང་། ཕོ་ཉས་དགེ་སློང་མ་ལ་བསྒོ་བར་བསྐུལ་བ་དང་། གོས་ཀྱི་རིན་ལེན་དུ་མི་རུང་ངོ་ཞེས་མ་སྤངས་པར་ལེན་པ་དང་། དགེ་སློང་ལ་མ་དྲིས་པར་ཞལ་ཏ་བྱེད་པ་སྟོན་པ་རྣམས་ཉེས་བྱས་སོ། །མཐར་སྟེར་སྤངས་བརྗོད། ལན་དྲུག་རྫོགས་པའི་ཕྱིས་ཞལ་ཏ་བས་གོས་སྤྲོད་པར་འོངས་ན། ཁྱོད་ཀྱི་གོས་འདི་བདག་གི་བློས་སྤངས་པས་དགོས་པ་མེད་དོ་ཞེས་མ་ལེན་ནོ། །སྦྱིན་པོར་རིན་ལོང་སྨྲ། ཞལ་ཏ་བྱེད་པ་ལས་རེ་ཐག་ཆད་ན། སྦྱིན་བདག་ལ་ཞལ་ཏ་བྱེད་པས་བདག་ལ་ཅི་ཡང་མ་བྱིན་གྱི། ཁྱོད་ཉིད་ཤེས་པར་བྱོས་ཤིག་ཅེས་སྨྲའོ། །གལ་ཏེ་མ་སྨྲས་ན་ཉེས་བྱས་སོ། །མ་གོ་བསྐུལ་མིན། གང་གིས་ལན་དྲུག་ཏུ་ཞལ་ཏ་བྱེད་པ་ལ་བསྐུལ་ཀྱང་། དེས་བསྐུལ་བར་མ་གོ་ན། མ་གོ་བ་ཚུན་ཆད་བསྐུལ་བར་མི་འགྱུར་བས་དེ་ཉིད་ཀྱི་གྲངས་ཀྱིས་སླར་གོ་བར་བྱའོ། །གུས་ན་ལེན་ཉེས་མེད། གལ་ཏེ་ཞལ་ཏ་བྱེད་པ་གུས་པས་བཏུད་དེ་འབུལ་ན་ཕྱིས་ལེན་པ་དང་། ཡང་སྤངས་པ་གོ་བར་བྱས་ནས་ཞལ་ཏ་བས་སྦྱིན་བདག་གི་སེམས་བསྡུ་བར་ཁས་ལེན་ན་བླངས་པ་ལ་ཉེས་པ་མེད་དོ། ༡༡ །དཀོན་པའི་སྲིན་བལ་གསར་སྟན་བྱེད་དང་འདོད། །བྱེད་འཇུག་བཀྲམ་པ་ཉིད་ལའོ། །སྲིན་བལ་གྱིས་བྱས་སམ། བྱེད་དུ་བཅུག་ནའོ། །ཞེས་པ་ལ་སོགས་པའི་དོན་ཏེ། གླེང་གཞི་ནི། མཉན་ཡོད་དུ་དགེ་སློང་མང་པོས་སྲིན་བལ་དཀོན་ཞིང་རིན་ཆེ་བ་ལ་སྟན་བྱས་པས། བྱ་བྱེད་མང་ཞིང་མུ་སྟེགས་དག་དགེ་སློང་འདི་དག་སྲོག་གཅོད་པ་མ་སྤངས་པ་སྟེ། སུ་ཞིག་བསོད་སྙོམས་སྟེར་བར་བྱེད་ཅེས་འཕྱ་བའི་སྐབས་དེ་གསོལ་བས་བཅས་སོ། །འདི་ལ་གཞི་དཀོན་པའི་སྲིན་བལ་གསར་པའི་སྟན་བྱེད་པར་འདོད་པ། སྦྱོར་བ་རང་གིས་བྱས་སམ། གཞན་བྱེད་དུ་བཅུག་པ། མཐར་ཐུག་བཀྲམ་པ་ཙམ་སྟེ། ཡན་ལག་འདི་དག་ཚང་ན་སྲིན་བལ་གྱི་སྤངས་ལྟུང་དུ་འགྱུར་རོ། །སྟན་ནི་ནང་ཚངས་ཅན་ནམ། བརླིངས་པ་གཉིས་ཏེ། རས་བལ་ཅན་དང་གཡབ་པོ་ཞེས་ཀྱང་བྱའོ། །གདིང་བ་ནི་སྟན་མ་ཡིན་ཏེ་ཆོས་གོས་ཀྱི་དབྱེ་བར་བགྲངས་པས་སོ། །སྟན་གྱི་ཚད་ནི་གདིང་བ་དང་འདྲའོ། །དེ་ལས་ཆུང་ན་ནི་ཉེས་བྱས་སུ་འགྱུར་རོ། །བཀྲམ་པ་ཉིད་བྱེད་པ་མཐར་ཐུག་ཡིན་ལ། དེ་ཕྱིན་ཆད་ཀྱི་བྱེད་པ་ཐམས་ཅད་དེའི་ཁོངས་སུ་འདུས་ཏེ་རྩོམ་པ་གཅིག་ཏུ་གྱུར་པའི་ཕྱིར་རོ། །ཞུ་བ་ཁ་ཅིག་ལས། ཇི་ཙམ་གྱིས་ན་ལྟུང་བ་རྫོགས་པར་འགྱུར། གང་ཚུན་ཆད་བཀྲམ་པར་གྱུར་ནའོ། །ཞེས་པས་སོ། །འདྲེས་པ་ལ། ན་སྨད། སྲིན་བལ་དང་། བལ་དཀར་པོའམ། ཤ་ནའི་རས་བལ་ལམ། གསོ་བལ་ལ་སོགས་པའི་རྫས་ཉུང་ངུ་བསྲེས་ཏེ་སྟན་བྱེད་ན་ཉེས་བྱས་སུ་འགྱུར་རོ། །སྲིན་བལ་ཉམས་པ་ལས་བྱེད་དམ། དེ་དང་འདྲེས་པ་ཡང་ངོ་། །རྙིང་སྤྱོད་བྱས་ཟིན་ལྟུང་མེད་དོ། །རྙིང་བའི་བྱི་དོར་དང་། གཞན་གྱིས་བྱས་ཟིན་པ་ལ་ལོངས་སྤྱོད་པ་དང་། མངོན་པར་འདུ་བྱེད་པ་དག་ལ་ནི་ལྟུང་བ་མེད་དེ། རྩོམ་པ་རྗེས་སུ་སྒྲུབ་པ་ཉིད་ལས་ཉེས་པར་འགྱུར་བར་བཞེད་པས་སོ། ༡༢ །དེ་བཞིན་ལུག་བལ་གསར་པ་ནག་པོ་ཡང་། །ལུག་གི་བལ་ནག་པོ་འབའ་ཞིག་དག་གོ །ཞེས་པའི་དོན་ཏེ། གླེང་གཞི་ནི། མཉན་ཡོད་དུ་དགེ་སློང་མང་པོས་བལ་ནག་པོ་དཀོན་ཞིང་རིན་ཆེ་བས་སྟན་བྱས་པས། བྱ་བྱེད་མང་བས་དོན་ཉུང་ངུ་དག་འཕྱ་བའི་སྐབས་དེ་གསོལ་བས་བཅས་སོ། །འདི་ལ་གཞི་ལུག་བལ་ནག་པོ། ཡང་ཞེས་པ། བསམ་སྦྱོར་ལ་སོགས་པ་སྔར་བཤད་པ་བཞིན་གཟུང་བར་སྟོན་པའོ། །སྔོན་པོ་དང་། འདམ་ཁ་དང་། ཁམ་པ་དག་རང་བཞིན་གྱི་ཡིན་ན་དེ་དང་འདྲའོ། །ཁ་བསྒྱུར་ན་ནི་མ་ཡིན་ནོ། །ཤ་ནའི་རས་བལ་དང་། གསོ་རས་དག་ནག་པོ་དང་བསྲེས་ནས་སྟན་བྱེད་ན་ཡང་དངོས་གཞིར་འགྱུར་རོ། ༡༣ །བལ་གསར་དཀར་འཁོབ་ཕྱེད་ལས་ནག་པོ་ཉིད། །ལྷག་ལའོ། དེ་དག་བྱེད་ལས་ལྷག་པ་ཉིད་ལའོ། །ཞེས་པའི་དོན་ཏེ། གླེང་གཞི་ནི། དཀར་པོ་དང་འཁོབ་བལ་ཅུང་ཞིག་བཅུག་ནས་བལ་ནག་པོ་དཀོན་པས་སྟན་བྱེད་ནས་སྔར་བཞིན་འཕྱ་ནས། ཆ་གཉིས་ནག་པོ། གསུམ་པ་དཀར་པོ། བཞི་པ་འཁོབ་བལ་མ་བཅུག་པས་སྟན་གསར་པ་བྱེད་ན་སྤང་པའོ། །ཞེས་བཅས་སོ། །འདི་ལ་གཞི་བལ་དཀར་པོ་བཞི་ཆ་གཅིག འཁོབ་བལ་བཞི་ཆ་གཅིག བལ་ནག་པོ་ཆ་གཉིས་རུང་བ་ཡིན་ལ། དེ་ལས་ཅུང་ཟད་ནག་པོ་ལྷག་པ་སྟེ། ཡན་ལག་གཞན་སྔ་མ་དང་མཚུངས་སོ། །གློ་དང་། རྒྱབ་དང་། གཉའ་བ་ནས་སྐྱེས་པ་ནི་དཀར་པོ། མགོ་དང་། རྐང་པ་དང་། ལྟོ་བ་ནས་སྐྱེས་པ་ནི་འཁོབ་བལ་ལོ། དཀར་པོ་དང་འཁོབ་བལ་གང་རུང་ལྷག་པ་ནི་ཉེས་པ་མེད་དེ། མོད་པ་དང་རིན་ཆུང་བའི་ཕྱིར་རོ། ༡༤ །བསམས་དང་གནང་བ་མ་ཐོབ་དང་། །ཡོད་བཞིན་ལོ་དྲུག་ནང་དུ་སྟན་བྱས་ལའོ། །གནང་བ་མ་ཐོབ་པའམ། གཞན་ཡོད་པའམ། རང་དགར་བཏང་བ། ལོ་དྲུག་མ་ལོན་པར་སྟན་བྱས་པ་ཉིད་ནའོ། །ཞེས་པའི་དོན་ཏེ། གླེང་གཞི་ནི། དགེ་སློང་རྣམས་སྟན་འདི་རིངས་འདི་ཐུང་ངོ་ཟེར་བོར་ནས་གཞན་བྱེད་པས་བྱ་བ་མང་སྟེ། དོན་ཉུང་ངུ་དག་འཕྱ་ནས་གསོལ་བས། སྟན་གསར་པ་བྱེད་ན་ལོ་དྲུག་ཏུ་བཅང་གི ལོ་དྲུག་ཚུན་ཆད་དུ་སྟན་རྙིང་པ་སྤངས་ཀྱང་རུང་མ་སྤངས་ཀྱང་རུང་གསར་པ་བྱེད་ན་སྤང་བའོ། །ཞེས་བཅས་སོ། །སྟོན་པ་འབྲོག་གནས་ན་བཞུགས་པའི་ཚེ། འབྲོག་གནས་གྲང་ཞིང་རླུང་ཆེ་བས་ལག་གི་བླ་དག་ལོ་དྲུག་ཏུ་སྟན་གྱིས་མ་ཐུབ་ནས་ལས་གསར་པ་རྒྱུན་བཅད་པ་དང་། ཀུན་དགའ་བོ་ལ་རྨེད་དེ་གསོལ་བས། ལག་གི་བླས་ལོ་དྲུག་ཏུ་སྟན་གྱིས་མ་ཐུབ་ན། དགེ་འདུན་ལ་སྟན་གྱི་ཕྱིར་གནང་བ་ཞུས་པ་བྱིན་པར་བྱའོ། །སྔ་མ་ནི་བཅས་པ། འདི་ནི་གནང་བའོ། །འདི་ལ་གཞི་སྟན་བྱ་བའི་ཕྱིར་དགེ་འདུན་ལ་གནང་བ་མ་ཐོབ་པ། ལོ་དྲུག་མ་ལོན་པའི་སྟན་ཡོད་པ། བསམ་པ་སྟན་གཉིས་པ་བྱེད་པར་བསམ་པ། སྦྱོར་བ་སྟན་དེ་ཉིད་དང་ལྷན་ཅིག་ཏུའམ། ཕྱིས་སྟན་གཞན་རྩོམ་པར་བྱེད་པ་གང་རུང་། མཐར་ཐུག་བྱས་ཟིན་པ་སྟེ། འདི་ཚང་ན་ལོ་དྲུག་ཏུ་འཆང་བའི་སྤང་ལྟུང་དུ་འགྱུར་རོ། །སྔར་བརྩམས་པ་མ་ཟིན་ལ། ཕྱིས་བརྩམས་པ་ཟིན་ན་དེའི་ཚེ་དངོས་གཞིར་མི་འགྱུར་ཏེ། སྔ་མ་ཟིན་པ་མེད་པའི་ཕྱིར་རོ། །ཕྱི་མ་རྩོམ་པའི་དུས་ཉིད་སྦྱོར་ལྟུང་དུ་འགྱུར་ཞིང་། སྔ་མ་བརྩམས་ནས་བབས་པ་ཕྱིས་རབ་ཏུ་བྱུང་བའི་ཚེ་བརྩམས་པ་ལྟ་བུ་ལ་ཉེས་པ་མེད་དེ། སྔོན་དང་ཕྱིས་རབ་ཏུ་བྱུང་བ་གཉིས་ནི་རྒྱུན་ཐ་དད་པ་ཡིན་པའི་ཕྱིར་རོ། །དགེ་སློང་གི་སྟན་རུང་བ་ཚད་ལས་ལྷག་ན་བཅད། མ་ལོངས་ན་བཀྱེད། རལ་ན་བཙེམ། བུག་པ་དང་ཤ་ཟད་པ་དག་ནི་སྦྱར་བར་བྱ། བཅོས་དཀའ་བ་ཉིད་ཡིན་ན་དགེ་འདུན་ལ་གནང་བ་ཞུ་བའི་ཕྱིར་གསོལ་བ་བཏབ་ནས་དེ་ལ་དད་པས་མི་འགྲོ་བར། དགེ་འདུན་ཐམས་ཅད་དམ། བསྐོས་པའི་དགེ་སློང་ཞིག་གིས་བལྟར་ཕྱིན་ནས་བཅོས་དཀའ་ན་གསོལ་གཉིས་ཀྱི་ལས་ཀྱིས་གནང་བ་སྦྱིན་ནོ། ༡༥ །གདིང་བ་གསར་པར་བདེ་གཤེགས་མཐོ་གང་ཙམ། །རྙིང་པ་སྣོན་ལས་དབྲི་ན་ཡོད་ནུས་ལའོ། །གདིང་བ་རྙིང་པ་ལས་བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པའི་གདིང་བ་གསར་པ་སྤྱོད་ནའོ། །ཞེས་པའི་དོན་ཏེ། གླེང་གཞི་ནི། སྟོན་པ་སངས་རྒྱས་པའི་ཚེ། ཐམས་ཅད་ལ་ཡུལ་དབུས་སུ་སངས་རྒྱས་བྱུང་ངོ་ཞེས་གྲགས་སོ། །བྱང་ལམ་ནས་ཚོང་པ་དག་གིས་ཐོས་ནས་སངས་རྒྱས་མཆོད། ཁེ་སོགས་ཀྱང་བསྒྲུབ་སྙམ་པས་འོངས་ཏེ། མགོན་མེད་ཟས་སྦྱིན་ཅན་སོང་སྟེ། སྟོན་པ་ལ་བལྟ་བར་འདོད་དོ། །ལེགས་སོ་ཟེར་ནས་དེ་དག་ཁྲིད་དེ་ཆོས་ཉན་དུ་བཅུག་ནས་གཙུག་ལག་ཁང་བལྟར་ཕྱིན་པས། དགེ་སློང་རྣམས་ཀྱི་གདིང་བ་བརྡོལ་བ་མཐོང་ནས། འདི་ཅི། འདི་རྣམས་ཕལ་ཆེ་མཚན་མོ་སྐྱིལ་ཀྲུང་གིས་འདའོ། །དད་ནས་རས་ཡུག་ཆེན་ལྔ་བརྒྱ་ཕུལ་ལོ། །དེ་དག་གི་གདིང་བ་རྙིང་པ་རྣམས་གཙུག་ལག་ཁང་བླ་གབ་མེད་པ་ཞིག་ཏུ་སྤུངས་ཏེ་བཞག་གོ །ཁྱིམ་བདག་གཅིག་གིས་དགེ་འདུན་གདུགས་ཚོད་ལ་སྤྱན་དྲངས་པ་དང་། སྟོན་པ་ནི་རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་བསྒྲུབ། དེའི་རྒྱུ་ལྔ་སྟེ། ནང་དུ་ཡང་དག་འཇོག་པ་དང་། ལྷ་ལ་ཆོས་སྟོན་པ་དང་། ནད་པ་བལྟ་བ་དང་། གནས་མལ་རྟོག་པ་དང་། བསླབ་པ་བཅའ་བ་སྟེ། འདིར་ཐ་མ་གཉིས་བརྟེན་ནོ། །དགེ་སློང་རྣམས་སོང་བ་དང་སྟོན་པས་ལྡེ་མིག་བསྣམས་ཏེ་གཙུག་ལག་ཁང་རྣམས་གཟིགས་པས། གདིང་བ་བོར་བ་གཟིགས་ནས་ཁྱིམ་བདག་དད་པ་ཅན་གྱིས་ཤ་ཁྲག་པགས་པ་བཙིར་ཏེ་བྱིན་པ་དག་དྲོད་མི་ཤེས་པར་སྤྱོད་དོ་སྙམ་ནས། དེ་དག་བརཏལ་ཅིང་སྤྲུགས་ནས་བསྐམས་རྩིག་པ་ལ་མི་རེག་པར་བཞག་གོ །དེ་ནས་དགེ་འདུན་རྣམས་ལ་དྲོད་རན་པར་སྤྱོད་པ་སོགས་ཀྱི་བསྔགས་པ་བརྗོད་ནས་བཅས་སོ། །འདི་ལ་གཞི་གདིང་བ་རྙིང་པ་ཚང་བར་ཡོད་པའམ། ཚང་བ་མེད་ཀྱང་རྙིང་པའི་དུམ་བུ་སྦྱར་བས་བདེ་བར་གཤེགས་པའི་མཐོ་གང་དུ་ལོངས་པ་གང་རུང་། བསམ་པ་སྣོན་པར་མི་སྤྲོ་བ། སྦྱོར་བ་གསར་པ་ལ་མ་བསྣན་པའམ་ཆུང་ངུ་བསྣན་པ་གང་རུང་། མཐར་ཐུག་སོ་སོར་གདིང་བས་སྤྱོད་པ་སྟེ། ཡན་ལག་འདི་ཚང་ན་སྤྱོད་པའི་སྤང་ལྟུང་དུ་འགྱུར་རོ། །རྙིང་པ་མེད་པ་ལ་ནི་ཉེས་པ་མེད་དོ། ༡༦ །གྲོང་འགྲོ་རྒྱང་གྲགས་དགོན་ནས་དགོན་དཔག་ཚད། །གཞན་མེད་གསུམ་ཚུན་འདས་བལ་ཁུར་ལས་སོ། །ཁྱེར་བ་མེད་ན་དཔག་ཚད་གསུམ་ལས་འདས་པའི་ལུག་གི་བལ་ཁྱེར་ནའོ། །ཡོད་ན་ཡང་ངོ་། །ཞེས་པའི་དོན་ཏེ། གླེང་གཞི་ནི། གཉན་ཡོད་དུ་དྲུག་སྡེ་དག་ཐམས་ཅད་སོང་ན་སྤྱོད་ཡུལ་གྱི་ཁྱིམ་གཞན་ལ་འཆོར་གྱི་འཆར་ཀ་གཅིག་པུ་འདུག་ཅིག བལ་ཡུལ་དུ་འགྲོ་བའི་ཚོང་པ་ལ་ཁོ་བོ་ཁྱེད་དང་ལྷན་ཅིག་འདོང་ངོ་། །འཕགས་པ་དག་ཡུལ་རྔ་མོའི་རྒྱབ་དང་འདྲ་བས་དགྱེས་པར་མི་འགྱུར་རོ། །དེ་ལྟ་ནའང་ཡུལ་བལྟ་ཡིས་འདོང་ངོ་། །དེ་དག་ལྷན་ཅིག་སོང་སྟེ། བལ་ཡུལ་དུ་སླེབ་པ་དང་མི་དགའ་བར་གྱུར་ནས་སྔ་བར་ལངས་ཏེ་སྲང་དུ་སོང་བ་དང་། མི་དགྱེས་པར་མ་གྱུར་ཏམ། གྱུར་གྱི་འདོང་ངོ་། །བདག་ཅག་གི་ཟོང་མ་བསྒྱུར་གྱི། འདི་དང་ལྷན་ཅིག་བཞུད་ཅིག བལ་ཡུལ་བལ་དང་ལྡོང་རོས་མོད་པས་བལ་གྱིས་ཤིང་རྟ་བཀང་སྟེ་འགྲོ་བའི་ཚོང་པ་དང་ལྷན་ཅིག་ཆས་སོ། །དེའི་ཚེ་ཤིང་རྟའི་སྲོག་ཤིང་ཆག་ནས་བཅོས་ན་དགྲ་ཆོམ་རྐུན་པས་ཚོར་ན་གསོད་དུ་འོང་གི་གཅེས་པ་ཁྱེར་ཏེ་འགྲོ་སྙམ་དུ་འདུག་པ་དང་། དྲུག་སྡེས་དྲིས་པས། ཁྱེད་ལ་མི་གནོད་ན་ཞྭ་ལ་སོགས་པའི་དོན་དུ་བལ་ཅུང་ཞིག་ཁུར་རོ། །ཐམས་ཅད་སྣོམས་ཤིག ཆོས་གོས་དང་ལྷུང་བཟེད་ཐམས་ཅད་གཅིག་གིས་ཁུར། བལ་དེ་ཐག་པར་བཀལ་ཏེ་ཁུར་པོ་ཆེ་བ་བཞི་དྲགས་ནས་རྒྱལ་བྱེད་ཚལ་དུ་སླེབ་པ་དང་། དགེ་སློང་རྣམས་ངོ་ཚ་བའི་རྒྱུས་ཁེངས་པར་བྱེད་དོ། །ཞེས་སྨོད་པའི་སྐབས་དེ་གསོལ་པས་བཅས་སོ། །འདི་ལ་གཞི་བལ་ཁུར་པོ་ལོངས་པ། བསམ་པ་རང་དོན་དུ། སྦྱོར་བ་བལ་རང་གིས་ཁུར་བ། མཐར་ཐུག་གཞན་ཁུར་བ་ཡོད་བཞིན་དུ་རང་གིས་ཁུར་ན། གྲོང་ཁྱེར་ནས་གྲོང་ཁྱེར་དུ་རྒྱང་གྲགས་གཅིག་དང་། དགོན་པ་ནས་དགོན་པར་དཔག་ཚད་གཅིག་དང་། ཁུར་བ་མེད་ན་དཔག་ཚད་གསུམ་ལས་ལྷག་པའི་རྒྱང་གྲགས་ཀྱི་མཐར་ཕྱིན་པ་སྟེ་གསུམ་པོ་གང་རུང་ངོ་། །ཡན་ལག་འདི་ཚང་ན་ལམ་དུ་བལ་ཐོགས་པའི་རྒྱུ་ལས་བྱུང་བའི་སྤང་ལྟུང་དུ་འགྱུར་རོ། །ཁྱེར་བ་ཡོད་བཞིན་དུ་བདག་ཉིད་ཀྱིས་ཁྱེར་ན་རྩོམ་པའི་དུས་སུ་སྦྱོར་བ། རྒྱང་གྲགས་ཀྱི་ཕྱེད་ཙམ་དུ་སྦྱོར་བའི་ཉེས་བྱས་སོ། །ཁུར་བ་མེད་ན་དཔག་ཚད་གསུམ་ཚུན་ཉེས་མེད་དོ། །རྫུ་འཕྲུལ་གྱིས་འགྲོ་བ་ཡང་ངོ་། །གཞན་སྔགས་ཀྱིས་ནམ་མཁའ་ལ་འགྲོ་བ་དང་། སྤྲུལ་པས་འགྲོ་ན་ཉེས་བྱས་སོ། །ཞྭ་སོགས་ཆེད་དུ་ཉུང་ཁྱེར་ཉེས་པ་མེད། །ཞྭ་དང་། ལྷམ་སྒྲོ་གུ་ཅན་དང་། སྟོད་ཀོར་ནང་ཚངས་ཅན་དང་། རྒྱ་ཅང་དང་། ལྕག་པོད་དང་། ཤུར་བུ་ཕྲེའུ་ལ་སོགས་པའི་དོན་དུ་དེ་ཙམ་ལྡང་བ་ཁྱེར་བ་ལ་ཉེས་པ་མེད་དོ། །གློ་དང་། རྒྱབ་དང་། རྐེད་པ་དང་། མགོ་བོ་དག་གིས་མི་ཁུར་རོ། །འདི་དགེ་སློང་གིས་ཐུན་མོང་མ་ཡིན་པ་ཉིད་དུ་མི་བྱ་སྟེ། དགེ་སློང་མས་ཀྱང་ངོ་། །ཁུར་ཕྱེད་ལས་ལྷག་པ་བསྐུར་བར་མི་བྱའོ། །ཁུར་གྱི་ཚད་ནི། དུལ་བ་ལྷས། སྲང་ཉིས་སྟོང་ཞེས་བཤད་དོ། ༡༧ །ཉེ་མིན་དགེ་སློང་མ་བལ་རྨེལ་བཅུག་ལའོ། །ཆོས་གོས་བརྙིངས་པའི་གནས་སུ་ལུག་གི་བལ་དག་གོ །ཆག་པར་རྨེལ་བའོ། །ཞེས་པའི་དོན་ཏེ། གླེང་གཞི་ནི། དྲུག་སྡེས་བལ་བགོས་ནས་རང་རང་གི་གནས་སུ་བཅུག་གོ །དེའི་ཚེ་འཆར་ཀས་འདི་སུ་ལ་རྨེལ་དུ་གཞུག སྐྱེ་དགུའི་བདག་མོ་ལའོ་སྙམ་པ་དང་། སྐྱེ་དགུའི་བདག་མོ་དང་ཕྲད་ནས། ཚུལ་ཁྲིམས་ལྡན་པས་སྨོན་པ་འགྲུབ་ཅེས་པ་བདེན་ཏེ། ཁྱེད་དང་ཕྲད་པས་སོ། །བལ་ཉུང་ངུ་ཞིག་ཡོད་པ་རྨེལ་ཞིག དགེ་སློང་མ་གཉིས་བཏང་ངོ་། །དེ་གཉིས་ཀྱིས་དབྱར་ཁང་དུ་ཁུར་ནས་དགེ་སློང་མ་དག་གིས་རྨེལ་ནས་རིམ་པ་བཞིན་འཆར་ཀ་ལ་གཏད་དོ། །དེ་ནས་དེ་རྣམས་སྟོན་པ་ལ་ཕྱག་འཚལ་དུ་སོང་བས། ལག་པ་བཙོ་བླག་མཁན་ལྟར་དམར་བ་གཟིགས་ནས། ཀུན་དགའ་བོ་འདི་ཅི་ཡིན། དེས་བསྙད་པས་བཅས་སོ། །འདི་ལ་གཞི་སོགས་འཁྲུར་འཇུག་གི་སྤང་བའི་སྐབས་ཇི་ལྟ་བ་བཞིན་ལ་གོས་ཀྱི་ཚབ་ཏུ་ལུག་གི་བལ་དང་། ཆག་པའི་ཚབ་ཏུ་རྨེལ་བ་བཅུག་པ་ཙམ་ལས་ཁྱད་པར་གཞན་མེད་དོ། ༡༨ །རུང་བ་མ་བྱས་གསེར་སོགས་རིན་ཆེན་ལ། །རེག་གམ་རེག་འཇུག་ལེན་འདོད་ལོན་པ་ལའོ། །རིན་པོ་ཆེ་བདག་གིར་བྱས་ནའོ། །ལྕོགས་པ་ཉིད་ན་དེ་རྫོགས་སོ། །ཞེས་པའི་དོན་ཏེ། གླེང་གཞི་ནི། སྟོན་པ་འོད་མའི་ཚལ་ན་བཞུགས་སོ། །གྲོང་དཔོན་གཙུག་ན་ནོར་བུས་རྒྱལ་བློན་རྣམས་ཀྱི་གཏམ་ལ། དགེ་སློང་རྣམས་མངོན་མཚན་རུང་ཞིང་གསེར་བདག་གིར་བྱེད་ཅེས་ཁ་ཅིག་ཟེར། མི་བྱེད་ཅེས་ཁ་ཅིག་ཟེར་ནས་འདི་གང་ལགས། རུང་ཞིང་བདག་གིར་བྱེད་དོ་ཞེས་སྐུར་པ་འདེབས་པའོ། །ངོ་མཚར་རོ། །བདག་ཀྱང་དེ་སྙམ་མོ་ཟེར་ནས་སོང་ངོ་། །དེ་ནས་དགེ་འདུན་བསྡུས་ནས། གྲོང་དཔོན་འདི་སྐད་ཟེར་གྱི། ཁྱེད་ཀྱིས་རྩྭ་ཤིང་སོགས་བདག་གིར་བྱའི། གསེར་བདག་གིར་མི་བྱའོ། །འདི་ནི་བྱུང་བའོ། །དྲུག་སྡེ་དག་རང་གི་ལག་གིས་གསེར་དངུལ་སོགས་ལེན་ཅིང་འཇོག་པར་བྱེད་ནས། མུ་སྟེགས་ཅན་དག འདི་དག་མ་ལོག་མ་སྤངས་པ་སྟེ། ཁྱིམ་པ་དང་ཁྱད་ཅི་ཡོད་ཟེར་ནས་འཕྱ་བའི་སྐབས་དེ་གསོལ་བས་བཅས་སོ། །འདི་ལ་གཞི་རུང་བ་མ་ཡིན་པ་ལ་རུང་བ་མ་བྱས་པའི་རིན་པོ་ཆེ། བསམ་པ་དང་དུ་ལེན་པའམ་བདག་གིར་བྱ་འདོད་པ། སྦྱོར་བ་རང་གི་ལུས་ཀྱིས་རེག་གམ། གཞན་རེག་ཏུ་བཅུག་པ་གང་རུང་། མཐར་ཐུག་ལྕོགས་པ་སྟེ་ཐོབ་ཏུ་རུང་བ་ཉིད་དམ། ལག་ཏུ་ལོན་པ་གང་རུང་སྟེ། ཡན་ལག་འདི་དག་ཚང་ན་གསེར་དངུལ་ལ་རེག་པའི་སྤང་ལྟུང་དུ་འགྱུར་རོ། །རུང་བར་གོས་ཀྱི་རིན་རྙེད་པ་བསླངས་ནས་སྦྱིན་བདག་དེ་ཉིད་བདག་པོ་ཉིད་དུ་མོས་སུ་གཞུག་པའི་ཡིད་བརྟན་བཅས་ཏེ་བཅང་བར་བྱ་བ་ནི་རུང་བ་དང་པོའོ། །རུང་བ་མ་ཡིན་པའི་དངོས་པོ་རྙེད་པ་དེ་ཁྱིམ་པ་ཞལ་ཏ་བྱེད་པ་བདག་པོ་ཉིད་དུ་ཁས་ལེན་དུ་གཞུག་པས་སྤྲོ་བར་བྱ་ཞིང་། དེའི་མིང་གིས་བཅང་བར་བྱ་བ་ནི་རུང་བ་གཉིས་པ། དགེ་སློང་གི་མདུན་དུ་འདུག་སྟེ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དངོས་པོ་རུང་བ་མ་ལགས་པ་འདི་རྙེད་དེ། བདག་མིང་འདི་ཞེས་བགྱི་བའི་དངོས་པོ་རུང་བ་མ་ལགས་པ་འདི་བྱིན་གྱིས་བརླབ་བོ། །དངོས་པོ་རུང་བ་མ་ལགས་པ་འདིས་དངོས་པོ་རུང་བ་བསྒྲུབ་པར་བགྱིའོ། ལན་གསུམ་དུ་བརྗོད་པ་ནི་བྱིན་གྱིས་བརླབ་པ་སྟེ་རུང་བ་གསུམ་པའོ། །ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྻ་དང་། མན་ཤེལ་དམར་པོ་དང་། བྱུ་རུ་དང་། དངུལ་དང་། གསེར་དང་། རྡོའི་སྙིང་པོ་དང་། སྤུག་དང་། དམར་པོ་དང་། གཡས་སུ་འཁྱིལ་བ་ལ་སོགས་པ་ནི་རིན་པོ་ཆེའོ། །སྣོད་སོགས་སྙད་བཏགས་ལ་མིན་ཆོས་གོས་དང་། །ལན་རྒྱགས་སྨན་གྱི་རྒྱུ་ནི་རུང་བར་གསུངས། །ལྷུང་བཟེད་དང་ཆོས་གོས་སྨན་ལ་སོགས་པའི་ཡོ་བྱད། ཆོས་དང་ལྡན་པའི་དོན་དེ་འགྲུབ་པར་འགྱུར་བ་དག་མེད་པའི་རྐྱེན་གྱིས་དེ་དག་གི་རིན་མི་རུང་བའི་དངོས་པོ་ལེན་པ་ལ་རུང་བ་གསུམ་པོ་དེ་ཆགས་ལ་ཡོད་ན་མི་ཆགས་སོ། །སྦྱིན་བདག་གམ་ཞལ་ཏ་བྱེད་པ་རིང་དུ་སོང་ན་ཡང་རུང་བ་བྱས་པ་དེ་མི་ཉམས་སོ། །པ་ཎ་དང་དོང་རྩེ་ལ་སོགས་པར་སྙད་བཏགས་པའི་ཟངས་ལེན་པ་ཉེས་བྱས། གཞན་ཟངས་ལ་ཉེས་མེད། སྙད་བཏགས་སུ་མི་རུང་བ་གས་པ་དང་། ཆག་པ་དང་། དུམ་བུ་དང་། ཚིག་པ་དང་། སྔོན་མ་སྤྱད་པ་དང་། མ་བྱས་པ་དང་། མཚན་དང་མི་ལྡན་པ་དང་། བཅོས་པ་ལེན་པ་ནི་ཉེས་བྱས་སོ། །འོག་མ་མངོན་མཚན་ཅན་གྱི་གནས་སྐབས་ལ་ཡང་འདི་དག་ཉེས་བྱས་སུ་འགྱུར་རོ། །ཞ་ཉེ་དང་། ཁྲོ་ཆུ་དང་། རོ་ཉེ་དང་། ལྕགས་དག་ལ་རིན་པོ་ཆེར་སྨོས་ཀྱང་རིན་པོ་ཆེ་མ་ཡིན་པའི་ཕྱིར་ཉེས་མེད་དང་། བདག་ཉིད་ཀྱིས་ལུས་འཚོ་བའི་དོན་དུ་ཟོང་གིས་བཟའ་རུང་བྱེད་དུ་གཞུག་པ་རུང་ཞིང་། དེའི་ཆེད་དུ་ཕུལ་བའི་རིན་ཡང་ལེན་པར་རུང་ངོ་། །ལམ་རྒྱགས་བཟའ་བ་ལྔ། བཟའ་བར་སྨོས་པ་ལྔ། རིན་པོ་ཆེ་ལྔ། རིན་པོ་ཆེར་སྨོས་པ་ལྔ་རྣམས་ལེན་དུ་རུང་ངོ་། །དེ་དག་ཀྱང་འབྲས་ཆན། ཟན་དྲོན་དང་། ཤ ཉ། སྣུམ་འཁུར་ལྔ། ཅི་རྩེ་དང་། ཁྲེ་རྒོད་དང་། རྒྱ་སྲན་དང་། བྲ་རྒོད་དང་། ཁྲེ་ལྔ་དང་། གསེར། དངུལ། བཻ་ཌཱུརྻ་དང་། ཤེལ། མུ་ཏིག་ལྔ་དང་། ཞ་ཉེ། ཟངས། རོ་ཉེ། ཁྲོ་ཆུ། ལྕགས་ལྔ་རྣམས་སོ། །མེ་དང་ཆུ་དོན་ཤེལ་འཆང་ལྷུང་བཟེད་ནི། །ལྕགས་དང་ས་ལས་བྱས་མིན་བདག་གིར་མིན། །དེ་མེད་སྤྱད་དགོས་བྱུང་ན་སྨན་ཕོར་གསུངས། །མེ་དང་ཆུའི་དོན་དུ་མེ་ཤེལ་དང་ཆུ་ཤེལ་འཆང་བར་རུང་ངོ་། །དེ་ལྟ་བུའི་རིན་པོ་ཆེ་འཆང་བར་གནང་བའི་ཤན་རྒྱ་ལ་སོགས་པའི་ཡོ་བྱད་བཅང་བར་གནང་བ་ལ་བསྲེ་བར་མི་བྱ་བ་སྟེ། དེ་དག་རིན་པོ་ཆེ་ལས་བྱས་པ་མི་བཅང་ངོ་། །ལྷུང་བཟེད་བྱིན་གྱིས་བརླབ་ཏུ་རུང་བ་ནི་གཉིས་ཏེ། ལྕགས་དང་ས་ལས་བྱས་པའོ། །དེ་ལས་གཞན། ར་རྒན། ཟངས། འཁར་བ་དང་། ཤིང་གི་ལྷུང་བཟེད་བདག་གིར་མི་བྱའོ། །གལ་ཏེ་ལྷུང་བཟེད་རུང་བ་མེད་ན་མི་རུང་བའི་ལྷུང་བཟེད་དེ་དག་བསྙེན་རྫོགས་ཀྱི་སྔོན་རོལ་དུ་བདག་གིར་བྱས་སམ་མ་བྱས་ཀྱང་རུང་། སྨན་ཕོར་དུ་བསྔོས་ཏེ་སྤྱད་པར་བྱའོ། །བསོད་སྙོམས་ལ་ཁུར་དུ་མི་རུང་ངོ་། ༡༩ །རྙེད་འདོད་སྦྱོར་བ་ལས་གཅིག་སྐྱེད་བྱུང་ནའོ། །རྙེད་པ་འདོད་པ་ལ་འབྱུང་ངོ་། །ཞེས་པའི་དོན། གླེང་གཞི་ནི། དྲུག་སྡེས་མངོན་མཚན་ཅན་གྱི་སྤྱོད་པ་བུན་དང་བསྐྱེད་བྱས་པ་དང་། མུ་སྟེགས་རྣམས་ཁྱིམ་པ་རྣམས་དང་ཁྱད་ཅི་ཡོད་ཟེར་བའི་སྐབས་དེ་གསོལ་པས་བཅས་སོ། །འདི་ལ་གཞི་ཉེ་དུ་མ་ཡིན་པའི་ཁྱིམ་པ་དང་རང་དོན་དུ་ལྷན་ཅིག་སྤྱོད་པ། བསམ་པ་རྙེད་པ་འདོད་པ། སྦྱོར་བ་རིན་པོ་ཆེའམ། འབྲུ་ལ་སོགས་པ་བུན་དུ་གཏོང་བའི་ལས་བྱེད་པ། མཐར་ཐུག་བུན་བསྐྱེད་བྱུང་བ་སྟེ། ཡན་ལག་འདི་ཚང་ན་མངོན་མཚན་ཅན་གྱི་སྤྱོད་པའི་སྤང་ལྟུང་དུ་འགྱུར་རོ། ༢༠ །རང་དོན་ཁེ་སྤོགས་འདོད་ཚོང་གྲུབ་པ་ལའོ། །གཞན་གྱིས་སོ། །ཞེས་པའི་དོན་ཏེ། གླེང་གཞི་ནི། དྲུག་སྡེ་དག་ལྗོངས་ལོ་ལེགས་གྲོང་ཁྱེར་ཉེས་པའི་ཚེ་ན་ལྗོངས་ནས་གྲོང་ཁྱེར་དུ་ལེན། ལྡོག་པའི་ཚེ་གྲོང་ཁྱེར་ནས་ལྗོངས་སུ་གཏོང་། རིན་ཆེ་བའི་ཚེ་ན་འཚོང་། ཆུང་བའི་ཚེ་ན་ཉོ་བར་བྱེད་པས། མུ་སྟེགས་རྣམས་ཁྱིམ་པ་དང་བྱེ་བྲག་ཅི་ཡོད་ཅེས་འཕྱ་བའི་སྐབས་དེ་གསོལ་པས་བཅས་སོ། །འདི་ལ་གཞི་ཟོང་ཡིན་པ། བསམ་པ་ཁེ་སྤོགས་འདོད་པ། སྦྱོར་བ་ཉོ་ཚོང་བྱས་པ། མཐར་ཐུག་སྐྱེད་གྲུབ་པའོ། །ཡན་ལག་འདི་དག་ཚང་ན་ཉོ་ཚོང་བྱེད་པའི་སྤང་ལྟུང་དུ་འགྱུར་རོ། །གཉིས་པོ་དཀོན་མཆོག་དོན་ལ་ཉེས་པ་མེད། །མངོན་མཚན་ཅན་དང་ཉོ་ཚོང་གཉིས་དཀོན་མཆོག་གསུམ་གྱི་དོན་དུ་བྱས་པ་ཉེས་པ་མེད་དེ། འོན་ཀྱང་ཀུན་དགའ་ར་བ་པའམ། དགེ་བསྙེན་ཞལ་ཏ་བྱེད་པ་བསྐོས་ནས་དཀོན་མཆོག་གི་དོན་དུ་བསྐྱེད་གཏང་བར་བྱའོ། །དེ་ལ་བསྙོན་དུ་མེད་པ་བྱ་བའི་ཕྱིར། གཏམ་ཉེ་རིང་དང་། དཔང་པོ་དང་། ལོ་ཟླ་ལ་སོགས་པ་ཡི་གེར་བཏབ་པ་དང་། རྒྱུས་ཤེས་པ་གཞན་གྱིས་ཀྱང་ཁོང་དུ་ཆུད་པར་བྱའོ། །དགེ་འདུན་གྱི་བཤོས་ཀྱི་ཕྱིར། དགེ་འདུན་ལས་ཉོ་བར་བྱེད་ན། དེ་ལ་འབྲས་ལ་སོགས་པའི་འབྲུ་ལྷག་དང་བཅས་ཏེ་སྦྱིན་པར་བྱའོ། །དགེ་འདུན་ལ་གོས་འབུལ་བའི་ཕྱིར་ཉོ་བ་ལ་ཡང་འདྲའོ། །དགེ་འདུན་གྱི་འབྲས་ལ་སོགས་པ་ཟད་ན་ཉོ་བར་བྱའོ། །རྙིང་པ་སྲོག་ཆགས་མེད་ན་དེ་བཙོངས་ནས་གསར་པ་ཉོ། སྲོག་ཆགས་དང་བཅས་ན་བསིལ་གྲིབ་ཀྱི་ཕྱོགས་སུ་བཀྲམ་ནས་བྲལ་བའི་ཚེ་འཚོང་ངོ་། །རྫས་ལ་རིན་གདབ་པ་དང་། ཁྱིམ་པའི་ཚོང་བར་མི་བྱའོ། །རང་ཉིད་ཀྱི་ཆོས་གོས་ཀྱང་ཁྱིམ་པ་ཉེར་གཞུག་གོ །མེད་ན་རང་གིས་དེའི་རིན་ཐང་ཚད་མ་དཔྱད་པའི་རིན་འདི་ཙམ་སྦྱིན་ཅིག་ཅེས་ལན་གསུམ་གྱི་བར་དུ་བསྒོའོ། །དཀོན་མཆོག་གི་དོན་མ་གཏོགས་གཞན་དོན་དུའང་ཚོང་ལ་རྩེག་པར་མི་བྱའོ། །ཚོང་ལ་འཁྲས་ནས་རྒྱལ་ཁའི་ཆེད་དུ་གཏའ་མ་མི་བཞག་གོ །བཞག་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་འདུན་གྱི་དབྱིག་ལྟ་བུ་ལ་སོགས་པའི་རྫས་དགེ་འདུན་གྱི་རྙེད་པ་བསྒྲུབ་པའི་དགེ་སློང་ཞལ་ཏ་བ་ལ་གཏད་དོ། །སྤོབས་པ་དེས་ཀྱང་། རྒན་རབས་ལ་མ་ཞུས་པར་དགེ་འདུན་གྱི་དོན་དུ་བརྩོན་པར་མི་བྱ་ཞིང་། གཞན་གྱིས་འཕྱར་དགའ་བསལ་བའི་ཆེད་དགེ་འདུན་གྱིས་དུས་འདིའི་ཚེ་གཏད། ཚུལ་འདི་ལྟར་བསྒྱུར། དགོས་པ་འདི་ལྟ་བུ་ལ་འདི་ལྟར་སྤྱད་དོ། །ཞེས་པ་ལ་སོགས་པའི་ཡི་གེར་བྲི་བའི་དམ་བཞག་ལ་ནན་ཏན་བྱའོ། ༢༡ །རུང་བའི་ལྷུང་བཟེད་འབྲེལ་མིན་ཞག་བཅུ་ལས། །ལྷག་པ་རང་དོན་བཅངས་ལའོ་ཤན་ཞུགས་ཀྱང་། །ལྷུང་བཟེད་ཀྱིས་སོ། །ཞེས་པའི་དོན་ཏེ། གླེང་གཞི་ནི། ཉེ་དགས། དགེ་འདུན་པ་དྲུག་ཅུ་རེ་རེ་ལས་ལྷུང་བཟེད་ཀྱི་རིན་པ་ཎ་དྲུག་ཅུ་དྲུག་ཅུ་རྙེད་པ་དང་། དེ་དག་གིས་དགེ་སློང་གཅིག་ལ། དགེ་སློང་ལ་ལྷུང་བཟེད་དུ་འཚལ། གཅིག་གོ །དགེ་སློང་ནི་རྙེད་པས་ཟིལ་གྱིས་མནན་ཏོ་ཞེས་སྨོད་དེ་འདི་ནི་བྱུང་བའོ། །དྲུག་སྡེ་དག་ལྷུང་བཟེད་རྙེད་དོ་ཅོག་བྱིན་གྱིས་མི་རློབ་པར་འཆང་ནས། དོན་ཉུང་ངུ་དག་འཕྱ་བའི་སྐབས་དེ་གསོལ་པས་བཅས་སོ། །འདི་ལ་གཞི་རུང་བའི་ལྷུང་བཟེད་ལྷག་པོ་བྱིན་རླབས་དང་མ་འབྲེལ་བ། བསམ་པ་རང་དོན་དུ་འཆང་བར་འདོད་པ། སྦྱོར་བ་ཞག་བཅུ་བཅངས་པ། མཐར་ཐུག་བཅུ་གཅིག་པའི་སྐྱ་རེངས་དང་པོ་ཤར་བ་སྟེ། ཡན་ལག་འདི་ཚང་ན་ལྷུང་བཟེད་འཆང་བའི་སྤང་ལྟུང་དུ་འགྱུར་རོ། །དེ་ཡང་། སྐྱ་བ་དང་། དཀར་བ་དང་། ཆུང་བ་དང་། མ་ཚོས་པ་ནི་བྱིན་གྱིས་བརླབ་ཏུ་རུང་བ་མ་ཡིན་ནོ། །དེ་ལྟ་བུ་དག་བཅངས་ན་ཉེས་བྱས་སོ། །དམིགས་བསལ་ལྷུང་བཟེད་རུང་བ་གཅིག་ཡོད་ནས་ལྷུང་བཟེད་ཆུང་ངུ་གཅིག་འཆང་བ་ཉེས་པ་མེད་དེ། འཇིགས་པ་དང་བཅས་སར་ལྷུང་བཟེད་ཆུང་ངུ་ཁྱེར་བ་གནང་བའི་ཕྱིར་རོ། །གཞན་རབ་ཏུ་བྱུང་བའི་ཕྱིར་བཅང་བ་ནི་རང་གི་ཡིན་པ། སྤངས་པ་ཉིད་ཡིན་པས་བཅངས་ཀྱང་ཉེས་པ་མེད་དོ། །ལྷུང་བཟེད་ཀྱི་ཚད་ནི། ཁའི་ཆའི་མཐའ་ཁོ་ན་ནས་མཐེ་བོའི་ལྟོ་གང་མན་ཆད་ཀྱི་ལྷག་མར། འབྲས་ཐུག་པོ་ཆེ་མ་ག་དྷའི་བྲེའུ་ཆུང་གང་བཙོས་པ་སྲན་ཚོད་དང་བཅས་ཚོད་མ་དང་བཅས་ཤོང་བ་ནི་ཆུང་ངུ་། དེ་ལོག་པོ་ཤོང་བ་ཆེན་པོ། དེ་གཉིས་ཀྱི་བར་ཕྱེད་དང་དོ་ཚོད་མ་དང་བཅས་ཤོང་བ་འབྲིང་པོའོ། །འགྲེལ་པར། འདིར་ཚོད་མ་ནི་མང་བ་ཡིན་མོད་ཀྱི། འོན་ཀྱང་ཚོད་མ་དེ་ཇི་ཙམ་གྱི་འབྲས་ཆེན་སྤགས་པར་ནུས་པ་དེའི་ཚད་ཁོ་ནའི་ཚོད་མ་འདིར་གཟུང་གི ཞེས་གསུངས་པ་དང་། མའི་རྣམ་འབྱེད་ལས། སྤགས་བཞི་ཆ་དང་། འགྲེལ་ཆུང་ལས། འབྲས་ཆན་གྱི་སུམ་ཆར་བཤད་པས། ཟན་སྤགས་ཐམས་ཅད་བསྡོམས་པའི་བཞི་ཆ་ཚོད་མའོ། །འགྲེལ་པར། འདིར་མ་ག་དྷའི་བྲེའུ་ཆུང་ཞེས་བྱ་བའི་སྒྲས་ནི། འབྲས་མཐུག་པོ་ཆེ་སྐམ་པོ་ཡུལ་དབུས་ཀྱི་སྲང་བཅུ་དྲུག་བརྗོད་པར་བྱའོ་ཞེས་པས། བོད་ཀྱི་སྲང་སུམ་ཅུ་རྩ་གཉིས་སོ། །སྲང་གཅིག་ལ་གསེར་འགུར་ཞོ་སུམ་ཅུ་རྩ་གཉིས་གང་ལ་ཡོད་པ་ནི་སྲང་ཚད་དང་ཁམ་ལྔ་ལས། མ་ག་དྷའི་བྲེའུ་ཆུང་དོ་ལ་ནི་བོད་ཀྱི་བདུན་ཕུལ་བཞི་དང་ཁྱོར་དོ་ཡོད་དོ་ཞེས་པའི་བདུན་ཕུལ་ནི་ཕུལ་བདུན་ཡིན་ནོ། །དགེ་སློང་མས་དགེ་སློང་གི་ལྷུང་བཟེད་ཆུང་ངུ་ལས་ལྷག་པ་མི་བཅང་ངོ་། །དེས་ལྷུང་བཟེད་ཀྱི་སྟེགས་ཞ་ཉེའི་དབྱར་འདབ། བྱང་ཆུབ་དང་། པ་ཏ་ལའི་ལོ་མའམ། ལག་མཐིལ་གྱི་དབྱིབས་འདྲ་བ། དེ་དག་གི་ཚད་ཙམ་བཅང་ངོ་། །དབྱར་དང་ལྗོངས་རྒྱུ་བ་ལ་ལྷུང་བཟེད་མེད་དུ་མི་རུང་ཞིང་། འཇིགས་པ་དང་བཅས་པ་ཉིད་དུ་ལྷུང་བཟེད་ཆུང་ངུ་ཁྱེར་ནས་འགྲོ་བར་བྱའོ། །ལྷུང་བཟེད་མེད་པ་དག་བསྙེན་པར་མི་རྫོགས་པར་རབ་ཏུ་དབྱུང་བར་བྱའོ། ༢༢ །ལྷན་པ་ལྔ་མེད་སྤྱད་བཟོད་ཡོད་བཞིན་དུ། །ལྷུང་བཟེད་གསར་པ་གཞན་ཚོལ་གྲུབ་པ་ནའོ། །ལྷུང་བཟེད་ཀྱང་མེད་ན་སློང་བར་བྱའོ། །དེ་ཡོད་པ་ནའོ། །ཞེས་པའི་དོན་ཏེ། གླེང་གཞི་ནི། ཉེ་དགས་ལྷུང་བཟེད་ཡོད་བཞིན་དུ་གཞན་བཙལ་བས། དགེ་སློང་རྣམས་ལ་བསྟན་པ་དང་། ཅི ཁྱེད་ལ་ལྷུང་བཟེད་མེད་དམ། ཡོད་དོ། །གཞན་བཙལ་དུ་རུང་ངམ། དགྲ་བོའི་གྲེ་བར་རྐང་པས་མནན་ནས་རུང་ངོ་། །དགྲ་ཡོད་དམ། ཁོ་བོའི་ལྷུང་བཟེད་གཉིས་པ་མི་བཟོད་པ་དེ་དགྲའི་ཐུ་བོ་ཡིན་ནོ། །དོན་ཉུང་ངུ་དག་འཕྱ་བའི་སྐབས་དེ་གསོལ་བས། ལྷུང་བཟེད་ཡོད་བཞིན་གཞན་བཙལ་བར་མི་བྱའོ་ཞེས་བཅས་སོ། །བསོད་སྙོམས་པ་ཞིག་གིས་རྫའི་ལྷུང་བཟེད་ལག་ནས་ཤོར་ནས་དུམ་བུ་ལྔར་གྱུར་ཏོ། །དེ་བུ་གུ་ཕུག་སྟེ་སྐུད་པས་བརྒྱུས་ནས་བསོད་སྙོམས་ལ་འགྲོའོ། །དེ་ལ་བྲུད་པ་ན་བཤིག་ནས་འཁྲུད་ཅིང་བརྒྱུད་པས་སྔ་དྲོ་ཟད་ནས། ཁྱེད་ཀྱི་དགེ་ལས་བཅིངས་པ་འགྲོལ་བ་འདི་ཁོ་ན་ཡིན་ནམ་ཞེས་ཟེར་བ་དང་། ལྷུང་བཟེད་ཆག་པ་ལྷན་པས་གླན་ནོ་ཞེས་ཟེར་བའི་སྐབས་དེ་གསོལ་བས་བསླབ་པ་ལ་གུས་པའི་བསྔགས་པ་བརྗོད་ནས་ལྷུང་བཟེད་ལྷན་པ་བཞི་མེད་པ་སྤྱད་བཟོད་པ་ཡོད་བཞིན་དུ་གཞན་ཚོལ་ན་ཞེས་མནན་ཏོ། །འདི་གཞི་ལྷུང་བཟེད་ལྷན་པ་ལྔ་མེད་པ་སྤྱད་བཟོད་པ་ཡོད་བཞིན་དུ། བསམ་པ་བཟང་པོ་འདོད་པའི་ཕྱིར། སྦྱོར་བ་ལྷུང་བཟེད་གསར་པ་གཞན་ཚོལ་བ། མཐར་ཐུག་ལྷུང་བཟེད་གྲུབ་པ་སྟེ། ཡན་ལག་འདི་ཚང་ན་ལྷུང་བཟེད་ཚོལ་བའི་སྤང་ལྟུང་དུ་འགྱུར་རོ། །ལྷུང་བཟེད་སྐྱོན་མེད་པ་ཚུན་ཆད་ནས། ལྷན་པ་བཞི་གླན་པའམ། གླན་དུ་རུང་བའི་བར་ཚུན་ཆད་སྤྱད་དུ་བཟོད་པའོ། །ཚོལ་བའི་གཞི་ནི། ཁྱིམ་པ་ཉེ་དུ་མ་ཡིན་པ་དང་། ཐ་ག་པ་དང་། སྦྱིན་བདག་དང་། གཞན་དག་གོ །མངོན་མཚན་ཅན་དང་། ཉོ་ཚོང་ན། ལྷུང་བཟེད་ཚོལ་བ་གསུམ་ནི་ཉེ་དུ་ཡང་དངོས་གཞི་སྐྱེད་པའི་ཡན་ལག་ཏུ་འགྱུར་བ་ཡིན་ནོ། །དེས་མཚོན་ནས་ཧ་ཅང་ཡོ་བྱད་ལ་ཆགས་པར་མི་བྱའོ། །གང་ལ་ཞེན་པའི་ཡོ་བྱད་དེ་བཅང་བར་མི་བྱའོ། །ལྷུང་བཟེད་ཆག་པ་དང་། བོར་བ་དང་། མེད་ན་བསླངས་པ་ལ་ཉེས་པ་མེད་དོ། །ཚོལ་བ་ཙམ་ཉེས་བྱས། ལག་ཏུ་གྲུབ་ན་དངོས་གཞི། བྱིན་གྱིས་བརླབ་རུང་མེད་པ་ལ་ཡོད་པའི་བློས་ཚོལ་བ་དང་། ཡོད་པ་ཉིད་ལ་རང་གི་རིན་གྱིས་ལྷུང་བཟེད་གཞན་ཚོལ་བ་དང་། བཟང་པོ་འདོད་པའི་ཕྱིར་བརྗེ་བ་ཉེས་བྱས། འདོད་པ་མེད་པས་བརྗེ་བ་ཉེས་མེད། ལྷུང་བཟེད་མེད་ཀྱང་རང་ལ་ལྷུང་བཟེད་ཀྱི་རིན་ཡོད་བཞིན་དུ་སློང་བར་བྱེད་ན་སྦྱོར་བ་དང་། ཐོབ་ན་དངོས་གཞིར་འགྱུར་རོ། །འབྲེལ་མེད་བྲིམས་པ་བཅངས་ལ་ཉེས་པ་མེད། །ཆོས་གོས་ལ་སོགས་པའི་རྫས་གཞན་ནི་གང་ཟག་ལ་སྤང་བར་བྱ་བ་ཡིན་ལ། ལྷུང་བཟེད་འབྲེལ་བ་མེད་པ་ནི་དགེ་འདུན་ལ་སྤང་བར་བྱའོ། །ཅི་ཐམས་ཅད་དམ་ཞེ་ན། མ་ཡིན་ཏེ། ལྷུང་བཟེད་ལྷག་པོ་དུ་མ་ཉིད་ཡིན་ན་མཆོག་ཏུ་བསྡམས་པ་གཅིག་དགེ་འདུན་ལ་སྤང་ངོ་། །གཞན་ལྷག་མ་རྣམས་ཀྱང་ཐམས་ཅད་ཀྱི་ཐམས་ཅད་དུ་སྤང་བར་བྱ་བ་ཡིན་པས། རབ་ཏུ་བྱུང་བ་འདི་པ་དག་ལ་བསྒོ་བར་བྱའོ། །ཇི་ལྟར་སྤང་བའི་ཚུལ་ཡང་། ལྷུང་བཟེད་འབྲེལ་བ་མེད་པ་བྲིམ་པའི་དགེ་སློང་འདུན་པས་འགྲོ་བ་དང་། ཞེ་སྡང་གིས་དང་། གཏི་མུག་གིས་དང་། འཇིགས་པས་འགྲོ་བ་དང་། ལྷུང་བཟེད་འབྲེལ་མེད་བྲིམ་པ་དང་། མ་བྲིམ་པ་མི་ཤེས་པ་ལྔ་དང་ལྡན་པ། མ་བསྐོས་པར་བསྐོ་བར་མི་བྱ། བསྐོས་པ་དབྱུང་བར་བྱ། འདུན་པས་འགྲོ་བ་མ་ཡིན་པ་སོགས་ལྔ་དང་ལྡན་པ། མ་བསྐོས་པ་བསྐོ་བར་བྱ། བསྐོས་པ་དབྱུང་བར་མི་བྱའོ། །དེ་ཡང་དང་པོར་སྤྲོ་བར་བྱའོ། །སྤྲོ་བ་ཁས་བླངས་པའི་འོག་ཏུ་གནས་མལ་བཤམས། གཎྜྻི་བརྡུངས་ཏེ། དགེ་སློང་རྣམས་ལ་ཡང་དག་པར་བསྒོས་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་བ་ལ། དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དེ་ནས་བསྐོས་པ་དེས་ཚོགས་པའི་དུས་སུ། དགེ་འདུན་ལ་ཚེ་དང་ལྡན་པ་དག སང་ལྷུང་བཟེད་འབྲེལ་བ་མེད་པ་བྲིམ་པར་འགྱུར་གྱི། ཁྱེད་ཅག་ནང་པར་གཎྜྻི་བརྡུངས་པ་དང་རང་རང་གི་ལྷུང་བཟེད་དག་ཐོགས་ལ་དགེ་འདུན་གྱི་ནང་དུ་གཤེགས་པར་མཛོད་ཅིག ཅེས་བསྒོ་བའི་ཕྱི་དེ་ཉིད་བསྐོས་པས་གནས་མལ་བཤམས་ནས་གཎྜྻི་བརྡུངས། དགེ་སློང་རྣམས་ཀྱིས་ཀྱང་རང་རང་གི་ལྷུང་བཟེད་བྱིན་གྱིས་བརླབས་པ་ཕྱུང་ནས་ཐོགས་ཏེ་དགེ་འདུན་གྱི་ནང་དུ་འཇུག་པར་བྱའོ། །འཁོད་པའི་དོན་དུ་སྟན་འདིང་བ་ལ་སོགས་པའི་ནན་ཏན་བྱས་ནས། ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་བསྐོས་པས་རྒན་པའི་མཐའ་ལོགས་སུ་ཕྱག་བཙལ་ནས་དགེ་འདུན་གྱི་གནས་བརྟན་གྱི་མདུན་དུ་འདུག་སྟེ། གནས་བརྟན་ལྷུང་བཟེད་འདི་ནི་ཤིན་ཏུ་གསལ་བ། དབྱིབས་ལེགས་པ། ལོངས་སྤྱད་པར་བཟོད་པ་ལགས་ཀྱི། གལ་ཏེ་བཞེད་ན་སྣོམས་ཤིག་ཅེས་ལྷུང་བཟེད་གང་ལ་ཡོན་ཏན་ཇི་ལྟ་བུ་ཡོད་པ་དེའི་བསྔགས་པ་བརྗོད་དེ་འབུལ་བར་བྱའོ། །དེས་ཀྱང་འདོད་ན་བླང་ངོ་། །བླངས་ན་དགེ་འདུན་གྱིས་གནས་བརྟན་དེའི་ལྷུང་བཟེད་གནས་བརྟན་གཉིས་པ་ལ་འབུལ། གལ་ཏེ་མ་བླངས་ན་དེ་ཉིད་གནས་བརྟན་གཉིས་པ་ལའོ། །རིམ་པ་དེ་གཉིས་གང་རུང་མཐར་གྱིས་གསར་བུའི་བར་དུ་ཤེས་པར་བྱའོ། །དགེ་འདུན་གྱི་གནས་བརྟན་ནམ་དགེ་སློང་གང་རང་ཉིད་ལ་བསྟབས་པའི་དུས་སུ་མི་ལེན་པ། དགེ་སློང་གཞན་གྱིས་བར་ཆོད་པར་གསུམ་པས་བླངས་པ་ན་ཁོ་བོ་འདོད་དོ་ཞེས་མི་བླང་ངོ་། །གལ་ཏེ་སློང་ན་བརྗོད་པ་དང་པོ་དང་གཉིས་པའི་ཚིགས་ལ་མི་སྦྱིན་པར་གསུམ་པར་སྦྱིན་ནོ། །ལེན་པ་པོས་འདུལ་བ་ལས་འགལ་བའི་ཉེས་པ་བཤགས་པར་བྱའོ། །དེ་ནས་དགེ་སློང་གི་འཁོར་དེའི་ལྷུང་བཟེད་ཐམས་ཅད་ཀྱི་ནང་ནས་ཐ་ཆད་གང་ཡིན་པ་དེ་ལྷུང་བཟེད་སྦྱིན་པ་པོའི་དགེ་སློང་གང་ཡིན་པ་དེ་ལ། དགེ་སློང་ཁྱོད་ཀྱིས་ལྷུང་བཟེད་འདི་བྱིན་གྱིས་བརླབ་པར་མི་བྱ། བཏང་བར་མི་བྱ། གཞན་ལ་སྦྱིན་པར་མི་བྱ་བར་ཆག་པའི་མཐར་ཐུག་པའི་བར་དུ་ཁད་ཀྱི་དལ་བུས་སྤྱད་པར་བྱའོ། །ཞེས་སྦྱིན་པར་བྱའོ། །ལྷུང་བཟེད་འབྲེལ་བ་མེད་པ་འཆང་བའི་དགེ་སློང་གིས་ཀུན་ཏུ་སྤྱད་པའི་ཆོས་ནི་འདི་ལྟར་བྱ་སྟེ། འཇོག་གམ་འགྲོ་བ་ན་ལྷུང་བཟེད་ཀྱི་སྣོད་གཉིས་ཉེ་བར་བཞག་ནས། དེ་ལ་བཟང་པོ་གང་ཡིན་པ་དེར་ལྷུང་བཟེད་འབྲེལ་བ་མེད་པ་དང་། ཅིག་ཤོས་སུ་ལྷུང་བཟེད་བྱིན་གྱིས་བརླབས་པ་གཞུག་པར་བྱའོ། །དེས་ལྷུང་བཟེད་གཉིས་ཀ་ཐོགས་ཏེ་བསོད་སྙོམས་ལ་འཇུག་པར་བྱ་ཞིང་། གལ་ཏེ་འབྲས་ཆེན་སྐམ་པོ་རྙེད་ན་ལྷུང་བཟེད་འབྲེལ་བ་མེད་པས་བླང་བར་བྱའོ། །གལ་ཏེ་འབྲས་ཆན་གཤེར་བ་རྙེད་ན་ལྷུང་བཟེད་བྱིན་གྱིས་བརླབས་པས་བླང་བར་བྱའོ། །གཙུག་ལག་ཁང་དུ་འོངས་ནས་དཀྱིལ་འཁོར་བྱས་ཏེ་ལྷུང་བཟེད་འབྲེལ་བ་མེད་པ་མདུན་དུ་བཞག་ནས་ལྷུང་བཟེད་བྱིན་གྱིས་བརླབས་བཟའ་བར་བྱའོ། །ཟོས་ཟིན་ནས་བྱི་དོར་དང་ཁ་ཟས་འབགས་པའི་དྲིལ་ཕྱིས་བྱ་བ་ཡང་དང་པོར་ལྷུང་བཟེད་འབྲེལ་བ་མེད་པ་ལ་བྱ་ཞིང་། དེ་འོག་ཏུ་ལྷུང་བཟེད་བྱིན་བྱིས་བརླབས་པ་ལ་བྱའོ། །བཀྲུ་བ་དང་། བསྐམ་པ་དང་། ལྕི་བས་དྲུད་པ་ལ་ཡང་དེ་བཞིན་བྱའོ། །གལ་ཏེ་ལྷུང་བཟེད་ཀྱི་ངོས་ཁུང་གཉིས་ཡོད་ན། བཟང་པོ་གང་ཡིན་པ་དེར་ལྷུང་བཟེད་འབྲེལ་བ་མེད་པ་དང་། ཅིག་ཤོས་སུ་ལྷུང་བཟེད་བྱིན་གྱིས་བརླབ་པ་བཞག་པར་བྱའོ། །གལ་ཏེ་ངོས་ཁུང་གཅིག་ན་ཤོད་བཟང་ན་དེར་འབྲེལ་བ་མེད་པ་དང་། ངོས་ཁུང་དུ་བྱིན་གྱིས་བརླབས་པ། གལ་ཏེ་ངོས་ཁུང་བཟང་ན་དེར་འབྲེལ་བ་མེད་པ་དང་། ཤོད་དུ་བྱིན་གྱིས་བརླབས་པ། ལྷུང་བཟེད་ཀྱི་ལས་བྱེད་པའི་རྫ་བོ་གཉིས་ཡོད་ན། རྫ་བོ་བཟང་པོ་གང་ཡིན་པ་དེར་འབྲེལ་བ་མེད་པ། ཅིག་ཤོས་སུ་བྱིན་གྱིས་བརླབས་པ་བསྲེག་པར་བྱའོ། །གལ་ཏེ་རྫ་བོ་གཅིག་ཏུ་ན་འོག་མ་ལེགས་པར་ཚོས་པར་འགྱུར་ན་དེར་འབྲེལ་བ་མེད་པ་དེ། སྟེང་དུ་བྱིན་གྱིས་བརླབས་པ། གལ་ཏེ་སྟེང་དུ་བཞག་པ་ལེགས་པར་ཚོས་པར་འགྱུར་ན་དེར་འབྲེལ་བ་མེད་པ་དང་། འོག་ཏུ་བྱིན་གྱིས་བརླབས་པ་གཞུག་པར་བྱའོ། །གལ་ཏེ་ཁུར་ཚ་བ་འགའ་ཞིག་ཡོད་ན། དེ་ལ་བྱིན་གྱིས་བརླབས་པ། བདག་ཉིད་ཀྱིས་འབྲེལ་བ་མེད་པ། གལ་ཏེ་ཁུར་ཚ་བ་འགའ་ཡང་མེད་ན། ཕྲག་པ་གཡོན་པས་ལྷུང་བཟེད་ལ་འབྲེལ་བ་མེད་པ་ཁུར་བར་བྱ་ཞིང་། ཕྲག་པ་གཡས་པས་ལྷུང་བཟེད་བྱིན་གྱིས་བརླབས་པ་ཁུར་བར་བྱའོ། །འདི་ནི་དེའི་ཆད་པ་ཡིན་པས་ཚུལ་ཁྲིམས་ཡང་དག་པར་རྗེས་སུ་སྲུང་བས་ཇི་སྲིད་འཚོའི་བར་དུ་བཅང་བར་བྱའོ། །དེ་ལ་བྱིན་གྱིས་བརླབས་པ་དང་། ཡོངས་སུ་སྤང་བའི་འབྲེལ་བ་མེད་པས་ལྷུང་བཟེད་འབྲེལ་མེད་ཅེས་བྱའོ། ༢༣ །ཉེ་མིན་གླ་རྔན་མེད་པའི་འཐག་བཅུག་ལའོ། །རིན་མེད་པར་བསྒོ་བས་སམ། གཞན་གྱིས་ཀྱང་འཐག་ཏུ་བཅུག་ནའོ། །ཞེས་པའི་དོན་ཏེ། གླེང་གཞི་ནི། ཉེ་དགས་ཡུག་ས་མོ་ལྔ་བརྒྱ་ལས་དོག་པ་རྙེད་པས་འཐག་མཁན་སྤྱི་ཅེར་ཅན་ལ་འཐག་ཏུ་བཅུག་ཅིང་། སླར་ཡུག་ས་མོ་ལྔ་བརྒྱ་ལས་སྔར་བཞིན་དོག་པ་རྙེད་ནས་སླར་འཐག་ཏུ་བཅུག་པ་དང་། དེས་སྔ་མ་འཐག་པ་ན་བུ་ལོན་བླངས་པ་ད་དུང་མ་འཁོར་རོ་ཞེས་འཐག་ཏུ་མ་ཉན་པས། བློན་པོ་མཆེ་བ་ཅན་བསྐུལ་ཏེ་བཏགས་སོ། །བཏགས་ཟིན་པ་དང་། ཉེ་དགའ་ལ་ཕུལ་ཏེ་སྐམ་ཟོང་སྩོལ་ཅིག ཁྱེད་སྐམ་ཟོང་འབུལ་བ་ཡིན་སྙམ་མམ། དུག་ཅིའི་ཕྱིར་མི་བླུད་ཟེར་ནས་འཕྱ་བའི་སྐབས་དེ་གསོལ་བས་བཅས་སོ། །འདི་ལ་གཞི་ཐ་ག་པ་ཉེ་དུ་མ་ཡིན་པ། བསམ་པ་འཐག་ཏུ་འཇུག་པར་འདོད་པ། སྦྱོར་བ་གླ་རྔན་མེད་པ་རང་གིས་བསྒོ་བས་སམ། གཞན་བསྒོར་བཅུག་པ། མཐར་ཐུག་འཐག་གྲུབ་པ་སྟེ། ཡན་ལག་འདི་ཚང་ན་འཐག་ཏུ་འཇུག་པའི་སྤང་ལྟུང་དུ་འགྱུར་རོ། །རང་ལ་ཉེ་དུས་རེས་འགའ་བཏགས་ལ། རིན་མེད་པའི་ཐ་ག་པ་ཉེ་དུ་མ་ཡིན་པས་རེས་འགའ་བཏགས་ཀྱང་། ཉེ་དུ་མ་ཡིན་པ་དེས་མ་བྱས་པ་ཉིད་མ་ཡིན་པས་ལྟུང་བར་འགྱུར་རོ། ༢༤ །སྦྱིན་པོས་བསྒོས་ལས་རང་གི་བཀྱེད་གྲུབ་ལའོ། །དེའི་ཕྱིར་བཏགས་པར་བྱ་བ་བསམ་པ་ལས་བྱུང་བ་ཉིད་དོ། །ཁོ་ལག་ཆེ་བ་ཉིད་དམ། འབྲས་བཟང་བ་ཉིད་ལ་ཐ་ག་ངེས་པར་སྦྱར་བའོ། །ཞེས་པའི་དོན་ཏེ། གླེང་གཞི་ནི། མཉན་ཡོད་དུ་ཁྱིམ་བདག་ཅིག་གི་ཆུང་མས་ཉེ་དགའ་ཟང་ཟིང་ཅུང་ཟད་ཀྱིས་བསྡུའོ་ཟེར་ནས་འཐག་མཁན་ལ་འཐག་ཏུ་བཅུག་པ་ཉེ་དགས་ཐོས་ཏེ། འདི་ཁོ་བོའི་ཡིན་གྱི་སྲིད་དུ་འདི་ཙམ་ཞིག ཞེང་དུ་འདི་ཙམ་ཞིག་བཀྱེད་ཅིག དེས་དགོས་པ་ཟད་ནས་སླར་བླངས་པས། ཅི་དེ་བཀྱེད་དམ། དེ་ཉིན་ཁོ་ན་ཉེ་དགའ་ཟེར་དེ་བཀྱེད་དོ། །མོས་འདི་མ་ཡིན་པ་གཞན་ཞིག་འབུལ་ཟེར་ནས། ཉེ་དགས་བསླབས་པ་ལྟར་སྲང་བར་དུ་འོངས་ཏེ་རས་མོའི་ཕང་པར་བཞག་པ་ཉེ་དགས་ཚམ་ཚོམ་མེད་པར་བླངས། དེའི་རྐྱེན་གྱིས་ཐ་ག་པ་གླ་མེད་ནས་ཉེ་དགའ་ལ། དགེ་སྦྱོང་གི་ཚུལ་ཚིག་གོ་ཟེར་བའི་སྐབས་དེ་གསོལ་པས་བཅས་སོ། །འདི་ལ་གཞི་འཐག་བཞིན་པའི་གོས། དགེ་སློང་རང་ལ་སྦྱིན་པར་སྦྱིན་བདག་གིས་བསམས་པ། བསམ་པ་དེ་ལས་ལྷག་པར་འདོད་པ། སྦྱོར་བ་སྦྱིན་བདག་གིས་མངགས་པ་ལས་ཁོ་ལག་ཆེ་བ་དང་། འབྲས་བཟང་བ་ཉིད་ལ་ཐ་ག་པ་སྦྱར་བ། མཐར་ཐུག་དེ་ལྟ་བུར་གྲུབ་པ་སྟེ། ཡན་ལག་འདི་ལྟ་བུ་ཚང་ན་འཐག་པ་བཀྱེད་པའི་སྤང་ལྟུང་དུ་འགྱུར་རོ། །དེའི་རྐྱེན་གྱིས་སྦྱིན་བདག་གི་དོག་པ་ཟད་པ་དང་། རྔན་པ་མ་བྱིན་པ་དང་། སྦྱིན་བདག་གིས་དགེ་སློང་ཁྱོད་ཀྱི་ཕྱིར་གོས་འཐག་ཏུ་བཅུག་གི དུས་དུས་སུ་བཞུད་ལ་གཟིགས་ཤིག་ཅེས་གནང་བ་མ་ཐོབ་པ་ནི་དངོས་གཞིའི་བྱེད་པ་པོའོ། །གོས་གྲུབ་པའི་མདུན་རོལ་དུ་གང་བཀྱེད་པར་བསམས་པ་ལས་བྱུང་བའི་རྗེས་སུ་བསྒྲུབ་པ་ཅི་བྱས་པ་ཐམས་ཅད་ཉེས་བྱས་སོ། །ཅང་མི་སྨྲ་བར་འཐག་སར་ཉེ་བར་འགྲོ་བ་ཡང་ཉེས་བྱས་སོ། ༢༥ །དགེ་སློང་ལ་སྦྱིན་དུས་གཞན་ཁྲོ་བ་ཡིས། །ལུས་ངག་གིས་ཕྲོགས་དེ་ལུས་དེ་བྲལ་ལའོ། །དབྲལ་བར་བྱ་བ་ཉིད་དོ། །ཞེས་པའི་དོན་ཏེ། གླེང་གཞི་ནི། མཉན་ཡོད་དུ་ཉེ་དགའི་ལྷན་ཅིག་གནས་པ་ཆོས་ཀྱིས་རས་ཡུག་ཆེན་རྙེད་ནས་སྣམ་སྦྱར་རྙིང་པ་བསོད་སྙོམས་པ་ལ་སྟེར་བར་ཁས་བླངས། མཁན་པོ་ལ་སྣམ་སྦྱར་དྲུབ་པ་ཞུའོ་སྙམ་ནས་ཞུས་པས། ཁོ་བོས་སྣམ་སྦྱར་བྱིན་ནོ། །མི་འཚལ་ཏེ་འདི་ཉིད་དྲུབ་བོ། །ཉེ་དགས་ཁོ་བོས་གཞན་ཐོས་ལ་གཞན་མ་ཐོས་ཏེ། བསླབ་པ་འདོད་པར་ཤེས་ཀྱིས། མཁན་པོའི་ཚིག་གཅོག་པར་མ་ཤེས་སོ། །དབང་ཆེན་པོས་སྨད་པས་ཅི་ཡང་མ་སྨྲས། སྣམ་སྦྱར་བླངས་ཏེ་རས་ཡུག་ཕུལ་བ་མ་བཞེས་པར་དགེ་འདུན་ལ་ཕུལ། རྙིང་པ་བསོད་སྙོམས་པ་གཅིག་ལ་སྦྱིན་ནོ། །དེ་ནས་དེས་སྟོན་པ་དང་ལྷན་ཅིག་མཆིའོ། །ཁོ་བོ་དང་ལྷན་ཅིག་འགྲོ་བའི་ཕྱིར་སྣམ་སྦྱར་བྱིན་གྱི། མི་འགྲོ་ན་འོན་ཅིག སྣམ་སྦྱར་ཕྲོགས་པ་བླའི། གནས་ངན་ལེན་སྤྱོད་པ་དང་ལྷན་ཅིག་འགྲོ་བ་དེ་ལྟ་མ་ཡིན་ནོ་སྙམ་ནས་གཏད་དོ། །ཆོས་ལ་སྣམ་སྦྱར་མེད་པ་སྟོན་པས་གཟིགས་ནས། ཀུན་དགའ་བོ་ལ་ཆོས་ཀྱིས་རྙེད་པ་མ་གྲུབ་བམ། གྲུབ་བོ། །རྒྱུ་ཅིས། འདིས་སོ། །དགེ་སློང་ལ་གོས་བྱིན་ནས་ཕྲོགས་པ་བདེན་ནམ། མད་དོ། །བྱུང་བ་འདི་ལ་བཅས་སོ། །འདི་ལ་གཞི་འབྲལ་བར་བྱ་བ་དགེ་སློང་། བསམ་པ་ཁྲོ་བ་ལ་སོགས་པའི་བློ་གྲོས་ངན་པས་འཕྲོག་པར་སེམས་པ། སྦྱོར་བ་ལུས་ངག་གཞན་ལ་བཅོལ་བའི་འཕྲོག་པ་གསུམ་པོ་གང་རུང་གིས་སྔར་རང་གིས་སྦྱིན་པའམ། གཞན་གྱིས་སྦྱིན་པ་གང་རུང་འཕྲོག་པ། མཐར་ཐུག་དེའི་ལུས་དང་བྲལ་བ་སྟེ། ཡན་ལག་འདི་ཚང་ན་ཕྲོགས་པའི་སྤང་ལྟུང་དུ་འགྱུར་རོ། །འདིར་འགྲེལ་པར། འོ་ན་གཙུག་ལག་ལས་རང་གིས་བྱིན་པ་ཁོ་ན་ཡན་ལག་ཏུ་གསུངས་ཏེ། ཡང་དགེ་སློང་གང་དགེ་སློང་ལ་གོས་བྱིན་ནས་ཞེས་གསུངས་སོ་ཞེ་ན། བདེན་མོད་ཀྱི། འོན་ཀྱང་གླེང་གཞིའི་དབང་གིས་དེ་སྐད་གསུངས་པ་ཡིན་ཏེ། འདི་ལྟར་རང་གིས་བྱིན་པ་ཕྲོགས་ན་ཉེས་པར་འགྱུར་བ་ལས་གཞན་གྱིས་བྱིན་པ་ཕྲོགས་ན་ཆེས་ཉེས་པར་འགྱུར་བར་ཤེས་པར་བྱའོ། །ཞེས་སོ། །དེ་གོས་ཉིད་ཡིན་ནའོ། །ཞེས་གསུངས་པ་ལ། འགྲེལ་པར། འདིར་གོས་ཞེས་སྨོས་པ་ནི་མཚོན་པ་སྟེ། དགེ་སློང་གི་ཡོ་བྱད་གཞན་ཡང་ཕྲོགས་ན་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ། །ཞེས་སོ། །རང་དོན་དུ་ཕྲོགས་པ་ཁོ་ན་ལྟུང་བའི་བྱེད་རྒྱུ་མ་ཡིན་པས། གཞན་དོན་གྱི་ཕྱིར་ཚིག་གིས་ཕྲོགས་ཀྱང་དངོས་གཞིར་འགྱུར་རོ། །བསྙེན་པར་རྫོགས་པ་དག་ལ་ཕྲོགས་པ་ཉེས་བྱས་སོ། །སྔར་སྦྱིན་ནས་ཕྱིས་ཁྱེད་ལ་མི་སྦྱིན་གྱི། ཕྱིར་སྦྱིན་ཅིག་ཅེས་པ་ལྟ་བུ་རང་ཉིད་ཀྱི་སྦྱིན་པའི་བསེལ་བར་གྱུར་པ་ཡང་ཕྲོགས་པ་འདིར་བསྡུས་སོ། །ཕྲོགས་པ་ཇི་སྲིད་ཕྱིར་མ་སྦྱིན་ན་དེ་སྲིད་བཤགས་སུ་མི་རུང་བའི་ཕྱིར་སྦྱིན་ནོ། རྒོད་བག་གིས་ཕྲོགས་པ་ནི་ཉེས་བྱས་སོ། །གནོད་པ་དང་མི་ཕན་པ་བྱེད་པ་ལས་བཟློག་པའི་ཕྱིར་ཕྲོགས་པ་ནི་ཉེས་མེད་དོ། ༢༦ །བརྟད་པ་ལྔ་ལ་བདག་གིར་བྱ་སྔས་དང་། །བགོ་སྔས་ཕྱིས་ལའོ་སྦྱིན་པོའི་ཚིག་ཉེས་མེད། །དབྱར་གྱི་རྙེད་པ་ནི་བྱེད་པ་པོ་ཉིད་དོ། །དབྱར་གྱི་ནང་ལོགས་སུ་བདག་གིར་བྱེད་ནའོ། །ཞེས་པའི་དོན་ཏེ། གླེང་གཞི་ནི། རི་བྲག་ན་ཁྱིམ་བདག་དད་པ་ཅན་གཅིག་གིས་གཙུག་ལག་ཁང་ཕུན་སུམ་ཚོགས་པ་ཞིག་བྱས་ཏེ། དགེ་སློང་དྲུག་ཅུ་ལ་བསོད་སྙོམས་དང་ཆོས་གོས་བསྟབས་སོ། །དེ་ཤི་ནས་དེའི་བུས་རྔོ་མ་ཐོགས་ཏེ། དགེ་སློང་རྣམས་གཞན་དུ་སོང་ངོ་། །དེར་རྒན་ཞུགས་གཉིས་འཁོད་ནས་བསོད་སྙོམས་ཀྱིས་འཚོའོ། །དེའི་ཚེ་བྱང་ལམ་གྱི་ཚོང་པས་རྙེད་པ་སྦྱར་ཏེ་དགེ་སློང་བཟང་པོ་སྤྱན་དྲོངས་ཤིག དབྱར་འདས་པ་དང་འོངས་ཏེ་མཁོ་བ་བསྟབ་བོ་ཟེར་ནས་སོང་ངོ་། །རྙེད་པ་སུས་སྦ། གཞོན་པས་སོ། །དེ་སྦས་ནས་རྒན་པས་སྤྱན་དྲོངས་ཤིག དེ་སོང་བ་དང་། ཉེ་དགའ་སྒོ་ན་འདུག་པས་དྲིས་ཏེ། ཁྱོད་དགེ་སློང་བརྐུ་བ་དགེ་སློང་གིས་ཚོར་ན་གནས་དབྱུང་གི་ལས་བྱེད་པར་འགྱུར་གྱི་གཞན་ལ་མ་ཟེར་ཅིག ཁོ་བོ་མི་དྲུག་པོ་ལ་འཁོར་བཅུ་བཅུ་ཡོད་ཀྱི་ཁྱོད་ལ་སྙིང་བརྩེ་བའི་ཕྱིར་འོང་ངོ་ཞེས་བྱ་བ་ནས། དྲུག་སྡེས་དེ་དག་ཟོས་ལ་འདི་ཉིད་དུ་དབྱར་ཕྱི་མ་ཁས་བླང་ངོ་སྙམ་སོང་ནས། རྒན་ཞུགས་རྙེད་པ་ཅི་ཡོད་བལྟའི་འོན་ཅིག དེས་ཐམས་ཅད་བསྟན་ནས་འདི་ནི་འདིའོ་ཞེས་བརྗོད་པ་དང་། རྒན་ཞུགས་སེར་སྣ་ཅན་ཡིན་པས། ལྟོ་འདུན་ཅན་གཅིག་ལ་བསྐོས་ལ་བཅའ་བ་བཅོ་བརྒྱད་ཚོད་མ་སྣུམ་བག་ཅན་སྦྱོར་དུ་གཞུག་གོ །དེ་ལྟར་བྱས་པ་དང་ཟད། བདག་ཅག་བསླབ་པ་བླངས་པས་བརྒྱད་སྟོན་སོགས་མི་བྱེད་ཀྱི་དེའང་བཟའ་འོ་ཟེར་ཟོས། ཕུང་པོ་ལྔ་འཚོ་བ་དེ་སྲིད་དུ་ནད་པ་ཡིན་གྱི་ཟེར་ནས་ཟོས། ཁུར་ཡང་ཅི་འདུག་བལྟ་ཟེར་ནས་རྙེད་པ་ཡང་བགོས་སོ། །དགེ་བསྐོས་ཀྱིས་ད་ནི་གདུགས་གཅིག་གི་སྤྱི་སྤུངས་ལས་མ་མཆིས་སོ། །རྒན་ཞུགས་ཟླ་བ་གསུམ་གྱི་ཡོད་དོ་ཟེར་ནས་ཟད་དོ། །ཅི་བཅའ་བ་བཅོ་བརྒྱད་སོགས་སྨྲས་སམ། འདི་སྨོད་ཀྱི་གནས་དབྱུང་གྱིས་ཤིག མྱུར་དུ་བཟོད་པར་མ་གསོལ་ན་ལྟག་པའི་སྤུ་འབྱི་ཡི་གསོལ་ཅིག གསོལ་བས་རྒན་ཞུགས་དྲང་བས་བཟོད་པ་བྱའོ་ཟེར་ནས་སོང་ངོ་། །མཉན་ཡོད་དུ་དབྱར་ཕྱི་མ་ཁས་བླངས་ཏེ་འདུག་གོ །ཚོང་པ་འོངས་པ་དང་དགེ་སློང་མ་མཐོང་སྟེ་དྲིས་པས། འདི་ལྟར་རོ། །སུ་ཁྲིད། དྲུག་སྡེའོ། །རྒྱ་མཚོར་དོང་ནས་མཆིང་བུ་ཁྱེར་ནས་འོངས་སོ། །དད་པའི་མྱུ་གུ་སྐྱེས་མ་ཐག་སྐམས་ཟེར་ནས་འཕྱ་བའི་སྐབས་དེ་གསོལ་པས། དབྱར་གྱི་རྙེད་པ་དབྱར་ནང་དུ་བགོས་པ་བདེན་ནམ་ཞེས་བཅས་སོ། །ཡང་ཆོས་སྦྱིན་མས། གསལ་རྒྱལ་གྱི་ཁྲོམ་རལ་གྲིའི་མཐུ་ཅན་རྒྱུན་ཞུགས་ལ་བཀོད་ནས། དེ་རྣམས་རི་བྲགས་འབེབས་པ་ལ་བརྫངས་པ་ལྔ་རྩེན་གྱིས་གྲོགས་བྱས་ཕྱིན། རི་བྲགས་པ་ལོག་ནས་འབེབས་སུ་སླར་བརྫངས་ན། དེ་དག་སྔར་ནི་ལྔ་རྩེན་གྱི་མཐུ་ཡིན་གྱི། ད་ནི་འཆི་དགོས་པས་ཆོས་གོས་འབུལ་ལོ་སྙམ་སྟེ་ཕུལ་བས། བཀག་པས་མི་ལེན་ནོ། །ཞོག་ལ་དགག་དབྱེ་མཛད་ནས་བགོས་ཤིག་ཟེར་ནས་གནས་ཁང་དུ་བཅུག་ནས་སོང་ངོ་། །དགག་དབྱེའི་ཚེ་ཆོས་གོས་སྦྱིན་ཅིག སྔར་ཕུལ་བ་བཞེས་ཤིག སྒོ་ཕྱེ་ནས་བལྟས་པས་ས་གཞི་དེ་སྣུམ་ཞིང་དངར་བས་སྲིན་དག་གིས་རྨུགས་ནས་རྡུལ་རླགས་ཏེ་འདུག་པ་གསོལ་པས། གོས་སྦེད་པའི་དགེ་སློང་བསྐོ་བར་བྱའོ་ཞེས་གསུངས་ལ། སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་སྟེ། སྟོན་ཟླ་ཐ་ཆུང་ཉིན་ཞག་བཅུས་མ་ཚང་བ་ཚུན་ཆད་དུ་བརྟད་པ་ལས་བྱུང་བའི་གོས་རྙེད་པ་འདོད་ན་བླང་བར་བྱ་སྟེ། བླངས་ནས་གོས་སྦྱིན་པའི་དུས་ཀྱི་བར་དུ་བཅང་བར་བྱའོ། །དེ་ལས་འདས་པར་འཆང་ན་སྤང་བའོ་ཞེས་བཅས་སོ། །འདི་ལ་གཞི་དབྱར་གྱི་རྒྱུ་ལས་བྱུང་བའི་རྙེད་པ། གོས་སྦྱིན་པའི་དུས་ལས་སྔ་བར་བདག་གིར་བྱས་སམ། བགོས་པའམ། དེ་ལས་ཕྱིས་བགོས་པ་གང་རུང་། མཐར་ཐུག་གྲུབ་པ་སྦྱིན་བདག་གི་ཚིག་གི་དབང་མ་ཡིན་པ་སྟེ། ཡན་ལག་འདི་དག་ཚང་ན་བརྟད་པ་ལས་བྱུང་བའི་སྤང་ལྟུང་དུ་འགྱུར་རོ། །བརྟད་པ་ལྔ་ནི། ནད་པ་ལ་སྦྱིན་པ་དང་། ནད་པའི་ཕྱིར་དང་། འཆི་བ་ལ། འཆི་བའི་ཕྱིར་དང་། འགྲོ་བར་ཆས་པ་ལ་སྦྱིན་པའོ། །དེ་དག་མཚོན་པ་ཙམ་སྟེ། དབྱར་གནས་པའི་རྒྱུ་ལས་བྱུང་བའི་གོས་ཀྱི་རྙེད་པ་ཐམས་ཅད་དོ། །གོས་སྦེད་པ་མ་བསྐོས་པ་དག་གིས་གོས་སྦྱིན་པའི་དུས་ནི། དགག་དབྱེའི་ཕྱི་དེ་ཉིན་ནོ། །སྲ་བརྐྱང་བཏིང་བ་ལ་ནི་དེ་དབྱུང་བའི་ཕྱི་དེ་ཉིན་ནོ། །སྦྱིན་བདག་གི་གློ་བུར་བའི་རྐྱེན་གྱིས་བརྟད་པ་དབྱར་གྱི་མཐའི་ཞག་བཅུའི་ནང་དུ་རྙེད་ན། འདི་ཉིད་ཀྱི་ཉིན་པར་བགོ་བར་རུང་ངོ་། །གལ་ཏེ་སྦྱིན་བདག་རང་ཉིད་ཀྱི་ལག་གིས་འབུལ་ལོ་ཞེས་པའི་ཚིག་གིས་བགོ་བའི་དབང་མེད་ན། དགག་དབྱེའི་ཕྱི་དེ་ཉིན་བགོ་མ་ཐུབ་ཀྱང་ཉེས་པ་མེད་དོ། །སོ་སོ་ཐར་པའི་མདོར། འཕྲོག་པའི་སྤང་བའི་འོག་ཏུ་བརྟད་པ་ལས་བྱུང་བ་གསུངས་པ་བཞིན་འདིར་བཤད་ལ། མདོར་ནི་ཞུ་བ་ལས་ཕྲོགས་པའི་འོག་ཏུ་ཞག་བདུན་ན་འབྲལ་བ་འབྱུང་བ་དེའི་དབང་དུ་མཛད་དོ། ༢༧ །བཏིངས་མིན་དགོན་པ་པ་ནི་འཇིགས་བཅས་ཀྱི། །རང་དང་མཚམས་གཅིག་ཆོས་གོས་གནས་ལས་གྲོང་། །གཞན་དུ་ཞག་བདུན་སྐྱ་རེངས་ཤར་བ་ལའོ། །དགོན་པ་བའི་ཆོས་གོས་གཅིག་པ་ལ་ནི་འཇིགས་པ་དང་བཅས་པ་ཉིད་ཡིན་ན་གྲོང་ཡང་རང་གི་གནས་དང་འདྲའོ། །ཞེས་པའི་དོན་ཏེ། གླེང་གཞི་ནི། དགོན་པ་པས་ཞག་དྲུག་གི་མཐའ་ཚུན་ཆད་དུ་མཚམས་ལས་ཕྱི་རོལ་དུ་འབྲལ་དུ་གནང་ངོ་། །དྲུག་སྡེས་བསམས་བཞིན་དུ་ཞག་བདུན་དུ་འབྲལ་བར་བྱེད་ནས་གསོལ་བས་བཅས་སོ། །འདི་ལ་གཞི་དགོན་པ་རྐུན་པོའི་འཇིགས་པ་དང་བཅས་པ། བསམ་པ་བག་ཡངས། སྦྱོར་བ་ཆོས་གོས་གང་རུང་གཅིག་རང་གི་མཚམས་ལས་འདས་པ་སྤྱོད་ཡུལ་གྱི་གྲོང་ངམ། དེ་ཡང་འཇིགས་པ་དང་བཅས་པས་གྲོང་གཞན་གང་རུང་དུ་བཞག་སྟེ་རང་ཉིད་དགོན་པར་འདུག་པ། མཐར་ཐུག་ཞག་བདུན་པའི་སྐྱ་རེངས་ཤར་བ་ཚུན་ཏེ། ཡན་ལག་འདི་དག་ཚང་ན་འབྲལ་བའི་སྤང་ལྟུང་དུ་འགྱུར་རོ། །ཞག་དྲུག་པ་ཚུན་ནི་གནང་བས་ཉེས་པ་མེད་དོ། །བསམ་པ་བག་ཡངས་མ་ཡིན་པར་དེ་ཉིད་དུ་ཕྱིར་ལྡོག་གོ་སྙམ་པ་ལ། བར་ཆད་འགའ་ཞིག་གིས་ཞག་བདུན་ལ་སོགས་པར་ཐལ་ན་ཉེས་པ་མེད་དོ། །ཞག་དྲུག་ལས་ཧ་ཅང་འདའ་བར་བྱའོ་སྙམ་པའི་བརྣག་པས་ཞག་དྲུག་ཚུན་འདུག་པ་ལ་ཡང་ཉེས་པ་མེད་དེ། བརྣག་པ་འདིར་ལྟུང་བ་བྱེད་པའི་ཡན་ལག་མ་ཡིན་པས་སོ། ༢༨ །ཁྱིམ་པ་ཉེ་དུ་མིན་ལ་སོ་ཀའི་ཟླ། །ཕྱི་མ་ལས་སྔར་འདོད་བླངས་ཐོབ་པ་དང་། །དགག་དབྱེ་ཟིན་ནས་ཟླ་ཕྱེད་ལྷག་བཅངས་ལའོ། །སྔོན་དང་ཕྱི་མ་གཉིས་ལས་དེ་མ་ཡིན་པའི་དུས་གཉིས་ནི་བྱེད་པ་པོ་ཉིད་དོ། །གཞན་དུ་འཆང་བ་ལའོ། །ཞེས་པའི་དོན་ཏེ། གླེང་གཞི་ནི། སྟོན་པས་དབྱར་གྱི་གོས་རས་ཆེན་བཅང་བར་བྱའོ་ཞེས་གསུངས་པ་དང་། དབྱར་སྔ་མར་ཁས་ལེན་པས་ཀྱང་རང་གི་དུས་ཡིན་ནོ་ཞེས་འཚོལ་བར་བྱེད་ཅིང་འཆང་བར་བྱེད། ཕྱི་མར་ལེན་པས་ཀྱང་བྱེད་པས་མྱུར་དུ་འཚོལ་བ་དང་། རིང་དུ་འཆང་བས་དོན་དང་བྱ་བ་མང་ནས་འཕྱ་བ་དེ་གསོལ་བས། བྱུང་བ་འདི་ལས་བཅས་སོ། །འདི་ལ་གཞི་དབྱར་ཁས་ལེན་པའི་སྔོན་རོལ་གྱི་ཟླ་བའི་དུས་མ་ཡིན་པ་དེའི་ཡང་སྔོན་རོལ་ཏུ་བཙལ་བའམ། དབྱར་གནས་གྲོལ་བའི་འོག་གི་ཟླ་བ་ཕྱེད་ཀྱི་དུས་མ་ཡིན་པ་དེ་ལས་ཀྱང་ཕྱི་བར་བཅངས་པ་གང་རུང་། བསམ་པ་ཚོལ་བའམ། འཆང་བར་འདོད་པ་གང་རུང་། སྦྱོར་བ་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་དབྱར་གྱི་རས་ཆེན་དག་གིས་བསླངས་པ་དང་། འཆང་བ་གང་རུང་། མཐར་ཐུག་གྲུབ་པ་དང་རྙང་རྙིང་མ་ཡིན་པ་གང་རུང་སྟེ། ཡན་ལག་འདི་ལྟ་བུ་ཚང་ན་དབྱར་གྱི་རས་ཆེན་གྱི་སྤང་བའི་ལྟུང་བར་འགྱུར་རོ། །དབྱར་སྔ་ཕྱི་གང་རུང་ཁས་ལེན་པར་འདོད་པ་དེ་ཁའི་སྔོན་རོལ་གྱི་ཟླ་བའི་དང་པོའི་དུས་བཙལ་ནས། དགག་དབྱེ་ཟིན་ནས་ཟླ་ཕྱེད་ཀྱི་བར་གྱི་ཟླ་བ་ཕྱེད་དང་ལྔར་བཅང་པར་བྱའོ། །དེ་བས་ན་དབྱར་གནས་པ་དང་པོ་ཁས་བླངས་ན། དེའི་རྗེས་སུ་འགྲོ་བ་རས་ཆེན་ཚོལ་འཆང་བརྟད་པ་ལས་བྱུང་བའི་དབྱར་ཟླའི་ཞག་དང་དགག་དབྱེ་དག་ནི་དབྱར་སྔ་མ་ཁས་བླངས་ན་དེའི་རྗེས་མཐུན། ཕྱི་མ་ཁས་བླངས་ན་དེའི་རྗེས་མཐུན་དུ་རིག་པར་བྱའོ། །སྲ་བརྐྱང་ནི་དབྱར་སྔ་མ་ཁོ་ན་དང་འབྲེལ་བ་ཡིན་ནོ། ༢༩ །དགེ་འདུན་བསྔོས་ནོར་ཤེས་བཞིན་བདག་གིར་འདོད། །རང་ལ་བསྒྱུར་བརྩོན་དབང་བར་གྱུར་ནའོ། །གཞན་གྱི་གང་ཟག་གཞན་ནམ། དགེ་འདུན་ལ་བསྔོས་པའི་གོས་ཤེས་བཞིན་དུ་བདག་ཉིད་ལ་བསྒྱུར་ཏེ་ཐོབ་ནའོ། །ཞེས་པའི་དོན་ཏེ། གླེང་གཞི་ནི། སྟོན་པ་ཤཱཀྱའི་གྲོང་རྡལ་ཝ་ཚོགས་ཅན་ན་བཞུགས་སོ། །ཁྱིམ་བདག་གཅིག་གིས་གཙུག་ལག་ཁང་གཅིག་སྒྲ་གཅན་འཛིན་ལ་གང་ཟག་གིར་ཕུལ་ལོ། །སྒྲ་གཅན་འཛིན་ལྗོངས་རྒྱུ་རུ་སོང་བ་དེས་ཐོས་ནས་དགེ་འདུན་ལ་ཕུལ་ལོ། །སྒྲ་གཅན་འཛིན་འཁོར་ནས་དགེ་འདུན་ལ་ཕུལ་བ་ཐོས་པ་དང་། སྟོན་པ་ལ། བདག་གི་གཙུག་ལག་ཁང་དགེ་འདུན་ལ་ཕུལ་ན་ཇི་ལྟར་བགྱི། ཁྱོད་སོང་ལ་ཁྱིམ་བདག་ལ་ཁོ་བོའི་ལུས་ངག་ལ་སྨད་པར་མི་བྱེད་དམ་ཞེས་སྨྲོས་ཤིག སྨྲས་པས། ཅུང་ཟད་ཀྱང་མི་བགྱིད་དེ་ཞེས་གསོལ་བས། དགེ་འདུན་བསྡུས་ནས་གང་ཟག་གཅིག་ལ་བྱིན་ནས་གཞན་ལ་སྦྱིན་པ་ནི་ཆོས་དང་ལྡན་པའི་སྦྱིན་པ་མ་ཡིན་ནོ། །ཆོས་དང་ལྡན་པས་ལེན་པ་མ་ཡིན་ནོ། །དེ་བཞིན་དུ་གཉིས་ལ་བྱིན་ལ་མང་པོ་ལ་བྱིན་ནམ། གཞན་གཅིག་གམ་གཉིས་སམ་མང་པོ་ལ་བྱིན་པ་སོགས་ཀྱང་ཆོས་དང་ལྡན་པ་མ་ཡིན་ནོ་ཞེས་སོགས་གསུངས་ནས། རྒྱལ་པོ་ནི་ས་གཞི་ལ་དབང་། དགེ་སློང་ནི་ལྷུང་བཟེད་དང་ཆོས་གོས་ལ་དབང་། སྦྱིན་པ་པོ་དང་སྦྱིན་བདག་ནི་རང་གིས་སྦྱིན་པར་བྱ་བའི་ཆོས་འདུ་བྱ་བར་རུང་གི གཞན་ལ་སྦྱིན་པར་མི་རུང་ངོ་། །དགེ་སློང་དག་སྒྲ་གཅན་འཛིན་ལ་གཙུག་ལག་ཁང་ཕྱིར་བྱིན་ཅིག བྱིན་ཏེ་རེ་ཞིག་བྱུང་བའོ། །དེ་ཡང་། དགེ་སློང་ཞིག་གིས་ཁྱིམ་བདག་དད་པར་བྱས་ནས། དགེ་འདུན་ལ་རས་ཟུང་གཅིག་འབུལ་བར་ཁས་བླངས་པ། ཉེ་དགས་ཐོས་ནས་རས་དེ་ཆེན་པོ་ལ་འོས་པ་ཞིག་འོང་གི ཁོ་བོས་མ་ཕྲོགས་ན་མིང་མི་གཟུང་ངོ་སྙམ་ནས་དེ་ལྟར་བྱས་པ་དང་། དགེ་བསྐོས་ཀྱིས་རས་ཟུང་འོན་ཅིག འདི་ཁོ་བོ་ལ་སྦྱིན་ནོ། །དགེ་སློང་དེས་ཁྱིམ་བདག་ལ་གཞན་དུ་འབྲུག་བསྒྲགས་ལ་གཞན་དུ་ཆར་ཕབ་བོ། ཉེ་དགའ་ཟེར་ནས་བགྱིས་སོ་ཞེས་འཕྱ་བའི་སྐབས་དེ་གསོལ་བས། དགེ་འདུན་ལ་བསྔོས་པ་གང་ཟག་ལ་བསྒྱུར་ན་བདེན་ནམ། མེད་དོ། །ཞེས་པ་ལ་བཅས་སོ། །འདི་ལ་གཞི་དགེ་འདུན་ནམ་གང་ཟག་གཞན་ལ་སྦྱིན་བདག་གིས་བསྔོས་ཤིང་ཡིད་ཀྱིས་ཕུལ་བའི་རྙེད་པ། བསམ་པ་དེ་ལྟ་བུར་ཤེས་བཞིན་དུ་བདག་གིར་འདོད་པ། སྦྱོར་བ་རང་ལ་བསྒྱུར་བར་བརྩོན་པ། མཐར་ཐུག་རང་དབང་བར་ཐོབ་པ་སྟེ། ཡན་ལག་འདི་ཚང་ན་བསྔོས་བསྒྱུར་གྱི་སྤང་ལྟུང་དུ་འགྱུར་རོ། །བསྒྱུར་བ་ཙམ་ན་ཉེས་བྱས། ཐོབ་ན་དངོས་གཞི། གང་ཟག་གཞན་ལ་བསྔོས་པ་གཞན་ལ་བསྒྱུར་བར་བྱེད་ན། བསྒྱུར་བ་དང་དེའི་འབྲས་བུ་ཐོབ་པ་གཉིས་ཀ་ཉེས་བྱས་སོ། །ཟས་ཀྱི་རྙེད་པ་ཙམ་བསྒྱུར་བ་ཡང་ཉེས་བྱས་སོ། །འབྲལ་བ་དང་སྦྱར་བ་གཉིས་ཀ་སེམས་ཅན་དུ་བགྲང་དུ་མི་རུང་བ་གདུགས་སུ་བསྔོས་པ་ཐེམ་སྐས་སུ་བསྒྱུར་བ་ལྟ་བུ་འབྲལ་བ་དང་སྦྱར་བའི་ཕྱོགས་གཅིག་ཉིད་ལ་སྦྱོར་དངོས་གཉིས་ཀ་ཉེས་བྱས་སོ། །ལྷག་མ་ཟ་བའི་དུད་འགྲོ་གང་ལ་བསྔོས་པ་དེ་མ་རྙེད་ན་གཞན་ལ་བསྒྱུར་བ་ལ་ཉེས་པ་མེད་དེ། འདི་ལ་སྦྱིན་ནོ་ཞེས་བསྔོས་པ་དེ་ལ་མ་སྦྱིན་ན་ཉེས་བྱས་སོ། །བདེ་བར་གཤེགས་པའི་སྐུ་གཟུགས་ཀྱི་རྒྱན་སྐུ་གཟུགས་གཞན་མཆོད་པ་ལ་གཡར་པོ་བཏང་དུ་རུང་ངོ་། །མཆོད་རྟེན་གཞན་ལ་བསྔོས་པ་འབུལ་བར་མི་ནུས་ན་གཞན་ལ་བསྒྱུར་བ་ཉེས་མེད་དོ། །བྱང་ཆུབ། ཆོས་འཁོར། ཆོ་འཕྲུལ། ལྷ་བབས་བཞི་ལ་བསྔོས་པ་གཞན་དུ་བསྒྱུར་བ་ཉེས་བྱས་སོ། །བཞི་ཀ་ལ་དབུལ་མི་ནུས་ན་གང་ཉེ་བ་ལ་དབུལ་ལོ། །དགེ་འདུན་གྱི་རྙེད་པར་བསྔོས་པ་མཚམས་ཀྱི་ཕྱི་རོལ་དུ་བྱིན་གྱིས་རློབ་པ་དང་། དགེ་སློང་མ་ཚོགས་པར་བགོད་པ་དང་། བྱིན་གྱིས་མ་བརླབས་པར་བགོད་པ་དང་། གཞན་དག་དབང་བའི་ཤས་དེ་ཉིད་དང་མ་བྲལ་བའི་ཕྱིར་དང་། ཀུན་དབང་བའི་རྙེད་པ་གང་ཟག་གསུམ་ལ་སོགས་པས་ལེན་པར་བྱེད་ན་ཉེས་བྱས། ཐ་མ་ནི་རྐུ་སེམས་ཡོད་ན་བརྐུས་པར་འགྱུར་རོ། །གཞན་ཡང་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས། གནས་གང་ན་དགེ་སློང་གཅིག་པུ་ཞིག་གནས་པ་དེར་སྦྱིན་བདག་དག་གིས་དགེ་འདུན་གྱི་ཕྱིར་རྙེད་པ་འབུལ་བར་བྱེད་ན། དགེ་སློང་དེ་གཅིག་པུས་རྙེད་པ་བྱིན་གྱིས་བརླབ་པར་བྱའོ། །བྱིན་གྱིས་མ་བརླབ་པར་བདག་གིར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །ཞེས་གསུངས་པས། གཅིག་པུས་རྙེད་པ་ལ་བྱིན་གྱིས་བརླབ་པའི་ཆོ་ག་དང་སྔགས་ནི། བདག་གནས་འདི་ན་གཅིག་པུ་གནས་ཏེ། དགེ་འདུན་ལས་གོས་ཀྱི་རྙེད་པ་འདི་བྱུང་བས། བདག་གིས་འདི་ཉམས་སུ་བླང་ངོ་། །དུས་སུ་བྱིན་གྱིས་བརླབ་བོ། །ཞེས་ལན་གསུམ་སེམས་བསྐྱེད་པར་བྱ། ཚིག་ཏུ་བརྗོད་པར་བྱ་བ་ཡིན་ནོ། །དེ་ནི་གཅིག་པུས་རྙེད་པ་བྱིན་གྱིས་བརླབ་པའི་ཆོ་ག་དང་སྔགས་སོ། །ཁང་གཉིས་གསོ་སྦྱོང་ཐ་དད་རྙེད་ཐུན་གསུངས། གཙུག་ལག་ཁང་གི་བདག་པོ་བཅོམ་མམ། བཅིངས་སམ། ཤིའམ། སྤྱུགས་ན། དགེ་སློང་དག་གིས་གཙུག་ལག་ཁང་དེ་ཡལ་བར་མི་དོར་བར་དགེ་སློང་གང་གཙུག་ལག་ཁང་དེ་ལ་རྗེས་སུ་ཆགས་པ་ཤས་ཆེན་པོ་ཡོད་པ་དེ་དེར་བསྲུང་མར་གཞུག་ཅིང་། དགེ་འདུན་དང་སྦྱིན་བདག་དག་དུས་སུ་མ་ལྷགས་ན། དགེ་སློང་དེས་ལོ་ལྔ་ནི་བསོད་སྙོམས་ཀྱིས་འདའ་བར་བྱའོ། །ལོ་གཞན་ལྔ་ནི་ཉེན་ཀོར་གྱི་གཙུག་ལག་ཁང་དང་ལྷན་ཅིག་འཚོ་བ་ཐུན་མོང་དུ་བྱ་བས་འདའ་བར་བྱ་ཞིང་། གཙུག་ལག་ཁང་དེ་དང་ཉེན་ཀོར་གྱི་གཙུག་ལག་ཁང་དེར་རྙེད་པ་ནི་ཐུན་མོང་བ་ལ་གསོ་སྦྱོང་ནི་ཐ་དད་པ་བྱ་བའི་ཕྱིར། གསོལ་བ་དང་གཉིས་ཀྱི་ལས་བྱའོ། །གང་ལ་གཙུག་ལག་ཁང་གཏད་པའི་དགེ་སློང་དེ་གཞན་དུ་འགྲོ་ན། དེའི་མལ་སྟན་དང་སྣོད་སྤྱད་དག་ཉེན་ཀོར་གྱི་གཙུག་ལག་ཁང་དུ་བསྡམ་པར་བྱའོ། །བོར་བ་དེར་དགེ་སློང་དག་ལྷགས་ཏེ་གཉུག་མར་གནས་ན་དངོས་པོ་དེ་སླར་སྦྱིན་ནོ། །མི་སྟེར་ན་ནན་གྱིས་བསྐུལ་ལ་དེ་དག་གི་ཕྱིར་སྦྱིན་པར་བྱ་བ་ཉིད་དོ། །སྔར་གྱི་སྦྱིན་བདག་དེ་ཉིད་ཀྱིས་གཙུག་ལག་ཁང་ཕྱི་མ་དེར་ཕུལ་ན་ཡང་སྔ་མ་ལ་ཕུལ་བའི་ངེས་པ་ཞིག་པ་མེད་པས་སྟན་ལ་སོགས་པ་གཙུག་ལག་ཁང་སྔ་མ་དེ་ཉིད་དབང་བ་ཡིན་པས་མཐུས་གཟུང་བར་བྱའོ། །གཙུག་ལག་ཁང་གི་ཡོ་བྱད་དག་ཕན་ཚུན་གཡར་གཏོང་བ་ལ་ཉེས་པ་མེད་དོ། ༣༠ །སྨན་བཞི་བཟའ་ཆེད་བྱིན་རླབས་བྱིན་ལེན་བྱས། །རང་ཆེད་འདོད་པས་བརྩམས་ཤིང་དུས་ཡོལ་ལའོ། །ཞག་བདུན་པར་བྱིན་གྱིས་བརླབས་པའི་ཉི་མ་འདས་སོ་ཅོག་དགེ་སློང་ལ་བརྗོད་པར་བྱའོ། །ཞེས་པའི་དོན་ཏེ། གླེང་གཞི་ནི། སྟོན་པ་འོད་མའི་ཚལ་ན་བཞུགས་པའི་ཚེ། པི་ལིན་དའི་བུའི་ལྷན་ཅིག་གནས་པ་དག་སྨན་ལག་ཉར་བླངས་པ་བྱིན་ལེན་བྱས་པ་ཟས་ཀྱི་ཕྱེ་མ་དང་འདྲེས་པ་རང་གི་རྒྱུད་ཀྱི་མྱགས་པ་རྣམ་པར་དབྱེར་མི་མངོན་པ་ཡང་དུས་དང་དུས་མ་ཡིན་པར་ཟ་ཞིང་། བཟའ་བར་དབྱེ་བར་མངོན་ནས། དགེ་སློང་དོན་ཉུང་ངུ་དག་འཕྱ་བའི་སྐབས་དེ་གསོལ་བས། བྱུང་བ་འདི་ལས་བཅས་སོ། །འདི་ལ་གཞི་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ། ཞག་བདུན་པ། འཚོ་བའི་བར་དུ་འཆང་བ། བཟའ་བ་ལ་སོགས་པའི་ཆེད་དུ་བརྟགས་པ་སྟེ་བྱིན་གྱིས་བརླབས་པ་དང་། བྱིན་ལེན་བྱས་པ་དང་། རུང་བ་མ་ཡིན་པ་དང་། འདྲེས་པ་དང་། མ་བརྟགས་པ་དང་། བྱིན་ལེན་མ་བྱས་པ་རྣམས་ལས་གང་རུང་། བསམ་པ་རང་གི་ཆེད་དུ་འདོད་པས། སྦྱོར་བ་གསོག་འཇོག་གམ་འཆང་བར་བྱེད་ན། མཐར་ཐུག་རང་རང་གིས་སྤྱད་པའི་དུས་ལས་ཡོལ་བ་སྟེ། ཡན་ལག་འདི་ཚང་ན་གསོག་འཇོག་གི་སྤང་ལྟུང་དུ་འགྱུར་རོ། །ཇི་ལྟར་ཞག་བདུན་པར་བྱིན་གྱིས་བརླབས་པའི་ཉི་མ་འདས་སོ་ཅོག་དགེ་སློང་ལ་བརྗོད་པར་བྱའོ། །ཞག་བདུན་པའི་དོན་དུ་བརྟགས་པ། ཞག་བདུན་ཚུན་འཆང་བ་ལ་ནི་ལྟུང་བ་མེད་ཅིང་། སྐྱ་རེངས་བརྒྱད་པ་ཤར་བ་ཚུན་འཆང་ན་སྤང་བའི་ལྟུང་བར་འགྱུར་རོ། །དེས་མཚོན་ནས་སྨན་ལྷག་མ་རྣམས་ལ་ཡང་འདྲའོ། །བཟའ་བཏུང་མ་ཡིན་པ་དག་ཟོས་ན་ཁ་ན་མ་ཐོ་བར་འགྱུར་བ་བཞིན་དུ། ཉིན་མཚན་ལས་འདས་པ་འཆང་བ་ཡང་དེ་དང་འདྲ་སྟེ། ཟོས་ན་ལྟུང་བྱེད་དུ་འགྱུར་བ་ནི་འཆང་ན་སྤང་ལྟུང་། ཟོས་ན་ཉེས་བྱས་སུ་འགྱུར་བ་ནི་འཆང་ན་ཡང་ཉེས་བྱས་སུ་འགྱུར་རོ། །སྣར་བླུགས་པ་དང་། བསྐུ་མཉེ་བྱ་བ་དག་ནི་གསོག་འཇོག་བྱས་ཀྱང་རུང་ངོ་། །དགེ་སློང་གིས་སྤངས་པར་གྱུར་པ་དེ་མ་སྤངས་པའམ། སྤངས་ཀྱང་བྲལ་བར་མ་བྱས་པའམ། བྱས་ཀྱང་མ་བཤགས་པར་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་རྒྱུད་ཀྱི་སྤང་བར་འགྱུར་རོ། །ཡང་དེ་མ་སྤངས་ཤིང་མ་བཤགས་པར་ཆོས་གོས་ལྷུང་བཟེད་དམ། དྲྭ་བའམ། ཕོར་བུའམ། སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་རུང་བ་འཇོག་ན་སྔ་མའི་རྒྱུད་ཀྱི་སྤང་བར་འགྱུར་བའོ། །སྤངས་ཤིང་བཤགས་ནས་འཇོག་པ་ལ་ཉེས་པ་མེད་དོ། །ཞེས་སྤང་ལྟུང་སུམ་ཅུ་རེ་རེའི་མཐར་གསུངས་སོ།། །། གཉིས་པ་ལྟུང་བྱེད་འབའ་ཞིག་པ་ལ། སྤྱི་སྡོམ་དང་། བྱེ་བྲག་སོ་སོར་བཤད་པ་གཉིས་ལས། སྤྱི་སྡོམ་ནི། བརྫུན་སྐྱོན་ཕྲ་མ་སྐྱོ་སྔོགས་སྟོན་དང་འདོན། །གནས་ངན་མི་ཆོས་སྐུར་འདེབས་ཁྱད་དུ་གསོད། །ས་བོན་འཕྱ་བསྒོ་གནས་འདིང་སྐྲོད་ཕྱིས་གནོན། །རྩ་དབྱུང་འདེབས་པ་རིམ་པ་གཉིས་སུ་བརྩིག །མ་བསྐོས་ཉི་ནུབ་ཟས་དང་གོས་བྱེད་དང་། །གོས་བྱིན་དོན་མཐུན་གྲུར་འཇུག་གཅིག་འདུག་འགྲེང་། །སྦྱོར་བཅུག་ཡང་ཡང་འདུག་གནས་ལྷག་པར་ལེན། །གཅིག་སྟོབས་འདུས་དང་དུས་མིན་གསོག་འཇོག་དང་། །བྱིན་ལེན་མ་བྱས་གསོད་པ་སྲོག་ཆགས་བཅས། །འདུག་འགྲེང་གཅེར་བུ་དམག་བལྟ་ནང་དུ་གནས། །མྱོང་དང་བརྡེག་གཟས་འཆབ་དང་གཅོད་དུ་འཇུག །མེ་རེག་འདུན་པ་མ་རྫོགས་ལྟ་མི་གཏོང་། །རྗེས་ཕྱོགས་བསྙིལ་སྡུད་ཁ་མ་བསྒྱུར་བ་དང་། །ལོངས་པའི་གཞིར་གཏོགས་ཁྲུས་དང་དུད་འགྲོ་འགྱོད། །ག་ག་རྩེ་དང་ལྷག་ཅིག་སྔངས་བྱེད་སྦེད། །བྱིན་པ་སྐུར་འདེབས་བུད་མེད་རྐུན་མ་དང་། །ཉི་ཤུ་མ་ལོན་བསྐོ་དང་མགྲོན་དུ་གཉེར། །བསླབ་དང་ཉན་རྣ་མི་སྨྲ་མ་གུས་ཚུལ། །ཆང་འཐུང་དུས་མིན་གྲོང་རྒྱུ་ནུབ་མོ་དང་། །བསླབ་གཞི་ཁྱད་གསོད་ཁབ་རལ་ཁྲི་རྐང་དང་། །ཤིང་བལ་གདིང་གཡན་རས་ཆེན་བདེ་གཤེགས་གོས། །ལྟུང་བྱེད་འབའ་ཞིག་པ་སྟེ་དགུ་བཅུར་གསུངས། །འདི་དག་གི་ལྟུང་བ་ཕྱིར་འཆོས་པ་ལ། སྤང་འབྲལ་སྔོན་དུ་བཏང་མི་དགོས་པར་བཤགས་པ་འབའ་ཞིག་གིས་ཆོག་པའི་ཕྱིར་འབའ་ཞིག་པ་དང་། དེ་དག་ཀྱང་གྲངས་དགུ་བཅུར་ཚང་བས་འབའ་ཞིག་པ་དགུ་བཅུ་ཞེས་བྱའོ།། །། གཉིས་པ་ནི། ༡ ཤེས་བཞིན་བཞི་མིན་བརྫུན་སྨྲས་གོ་ལས་སོ། །དེ་གཉིས་དང་། ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མར་འགྱུར་བ་གཉིས་ལས་གཞན་པའི་བརྫུན་དུ་སྨྲ་བའོ། །ཞེས་པའི་དོན། གླེང་གཞི་ནི། སྟོན་པ་འོད་མའི་ཚལ་ན་བཞུགས་སོ། །སྒྲ་གཅན་འཛིན་ཆུ་དྲོན་ཅན་གྱི་ཀུན་དགའ་ར་བ་ན་འདུག་པ་ལ། ཁྱིམ་བདག་གིས་སྟོན་པ་ག་ན་བཞུགས། དེས་འོད་མའི་ཚལ་ན་བཞུགས་ན་བྱ་རྒོད་ཕུང་པོ་དང་། དེ་ན་བཞུགས་ན་འོད་མའི་ཚལ་དང་། པི་པ་ལའི་ཕུག་ན་བཞུགས་ན་བདེ་ཆེན་མའི་ཕུག་དང་། དེ་ན་བཞུགས་ན་པི་པ་ལའི་ཕུག་ནའོ། །ཞེས་པས་དེ་དག་གིས་མ་རྙེད་ནས། མཐོང་ངམ། མ་མཐོང་ངོ་། །བགད་པ་དང་ཤེས་བཞིན་དུ་མཐོ་བརྩམས་སོ། །ཞེས་འཕྱ་བའི་སྐབས་དེ་གསོལ་པས། སྟོན་པས་དེའི་གཙུག་ལག་ཁང་དུ་བྱོན་ནས་ཞབས་བསིལ་ཏེ། ཆུ་ལྷག་མ་ཉུང་ངུ་ཞིག་བཞག་ནས། སྒྲ་གཅན་འཛིན་འདི་མཐོང་ངམ། མཐོང་ངོ་། །མི་གཏི་མུག་ཅན་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ནི། དགེ་སྦྱོང་གི་ཚུལ་ཉུང་བར་སྨྲ་བའོ། །དེ་བཞིན་དུ་སྦྱར་ནས། དེ་ཕོ་ནས་དགེ་སློང་གི་ཚུལ་བོར་བར་སྨྲ་བའོ། །སྣོད་བཟུང་ནས་དགེ་སྦྱོང་གི་ཚུལ་གཟུང་བར་སྨྲ་བའོ། །ཁ་སྤུ་ནས་དགེ་སྦྱོང་གི་ཚུལ་ཁས་ཕུབ་པར་སྨྲ་བའོ། །གླང་པོ་ཆེ་སྣས་ལས་མི་བྱེད་པ་ཅི་ཡང་མེད་པ་བཞིན། བརྫུན་དུ་སྨྲ་བ་ལ་མི་དགེ་བའི་ལས་མི་བྱ་བ་ཅི་ཡང་མེད་དོ། །ཞེས་སོགས་རྒྱས་པར་གསུངས་ནས། སངས་རྒྱས་བསྟན་པ་དྲན་བྱེད་ན། །ལུས་ཀྱི་ལས་དང་ངག་ལས་དང་། །ཡིད་ཀྱི་ལས་ལ་མང་དུ་ནི། །སོ་སོར་རྟོགས་ཤིག་སྒྲ་གཅན་འཛིན། །ཞེས་པ་སྟེ། འདི་ནི་བྱུང་བའོ། །དེ་ནས་བྲམ་ཟེའི་ཁྱེའུ་གསང་ཚིག་ཚོལ་བ་ཞིག་ལྷོ་ལམ་ནས་སོང་སྟེ་མཉན་ཡོད་དུ་ཕྱིན་པ་ན། དེས་མཉན་ཡོད་ཀྱི་བྲམ་ཟེ་འཁོར་མང་པོ་ཞིག་ཡོད་པའི་འཁོར་རྣམས་ཚར་བཅད་པ་དང་། དེ་དག་གིས་རང་ཕྱོགས་ཁོ་ན་འཇོམས་སམ། གཞན་སུ། དགེ་སློང་ངོ་། །གང་ན་ཡོད། རྒྱལ་བྱེད་ཚལ་ནའོ། །སྨྲ་བའི་ཁྱུ་མཆོག་གང་ཡིན། ཐམས་ཅད་ཀྱང་མཁས་པ་ལགས་མོད་ཀྱི། འོན་ཀྱང་ཤཱཀྱ་ལག་བརྒྱུད་དོ། །དེའི་ཚེ་ལག་བརྒྱུད་དེ་ཉིད་དུ་ཕྱིན་ནས་འུ་ནི་ནའོ། །དེ་དེའི་གམ་དུ་སོང་ནས། བླ་མ་ལ་ཡི་གེ་བླངས་པ་ཅུང་ཟད་ཡོད་པས་ཁྱེད་དང་ལྷན་ཅིག་གཏམ་བྱའོ། །ཉི་མ་གང་། སང་བྱའོ། །ལག་བརྒྱུད་བྲམ་ཟེ་ཚར་བཅད་ཀྱང་བསོད་སྙོམས་ལ་འགྲོ་དགོས་ལ། ཚུར་ཚར་བཅད་ན་གྲགས་པ་ཉམས་པར་འགྱུར་རོ་སྙམ་ནས་མ་སོང་ངོ་། །བྲམ་ཟེས་མཚན་རིངས་བསམ་མནོ་བཏང་ནས་སྐྱེད་མོས་ཚལ་དུ་བསྒུགས་ཀྱང་མ་བྱུང་བ། མཉན་ཡོད་དུ་སོང་བ་དང་། ལག་བརྒྱུད་བསོད་སྙོམས་ལ་སོང་བ་དང་འཕྲད་དོ། ཁྱེད་དེར་མ་འོངས་སོ། །ཡེ་བརྗེད་དོ། །ཀྱེ་སང་བྱའོ། །ཡང་མ་ཕྱིན་ནོ། །ཀྱེ་དགེ་སློང་ཁྱོད་མ་འོངས་སོ། །དེས་ཁོ་བོའི་བྱ་བ་དེ་ཁོ་ནར་ཟད་དམ། སྟོན་པ་ལ་བསྙེན་བཀུར་བྱ་དགོས། ཐོས་པ་གཟུང་དགོས། ཚོགས་ཀློག་ཏུ་འཇུག་དགོས། ཁྱིམ་པ་ལ་ཆོས་བསྟན་དགོས། ཁྱེད་ཆེད་དུ་ཐོ་མི་འཚམ་མམ། དེ་ཡིན་ནོ། །མུ་སྟེགས་ཅན་དག་དགེ་སློང་རྣམས་ནི་བརྫུན་སྨྲའོ། །ཞེས་འཕྱ་བའི་སྐབས་དེ་གསོལ་བས། བྱུང་བ་འདི་ལས་བཅས་སོ། །འདི་ལ་གཞི་སྨྲ་ཤེས་ཤིང་དོན་གོ་བའི་མི། བསམ་པ་ཤེས་བཞིན་དུ་བརྫུན་དུ་སྨྲའོ་སྙམ་པ། རྒྱུ་དང་དེ་དུས་གང་སྐྱེས་ཀྱང་རུང་། སྦྱོར་བ་བརྫུན་དུ་སྨྲ་བ་བཞི་ལས་གཞན་པའི་བརྫུན། མཐར་ཐུག་ཕ་རོལ་པོས་ཚིག་གི་དོན་གོ་བ་སྟེ། ཡན་ལག་འདི་ཚང་ན་བརྫུན་དུ་སྨྲ་བའི་ལྟུང་བྱེད་དུ་འགྱུར་རོ། །བརྫུན་དུ་སྨྲ་བ་བཞི་ནི། ཕམ་པར་གྱུར་པའི་བརྫུན་དང་། ལྷག་མར་གྱུར་པའི་དང་། དབྱེན་གྱི་ཕྱིར་དགེ་འདུན་གྱི་དབུས་སུ་བཅོམ་ལྡན་འདས་ཀྱིས་གསུངས་པའི་བྱ་བ་མ་ཡིན་པ་བྱ་བ་ཉིད་དུ་སྟོན་པར་བྱེད། བྱ་བ་ནི་བྱ་བ་མ་ཡིན་པ་ཉིད་དུ་སྟོན་པར་བྱེད་པ་ཉེས་པ་སྦོམ་པོར་གྱུར་བའི་དང་། གསོ་སྦྱོང་གི་ཚེ། ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིས་པ་ན། མ་དག་པར་ཤེས་བཞིན་དུ་ཅང་མི་སྨྲ་བས་བདག་ཉིད་ཡོངས་སུ་དག་པར་སྟོན་ཅིང་། དྲི་བ་གསུམ་པའི་དུས་འདའ་བར་བྱེད་པ་ཉེས་བྱས་སུ་གྱུར་པའི་བརྫུན་ནོ། །འདི་ལས་འཕྲོས་ནས། དྲུག་སྡེ་རྣམས་གང་དང་གང་དུ་དགོས་པར། །དཀོན་མཆོག་གསུམ་དང་མཁན་སློབ་ལ་མནའ་དོར་ནས། ཁྱིམ་པ་རྣམས་བདག་ཁྱིམ་པ་ལགས་ཀྱང་ཁྱིམ་པ་ལ་མནའ་མི་འདོར་ན། རབ་བྱུང་མནའ་འདོར་བ་འཚམ་པ་མ་ཡིན་ནོ། །ཞེས་འཕྱ་བ་གསོལ་བས། རབ་བྱུང་བདེན་པའི་བསམ་པ་ཅན་ཡིན་པས་མནའ་འདོར་བར་མི་བྱའོ། །ཞེས་བཅས་སོ། ༢ །མཐུན་ལ་སྐྱོན་བདུན་རུང་མི་སྨྲས་སོ། །དགེ་སློང་གིའོ། །འོག་མ་ལ་ཡང་ངོ་། །སྐྱོན་ཉིད་བརྗོད་པར་འདོད་པས་སོ། །ཞེས་པའི་དོན། གླེང་གཞི་ནི། དྲུག་སྡེས་དགེ་སློང་རྣམས་ལ་ཞར་བ་འཐེང་པོ་སྨད་འཆལ་སོགས་སྐྱོན་ནས་སྨྲས་པས། དེ་དག་སྤ་གོང་སེམས་ཞུམ་ནས་སྤོང་བ་དང་ཀློག་པ་བཏང་ནས་ཡིད་མི་བདེ་བར་གནས་པས། དགེ་སློང་དོན་ཉུང་ངུ་དག་འཕྱ་ནས་བྱུང་བ་འདི་ལ་བརྟེན་ནས། ཁྱིམ་བདག་གི་བུས་གླང་ལ་ཆག་དུམ་ཞེས་བོས་པས་དེས་མ་དགའ་ནས་གསོད་པར་འདོད་པ་སྐྱེས་པ་དང་། ཤིང་རྟས་སྤྱོད་པ་ཞིག་གིས་གླང་བཟང་ངན་ལ་པ་ཎ་ལྔ་བརྒྱ་སྐྱུགས་སུ་བཅུག་ནས་རུ་རྡོལ་དང་ཁུ་ཡུ་སོང་ཞིག་ཅེས་མི་སྙན་པ་བརྗོད་པས་དེ་དག་མ་དགའ་ནས་མ་ཕྱིན་པས་སྐྱུགས་མ་ཤོར་བ་ཡང་གསུངས་པས། དུད་འགྲོ་ལ་སྐྱོན་ནས་བརྗོད་ན་བྱམས་པ་རྒྱུན་གཅོད་ན་མི་ལྟ་ཅི་སྨོས། སྐྱོན་ནས་བརྗོད་ན་ལྟུང་བྱེད་དོ། །ཞེས་བཅས་སོ། །འདི་ལ་གཞི་མཚན་དང་ལྟ་བ་མཐུན་པའི་དགེ་སློང་བདག་ཉིད་ལས་ཐ་དད་པ་གཟུགས་གཞན་དུ་མ་བསྒྱུར་བ་ལ། བསམ་པ་ཡུལ་དེ་ན་སྐྱོན་དུ་གྲགས་པས་རུང་བ་མ་ཡིན་པ་བརྗོད་པར་བསམ་པ། སྦྱོར་བ་རིགས་དང་། བཟོ་དང་། ལས་དང་། རྟགས་དང་། ནད་དང་། ལྟུང་བ་དང་། ཁྲོ་སོགས་བདུན་ལས་གང་ཡང་རུང་བ་ཚིག་འཇམ་པོས་ཀྱང་རུང་རྩུབ་པོས་ཀྱང་རུང་སྨྲས་པ། མཐར་ཐུག་དེ་གོ་བ་སྟེ། མི་དགའ་བ་ཉིད་དུ་མ་གྱུར་ན་ཡང་ངོ་། །ཁྲོས་འཁྲུགས་ཡི་ཆད་སྐྱེད་ཡུལ་ཡུལ་པོར་གྱུར་པ་ལྔ་ནི་མི་དགའ་བའི་རྣམ་གྲངས་ཏེ། ཡན་ལག་འདི་དག་ཚང་ན་སྐྱོན་དུ་སྨྲ་བའི་ལྟུང་བྱེད་དུ་འགྱུར་རོ། །རིགས་ནི་ས་ག་ལྷས། དེ་བཞིན་རྗེ་རིགས་དམངས་དག་ལ། །སྨྲ་བྱེད་སྡོམ་བརྩོན་ལྟུང་བྱེད་ཡིན། །ཐག་མཁན་ལྷ་རྟེན་ལྷམ་མཁན་དང་། །ཤིང་མཁན་ཚེམ་བུ་སྨྱིག་མ་མཁན། །དེ་ལ་སོགས་པའི་རིགས་རྣམས་ཀྱིས། །ཡོངས་སུ་སྨྲ་ན་ལྟུང་བྱེད་བརྗོད། །ཅེས་གསུངས་ལ། རྒྱལ་རིགས་དང་བྲམ་ཟེ་ལྟ་བུ་བརྗོད་ན་ཉེས་བྱས་སོ། །བཟོ་ནི། རྫ་མཁན་དང་ནི་མགར་བ་དང་། །བྲན་དང་ཀོ་ལྤགས་མཁན་དང་ནི། །བྱ་གཤོར་ཉ་པ་རྔོན་པ་དང་། །ཞེས་སོ། །ལས་ནི། ཁྱོད་ནི་བྲམ་ཟེ་ཁྱོད་ཀྱི་ནི། །རིགས་ཀྱི་བྱ་བ་གཙང་སྦྲ་སོགས། །ཞེས་པ་ནས། ཁྱོད་ཀྱིས་རང་གི་ལས་བྱོས་ཤིག ཅེས་པའི་བར་དུའོ། །རྟགས་ནི། འཐེང་བོ་ཞར་བ་ལག་རྡུམ་དང་། །སྒུར་པོ་མི་ཐུང་འོན་དང་ལོང་། །ཞེས་སོ། །ནད་ནི། ཁྱོད་ནི་མཛེ་ཅན་ཁྲག་ནད་སྐྱུག །ཉམ་ཆུང་གཡན་པ་འོག་ཀྲོལ་དང་། །ཞེས་དང་། ལྟུང་བ་ནི། ཁྱོད་ནི་མ་དག་ལྟུང་བས་བཅོམ། །གདུག་པ་དང་བཅས་འགྱོད་པ་ཅན། །ཞེས་དང་། ཁྲོ་བ་ནི། གཏུམ་པོ་སོགས་བརྗོད་ཉམས་པར་འགྱུར། །ཞེས་དང་། བོང་བུ་སོགས་ཀྱིས་གཤེ་བྱེད་ཅིང་། །རྒྱ་གང་ལ་སོགས་ཀུན་ལྡང་བས། །སྤྱོ་ན་ལྟུང་བྱེད་ཀྱིས་རེག་འགྱུར། །ཞེས་པས་སོ། ༣ །འདོད། དགེ་སློང་འབྱེད་ཚིག་གོ་ནའོ། །ཕྲ་མ་བྱེད་འདོད་པས་ཆེ་གེ་མོ་ཞིག་ཟེར་རོ་ཞེས་སྨྲས་ནའོ། །གལ་ཏེ་མིང་ནས་སོ། །དེ་ཡང་དགེ་སློང་ཉིད་ཡིན་ནའོ། །ཞེས་པའི་དོན། གླེང་གཞི་ནི། དྲུག་སྡེས་དགེ་སློང་རྣམས་ལ་ཕྲ་མ་བྱས་པས་སྤ་གོང་ཞིང་ཞུམ་པས་སྤོང་བ་དང་ཀློག་པར་བཏང་ནས། ཡུན་རིང་པོ་ནས་བསགས་པའི་གཅུགས་པ་ཡང་རྒྱུན་གཅོད་པར་བྱེད་ནས་འཕྱ་བ་དེ་གསོལ་བས། བྱུང་བ་འདི་ལ་བརྟེན་ནས་སེང་གེ་དང་། ཁྱུ་མཆོག་ནུ་མ་གཅིག་ལ་ནུ་བའི་སྤུན། ཝས་ཕྱེ་སྟེ་གཅིག་གིས་གཅིག་བསད་པ་དང་། སེང་གེ་དང་། སྟག་སྔར་བཞིན་ཝས་ཕྱེ་བ་དེ་ཉིད་ཀྱིས་རིག་ནས་ཝ་བསད་པས། ལྷས་ཆེད་དུ་བརྗོད་པ་གསུངས་ནས། དུད་འགྲོ་ལའང་དེ་ལྟར་སེམས་ན་མི་ལྟ་ཅི་སྨོས། ཕྲ་མ་བྱས་ན་ལྟུང་བྱེད་དོ། །ཞེས་བཅས་སོ། །འདིའི་གཞི་སྔར་བཞིན་ཏེ། འོག་མ་ལ་ཡང་ངོ་ཞེས་པས་སོ། །བསམ་པ་ཕྲ་མ་བྱེད་པར་འདོད་པ། སྦྱོར་བ་དགེ་སློང་ཆེ་གེ་མོ་ཁྱོད་ལ་འདི་སྐད་ཟེར་རོ། །ཞེས་ཉོན་མོངས་པ་ཅན་གྱི་ཚིག་དགེ་སློང་གཞན་པ་ལ་སྨྲས་པ། མཐར་ཐུག་དེས་གོ་བ་སྟེ། ཡན་ལག་འདི་ཚང་ན་ཕྲ་མ་བྱེད་པའི་ལྟུང་བྱེད་དུ་འགྱུར་རོ། ༤ །རྩོད་པ་བཞི། ཞི་བྱེད་ཆོག་རྫོགས་སྐྱོ་སྔོགས་བཞི་མིན་ལའོ། །ཤེས་གཙོ་བོ། དགེ་སློང་གཉིས་ཀྱིས་རྩོད་པ་ཉིད་དགེ་འདུན་གྱིས་ལེགས་པར་ཞི་བར་བྱས་པ་ཉིད་ལའོ། །སྐྱོ་སྔོགས་སོ། །ཞེས་པའི་དོན། གླེང་གཞི་ནི། དྲུག་སྡེས། དགེ་འདུན་མཐུན་པས་ཆོས་བཞིན་དུ་རྩོད་པ་བྱས་པ་ཞི་བར་ཤེས་བཞིན་དུ། འདི་ནི་ཤད་ཀྱིས་མ་བྱང་ལེགས་པ་ཤད་ཀྱིས་མ་བྱང་གི །སླར་ཤད་ཀྱིས་སྦྱང་བར་བྱའོ། །ཞེས་སོགས་ལས་ཀྱི་སྐྱོ་སྔོགས་བྱས་ནས་ཡང་ཡང་རྩོད་པར་གྱུར་པས་བྱ་བྱེད་མང་བར་གྱུར་ནས། དོན་ཉུང་ངུ་དག་འཕྱ་བ་དེ་གསོལ་བས། བྱུང་བ་འདི་ལ་བརྟེན་ནས། ལས་ཀྱི་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ། །ཞེས་བཅས་སོ། །འདི་ལ་གཞི་དགེ་སློང་གཉིས་འགྱེད་ཕྱིར་ལ་སོགས་པའི་རྩོད་པ་བཞི་ལས་གང་ཡང་རུང་བས་རྩོད་པ་ཉིད་དགེ་འདུན་གྱི་ལེགས་པར་ཞི་བར་བྱས་པ། རང་ཉིད་རྩོད་པ་དེའི་ཐོག་མ་དབུས་མཐའ་ཤེས་པའི་གཉུག་མར་གནས་པའམ། རྩོད་པ་དེ་ཉེ་བར་ཞི་བར་བྱ་བའི་ཕྱིར་ལས་བྱ་བའི་ལས་བྱེད་པའམ། ལས་དེ་བྱ་བའི་ཕྱིར་འདུན་པ་ཕུལ་བ་གང་རུང་ཡིན་པ། བསམ་པ་ཤེས་བཞིན་དུ་ལས་ཀྱི་སྐྱོ་སྔོགས་བྱེད་པར་འདོད་པ། སྦྱོར་བ་སྔར་རྗེས་སུ་གནང་བ་སྦྱིན་ནས་ཕྱིས་སྐྱོ་སྔོགས་བྱེད་པ་སྟེ། སྐྱོ་སྔོགས་ནི་འགྲེལ་པར། སྐྱོ་སྔོགས་བྱེད་པ་ལ་ཞེས་བྱ་བ་ནི། འཁྲུག་ལོང་བྱེད་པ་སྟེ་ལེགས་པར་བྱེད་པ་ཉིད་མ་ཡིན་ཞིང་། ཆོས་ཀྱི་ཉེ་བར་ཞི་བར་བྱ་བ་ཉིད་མ་ཡིན་ནོ། །ཞེས་གསུངས་སོ། །མཐར་ཐུག་དོན་གོ་བ་སྟེ། ཡན་ལག་འདི་དག་ཚང་ན་སྐྱོ་སྔོགས་བྱེད་པའི་ལྟུང་བྱེད་དུ་འགྱུར་རོ། །བཞི་མིན་གང་ཟག་གི་དབང་དུ་བྱས་པ། དགེ་འདུན་གྱི་དབུས་སུ་ཞུ་བའི་ཚེ། འདི་ལྟར་ཡིན་མིན་ཞེས་ལྟ་བར་སྨྲ་བ་ནི་རྣལ་དུ་མ་ཕེབས་པ་དང་། རྒྱུས་མི་ཤེས་པ་གློ་བུར་བས་སྐྱོ་སྔོགས་བྱེད་པ་ཉེས་བྱས་དང་། འདུ་ཤེས་ཀྱི་དབང་དུ་བྱས་པ། འགྱེད་ཕྱིར་རྩོད་པ་ལ། ལྟུང་ཕྱིར་རྩོད་པ་ཉིད་དུ་འདུ་ཤེས་པ་འདི། ན་སྨད་པ་མེད་པར་ལྟུང་བྱེད་དུ་འགྱུར་བ་ཞིག་ཡོད་དེ་རྩོད་པ་ཙམ་ལ་སྐྱོ་སྔོགས་བྱ་བསམ་པའོ། །འདི་ནི་འགྲེལ་པར། འདིར་རྩོད་པ་ཙམ་ནི་ཚད་མ་ཡིན་གྱི། རྩོད་པའི་བྱེ་བྲག་ནི་ཚད་མ་མ་ཡིན་ནོ། །ཞེས་གསུངས་པ་ཡིན་ལ། འགྱེད་ཕྱིར་རྩོད་པ་ཁོ་ན་ལ་སྐྱོ་སྔོགས་བྱའོ་སྙམ་ནས། ལྟུང་ཕྱིར་རྩོད་པ་ལྟ་བུ་ལ་བྱས་པ་ནི་ཉེས་བྱས་སུ་འགྱུར་ཏེ། ཤེས་གཙོ་བོ་ཞེས་གསུངས་པའི་ཕྱིར་རོ། །འདུན་པ་ཕུལ་ནས་ཤད་ཀྱིས་མ་བྱང་བ་ལ་བྱང་བར་བྱས་སམ། འོན་ཏེ་མ་བྱས་སྙམ་དུ་སྐྱོ་སྔོགས་བྱེད་པ་དང་ཡང་རྫོགས་ཏེ་ཤད་ཀྱིས་བྱང་བ་ལ་མ་བྱང་བར་འདུ་ཤེས་པས་བྱས་པ་དང་། འབྲས་བུའི་དབང་དུ་བྱས་པ། ཆོས་མ་ཡིན་པའི་ཕྱོགས་སུ་ཞི་བར་བྱས་པ་ལ་སྐྱོ་སྔོགས་བྱས་པ་དང་། ཡུལ་གྱི་དབང་དུ་བྱས་པ་གསོལ་བ་ལ་སོགས་པའི་རང་བཞིན་གྱི་ལས་ཀྱི་འབྲས་བུར་བརྗོད་པ་བསླབས་པ་དང་། དེ་ལ་གནས་པ་བསླབ་སྦྱིན་ཏེ། དེ་ལ་ཁྱོད་བསླབ་པ་སྦྱིན་པ་མ་ཡིན་ནོ། །ཞེས་སྐྱོ་སྔོགས་ཀྱི་ཀུན་ཏུ་སྤྱོད་པ་རྣམས་ནི་ཉེས་བྱས་སུ་འགྱུར་རོ། ༥ །གྲོགས་མེད་བུད་མེད་ལ་ལྔ་དྲུག་བརྩམས་ལྷག །སྟོན་ན་དྲུག་མི་ལའོ། །སྟོན་པ་ལའོ། །ཆོས་སོ། །ཚིག་དྲུག་ལས་ལྷག་པར་རོ། །ལྷག་པ་ཉིད་དུ་ཤེས་པ་ལའོ། །ཞེས་པའི་དོན། གླེང་གཞི་ནི། འཆར་ཀས་མཉན་ཡོད་དུ། བུད་མེད་ལ་ཤ་མཚན་བརྟག་པའི་རིག་པས་ལུང་བསྟན་པ་ན། དེ་དག་ཕན་ཚུན་སྐུ་མཉེ་བྱེད་པ་ན་བསྟན་པ་བཞིན་མཐོང་ནས་འཐབ་ཅིང་། དེ་དག་གིས་དགེ་སློང་རྣམས་ལ་འཆར་ཀ་ཅི་འདྲ། དགེ་སློང་ཚུལ་ཁྲིམས་དང་ལྡན་པའོ། །འོ་ན་བུད་མེད་ཀྱི་གསང་བའི་མཚན་མ་ཇི་ལྟར་ཤེས། སྲིང་མོ་དག་དེས་ཤ་མཚན་བརྟག་པའི་རིག་པ་ཤེས་པས་སོ། །ཇི་ཙམ་ཤེས་པ་ཐམས་ཅད་བསྟན་པར་བགྱིའམ། ཞེས་པ་དེ་གསོལ་བས། བུད་མེད་ལ་ཆོས་མི་བསྟན་ནོ། །དགེ་སློང་དག་བསོད་སྙོམས་ལ་ཕྱིན་པ་ན་ཆོས་བསྟན་དུ་གསོལ། མ་གནང་ངོ་། །འོ་ན་བསོད་སྙོམས་མི་འབུལ་ལོ། །གསོལ་བས། ཚིག་ལྔ་བསྟན་ནོ། །གཟུགས་མི་རྟག་པའོ་ཞེས་སོགས་སོ། ད་རུང་སྟོན་ཅིག མ་གནང་ངོ་། །ལེགས་ཀྱི་བསོད་སྙོམས་ཅུང་ཞིག་འབུལ་ལོ། །གསོལ་བས། ཚིག་དྲུག་བསྟན་ནོ། །མིག་མི་རྟག་ཅེས་སོགས། དེས་ཉུང་ངུ་འབུལ་ལོ། །གསོལ་པས། སྐྱེས་པ་བཞག་སྟེ་ཇི་ལྟར་འདོད་པ་བསྟན་པར་བྱའོ། །ཆོས་བསྟན་དུ་གསོལ། སྐྱེས་པ་ཁྲིད་དེ་ཤོག ཅི་བགྱི། སྟོན་པས་སྐྱེས་པ་བཞག་སྟེ་ཅི་འདོད་པ་བསྟན་པ་གནང་ངོ་། །དེ་ནི་ལེགས་ཏེ་བདག་ཅག་ཀྱང་སྦས་པར་འགྱུར་ལ། འཕགས་པ་དག་ཀྱང་མི་བསྙེངས་པར་འགྱུར་རོ། །སྐྱེས་པ་བཞག་ནས་ཅི་འདོད་པར་ཆོས་བསྟན་ནོ། །དྲུག་སྡེ་དག་སྲིང་མོ་ཆོས་བསྟན་པར་བྱའོ། །སྐྱེས་པ་འགའ་ཞིག་ཁྲིད་ཀྱིས་གཞེས་ཤིག ཁྱི་དང་སྤྲེའུ་དང་ནེའུ་ལེ་ཆུང་ངུ་ལས་གཞན་པའི་སྐྱེས་པ་ཅི་དགོས་ཟེར་ནས་ཆོས་བསྟན་ནོ། །ཕྱིས་གནས་བརྟན་དག་གིས་སྐྱེས་པ་ཁྲིད་ཤོག་བྱས་པ་དང་། ཁྱི་ལ་སོགས་པ་བདོག་གི དེ་འདྲ་ལ་སུ་སྟོན། དྲུག་སྡེའོ། །དེ་གསོལ་བས། བུད་མེད་ལ་ཚིག་ལྔའམ་དྲུག་གིས་བསྟན་ནོ། །དྲུག་སྡེ་དག ཚིག་ལྔར་རུང་ན་དྲུག་ཀྱང་རུང་། དྲུག་ཏུ་རུང་ན་བདུན་ཡང་རུང་ཟེར། ཚིག་དྲུག་པ་དང་བདུན་པས་ཀུན་དོང་ཟོས་སམ། ཆང་འཐུངས་སམ་ཟེར་བའི་སྐབས་དེ་གསོལ་བས། བྱུང་བ་འདི་ལས་བཅས་སོ། །འདི་ལ་གཞི་རིག་པ་དང་ལྡན་པའི་ཁྱིམ་པ་མོ་བསྟེན་དུ་རུང་བ་ལ། བསམ་པ་ཆོས་ཚིག་ལྔའམ་དྲུག་གང་རུང་ལས་ལྷག་པ་སྟོན་པར་འདོད་པ། སྦྱོར་བ་བསྟན་པ་གང་ལ་ཚིག་ལྔ་ཡོད་པ་ནི། ས་ག་ལྷས། མཐར་དག་གཟུགས་ནི་མི་རྟག་ཅིང་། །དེ་བཞིན་ཚོར་དང་འདུ་ཤེས་དང་། །འདུ་བྱེད་དང་ནི་རྣམ་པར་ཤེས། །མཁས་པས་ཚིག་ལྔར་ངེས་རྟོགས་བྱ། །ཞེས་པས། དེ་ལྟ་བུ་བརྩམས་ནས་ཚིག་ལྔ་ལས་ལྷག་པར་བསྟན་པའམ། ཚིག་གཅིག་ལ་སོགས་པའི་རྩོམ་པ་གཞན་ལྔ་ནི་ཚིག་དྲུག་ལས་ལྷག་པར་སྟོན་པ་སྟེ། ཚིག་དྲུག་ནི། མིག་དང་རྣ་བ་སྣ་དང་ལྕེ། །ལུས་དང་ཡིད་ཀྱང་མི་རྟག་ཅེས། །ཚིག་དྲུག་བརྗོད་པ་འདི་ཡིན་པར། །མཁས་པ་རྣམས་ཀྱིས་གསུངས་པ་ཡིན། །ཞེས་སོ། །འགྲེལ་པར། འདིར་ཚིག་ཅེས་བྱ་བ་ནི། སྨྲ་བར་འདོད་པ་གཅིག་གོ་བར་བྱེད་པའི་ཚིག་ལ་བྱ་སྟེ། དཔེར་ན་སྨྲ་བར་འདོད་པའི་དབང་གིས་མི་རྟག་པ་བྱེ་བྲག་དང་བཅས་པ་ནི། ཚིག་གཅིག་ཅེས་བྱ་བ་ལྟ་བུའོ། །གཟུགས་ཙམ་རྗེས་སུ་བཤད་པ་སྨྲ་བར་འདོད་པ་ལ་ཕུང་པོ་ནི་ལྔ་སྟེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའོ། །ཞེས་བྱ་བ་ནི་ཐ་དད་པ་ཉིད་དོ། །མདོར་བསྟན་པ་ལ་རྒྱས་པར་བཤད་པ་གཙོ་བ་ཡིན་པའི་ཕྱིར། མདོར་བསྟན་པ་དེ་རྒྱས་པར་བཤད་པ་ལས་ཐ་མི་དད་དེ། དཔེར་ན་ཕུང་པོ་ནི་ལྔ་སྟེ། ཞེས་བྱ་བ་དེ་རྒྱས་པར་བཤད་པ་ལས་ཐ་མི་དད་པ་ལྟ་བུའོ། །ཞེས་གསུངས་སོ། །དམིགས་ཀྱིས་བསལ་བ། བུད་མེད་མཁས་པས་གོང་ནས་གོང་དུ་དྲིས་པ་གཏན་ལ་དབབ་པར་བྱ་བ་དང་། སྟོན་པ་འདོན་དུ་འཇུག་པའི་བུན་དུ་ཕྱིན་ནས་ཕྱིར་ཟློས་ཤིང་འཆད་པའི་སློབ་གཉེར་སློབ་པ་དང་། སྔར་བསྟན་པ་མི་བརྗོད་པར་བྱ་བའི་ཕྱིར་སྦྱོང་བའི་ཁ་ཏོན་ཞུ་བ་དང་། སྐབས་སྐབས་སུ་བརྗོད་པའི་ཐེ་ཚོམ་ཟ་བ་བཅད་པའི་ཕྱིར་དམིགས་ཀྱིས་དྲི་བ་དང་། དུས་ཁྲིམས་དཔོག་པ་དང་། ཡོན་བཤད་ཅིང་བསྔོ་བ་ལ་ནི་ལྷག་ཀྱང་ལྟུང་བ་མེད་པས་དྲུག་པོ་དེ་དག་མ་ཡིན་པ་མཐར་ཐུག་བརྩམས་པའི་གནས་དེ་ཉིད་དུ་ལྷག་པར་ཤེས་ཀྱི་བར་བསྟན་པ་སྟེ། ཡན་ལག་འདི་ཚང་ན་སྟོན་པའི་ལྟུང་བྱེད་དུ་འགྱུར་རོ། ༦ །ཉན་སློབ་མིན། མ་རྫོགས་ཅིག་ཅར་འདོད་སྟོན། བསྙེན་པར་མ་རྫོགས་པ་དང་ཅིག་ཅར་རམ་འཇུག་ཐོགས་སུ་སྟོན་བྱེད་དུ་གྱུར་པའི་ཆོས་དང་ཡི་གེ་ཡང་འདོན་ནའོ། །ཞེས་པའི་དོན། གླེང་གཞི་ནི། དྲུག་སྡེ་དག་བསྙེན་པར་མ་རྫོགས་པ་དང་། ཚིག་གིས་ཆོས་འདོན་པའི་སྒྲ་ཆེན་པོ་བྲམ་ཟེ་གསང་ཚིག་འདོན་པ་ལྟ་བུའམ། རྩིས་མཁན་རྩིས་ཀྱི་གནས་རྣམས་སྨྲ་བ་ལྟ་བུ་གྲག་པ་སྟོན་པས་གསན་ཏེ། ཀུན་དགའ་བོ་ལ་རྨེད་པས། གསོལ་ཏེ་བྱུང་བ་འདི་ལས་བཅས་སོ། །འདི་ལ་གཞི་རང་ལ་བལྟོས་ཏེ་བསྙེན་པར་མ་རྫོགས་པ་སྟེ། དགེ་ཚུལ་ལ་སོགས་པ་གཞན་ལྟ་ཞོག ཞུ་བ་ཁ་ཅིག་ལས། བསླབ་པ་སྦྱིན་པ་དང་ལྷན་ཅིག་འདོན་པ་ཉེས་བྱས་སུ་གསུངས་པའི་ཕྱིར་རོ། །ཉན་པ་རང་ལ་སློབ་པར་འདོད་པའི་བསམ་པ་དང་། ཁྱོད་ཀྱིས་ཁོའི་སྔར་རམ་ཕྱིས་བརྗོད་པར་བྱའོ། །ཞེས་བསྒོ་ནས་སམ། གཞན་ཡང་མི་འདོད་བཞིན་དུ་ཅིག་ཅར་འདོན་པ་ལ་ནི་ལྟུང་བ་མེད་དོ། །རང་བསྙེན་པར་མ་རྫོགས་པའི་སློབ་དཔོན་ལ་སློབ་ན་ཉེས་བྱས་ཙམ་དུ་འགྱུར་བའི་ཕྱིར་དེ་ལྟ་བུ་གཉིས་མ་ཡིན་པ། བསམ་པ་ལྷན་ཅིག་བརྗོད་པར་འདོད་པ། སྦྱོར་བ་ཅིག་ཅར་རམ་མ་རྫོགས་པར་སྟོན་པའི་མཇུག་ཐོགས་སུ་ལུང་གི་དོན་ཉན་པ་པོའི་རྒྱུད་ལ་སྟོན་པར་བྱེད་པས་སྟོན་བྱེད་དུ་གྱུར་པའི་འདི་པ་དག་གི་ཆོས་དང་། ཡི་གེ་གང་རུང་འདོན་པ། མཐར་ཐུག་སྟོན་གྲུབ་པ་སྟེ། ཡན་ལག་འདི་ཚང་ན་འདོན་པའི་ལྟུང་བྱེད་དུ་འགྱུར་རོ། ༧ །མ་གནང་བར། གནས་ངན་ལེན་ལྟུང་མ་རྫོགས་པར་བརྗོད་དོ། །ཤེས་གཙོ་བོ། ཉན་པ་པོ་མི་ཤེས་པ་ཉིད་དང་བསྙེན་པར་མ་རྫོགས་པ་ཉིད་དག་དང་ལྡན་པ་ལའོ། །སྨྲ་ནའོ། །ཕམ་པར་གྱུར་པ་དང་། དགེ་འདུན་ལྷག་མ་དག་སོ་སོར་ཡང་རུང་བསྡུས་པར་ཡང་རུང་ངོ་། །ཞེས་པའི་དོན། གླེང་གཞི་ནི། མཉན་ཡོད་དུ་དགེ་སློང་སྤོ་མགུ་སྤྱོད་པས་དགེ་འདུན་ལ་ཆུ་འདྲེན་པ་ཁྱིམ་པས་མཐོང་ནས་བརྟགས་ནས་བསྡུས་ཏེ། གནས་བརྟན་རྣམས་དགེ་འདུན་ལ་ཆུ་འདྲེན་ཅིང་བསོད་ནམས་གསོག་ལ། དྲུག་སྡེ་ཆེན་པོ་ཟ་ཞིང་འཁོད་དོ། །དེ་དྲུག་སྡེས་ཐོས་ནས་དེ་ཆོས་བཟང་བ་ཡིན་ནམ་སྙམ་མམ། ལག་པས་བྱ་བ་མ་ཡིན་པ་བྱས་པའི་ཆད་ལས་སོ། །གནས་བརྟན་ཡང་དེ་འདྲ་ན་གཞན་ཅི་འདྲ་ཞེས་སྨོད་དོ། །སྤོ་བ་བྱེད་པ་དག་མཆོད་པ་ལ་ལྕི་བ་འཇམ་པོས་བྱུག་པ་བྱེད་པའི་ཚེ། དྲུག་སྡེས། ཁྱེད་ཀྱི་མཁན་སློབ་གར་སོང་། བསོད་ནམས་བྱེད་དུ་སོང་གི ཁྱེད་ཀྱང་གྱིས་ཤིག སྔར་བཞིན་བྱས་སོ། །ཕྱིས་དེ་དག་ལ་འདི་དང་འདི་གྱིས་ཤིག ཅིའི་ཕྱིར་ཁྱེད་རང་མི་བྱེད། བྱར་མི་རུང་ངོ་། །ཅི་བྱར་རུང་ན་ཅིའི་ཕྱིར་བྱར་མི་རུང་། དེའང་ཡོད་མོད་ཀྱི་ཕྱིར་བཅོས་བྱས་ཟིན་ཏོ། །ཁྱེད་ལ་སུས་སྨྲས། དྲུག་སྡེས་སོ། །དོན་ཉུང་ངུ་དག་འཕྱ་བའི་སྐབས་དེ་གསོལ་བས། དེ་ལ་ལན་འདི་ལྟར་ཐོབ་ཅིག གང་ལ་ཉེས་པ་མེད་པ་ཡིན། །སྐྱོན་མི་བྱེད་པའི་མི་གང་ཡིན། །སུ་ཞིག་ཀུན་ཏུ་རྨོངས་མི་འགྱུར། །སུ་ཞིག་རྟག་ཏུ་བརྟན་པར་གསུངས། །ཡང་དག་མཁྱེན་པས་རྣམ་གྲོལ་བ། རྫོགས་པའི་སངས་རྒྱས་རབ་མཁྱེན་པ། །དེ་ལ་ཉེས་པ་མེད་པ་ཡིན། །སྐྱོན་མི་བྱེད་པའི་མི་དེ་ཡིན། །དེ་ནི་རྟག་ཏུ་རྨོངས་མི་འགྱུར། །དེ་ནི་རྟག་ཏུ་བརྟན་པར་གསུངས། །ཞེས་གསུངས་ནས་བྱུང་བ་འདི་ལས་བཅས་སོ། །གཞི་བསྙེན་པར་མ་རྫོགས་པ་ཕམ་ལྷག་གི་ལྟུང་བར་གྱུར་པ་མི་ཤེས་པ་ལ། བསམ་པ་ལྟུང་བ་འབྱིན་པར་བྱེད་པར་ཤེས་ནས། དེའི་ལྟུང་བ་གླེང་བར་འདུན་པ། སྦྱོར་བ་དགེ་འདུན་གྱིས་མ་གནང་བ། དགེ་སློང་དེ་ལ་བྱུང་བའི་ཕམ་པའམ། ལྷག་མ་གང་ཡང་རུང་བ་དག་སྨྲ་བའམ། གཉིས་ཀ་བསྡུས་ནས་སྨྲ་བས་ཀྱང་རུང་ངོ་། །ཕྱི་མ་དེ་ལ་ལྟུང་བ་ནི་གཅིག་ཏུ་འགྱུར་ཏེ། དོན་དུ་མ་ཉིད་ལ་ཚིག་ཐ་དད་པ་མེད་དོ། །ཞེས་པས་སོ། །མཐར་ཐུག་ཕ་རོལ་གྱིས་དོན་གོ་བ་སྟེ། ཡན་ལག་འདི་ཚང་ན་གནས་ངན་ལེན་བརྗོད་པའི་ལྟུང་བྱེད་དུ་འགྱུར་རོ། །དགེ་འདུན་གྱིས་གནང་བ་འདི་ལྟ་སྟེ། སྔོན་མཉན་ཡོད་ན་དགེ་སློང་འཕྲལ་བ་དང་། དགེ་སློང་མ་གསལ་བ་ཞེས་པ་གཉིས་སྐྱེ་བོ་ཕལ་མོ་ཆེས་མ་དད་པར་རིག་པར་འགྱུར་བ་ཁྱིམ་དུ་སྤྱོད་པའི་སྐབས་དེ་གསོལ་བས། ཆོས་ལྔ་ལྡན་གྱི་དགེ་སློང་། གསོལ་གཉིས་ཀྱི་ལས་ཀྱིས་དགེ་སློང་དང་། དགེ་སློང་མ་སྡིག་ཅན་དག་ཁྱིམ་དུ་སོ་སོར་གོ་བར་བྱེད་པ་བསྐོ་བར་བྱའོ། །བསྐོས་པ་དེའི་ཀུན་ཏུ་སྤྱོད་པ་ནི། ཁྱིམ་རྣམས་སུ་ཕྱིན་ནས་འདི་སྐད་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དག་ཁྱེད་ཉོན་ཅིག ཁྱིམ་རྣམས་སུ་ཁྱིམ་སུན་འབྱིན་པ་ཞེས་པ་ནས། ལྟོས་ཤིག་ཅེས་པའི་བར་གྱིས་སྨྲ་བར་བྱའོ། །བསྐོས་པ་དེས་གོ་བར་བྱེད་དུ་སོང་བ་དགེ་སློང་འཕྲལ་བས་ཐོས་ནས་སྡིག་པས་སྐྲག་སྟེ་གསོལ་པས། གཏི་མུག་ཅན་དེས་གང་ཟག་ཁྱད་དུ་གསོད་ནུས་ཀྱི། དགེ་འདུན་མི་ནུས་པས། དགེ་འདུན་གྱིས་རིག་པའི་ཕྱིར་གསོལ་བ་འབའ་ཞིག་པའི་ལས་བྱའོ། །ལས་བྱས་ནས་རིག་མ་རིག་ཐམས་ཅད་ཀྱི་ཁྱིམ་དུ་གོ་བར་བྱས་པས། དེ་གཉིས་བསོད་སྙོམས་ཀྱིས་འཕོངས་ནས་མ་རིག་པའི་ཁྱིམ་དུ་མི་བྱའོ། །དེ་ལྟར་དྲིལ་བསྒྲགས་པ་ལ་ལྟུང་བ་མེད། ངོས་ལས་རི་མོར་བྲིས་པ་ཕན་ཆད་ལས་ལྟུང་བྱེད་དུ་མི་འགྱུར་རོ། ༨ །འཕགས་མིན་མ་རྫོགས་པ་ལ་བདེན་ཉིད་ཀྱི། །མི་ཆོས་བླ་མ་བརྗོད་པའོ་རྫུ་འཕྲུལ་ཡང་། །བདེན་པ་ཉིད་ནའོ། །བདེན་པ་མ་མཐོང་བ་བསྙེན་པར་མ་རྫོགས་པ་ལའོ། །ཞེས་པའི་དོན། གླེང་གཞི་ནི། ཕམ་པ་བཞི་པའི་གླེང་གཞིར་གྱུར་པའི་ཉ་པ་ལས་རབ་ཏུ་བྱུང་བ་ལྔ་བརྒྱ་པོས། མིའི་ཆོས་བླ་མ་ཐོབ་ནས་སྔར་བརྫུན་སྨྲས་པས་བསོད་སྙོམས་ཐོབ་ཀྱི། བདེན་པར་སྨྲའོ་སྙམ་ནས་བདེན་པ་སྨྲས། བསོད་སྙོམས་བསོད་པ་ཐོབ་ནས་ལུས་རྒྱས་པར་འགྱུར་རོ། །གཞན་ཐམས་ཅད་སྔར་དང་འདྲའོ། །དེ་གསོལ་པས། བྱུང་བ་འདི་ལས་བཅས་སོ། །གཞི་བདེན་པ་མ་མཐོང་བའི་གང་ཟག་བསྙེན་པར་མ་རྫོགས་པ་དེ་ལ། བསམ་པ་འདུ་ཤེས་མ་བསྒྱུར་བར། སྦྱོར་བ་བདག་ཉིད་ཀྱི་ཡུལ་ལ་མི་ཆོས་བླ་མ་དང་ལྡན་པ་བདེན་པ་ཉིད་སྨྲས་པ། མཐར་ཐུག་དེས་གོ་བ་སྟེ། ཡན་ལག་འདི་ཚང་ན་མི་ཆོས་བླ་མ་བརྗོད་པའི་ལྟུང་བྱེད་དུ་འགྱུར་རོ། །རྫུ་འཕྲུལ་ཡང་། མེ་སྐྱེས་ཀྱིས་ཙན་དན་ས་མཆོག་གི་ལྷུང་བཟེད་རིན་པོ་ཆེས་གང་བ་ཞིག་ཤིང་རིང་པོའི་རྩེ་མོ་ལ་བཏགས་ནས། འདི་སྐས་དང་། ཡ་གད་དང་། སྐྱོ་ཐང་གི་དགེ་སྦྱོང་ངམ་བྲམ་ཟེ་རྫུ་འཕྲུལ་ཆེ་བས་ཅི་བདེར་ཁྱེར་ཅིག་ཅེས་དྲིལ་བསྒྲགས་པས། མུ་སྟེགས་ཀྱིས་མཐོང་ནས། ཁྱོད་དགེ་སྦྱོང་ལ་དད་པས་དེས་ལེན་ནོ་ཟེར། གནས་བརྟན་གྱིས་དྲིས་པས་དེ་བཤད་པ་དང་། སྟོན་པས་ཡོན་ཏན་བཅབ་སྟེ་སྦེད་པར་བྱེད་དོ། །ཞེས་ལྷུང་བཟེད་ཙམ་གྱི་ཆེད་ལ་བདག་ཉིད་བསྟན་ནོ། །ཞེས་ཟེར་རོ། །འོད་སྲུང་སྟོབས་བཅུ་པས་མཐོང་ནས་དྲིས་པས། བཤད་པ་དང་བདག་ཐོག་མ་མེད་པ་ནས་བསགས་པའི་ཉོན་མོངས་པ་སྤངས་ཤིང་བོར་བ་དང་། མུ་སྟེགས་བྱེད་རྫུ་འཕྲུལ་བསྒྲིན་པར་བྱེད་ཀྱི། དེའི་ཡིད་མགུ་བར་བྱའོ་སྙམ་སྟེ། ལག་པ་གླང་པོ་ཆེའི་སྣ་ལྟ་བུས་བླངས་ནས་ཁྱེར་ནས་སོང་ངོ་། །དགེ་སློང་གིས་འདི་ག་ལས་རྙེད། འདི་ལས་སོ། །ལྷུང་བཟེད་ཙམ་གྱི་ཆེད་དུ་ཁྱིམ་པའི་འདུན་དུ་རྫུ་འཕྲུལ་བསྟན་དུ་རུང་ངམ། རུང་ཡང་བླ་མི་རུང་ཡང་བླ་སྟེ་བྱས་ཟིན་ནོ། །ཞེས་པའི་སྐབས་དེ་གསོལ་བས། འདུལ་བའི་བསམ་པས་མ་ཡིན་པར་ཁྱིམ་པའི་མདུན་དུ་རྫུ་འཕྲུལ་རྣམ་པར་བསྟན་པར་མི་བྱའོ། །ཞེས་བཅས། སྟོན་པ་ལྷ་ལས་བབས་པའི་ཚེ། དགེ་སློང་མ་ཨུཏྤ་ལའི་མདོག་འཁོར་ལོས་སྒྱུར་བའི་རྣམ་པའི་རྫུ་འཕྲུལ་གྱིས་སྟོན་པའི་སྤྱན་སྔར་འོངས་པ་ན། དགེ་སློང་མས་སྟོན་པའི་སྤྱན་སྔར་མི་བྱའོ། །ཞེས་བཅས་སོ། ༩ །རུང་བར་བྱས་ལ་བཤེས་ངོར་དགེ་འདུན་རྫས། །གང་ཟག་ལ་སྦྱིན་ཟེར་ནའོ། །གལ་ཏེ་བརྟན་པ་ཉིད་དུ་དགོས་ན་གསོལ་བ་སྔར་བཏང་བའི་དོན་བྱའོ། །དད་པས་ཕུལ་བ་ལའོ། །ཞེས་པ་ལ་སོགས་པའི་དོན། གླེང་གཞི་ནི། སྟོན་པ་འོད་མའི་ཚལ་ན་བཞུགས་པའི་ཚེ། གྱད་བུའི་ནོར་གནས་མལ་དང་ཟས་ལ་བསྐོས་པས་ཆོས་དང་ལྡན་པའི་ཞལ་ཏ་བྱེད་དོ། །ཡོ་བྱད་ཐམས་ཅད་དཀོན་མཆོག་གསུམ་ལ་ཕུལ་བས། ཆོས་གོས་གསུམ་ངན་ཅིང་སྣམ་སྦྱར་བརྙིངས་ནས་དགེ་སློབ་རྣམས་ཀྱི་དགེ་འདུན་གྱི་རས་ཡུག་ཆེན་གཅིག་རྙེད་ནས་འདི་ལ་སྦྱིན་པར་བྱའོ། །ཞེས་བགྲོས་ནས་སྟོན་པ་ལ་གསོལ་པས། གསོལ་བའི་ལས་གྱིས་ལ་བྱིན་ཅིག མིག་གཡོ་བར་འགྱུར་རོ། །ལས་བྱས་ཏེ་བྱིན་པ་དང་། དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་དགེ་སློང་གི་མདུན་ན་དགེ་འདུན་གྱི་རྙེད་པ་རྙེད་དོ་ཅོག་གཅིག་གིས་གང་ཟག་ལ་བསྔོ་ན་དགེ་འདུན་གྱིས་རྙེད་པ་གྲུབ་པར་ག་ལ་འགྱུར་ཟེར་བ། ཁྱེད་གཉིས་ལས་ལ་མ་འདུས་སམ། འདུས་སོ། །འོ་ན་ཅིའི་ཕྱིར་སྨོད། ངེད་གཉིས་འདུར་ཡང་མི་གནང་ངམ་ཟེར་བ་དེ་གསོལ་བས་བྱུང་བ་འདི་ལས་བཅས་སོ། །གཞི་སྤྱིར་འདུལ་བར་གཏོགས་པའི་བྱ་བ་ཐམས་ཅད་ལ་བརྟན་པ་དེ་ཉིད་དུ་དགོས་པ་ཡོད་ན། དེའི་ཚེ་གསོལ་བ་སྔོན་ཏུ་བཏང་བའི་དོན་གྱི་ལས་བྱ་བར་གསུངས་པ་ལྟར། འདིར་དགེ་སློང་ཆོས་གོས་གསུམ་ངན་ཅིང་། སྣམ་སྦྱར་ཡང་ཡོངས་སུ་བརྙིངས་པ་ལ། དགེ་འདུན་གྱི་གསོལ་བ་འབའ་ཞིག་པའི་ལས་ཀྱིས་ཆོས་གོས་ཀྱི་རྒྱུ་བྱིན་ལ། དེ་ལ་རང་གིས་བློ་མཐུན་པར་བྱས་པ་དེ་ནི་དད་པ་ཕུལ་བ་སྟེ། སྔར་ལེགས་པར་རུང་བ་བྱས་པ་ཞེས་བྱའོ། །བསམ་པ་དེ་ལ་སྐུར་པ་འདེབས་པར་འདོད་པའོ། །སྦྱོར་བ་དེའི་འོག་ཏུ་ཚེ་དང་ལྡན་པ་དག་གིས། འདི་ལྟར་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་གོས་ཀྱི་རྙེད་པ་བསྔོས་པ་དག་གི་གང་ཟག་ལ་བསྔོས་སོ་ཞེས་ཟེར་རམ། དགེ་འདུན་གྱིས་ཞེས་གང་རུང་སྨྲས་པ། མཐར་ཐུག་དོན་གོ་བ་སྟེ། ཡན་ལག་འདི་ཚང་ན་སྐུར་འདེབས་ཀྱི་ལྟུང་བྱེད་དུ་འགྱུར་རོ། །གཅིག་ལ། བརྗོད་ན། དེ་འབའ་ཞིག་ཏུ་མ་ཟད་ཀྱི། ཉན་པ་པོ་གཞན་ལ་ཡང་བཏབ་པར་འགྱུར་ལ། དགེ་འདུན་ཞེས་དགེ་སློང་མང་པོ་དག་ལ་མཉམ་དུ་བརྗོད་ན། དགེ་སློང་ཇི་སྙེད་ལ་སྐུར་པ་འདེབས་པར་བྱེད་པ་དེ་སྙེད་ཀྱི་ལྟུང་བྱེད་དུ་འགྱུར་རོ། ༡༠ །འདོད་པས་བསླབ། ཕྲ་བ་ཁྱད་གསོད་འདུལ་ལའོ། །འདུལ་བ་དང་ལྡན་པ་ཉིད་དོ། །ཞེས་པའི་དོན་ཏེ། གླེང་གཞི་ནི། མཉན་ཡོད་དུ་དགེ་སློང་རྣམས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོ་ཐར་པའི་མདོ་འདོན་པ་ན། དྲུག་སྡེ་དག་ཕམ་པ་འདོན་པའི་ཚེ་ན་ཅིའང་མི་སྨྲའོ། །ལྷག་མ་འདོན་པ་ན། ཚེ་དང་ལྡན་པ་དག་གཞི་ངེས་པ་དང་། གང་ཟག་ངེས་པ་ཤེས་པ་ཡོད་བཞིན་དུ། ཅིའི་ཕྱིར་རྨ་གསོས་པ་དག་འདྲལ་བར་བྱེད། དགེ་སློང་རྣམས་འགྱོད་ཅིང་ཡིད་ལ་གཅགས་པར་འགྱུར་པའི་བསླབ་གཞི་ཕྲན་ཚེགས་བཏོན་ནས་ཅི་བྱ་ཟེར་རོ། །དེ་བཞིན་དུ་མ་ངེས་པ་ནས་རྩོད་པ་ཞི་བྱེད་ཀྱི་ཆོས་འདོན་པའི་ཚེའང་ཟེར་ནས། དགེ་སློང་དག་གིས་སྨྲས་པ། ཁྱེད་ཀྱི་ཕྱིར་བདག་ཅག་ཟླ་བ་ཕྱེད་ཕྱེད་ན་སོ་སོ་ཐར་པའི་མདོ་འདོན་པ་མིན་གྱི། སྟོན་པའི་བཀས་འདོན་ནོ། ཁྱེད་ཅག་སྡུག་བསྔལ་དང་ཡིད་མི་བདེ་བ་སྐྱེས་ན་ཅིའི་ཕྱིར་ལྷག་པར་སྤྱོད་ཟེར་ནས་འཕྱ་བའི་སྐབས་དེ་གསོལ་བས་བཅས་སོ། །གཞི་དགེ་སློང་ཟླ་བ་ཕྱེད་ན་སོ་སོ་ཐར་པའི་མདོ་འདོན་པ་འདོན་ན། བསླབ་པ་ཁྱད་དུ་བསད་ནས་ཞེས་གསུངས་པ་ནི་འདུལ་བ་ལྷག་མ་རྣམས་མཚོན་པའི་དཔེ་ཙམ་སྟེ། དེའི་ཕྱིར་སོ་སོ་ཐར་པ་དང་། དེ་རྣམ་པར་འབྱེད་པ་ལ་སོགས་པར་གཏོགས་པའི་འདུལ་བའི་ཚིག་ལ། བསམ་པ་ཁྱད་དུ་གསོད་པར་འདོད་པ། སྦྱོར་བ་བརྙས་ཐབས་སུ་གྱུར་བའི་ཚིག་བརྗོད་པ་སྟེ། བརྙས་ཐབས་ཀྱི་ཚིག་ཇི་སྙེད་པའི་གྲངས་ཀྱི་ལྟུང་བར་འགྱུར་རོ། །མཐར་ཐུག་བརྗོད་ཟིན་པ་སྟེ། ཡན་ལག་འདི་ཚང་ན་ཁྱད་དུ་གསོད་པའི་ལྟུང་བྱེད་དུ་འགྱུར་རོ། །འགྲེལ་པར། མདོ་སྡེར་གཏོགས་པའི་བརྗོད་པ་གཞན་ལ་ཁྱད་དུ་གསོད་ན་ཉེས་བྱས་སོ། །ཆོས་མངོན་པ་ནི་འདུལ་བ་དང་མདོ་སྡེ་དག་ལས་ཐ་དད་པ་མ་ཡིན་ཏེ། འདི་ལྟར་དགེ་སློང་གི་སྡོམ་པ་ལ་སོགས་པར་འདུལ་བ་ལས་གསུངས་པ་དེ་ཡང་རྣམ་པར་དཔྱོད་པར་བྱེད་ལ། མདོ་སྡེའི་དོན་དང་། མདོ་སྡེའི་བརྡར་ལྟ་བུ་དང་། མདོ་སྡེ་རྣམ་པར་འཆད་པ་ཡང་ཆོས་མངོན་པ་ཡིན་པའི་ཕྱིར་རོ། །ཞེས་སོ། ༡༡ །ཉམས་བྱེད་བློས། །ས་བོན་ལྔ་སྐྱེས་མི་གཏོང་འཇོམས་པ་ལའོ། །ཤེས་གཙོ་བོ། མ་ཉམས་ཉིད་ལའོ། །ས་བོན་དང་ཁྱེའུ་ཁ་འཐོན་པ་རུང་བར་མ་བྱས་པ་དག་ལའོ། །ཞེས་གསུངས་པའི་དོན། གླེང་གཞི་ནི། སྔོན་ཤིང་མཁན་རྒན་ཞུགས་གཅིག་གིས་ཤིང་ལྗོན་པ་བཅད་ནས་གཙུག་ལག་ཁང་བྱེད་དོ། །ཤིང་ལྗོན་པའི་ལྷ་དེས་སྟོན་པ་ལ་གསོལ་བས། སང་དགེ་སློང་ལ་གསུངས་ནས་ཤིང་ལྗོན་པ་མི་བཅད་དོ། །སྟོན་པ་འབྲོག་གནས་ན་བཞུགས་པའི་ཚེ། དགེ་སློང་རྣམས་ཤིང་མེད་ནས་མཁར་ལན་བཏང་བ་དེ་གསོལ་བས། ལག་གི་བླས་ཞེས་པ་ནས། བཅད་པར་མི་བྱའོའི་བར་ཏེ་རེ་ཞིག་བྱུང་བའོ། །ཕྱིས་དྲུག་སྡེ་དག་རང་གི་ལག་གིས་ཤིང་གཅོད། རྩ་སྔོན་པོ་གཅོད། མེ་ཏོག་འཐོག་ནས། མུ་སྟེགས་དག་ཁྱིམ་པ་དང་བྱེ་བྲག་ཅི་ཡོད་ཟེར་ནས་སྐབས་དེ་གསོལ་བས། བྱུང་བ་འདི་ལས་བཅས་སོ། །གཞི་ས་བོན་དང་། སྐྱེ་བ་དང་། ཡོངས་སུ་གཟུང་ཞིང་ཉམས་པས་རུང་བར་མ་བྱས་པ་དེར་ཤེས་པའི་སྡོང་བུ་ལ། བསམ་པ་ཉམས་པར་འདུན་པ། སྦྱོར་བ་རང་ངམ་གཞན་བསྐོས་ནས་ཉམས་པར་བྱེད་པའི་གྲངས་གང་ཡང་རུང་བ་བརྩམས་པ། མཐར་ཐུག་དེའི་རྐྱེན་གྱིས་ཉམས་པར་འགྱུར་བ་སྟེ། ཡན་ལག་འདི་ཚང་ན་ས་བོན་སྐྱེ་འཇིག་གི་ལྟུང་བྱེད་དུ་འགྱུར་རོ། །ས་བོན་ནི་ལྔ་སྟེ། རྩ་བ་སྐྱེ་བ་དེ་ནི་རྩ་བའི་དང་། །སྡོང་བུ་བཙུགས་པས་སྐྱེ་བ་སྡོང་བུའི་དང་། །བཅད་པའི་རྩེ་མོ་བཙུགས་པས་སྐྱེ་བ་ཐོག་གུའི་དང་། བཀས་པས་སྐྱེ་བ་བཀས་པའི་དང་། འབྲས་བུས་སྐྱེ་བར་འགྱུར་བ་ས་བོན་གྱི་ས་བོན་ནོ། །སྐྱེ་གནས་ནི། འབྱུང་པོའི་སྒྲས་བརྗོད་པ། ཉ་ལྕིབས་དང་། ཉ་ཚང་ཆུ་ནས་འདོན་པ། སྦུར་པ་ལ་སོགས་པའི་གནས་འདོན་པའོ། །འབྲས་བུ་སྨིན་པ་དང་། ཤུན་པ་དང་། ཁྲི་དང་། འདབ་མ་སྐྱ་བོ་དང་། མེ་ཏོག་ཁ་བྱེ་བ་རྣམས་ནི། ཕྱེད་ཤི་བ་དང་། ཤ་མོ་དང་། ཤ་བལ་སྣོད་དང་། གོས་ལ་སོགས་པའི་རླམ་རྣམས་ནི་ཕྱེད་སྐྱེས་པ་ཉིད་དུ་ཐ་སྙད་བཏགས་པ་དེ་དག་བཤིག་ཅིང་ཉམས་པར་བྱས་ན་ཉེས་བྱས། དེ་གཉིས་ལས་བཟློག་པ་དེ་དག་གི་རྩ་བར་གྱུར་པ་དངོས་ཀྱི་རང་བཞིན་ལས། གལ་ཏེ་མ་བྱེ་མ་བྲལ་བ་ཕྱི་ཞིང་ཕྲལ་ན་མཐའོ། །མི་གཏོང་། ལག་གི་བླས་མཆོད་རྟེན་ལ་སོགས་པའི་ཕྱིར་ཤིང་གཅོད་པ་ན། དེའི་མདུན་རོལ་གྱི་ཉི་མ་བདུན་ནམ་བརྒྱད་ནས་དེའི་དྲུང་དུ་དཀྱིལ་འཁོར་དང་མཆོད་པ་བྱས། རྒྱུད་ཆགས་གསུམ་པ་འདོན། སྦྱིན་པ་བཤད་པ་བྱས་ནས་ལྷ་གང་དག་ཤིང་ལྗོན་པ་འདི་ལ་གནས་པ་དེ་དག་གནས་གཞན་ཚོལ་ཅིག ཤིང་ལྗོན་པ་འདིས་མཆོད་རྟེན་ནམ་དགེ་འདུན་གྱི་བྱ་བ་བྱེད་པར་འགྱུར་རོ། །ཞེས་བརྗོད། ཤིང་མཁན་གཅོད་དུ་བཅུག་པ་ན་མེའམ་ཁྲག་ལ་སོགས་པའི་རྣམ་པར་འགྱུར་པ་སྟོན་པ་ལ་སྦྱིན་པ་དང་། སེར་སྣའི་བསྔགས་པ་དང་། བསྔགས་པ་མ་ཡིན་པ་བརྗོད་ཀྱང་མི་གཏོང་བའོ། །བསམ་པ་ལ་རྩ་བའི་ས་བོན་ལ་སྡོང་བུའི་ས་བོན་དུ་འདུ་ཤེས་ནས་ཉམས་པར་བྱེད་པ་ནི་དངོས་གཞིའོ། །འདུན་པ་མེད་ན་ཉེས་པ་མེད་དེ། འུ་ཤའི་ཁུ་ཚན་ལ་སོགས་པ་དབོ་བ་དང་། འཆག་པ་དང་། ཡལ་ག་ལ་སོགས་པ་འདྲེན་པ་དང་། དཀྱིལ་འཁོར་དང་། སྐྱང་ནུལ་དག་ལ་དེ་དག་གི་བསམ་པ་ཉིད་ནི་ལྟུང་བ་མེད་དོ། །ཞེས་སོ། །གཞན་ཡང་རྩ་བ་གནས་ལས་མ་བྲལ་བས་ཡན་ལག་བཅིངས་པ་ལྟ་བུ་ཐར་པའི་ཐབས་གཞན་གྱིས་འཕོངས་པ་བཅད་པ་ལ་ཡང་ངོ་། །འདི་ལ་མང་པོ་བཅིངས་ནས་གཅིག་གིས་བཅད་ལ་གཞན་རྣམས་དེས་འགྲོལ་ལོ། །རུང་བ་ལྔ་ནི། ཕྱུང་བ། གྲུབ་པ། རྩོལ་བས་བཀས་པ་དང་། བཅད་པ་དང་། ས་བོན་གྱི་ཆོས་ཉིད་མེད་པའོ། །ཐ་མ་དེ་ཡང་ག་གོན་ལྟ་བུ་ས་བོན་དུ་མ་གྱུར་བ་དང་། མེའམ་རླངས་པས་ཕྱོགས་གཅིག་མ་ཡིན་པར་སྤྱིའི་རུང་བ་བྱས་པ་དང་། ནེ་ཙོ་དང་། གཞན་གྱི་སེན་མོ་དང་། མཚོན་དག་གིས་རྨ་ཕྱུང་བ་དང་། སྙིགས་པ་རྣམས་སོ། །སྦྱོར་བ་ལ་སྤྲུགས་པ་དང་། ཅི་ཡང་རུང་བས་གནོན་པ། དེར་འདུན་པས་འུ་ཤའི་ཁུ་ཚན་འཐོར་བ་ལ་སོགས་པ་དང་། རླུང་དང་། ཉི་མ་དང་། ས་སྐམ་པོ་ལ་འཇོག་པ། ཐ་ན་རྩ་ཕྲན་ཡན་ཆད་ཉམས་པར་བྱེད་པའི་རྩོམ་པ་ཐམས་ཅད། མཐར་ཐུག་ལ་ཉམས་པར་གྱུར་ན་དངོས་གཞི། གཞན་ནི་སྦྱོར་བར་གཏོགས་ལ། ཉམས་པ་གྲངས་ཇི་སྙེད་པའི་ལྟུང་བ་ཡང་དེ་སྙེད་དང་། ས་བོན་མང་པོ་གཏུན་བུ་ལན་ཅིག་བསྣུན་པས་ཉམས་པ་ལྟ་བུ་སྦྱོར་བ་གཅིག་དང་དངོས་གཞིའི་ཁ་ན་མ་ཐོ་བ་ས་བོན་གྱི་གྲངས་ཇི་ལྟ་བ་བསྐྱེད་ལ། ཤིང་ལྟ་བུ་ཞིག་ལ་སྦྱོར་བ་བསྣུན་པ་དུ་མས་བཅད་པ་སྦྱོར་བའི་ཉེས་པ་མང་པོ་དང་། དངོས་གཞི་གཅིག་ཏུ་འགྱུར་རོ། །ཤིང་ལྟ་བུ་སྐྱེ་བའི་གནས་དེ་ནས་རྩ་བ་བཀོག་ནས་གཞན་དུ་བསྐྲུན་པ་ལྟ་བུ་སྔ་མའི་གནས་དེར་ཉམས་པས་ལྟུང་བྱེད་དང་། ཚིག་གུ་མ་བཅེར་པ་རིལ་པོར་མེད་པ་ཉེས་བྱས་སོ། ༡༢ །བཅུ་གཉིས་གང་ཟག་ལ་འཕྱ་གཞོགས་འཕྱ་བྱེད། །བགྲངས་ལའོ། གང་ཟག་བཅུ་གཉིས་པོ་དག་བྱེད་པ་པོ་ཡིན་ནོ། །མ་བསྐོས་པ་དག་ཀྱང་ངོ་། །ཞེས་གསུངས་པའི་དོན། གླེང་གཞི་ནི། སྟོན་པ་འོད་མའི་ཚལ་ན་བཞུགས་པའི་ཚེ། གྱད་བུ་ནོར་གནས་མལ་དང་ཟས་ལ་བསྐོས་པའི་ཚེ། མཛའ་བོ་དང་ས་ལས་སྐྱེས་གཉིས། ཉེ་དགའ་དང་ལྷན་ཅིག་ཏུ་འདུ་འཛིའི་གཏམ་བྱེད་པ་ན། གྱད་བུ་ནོར་དེར་འོངས་པ་དང་། ཉེ་དགའ་ཁྱོད་ཀྱང་དགེ་འདུན་གྱི་གནས་མལ་དང་ཟས་ལ་བསྐོས་ན། ཁོ་བོ་ཅག་ལ་གྱད་བུ་ནོར་བཞིན་ཐོ་འཚམ་པར་འགྱུར་རོ། །ཅི་ཁྱེད་གཉིས་དགེ་འདུན་མཐུན་པས་བསྐོས་པ་ཤེས་བཞིན་དུ་ངོར་འཕྱའམ། ཅི་ཁོ་བོ་ཅག་ངོར་ཡང་མི་དབང་ངམ་ཟེར་བ་ལ། དོན་ཉུང་ངུ་དག་འཕྱ་བའི་སྐབས་དེ་གསོལ་བས། དེ་གཉིས་སམ་གཞན་ཡང་ངོར་འཕྱ་བ་དེ་ངོར་འཕྱ་བའི་གྲངས་སུ་ཆུག་ཅིག བཅུག་པས། དེ་གཉིས་ཉེ་དགའ་དང་གཏམ་ཟེར་གྱི་འདུག་པ་དང་། གྱད་བུ་ནོར་བྱུང་ནས། དེ་གཉིས་ཉེ་དགའ་ཁྱོད་ཀྱང་གནས་མལ་དང་ཟས་ལ་བསྐོས་ན་ཁོ་བོ་ཅག་ལ་ཁ་ཅིག་བཞིན་དུ་ཐོ་འཚམ་པར་འགྱུར་རོ། །ཅི་ཡང་ཁྱེད་གཉིས་དགེ་འདུན་མཐུན་པས་བསྐོས་པ་ལ་གཞོགས་འཕྱས་བྱེད་དམ། མིང་རུས་སྨོས་སམ་ཅི། མིང་རུས་མ་སྨོས་པར་བྱར་རུང་ན། ཉེ་དགའ་ཐམས་ཅད་ལ་བྱར་རུང་ངམ། དེ་གསོལ་བས། གཞོགས་འཕྱས་བྱེད་པའི་གྲངས་སུ་ཆུག་ཅིག བཅུག་ཀྱང་ངོར་འཕྱ་ཞིང་གཞོགས་འཕྱས་བྱད་ན་གསོལ་བས། བྱུང་བ་འདི་ལས་བཅས་སོ། །གཞི་གང་ཟག་བཅུ་གཉིས་བསྐོས་པ་དང་། སྦྱོར་བ་བཏང་བ། མ་བསྐོས་པ། སྦྱོར་བ་མ་བཏང་བ་གང་རུང་ལ། བསམ་པ་འདུ་ཤེས་བསྒྱུར་བ། སྦྱོར་བ་བདག་དང་འབྲེལ་བའི་དོན་གྱི་ངོར་འཕྱ་བའམ། ཟུར་གྱིས་གཞོགས་འཕྱས་བྱེད་པ་གང་རུང་། མཐར་ཐུག་དགེ་འདུན་གྱི་གསོལ་བའི་ལས་ཀྱིས་འཕྱ་བའམ། གཞོགས་འཕྱས་པའི་གྲངས་སུ་བགྲངས་ནས་འཕྱ་བའམ། ཡང་གཞོགས་འཕྱས་བྱེད་པ་གང་རུང་སྟེ། ཡན་ལག་འདི་ཚང་ན་འཕྱ་བའི་ལྟུང་བྱེད་དུ་འགྱུར་རོ། །སྔར་སྦྲུལ་ལས་ཚེ་འཕོས་པའི་དགེ་སློང་ལྟ་བུར་ཅུང་ཟད་ཙམ་སྨས་པ་ཡང་དང་དུ་ལེན་མི་ནུས་པ་ལ་བརྗོད་པར་མི་བྱ་བ་དང་། དགེ་བསྐོས་ཀྱིས་རང་དང་ཞེ་འགྲས་པ་རང་གི་ལས་སུ་བསྐོ་བར་མི་བྱ་ལ། གཞན་ཞིག་གིས་དེ་ལ་བསྐོར་གཞུག་གོ ༡༣ །བསྒོ་བ་རྣ་ལ་གཟོན་པ་ཡི། །གྲངས་སུ་བཅུག་ལའོ་མི་སྨྲ་གཟོན་ཉེས་བྱས། དགེ་སློང་གིས་བསྒོ་བ་རྣ་ལ་གཟོན་ནའོ། །དེར་འདུན་པས་སོ། །གཞན་བརྗོད་པས་སོ། །ཅང་མི་སྨྲ་བ་ན་ཉེས་བྱས་སོ། །ཞེས་གསུངས་པའི་དོན། གླེང་གཞི་ནི། ཀོའུ་ཤམ་བི་ན་འདུན་པ་ལྟུང་བ་བྱུང་བ་ཕྱིར་མི་འཆོས་ནས། དགེ་སློང་དོན་འདོད་པ་ལ་ཕན་པར་འདོད་པ་རྣམས་ཀྱིས་ཚེ་དང་ལྡན་པ་ཆོས་བཞིན་དུ་ཕྱིར་གྱིས་ཤིག དེས་སྨྲས་པ། སུ་ལྟུང་བ་བྱུང་བ་དེ་ཕྱིར་བྱེད་པར་འགྱུར་རོ། །ཁྱེད་ལ་ལྟུང་བ་བྱུང་བ་གཞན་སུ་ཞིག་བྱེད་པར་འགྱུར་སུ་འགྱོད་པར་འགྱུར་བའོ། །ཁྱོད་ལྟུང་བ་བྱུང་བ་ལ་སུ་འགྱོད། ཁྱེད་ལྟུང་བ་བྱུང་བ་ནའང་ཁོ་བོའི་མདུན་དུ་མ་འཆགས་པར་གཞན་གྱི་མདུན་དུ་ཤོགས་ཤིག ཁྱེད་ཅག་རིགས་རུས་ཁྱིམ་སྣ་ཚོགས་ལས་རབ་ཏུ་བྱུང་བ་སྟེ། ཤིང་ལོ་དུ་མ་རླུང་གིས་གཅིག་ཏུ་བསྡུས་པ་བཞིན་ནོ། །ཁོ་བོའི་འཕགས་པས་བྱང་ཆུབ་ཐུགས་སུ་ཆུད་པ་ཡིན་ནོ། །ཞེས་བསྒོ་བ་རྣ་ལ་གཟོན་པ་དེ་གསོལ་བས། རྣ་ལ་གཟོན་པའི་གྲངས་སུ་ཆུག་ཅིག བཅུག་པ་དང་། དེ་བདག་གིས་སྨྲས་པས་ལན་གྱིས། སྐྱེས་བུ་མཁས་པ་དང་ལྡན་པས། །ངག་རྣམ་བཞི་པོ་བསྲུང་བྱ་སྟེ། །ནགས་ཀྱི་ནང་དུ་གོང་མ་སྲེག །སྒྲ་འབྱིན་པས་ནི་ཟིན་ལ་ལྟོས། །ཟེར་བ་དེ་བདེན་སྙམ། དགེ་སློང་རྣམས་ལ་ཅང་སྨྲ་བའི་རྣ་ལ་གཟོན་པ་སྟེ། དེ་གསོལ་བས། ཅི་ཡང་མི་སྨྲ་བའི་རྣ་ལ་གཟོན་པའི་གྲངས་སུ་ཆུག་ཅིག བཅུག་ཀྱང་རྣ་ལ་གཟོན་ནས། གསོལ་བས། བྱུང་བ་འདི་ལས་བཅས་སོ། །གཞི་རང་ལ་ལྟུང་བ་བྱུང་བ་ཕྱིན་ཅི་མ་ལོག་པར་གཞན་གྱིས་གླེངས་པ། བསམ་པ་རྣ་ལ་གཟོན་པར་འདུན་པ། སྦྱོར་བ་དགེ་སློང་གིས་བསྒོ་བ་ལས་གཞན་པ་མི་མཐུན་པ་ལོག་པར་བརྗོད་པ། མཐར་ཐུག་གསོལ་བ་སྔོན་དུ་བཏང་བའི་ལས་ཀྱིས་བསྒོ་བ་རྣ་ལ་གཟོན་པའི་གྲངས་སུ་བཅུག་ནས། ཡང་བསྒོ་བ་རྣ་ལ་གཟོན་པར་བྱེད་པ་སྟེ། ཡན་ལག་འདི་དག་ཚང་ན་བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་དུ་འགྱུར་རོ། །མི་སྨྲ་བ་རྣ་ལ་གཟོན་ན་གསོལ་བ་སྔོན་དུ་བཏང་བའི་ལས་ཀྱིས་མི་སྨྲ་བ་རྣ་ལ་གཟོན་པའི་གྲངས་སུ་གཞུག དེ་ནས་ཡང་ཅང་མི་སྨྲ་བ་རྣ་ལ་གཟོན་ན་ཉེས་བྱས། བསྒོ་བ་ལ་མི་དྲན་ནོ་ཞེས་པ་ཡང་ངོ་། །གལ་ཏེ་བྲི་བར་བྱ་བ་སྡུག་བསྔལ་བ་སྟེ། དཔེར་ན་གསད་པར་བྱ་བ་མཐོང་ངམ། ཞེས་པ་ལ་རེ་ཞིག་མེ་འདེ་ཞིག རེ་ཞིག་སྐོམ་འཐུངས་ཤིག རེ་ཞིག་ངལ་སོས་ཤིག ནམ་མཁའ་མཐོང་ངོ་། །སེན་མོ་མཐོང་ངོ་། །དོན་དམ་པར་ན་སེམས་ཅན་ནམ་གསོད་པར་བྱ་བ་མ་མཐོང་ངོ་། །ཞེས་སྨྲ་ན་ལྟུང་བ་མེད་དོ། །རྒྱལ་བྱེད་ཚལ་གྱི་སྒོར་ཁྱིམ་པ་འཐབ་མོ་བྱུང་བ་ལ་འདུན་པ་དཔང་དུ་བཙུགས་ནས། རྒྱལ་པོའི་ཕོ་བྲང་དུ་དེས་ཆེ་བཞི་ཕྱེ་བས་གཅིག་ཆད་པས་བཅད་པ་གསོལ་བས། གང་དུ་ཆེ་བཞི་ཉིད་བྱ་དགོས་པར་འགྱུར་བའི་གནས་དེར་བསྟན་པར་མི་བྱའོ། །གནོད་པའི་སྒོ་མ་བཅད་པས་ཆེ་བཞི་དབྱེ་བར་མི་བྱའོ། །ཞེས་གསུངས་སོ། ༡༤ །དགེ་འདུན་གནས་མལ་མ་བཅོལ་གྱི་ནར་བོར། །ཕན་ཕུན་གྱུར་འདས་ལའོ་གཡར་བསྲུང་དང་། །བརཏལ་དང་གུས་པ་རིམ་བཞིན། ཁྲི་དང་། ཁྲིའུ་དང་། སྟན་ནང་ཚངས་ཅན་དང་། ལ་བ་དང་། གནས་དང་། གོར་བུ་ཞེས་བྱ་བ་ནི་གནས་མལ་ལོ། །ཞེས་སོགས་གསུངས་པའི་དོན། གླེང་གཞི་ནི། སྟོན་པ་མཉན་ཡོད་ན་བཞུགས་པའི་དུས། དགེ་སློང་རྣམས་བསོད་སྙོམས་ལ་བྱོན། སྟོན་པས་མ་བྱོན་པར་ལྡེ་མིག་བསྣམས་ཏེ་གཙུག་ལག་ཁང་གཟིགས་པས། བླ་གབ་མེད་པ་ན་གནས་མལ་མང་པོ་ཞིག་བཞག་ནས། དུས་མ་ཡིན་པའི་སྤྲིན་ཆེན་པོ་འདུས་པར་གཟིགས་ནས། དད་པ་ཅན་གྱིས་ཤ་ཁྲག་བཙིར་ནས་བྱིན་པ་ལ་དྲོད་མི་ཤེས་པར་སྤྱོད་དོ་སྙམ་ནས་སྤྲིན་དགག་པར་མཛད། ཆར་པ་བར་སྣང་ལ་ཆུ་ལོན་ལྟ་བུར་འདུག གནས་མལ་སྐྱབས་ཡོད་པར་བྲུབས་ནས་རས་ཆེན་བསྣམས་ནས་བང་རིམ་ན་བཞུགས་སོ། །བསོད་སྙོམས་ཀྱི་སྐུ་སྐལ་འདྲེན་པ་ལ། ཟས་བསོད་དམ། དགེ་འདུན་ཚིམ་མམ་ཞེས་འདྲི་ཞིང་། དེས་ཀྱང་ལན་གསོལ་བ་དང་། གདན་བཤམས་པ་ལ་བཞུགས་ནས། དྲོད་མི་ཤེས་པར་སྤྱད་པའི་ཉེས་དམིགས་གསུངས་ནས། བྱུང་བ་འདི་ལས་བཅས་སོ། །གཞི་དགེ་འདུན་གྱི་གནས་མལ་རེག་ཏུ་རུང་བར་རང་ངམ། བསྐོས་པས་སམ། གཞན་གྱིས་བཅོལ་བ། བླ་གབ་མེད་པར་བཞག་པ། བསམ་པ་ལྐོག་ཏུ་གྱུར་པ་དང་མངོན་དུ་གྱུར་པ་གང་རུང་། སྦྱོར་བ་རང་ངམ་ལྔ་མ་ཡིན་པའི་གང་ཟག་ལ་བཅོལ་བ་ལྔ་གང་ཡང་རུང་བ་མ་བྱས་པ། ཉམ་ང་མེད་པར་གྱི་ནར་བོར་བ། མཐར་ཐུག་ཕན་ཕུན་གསུམ་པོ་གང་རུང་དུ་གྱུར་པས་ཏེ། ཡན་ལག་འདི་ཚང་ན་གནས་མལ་གྱི་ལྟུང་བྱེད་དུ་འགྱུར་རོ། །དགེ་འདུན། དགེ་འདུན་གྱི་གནས་མལ་ལ་ཡིན་གྱི། གང་ཟག་གི་ལ་ནི་ཉེས་བྱས་སུ་གསུངས་སོ། །དེ་ཉིད་འདིང་སྐྲོད་གནོན་རྩ་དབྱུང་བཞི་ལ་མཚུངས་ཏེ་འོག་མ་བཞི་ལ་ཡང་ངོ་། །ཞེས་པས་སོ། །གནས་མལ། མལ་ཁྲི་དང་། རྐང་རྟེན་གྱི་ཁྲིའུ་དང་། སྟན་ནང་ཚངས་ཅན་དང་། བལ་ལས་བྱས་པའི་གོས་སྤུ་ཅན་གྱི་ལ་བ་དང་། ནང་ཚངས་ཅན་གྱི་སྔས་དང་། སྟན་ཟླུམ་པོ་ནི་སྐུར་པོ་སྟེ། དེས་མཚོན་ནས། དྲེའུ་རྔོག་འཇམ་པོ་དང་། དྲེའུ་རས་ལ་སོགས་པ་གནས་མལ་གྱི་ཡན་ལག་ཏུ་གཏོགས་པ་གང་ཅི་ཡང་རུང་བའོ། །རེག་ཏུ་རུང་། རིན་པོ་ཆེ་དང་། བསྐྱོད་པར་མི་ནུས་པ་སྟེ། རེག་པར་བྱ་བ་མ་ཡིན་པ་ཉིད་ལ་ནི་མི་འགྱུར་རོ། །ཞེས་སོ། །ལྐོག་ཏུ་གྱུར་པ་ནི། བརྗེད་པས་གནས་གཞན་དུ་འགྲོ་བ་དང་། གཉིད་དང་སྙོམས་པར་ཞུགས་པ་ལ་སོགས་པའོ། །མངོན་དུ་གྱུར་པ་ནི། མ་བརྗེད་པར་བློ་མངོན་དུ་བཏང་ནས་གནས་མལ་འདུག་པའི་ཕྱོགས་ནས་སམ། སྐོར་བའི་སྒོ་ཁང་ནས་ཉེན་ཀོར་འདས་པར་ཕྱིན་པའོ། །ལྔ་མ་ཡིན་པ་ནི། ངོ་ཚ་མེད་པ་དང་། ནང་ཞེ་འགྲས་པ་དང་། རྒས་པ་དང་། ན་བ་དང་། བསྙེན་པར་མ་རྫོགས་པའོ། །གལ་ཏེ་དགེ་སློང་མེད་ན་དེ་དག་ཀྱང་རུང་སྟེ། ཐམས་ཅད་མེད་ན་ཕྱོགས་བཞིར་རྣམ་པར་བལྟས་ཏེ་ལྡེ་མིག་སྦས་ནས་འགྲོ་ལ། གལ་ཏེ་ལམ་དུ་དགེ་སློང་དང་ཕྲད་ན་ཕྱོགས་དེ་བསྒོ་བར་བྱ་ཞིང་། རང་སླར་འོངས་ན་བཅོལ་བ་དེ་ཁྱིམ་གཞན་དུ་ཟས་ལ་བོས་ནས་སྒོ་བཅད་པར་གྱུར་ན་རྩིག་དྲུང་ངམ་ཤིང་ལྗོན་པའི་དྲུང་དུ་སྟན་བཞག་ནས་བོས་པ་དེར་འཇུག་པར་བྱའོ། །བཅོལ་བ་ལྔ་ནི། གཙུག་ལག་ཁང་འདི་རེ། གཙུག་ལག་ཁང་ལྟོས་ཤིག གནས་མལ་འདི་རེ། ལྟོས་ཤིག སྒོ་ལྕགས་ཆུག་ཅིག་ཅེས་བྱ་བའོ། །ཚུལ་ཁྲིམས་དང་སྲོག་ལ་སོགས་པའི་བར་ཆད་ཡོད་པ་དེ་ནི་ཉམ་ང་བའོ། །ཕན་ཕུན་གསུམ་ནི། རླུང་གིས་གནས་མལ་ལྡོག་པ་དང་། ཆར་པས་གླེབས་པ་དང་། སྤྲིན་དང་གྲོག་མཁར་ལ་སོགས་པས་གླེབས་པའོ། །གཞན་ལས་ནི་མིའི་ཕན་ཕུན་དང་བཞིར་ཡང་བཤད་དོ། །གཡར་བསྲུང་དང་། དགེ་འདུན་གྱིས་དགེ་སློང་མགྲོན་དུ་བོས་པའི་ཁྱིམ་གཞན་དུ་གཙུག་ལག་ཁང་དང་འབྲེལ་བའི་སྟན་གཡར་པོ་བཏང་བ་རང་ཉིད་ཀྱིས་མི་འཁུར་བ་གཞན་ལ་བསྐུར་བའོ། །ཡོན་བདག་གིས་གཙུག་ལག་ཁང་དུ་རང་ཉིད་ཀྱི་དོན་དུ་གཡར་བ་ལ། དེ་བསྲུང་བའི་ཕྱིར་དགེ་སློང་བཞག་ལ། དེས་ཀྱང་མཐོང་བའི་ཕ་ཚད་ཅིག་ཏུ་བསྡད་ལ་རང་གི་བྱ་བ་ཁ་ཏོན་ལ་སོགས་པ་བྱའོ། །ཁྱིམ་པ་དག་དོང་ན་ཕྱིར་བརཏལ་ཞིང་མི་རུང་བ་བྱི་དོར་བྱ། གལ་ཏེ་བསྲུང་བ་ན་བ་དང་རྒས་པ་ཡིན་ན་དེས་སྦྲན་ཅིང་དགེ་སློང་གཞན་གྱིས་བྱའོ། །གཙུག་ལག་ཁང་ཕན་ཚུན་དུ་གདན་ཆ་དང་མཆོད་པའི་རྫས་ཆར་འབབ་པའམ། འབབ་ཏུ་དོགས་པ་མེད་ན་གཡར་བཏང་། གལ་ཏེ་ལམ་ཁར་བབ་ན་ལྗོན་ཤིང་གི་དྲུང་ངམ་རྫས་ངན་པ་དག་གིས་གཡོགས་ལ་གནས་སུ་ཕྱིན་ནས་བསྐམ་མོ། །བརཏལ་དང་། དགེ་སློང་གཉིས་གནས་མལ་ཅིག་ཅར་སྤྱོད་ན། གང་ཕྱིས་ལངས་པར་བསྡུ་ཞིང་། མཉམ་དུ་ལངས་ན་གཞོན་རབས། མཉམ་པ་ཡིན་ན་གཉིས་ཀས་དང་། རླུང་དང་ཆར་པ་འོང་ན་གཙུག་ལག་ཁང་ན་གནས་པ་ཐམས་ཅད་ཀྱིས་སོ། །འདི་ལ་བསོད་སྙོམས་ལ་འགྲོ་བ་ལ་ཡང་ན་སྨད་པ་མེད་པས། རྐྱེན་དེ་ལྟ་བུ་མཐོང་ན་ལམ་ནས་བཟློག་གོ །གུས་པ་རིམ་བཞིན། དགེ་སློང་བརྗེད་ནས་ཕྱིས་དྲན་པ་རྙེད་ན་ཡང་ཕྱིན་ཆད་འདི་ལྟ་བུ་མི་བྱའོ། །ཞེས་བྱ་ཞིང་། ལམ་དུ་ཚུར་འོང་བའི་དགེ་སློང་དང་ཕྲད་ན་མངག་པར་བྱའོ། །དེས་ཀྱང་ཁས་བླངས་ནས་མ་བྱས་ན་ལྟུང་བྱེད་དོ། །གང་ཟག་གཞན་འདུག་པའི་བར་ཕན་ཕུན་དུ་གྱུར་ན་ཡང་། དང་པོར་འཇོག་པའི་དགེ་སློང་ལ་ཉེས་བྱས་ཙམ་དུ་འགྱུར་རོ། །མེ་ཤོར་རམ་ཆུའི་གནོད་པ་བྱུང་ན་གང་ཟག་གི་རྫས་བཏོན་ནས་དེ་བསྲུང་བ་བཞག་ནས་དགེ་འདུན་གྱིས་གནས་མལ་འདོན་པར་བྱ་ལ། མི་བཟོད་པ་ཉིད་ན་མི་འཇུག་གོ །ནད་པ་བལྟ་བའི་ཚེ་སྟོན་མི་ཐོགས་པ་ནད་གཡོག་གིས་དེར་འདིང་ཞིང་། བླ་གབ་མེད་པར་ཆོས་ཉན་པའི་ཚེ་རླུང་དང་ཆར་པ་བྱུང་ན། རྒན་པོ་དང་གཞོན་ནུ་དག་ལྕི་ཡང་བརྗེ་ཞིང་གཞན་རྣམས་རང་གིས་ཁུར་བས་བརཏལ་ཏེ་རྫས་རིགས་མཐུན་པ་བསྡེབས་ཏེ་བཞག་གོ ༡༥ །ཉེས་དམིགས་སར། བཏིང་རྩྭ་མ་བསྡུས་མ་བཅོལ་ཕན་ཕུན་འདས། །ཁྱིམ་གཞན་དུ་གདིང་བ་བྱས་པས་ཁྱིམ་བདག་ལ་དྲིས་ཏེ་དོར་བར་བྱའོ། །དགོན་པར་ནི་ཡང་ན་སློང་བར་བྱའོ། །ཞེས་གསུངས་པའི་དོན། གླེང་གཞི་ནི། ལྷོ་ལམ་ནས་དགེ་སློང་རྒན་ཞུགས་གཉིས་སྟོན་པ་ལ་ཕྱག་འཚལ་དུ་ལྷགས་སོ། །རྒན་ཤོས་གཙུག་ལག་ཁང་གནས་མལ་དང་བཅས་པ་ཞིག་ཏུ་བསྐོས། གཞོན་ཤོས་ལ་གནས་མལ་མེད་པ་ཞིག་བསྐོས་པ་དང་། དེ་སྒྲུབ་ཕོད་ཡིན་པས་རྩ་མང་པོ་བླངས་ནས་པུས་མོ་ནུབ་ཙམ་གྱིས་གདིང་བ་བཤམས་སོ། །རྒན་པས་གཞོན་ནུའི་གཙུག་ལག་ཁང་བལྟའོ་སྙམ་སྟེ་སོང་བས། དེ་མཐོང་ནས་སང་གནས་མལ་གཏོད་ན་ཕྱིས་འགྲོའི་སྙམ་སྟེ། དེའི་ཉིན་གཏད་ནས་གཙུག་ལག་ཁང་དེར་གནས་ནས་ནང་པར་སྔ་བར་ལངས་ཏེ་སོང་ངོ་། །ཕྱོགས་དེ་སྣུམ་ཞིང་དངར་བ་ཡིན་པས། རྩ་བཏིང་བ་དག་སྲིན་ཆགས་ནས། དེའི་ཕྱི་ནང་ཐམས་ཅད་སྲིན་གྱིས་ཁྱབ་བོ། །དེའི་ཚེ་ཁྱིམ་བདག་ཅིག་གིས་དགེ་འདུན་བསོད་སྙོམས་ལ་སྤྱན་དྲངས། སྟོན་པ་བསླབ་པ་བཅའ་བར་བཞེད་ནས་མ་བྱོན་པར་ལྡེ་མིག་བསྣམས་ནས་གཙུག་ལག་ཁང་རྣམས་གཟིགས་པས། གཙུག་ལག་ཁང་དེ་སྲིན་གྱིས་ཁྱབ་པར་གཟིགས་ནས། ཡོན་བདག་གིས་ཤ་ཁྲག་པགས་པ་བཙིར་ནས་བྱིན་པ་ལ་དྲོད་མི་ཤེས། མི་རྟོག་པར་སྤྱོད་དེ་སྙམ་དུ་དགོངས་ནས། རྫུ་འཕྲུལ་གྱིས་སྲིན་ལོགས་ཤིག རྩ་ལོགས་ཤིག་ཏུ་འགྱུར་བར་མཛད་ནས། ཕྱག་འཁོར་ལོ་དང་། བཀྲ་ཤིས་དང་། གཡུང་དྲུང་ལྕགས་ཀྱུ་དང་ལྡན་པའི་ཕྱག་དྲ་བས་འབྲེལ་བ་བསོད་ནམས་བརྒྱ་ཕྲག་དུ་མ་ལས་འཁྲུངས་པ་གཉིས་ཀྱིས་སྲིན་རྣམས་བསིལ་བའི་ཕྱོགས་སུ་བཞག གཙུག་ལག་ཁང་ཕྱག་བདར་མཛད། ཉག་ཉིག་རྣམས་བོར་ཏེ་བཞུགས་སོ། །བསོད་སྙོམས་ཀྱི་སྐུ་སྐལ་ཕུལ་བས། དྲི་བ་མཛད་ནས་བྱུང་བ་འདི་ལས་བཅས་སོ། །གཞི་དགེ་འདུན་གྱི་གཙུག་ལག་ཁང་རྡོ་བའམ། བྱེ་མའི་སྟེང་མ་ཡིན་པ་སྲོག་ཆགས་སྐྱེ་བའི་ཉེས་དམིགས་ཡོད་པར་རང་ངམ་བསྐོས་པས་རྩྭ་བཏིང་བ། བསམ་པ་ལྐོག་འགྱུར་དང་མངོན་གྱུར་གང་རུང་། སྦྱོར་བ་སྲོག་གམ་ཚངས་པར་སྤྱོད་པ་ལ་གནོད་པའི་རྐྱེན་མེད་པ་རང་ངམ་གཞན་ལ་མ་བཅོལ་བ། ཉམ་ང་མེད་པ་གྱི་ནར་བོར་བའམ། མཚམས་ལས་འདས་པར་ཕྱིན་པ། མཐར་ཐུག་ཕན་ཕུན་གསུམ་པོ་གང་རུང་དུ་གྱུར་པ་སྟེ། ཡན་ལག་འདི་ཚང་ན་འདིང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་འདུན་གྱིས་མལ་ཁྱིམ་གཞན་དུ་བཏིང་བ་མ་བསྡུས་པ་དང་། བསྡུས་པ་དང་། མི་ཉན་པར་མཐུས་དོར་བ་རྣམས་ཉེས་པར་བཅས་པས། དེའི་བདག་པོ་རྣམས་ལ་དྲིས་ཏེ་དགོན་པར་མ་དོར་བ་དང་། དོར་བས་ཉེས་དམིགས་སུ་གྱུར་པ་ལ་མགོ་མཇུག་བཟློག་པ་ཙམ་གྱིས་སློང་བར་གནང་བ་དང་། གོས་སྐམ་པའི་ཕྱིར་བཏིངས་བ་དོར་བ་དང་། གཞན་གྱིས་སློང་བ་ལ་སྦྱིན་པ་དེས་མ་དོར་བས་དོར་བར་ཁས་ལེན་པ་ལ་སྦྱིན་པར་གནང་བ་དང་། འཆག་ས་རྩུབ་སར་རྩྭ་འདིང་ཞིང་། །གལ་ཏེ་འཆག་པ་གཏོང་ན་རྡུལ་དུ་གྱུར་པ་དོར་བར་མི་བྱ་བ་དང་། རྩྭའི་དངོས་པོ་མ་ཉམས་པར་དོར་བར་བྱ་བ་དང་། གཏོང་བའི་དུས་ལས་གཞན་འཆག་པའི་ཚེ་རྩྭ་དེ་དག་ལ་སྲོག་ཆགས་འདུག་མེད་དུས་དུས་སུ་བརྟགས་ནས་སྲོག་ཆགས་མི་སྐྱེ་བར་བྱ་བའི་ཕྱིར། ཕྱོགས་སྣུམ་ཞིང་དངར་བ་དེར་ཉིན་རེ་བཞིན་ལན་རེ་དང་། གཞན་དུ་ཟླ་བ་ཕྱེད་ན་བསྒྱུར་བ་དང་། འཆག་སར་དགྲམ་པའི་རྩྭ་འཐེབ་ཤིང་གི་ལྗོན་པར་བཏགས་ཤིང་། འདག་རྫས་ཀྱི་རྒྱུ་ལྕི་བ་གྱོ་མོའི་སྟེང་དུ་བཞག་པ་ལྟ་བུས་མདོར་ན་སྲིན་མི་སྐྱེ་བར་བྱའོ། །གདིང་བ་ནི་སོ་སོར་ལོངས་སྤྱད་པར་བྱ་བ་ཡིན་པས་གཉིས་ཀྱིས་སྤྱད་པར་བྱ་བ་མ་ཡིན་པའི་ཁྱད་པར་ཙམ་ལས། གཞན་འཕགས་པའམ་ལྡང་བ་སོགས་ཀྱི་ཚེ་བྱ་བ་གནས་མལ་བཞིན་ཤེས་པར་བྱའོ། ༡༦ །སྡང་བས་ཁང་སྐྲོད་ཐོན་ནའོ་བཅོལ་འཇུག་ཀྱང་། །དགེ་སློང་ཉིད་དང་དགེ་འདུན་གྱི་གཙུག་ལག་ཁང་ཉིད་དང་ནི་བྱེད་པ་པོ་ཉིད་དོ། །ཞེས་པ་ལ་སོགས་པའི་དོན། གླེང་གཞི་ནི། འཆར་ཀས་གསར་བུ་དག་ལ་ཚུར་ཤོག་རྒོལ་བ་ཚར་བཅད་གྲགས་པ་བསྒྲག ཁྱེད་ཀྱང་ལྷུང་བཟེད་དང་ཆོས་གོས་ཀྱིས་མི་བྲེལ་བར་བྱའོ། །དེ་དག་གིས་མཁན་སློབ་ལ་ཞུས་པས། དེ་གནས་ངན་ལེན་ཀུན་ཏུ་སྤྱོད་པ་ཡིན་གྱི་མ་འགྲོ་ཞིག དེས་ཁྱེད་ལ་མཐོ་འཚམ་པར་འགྱུར་རོ། །འཆར་ཀ་བདག་ཅག་གི་ཕ་དང་འདྲའོ། །ཞེས་དེའི་ཚིག་ཚིག་མ་ཡིན་པར་བྱས་ནས་སོང་ངོ་། །མཚམས་ལས་འདས་པ་དང་ཅི་གནས་པ་མ་བཅས་པར་ལྗོངས་རྒྱུ་རུ་འགྲོའམ། གནས་ཆོས་ཤིག་ཟེར་ནས་འཆར་བཅུག་སྟེ། ལ་ལ་ལ་གཏུར་བུ། ལ་ལ་ལ་ལྷུང་བཟེད་གཏད། ཁོ་རང་རྔུལ་གཟན་རྐྱང་པ་ལ་ལག་པ་འདྲིལ་ཞིང་འཇིག་རྟེན་ལ་ཐོ་འཚམ་ཞིང་སོང་བ། རི་བྲག་གི་ཁྲོན་པ་ཞིག་གི་དྲུང་དུ་ངལ་བསོ་བ་ན་གཎྜྻི་བྱུང་ནས། གཎྜྻི་བྱུང་གི་བཞུད་དོ། །ལྷུང་བཟེད་ནག་པོ་ཅན་ལས་བྱེད་པ་དག་གིས་ལས་ཀྱི་གཎྜྻི་བརྡུངས་ནས་ཁོ་བོ་ཅག་ལ་ལས་འཆོལ་ན་ངལ་བར་འགྱུར་རོ། །རྙེད་པའི་གཎྜྻི་མ་ལགས་སམ། ཡིན་ན་མཚམས་སུ་ཕྱིན་པས་ཐོབ་བོ། །སློབ་དཔོན་གྲགས་བསོད་ཆེ་བས་ཐོབ་ཀྱི། བདག་ཅག་ལ་སུས་སྩོལ། དེངས་ལ་ཁོ་བོའི་ཡང་ནོས་ཤིག ཕྱིན་པས་གནས་མལ་འགོད་དོ། །གནས་མལ་ནོས་ཤིག ཆེས་རྒན་པའང་ཡོད་དོ། །སུ འཆར་ཀའོ། །དེ་དག་གིས་ཀྱང་མནོས་སོ། །དེ་དག་དང་ལྷན་ཅིག་རི་བྲགས་འདི་སུའི་སོགས་འདུ་འཛིའི་གཏམ་གྱིས་འདུག་གོ །དེ་དག་གིས་འཆར་ཀའི་མལ་བཤམས། རྐང་པའི་ཆུ་དང་རྐང་པ་བསྐུ་བ་དག་ལྷན་ཅིག་ཏུ་བཞག་ནས། གཅིག་ལ་གཅིག་ཞུས་ཏེ་མེ་ཁང་དུ་ཉལ་ལོ། །འཆར་ཀ་གཏམ་གྱི་ཟླ་མེད་པ་དང་འོངས་ཏེ། གཞོན་ནུ་དག་བོས་པས། དགེ་སློང་དག་འདམ་བུ་འཐིབས་པའི་དཀྱིལ་ན་བཞུགས་པ་བཞིན་ཅི་འབོད། གཞོན་ནུ་དག་གོ །སློབ་དཔོན་མ་འབོད་ཅིག འུ་ནིར་གཟིམས་ཤིག ཁྱེད་ཀྱིས་སུ་ལ་ཞུས། སློབ་དཔོན་རིང་དུ་ཐོགས་ནས་གཅིག་གིས་གཅིག་ལ་ཞུས་སོ། །ཁྱེད་གཙུག་ལག་ཁང་ནས་ཕྱིར་བྱུང་ལ་གུས་པ་མེད་པ་ལ་གནས་སྦྱིན་པ་ལ་འཆོས་ཤིག་ཟེར་ནས་ཕྱིར་བསྐྲད་དོ། །དེ་མཚན་ཐོག་ཐག་བླ་གབ་མེད་པར་ལྷགས་པས་ཉེན་ནས་ནང་པར་སྔ་བར་ལངས་ནས་སློབ་དཔོན་ལ་ཕྱག་འཚལ་ལོ། །མཆིའོ། །གང་དུ། མཉན་ཡོད་དུའོ། །སྡོད་ཅིག ན་ན་ནད་གཡོག་བྱའོ། །མི་ན་བ་ནར་བཅུག་ནས་ན་ན་ནད་གཡོག་བྱས་རེ་སྐན་ཟེར་མཉན་ཡོད་དུ་སོང་བ་དང་། ལེགས་པར་འོངས་སོ། །སྔར་དང་འདྲ། འཆར་ཀས་མཚན་ཐོག་ཐག་ལྷགས་པ་ལ་མཐོ་བརྩམས་སོ། །ཞེས་བྱུང་བ་འདི་ལས་བཅས་སོ། །གཞི་བསྐྲད་བྱ་དང་སྐྲོད་བྱེད་གཉིས་ཀ་དགེ་སློང་ཡིན་པ། བསམ་པ་བསྐྲད་བྱ་དེ་ལ་སྲོག་གི་གནོད་པ་དང་། དགེ་འདུན་གྱི་འཁྲུག་པ་ཉེ་བར་ཞི་བའི་གཉེན་པོ་མ་ཡིན་པ་སྡང་བས། སྦྱོར་བ་རང་ངམ། དགེ་སློང་གཞན་ནམ། དགེ་སློང་མའམ། དགེ་ཚུལ་ལམ། ཁྱིམ་པ་ལ་སྐྲོད་དུ་བཅུག་པ། མཐར་ཐུག་དགེ་འདུན་གྱི་གཙུག་ལག་ཁང་ནས་དེ་ཕྱིར་ཐོན་པ་སྟེ། ཡན་ལག་འདི་ཚང་ན་སྐྲོད་པའི་ལྟུང་བྱེད་དུ་འགྱུར་རོ། ༡༧ །སྔར་ཤུགས་ཤེས་བཞིན་མཐོ་འཚམ་ཕྱིས་མནན་ནའོ། །ཤེས་གཙོ་བོ། །དགེ་འདུན་གྱི་གཙུག་ལག་ཁང་གི་གནས་སུ་དགེ་སློང་ཞུགས་པ་ཉིད་ལའོ། །ཞེས་པ་ལ་སོགས་པའི་དོན། གླེང་གཞི་ནི། འཆར་ཀ་གསར་བུ་དག་ཞེས་པ་ནས། གཅིག་ལ་གཅིག་ཞུས་ཏེ་ཉལ་ལོའི་བར་སྔར་དང་འདྲའོ། །ཁོ་བོ་ཁྱོད་དང་ལྷན་ཅིག་བྱ་བ་ཅུང་ཞིག་ཡོད་ཀྱི་སྒོ་ཕྱེ་ཞིག མ་ཕྱེ་བ་དང་སྒོ་གླེགས་ལ་རྡོག་པས་བརྡབས་པས་འགུལ་ལོ། །རྡིབ་ན་མི་རུང་སྙམ་ནས་ཕྱེ་བ་དང་། དེ་དག་གི་དབུས་སུ་འགྱེལ་ནས་ཁ་ཅིག་ལ་གྲུ་མོས་བསྣུན། ཁ་ཅིག་ལ་པུས་མོས་བསྣུན་པ་དང་གནད་དོ། །སུ་ལ་གནོད་པ་དེ་འགྲོ་བར་འགྱུར་རོ། །དེ་དག་སོང་ནས་ཕྱིར་བྱུང་ནང་པར་སྔ་བར་ལངས་ནས་སོགས་འདྲའོ། །དགེ་སློང་དག་འཕྱ་བའི་སྐབས་དེ་གསོལ་བས། བྱུང་བ་འདི་ལས་བཅས་སོ། གཞི་དགེ་སློང་གཙུག་ལག་ཁང་ལ་སོགས་པར་སྔར་གནས་པར་འགྱུར་ཟིན་པ། བསམ་པ་ཞུགས་པ་ཤེས་བཞིན་དུ་མཐོ་འཚམ་པར་འདུན་པ། སྦྱོར་བ་ན་བ་དང་འཇིགས་དབང་མ་ཡིན་པར་མཐོ་འཚམ་པར་ཞུགས་པ། མཐར་ཐུག་ཕྱིས་གནོན་བྱས་པ་སྟེ། ཡན་ལག་འདི་ཚང་ན་ཕྱིས་གནོན་གྱི་ལྟུང་བྱེད་དུ་འགྱུར་རོ། །དེ་ལས་གཞན་པའི་མཐོ་འཚམ་པ། འགྲེལ་པར། ངན་དང་གསོད་དང་གྲང་དྲོ་དང་། །ཆོལ་ཟངས་དང་ནི་བཀྲུ་སྨན་དང་། །རྣལ་འབྱོར་ཐུན་དང་ཁ་ཏོན་དང་། །འཇིགས་དང་བཅས་དང་འཇིགས་མེད་དོ། །ཞེས་བྱ་བས་ཐོ་འཚམ་པ་ཐམས་ཅད་ལྟུང་བྱེད་འདིར་གཏོགས་པའི་ཉེས་བྱས་ཡིན་ལ། འགྲེལ་པར། བསྒོ་བ་རྣ་ལ་གཟོན་པ་ལ་སོགས་པ་དག་ལ་ཡང་སྤྱིར་མཐོ་འཚམ་པ་ཡོད་མོད་ཀྱི། འོན་ཀྱང་གནས་སོགས་པའི་རྣམ་པའི་བྱེ་བྲག་ཡོད་པའི་ཕྱིར་ལྟུང་བྱེད་ཐ་དད་པ་ཉིད་ཡིན་ནོ། །ཞེས་སོ། ༡༨ །གཙུག་ལག་ཁང་ཐོག་སྙི་བར་ཁྲི་རྐང་རྣོ། །འདོད་པས་བཙུགས་པ་ཐལ་བྱུང་སོང་བ་ནའོ། །དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་ཐོག་ནི་བྱེད་པ་པོ་ཉིད་དོ། །ཞེས་པ་ལ་སོགས་པའི་དོན། གླེང་གཞི་ནི། ཉེ་དགས་གསར་བུ་དག་ལ་སོགས་འཆར་ཀའི་དང་འདྲ་བ་ལ། གཞན་འགྲོ་བ་མེད་ནས་དགེ་སློང་བསོད་སྙོམས་པ་ཞིག་ལ་བྱས་པ་དང་། དེས་འགྲོ་བར་ཁས་བླངས་སོ། །གྲོགས་པོས་ཁྱོད་ལའང་དེས་མཐོ་འཚམ་པར་འགྱུར་རོ། །ཁོ་བོ་ལོ་འདས་པས་དེ་ལ་གནས་བཅའ་བ་དང་། ལུང་ནོད་པ་ལ་མི་ལྟོས་པས་ཅི་བྱར་ཡོད་ཟེར་ནས། དེའི་ཚིག་ཚིག་མ་ཡིན་པར་བྱས་ནས་སོང་ངོ་། །མཚམས་འདས་པ་དང་། ཉེ་དགས་གཏུར་བུ་འདི་ཁྱེར་ཅིག ཅི ཁྱེད་ཀྱིས་དཀོན་མཆོག་གསུམ་མ་མཐོང་ངམ། ཡོ་བྱད་དོན་མེད་པས་ཅི་བྱ། ཁྱེད་མི་འཁྱེར་བ་ནི་ཡུས་ན་ཁོ་བོ་བས་མཁས་སམ། མི་མཁས་ཏེ་རིགས་པ་ཙམ་སྨྲའོ། །ཉེ་དགས་འདི་མི་དགའ་བར་བྱའོ་སྙམ་ནས། རི་བྲག་གི་ཁྲོན་པའི་དྲུང་དུ་བསྡད་པ་སོགས་འདྲ། བསོད་སྙོམས་པ་ཞེས་བོད་པ་དང་། ཁྱོད་ཀྱི་མལ་ཁང་ཐོག་ན་བཤམས་ཀྱི། དེ་ན་རྐང་པ་བཀྲུ་བའི་ཆུ་དང་བསྐུ་བ་ཡང་དེར་བཞག་གིས་ཉོལ་ཞིག བསོད་སྙོམས་པ་འཐམ་པ་ཅུང་ཟད་ཡོད་ཀྱི་སྒོ་ཕྱེ་ཞིག ཁོ་བོ་ཆད་ཀྱི་སང་འཐམ་མོ། །ཁོ་བོ་ཁྱོད་དང་མཚན་ཐོག་ཐག་འཐམ་མོ། །ཆད་ཀྱིས་སང་འཐམ་མོ་བྱས་སྒོ་མ་ཕྱེ་བ་དང་། སྟེང་དུ་སོང་ནས་བསོད་སྙོམས་པ་ཞེས་བོས་པས། ཉེ་དགའ་ཅི་ཟེར། དེ་སྒྲ་ལ་མཁས་པས་དེའི་དཔྲལ་བའི་ཐད་ཀར་ཁྲི་རྐང་བཅས་ཏེ་ཤུགས་དྲགས་པོས་མནན་པ་དང་། དེའི་དཔྲལ་བར་ཕོག་སྟེ་ཞོམ་མོ། །གནད་དོ་གནད་དོ་ཀྱེ་བསོད་སྙོམས་པ། དེ་སྐྲག་ནས་ཅི་ཡང་མི་སྨྲའོ་སང་སྔ་བར་ལངས་ནས་འགྲོ་སོགས་སྔར་དང་འདྲ། སང་མཉན་ཡོད་དུ་ཉེ་དགས་བདག་གི་དཔྲལ་བ་བཅོམ་མོ། །བྱུང་བ་འདི་ལས་བཅས་སོ། །གཞི་དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་ཐོག་བྱིན་གྱིས་གཞོལ་བའམ། དེ་འདྲ་བས་གཡོགས་པ་ལྟ་བུ། རྩ་བ་འགྲོ་བའི་སྐབས་མེད་པ་མ་ཡིན་པའི་སྙི་བར་ཁྲིའི་རྩ་བ་ཕུད་བུ་ལྟ་བུ་བཀན་པ་མིན་ཅིང་། རྐང་རྟེན་མེད་པར་བཙུགས་པ་དང་། བསམ་པ་རང་གི་ཐོག་ལ་གནོད་པར་ཤེས་སམ། གཞན་གྱིས་སྦྲན་པ། སྦྱོར་བ་ལྗིད་ཀྱིས་ཕབ་སྟེ་འདུག་གམ་ཉལ་བ། མཐར་ཐུག་ཐལ་བྱུང་དུ་ཕུག་པ་སྟེ། ཡན་ལག་འདི་ཚང་ན་རྩ་བ་དབྱུང་བའི་ལྟུང་བྱེད་དུ་འགྱུར་རོ། ༡༩ །སྲོག་ཆགས་བཅས་ཆུས་སྤྱད་དོན་ཕྱིར་འདེབས་ལའོ། །རང་སྤྱོད་པའི་དོན་ཉིད་དེ་ལས་གཞན་ལའོ། །ཞེས་པའི་དོན་ཏེ། གླེང་གཞི་ནི། ཀོའུ་ཤམ་བི་ན་འདུན་པ་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུས་རྩྭ་དང་། ལྕི་བ་དང་། ས་ལ་འདེབས་པར་བྱེད་ནས་འདུན་པ་ཁྱོད་དེ་ལྟར་མ་བྱེད་ཅིག ཅི ཁོ་བོ་ལ་འགའ་ཞིག་བསྒྲེངས་ཏེ་གཏད་དམ། ཤར་གྱི་རྒྱ་མཚོ་ཆེན་པོར་དོང་ན་ཅི་ཉེས། འབབ་ཆུ་དང་ལྟེང་ཀ་སོགས་སུ་སོང་ན་ཅི་ཉེས་ཞེས་འཕྱ་བའི་སྐབས་དེ་གསོལ་པས། བྱུང་བ་འདི་ལས་བཅས་སོ། །གཞིར་རང་སྤྱོད་པ་ལ་གཞན་པ་ལྕི་བའམ་ས་ལྟ་བུ་ལ། བསམ་པ་སྲོག་ཆགས་དང་བཅས་པར་འདུ་ཤེས་པ། སྦྱོར་བ་རང་ངམ་གཞན་ལ་བསྒོ་ནས་སྲོག་ཆགས་དང་བཅས་པའི་ཆུ་འདེབས་སུ་བཅུག་པ། མཐར་ཐུག་བཏབ་གྲུབ་པ་སྟེ། ཡན་ལག་འདི་ཚང་ན་སྲོག་ཆགས་དང་བཅས་པའི་ཆུས་འདེབས་པའི་ལྟུང་བྱེད་དུ་འགྱུར་རོ། ༢༠ །མི་བརྟན་མ་གཏོང་ཁང་བརྩིག་རིམ་ཉིན་ལྷག །གསུམ་མིན་ནའོ། །གཙུག་ལག་ཁང་ནི་བྱེད་པ་པོ་ཉིད་དོ། །ཞེས་པ་ལ་སོགས་པའི་དོན། གླེང་གཞི་ནི། དྲུག་སྡེ་གཞན་གྱི་གཙུག་ལག་ཁང་ན་གནས་ཤིང་ཞེས་པ་ནས། པ་ཎ་མཆིས་ཏེ་གྲོགས་མ་མཆིས་སོའི་བར་སྔར་ཁང་ཆེན་གྱི་སྐབས་འདྲ་བ་ལ། འདུན་པ་བྲམ་ཟེ་ཅན་སོང་ནས། པ་ཎ་བླངས་ནས་སོ་ཕག་མཁན་ཅན་སོང་ནས། བཞིན་བཟང་ཉི་མ་གཅིག་ཁོ་ན་ལ་ཁང་པ་སུམ་བརྩེགས་བརྩིག་པའི་སོ་ཕག་སྦྱིན་ནུས་སམ། པ་ཎ་གསོལ་ཅིག ལོག་སྟེ་དབུལ་བར་བྱའོ། །འཕྱ་མཁན་གྱི་གན་དུ་སོང་ནས། ཉི་མ་གཅིག་ཁོ་ན་ལ་གཙུག་ལག་ཁང་སུམ་བརྩེགས་བརྩིག་ནུས་སམ། པ་ཎ་གསོལ་ཅིག ལོག་སྟེ་བགྱིའོ། །ཤིང་མཁན་གྱི་གན་དུ་སོང་ནས། ཉིན་གཅིག་ཁོ་ན་ལ་གཙུག་ལག་ཁང་གི་ཤིང་འཇོག་པར་ནུས་སམ། པ་ཎ་གསོལ་ཅིག ལོག་སྟེ་འཇོག་གོ །ཞལ་མཁན་ཅན་སོང་ནས། ཉིན་གཅིག་ཁོ་ན་ལ་གཙུག་ལག་ཁང་སུམ་བརྩེགས་ཀྱི་ཞལ་བ་བསྐུ་བར་ནུས་སམ། པ་ཎ་གསོལ་ཅིག ལོག་སྟེ་བསྐུའོ། །རི་མོ་མཁན་ཅན་སོང་ནས། ཉིན་གཅིག་ཁོ་ན་ལ་གཙུག་ལག་ཁང་སུམ་བརྩེགས་ཀྱི་རི་མོ་བྲི་བར་ནུས་སམ། པ་ཎ་གསོལ་ཅིག ལོག་སྟེ་བྲིའོ། །དེས་གླ་མི་མང་པོ་བཀུག་སྟེ། ཉིན་གཅིག་ལ་གཙུག་ལག་ཁང་སུམ་བརྩེགས་སྒོ་ཆ་གོང་མ་སོགས་མེད་ཅིང་སྦྱང་དང་འདྲ་བ་ཞིག་ཟིན་ནས། བྲམ་ཟེ་ཕུལ་ཅིག དེ་རིང་ཟས་ལྟ་གོན་མ་བགྱིས་པས་སང་དབུལ་ལོ། །སྟོན་པས་དེང་ཉིད་དུ་རྡིབ་པར་མཁྱེན་ནས་དེ་ལོངས་མ་སྤྱད་ན་བྲམ་ཟེ་ཁྲག་ཚ་བ་སྐྱུགས་ནས་འཆི་བའི་དུས་བྱེད་པར་མཁྱེན་ནས། ཀུན་དགའ་བོ་དགེ་སློང་སྙོམས་འཇུག་ཐོབ་པ་རྣམས་དེར་མཚན་མོའི་ཐུན་དང་པོ་འདའ་བར་གྱིས་ཤིག དེས་ཀྱང་དེ་བཞིན་བྱས་སོ། །སྟོན་པས་འཇིག་རྟེན་པའི་ཐུགས་བསྐྱེད་ནས། བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་ལྷ་རྣམས་ལ་ཆོས་བསྟན་ནོ། །དེས་མཚན་མོའི་གུང་ཐུན་འདའ་བར་མཛད་ནས་གཤེགས་སོ། །ཐུན་ཐ་མ་ལ་དེ་ཆར་ཆེན་པོས་སྦྱང་བཞིན་དུ་གང་ནས་རྡིབ་བོ། །བྲམ་ཟེ་བཟའ་བཅའ་བསོད་པས་ཤིང་རྟ་བཀང་ནས། བདག་གི་གཙུག་ལག་ཁང་གང་ཡིན་ཟེར་ནས་འདྲི་ཞིང་འོངས་པས། དྲུག་སྡེ་དང་འཁོན་པ་ཞིག་ནས། ཁྱེད་ཀྱི་གཙུག་ལག་ཁང་རྔ་མོ་འགྱེལ་བ་འདྲ་བ་འདི་ཡིན་གྱི། སྒོ་སྐྱེས་ཀྱིས་དཔྲལ་བ་མི་བཅོམ་པ་བག་གྱིས་ལ་ཞུགས་ཤིག དེས་ནོར་དེ་སྙེད་ཅིག་སྤྱད་ནས་གཙུག་ལག་ཁང་ལོངས་མ་སྤྱད་པར་རྡིབ་བོ་ཞེས་བརྒྱལ་ཏེ་འགྱེལ་ལོ། །སྟོན་པས་ཀུན་དགའ་བོ་ཁྱོད་སོང་ལ། གཙུག་ལག་ཁང་ལྷ་མི་མང་པོས་བྱས་པ་སྟོན་པས་མ་སྤྱད་པར་ཞིག་གོ །ཁྱེད་ཀྱི་འདི་ལ་འདི་ལྟར་བྱས་པས་ལེགས་པར་རྙེད་དོ། །བྲམ་ཟེས་སྨྲས་པ། ཀུན་དགའ་བོ་སྤྱད་དམ། སྤྱད་དོ། །འོ་ན་གདུགས་རེ་བཞིན་གཙུག་ལག་ཁང་བགྱིའོ། །དྲུག་སྡེ་གར་སོང་དྲུག་སྡེས་མྱུར་བར་འོངས་པ་དང་། རས་ཡུག་ཆེན་ཕུལ་ནས་མཁོ་བ་བསྟབས་སོ། །དྲུག་སྡེས་ནོར་ཆུད་ཟོས་ཀྱང་རས་ཡུག་བསྐོན་ནོ་ཟེར་བ་ལ་དོན་ཉུང་ངུ་དག་ངོ་ཚ་བའི་གནས་ཀྱིས་རློབ་པར་བྱེད་དོ། །ཞེས་འཕྱ་བའི་སྐབས་དེ་གསོལ་བས། བྱུང་བ་འདི་ལས་བཅས་སོ། །གཞི་དགེ་འདུན་ནམ། གང་ཟག་གམ། ཁྱིམ་པས་དབང་དུ་བྱས་པའི་གཙུག་ལག་ཁང་སྤྱོད་ལམ་རྣམ་པ་བཞི་ཤོང་བ། བསམ་པ་བརྩིག་པར་འདུན་པ། སྦྱོར་བ་རང་ངམ་གཞན་བསྐོས་ནས་རྨང་མི་བརྟན་པའམ། སྒོ་ཆ་གོང་མ་མ་བཅུག་པའམ། འཇིམ་པ་མེད་པར་བརྩིགས་པའམ། ཆར་ཆུ་སྐྱོབ་པའི་གཡོག་མ་མེད་པ་དང་། ཆུ་ཁུང་མ་གཏོད་པ་དང་། རྡོ་དང་། ཤིང་དང་། སོ་ཕག་འབའ་ཞིག་པ་སྟེ་གསུམ་མ་ཡིན་པར་བརྩམས་པ། མཐར་ཐུག་ཕ་གུ་རིམ་པ་གསུམ་ལས་ལྷག་པར་བསྐོར་བ་སྟེ། ཡན་ལག་འདི་ཚང་ན་གཙུག་ལག་ཁང་རིམ་པ་ལྷག་པར་བརྩིག་པའི་ལྟུང་བྱེད་དུ་འགྱུར་རོ། །རྨང་མི་བརྟན་པ་དང་། རྒྱ་ཕུགས་ལ་སོགས་པ་སྒོ་ཆ་མ་གཏོད་པ། འཇིམ་པ་མེད་པ་གསུམ་ནི་ཉི་མ་གཞན་ལ་ཡང་གསུམ་ལས་ལྷག་པར་བརྩིགས་ན་དངོས་གཞིར་འགྱུར་ལ། ཆུ་ཁུང་གཏོད་པ་དང་སྒོ་ཆ་བཅུག་པ་ལ་ནི། དེ་ཡན་ཆད་ནས་རིམ་པ་གསུམ་བགྲང་ཞིང་། རིམ་པ་བཞི་པ་བརྩིག་པར་རྩོམ་པ་ནི་སྦྱོར་བ། དེ་ཡན་ཆད་ཀྱི་མདུན་རོལ་ནི་ཉེས་མེད་དུ་བཤད་དོ། །གཙུག་ལག་ཁང་དེ་ལ་སྒོ་ཆ། ངོས་ཁུང་། སྐར་ཁུང་། འབབ་སྟེགས་དང་བཅས་པ་བཟོ་བར་བྱའོ། ༢༡ །མ་བསྐོས་དགེ་སློང་མར། ཆོས་སྟོན་པ་ལའོ། །བསྐོས་པ་དེ་དག་ལ་གཅིག་དང་ཡང་མི་ལྡན་པ་དང་། མ་བསྐོས་པ་དགེ་སློང་མ་ལ་སྟོན་ནའོ། །ཞེས་སོགས་ཀྱི་དོན། གླེང་གཞི་ནི། མཉན་ཡོད་ན་དགེ་སློང་མ་གནས་བརྟན་མ་མང་པོ་རྒྱལ་པོའི་ཀུན་རར་དབྱར་གནས་ནས། སྐྱེ་དགུའི་བདག་མོ་བཅོམ་ལྡན་འདས་ལ་ཆོས་ཉན་དུ་སོང་བ་དང་། དགེ་སློང་དག་ང་རྒས་འཁོར་རྣམ་བཞི་ལ་ཆོས་སྟན་ན་ངལ་བར་འགྱུར་གྱི། ཁྱེད་དགེ་སློང་རྣམས་ཀྱིས་རེས་ཀྱི་དགེ་སློང་མ་ལ་སྟོན་ཅིག་དགེ་སློང་དགའ་བྱེད་རེས་བབ་ཀྱང་མི་སྟོན་ནོ། །སྐྱེ་དགུའི་བདག་མོ་སྟོན་པ་ལ་ཆོས་མཉན་ནས་སོང་བ་དང་། ཀུན་དགའ་བོ་དགེ་སློང་མ་ལ་དགེ་སློང་རྣམས་ཀྱིས་ཆོས་མི་སྟོན་ནམ། ཕལ་ཆེར་སྟོན་ཏེ་དགའ་བྱེད་མི་སྟོན་ནོ། །དགའ་བྱེད་ཁྱོད་ཀྱིས་དགེ་སློང་མ་ལ་ཆོས་སྟོན། ངའམ་ཁྱོད་ཀྱིས་དགེ་སློང་མ་ལ་ཆོས་བསྟན་དུ་རུང་བའི་ཕྱིར་རོ། །དེ་དང་དུ་བླངས་ནས་ཆོས་བསྟན་པ་དང་པོས་ཕྱིར་མི་འོང་དང་། ཕྱི་མས་དགྲ་བཅོམ་པར་འགྱུར་བ་བསྟན་ཏེ། འདི་ནི་རེ་ཞིག་བྱུང་བའོ། །དྲུག་སྡེས་རེས་ལ་བབ་པ་དང་ཆོས་བསྟན་པའི་རྗེས་ལ་ལྷན་ཅིག་རྩེ་བ་འཕྱར་གཡེང་བྱེད་ནས། བདག་གིར་བྱེད་པ་དག་ལྷན་ཅིག་དེ་ལྟར་བྱེད་ལ། མི་བྱེད་པ་དག་འཆག་པ་དང་སྒོ་ཁང་ན་འདུག་ནས། གནས་ངན་ལེན་ཀུན་ཏུ་སྤྱོད་པ་འདི་འདྲ་བ་བདག་ཅག་ལ་སྟོན་པར་བྱེད་དོ་ཟེར་བ་དེ་གསོལ་བས། དྲུག་སྡེ་དགེ་སློང་མའི་སྟོན་པར་མ་བསྐོ་ཞིག་ཅེས་གསུངས་པ་དང་། དེ་དག་གཅིག་གིས་གཅིག་བསྐོས་ནས་བསྟན་པ་ལ་ཉེས་དམིགས་དེ་ལྟ་བུར་གྱུར་ནས། མ་བསྐོས་པར་མ་སྟོན་ཅིག དྲུག་སྡེ་མཚམས་ཀྱི་ཕྱི་རོལ་དུ་སོང་ནས། གཅིག་གིས་གཅིག་བསྐོས་ནས་བསྟན་པས། ཉེས་དམིགས་དེ་ཉིད་དུ་གྱུར་ནས། མཚམས་ཀྱི་ཕྱི་རོལ་དུ་སྟོན་པར་མི་བསྐོའོ། །དྲུག་སྡེས་མཚམས་ནང་དུ་ནད་པའི་འདུན་པ་བླངས། གཞན་རྣམས་བྲེལ་བར་བྱས་ཏེ་བསྐོས་པ་དང་། དེ་ལྟར་མི་བྱ་བར་ཚེས་བཅོ་ལྔ་ན་དགེ་འདུན་ཐམས་ཅད་མཐུན་པར་བསྐོ་བར་བྱའོ། །མཁས་རྨོངས་སུ་ཡང་རུང་བ་བསྐོས་པ་དང་། ཕམ་པར་འགྱུར་བ་སོགས་སོ། །དེ་ལྟར་བཅས་ཀྱང་དྲུག་སྡེ་མ་བསྐོས་པར་སྟོན་པ་དང་། དགེ་སློང་རྣམས་འཕྱ་བའི་སྐབས་དེ་གསོལ་བས། བྱུང་བ་འདི་ལས་བཅས་སོ། །གཞི་དགེ་སློང་མ་ལ། བསམ་པ་ཆོས་སྟོན་པར་འདུན་པ། སྦྱོར་བ་བསྐོས་ཀྱང་བསྐོར་རུང་བའི་ཆོས་ལྔ་ལས་གཅིག་དང་ཡང་མི་ལྡན་པའམ། ལྡན་ཡང་དགེ་འདུན་ལོངས་བཞིན་དུ་མ་བསྐོས་པ། མི་ཆོས་བླ་མ་ཐོབ་པའི་མཐུ་དང་ལྡན་པ་མ་གཏོགས་པའི་དགེ་སློང་གིས་ཆོས་བསྟན་པར་ཞུགས་པ། མཐར་ཐུག་ཆོས་བསྟན་པ་སྟེ། ཡན་ལག་འདི་ཚང་ན་མ་བསྐོས་པར་བསྟན་པའི་ལྟུང་བྱེད་དུ་འགྱུར་རོ། །ཆོས་ལྔ་ནི། ཚུལ་ཁྲིམས་དང་ལྡན་པའི་ཞེས་ཕམ་པར་གྱུར་པ་མ་བྱུང་བ་དང་། མང་དུ་ཐོས་པ་ཞེས་པས་སྡེ་སྣོད་གསུམ་འཛིན་པ་དང་། གནས་བརྟན་རྒྱལ་ཚབ་ལྟ་བུ་ཞེས་པ་བསྙེན་པར་རྫོགས་པ་ལོ་ཉི་ཤུ་ལོན་པ་དང་། དགེ་སློང་མ་ལ་ལུས་ཀྱི་རེག་པས་སུན་མ་ཕྱུང་ཞིང་། གལ་ཏེ་སུན་ཕྱུང་བ་ཡིན་ཡང་ཕྱིར་བཅོས་བྱས་པ་དང་ལྔའོ། །དེ་དག་ལས་བཞི་ནི་ངེས་པར་དགོས་ལ། མང་དུ་ཐོས་པ་ནི་མེད་ན་སོ་སོ་ཐར་པའི་མདོ་ཐོན་པ་ཡང་བསྐོའོ། །དེ་ཡང་མེད་ན་དགེ་སློང་མའི་ཕམ་པར་འགྱུར་བ་བརྒྱད་དང་། ལྕི་བའི་ཆོས་བརྒྱད་པོ་དག་སྟོན་ནུས་པ་ཡང་བསྐོའོ། །དེ་ཡང་མེད་ན་སྲིང་མོ་དག་ཁྱེད་དགེ་སློང་མའི་དགེ་འདུན་ཚོགས་སམ། ཡོངས་སུ་དག་གམ། མཐུན་ནམ། ཁ་ན་མ་ཐོ་བ་མེད་དམ། ཁྱེད་ཅག་ལ་དགེ་འདུན་གྱིས་མ་བསྐོས་པའི་གང་ཟག་འགའ་ཞིག་སྟོན་པར་མི་བྱེད་དམ། ཁྱེད་ཅག་ལ་སྟོན་པའི་གང་ཟག་འགའ་ཞིག་ནི་དགེ་འདུན་ལས་འོངས་སོ། །ཁྱེད་ཅག་ལ་དགེ་འདུན་འགའ་ཡང་སྟོན་པར་མི་སྤྲོའོ། །ཁྱེད་ཅག་གི་གདམ་ངག་དང་རྗེས་སུ་བསྟན་པ་ནི་དགེ་འདུན་ལས་སོ། །སྲིང་མོ་དག་གིས་བག་ཡོད་པར་སྒྲུབས་ཤིག ཅེས་བྱ་བ་དེ་སྟོན་ནུས་པ་བསྐོ། ཞེས་པས། གསོ་སྦྱོང་གི་རྗེས་སུ་མཚམས་ཀྱི་ནང་དུ་གསོལ་བ་དང་ལས་ཀྱིས་བསྐོ་བར་བྱའོ། །གལ་ཏེ་དགེ་འདུན་དུ་མ་ལོངས་པ་གསུམ་ལ་སོགས་པའི་ནང་དུ་སྟོན་པའི་འོས་ཤིག་ཡོད་ན་ཉེ་བར་སོང་ལ། གསོལ་ནས་སྟོན་པ་ལ་ཉེས་པ་མེད་ཅིང་། དགེ་སློང་མ་དེ་དག་ལ་ཡང་ཉེས་པ་མེད་དོ། །སྔོན་མ་ལན་ཅིག་བསྐོས་པས་ཇི་སྲིད་འཚོའི་བར་དུ་བསྐོས་པ་ཉིད་ཡིན་པས། དེས་བསྟན་པར་བྱ་བ་ཡང་ཡིན་ནོ། །མི་ཆོས་བླ་མ་ཐོབ་པ་ནི། འཕགས་པ་ལམ་འཕྲན་བསྟན་གྱི་གླེང་གཞི་ལ་བརྟེན་ནས། འདི་ནི་གནང་བ་ཡིན་ལ། སྔ་མ་ནི་བཅས་པ་ཡིན་ནོ། ༢༢ །ཤེས་བཞིན་ཉི་ནུབ་ཡང་། ཤེས་གཙོ་བོ། ཉི་མ་ནུབ་པ་ཉིད་ལའོ། །ཞེས་སོགས་ཀྱི་དོན། གླེང་གཞི་ནི། དགའ་བྱེད་ཀྱིས་དགེ་སློང་མ་ལ་ཆོས་སྟོན་དུ་ཕྱིན་པས། ཨུཏྤ་ལའི་མདོག་འཁོར་ལྔ་བརྒྱ་དང་བཅས་པ་ཕྱག་འཚལ་ཏེ་འདུག་གོ །དེས་བུད་མེད་ཀྱི་ཡུལ་ནི་ཤེས་རབ་ཆུང་སྙམ་ནས་མདོར་བསྡུས་ཏེ་གསུངས་པ་དང་། ཨུཏྤ་ལའི་མདོག་ཤེས་རབ་ཆེ་བས་གོང་ནས་གོང་དུ་འདྲི་བ་བྱེད་ཅིང་དེའི་ལན་བཏབ་པས། ཉི་མ་ནུབ་ནས་དེ་དག་ལངས་ཏེ་སོང་བ་དང་། མཉན་ཡོད་ཀྱི་སྒོ་བཅད་ནས་སྒོ་བ་ལ་སྒོ་ཕྱེ་ཞིག ལྡེ་མིག་རྒྱལ་པོའི་ཕོ་བྲང་དུ་ཁྱེར་རོ། །དེས་མཉན་ཡོད་དང་ཧ་ཅང་མི་རིང་བའི་ཀུན་དགའ་ར་བ་ཞིག་ཏུ་ཤིང་ལྗོན་པ་རྒན་རིམ་ནས་བསྐོས་ནས་འཁོད་པ་དང་། ཨ་ཡྻེ་ཨ་ཡྻེ་སྒྲ་མཐོན་པོ་བྱུང་བ་གཡོན་ཅན་ལྔ་བརྒྱ་ཙམ་གྱིས་ཐོས་ནས་བཙུན་མོའི་འཁོར་དུ་ཤེས་ནས་གཞོམ་པར་འདོད་པ་དེ་ཨུཏྤ་ལའི་མདོག་གིས་ཤེས་ནས། འཕགས་སྐྱེས་པོའི་དཔུང་སྤྲུལ་ཏེ་རྔ་པ་ཊ་ཧ་བརྡུངས་པ་དང་བྲོས་སོ། །ཨུཏྤ་ལའི་མདོག་གིས་འདི་ལྟར་གྱི་ལག་བརྡས་བསྒོ་ཞིག ནང་པར་སྔར་ལངས་ཏེ་སོང་བས་ཁྱིམ་པ་རྣམས་ཤཱཀྱའི་བུ་རྣམས་འདྲེ་བ་དང་ལྷག་པར་འདྲེ་བའི་ཚངས་པར་སྤྱོད་པ་བཟང་ངོ་ཞེས་ཟེར་རོ། །དགེ་སློང་དོན་ཉུང་ངུ་དག་འཕྱ་ནས་གསོལ་བས། བྱུང་བ་འདི་ལས་བཅས་སོ། །གཞི་གཙུག་ལག་ཁང་གི་མདུན་དུ་དབྱར་ཁང་འདུག་པས་མཚོན་ཏེ། མྱུར་དུ་ཐག་ཐོགས་མེད་པར་རང་གི་གནས་སུ་ཕྱིན་པར་རུང་བའི་གཞི་མ་ཡིན་པར་དགེ་སློང་མ་ལ་ཉི་མ་ནུབ་ནས། བསམ་པ་ནུབ་པར་ཤེས་བཞིན་དུ། སྦྱོར་བ་མཚན་ཐོག་ཐག་སྟོན་པ་མ་གཏོགས་པར་བསྐོས་པས་བསྟན་པ། མཐར་ཐུག་བསྟན་ཟིན་པ་སྟེ། ཡན་ལག་འདི་ཚང་ན་ཉི་མ་ནུབ་ཀྱི་བར་སྟོན་པའི་ལྟུང་བྱེད་དུ་འགྱུར་རོ། ༢༣ །འདོད་སྲེད་མིན་ལ་ཟས་ངོར་སྟོན་སྨྲས་སོ། །དགེ་སློང་མས་ཆོས་དྲིས་པ་ལ་མི་འཇིགས་པར་བྱ་བའི་ཕྱིར་དགེ་སློང་ལ་ཟས་དབུལ་བར་བྱའོ། །ཞེས་སོགས་ཀྱི་དོན། གླེང་གཞི་ནི། དགའ་བྱེད་སྐྱེ་དགུའི་བདག་མོ་ཅན་སོང་སྟེ། །ཚིག་དང་ཡི་གེ་ཟབ་པས་ཆོས་བསྟན་པས། །བུད་མེད་ཤེས་རབ་འཆལ་བའི་ཕྱིར་མ་གོ་སྟེ་འདྲི་མ་ནུས་སོ། །སྲུ་སྐྱེ་དགུའི་བདག་མོས་སྟོན་པ་ལ་དེ་ཞུས་ནས། སྦྱིན་པ་ནི་མི་འཇིགས་པའི་རྒྱུར་བཀའ་སྩལ་ན། གནང་ན་ཀུན་དགའ་བར་འགྱུར་བ་དག་བྱའོ། །ཇི་ལྟར་བྱ་བ་མི་ཤེས་ནས། བཅའ་བ་ལྔ་དང་། བཟའ་བ་ལྔ་དང་། ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་ཕོར་བུ་སོགས་ཀྱིས་བྱའོ། །དགེ་སློང་མ་ཞིག་གིས་འོ་ཐུག་ཁྱེར་ཏེ་སོང་བ་དང་། ཉེ་དགའ་སྒོ་ན་འདུག་པས། ཅི འོ་ཐུག་གོ །སུ་ལ་བླུད། དགའ་བྱེད་ལའོ། །ཉེ་དགའ་འོ་ཐུག་རྙེད་ནས་རྟག་པར་དགེ་སློང་མ་ལ་སྟོན་ནོ། །དེ་བཞིན་དུ་ཁ་ཅིག་གིས་ཞོ། ཁ་ཅིག་གིས་ཧྭགས་ཀྱི་ལ་དུ་སོགས་སོ། །དགའ་བྱེད་ཆོས་བཟང་པོས་སྟོན་གྱི། བཟའ་བ་ཙམ་གྱི་ཕྱིར་སྟོན་པར་མི་སེམས་སོ། །ཞེས་འཕྱ་བའི་སྐབས་དེ་གསོལ་བས། བྱུང་བ་འདི་ལས་བཅས་སོ། །གཞི་འདོད་པ་དང་སྲེད་པས་ཟས་ངོར་ཆོས་སྟོན་པ་མ་ཡིན་པའི་དགེ་སློང་ལ། བསམ་པ་འདུ་ཤེས་བསྒྱུར་ནས། སྦྱོར་བ་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ་ཞེས་སྨྲ་བ། མཐར་ཐུག་གོ་བ་སྟེ། ཡན་ལག་འདི་ཚང་ན་ཟས་ཕྱིར་སྟོན་པའི་ལྟུང་བྱེད་དུ་འགྱུར་རོ། ༢༤ །ཉེ་མིན་དགེ་སློང་མ་ཡི་གོས་བཟོས་དང་། །ཤེས་གཙོ། དགེ་སློང་མ་ཉེ་དུ་མ་ཡིན་པ་ཉིད་ལའོ། །གོས་བྱེད་ནའོ། །ཞེས་པའི་དོན། གླེང་གཞི་ནི། སྦེད་མའི་ཆོས་གོས་ལྔ་ངན་ཅིང་བརྙིངས་ནས་རས་ཡུག་ཆེན་གཅིག་རྙེད་དེ། འདི་སུས་འཚེམ་སྙམ་པ་དང་། དགེ་སློང་མ་ན་རེ། ཁྱེད་གསེར་སྣོད་ཀྱི་སློང་མོ་རྒྱུའམ། འཆར་ཀ་མཁས་སོ། །མི་འཚེམ་མོ། །སྔར་བཅོལ་ལམ། མེད་དོ། །ཅིའི་ཕྱིར། ཆུའི་སྒྲ་ཁོ་ན་ལ་ལྷམ་འབུད་དམ། ཆོལ་ཞིག དེར་སོང་བ་དང་། རས་ཡུག་མཐོང་ནས་གང་ལ་རས་ཡུག་འདི་འདྲའི་སྣམ་སྦྱར་ཡོད་ན་སྙིང་ལས་ཆུང་ངུའི་དགེ་བ་ལ་བྲོན་བྱེད་པར་འགྱུར་རོ། །བདག་རས་མི་འབུལ་བ་མ་ལགས་ཏེ། བདག་གི་ཆོས་གོས་ལྔ་བརྙིངས་ནས་འཚེམ་སྟེ་གསོལ་ཅིག འདི་བཙེམས་ན་བཅུ་གཉིས་སྡེའང་འཆོལ། མི་འཚེམ་ན་ཚིག་པའི་ཕྱིར། དབྱར་ཚིག་ཀྱང་མི་སྟེར་བར་འགྱུར་བས་ཤིང་སྣོད་དུ་བཀོལ་བ་ལྟ་བུ་ཞིག་བྱའོ་སྙམ་ནས་ཞོག་ཅིག་དེ་དྲུག་སྡེས་མཐོང་ནས། འདི་ཅི། སྦེད་མའིའོ། །བཙེམ་མོ་ཟེར་ནས་བཙེམས་ཏེ། འཆར་ཀས་ཚོན་སྣ་ལྔའི་སྐུད་པས་བདག་ཉིད་སྦེད་མའི་མགུལ་ནས་འཁྱུད་པ་ཞིག་སྐུད་རིས་སུ་བཏབ་ནས་བཞག་གོ །སྦེད་མ་འོངས་པ་དང་། འདི་ཚོན་གྱིས་མ་སྦགས་བར་དུ་མ་འབྱེད་ཅིག ལྟུང་བར་འགྱུར་ཏ་རེ། དེས་དེ་ཁྱེར་ཏེ་དབྱར་ཁང་དུ་ཕྱིན་པ་དང་། བལྟས་འོན་ཅིག འཆར་ཀ་ན་རེ། མ་བཅལ་བར་མ་དབྱེ་ལྟུང་བར་འགྱུར་ཏ་རེ་ཟེར་རོ། དེ་ལ་ལྟུང་བ་ཅི་ཡོད་བྱས་ཧུར་ཕྲོགས་ཏེ་བལྟས་པས། རི་མོ་མཐོང་ནས་རྟ་བགད་བྱས་པ་དང་། ཅི་ལ་བགད། འཆར་ཀས་མི་མཛེས་པ་བྱས་པ་ལ་གཟིགས། དྲུག་སྡེས་བསྟན་པ་འཇིག་པར་བྱེད་དོ་ཞེས་འཕྱ་བའི་སྐབས་དེ་གསོལ་བས། བྱུང་བ་འདི་ལས་བཅས་སོ། །གཞི་ཉེ་དུ་མ་ཡིན་པའི་དགེ་སློང་མའི། བསམ་པ་ཉེ་དུ་མ་ཡིན་པར་ཤེས་བཞིན། སྦྱོར་བ་གོས་བཟོ་བ། མཐར་ཐུག་གྲུབ་པ་སྟེ། ཡན་ལག་འདི་ཚང་ན་གོས་བཟོས་པའི་ལྟུང་བྱེད་དུ་འགྱུར་རོ། ༢༥ །གོས་སྦྱིན་ཡང་ངོ་འདི་ལ་བཞི་ཉེས་མེད། །གོས་བྱིན་ནའོ། །ཞེས་པ་ལ་སོགས་པའི་དོན། གླེང་གཞི་ནི། མཉན་ཡོད་ན་ཚོང་དཔོན་ཞིག་རྒས་ནོར་ཟད་དེ། ཆུང་མ་ལ་ཁོ་བོས་ནོར་བསྒྲུབ་མི་ནུས་ཀྱི་རབ་ཏུ་བྱུང་ངོ་། །བདག་ཀྱང་འབྱུང་ངོ་། །དེས་དེ་སྲུ་སྐྱེ་དགུའི་བདག་མོའི་དྲུང་དུ་ཁྲིད་ནས། འདི་རབ་ཏུ་དབྱུང་དུ་གསོལ། དེས་དེ་རབ་ཏུ་བྱུང་ནས། བུད་མེད་སྲེད་པ་བཅད་པ་ལགས། དུས་དུས་སུ་བྱོན་ཅིག དེས་རྒྱལ་བྱེད་ཀྱི་ཚལ་དུ་རབ་ཏུ་བྱུང་བས། ཚོང་དཔོན་རབ་ཏུ་བྱུང་ངོ་ཟེར་ནས་ཆོས་གོས་དང་བསོད་སྙོམས་རྙེད་པ་མང་པོ་བྱུང་བས། དུས་གཅིག་ན་སྣམ་སྦྱར་དམར་སེར་བྱོན་ནས་དབྱར་ཁང་ནང་དུ་སོང་བས། དགེ་སློང་མ་དེས་ཕྱག་འཚལ་ནས་སྣམ་སྦྱར་ལ་རྟོག་གོ །སྲིང་མོ་འདོད་དམ། ལྷ་གནས་ཀྱི་ལྷག་མ་བཞིན་དུའོ། །དེས་དེ་ལ་བྱིན་ནོ། སྟོན་པས་ཀོ་ས་ལར་ལྗོངས་རྒྱུ་རུ་གཤེགས་ཀྱི། ཆོས་གོས་ཀྱི་ལས་གྱིས་ཤིག་གསུངས་ནས་དགེ་སློང་དང་བཅས་པ་ཀོ་ས་ལར་གཤེགས་ཏེ་འཁོར་ལ་གཟིགས་པས། དགེ་སློང་དེ་སྣམ་སྦྱར་མེད་པར་གཟིགས་ནས། ཀུན་དགའ་བོ་ལ་རྨེད་པས། རྒྱས་པར་གསོལ་ཏེ། བྱུང་བ་འདི་ལ་བཅས་སོ། །གཞི་བསམ་སྔ་མ་བཞིན་ལ། སྦྱོར་བ་དགེ་སློང་མའི་དགེ་འདུན་ལ་གོས་འབུལ་བ་དང་། གཞི་མ་ཡིན་པ་ལ་གོས་བྱིན་པ། མཐར་ཐུག་དེས་ལག་ཏུ་ཐོབ་པ་སྟེ། ཡན་ལག་འདི་ཚང་ན་གོས་བྱིན་པའི་ལྟུང་བྱེད་དུ་འགྱུར་རོ། །བཞི་ནི། བོར་རླག་བྱུང་བ་དང་། ལེགས་པར་སྨྲ་བ་དང་། བསྙེན་པར་རྫོགས་པར་བྱེད་པ་དང་། བརྗེ་བའི་ཕྱིར་སྦྱིན་པ་ཉེས་མེད་དོ། ༢༦ །དགེ་སློང་མ་གཅིག་ལམ། འཇིགས་པ་དང་བཅས་པའི་ལམ་ཉིད་དུ། ཞེས་པ་ལ་སོགས་པའི་དོན། གླེང་གཞི་ནི། དྲུག་སྡེས་དགེ་སློང་མ་བཅུ་གཉིས་སྡེ་དང་། ལམ་རྒྱགས་མང་པོ་སྟ་གོན་བྱས་ནས་ལྗོངས་རྒྱུ་རུ་ལྷགས་སོ། །དགེ་སློང་བསོད་སྙོམས་པ་ཞིག་འགྲོ་བར་འདོད་པ་གྲོགས་ཀྱིས་བཀག་ཀྱང་ངེད་ལོ་ཐལ་བས་མི་གནོད་ཟེར་ནས་སོང་ངོ་། དེ་དག་མཚམས་ཀྱི་ཕྱི་རོལ་ཏུ་སོན་པ་དེའི་ཚེ། ཡུན་ཇི་སྲིད་གཞན་གྱི་སྤྱོད་ལམ་གྱིས་འཁོད་པར་བྱས་ཚུར་ཤོག རང་གི་སྤྱོད་ལམ་གྱིས་འཁོད་དོ་ཟེར་ནས་དང་པོར་དགའ་བོ། དེའི་འཁྲིས་སུ་དགའ་མོ། དེ་ནས་དགའ་བོའི་ལྷན་ཅིག་གནས་པ། དེ་ནས་དགའ་མོའི་ལྷན་ཅིག་གནས་མ། དེའི་འོག་ཏུ་དགའ་བོའི་དགེ་ཚུལ། དེའི་འོག་ཏུ་དགའ་མོའི་དགེ་ཚུལ་མ། དེའི་འོག་ཏུ་ཉེ་དགའ་དང་གཙུག་དགའ་མ་ལ་སོགས་པས་སྤེལ་ཏེ་དོང་བ་ལ་བྲམ་ཟེ་གཅིག་ན་རེ། འདི་དགེ་སློང་། འདི་དེའི་ཆུང་མ། འདི་དེའི་བུ། འདི་དེའི་མནའ། འདི་ཚ་བོ། འདི་ཚ་བོའི་ཆུང་མ་ཟེར་བ་དང་། ཉེ་དགའ་ཁྱེད་ཀྱི་གཉའ་བ་རྡོག་པས་མནན་ནས་ཆུང་མ་སོགས་ཡིན་ནོ། །བསོད་སྙོམས་པ་དེས་བདག་ཤི་བ་ནི་བླའི། འདི་དག་དང་འགྲོགས་པ་ནི་དེ་ལྟ་མ་ཡིན་ནོ་ཟེར་ནས་ལོག་ཕྱིན་པ་དང་། བདེ་བར་རྒྱུས་སམ། ཅིའི་བདེ་བ། དྲུག་སྡེས་བསྟན་པ་འཇིག་པར་བྱེད་དོ་ཟེར་བའི་སྐབས་དེ་གསོལ་བས། བྱུང་བ་འདི་ལས་བཅས་སོ། །གཞི་འཇིགས་པ་མེད་པའི་ལམ་དུ་དགེ་སློང་མ་དང་ལྷན་ཅིག་ཏུ། བསམ་པ་འགྲོ་བར་འདོད་པ། སྦྱོར་བ་སྔར་འཐམས་སམ་མ་འཐམས་ཀྱང་རུང་འགྲོ་བར་ཞུགས་པ། མཐར་ཐུག་རྒྱང་གྲགས་གཅིག་ཕྱིན་པ་སྟེ། ཡན་ལག་འདི་ཚང་ན་དགེ་སློང་མ་དང་ལྷན་ཅིག་ལམ་དུ་འཇུག་པའི་ལྟུང་བྱེད་དུ་འགྱུར་རོ། །རྒྱང་གྲགས་ཀྱི་ཕྱེད་ནི་ཉེས་བྱས། རྒྱང་གྲགས་ཀྱི་གྲངས་ཇི་ཙམ་པར་ལྟུང་བྱེད་ཀྱི་གྲངས་ཀྱང་འགྱུར་རོ། ༢༧ །གྲུར་འཇུག་ཀྱང་། །འཇིགས་བཅས་ཉེས་མེད་ཞར་ལ་སྦྱིན་ལེན་གནང་། །འགྲམ་གཉིས་འཇིགས་པ་དང་བཅས་པ། ཞེས་སོགས་ཀྱི་དོན། གླེང་གཞི་ནི། དྲུག་སྡེས་སྔར་བཞིན་བཅུ་གཉིས་སྡེ་ལ་ལྷན་ཅིག་འདོང་ངོ་། །མ་བཀག་གམ། སྐམ་གྱི་ལམ་དུ་བཀག་པས་གྲུ་ལ་འདོང་ངོ་། །རུང་ངམ། རུང་གི ལམ་རྒྱགས་མང་པོ་སྟ་གོན་གྱིས་ཤིག སྟ་གོན་བྱས་པ་དང་། དྲུག་སྡེས་དབྱར་ཚུལ་བྱས་པས་ཟད་ནས་མང་པོ་སྟ་གོན་གྱིས་ཤིག་བྱས་ནས་བསོད་སྙོམས་པ་ཞིག་བཀག་ཀྱང་མ་ཉན་པར་སོང་ངོ་། །དེ་དག་མཚམས་ཀྱི་ཕྱི་རོལ་དུ་སོང་བ་དང་སོགས་ནས། དྲུག་སྡེས་བསྟན་པ་འཇིག་པར་བྱེད་དོའི་བར་སྔར་དང་འདྲ། དེ་གསོལ་བས། བྱུང་བ་འདི་ལས་བཅས་སོ། །གཞི་དགེ་སློང་མ་དང་འཐམས་སམ་མ་འཐམས་པར་འཇིགས་པ་མེད་པའི་གྲུར་བར་ཆད་མེད་པར་རྒྱུན་ལས་བཟློག་ཕྱོགས་སུ། །བསམ་སྦྱོར་མཐར་ཐུག་སྔ་མ་དང་འདྲ་བ་ཚར་ན་གྲུར་འཇུག་པའི་ལྟུང་བྱེད་དུ་འགྱུར་རོ། །ཐད་ཀར་ཆུའི་ཕ་རོལ་ཏུ་འགྲོ་བ་ནི་གནང་བའོ། །ཡོ་བ་དང་། རྡིབ་ཆད་དང་། དབའ་ཀློང་གདོས་པ་ཆག་པ་དང་། རུ་སྐྱ་འཛིན་པའི་དབང་གིས་གཞན་དུ་སོང་བ་ཉེས་མེད་དོ། །འདི་གཉིས་ལ་འཇིག་པ་དང་བཅས་ན་ཉེས་མེད། དགེ་སློང་གི་ལམ་རྒྱགས་རྩེ་རྒོད་མ་དང་། དགེ་ཚུལ་མ་ལ་བསྐུར་བར་རུང་ཞིང་། འཁུར་བ་མེད་ན་དགེ་སློང་མ་ལ་ཡང་བསྐུར་བར་རུང་ལ། དགེ་སློང་མའི་ཡང་བཟློག་སྟེ་ཤེས་པར་བྱའོ། །དེ་དག་ཏུ་དགེ་སློང་དང་དགེ་སློང་མ་སྦྱིན་ལེན་བྱ་བར་ཡང་གནང་ཞིང་། ཚངས་པ་མཚུངས་པར་སྤྱོད་པ་ན་བ་ལམ་དུ་མི་འདོར་ཞིང་། མཚན་མི་མཐུན་ན་མགོ་ལོགས་དང་། མཐུན་ན་རྐང་ཕྱོགས་ནས་གཟུང་། གྲོང་དུ་ཕྱིན་པ་ཉིད་ན་སྨན་དང་ཟས་ལེགས་པར་སྦྱར་ཏེ་རང་བཞིན་མཐུན་པའི་ནད་གཡོག་གཅིག་བཞག་ནས་སོང་བ་ཉེས་པ་མེད་དོ། ༢༨ །དབེན་པར་བུད་མེད་དང་བཅས་གཅིག་པུར་འདུག །བུད་མེད་གཅིག་པུ་ཉིད་དང་། ཞེས་བྱ་བ་ལ་སོགས་པའི་དོན། གླེང་གཞི་ནི། འཆར་ཀ་མཉན་ཡོད་དུ་སོང་བ་དང་། སྦེད་མའི་ཁྱིམ་དུ་སོང་ངོ་། །སྦེད་མས་སྟན་ལ་བཞུགས་ཤིག འཆར་ཀ་ཁ་ནང་དུ་བལྟས་ཏེ་འདུག སྦེད་མ་ཁ་ཕྱིར་བལྟས་ཏེ་འདུག་ནས། ཆོས་བསྟན་སྔོན་གྱི་གཏམ་དག་བྱ་བར་བརྩམས་པ་དང་། དགེ་སློང་ཞིག་དེར་འོངས་པ་སྦེད་མས་མཐོང་ནས་མ་འོང་གི་བརྡ་བྱས་སོ། །ཁྱོད་ཁོ་བོ་འདུག་བཞིན་དུ་སྐྱེས་པ་གཞན་ལ་བརྡ་བྱེད་དམ། འཕགས་པའི་བཀའ་མཆིད་སྤངས་སམ་སྙམ་ནས་བགྱིས་སོ། །ཁོ་བོའི་བདེན་བཞིའི་གཏམ་བྱས་སྙམ་མམ། བསོད་སྙོམས་བྱིན་ཅིག དེས་བཟའ་བཅའ་བསོད་པས་ལྷུང་བཟེད་བཀང་ནས་བྱིན་ནོ། །འཆར་ཀས་ཟས་ཀྱི་བྱ་བ་བྱས་ནས་སོང་བ་དང་། བསོད་སྙོམས་པ་དག་གིས་ཁྱོད་ཀྱིས་བསོད་སྙོམས་ཟོས་སོ། །དེ་བཞིན་ནོ། །ཁྱེད་བུད་མེད་དང་ལྷན་ཅིག་སྟན་ལ་འདུག་ཏུ་རུང་ངམ། རུང་ཡང་སྲིད་མི་རུང་ཡང་སྲིད་བསྡད་དོ། །ཁོ་བོའི་བསོད་སྙོམས་ཟ་ཞིང་བསླབ་པ་འཆར་ཆུག་ཅིག དེ་ཡལ་བར་བོར་དུ་རེའམ་ཟེར་བ་དེ་གསོལ་བས། བྱུང་བ་འདི་ལས་བཅས་སོ། གཞི་སྐྱེ་བོའི་རྒྱུན་ལུགས་ཀྱིས་དབེན་པའི། སྐྱབས་དང་བཅས་པའི། འདོམ་གང་ཙམ་དུ། དགེ་སློང་རང་ཉིད་བུད་མེད་གཅིག་པུ་དང་། བསམ་པ་ལྷན་ཅིག་འདུན་པར་བསམ་པ། སྦྱོར་བ་ལྷན་ཅིག་ཏུ་སྡོད་པར་བརྩམས་པ། མཐར་ཐུག་འཕོངས་ས་ལ་བཞག་པ་ཙམ་སྟེ། ཡན་ལག་འདི་ཚང་ན་གཅིག་པུར་འདུག་པའི་ལྟུང་བྱེད་དུ་འགྱུར་རོ། ༢༩ །འགྲེང་ཡང་། དགེ་སློང་མ་དང་ངོ་། །འགྲེང་བ་ལའོ། །ཞེས་པའི་དོན། གླེང་གཞི་ནི། སྦེད་མ་རབ་ཏུ་བྱུང་ནས་དགེ་སྐོས་བྱེད་པ་ན། དགེ་སློང་མ་རྣམས་བསོད་སྙོམས་ལ་སོང་བའི་རྗེས་སུ་ཕྱག་བདར་བྱེད་ཀྱི་འདུག འཆར་ཀ་དེར་བྱུང་བ་དང་ཕྱག་འཚལ། ཕྱགས་མ་ཕྱོགས་གཅིག་ཏུ་བཞག་ནས་འགྲེང་ངོ་། །འཆར་ཀ་ཡང་འགྲེང་སྟེ་ཆོས་བསྟན་ནས་སྔར་བཞིན་དུ་གཏམ་བརྗོད་པ་དང་། ད་བཞུད་ཅིག་ཕྱག་བདར་མ་ཚར་ན་སྨོད་པར་འགྱུར་རོ། །དེ་སོང་སྟེ་ཕྱག་བདར་བྱ་བར་བརྩམས་པ་དང་། དགེ་སློང་མ་རྣམས་ལྷགས་ནས་ཁྱོད་ཀྱིས་ཅི་བྱས་ན། དབྱར་ཁང་ཕྱག་བདར་ལས་ཁྱེད་དོང་ནས་ས་ལ་མ་འདུག་གོ །དགེ་སློང་མ་ནད་མ་ཞིག་ནས་དེ་ནི་བདེན་ཏེ། འཆར་ཀ་དང་ལྷན་ཅིག་འགྲེང་ནས་མ་བག་མར་བླངས་པ་ཚུན་ཆད་བརྗོད་དོ། །དེ་བརྒྱུད་དེ་གསོལ་བས། བྱུང་བ་འདི་ལས་བཅས་སོ། །གཞི་དབེན་པའམ་སྐྱབས་ཡོད་དུ་དགེ་སློང་མ་དང་གཅིག་པུར། བསམ་པ་ལྷན་ཅིག་འགྲེང་བར་འདུན་པ། སྦྱོར་བ་འགྲེང་བ། མཐར་ཐུག་འགྲེང་བས་གནས་པ་སྟེ། ཡན་ལག་འདི་ཚང་ན་གཅིག་པུར་འགྲེང་བའི་ལྟུང་བྱེད་དུ་འགྱུར་རོ། ༣༠ །ཉེ་མིན་མ་གཉེར་དགེ་སློང་མས། །སྦྱོར་བཅུག་ཟོས་ལའོ་དུས་ཡོན་ཉེས་པ་མེད། །ཤེས་གཙོ། དགེ་སློང་མས་སྦྱོར་དུ་བཅུག་པ་ཉིད་ལའོ། །ཞེས་སོགས་ཀྱི་དོན། གླེང་གཞི་ནི། མུ་གེ་བྱུང་ནས་ཁྱིམ་བདག་དད་པ་ཅན་གྱིས་གནས་བརྟན་གྱི་བསོད་སྙོམས་སྦྱོར་གྱི། དྲུག་སྡེ་བཅུ་གཉིས་སྡེའི་གན་དུ་སོང་ནས་ཞལ་ཚུས་གསོལ་ཅིག སུས་སྦྱིན། བདག་ཅག་གིས་སོ། །དེ་ཙམ་གྱིས་འཚོ་མི་ནུས་ཀྱི། ཁྱིམ་པ་གནས་བརྟན་ལ་བསོད་སྙོམས་འབུལ་བ་དེ་དག་ཁོ་བོ་ལ་སྦྱོར་དུ་བཅུག་ན་འཚོ་ནུས་སོ། །རུང་ངམ། རུང་ངོ་། །དེར་སྦོམ་དགའ་མོས་སོང་ནས་ཁྱིམ་བདག་སུའི་བསོད་སྙོམས་སྦྱོར། ཀོའུ་དི་ནྱའིའོ། །ཁྱེད་ཀྱིས་ཤཱཀྱའི་རིགས་ལས་རབ་ཏུ་བྱུང་ཞིང་སྡེ་སྣོད་གསུམ་དང་ལྡན་པ་ཆོས་སྒྲ་སྒྲོག་པ། རིག་པ་དང་གྲོལ་བར་སྨྲ་བའི་སྤོབས་པ་ཅན་ལ་བསོད་སྙོམས་དྲངས་ན་བསོད་ནམས་ཆེའོ། །དེ་སུ། དགའ་བོའོ། །བགྱིའོ་ཟེར་ནས་དེ་ལ་སྦྱར་རོ། །དེ་བཞིན་དུ་དྲུག་སྡེ་ཐམས་ཅད་ལ་བྱས་པས། ལྷུང་བཟེད་སྣོད་ཁས་བཏགས་པའི་བསོད་སྙོམས་རྙེད་ནས། འདི་ག་ལས་རྙེད། འདི་སྦྱོར་དུ་བཅུག་པའི་སྲིང་མོ་ལ་ནད་མེད་པར་གྱུར་ཅིག ཅི རུང་ངམ། རུང་ཡང་སྲིད་མི་རུང་ཡང་སྲིད་དེ་ཁོ་བོ་ཅག་ལྟོགས་ཏེ་འཆི་བར་བྱའམ་ཟེར་བའི་སྐབས་དེ་གསོལ་བས། བྱུང་བ་འདི་ལས་བཅས་སོ། །གཞི་ཉེ་དུ་མ་ཡིན་པའི་དགེ་སློང་མས་མགྲོན་དུ་མ་གཉེར་བའམ། གཉེར་ཡང་ལྷག་པོར་ཡང་དག་པ་མ་ཡིན་པའི་ཡོན་ཏན་དག་གིས་རང་ལ་སྦྱོར་དུ་བཅུག་པའི་ཟས། བསམ་པ་དེ་ལྟར་ཤེས་བཞིན་དུ། སྦྱོར་བ་ཟ་བར་རྩོམ་པ། མཐར་ཐུག་མགུལ་དུ་མིད་པ་སྟེ། ཡན་ལག་འདི་ཚང་ན་དགེ་སློང་མས་སྦྱོར་དུ་བཅུག་པའི་ལྟུང་བྱེད་དུ་འགྱུར་རོ། །དུས་ཀྱིས་སྔར་ཡང་ཡང་དུ་མགྲོན་དུ་གཉེར་བ་དང་། ཡོན་ཏན་གྲུབ་པ་དང་། ཐོས་པ་ཕུན་སུམ་ཚོགས་པས་སྦྱོར་དུ་བཅུག་པ་ནི་ཉེས་པ་མེད་ལ། གཞན་གྱི་དོན་དུ་སྦྱོར་དུ་བཅུག་པ་དང་། བསོད་སྙོམས་ཀྱི་ཚེ་བྱིན་ཅིག་ཅེས་པ་ལྟ་བུ་ལ་ནི་ཉེས་བྱས་སོ། ༣༡ །གནང་མིན་ཉེ་མིན་ཁྱིམ་ལས་ཟས་གཉིས་ཟོས། །ཅིག་ཅར་ཡང་རུང་ཕྱིས་ཀྱང་རུང་སྟེ་གོས་ཀྱི་རྙེད་པ་མེད་པའི་མགྲོན་དུ་བོས་པ་གཉིས་པ་རྙེད་ནའོ། །ཞེས་སོགས་ཀྱི་དོན། གླེང་གཞི་ནི། སྟོན་པ་ཡངས་པ་ཅན་སྤྲེའུའི་རྫིང་གི་འགྲམ་ན་བཞུགས་པའི་ཚེ། ཁྱིམ་བདག་དྲག་ཤུལ་ཅན་གྱིས་སངས་རྒྱས་འཁོར་དང་བཅས་པ་དང་བསོད་སྙོམས་ལ་སྤྱན་དྲངས་སོ། །དྲུག་སྡེས་ཁྱིམ་དུ་འགྲོ་བའི་ཁྱིམ་བདག་ཏུ་སོང་ནས་ཞལ་ཚུས་གསོལ་ཅིག མགྲོན་དུ་བོས་སོ། །ཨ་མྲའི་འཁུར་བ་གསོལ་ཅིག ཟོས་སོ། །གྲོགས་བསོད་སྙོམས་པ་དེ་སྟན་གཅིག་པའོ་ཟེར་ནས་མི་ཟ་ནས་སྣོམས་ལ་བཞུད་ཅིག ལྷུང་བཟེད་ཆུང་ངུ་བཀང་སྟེ་སོང་བ་དང་། བཅོམ་ལྡན་འདས་མ་བྱོན། ཁྱིམ་བདག་གིས་བཟའ་བཅའ་བསོད་པ་བྲིམ་པ་དང་། བསོད་སྙོམས་པ་འདིས་བདག་ཅག་ལ་ཀླན་ཀ་མ་རྙེད་པའི་སྔར་བརྗོད་དོ་སྙམ་ནས། བདག་གཅིག་པུ་མ་ཡིན་གྱི། དྲུག་སྡེས་ཀྱང་ཨ་མྲའི་འཁུར་བ་ཟོས་སོ། །ཅི ཁོ་བོ་ལ་ཨ་མྲའི་འཁུར་བ་མེད་སྙམ་མམ། ཨ་མྲའི་འཁུར་བའི་པྲོག་མ་ཁ་ཕྱེའོ། །བཅོམ་ལྡན་འདས་ཀྱི་སྐུ་སྐལ་དྲངས་པ་དང་དྲི་བ་གཉིས་པ་མཛད་པས། ཟས་བསོད་པས་ཚིམ་མོད་ཀྱིས་ཁྱིམ་བདག་གིས་སྤྱོས་སོ། །གང་ལ། འདི་ལའོ། །བྱུང་བ་འདི་ལས་བཅས་སོ། །དགེ་སློང་གཅིག་ན་ནས་སྨན་པ་ལ་སྨན་སྟོན་ཅིག ཞལ་ཚུས་གསོལ་ཅིག མ་གནང་ངོ་། །དེ་ཉིད་དུ་རྐྱེན་དུ་མཛད་ནས་གནང་བར་འགྱུར་རོ། །གསོལ་པས། ན་བའི་དུས་མ་གཏོགས་སོ། །དགེ་སློང་མཆོད་རྟེན་གྱིས་ལས་དང་དགེ་འདུན་གྱི་ལས་བྱས་པ་དག་བཀྲེས་ནས་ཉལ་ལོ། །ཁྱིམ་བདག་བསྟན་པ་ལ་གཅིག་ཏུ་བརྩོན་པ་ལགས་ན་ཅིའི་ཕྱིར་གཟིམས། བཀྲེས་སོ། །ཞལ་ཚུས་གསོལ་ཅིག བསླབ་པ་བཅས་སོ། །གསོལ་པས། ལས་ཀྱི་དུས་མ་གཏོགས་སོ། །དགེ་སློང་ལམ་དུ་ཞུགས་ནས་སོང་བ་བཀྲེན་ནས་ཉལ་བ་དང་། ཁྱིམ་པས་སྔར་བཞིན་ཟེར་བ་གསོལ་པས། ལམ་དུ་འགྲོ་བ་མ་གཏོགས་སོ། །སྟོན་པ་ཡངས་པ་ཅན་ནས་མཉན་ཡོད་དུ་བྱོན་པ་དང་། ཁྱིམ་བདག་གཅིག་ཚེས་བརྒྱད་བཅུ་བཞི་ལ་བསྙེན་གནས་བྱེད་པ། དགེ་འདུན་བཀྲབས་པའི་ཟས་མི་ཟ་བར་དུ་བདག་ཉིད་མི་ཟ་བ་ཞིག་ཡོད་པ་དེས། དགེ་འདུན་སྤྱན་འདྲེན་དུ་བཏང་བ་དང་། གཙུག་ལག་ཁང་ན་དགེ་འདུན་མེད་ནས་ལོག་པས། གང་དུ་སྤྱན་དྲངས་པ་ནས་དྲོངས་ཤིག དེས་སོང་བ་དང་སྤྱན་དྲངས་པས་ཟས་ཟོས་ཟིན་ནོ། །གདུགས་ཚོད་གསོལ་དང་རས་ཡུག་ཆེན་འབུལ་ལོ་ཞེས་བྱོས་ཤིག དེ་སྐད་སྨྲས་པས། དགེ་སློང་རྣམས་ཁོ་བོ་ཅག་གིས་སྤངས་སོ། །དེས་ཁྱིམ་བདག་དེ་ཟན་བཅད་དོ། །ཁྱིམ་ཚེས་དག་དགེ་སློང་གོས་སྦྱིན་ཡང་ལོངས་སྤྱོད་དུ་མི་བཏུབ་པར་ཁྱིམ་བདག་གི་ཟན་བཅད་དོ། །ཟེར་བའི་སྐབས་དེ་གསོལ་བས། གོས་སྦྱིན་པའི་སྐབས་མ་གཏོགས་སོ། །དེ་རྣམས་བསླབ་པ་ལ་གུས་པའི་བསྔགས་པ་བརྗོད་ནས་སྔ་མ་ནི་བཅས་པ་ཡིན། འདི་ནི་རྗེས་སུ་གནང་བའོ། །གཞི་གནང་བའི་དུས་མ་ཡིན་པར་ཉི་མ་གཅིག་ལ་བཟའ་བ་ལྔར་གཏོགས་པའི་མགྲོན་ལ་ཉེ་དུ་མ་ཡིན་པའི་ཁྱིམ་པས་ལན་གཉིས་བོས་པ། བསམ་པ་དང་དུ་བླངས་པ། སྦྱོར་བ་ཟས་གཉིས་པ་ཟ་བར་བརྩམས་པ། མཐར་ཐུག་མིད་པ་སྟེ། ཡན་ལག་འདི་ཚང་ན་ཡང་ཡང་ཟ་བའི་ལྟུང་བྱེད་དུ་འགྱུར་རོ། །གནང་བའི་དུས་ནི། བསོད་སྙོམས་ལན་ཅིག་གིས་གསོ་མི་ནུས་པར་ན་བ་དང་། དགེ་འདུན་དང་། མཆོད་རྟེན་གྱི་ལས་དང་། དཔག་ཚད་ཕྱེད་ཀྱི་ལམ་དུ་སོང་བ་དང་། ཕྱི་མ་ལ་གོས་ཀྱི་རྙེད་པ་དང་བཅས་པ་དང་། མུ་གེའི་དུས་དང་། སྲ་བརྐྱང་བཏིང་བ་དང་། སྦྱིན་པ་པོ་མི་དགའ་བར་རང་གིས་འགྱུར་བར་ལྟ་ན་རང་གིས་ཁམ་གཉིས་སམ་གསུམ་ཟོས་ནས། ཁྱིམ་བདག་དགེ་སློང་འདི་བསོད་སྙོམས་ཀྱི་འཕོངས་པ་ཡིན་གྱིས། རྗེས་སུ་ཡི་རངས་བར་གྱིས་ཤིག་དང་། འདི་ལ་འདི་སྦྱིན་པར་བྱའོ་ཞེས་མངོན་པར་དགའ་བར་བྱས་ནས་སྟེར་བའི་དུས་རྣམས་སོ། །དུས་སྟོན་དང་། དེ་ལ་ཀུན་ཏུ་བལྟ་བའི་ཚེ། འཇིག་རྟེན་གྱི་ཐ་སྙད་ཀྱིས་སམ། འཇིག་རྟེན་གྱི་ཤེས་པའི་དབང་གིས་འབོད་པ་དང་། ཐོ་འཚམ་པའི་བསམ་པ་དང་། མི་རུང་བའི་ཟས་ལ་བོད་པ་དང་། དགེ་སློང་གང་ལ་མགྲོན་དུ་བོས་པ་གཞན་ཡོད་པ་དེའི་ཕྱིར་མ་ཡིན་པར་དགེ་འདུན་སྤྱི་སྤྱན་དྲངས་པ་རྣམས་ནི་མགྲོན་དུ་བོས་པ་མ་ཡིན་པས་ཉེས་པ་མེད་དོ། །ཅིག་ཅར་ཁག་གཉིས་སུ་མགྲོན་དུ་འབོད་པ་བྱུང་ན་གཅིག་ཏུ་རང་དང་གཞན་དུ་རབ་ཏུ་བྱུང་བ་སྡེ་ལྔ་པས་གང་ཡང་རུང་བ་འཇོག་པ་ཆོས་དང་ལྡན་པ་ཡིན་ལ། རྙེད་པ་ཡོད་པ་གཉིས་སུ་འགྲོ་བའི་ཚེ། ཟས་སྔ་མ་ལ་འགྲངས་པར་ཟོས་ནས། དེང་བདག་གིས་འདི་ལས་ཟ་བར་མི་བྱའོ། །དེས་བལྟོས་པ་མེད་པའི་བསམ་པས་ཟན་གྱི་སྟན་ལས་ལྡང་བ་སྟེ། སྤོང་བ་དེ་བསྲུང་ཞིང་ཟན་སྔ་མ་ལ་འཇུག་ཅིང་ཕྱི་མར་ཡང་འགྲོ་བར་བྱའོ། །གཙུག་ལག་ཁང་ལས་གཞན་པའི་ཁྱིམ་དུ་ཟན་ལ་བོས་པ་དང་དུ་བླངས་ཤིང་། དུས་ཤེས་པས་གཎྜྻི་བརྡུངས་ཏེ་རང་གི་འཁོར་ལ་བལྟ་བ་དང་། གློ་བུར་དུ་འོངས་པ་གནས་བརྟན་གྱིས་བལྟས་ཏེ་འཇུག་པར་བྱའོ། །དེར་ནད་ལ་སོགས་པའི་རྐྱེན་མེད་པར་གྱ་ཚོམ་དུ་རང་གིས་ཟན་བཅད་པར་མི་བྱ་བ་དང་། སྦྱིན་བདག་གིས་སྐོམ་བཏུང་བར་གསོལ་བ་འདེབས་ན། ཁྱིམ་དེར་ཅི་རན་ཙམ་བསྡད་པར་བྱའོ། ༣༢ །ཁྱིམ་གཞན་མུ་སྟེགས་ཀྱིར་གཏོགས་ཞག་གཅིག་ལས། །ལྷག་ནས་ཟོས་ནའོ། །ཆོས་འདི་པ་མ་ཡིན་པ་བདག་པོ་ཁྱིམ་པ་དང་བཅས་པ་ཡ་མཚན་ཅན་ཐམས་ཅད་མ་ཡིན་པར་འདུག་གནས་སོ། །ཞེས་སོགས་ཀྱི་དོན། གླེང་གཞི་ནི། སྟོན་པས་ཆོ་འཕྲུལ་ཆེན་པོ་བསྟན་པས་མུ་སྟེགས་ཚར་བཅད་པའི་ཚེ། མུ་སྟེགས་ཅན་རྣམས་མཐའ་འཁོབ་ལ་བརྟེན་ཅིང་གནས་སོ། །དེའི་ཚེ་གཅེར་བུ་པ་དྲུག་ཅུ་དེར་ལྷགས་ནས་ཡོན་བདག་དེས་བསོད་སྙོམས་བསྟབས་སོ། །མཉན་ཡོད་ནས་ཁྱིམ་བདག་ཅིག་དེར་སོང་བ་དང་། ཡོན་བདག་དེས་དེ་རྣམས་ལ་ཟན་བྱིན་ནས་ཞིང་དང་ས་བོན་བཟང་ངམ། ས་བོན་བཟང་སྟེ་ཞིང་ངན་ནོ། །བཟང་པོ་གང་ན། མཉན་ཡོད་ན་ཉན་ཐོས་སོ། །དེ་འདིར་སྦྲོན་ཅིག དེ་རྒྱལ་བྱེད་ཚལ་དུ་འོངས་པ་དང་། ཉེ་དགའ་སྒོ་ན་འདུག་པས་ཐོས་ནས། དྲུག་སྡེས་གྲོས་བྱས་ནས་དེར་སོང་ངོ་། །ཁྱིམ་བདག་དེས་བྱིན་པ་ལེགས་སོ་ཞེས་བརྗོད་ནས། གནས་མལ་བཙལ་ཏེ་བཀུར་རོ། །གཅེར་བུ་པ་དེས་འདི་ཁྱེད་ཀྱི་གཙུག་ལག་ཁང་མ་ཡིན་ན་གར་འཇུག དེ་སྐད་མ་ཟེར་ཅིག འདུག་ན་འདུག་ཏུ་ཟད། མི་འདུག་ན་མཚམས་ཆེན་པོ་གཅད་དོ། །དེས་བདག་གཅིག་པུ་ལས་མེད་དོ་སྙམ་ནས་བྲོས་སོ། །དེའི་ཕྱི་དེ་ཉིན་གཅེར་བུ་པ་དེ་རྣམས་འཁོར་ནས་བདག་གི་སྤྱོད་ཡུལ་ཕྲོགས་གྱིས་ཕྱིར་ཁུག་ཅིག ཁྱོད་གར་སོང་། བསྐྲད་དོ། །སུས། ཤཱཀྱའི་བུས་སོ། །ཇི་སྙེད། མི་དྲུག་གོ །བདག་ཅག་དྲུག་ཅུ་ཡོད་པས་བརྡེག་སྟེ་བསྐྲད་དོ། །རེམ་ཞེས་བརྗོད་པ་ན་རེ་རེ་ལ་བཅུ་བཅུ་རུབ་ཅིག་ཟེར་ནས། ཁྱིམ་བདག་ལ་ཁྱེད་རང་དབུས་སུ་གནས་གནས་པ་ཡིན་ནོ་ཟེར་ནས། ཀྱེ་དགེ་སྦྱོང་ཕྱིར་བྱུང་ཞིག མི་འབྱུང་ན་མཚམས་བཅད་དོ། །དྲུག་སྡེས་ཀྱང་སྔར་བཞིན་བརྗོད། རེམ་ཞེས་བརྗོད་པ་དང་རེ་རེ་ལ་བཅུ་བཅུ་རུབ་བརྡེག་པ་དང་། དྲུག་སྡེས་མིག་དང་རྣ་བ་སྲུངས་ཤིག ཅེས་སྨྲས་ནས་སྒྲི་བྱི་དག་ཕོད་ཡང་དག་ན་འདིར་བསྣུན་ཅིག་ཟེར་རྐུབ་ཚོས་བསྟན་ནོ། །གཅེར་བུ་དག་ངལ་ནས་བརྡེག་མ་ནུས་པ་དང་། ཤིན་ཏུ་རེམ་ཞིག་ཟེར་ནས་ལག་ངར་བརྐྱང་བས་ཀྱང་ལྔ་ལྔ་ས་ལ་བརྡབས། བསྐུམ་པས་ཀྱང་ལྔ་ལྔ་ས་ལ་བརྡབས། དགའ་བོ་ཉེ་དགའ་ཕམ་པས་སྲུངས་ཤིག་ཟེར་ནས་ཐལ་ལྕག་དང་ཁུ་ཚུར་གྱིས་ཐམས་ཅད་གཏེལ་ནས་ཕྱིར་བྱུང་བ་དང་། ཁྱིམ་པ་རྣམས་དགེ་སྦྱོང་གཡུལ་འགྱེད་པའི་ཆར་འབབ་པ་ལ་ལྟོས། དྲུག་སྡེ་སྤྱོད་ཡུལ་འཚིག་མེ་སྟག་མ་ཞིའི་འདོང་ཟེར་ནས་མཉན་ཡོད་དུ་སོང་ངོ་། །དེའི་ཚེ་ཀུན་ཏུ་རྒྱུ་འཆར་བ། ཤཱ་རིའི་བུས་སྔ་དྲོ་ཚར་བཅད་པའི་ཕྱི་དྲོ་དྲུག་སྡེ་སླེབ་ནས། དེ་དག་གིས་ཤཱ་རིའི་བུའི་བསྔགས་པ་བརྗོད་པས། དེས་མུ་སྟེགས་གཅིག་བཏུལ་བ་ངོ་མཚར་ཅི་ཆེ། ངེད་མི་དྲུག་གིས་དྲུག་ཅུ་ཚར་བཅད་པ་ངོ་མཚར་ཆེའོ། །རིགས་པ་གང་ལ། དབྱུག་རིང་ལུས་ལ་ཤད་པའོ། །མ་ཤིའམ། དེ་དུས་མ་ཤི་སྟེ་གཏོལ་མེད་ཟེར་རོ། །དགེ་སློང་དོན་ཉུང་ངུ་དག་ངོ་ཚ་བའི་གནས་དེས་རློམ་པར་བྱེད་དོ་ཟེར་བ་དེ་གསོལ་བས། བྱུང་བ་འདི་ལས་བཅས་སོ། །སྦྱིན་བདག་དེས་སྔར་བཞིན་གཅེར་བུ་པ་མཆོད་པ་ལ། མཉན་ཡོད་པའི་ཁྱིམ་བདག་ཅིག་གིས་སྔར་བཞིན་བརྗོད་པས། དེ་དག་གི་མིང་ཡང་མ་སྨོས་ཤིག ཅི་ལྷགས་སམ། དྲུག་སྡེ་དག་ལྷགས་སོ། །ཅི་བྱས། འདི་བྱས་སོ། །ཁྱོད་ཀྱི་རྒྱ་མཚོ་ནས་མཆིང་བུ་བླངས་སོ། །བཟང་པོའང་ཡོད་དམ། ཡོད་དེ། ཤཱ་རིའི་བུ་ལ་སོགས་པ་ཁྱེད་ཀྱི་མཐོང་ན་དད་པར་འགྱུར་རོ། །དེ་དག་བྱོན་ན་མཁོ་བ་བསྟབ་བོ། །དེས་ཟོང་བསྒྱུར་ཏེ་འོངས་ནས་སྟོན་པ་ལ་ཞུས་པས། གནང་ངོ་ཤཱ་རིའི་བུ་རི་བྲགས་ཆེ་གེ་མོ་ལ་སོམས་ཤིག ཤཱ་རིའི་བུ་འཁོར་ལྔ་བརྒྱ་དང་བཅས་པ་དེར་སོང་ནས་འདུག་གནས་དེར་བཞུགས་པ་དང་། ཡོན་བདག་གིས་ཐོས་ནས་སོང་སྟེ། བསོད་སྙོམས་ལ་སྤྱན་དྲངས་ནས་ཆོས་བསྟན་པར་གསོལ་པས། ཁྱིམ་བདག་ས་ཕྱོགས་ཡངས་པར་སྟན་ཤོམས་ལ་རི་བྲགས་པ་རྣམས་བོས་ཤིག དེས་དེ་ལྟར་བྱས་པ་དང་། ཤཱ་རིའི་བུས་ཆོས་བསྟན་པས་སྲོག་ཆགས་ཁྲི་ཉིས་སྟོང་གིས་བདེན་པ་མཐོང་ནས་འབྲས་བུ་བཞི་ཐོབ་བོ། །ཤཱ་རིའི་བུས་ཡུན་རིང་དུ་ཆོས་བསྟན་པས་གདུགས་ཚོད་ཡོལ་ཅིང་རླུང་གིས་རྒྱབ་ན་ནས། ཁྱིམ་བདག་དེས་བདག་གི་འདུག་གནས་སུ་བཞུགས་ཤིག ཁྱོད་ལ་བསྟེན་ནས་བཅས་ཀྱི་འགྲོའོ། །གསོལ་པས། ན་བ་མ་གཏོགས་ཏེ་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བའོ། །གཞི་བཅོམ་ལྡན་འདས་ཀྱི་ཉན་ཐོས་མ་གཏོགས་པ་རབ་ཏུ་བྱུང་བ་གཞན་དག་གི་ཕྱིར་བཤམས་པ། བདག་པོ་ཁྱིམ་པ་དང་བཅས་པའི་འདུག་གནས་སུ། བསམ་པ་ཞག་གཉིས་གནས་ནས་ཟས་ཟ་བར་བསམས་པ། སྦྱོར་བ་ན་བ་དང་སྦྱིན་བདག་གིས་མ་བརྟགས་པར་ཉི་མ་གཉིས་ལ་བསོད་སྙོམས་དེར་ཟ་བར་བརྩམས་པ། མཐར་ཐུག་ཟོས་པ་སྟེ། ཡན་ལག་འདི་ཚང་ན་འདུག་གནས་སུ་ཟ་བའི་ལྟུང་བྱེད་དོ། །ཉི་མ་གཉིས་གནས་ཀྱང་། ཕྱི་དེ་ཉིན་ཟས་མ་ཟོས་པ་དང་། ཡན་ལག་མ་ཚང་བ་དང་། འདུག་གནས་ལ་བདག་པོ་མེད་པ་དང་། ཆོས་འདི་པ་འདུག་གནས་ཀྱི་བདག་པོ་ཡིན་པ་དང་། ཉེ་དུས་བྱེད་དུ་བཅུག་པས་ཀྱང་མུ་སྟེགས་ཅན་འདུག་གནས་ཀྱི་བདག་པོ་ཡིན་པ་དང་འདྲ་བར་གསུངས། དེ་དང་། བཟའ་བ་ལྔ་ལས་གཞན་པ་བཟའ་བ་རྣམས་ནི་ཉེས་བྱས་སོ། ༣༣ །ཅི་བདེར་མིན་ཉེ་དུ། །མིན་ལ་རབ་དོ་བླངས་པའོ། །སྟོབས་པའིའོ། །ཡོངས་སུ་མ་དཔགས་པར་རོ། །ཞེས་བྱ་བ་ལ་སོགས་པའི་དོན། གླེང་གཞི་ནི། མཉན་ཡོད་དུ་བྱང་ལམ་ནས་ཚོང་པ་དག་ལྷགས་པ་དྲུག་སྡེས་ཐོས་ནས་ཅུང་ཟད་ཐོབ་སྲིད་ཀྱི། བསོད་སྙོམས་ཟོ་ཟེར་ན་ལྟོ་གང་ངས་ཆོག་གོ་ཞེས་སྨྲོས། གོས་སྟེར་ན་བླང་ངོ་ཞེས་གྲོས་བྱས་ནས་སོང་ངོ་། །དེ་དག་ལ་ཆོས་བསྟན་པས། བསོད་སྙོམས་སྩོལ་ལོ། །ཆོག་གོ །ཡང་ཡང་དེ་བཞིན་ཟེར་རོ། །དེ་ནས་ཚོང་པ་རྣམས་རི་བྲགས་སུ་གླང་གསོ་རུ་སོང་བའི་ཕྱི་བཞིན་འབྲངས་ནས། ཆོས་བསྟན་པས་བསོད་སྙོམས་སྩོལ་ལོ། །ཆོག་གོ འདི་ཡང་ཡང་གསུངས་པ་ལྟར་ན། ན་བཟའ་མེད་གོར་མ་ཆག་གིས་དབུལ་ལོ། །ལ་བ་སྲིན་བུའི་མདོག་ཅན་བསྐོན་ནོ། །ཁྱེད་ཅག་ཡང་ཡང་བསོད་སྙོམས་ཟོ་ཟེར་བ་ལྟའི་འོན་ཅིག གཅིག་གིས་ཐབ་སྣོད་ལྟ་བུ་ཞིག་བཟེད་ནས་འདིར་བླུགས་ཤིག འདི་རེ་ཆེ། འདི་བཀང་བས་ཐམས་ཅད་ཀྱི་ལྟོ་ཁེངས་སོ་སྙམ་བཀང་ནས་ཕུལ་བས། རེ་རེས་དེ་འདྲ་བ་རེ་རེ་བཟེད་ནས་བཀང་བས་ལམ་རྒྱགས་ཟད་དེ། འཕགས་པ་བདག་གི་ལམ་རྒྱགས་ཅུང་ཟད་དེར་བས་ཀྱི། མི་འདི་ལ་པ་ཎ་བསྐུར་ཏེ་བཏང་གིས་རྒྱགས་འཇོལ་ལ་བསེལ་བ་དང་བཅས་པ་ཐོང་ཞིག །བྱའོ། །དེས་མི་དེ་ཁྲིད། ཉིན་རངས་ལས་བྱེད་དུ་བཅུག ཉི་མ་ཡོལ་བ་དང་ཉོས་ལ་རྒྱུག་ཅིག ཕྱིན་པས་ཆོམ་རྐུན་གྱིས་བཅོམ། བསེལ་བ་མ་བཏང་ངམ། དེ་ཉིད་ཀྱིས་ཀྱང་བཅོམ་མོ། །དེ་ལ་འཕྱ་བ་འདི་ནི་བྱུང་བའོ། །མཉན་ཡོད་ན་ཁྱིམ་བདག་གཅིག་གི་ཆུང་མ་བདུན་ཤི་ནས་ཆུང་མ་གསོད་པ་ཞེས་བསྒྲགས་པ་དེ་ལ། ཆུང་འགྲོགས་ཀྱི་གཡས་ཞར་མ་ལོངས་ཤིག མི་སྟེར་རོ། །དེ་བུ་མོས་སྐྱོ་ཡིས་སྟེར་རོ། །དེས་ཁྱིམ་དུ་སོང་སྟེ་བདེ་ལེགས་ཞེས་སྨྲས་པས། ཅི་སློང་། བུ་མོ་གཡས་ཞར་མའོ། །སྦྱིན་གྱིས་ཉི་མ་མང་གེ་མོ་ལ་ཤོག་ཅིག ཆུང་གྲོགས་དེ་འགྱོད་དེ་ངས་མ་ལེགས་པ་ཞིག་བྱས་སྙམ་སྟེ། དེའི་རྩར་སོང་སྟེ་གཡས་ཞར་མ་ཐོབ་བམ། ཐོབ་བོ། །གྲོགས་པོ་བུ་མོ་དེ་མཚན་ངན་ཡིན་གྱིས་ཁྱོད་ཤི་ན་མི་རུང་གི དེ་བོར་ལ་ངའི་སྲིང་མོ་ཡུགས་ས་མོ་ལོངས་ཤིག ད་དོར་མི་ནུས་སོ། །འོན་ཀྱང་ཐབས་ཤིག་བྱའོ། །གཡས་ཞར་མའི་མས་ཀྱང་བག་རྫོངས་སྟ་གོན་བྱས་སོ། །དྲུག་སྡེ་ཁྱིམ་དེར་སོང་བ་དང་། འཁུར་བ་བསྲེགས་པ་མཐོང་ནས། དུས་སྟོན་བྱེད་དམ་ཅི། ཁྱེད་ཀྱི་ལྕམ་མོ་བག་མར་མཆི་བ་ལ་ཐུག་པས་བག་རྫོངས་སྟ་གོན་བགྱིད་དོ། །ཁོ་བོས་ཅུང་ཟད་མི་ཐོབ་བམ། སུས་སྦྱིན་འཚལ། ཁྱེད་ཉིད་ཀྱི་ལགས་མོད། དྲུག་སྡེ་ཕུགས་ཀྱི་ལྟ་ཞོག་འཕྲལ་དུ་ཅི་སྦྱིན་ལྟའི་འོན་ཅིག་ཟེར་ནས། ལྷུང་བཟེད་འཁུར་བས་བཀང་ཐམས་ཅད་བསྡུས་ཏེ་སོང་ངོ་། །ཁྱིམ་བདག་དེས་འོངས་པ་དང་། ཆུང་མས་སྦྱིན་གནས་ཀྱིས་ཟས་སྣོམས་ཀྱིས་བཞུད་ལ་ཁྱོ་ག་དེ་ལ་ཉུང་ཤས་སྡོད་མཛོད་ཅིག མི་སྡོད་ཀྱི་བག་མར་བཏང་ལ་ཉེ་དུའི་ཟན་ཕྱིས་སྦྱིན་པར་བྱའོ། །དེ་ལ་གཞན་སུས་ཀྱང་བུ་མོ་མི་སྟེར་གྱི་སྡོད་ཀྱིས་བཞུད་ཅིག ཕྱིས་ནས་བྱས་པས། མི་སྡོད་དེ་དེང་བྱིན་ན་བླང་། མི་སྟེར་ན་དོར་རོ། །དེར་གྲོགས་པོའི་སྲིང་མོ་ཡུགས་ས་མ་བླངས་སོ། །གཡས་ཞར་གྱིས་ཕས་བག་མ་ལོངས་ཤིག མི་ལེན་ནོ། །དེས་དེ་བཟུང་ནས་རྒྱལ་པོའི་ཕོ་བྲང་དུ་གཤགས་ལ་བཀུག་པས་ཕམ་པར་བྱས་ཤིང་མ་ལའང་བུ་མོ་མ་ལོ་མོ་ཟེར་ནས་ངུ་བ་ཁྱིམ་མཚེས་ཀྱིས་ཐོས་ནས། ཀྱེ་མ་དགེ་སློང་གི་ཚུལ་ཚིག་གོ་ཟེར་བའི་སྐབས་དེ་གསོལ་བས། བྱུང་བ་སོགས་འདི་ལས་བཅས་སོ། །གཞི་ཅི་བདེར་མ་བྱས་པ་དང་ཉེ་དུ་མ་ཡིན་པའི་ཁྱིམ་པས་ཡོངས་སུ་དཔགས་པའི་ཟས་ལས། བསམ་པ་ལྷག་པར་འདོད་པ། སྦྱོར་བ་འབྲས་འཐུག་པོ་ཆེ་ཡུལ་མ་ག་དྷའི་བྲེ་ཆུང་ཕྱེད་དང་ལྔ། ཚོད་མ་མ་གཏོགས་པ་ལས་ལྷག་པའི་བསོད་སྙོམས་སམ། གྲོགས་པོས་སྐལ་བ་དེ་ལས་ལྷག་པར་ལེན་པ། མཐར་ཐུག་ནོས་པ་གཞན་དུ་ཟོས་པ་སྟེ། ཡན་ལག་འདི་ཚང་ན་ལྷུང་བཟེད་རབ་དོ་ཆུང་ངུ་གསུམ་ལས་ལྷག་པར་ལེན་པའི་ལྟུང་བྱེད་དོ། །ཅི་བདེ་བར་བཞེས་ཤིག་ལྟ་བུ་ཅི་བདེར་བྱས་པའོ། །ལྷུང་བཟེད་འདི་ཙམ་ཞིག་བཞེས་ཤིག་ཅེས་བརྗོད་པ་ཡོངས་སུ་དཔགས་པའོ། །གཞན་ནོད་དུ་བཅུག་པ་ཟོས་པ་ཉེས་བྱས། ཟན་མནོས་པ་ལས་གཞན་པ་ཟ་བ་དང་། བསྒྲུབ་པའི་ལས་ལ་སོགས་པ་མ་བྱས་པའི་འབྲས་ལ་སོགས་པ་ཟ་བ་སྐབས་འདིའི་ཉེས་མེད། བླང་བར་བྱ་བ་སྟེ་རང་ཟ་བ་ལས་མང་ན་དགེ་སློང་ལ་བགོ་བཤར་བྱའོ། ༣༤ །ཟོས་ཟིན་སྤངས། །ལྷག་པོར་མ་བྱས་བཅའ་བཟའ་འཆའམ་ཟོས། །ཤེས་གཙོ་བོ། སྤངས་པ་ཉིད་དང་ལྷག་པོར་མ་བྱས་པ་ཉིད་དག་ལའོ། །ཟོས་ནའོ། །ཞེས་པ་ལ་སོགས་པའི་དོན། གླེང་གཞི་ནི། སྟོན་པས། དགེ་སློང་དག་ང་ནི་སྟན་གཅིག་པའི་ཟས་ཟ་བས་སྙིང་ལས་ཆུང་ངུར་ཚོར་ཞིང་གནོད་པ་དང་ཉམ་ང་བ་ཆུང་། བདེ་བ་ལ་རེག་པར་གནས་སོ། །ཁྱེད་ཀྱང་སྟན་གཅིག་པའི་ཟས་ཟ་ན་དེ་ལྟར་འགྱུར་རོ། །ཞེས་གསུངས་པས། དགེ་སློང་རྣམས་སྟན་གཅིག་པ་བྱེད་དོ། །སྟོན་པས་སྤངས་པ་བཟའ་བར་མི་བྱའོ། །ཞེས་གསུངས་ན། དྲུག་སྡེ་སྤངས་ཀྱང་ཟ་མ་སྤངས་ཀྱང་ཟ་ནས། དོན་ཉུང་ངུ་དག་འཕྱ་བའི་སྐབས་དེ་གསོལ་བས། བྱུང་བ་འདི་ལས་བཅས་སོ། །ཁྱིམ་བདག་ཅིག་གིས་སངས་རྒྱས་དགེ་འདུན་དང་བཅས་པ་ཁྱིམ་གཞན་དུ་སྤྱན་དྲངས་སོ། །དགེ་སློང་ནད་པ་མང་པོའི་ནད་གཡོག་མང་པོ་ཡོད་པས། ནད་གཡོག་རྣམས་ཀྱི་རང་གིས་ཟོས་ཏེ་ནད་པའི་སྐལ་བ་མནོས་ཏེ་འོངས་པ་དང་ནད་པས་ཟ་མ་ནུས། ནད་གཡོག་རྣམས་ཟས་སྤངས་པས་མ་ཟོས་ཏེ་ཀུན་ར་བ་དང་དགེ་ཚུལ་མེད་དེ་ཟས་ཀུན་རའི་ཕྱོགས་གཅིག་ཏུ་སྤུངས་ནས་བཞག་པས། བྱ་རོག་དག་ཟ་བའི་སྒྲ་ཆེན་པོ་བྱུང་བ་དང་། སྟོན་པས་རྨེད་དེ་ཀུན་དགའ་བོས་གསོལ་བས། དགེ་སློང་རྣམས་བདེ་བ་ལ་རེག་པའི་ཕྱིར་དང་། སྦྱིན་བདག་གིས་སྦྱིན་པར་བྱ་བའི་ཆོས་ལ་ལོངས་སྤྱོད་པར་བྱ་བའི་ཕྱིར། །ལྷག་པོར་བྱས་ཏེ་བཟའ་བར་གནང་ངོ་། །སྔ་མ་བཅས་པ། འདི་ནི་གནང་བའོ། །གཞི་ཟས་ཟོས་ཟིན་ཅིང་སྤངས་པ་ལྔ་གང་ཡང་རུང་བས་སྤངས་པོའི་ཟས། བསམ་པ་སྤངས་པ་དང་ལྷག་པོར་མ་བྱས་པ་ཤེས་བཞིན་དུ། སྦྱོར་བ་ཟ་བར་རྩོམ་པ། མཐར་ཐུག་མགུལ་དུ་མིད་པ་སྟེ། ཡན་ལག་འདི་ཚང་ན་སྟན་གཅིག་པའི་ཟས་ཀྱི་ལྟུང་བྱེད་དོ། །སྤངས་པ་ལྔ་ནི། ཟས་ཡོད་པ་དང་། སྟོབས་པ་ཡོད་པ་དང་། བརྩམས་པ་ཡོད་པ་དང་། སྤངས་པ་ཡོད་པ་དང་། སྤྱོད་ལམ་ལས་ཉམས་པས་སོ་ཞེས་པ་ལས། སྤངས་པ་ཡོད་པ་ཞེས་པ་ནི། སྦྱིན་ལེན་སྟོབས་པ་དག་ལ་ཆོག་གོ །གསོལ་ཅིག་གམ། སོང་ཞིག་གམ། འཚལ་ལགས་སོ། །ཞེས་སྨྲས་པ་ཡིན་ལ། རེ་ཞིག་ཅེས་བྱ་བའི་སྒྲ་ཉེ་བར་སྦྱར་ན་སྤངས་པར་མི་འགྱུར་རོ། །ཐོ་འཚམ་པས་སྦྱིན་ལེན་སྟོབ་པར་བྱེད་ལ། དགེ་སློང་གིས་དེ་ཤེས་ནས་འདི་ཁོ་བོ་ལ་མི་དགོས་ཀྱི་སོང་ཞིག་ཅེས་སྨྲ་ན། དེ་ནི་སྤངས་པ་མ་ཡིན་ཏེ། དེ་ལ་སྦྱིན་ལེན་མེད་པའི་ཕྱིར་རོ། །ལྷག་མར་བྱས་ཤིང་བོར་བ་ནི་ལྷག་བོར་ཏེ། དེ་བྱེད་པའི་ཚུལ་ཡང་དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་ཏེ་ཡོངས་སུ་རྫོགས་ཤིང་མཐར་ཐུག་པར་བྱས་པ་གང་ཡང་རུང་བ་ཞིག་གིས། བཅའ་བའམ་བཟའ་བ་རྙེད་ཅིང་བཟའ་བར་འདོད་ན། ངེས་པར་མཚམས་ཀྱི་ནང་ཐོབ་པའི་ཕྱོགས་སུ་དགེ་སློང་དེས་ལག་པ་གཉིས་བསྙལ་ཏེ་བྱིན་ལེན་བྱས་ལ། དགེ་སློང་ཟས་ཟོས་ཟིན་ཅིང་མ་སྤངས་ལ་སྤྱོད་ལམ་ལས་མ་ཉམས་པ་གང་ཡིན་པའམ། དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་ལ་སྤྱོད་ལམ་ལས་མ་ཉམས་པ་གང་ཡིན་པ་དེའི་མདུན་དུ་ཙོག་པུར་འདུག་སྟེ་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་འཚལ་མ་འཚལ་ལགས་ཤིང་སྤངས་ཏེ་ཡོངས་སུ་རྫོགས་ཤིང་མཐར་ཐུག་པར་བགྱིས་པ་ལས། བཅའ་བ་དང་བཟའ་བ་རྙེད་ཅིང་འཚལ་བར་འཚལ་ན། ལྷག་པོར་བགྱིས་དེ་བདག་ལ་སྩལ་དུ་གསོལ་ལྷག་པོར་བྱེད་པའི་དགེ་སློང་སྔ་མས་བདག་ཉིད་ཀྱིས་ཁམ་གཉིས་སམ་གསུམ་ཟོས་ན། ཁྱེད་ཀྱིར་གྱུར་གྱི་བཞུད་ཅིག་ཅེས་པས་སམ། ཅི་བདེར་གསོལ་ཅིག་བརྗོད་པ་གང་ཡང་རུང་བས་ལྷག་པོར་བྱའོ། །ཕྱི་མས་བཟའ་བར་མི་བྱ་བར་བྱིན་ནས་སྔར་བཞིན་དུ་བརྗོད་པས་སོ། །དེ་བས་དགེ་སློང་གིས་ཇི་ཙམ་གྱིས་བཀྲེས་པའི་སྡུག་བསྔལ་དང་བྲལ་བར་འགྱུར་བ་དེ་ཙམ་དུ་ཟས་ཟ་བར་བརྩམས་པ། ཆོག་པར་མ་ཟོས་པ་དེ་སྲིད་དུ་ལྡང་བར་མི་བྱ། སྟན་སྤང་བར་མི་བྱའོ། །ཐ་ན་ལན་ཚྭ་ཙམ་ཡན་ཆད་གང་རུང་བ་ཞིག་བླངས་ན་ཟས་བརྩམས་པ་ཞེས་བྱའོ། །སྟན་གཅིག་པའི་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པས་ནི་སྤངས་པ་ཡིན་ཡང་རུང་མིན་ཡང་རུང་། ཟོས་ཟིན་ཕན་ཆད་ལྷག་པོར་བྱས་ཀྱང་རུང་མ་བྱས་ཀྱང་རུང་། བཅའ་བ་དང་བཟའ་བ་དག་ཟ་བར་མི་བྱ་སྟེ། ཟས་ཟོས་ན་ཡི་དམ་རལ་བར་འགྱུར་རོ། ༣༥ །ངན་སེམས་ཀྱིས་བརྫུན་བསྟབས་ན་དེས་ཟོས་ཚེའོ། །སྟོབས་ནའོ། །དགེ་སློང་ལའོ། །ཞེས་པའི་དོན། གླེང་གཞི་ནི། མཉན་ཡོད་ན་ཁྱིམ་བདག་བཟའ་མི་གཉིས་ཡོད་པ་དེ་རྒས། ཉེ་དུ་དང་ནོར་ཟད་ནས་ཆུང་མ་ལ་ང་རྒས་ནོར་ཟད་པས་རབ་ཏུ་འབྱུང་ངོ་། །མཛོད་ཅིག དེས་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ་དགེ་སློང་ཞིག་ལ་བདག་རབ་ཏུ་དབྱུང་དུ་གསོལ། ཁོ་བོ་གསར་བུ་ཡིན་པས་མི་རུང་ངོ་། །བདག་དང་པོ་ཁོ་ནར་ཁྱེད་ཀྱི་གན་དུ་མཆིས་པས་ཁྱེད་ཀྱིས་གཞན་ལ་གཏོད་ཅིག དེས་རང་གི་མཁན་པོ་སྤོང་བ་པ་ལ་འདི་རབ་ཏུ་བྱུང་དུ་གསོལ། བུ་སྟོན་པས་ཤན་པའི་གནས་སུ་བཏང་བ་བླའི། ཞེས་སོགས་གསུངས་ཀྱི་མི་རུང་ངོ་། །རབ་ཏུ་ཕྱུང་དང་བདག་གིས་བཀླག་གོ །དེས་དེ་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་བྱས་ནས། འདི་ཁྱོད་ཀྱི་སློབ་དཔོན་ཡིན་གྱི་ཀུན་སྤྱོད་འདི་ལ་དྲིས་ཤིག དེས་ཀློག་ཏུ་འཇུག་པ་ན་རྒན་ཞུགས་དེ་བརྗེད་ངས་པས་ཡང་ཡང་ལྟུང་བ་འབྱིན་ནས་བཤགས་པ་བྱེད་དུ་བཅུག་པས། འདིས་ཡང་ཡང་འཆགས་སུ་བཅུག་གི འདིའང་འཆགས་སུ་འཇུག་པའི་ཐབས་ཅི་ཡོད་བསམས་པས། སངས་རྒྱས་དགེ་འདུན་དང་བཅས་པ་ཁྱིམ་བདག་ཅིག་གིས་གདུགས་ཚོད་ལ་སྤྱན་དྲངས་སོ། །སངས་རྒྱས་གདུགས་ཚོད་གསོལ་ནས་ཆོས་སྟོན་པ་དང་། དགེ་སློང་དེས་རྒན་ཞུགས་ཚུར་ཤོག་ཁྱིམ་བལྟར་འདོང་ངོ་ཟེར་ནས་སོང་བ་དང་། གདུགས་ཚོད་གསོལ་ཅིག ཟོས་ཟིན་ནོ། །སྣོམས་ལ་ལྷག་པོར་མཛད་དེའོ། །དེ་བླངས་ཏེ་འོངས་ནས་རྒན་ཞུགས་ཆུ་ཆག་གམ་ལྷག་པོར་བྱེད། ལྷག་པོར་བགྱིའོ། །དེས་རང་གི་ལ་བྱས། སློབ་དཔོན་གྱི་ལ་མ་བྱས་སོ། །དེ་བྱུང་བ་དང་ལྷག་པོར་བྱེད་དུ་བཅུག་གམ། འཚལ་ལོ། །ཟོས་པ་དང་། སློབ་དཔོན་སྐབས་ཕྱེ་ཤིག་ཕྱེའོ། །ལྷག་པོར་མ་བྱས་པར་ཟོས་སོ། །ཁོ་བོས་ལྷག་པོར་མ་བྱས་སམ། དྲིས་སམ། ང་རང་གི་ལ་བྱས་སོ། །ཁོ་བོ་མི་འཆགས་ཀྱི་ཁྱོད་ལ་ལྟུང་བའི་སྐབས་ཡོད་ཀྱི་ཟེར་ནས། དགེ་སློང་ལ་བརྗོད་པ་དེ་དག་གསོལ་བས། བྱུང་བ་འདི་ལས་བཅས་སོ། །གཞི་དགེ་སློང་ཕ་རོལ་པོས་སྤངས་པའི་བཟའ་བཅའ། བསམ་པ་དེ་ལ་ལྟུང་བ་འབྱུང་བར་བྱའོ་སྙམ་པ། སྦྱོར་བ་ལྷག་པོར་མ་བྱས་ལ་བྱས་པར་བརྫུན་སྨྲས་ན་སྟོབ་པ། མཐར་ཐུག་དེས་ཟོས་པ་སྟེ། འདི་ཚང་ན་སྟོབ་པར་བྱེད་པ་ལ་སྤངས་པ་སྟོབ་པའི་ལྟུང་བྱེད་དུ་འགྱུར་རོ། ༣༦ །གནང་མིན་མཚམས་ནང་ལས་ལོགས་འདུས་ཟོས་སོ། །ཤེས་གཙོ། སོ་སོར་ངེས་པའི་ཟས་ཀྱི་གནས་ཅན་དག་ལས། ཞེས་པ་ལ་སོགས་པའི་དོན་ཏེ། གླེང་གཞི་ནི། སྟོན་པ་འོད་མའི་ཚལ་ན་བཞུགས་པའི་ཚེ། ལྷས་སྦྱིན་དགེ་སློང་མང་པོ་དང་ལྷན་ཅིག་ཀུན་རའི་ནང་དུ་འདུས་ཤིང་ཟ་བ་ལ་དོན་ཉུང་ངུ་དག་འཕྱ་བ་དེ་གསོལ་བས། བྱུང་བ་འདི་ལས་བཅས་ཤིང་། ནད་པ་དང་། མཆོད་རྟེན་གྱི་ལས་དང་། ལམ་དང་གྲུར་ཞུགས་པ་དང་། གཟུགས་ཅན་སྙིང་པོའི་ཞང་པོ་ཀུན་ཏུ་འཚོ་ལས་རབ་ཏུ་བྱུང་བ་ཞིག་དད་པས་གདུགས་ཚོད་བགྱིའོ། །ཐམས་ཅད་ལའམ། དེ་ཙམ་ག་ལ་འབྱོར། ཉི་ཤུའམ། ཉི་ཤུ་རྩ་ལྔ་ལའོ། །དེ་བཀག་གོ་ཞེས་པའི་སྐབས་དེ་གསོལ་པས། འདུས་ཤིང་ཟ་ན་དུས་མ་གཏོགས་ལྟུང་བྱེད་དོ། །ཞེས་གནང་ངོ་། །མཉན་ཡོད་དུ་སྟོན་པ་དགེ་འདུན་དང་བཅས་པ་གདུགས་ཚོད་ལ་སྤྱན་དྲངས་པ་དང་། དགེ་སློང་རྣམས་གཞན་ལ་མ་བལྟས་པར་སྡེ་སྡེར་ཆད་ནས་འོངས། བྲིམས་ཤིག་བཟའོ་ཟེར་ཟོས་ནས་སོང་བ་དང་། ཡང་དགེ་སློང་གཞན་བྱུང་ནས་དེ་བཞིན་དུ་བྱས་ཏེ་བྲལ་བར་གྱུར་ཏེ་ཁྱེད་ལྷན་ཅིག་འཚོགས་ཏེ་བྲིམ་མོ་ཟེར་བ་དེ་གསོལ་པས། ཁྱིམ་པ་བྲེལ་བར་མི་བྱའི་སྒོ་དྲུང་དུ་བསྡད་ལ། ཚོགས་པ་དང་འཇུག་པར་བྱའོ་ཞེས་གསུངས་པ་དང་། ནད་པའི་ནད་གཡོག་ཟན་ལེན་དུ་སོང་བས་རིང་ཞིག་ཐོགས་པ་དེ་གསོལ་བས། ལྔས་འདུག་ཅིང་ཟ་བར་གནང་སྟེ་ཞེས་སོ། །གཞི་ཟ་བའི་གནས་སོ་སོར་ངེས་པ་མ་ཡིན་པ། མཚམས་ནང་གཅིག་གི་དགེ་སློང་གསུམ་ལ་སོགས་པ་ཟས་ལྷན་ཅིག་སྟེ་ཅིག་ཅར་དུ་ཟ་བ་ཡིན་པ། བསམ་པ་ཡུལ་དེ་ལ་དེ་ལྟར་ཤེས་པའི་འདུ་ཤེས། སྦྱོར་བ་དེ་ལས་ལོགས་ཤིག་ཏུ་ཟ་བ། མཐར་ཐུག་ཟོས་པ་སྟེ། འདི་ཚང་ན་འདུས་ཤིང་ཟ་བའི་ལྟུང་བྱེད་དུ་འགྱུར་རོ། །གནང་བའི་དུས་ནི། ན་བ་དང་། མཆོད་རྟེན་གྱི་ལས་བྱེད་པ་དང་། ལམ་དང་གྲུར་ཞུགས་ནས་དཔག་ཚད་ཕྱེད་དུ་སོང་བ་དང་། དུས་སྟོན་ཆེན་པོའི་སྐབས་དང་། རྟགས་འདི་མེད་པར་ཕྱི་རོལ་བའི་རབ་བྱུང་གིས་དད་པས་སྦྱར་བའི་དུས་ཏེ་དེ་དག་གི་ཚེ་ཉེས་པ་མེད་དོ། །དེར་ཟས་ལ་འོང་བར་བྱ་བ་ཡིན་ལ། སླེབ་པ་མ་མཐོང་ན་འོང་བ་ཉིད་མ་དྲིས་པར་ཟ་ན་ཉེས་བྱས་སོ། །བཟའ་བར་བྱ་བ་ལས་ཅུང་ཟད་ཅིག་ལོགས་ཤིག་ཟ་བ་ལ་བྲིམས་སམ། དེས་ཚུར་བྲིམས་ཀྱང་རུང་། དེ་ཙམ་གྱིས་ཟན་གཅིག་པ་ཉིད་དུ་འགྱུར་བས་ལྟུང་བ་མེད་དོ། །འཚོགས་ཏེ་བྲིམས་པར་བྱ་བ་ལ་འགྲོ་བར་ཆས་པ་དང་། བློ་བུར་དུ་འོངས་པ་དང་། ནད་པ་དང་། ནད་གཡོག་དང་། ལས་སུ་བསྐོས་པ་ལྔས་སྔར་ནོད་པར་གནང་ལ། གཞན་པས་ཚོགས་པས་བཟའ་བར་མ་བརྩམས་བར་དུ་རང་གི་སྐལ་བ་གཡོས་མལ་ལམ། སྤྱིར་སྤུངས་པ་ལས་ནོད་པར་མི་བྱའོ། ༣༧ །རང་གནས་ཕྱེད་ཡོལ་སྐྱ་རེངས་མ་ཤར་བར། །དུས་རུང་ཟས་ཟོས་པ་ལའོ་གནང་ལ་མིན། །རང་གི་ཕྱེད་ཡོལ་ནས། ཞེས་པ་ལ་སོགས་པའི་དོན་ཏེ། གླེང་གཞི་ནི། མོའུ་འགལ་གྱི་བུས་སྐྱེས་ཕྲན་གཞོན་ནུ་བཅུ་བདུན་སྡེ་རབ་ཏུ་བྱུང་བར་བྱས་ཏེ། བསོད་སྙོམས་ལ་སོང་བ་དང་། བུད་མེད་ནི་སྲེད་པ་སྤྱད་པ་ཡིན་པས་དེ་དག་མཐོང་བར་དང་བྲང་བརྡུངས་སོ། །འདི་དག་སྐྱེས་པ་དག་གིས་སྐྱེས་མ་ཐག་གི་ཁ་ལན་ཚྭས་འགེངས་མ་ནུས་པ་དང་། བརླ་བྲག་ཏུ་ཁྲོན་པ་བཅུག་ནས་འབྲང་བར་མ་ནུས་པ་དེ་དག་གི་ཅི་ཐོབ་ཟེར་བ་དང་། བཅུ་བདུན་སྡེ་ཉམ་ང་ནས་ཟན་ཆད་པ་བླའི། ཚིག་ངན་ཐོས་པ་ནི་དེ་ལྟ་མ་ཡིན་ནོ་སྙམ་ནས་སླར་ལོག་སྟེ། མདངས་ཡོད་ཀྱི་བར་ཀློག་ནས་འདུག་གོ །གྲོང་ཁྱེར་གྱི་ཀབ་མོ་དག་ནི་སྐྱེད་མོས་ཚལ་ལ་དགའ་བས། དེར་བཟའ་བཏུང་ཁྱེར་ནས་བཟའ་བཏུང་བྱེད་པ་བཅུ་བདུན་སྡེས་མཐོང་ནས་ལྟོ་བ་ལ་ཉུག་ཅིང་། མགོན་པོ་ཁྱོད་ཀྱིས་ལེགས་གསུངས་མང་པོ་དང་། །རྒྱུ་དང་མི་རྒྱུ་འཇིག་རྟེན་འདི་ན་སྤྱོད། །བཀྲེས་ཉམས་ལུས་ཀྱི་ཚོར་བ་མ་མཆིས་པ། །ཐུབ་པ་དེ་ནི་ཁྱོད་ཀྱི་ལེགས་གསུངས་མཆོག །ཅེས་སྨྲས་པས། གསོལ་ན་བཞེད་དམ། དེ་དག་གིས་བཟའ་བཏུང་བྱིན་ནས་ལོངས་སྤྱད་དེ་ཟུང་དུ་བསྡེབས་ནས་འཆག་ཅིང་ཁ་ཏོན་བྱེད་པ་ཉེ་དགས་མཐོང་ནས། ཁྱེད་ཀྱིས་ཤིན་ཏུ་བརྩོན་འགྲུས་བརྩམས་སོ། །བཙུན་པ། སྟོན་པས་ཟས་སྦྱིན་པ་ལ་གནས་ལྔ་སྦྱིན་པར་བྱེད་དེ། ཚེ་དང་ཁ་དོག་དང་། སྟོབས་དང་། བདེ་བ་དང་། སྤོབས་པ་སྦྱིན་པར་འགྱུར་རོ། །ཞེས་པས་ལེགས་པར་གསུངས་ཏེ་ཟོས་ནས་སྤོབས་པ་དང་ལྡན་པར་གྱུར་ཏོ། །ཟོས་སམ། ཟོས་སོ། །རུང་ངམ། དུས་སུ་མ་རྙེད་ལྟོགས་ཏེ་འཆི་བར་བྱའམ་ཅི། དེ་དོན་ཉུང་ངུ་དག་འཕྱ་ནས་གསོལ་པས། བྱུང་བ་འདི་ལས་བཅས་སོ། །གཞི་རང་གནས་པའི་གླིང་གི་ཉི་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བའི་བར་དུ་སྟེ་དུས་མ་ཡིན་པའོ། །བསམ་པ་དེ་ལ་དེར་འདུ་ཤེས་པ་གཙོ་བོ། །སྦྱོར་བ་གནང་བ་མེད་བཞིན་དུ་དུས་རུང་གི་ཟས་ཟ་བར་བརྩམས་པ། མཐར་ཐུག་ཟོས་པ་སྟེ་འདི་ཚང་ན་དུས་མ་ཡིན་པར་ཟ་བའི་ལྟུང་བྱེད་དོ། །གནང་བའི་དུས་ནི་སྔར་བཤད་པ་དང་། འཛམ་བུ་གླིང་པའི་དུས་ཀྱི་གླིང་གསུམ་པོ་དག་ཏུ་ཟོས་པ་རྣམས་སོ། ༣༨ །ཆོག་གཅིག་སྨན་བཞི་གསོག་འཇོག་བྱས་ཟོས་ལའོ། །སྔ་དྲོ་པའི་ཟས་བྱིན་ལེན་བྱས་པ་ཕྱི་དྲོའི་ཟས་སུ་དང་། ཞེས་བྱ་བ་ལ་སོགས་པའི་དོན་ཏེ། གླེང་གཞི་ནི། དགེ་སློང་ནག་པོ་ནི་བསོད་སྙོམས་ལ་འཇུག་པས་ན། འབྲས་ཆན་གཤེར་བ་རྙེད་ན་ལྷུང་བཟེད་ཀྱིས་ལེན། སྐམ་པོ་རྙེད་ན་ལྷུང་བཟེད་ཀྱི་སྣོད་ཀྱིས་ལེན་ནས་གཤེར་བ་ནི་ཟས། སྐམ་པོ་ནི་རྫ་མར་བཞག་སྟེ་ཡུལ་ངན་བྱུང་བའི་ཚེ་ན་བཟའོ། །སྟོན་པ་དུས་དུས་སུ་དམྱལ་བ་ལ་སོགས་པར་གཤེགས་པས། དེའི་དུས་སུ་གཙུག་ལག་ཁང་རྒྱུར་སོང་བས། ནག་པོའི་གཙུག་ལག་ཁང་གི་འབྲས་སྐམ་པོ་འདུག་པ་གཟིགས་ནས། ཀུན་དགའ་བོ་ལ་འདི་སུའི་ཡིན། ནག་པོའི་ལགས་ཏེ། དེའི་ཀུན་ཏུ་སྤྱོད་པ་ནི་འདི་ལྟ་བུའོ། །ཞེས་གསོལ་བས། བྱུང་བ་འདི་ལས་བཅས་སོ། །གཞི་རང་ངམ་རང་དང་རྟེན་མཚུངས་པ་སྡོམ་པ་མཉམ་ཞིང་ལྟ་བ་ཐ་མི་དད་པས་གསོག་འཇོག་བྱས་པའི་སྨན་བཞི་པོ་གང་རུང་། བསམ་པ་དེར་འདུ་ཤེས་པ། སྦྱོར་བ་མུ་གེའི་དུས་མ་ཡིན་པར་སྤྱོད་པར་རྩོམ་པ། མཐར་ཐུག་འཆའམ་ཟོས་པ་སྟེ། འདི་ཚང་ན་གསོག་འཇོག་གི་ལྟུང་བྱེད་དུ་འགྱུར་རོ། །ཐུན་ཚོད་དུ་རུང་བའི་སྨན་སྦྱིན་ལེན་བྱས་ལ། མ་ཞིག་པ་ཐུན་ཚོད་ལས་འདས་པའི་དུས་སུ་ཚགས་བགྱིས་པ་ལྟ་བུ་གསོག་འཇོག་བྱས་པ་ཡིན་ལ། སྦྱིན་ལེན་ཞིག་ན་གསོག་འཇོག་ཏུ་མི་འགྱུར་རོ། །དེས་སྨན་གཞན་གསུམ་ཡང་མཚོན་ནོ། །དགེ་སློང་ཕ་གཅིག་གིས་གསོག་འཇོག་བྱས་པ་དེ་ཉིད་དགེ་སློང་ཕ་ཐམས་ཅད་ལ་གསོག་འཇོག་བྱས་པ་ཡིན་པ་དེ་བཞིན་དུ། དགེ་སློང་མ་གཅིག་གིས་མ་ཐམས་ཅད་དང་། དགེ་སློབ་མ་ཡང་ངོ་། །དགེ་སློང་ཕ་མ་གསོག་འཇོག་རྟེན་མི་མཚུངས་པ་ཞིག་ཏུ་མི་འགྱུར་ཏེ། སྐྱེས་པ་དང་བུད་མེད་དག་ནི་ཕན་ཚུན་ཁྱིམ་པ་དང་འདྲའོ་ཞེས་གསུངས་པས་སོ། །ལྟ་བ་ཐ་དད་པ་ཞེས་པ་ནི། ཞུ་བ་ལས། རྗེས་སུ་ཁས་མ་བླངས་པའི་བྱིན་ལེན་བགྱིས་པ་འཚལ་བར་བགྱིའམ། ཉེ་བ་འཁོར་མི་བྱའོ། །བཙུན་པ་རྗེས་སུ་ཁས་བླངས་པས་རྗེས་སུ་ཁས་མ་བླངས་པའི་བྱིན་ལེན་བགྱིས་པ་འཚལ་བར་བགྱིའམ། ཉེ་བ་འཁོར་མི་བྱའོ། །ཞེས་གསུངས་པ་ཡིན་ནོ། །མཆོག་དགེ་སློང་དང་། དམན་པ་དགེ་ཚུལ། དགེ་སློང་མ་དང་། བསླབ་སྦྱིན་མོའམ། དགེ་སློབ་མ་གསོག་འཇོག་གཅིག་པ་མ་ཡིན་ནོ། །དེ་དག་ནི་ལག་ཉ་ལ་ཡང་མཚུངས་སོ། །ལག་ཉ། སྦྱིན་ལེན་མ་བྱས་པར་དགེ་སློང་རང་གིས་བླངས་པའི་ཟས་ཏེ། དེ་ཡང་། ཨ་མྲ་ཞིམ་པོ་ལོགས་སུ་བྲིམས་ཤིག་གསུངས་པ་དང་། དྲུག་སྡེས་ཨ་མྲ་ཞིམ་པོ་རང་རེས་བླངས། བྱིན་ལེན་བྱས་ནས་ཟོས་སོ། །དགེ་སློང་གིས་ཨ་མྲ་ཟད་དམ་ཞེས་དྲིས་པས། བྲིམ་དུ་ག་ལ་ཡོད། དྲུག་སྡེས་འདི་ལྟར་བྱས་སོ། །སྔར་བླངས་ནས་ཕྱིས་བྱིན་ལེན་བྱེད་ན་ཉེས་དམིགས་འདི་ཡོད་དོ་སྙམ་ནས་དགེ་སློང་དག་ལག་ཉར་བླངས་པ་མིད་པར་མི་བྱའོ། །ནོར་བ་དང་། བརྗོད་པ་དང་། སྟོན་པའི་བསླབ་པ་ལ་མ་གུས་པས་གཡེལ་བ་སྟེ། གསུམ་པོ་གང་ཡང་རུང་བས་དགེ་སློང་གིས་དགེ་སློང་གི་ཟས་ལ་རེག་གམ། ཐག་ཉེ་བར་སྤོས་སམ། བྱིན་ལེན་སྟོབས་པ་དང་འབྲེལ་བ་མ་བྲལ་བར་བླངས་པ་ཡང་ལག་ཉར་མི་འགྱུར་རོ། །བལྟོས་པ་སྟེ་རེ་བ་ཡོད་བཞིན་དུ་བྱིན་ལ། རེ་བ་ཡོད་བཞིན་ཟོས་ན་བྱིན་པ་ལ་ཉེས་བྱས། ཟོས་པ་ལ་ལྟུང་བ། རེ་བ་ཡོད་བཞིན་དུ་བྱིན་ལ། མེད་བཞིན་དུ་ཟོས་ན་བྱིན་པ་ལ་ཉེས་བྱས། ཟོས་པ་ལ་ཉེས་མེད། རེ་བ་མེད་བཞིན་དུ་བྱིན་ལ། ཡོད་བཞིན་ཟོས་ན་བྱིན་པ་ལ་ཉེས་པ་མེད། ཟོས་པ་ལ་ལྟུང་བ། གཉིས་ཀ་ལ་རེ་བ་མེད་ན་ཉེས་པ་མེད་དོ། །ཆུད་ཟ་བའི་དང་། བསྙེན་པར་མ་རྫོགས་པ་མེད་པའི་དང་། འགྲུབ་པར་བྱེད་པ་གཞན་མེད་པའི་རྐྱེན་དེ་ལྟ་བུ་དག་ན་ཡོད་ན་ཞིང་ཤས་ནོད་པའི་ཕྱིར་འབྲུ་ལ་རེག་པ་དང་། འབྲས་ལ་སོགས་པ་བགྲུས་པ་དང་། དགེ་སློང་གི་བཟའ་བཅའམ། དེའི་འབྲས་བུས་གང་བའི་ཤིང་རྟའི་གྲུ་ལ། ཁ་ལོ་པ་དང་གྲུ་སྐྱ་པའི་སྟན་གྱི་ཕྱོགས་མ་གཏོགས་པར་རེག་པ་དང་། དགེ་འདུན་གྱི་སྨན་དག་ལུད་པ་ན། དང་པོར་ཤིང་འབྲི་བ་དང་། མེ་བསད་པ་དང་། རླུང་གཡབ་པས་ཞི་བར་བྱ་ལ། མ་ནུས་ན་གཟར་བུའི་ལས་དང་འབོག་པ་རྣམས་ལ་ནི་མ་ཡིན་ལ། དེ་ལས་བཟློག་པ་དག་ལ་ནི་ལག་ཉར་འགྱུར་རོ། །ལག་ཉ་ཡིན་ཀྱང་མུ་གེའི་དུས་སུ་ཟ་བ་ལ་ནི་ཉེས་པ་མེད་དོ། །དུས་དེའི་ཚེ་སྔ་དྲོར་བླངས་པ་སྔ་དྲོ་དེ་ཉིད་ལ་ཟ་བར་བྱ་བས། གཞན་རྣམས་ལ་ཡང་སྦྱར་རོ། །མཚམས་བཙོས། བཅོས་མ་མ་ཡིན་པའི་མཚམས་དང་། ལས་ཀྱིས་བཅད་པའི་དགེ་སློང་གི་གནས་ཉེ་འཁོར་དང་བཅས་པའོ། །དགེ་འདུན་གྱི་གནས་སུ་ཁྱིམ་པ་གནས་པར་གྱུར་ན། དེ་ཉིད་ན་དགེ་སློང་གནས་སུ་ཟིན་ཀྱང་དགེ་སློང་གི་གནས་ཀྱི་གཞི་མ་ཡིན་ལ། ཁྱིམ་པའི་གནས་སྟོང་པར་དགེ་སློང་རེ་ཞིག་གནས་ན་དགེ་སློང་གི་གནས་སུ་འགྱུར་ལ། ཁྱིམ་པའི་རྫས་ཡོད་ན་ནི་དགེ་སློང་གིར་མི་འགྱུར་རོ། །དགེ་ཚུལ་རྣམས་ཀྱི་ཚོགས་སྤྱིར་དབང་བ་དང་། གང་ཟག་དབང་བ་ནི་དགེ་སློང་གི་མ་ཡིན། དགེ་སློང་གི་གནས་སུ་དེ་དག་འདུག་ཀྱང་དགེ་སློང་གི་ཡིན་ནོ། །གནས་དེ་ཡང་གཡོགས་པ་དང་མ་གཡོགས་པ་རྣམ་པ་གཉིས་ཏེ། དང་པོའི་དབང་དུ་བྱས་ནས། སྟེང་གི་ཡང་ཐོག་གཞན་ཡང་དེ་ཉིད་ཡིན་ལ། མ་གཡོགས་པའི་དབང་དུ་འགའ་ཞིག་བྱས་ནས་སྟེང་ནམ་མཁའ་ལ་མགོ་བོ་སླེབ་པ་མན་ཆད་གནས་ཉིད་ཡིན་ནོ། །བཙོ་བོར་བྱ་བ་སྣོད་རུང་བ་མ་ཡིན་པའི་ཕྱོགས་ན་འདུག་ཀྱང་རུང་། དེ་བཞིན་དུ་མེ་ཡང་ངོ་། མེ་ལྕེའི་སྟེང་དུ་བསྲེག་པ་དང་། དེ་ལས་འགའ་ཞིག་རུང་བའི་སར་ཕྱུང་སྟེ་བསྲེག་པ་ནི་ཉེས་པར་མི་འགྱུར་རོ། །བཙོ་བ་ནི་སྲ་བ་སུམ་ཆ་བངས་པ་དང་། སྙི་བ་ཁ་དོག་གྱུར་པ་དང་། ཁུ་བ་ལན་གཉིས་ཁོལ་བར་གྱུར་བ་ཉིད་དོ། །དེ་ཡང་སྟོན་པ་ཡུལ་ཀ་ཤི་ན་ལྗོངས་རྒྱུ་ཞིང་གཤེགས་ཏེ། གྲོང་མཚམས་མ་བཅད་པ་ཞིག་ཏུ་བཞུགས་སོ། །དེར་སྟོན་པ་རླུང་ནད་ཀྱིས་བསྙུང་ནས། ཀུན་དགའ་བོས་སྔར་རང་གི་བློས་རིམ་གྲོ་མང་དུ་བྱས་ཀྱིས་སྨན་པ་ལ་མ་དྲིས་སོ། །ད་རེས་འདྲིའོ་སྙམ་ནས་དྲིས་པས། འབྲུ་གསུམ་ཆབ་མར་མང་པོ་བཙལ་བ་དྲོལ་ལ་གསོལ་ཅིག དེས་རང་ཉིད་ཀྱིས་བཙོས་ནས་ཕུལ་བ་དང་། མཁྱེན་བཞིན་དུ་འདི་ཅི་ཡིན། བདག་གི་གློ་བ་ལ་ནད་འདི་ལྟར་གྱུར་ནས་བདག་གིས་དྲལ་བ་ལགས་སོ། །གང་དུ་བཙོས། མཚམས་ཀྱི་ནང་དུའོ། །གང་དུ་བཞག མཚམས་ཀྱི་ནང་དུའོ། །སུས་བཙོས། བདག་གིས་མཚམས་ཀྱི་ནང་དུའོ། །མཚམས་ཀྱི་ནང་དུ་བཙོས་ལ་ནང་དུ་ཞག་ལོན་པ་དང་། ནང་དུ་བཙོས་ལ་ཕྱིར་ཞག་ལོན་པ་དང་། ཕྱིར་བཙོས་ལ་ནང་དུ་ཞག་ལོན་པ་དང་། ཕྱིར་བཙོས་ལ་ཕྱིར་ཞག་ལོན་པ་དང་། ཕྱི་ནང་གང་ཡང་རུང་སྟེ། དགེ་སློང་གིས་བཙོས་པ་ནི་ལོངས་མི་སྤྱད་ཅེས་དང་། ཡང་མཉན་ཡོད་དུ་ཁྱིམ་བདག་ཅིག་གིས་དགེ་འདུན་གདུགས་ཚོད་ལ་སྤྱན་དྲངས་ཏེ། སྟོན་པ་མ་བྱོན་ཁྱིམ་བདག་དེས་འབྲས་ཆེན་མ་ཚོས་པ་ཞིག་ཕོག་པ་དང་། ཀུན་དགའ་བོས་སྟོན་པ་གདངས་ནས་ཡུན་རིང་པོ་མ་སོང་བས་འདིས་སྙུན་ལྡང་སྲིད་ཀྱིས། མ་གནང་ཡང་འདི་ལ་བརྟེན་ནས་གནང་བའི་སྐབས་ཡོད་སྙམ་སྟེ། ཆུས་བཏབ་ཚོས་པར་བཙོས་ཏེ་དྲངས་སོ། །དགེ་འདུན་ཐམས་ཅད་ཀྱིས་འདི་འདྲའམ། མ་ཡིན་ཏེ་མ་དྲལ་ལགས་སོ། །ཞེས་རྒྱས་པར་གསོལ་པས། ངས་གནང་བ་ཁྱེད་ཀྱིས་ཤེས་པ་ལེགས་ཏེ། མ་ཚོས་པ་བྱིན་ལེན་བྱས་ཏེ་བཙོས་པ་ལ་ལོངས་སྤྱད་དོ། །ཞེས་གསུངས་པ་དང་། དྲུག་སྡེས་འབྲས་སྐམ་པོ་ལ་བྱིན་ལེན་བྱས་ནས་བཙོས་ཏེ་ཟོས་པས། དེ་གསོལ་པས། དེ་ལྟར་མི་བྱའི་ཞེས་གསུངས་པས་སོ། །ཞག་ལོན། ཉིན་ཞག་ཕྱི་མའི་སྐད་ཅིག་མར་བཞག་པ་རྣམས་ཏེ། རུང་བའི་ས་ན་འདུག་པའི་ཤིང་ཐོག་རུང་བའི་སར་བྲུལ་བ་ཉིད་ནི་རང་གི་སྐྱེ་བའི་རྒྱུན་རྩ་བ་ལ་སོགས་པ་རུང་བ་མ་ཡིན་པའི་སར་འདུག་པ་དང་འབྲལ་བའམ། རང་གི་སྐྱེས་པའི་རྒྱུན་རུང་བ་མ་ཡིན་པའི་སར་འདུག་ལ། འབྲས་བུ་རང་བྲུལ་བ་སྐྱེ་བའི་རྒྱུན་དང་མ་འབྲེལ་བ་རུང་བའི་ས་ན་འདུག་ཀྱང་རུང་སྟེ། རྣམ་པ་དེ་གཉིས་ཀ་སྐྱེ་བ་ལ་རག་ལས་པ་དེའི་ཕྱིར་ཞག་ལོན་པ་ཡིན་ནོ། །མཚམས་ནང་དུ་ཞག་ལོན་ན་དེའི་འོ་མ་ཡང་ཞག་ལོན་པ་ཡིན་ནོ། །ས་བོན་མཚམས་ནང་དུ་ཞག་ལོན་པ་ཕྱི་རོལ་དུ་བཏབ་པ་དང་། མཚམས་ནང་དུ་སྐྱེས་པ་ཕྱིར་འདལ་བ་དང་། ཞག་ལོན་གྱི་འོ་མ་ཞོར་གྱུར་པ་ལྟ་བུ་ནི་ཞག་ལོན་མ་ཡིན་ནོ། །ཁྱིམ་པས་རུང་བ་མ་ཡིན་པའི་གཞིར་བཙོས་པ་དང་། ཞག་ཏུ་བཞག་པ་འབུལ་བར་བྱེད་པ་ལ་འདིས་སང་གདུགས་ཚོད་བགྱིའོ་ཞེས་མ་སྨྲས་ན་ཉེས་པར་མི་འགྱུར་ལ། འདིས་སང་གདུགས་ཚོད་བགྱིའོ་ཞེས་སྨྲས་ན་དེ་ཉིད་དུ་བདག་ཏུ་གཟུང་བ་ཡིན་པས་ཞག་ལོན་གྱི་ཉེས་པར་འགྱུར་རོ། །དེ་ལྟར་ལག་ཉ་ལ་སོགས་པ་གསུམ་གསོག་འཇོག་དང་། ཆ་དང་། ཆ་ཅན་གྱི་ལྟུང་བ་ཡིན་པའི་ཕྱིར་འདིར་གསུངས་སོ། །ཞར་ལས་ཡིན། ལྷུང་བཟེད་ཆུང་ངུ་དང་། ཁ་གཟར་དང་། ཚྭ་ཁུག་དང་། ལྷུང་བཟེད་ཀྱི་སྣོད་དང་། གོས་དང་། མན་ཤེལ་དང་། ཁྲི་དང་། ཁྲིའུ་དང་། ཕྲུ་བ་དང་། བུམ་པ་དང་། རིལ་བ་དང་། ལྡེ་མིག་དང་། ལྡེ་མིག་སྐྱོག་པོ་གསོག་འཇོག་བྱས་པས་འབགས་པ་དང་། ཁ་དྲི་མ་ཅན་གྱི་བཟའ་བ་དང་བཏུང་བ་དག་ནི་ཉེས་བྱས་སོ། །དེའི་ཕྱིར་ཁ་དང་ལྷུང་བཟེད་ཟས་ཀྱི་སྔ་རོལ་དུ་ལེགས་པར་བཀྲུའོ། ༣༩ །རུང་མིན་བྱིན་ལེན་སྔས་མིན་ཞིག་ཤེས་ཟོས། །ཤེས་གཙོ། བྱིན་ལེན་མ་བསྟབ་པ་ཉིད་ལའོ། །ཞེས་པ་ལ་སོགས་པའི་དོན། གླེང་གཞི་ནི། དགེ་སློང་ནག་པོ་ནི་ཤི་བའི་རྗེས་སུ་དུར་ཁྲོད་དུ་གཏོར་བ་ཁ་བརྙོགས་ནས་ལྷུང་བཟེད་བྱེད། རོ་གོས་ལ་ཆོས་གོས་བྱེད། ཤི་བའི་ཟས་ལྔ་ལ་བསོད་སྙོམས་སུ་སྤྱོད། མི་ངས་བྱུང་བ་ན་དེ་ཚོ་ཞིང་ལུས་རྒྱས། གྲོང་དུ་བསོད་སྙོམས་ལ་མི་འགྲོ། མ་བྱུང་བའི་ཚེ་རིད་ཅིང་ཉམ་ཆུང་ལ་བསོད་སྙོམས་ལ་འཇུག་གོ །སྒོ་བས་དེ་མཚན་མར་གཟུང་ནས་མི་ཤ་ཟའམ་སྙམ་ནས་དེ་ལྟར་འཇིག་རྟེན་ལ་བསྒྲགས་སོ། །སྒོ་བས་དེ་གསོལ་པས། ཉེས་དམིགས་དེ་བྱིན་ལེན་མ་བྱས་པ་ལས་བྱུང་བས་བྱིན་ལེན་བྱའོ་ཞེས་གསུངས་ལ། བྱིན་ལེན་སྟོབས་པ་མེད་ན་སྦྱིན་བདག་གིས་བསམ་པ་ཐག་པས་ནོད་པ་བླང་བར་གསུངས་པ་དང་། དྲུག་སྡེ་དག་བྱིན་ལེན་བྱས་མ་བྱས་གཉིས་ག་ཟ་བ་ལ་འཕྱ་ནས་གསོལ་བས། བྱུང་བ་འདི་ལས་བཅས་སོ། །དགེ་སློང་དགོན་པ་པ་རྣམས་ཆུ་དང་ཤིང་གི་བྱིན་ལེན་སྟོབས་པ་མེད་ནས། དགོན་པ་བོར་ཏེ་གྲོང་མཐའི་གནས་མལ་ན་འདུག་གོ །དེ་རྨེད་དེ་གསོལ་པས། བསླབ་པ་ལ་གུས་པའི་བསྔགས་པ་བརྗོད་ནས་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བས་ཏེ། ཆུ་དང་སོ་ཤིང་མ་གཏོགས་སོ། །གཞི་རུང་བའི་དུས་མ་ཡིན་པར་ཆུ་དང་སོ་ཤིང་མ་ཡིན་པ་མིད་པར་བྱ་བའི་སྨན་བྱིན་ལེན་ལྔ་ལས་གང་ཡང་རུང་བས་མ་བསྟབ་པའམ་བསྟབས་ཀྱང་ཞིག་པ། བསམ་པ་དེ་ལ་དེར་འདུ་ཤེས་པ་གཙོ་བོ། སྦྱོར་བ་མིད་པར་བརྩམས་པ། མཐར་ཐུག་མིད་པ་སྟེ། འདི་ཚང་ན་བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་དོ། །རུང་བ་ནི་སྒྲ་མི་སྙན་དུ་དང་། སྲ་བརྐྱང་བཏིང་བའི་དུས་དང་། བྱིན་ལེན་སྟོབས་པ་མེད་ཅིང་བསྟབས་པའི་ཟས་མེད་ལ། ཟས་གཞན་སྦྱིན་བདག་གིས་བསམ་པ་ཐག་པས་བཏང་བ་རང་གིས་བླང་བ་དང་། སྲོག་ལ་བབ་པའི་བཀྲེས་པ་ལ་ཤིང་ཐོག་དང་རྩ་བ། སྒྲ་མི་སྙན་པའི་ཡིད་ལ་བྱེད་པས་བླངས་ནས་ཟ་བ་ལ། བྱིན་ལེན་དུས་མིན་ལག་ཉའི་ཉེས་པ་མེད་པར་གསུངས་པ་རྣམས་སོ། །བྱིན་ལེན་ནི་ལྔ་སྟེ། དྲང་ཐད་ནས་བླངས་པ་དང་། མཚམས་ཀྱིས་མ་ཆོད་པར་བླངས་པ་དང་། ཐོབ་པའི་ཕྱོགས་ནས་གནས་པས་བླངས་པ་དང་། ལག་པ་གཉིས་བཀན་པས་བླངས་པ་དང་། དེ་དང་འབྲེལ་བའི་སྣོད་དམ་ཐུ་བའི་དཀྱིལ་འཁོར་དུ་བཞག་སྟེ་བླངས་པའོ། །ནོད་པའི་ཡུལ་བསྙེན་པར་མ་རྫོགས་པ་ལས་ཡིན་གྱི། རྫོགས་པ་ལ་དམིགས་བསལ་གྱི་དུས་མ་ཡིན་པར་མི་རུང་ངོ་། །མི་མ་ཡིན་པ་གླང་པོ་དང་སྤྲེའུ་ལ་སོགས་པ་དུད་འགྲོ་ཟས་གྱེན་དུ་འདེགས་ནུས་པས་བསྟབས་པ་ཡང་བྱིན་ལེན་ཡིན་ནོ། །སྦྱིན་པར་འདོད་པ་དགོས་ཀྱི་དབང་མེད་པ་ལ་སོགས་པས་མ་ཡིན་ནོ། །ཇི་ལྟར་སྦྱིན་པ་ཡང་དེའི་ལག་པས་སམ། དེ་དང་འབྲེལ་བའི་སྣོད་ཀྱིས་སོ། །ཤིང་ཐོག ཞུན་མར། སྦྲང་རྩི། བུ་རམ་གྱི་དབུ་བ་བྱིན་ལེན་བྱས་པ་དག་དགེ་སློང་གིས་བྲིམ་དུ་རུང་ལ། བྲིམ་པར་བྱ་བ་མང་ན་སྟན་ལས་མ་འཕགས་པར་ཇི་ཙམ་ལེན་ནུས་པ་དེ་ཙམ་རང་གིས་ནོད་པ་དང་། དེ་འདྲ་བས་གནས་ནས་འདྲིལ་བ་ལེན་ནུས་ན་ཡང་བྱིན་ལེན་མི་འཇིག་ལ། གཞན་དུ་འཇིག་གོ །བྱི་བས་རེག་ན་འཇིག་ལ། སྦྲང་བུ་སོགས་སྲོག་ཆགས་ཕྲ་མོས་རེག་ན་རེག་པའི་ཕྱོགས་དེ་ཉིད་བསལ་ལོ། །བྱིན་ལེན་བསྟབས་ཟིན་ལ། རྐྱེན་གྱི་ཞིག་གམ་སྙམ་པ་བསལ་བའི་ཕྱིར་སླར་སྟོབས་པ་རིགས་པ་ཡིན་པས་བྱིན་ལེན་བྱའོ། །བྱིན་ལེན་ཞིག་པའི་རྒྱུ་མདོར་བསྡུ་ན། ལྔ་ཚན་གྱི་ལུང་ལས། ཕྲོགས་དང་འདྲིལ་དང་རེག་པ་དང་། །བསྔོས་དང་དགེ་སློང་མིན་གྱུར་དང་། །དངོས་པོར་གྱུར་དང་སྐྱེ་བར་གྱུར། །དོར་བས་ཀྱང་ནི་བྱིན་ལེན་འཇིག །ཅེས་སོ། ༤༠ །ཉེ་མིན་ཁྱིམ་པར་བསོད་པའི་ཟས་བླངས་ཟོས། །འོ་མ་དང་། ཞོ་དང་། མར་དང་། ཉ་ཤ་དང་། ཤ་སྐམ་ལྟ་བུ་ནི་ཟས་བསོད་པ་ཡིན་ནོ། །དེ་ནི་བྱེད་པ་པོའོ། །ཞེས་པ་ལ་སོགས་པའི་དོན། གླེང་གཞི་ནི། སྟོན་པ་སེར་སྐྱའི་གནས་ནྱ་གྲོ་དྷའི་ཀུན་ར་ན་བཞུགས་སོ། །དེ་མི་ཆེན་གྱིས་ཐོས་ནས་སོང་སྟེ། སང་བཅོམ་ལྡན་འདས་གདུགས་ཚོད་ལ་སྤྱན་དྲངས་སོ། །དེས་གདུགས་ཚོད་ཀྱིས་ཚིམ་པར་བྱས། ཆོས་བསྟན་ནས་གཤེགས་སོ། །དྲུག་སྡེ་དེའི་ཁྱིམ་དུ་ཕྱིན་པ་དང་། ཟས་དང་གནས་མལ་མཐོང་སྟེ། ཤེས་ལྡན་དག་སངས་རྒྱས་སོགས་སྤྱན་དྲངས་ན་སྟ་གོན་མི་བྱེད་དམ། ཅི་ཁྱེད་མནལ་ལམ། དེ་དག་གསོལ་ཏེ་གཤེགས་སོ། །ཅི་ཁོ་བོའི་ཟན་གཅོད་དམ། དྲིའོ། །མིང་ཆེན་ལ་དྲིས་པས། ལྷག་རོལ་ཅི་ཡོད་བྱིན་ཅིག །དེས་བྲིམས་པ་དང་། མིང་ཆེན་གྱི་ཁ་ཤིན་ཏུ་ཆེན་པོས་སྤྱན་དྲངས་ན་ཟན་འདི་འདྲས་འདྲེན་ན་ཉེ་དགའ་གཏན་དུ་འདྲེན་པར་འགྱུར་རོ། །བཀྲེན་པ་འདི་ལ་ཅི་ཡོད་ཀྱི། ཁྱིམ་བདག་ཆེ་གེ་མོའི་ནས་ཞོ། ཆེ་གེ་མོ་ནས་འོ་མ། མར། ཤ ཉ་ཤ ཤ་སྐམ་ལོང་ལ་ཤོག་ཅིག་ཟེར་ནས་བླངས་ཏེ་དེར་ཟོས་ནས་སོང་ངོ་། །དགེ་སློང་རྣམས་ཁྱེད་ཀྱིས་གང་དུ་ཟོས། དེ་ཉིད་དུའོ། །ཇི་ལྟ་བུ་ཟོས། འོ་མ་ལ་སོགས་པ་བསོད་པའོ། །ངེད་ཀྱི་དེ་ལྟ་བུ་མ་ཐོབ་བོ། །བཀྲེན་པ་དེ་ལ་ག་ན་ཡོད། ཁོ་བོ་ཅག་གིས་གཞན་ནས་བླངས་ནས་ཟོས། རུང་ངམ། རུང་ཡང་སྲིད་མི་རུང་ཡང་སྲིད་དེ་ཅི་ལྟོགས་ནས་འཆིའམ་ཟེར་བ་ལ་འཕྱ་བའི་སྐབས་དེ་གསོལ་བས། བྱུང་བ་འདི་ལས་བཅས་སོ། །གཞི་ཟས་བསོད་པ། བསམ་པ་སློང་བར་འདོད་པ། སྦྱོར་བ་ཉེ་དུ་མིན་པའི་ཁྱིམ་ནས་མིན་པས་རང་གིས་བསླངས་སམ་གཞན་སློང་དུ་བཅུག་པ། མཐར་ཐུག་ཅི་བདེར་བསྟབས་པ་མ་ཡིན་པར་ཐོབ་པ་སྟེ། འདི་ཚང་ན་བསོད་པ་སློང་བའི་ལྟུང་བྱེད་དུ་འགྱུར་རོ། །ངན་པ་བསླངས་ནས་ཟོས་པ་ཉེས་བྱས། ངན་པ་བསླངས་ལ་བཟང་པོ་ཐོབ་པ་དང་། བཟང་པོ་ལས་ངན་པ་ཐོབ་པ་ལ་ནི་ལྟུང་བ་མེད་དོ། །ཟས་ངན་པ་ཕྱིར་སྤོང་བ་ལ། འོ་ན་ཅི་སློང་ཞེས་འདྲི་བ་ནི་ཅི་བདེར་སྟོབ་པར་གཏོགས་སོ། ༤༡ །རུང་བ་ལྔ་མིན་ཆུ་ལ་སྤྱད་པ་གཉིས། །གང་རུང་སྤྱད་ལའོ། །རང་སྤྱད་པའི་དོན་ཉིད་ལ་འཇུག་པ་དང་འཇུག་ཏུ་འཛུད་པ་དག་ལའོ། །ཞེས་པ་ལ་སོགས་པའི་དོན་ཏེ། གླེང་གཞི་ནི། ཀོའུ་ཤམ་བིར་འདུན་པ་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་ནས། དགེ་སློང་གིས་དེ་ལྟར་མ་བྱེད་ཅིག་ཅེས་སྨྲས་པས། ཁོ་བོ་ལ་འགའ་ཞིག་གིས་བསྒྲངས་ཏེ་གཏད་དམ། ཕྱོགས་བཞིའི་རྒྱ་མཚོ་དང་། མཚོ་དང་། ལྟེང་ཀ་རྣམས་སུ་ཅིའི་ཕྱིར་མི་འགྲོ་ཟེར་བའི་སྐབས་དེ་གསོལ་པས། བྱུང་བ་འདི་ལས་བཅས་སོ། །གཞི་རུང་བ་ལྔ་དང་བྲལ་བ་སྲོག་ཆགས་དང་བཅས་པའི་ཆུ་ལ། བསམ་པ་དེར་འདུ་ཤེས་པ། སྦྱོར་བ་རང་གིས་སྤྱད་དམ་གཞན་བསྐུལ་ནས་སྤྱད་པ་གང་རུང་། མཐར་ཐུག་སྤྱོད་པ་སྟེ། འདི་ཚང་ན་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་དུ་འགྱུར་རོ། །བལྟར་ཡོད་ཤི་དེ་སྙེད། སྲོག་ཆགས་མིག་གིས་བལྟར་ཡོད་པ་ཤི་བ་དེ་སྙེད་པ་སྲོག་དང་ཕྲལ་བའི་ལྟུང་བྱེད་དུ་འགྱུར་རོ། །ཁྲོན་པ་ཆུ་ཚགས་ལྔ་དང་དགེ་སློང་དང་། །དགེ་འདུན་ཡིད་ཆེས་དེ་ཡི་རུང་བ་ལྔའོ། །ཁྲོན་པ་ནི་བརྟགས་པས་གཙང་བའོ། །ཆུ་ཚགས་ནི་རྣམ་པ་ལྔ་སྟེ། རིལ་ཚགས་ནི་ཟླུམ་པོ་ཁ་གཉིས་པའོ། གྲུ་གསུམ་ནི་གྲུ་ཡོད་པའོ། །སྤྱང་ཚགས་ཞེས་བྱ་བ་ནི་ཆུ་ཚགས་ཡུ་བ་ཡོད་པའོ། །རིལ་བ་ཞབས་ཚགས་ཅན་ནི་རིལ་བའི་ཞབས་སུ་ཚགས་བྱས་པའོ། །བསལ་ཚགས་ནི་གོས་ཀྱི་དུམ་བུའོ། །མིང་གསུམ་པ་ནི་གོས་ཀྱི་ཐ་མ་ཞེས་བྱ་སྟེ། གོས་ཀྱི་ཐ་མ་ཉིད་ཀྱིས་ནི་བུམ་ཚགས་གཅེའུ་ཅན་ཡང་བསྟན་པར་རིག་པར་བྱའོ། །དེ་ལྟར་ལྔ་ནི་སྲོག་ཆགས་འཛིན་པའི་ཕྱིར་རོ། །དགེ་སློང་གིས་དང་། དགེ་འདུན་གྱི་རུང་བ་ནི་ཆུ་མ་བཙགས་པར་མི་སྤྱོད་པའི་ཕྱིར་རོ། །ཡིད་ཆེས་པའི་རུང་བ་ནི་ཆུ་མིག་གམ། རྒྱུན་གང་ལ་སྲོག་ཆགས་མེད་པར་ཡིད་ཆེས་པའོ། ༤༢ །བརྣག་པས་ཉལ་པོར་ཤོམ་ཁྱིམ་འདུག་པ་དང་། །ཤེས་གཙོ། ཞུགས་པའམ་ཕྱོགས་ལའོ། །ཞེས་པ་ལ་སོགས་པའི་དོན་ཏེ། གླེང་གཞི་ནི། འཆར་ཀ་མཉན་ཡོད་དུ་བསོད་སྙོམས་ལ་སོང་བ་དང་། སྤོས་འཚོང་གི་ཁྱེའུས་ཆུང་མ་བླངས་ནས་ཡུན་རིང་པོ་མ་ལོན་པ་ཞིག་ཟོང་བཀྲམ་ནས་འདུག་པ་ན། ཆགས་པ་སྐྱེས་ནས་ཟོང་སྡུད་པ་མཐོང་ནས་འདོད་པ་སྤྱོད་འདོད་པར་ཤེས་ཏེ། རེ་བ་མེད་པར་བྱའོ་སྙམ་ནས་སྔར་སོང་སྟེ། བུ་མོ་ཚུར་ཤོག་ཆོས་བསྟན་པར་བྱའོ། །དེས་ཆོས་ཉན་པའི་ཕྱིར་བསྡད་པ་དང་ཁྱེའུ་འོངས་ནས། འཆར་ཀ་ལ་བསོད་སྙོམས་ཕུལ་ལ་གཤེགས་སུ་ཆུག་ཅིག འཆར་ཀས་བཞིན་བཟང་ཁོ་བོས་དགེ་བའི་ཕྱོགས་མ་ཉམས་པར་བྱས། ཆོས་བསྟན་ན་ཆོས་མཉན་མི་འདོད་དམ། ཉོན་ཅིག་ཅེས་ནན་གྱིས་ཉན་དུ་བཅུག་སྟེ། དེ་ཀུན་ནས་དཀྲིས་པ་དང་བྲལ་གྱི་བར་དུ་ཆོས་བསྟན་ནོ། །ཤཱཀྱའི་བུ་ནི་དགེ་སྦྱོང་གི་ཚུལ་ཚིག་པ་སྟེ། རང་གི་ཆུང་མ་ལ་ཡང་དབང་མེད་དོ་ཟེར་ནས་འཕྱ་བ་དེ་གསོལ་བས། བྱུང་བ་འདི་ལས་བཅས་སོ། །གཞི་ཁྱིམ་པ་ཕོ་མོ་གཉིས་གཉིས་སྤྲོད་པའམ་དེའི་ཆེད་དུ་ཞུགས་པ། བསམ་པ་དེར་འདུ་ཤེས་པ། སྦྱོར་བ་དགེ་སློང་རང་གི་གནས་དང་གནས་ལས་གཞན་ཡིན་པ་དང་མི་གཞན་མེད་པ། མཐར་ཐུག་མ་དྲིས་པས་བརྣག་པར་མཐོང་ཐོས་ཀྱི་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་དུ་འདུག་པ་སྟེ། འདི་ཚང་ན་ཉལ་པོ་ཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་དོ། ༤༣ །འགྲེང་བའོ་འཇིགས་དང་མ་ཚོར་ཐ་དད་མིན། །དབེན་པར་བརྣག་པས་འགྲེང་ནའོ། །ཞེས་པ་ལ་སོགས་པའི་དོན། གླེང་གཞི་ནི། ཡང་འཆར་ཀས་མཉན་ཡོད་དུ་སྤོས་འཚོང་གི་ཁྱེའུ་སྔར་བཞིན་བྱེད་པ་ཤེས་ནས། བལྟའོ་སྙམ་ནས་སོང་སྟེ་སྒོ་གླེགས་ཀྱི་རྒྱབ་ནས་མགོ་བསྒྲིལ་ཞིང་འགྲེང་ངོ་། །ཁྱེའུས་ཆུང་མ་ཁྲིད་དེ་གནས་ཁང་དུ་ཞུགས་པ་དང་། འཆར་ཀ་སྒོ་རྒྱབ་ན་འགྲེང་ངོ་། །འཆར་ཀ་གཙུག་ལག་ཁང་ན་བསམ་གཏན་གྱི་བདེ་བ་ཉམས་སུ་མྱོང་མོད་ཟེར། དགའ་མགུར་སྤྱད་ཀུན་ནས་དཀྲིས་པ་དང་བྲལ་བའི་ཚེ། འཆར་ཀ་མཐོང་ནས་སྔར་བཞིན་འཕྱ་བའི་སྐབས་དེ་གསོལ་བས། བྱུང་བ་འདི་ལས་བཅས་སོ། །གཞི། བསམ། སྦྱོར་བ་སྔ་མ་འདྲ་ལ། མཐར་ཐུག་སྐྱབས་ཡོད་པར་བརྣག་པས་བསྒྲེང་བ་སྟེ། དེ་ཚང་ན་ཉལ་པོ་ཤོམ་པའི་ཁྱིམ་དུ་བསྒྲེང་བའི་ལྟུང་བྱེད་དོ། །བརྣག་པ་ཞེས་པ་ནི་ནན་ཏན་དུ་བྱེད་པའོ། །ཕ་གི་བས་རང་དང་། རང་གིས་ཕ་གི་བ་མ་ཚོར་ན་ཉེས་བྱས་སོ། །དེ་ལྟ་བུས་སེམས་གཞན་ལ་གཏད་ཀྱང་ཉེས་བྱས་སོ། །འཇིགས་པའི་དབང་གིས་བསྡད་པ་ཉེས་མེད་མཛོད་ལ་སོགས་པ་ཁྱིམ་གཅིག་པ་མཐོང་ཡང་བཟའ་ཐ་དད་ན་ཁྱིམ་ཐ་དད་པ་ཞེས་བྱའོ། ༤༤ །འདི་མེད་བལྟོས་མིན་བཏང་མི་དེ་ལ་ནི། །རུང་ཟས་རང་གིས་བྱིན་ན་མ་འཇུག་པ་ལའོ། །ཕོ་ཡང་རུང་མོ་ཡང་རུང་བ་ལའོ། །ཞེས་པའི་དོན། གླེང་གཞི་ནི། སྟོན་པ་ཀོ་ས་ལར་གཤེགས་པའི་ལམ་དུ་ཚོང་པ་དག་གིས་རྒྱང་གྲགས་བཅུ་བཅུར་ཞལ་ཟས་སྟ་གོན་བྱས་སོ། །དེའི་ཚེ་ཤེས་པ་ཅན་འཕོངས་ཤིང་བཀྲེན་ནས་ཐབས་བཙལ་སྙམ་ནས། ཁྱེད་ཀྱི་སྟོན་པ་བཟང་པོ་ལ་མོས། ཚེ་འདི་ལ་བདེ་ཕྱི་མར་བདེ་འགྲོར་འགྲོ། ངེད་ཀྱི་སྟོན་པ་དེ་ལས་བཟློག་པས་སོ་ཞེས་སྨྲས་པས། འདི་དད་དོ་སྙམ་ནས། ཇི་ལྟར་འཚོ། དགའ་བས་འཚོའོ། །ལྷུང་བཟེད་ཀྱི་ལྷག་རོལ་འདོད་དམ། འཚལ་ལོ། །མིག་ལམ་ན་འདུག་ཅིག་ཟེར་ནས་འཁུར་བ་བྱིན་ནས་སློང་ཕོར་བཀང་བས་ཕྱིར་བྱུང་བ་དང་། དེད་དཔོན་གྱིས་མཐོང་ནས་སུས་བྱིན། ཁྱོད་ཀྱི་ཡོན་གནས་དེ་དག་ཡིན་ལ། དེ་དག་གི་ཡོན་གནས་ཁོ་བོ་ཡིན་པས་ཕུལ་ལོ། །ཁྱོད་ལ་སྙིང་རྗེས་བྱིན་ན་དེ་སྐད་ཟེར་རམ། སྟོབ་པས་བསླབ་པ་འཕྱ་བར་འགྱུར་རོ། །མད་ཀྱང་བཞད་གད་དོ། །ཤེས་པ་ཅན་ཚུར་འོང་བ་དང་ཕྲད་ནས་ཁྱོད་ཉོད་པ་ཉོད་དམ། ཉོད་དོ། །གང་ནས། ཁྱིམ་བདག་སྒྲི་བྱི་འདི་དག་གིས་མཁོ་བ་སྟོབས་སོ། །ཁྱོད་བྱས་པ་མི་ཤེས་པ་འདུག འདི་ཁྱོད་ཀྱི་ཁྱིམ་བདག་ཡིན་ནམ། འདི་དག་ལས་ལྔ་བརྒྱའི་ཚོགས་ཀྱང་མྱ་ངན་ལས་འདའ་བར་སྣང་གིས། ཁྱེད་ཀྱིས་ཤེས་པ་ཅན་གཅིག་ཀྱང་མྱ་ངན་ལས་འདས་པ་མཐོང་ངམ། མི་རྣམས་གང་དག་བྱས་པ་མི་ཤེས་པ། །དེ་དག་ཁྱི་བས་ཤིན་ཏུ་ངན་པར་བསམ། །ཁྱི་ཡང་མི་ལ་བྱས་པ་ཤེས་སྣང་ན། །སྦྲུལ་འདྲ་མི་དག་དུག་ནི་གཏོང་བར་བྱེད། །ཟེར་ཏེ་འདི་ནི་རེ་ཞིག་བྱུང་བའོ། །མཉན་ཡོད་དུ་ཡུགས་ས་མོ་ལྔ་བརྒྱས་ཆོས་ཉན་པས་རྒྱུན་ཞུགས་ཐོབ་ནས། སང་བདག་ཅག་གི་གདུགས་ཚོད་གསོལ་བར་ཅི་གནང་། གནང་ངོ་། །དེ་དག་གི་པ་ཎ་ལྔ་བརྒྱ་ཀུན་དགའ་བོ་ལ་གཏད། དེས་མགོན་མེད་ཟས་སྦྱིན་ལ། དེས་ཁྱེར་ཏེ་ཟས་བསོད་པ་བསྐུར་རོ། །དེས་ཁྱིམ་བདག་མོ་ལ་བྲིམས་ཤིག་བྱས་པ་དང་། ཁྱེད་ཀྱིས་བྲིམ་དུ་གསོལ། འབྲིམ་པ་ན་གཅེར་བུ་མ་གཉིས་འོངས་ནས་ཟས་བསླངས་པས་རྒྱལ་བུ་འདིའི་ཡིན་ནོ། །ཀུན་དགའ་བོས་མ་བསམས་པར་བྲིམས་པས་རྒན་མོ་ལ་གཅིག གཞོན་པ་ལ་གཉིས་བྱུང་བས། རྒན་མོ་ན་རེ་ཁྱོད་དོན་དུ་གཉེར་བས་སྟ་གོན་གྱིས་ཤིག །བཙུན་མོའི་འཁོར་སྤངས་ནས་རབ་ཏུ་བྱུང་ན་བདག་ལྟ་བུ་ག་ལ་གཉེར། སྐྱེས་པ་དག་བུད་མེད་སྣ་ཚོགས་ལ་འདུན་པ་ཡོད་དོ་ཟེར་བའི་སྐབས་དེ་གསོལ་པས། བྱུང་བ་འདི་ལས་བཅས་སོ། །གཞི་ཉེ་དུ་མ་ཡིན་ཞིང་ཆོས་འདི་པའི་རབ་ཏུ་བྱུང་བ་མེད་པ་བལྟོས་པ་དང་བཅས་པ་དང་ནད་པ་མ་ཡིན་པའི་མུ་སྟེགས་ཅན་གྱི་རབ་བྱུང་ཕོ་མོ་གང་རུང་ལ། བསམ་པ་སྡིག་པ་ཅན་གྱི་ལྟ་བ་གཏང་བར་བྱ་བའི་ཆེད་མ་ཡིན་པ། སྦྱོར་བ་རུང་བའི་བཟའ་བཅའ་རང་གིས་སྦྱིན་ནམ་ཚངས་པ་མཚུངས་པར་སྤྱོད་པ་སྦྱིན་དུ་འཇུག་པ། མཐར་ཐུག་དེའི་ལུས་སམ་ལུས་དང་འབྲེལ་བར་ཐོབ་པ་སྟེ། དེ་ཚང་ན་གཅེར་བུ་པ་ལ་བྱིན་པའི་ལྟུང་བྱེད་དུ་འགྱུར་རོ། །མི་རུང་བའི་ཟས་དང་། གཞན་ཁྱིམ་པ་སྦྱིན་དུ་བཅུག་པ་དང་། བགོ་བཤའ་བྱེད་པ་ཉེས་བྱས་སོ། ༤༥ །གཡུལ་ལ་བལྟ་དང་། གཡུལ་མངོན་པར་དགའ་བའི་དམག་ལ་བལྟ་བའི་དོན་གྱིས་སོ། །ཞེས་པ་ལ་སོགས་པའི་དོན། གླེང་གཞི་ནི། དྲུག་སྡེས་གསུས་པོ་ཆེའི་དཔུང་བལྟའི་འདེང་ངོ་ཟེར་ནས་ལམ་ཁར་དོང་སྟེ་འཁོད་པ་དང་། གླང་པོ་ཆེའི་ཚོགས་འོངས་པ་ལ་གར་འདོང་། རི་བྲགས་འབེབས་སུ་མཆིའོ། །ཁྱེད་ཀྱི་གླང་པོ་ཆེ་ཕག་འདྲ། རི་བྲགས་པའི་གླང་པོ་ཆེ་རི་བརྩིགས་པ་འདྲ། མཐར་གྱིས་རྐང་ཐང་གི་བར་སྨད་པས་ཡིད་ཁོང་དུ་ཆུད་ནས་འདུག་གོ །རྒྱལ་པོས་ཅིའི་ཕྱིར། ལྷ་བདག་ཅག་རྒྱལ་བར་ག་ལ་འགྱུར། དགེ་སྦྱོང་མགོ་རེག་རས་ཡུག་ཆེན་གླེགས་པ་འཚལ་བ་དག་མི་མཆི་དགུ་མཆིའོ། །དེ་དག་དགེ་སྦྱོང་སྲལ་པོ་ཡིན་པས་ཅི་གནོད་དེངས་ཤིག རྒྱལ་པོས་མི་ཞིག་སྟོན་པའི་སྤྱན་སྔར་མངགས་ཏེ། དམག་ཆས་པ་ལ་བལྟར་མཆི་བར་མི་འགྱུར་བའི་བཅའ་བ་མཛད་ན་ལེགས་སོ་ཞེས་གསོལ་ཅིག གསོལ་བས་གནང་སྟེ། བྱུང་བ་འདི་ལས་བཅས་སོ། །གཞི་གཡུལ་སྤྲོད་པར་ཆས་པའི་དམག་ལ། བསམ་པ་བལྟ་བར་འདོད་པ། སྦྱོར་བ་རྒྱལ་པོ་ལ་སོགས་པའི་ཚིག་གིས་དེར་བཀུག་པ་དང་བར་ཆད་ཀྱི་དབང་ཉིད་མ་གཏོགས་པར་འཕགས་པའི་ཉེན་ཀོར་གྱི་མཐར་ལས་འདས་པར་ཕྱིན་པ། མཐར་ཐུག་མཐོང་པ་སྟེ། འདི་ཚང་ན་དམག་ལ་བལྟ་བའི་ལྟུང་བྱེད་དུ་འགྱུར་རོ། ༤༦ །ནང་གནས། དེ་དག་མེད་པར་དེར་ཉིན་མཚན་གཉིས་ལས་ལྷག་པར་འདུག་ནའོ། །དགོས་པ་མེད་ན་སྔ་མ་ལ་ཡང་ངོ་། །ཞེས་པའི་དོན། གླེང་གཞི་ནི། རི་བྲགས་པ་མ་ཕེབས་ནས་རྒྱལ་པོས་དེ་ཉིད་དུ་ཕྲུ་མ་བཏབ་སྟེ་འདུག་པ་དང་། བློན་པོས་ལྷ་མགོན་མེད་ཟས་སྦྱིན་བསོད་ནམས་ཅན་ཡིན་པས། དེ་ཡོད་ན་ཕེབས་སོ་ཟེར་ནས། དེ་བོས་སོ། །དེར་ཡང་མ་ཕེབས་ནས་ཁྱིམ་བདག་འཕགས་པ་མཐོང་བར་འདོད་ནས་རྒྱལ་པོས་དགེ་འདུན་ལ་སྤྲིངས་པ་དང་། དྲུག་སྡེ་ན་རེ། སྟོན་པ་བཞུགས་ཤིང་བདག་ཅག་གསོན་པ་དེ་སྲིད་དུ་བསྟན་པ་གནས་ལ། ཟློག་ན་མིན་ནོ། །བསྟན་པ་ལ་གཅེས་པ་བསྐྱེད་པར་བྱས་ལ་ཚུལ་ཤིང་བླང་ངོ་ཟེར་ནས། བླངས་ཏེ་སོང་ནས་ཆོས་བསྟན་པས་རྒྱལ་པོ་དད་པར་བྱས། སྐྱེ་བོའི་ཚོགས་རྣམས་ཀྱང་དད་པར་བྱས་སོ། །རྒྱལ་པོས་རི་བྲགས་པ་བསྐོར་དུ་འདོང་ངོ་། །སོང་བ་དང་། དྲུག་སྡེ་རྣམས་ཇི་སྲིད་གཞན་སྤྱོད་ཀྱིས་གནས་ཀྱི། ད་རང་སྤྱོད་བསྟན་པར་བྱའོ་ཟེར་ནས་ལམ་ཁར་འཁོད་པ་དང་། འཕགས་པ་བཤུལ་ཕྱེ་ཞིག ཅི་གླང་པོ་ཆེའི་ཚོགས་མཆིའོ། །བཀྲེན་པ་འདི་འདྲ་གླང་པོ་ཆེ་ཡིན་ནམ་ཕག་འདྲའོ་ཟེར་ནས་མཆེ་བ་ནས་བཟུང་ནས་མཐའ་ཞིག་ཏུ་བོར་རོ། །དེ་བཞིན་དུ་རྟའི་མཇུག་མ་དང་། ཤིང་རྟའི་སྲོག་ཤིང་དང་། མིའི་གཉའ་བ་ནས་བཟུང་ནས་བོར་རོ། །དེ་དག་ཡིད་ཁོང་དུ་ཆུད་པ་ལ་རྒྱལ་པོས་སྨྲས་པས་སྔར་བཞིན་ཟེར་ནས། མི་ཞིག་མངགས་ཏེ་ཡུན་རིང་པོར་དམག་ནང་དུ་གནས་པར་མི་འགྱུར་བའི་བཅའ་བ་བགྱི་རུ་གསོལ། དེ་གསོལ་བས་གནང་སྟེ། བྱུང་བ་འདི་ལས་བཅས་སོ། །གཞི་དམག་ནང་། བསམ་པ་དགོས་པ་དང་བཅས་པ། སྦྱོར་བ་འདུག་པ། མཐར་ཐུག་ཉིན་མཚན་གསུམ་པའི་སྐྱ་རེངས་ཤར་བ་སྟེ། འདི་ཚང་ན་དམག་ནང་ན་འདུག་པའི་ལྟུང་བྱེད་དུ་འགྱུར་རོ། །དེའི་མདུན་རོལ་ནི་སྦྱོར་བ་ཕྱིན་ཆད་ཀྱིས་ཉིན་རེ་ལ་དངོས་གཞིའི་ཁ་ན་མ་ཐོ་བ་རེ་རེར་འགྱུར་རོ། །དགོས་པ་མེད་ན་ཉིན་ཞག་སྔ་མ་འདས་པ་ལ་ཡང་ངོ་། ༤༧ །རེག་བཤམས་པ། །དཀྲུག་དང་བལྟ་ཆེན་མཚམས་ལས་འདས་པ་ལའོ། །གསུམ་ཀར་རྐྱེན་དབང་ཉེས་མེད། དཔུང་གི་ཡན་ལག་རྣམས་ནི་བྱེད་པ་པོ་ཉིད་དོ། །ཞེས་སོགས་ཀྱི་དོན། གླེང་གཞི་ནི། ཡང་གསལ་རྒྱལ་གྱིས་རི་བྲགས་པ་མ་ཕེབས་པར་ཡུན་རིང་དུ་འགོར་བ་དང་། ཁྱིམ་བདག་དགེ་འདུན་དྲན་ནས་བོས་པ་དང་། དྲུག་སྡེ་འོངས་ནས་དད་པར་བྱས་སོ། །དེ་དག་རང་སྤྱོད་ཀྱིས་གནས་པར་བྱ་འདོད་ཟེར་ནས་ཕྱིན་ཏེ། ཅི་བྱེད། བཀོད་པ་ཤོམ་མོ། །གླང་པོ་ཆེ་བཅོས་མ་འདི་འདྲ་འཇོག་གམ། མཐའ་ཞིག་ཏུ་སོལ་ཅིག མཆེ་བ་ནས་བཟུང་ནས་མཐའ་ཞིག་ཏུ་བོར་རོ། །རྟ་པ་འཐེང་པོ་དང་། ཤིང་རྟ་ཞིག་པོ་དང་། མི་ཞར་བ་ཟེར་ནས་ཀྱང་ངོ་། །དེ་ནས་དྲུག་སྡེས་རི་བྲགས་དང་ཧ་ཅང་མི་རིང་བ་ལ་འཁོད་ནས། ཀླག་ཅོར་གྱི་སྒྲ་ཕྱུང་བ་དང་། དེ་དག་སྐྲག་སྟེ་བྲོས་སོ། །དྲུག་སྡེ་མྱུར་དུ་ཁྲོམ་གྱི་རུ་སྣའི་མདུན་དུ་སོང་ནས་ཅིའི་ཕྱིར་འབྲོས། རི་བྲགས་པ་རྫོང་ནས་བླུགས་ཏེ་བྱུང་ངོ་། །ཁོ་བོས་ཀུ་རེ་ཅུང་ཞིག་བྱས་པ་ཡིན། དེ་ལྟར་བྲེད་པར་ཤེས་ན་ཁྱེད་ཅག་རྣ་བ་ནས་བཏགས་ཏེ་ཁྲིད་པར་འགྱུར་རོ། །དེ་དག་ཡིད་ཁོང་དུ་ཆུད་པས་རྒྱལ་པོས་བཀོད་པ་མ་བཤམས་སམ། བདག་ཅག་རྒྱལ་བར་ག་ལ་འགྱུར་ནས། མི་ཞིག་ལ་འདི་དག་དམག་ནང་ན་གནས་པའི་ཚེ་བཤམ་པ་འཁྲུག་ཏུ་མི་མཆི་ཞིང་རྒྱལ་མཚན་གྱི་མཆོག་དང་། དཔུང་གི་མཆོག་དང་། གཡུལ་བཤམ་པའི་དམག་ལ་བལྟ་བ་ཉམས་སུ་མྱོང་བར་མི་བགྱིད་པའི་བཅའ་བ་ཅུང་ཞིག་མཛད་ན་ལེགས་སོ། །ཞེས་ཞུས་པས་གནང་ནས། བྱུང་བ་འདི་ལས་བཅས་སོ། །གཞི་དཔུང་བསྡུས་པ་ཡན་ལག་བཞི་པའམ་སོ་སོ་བ་སྟ་གོན་བྱས་པ། བསམ་པ་ཀྱལ་ཀ་ལ་སོགས་པའི་ཆེད་དུ། སྦྱོར་བ་རྟ་ལ་སོགས་པ་ལ་རེག་པའམ་བཀོད་པ་བཤམས་པ་དཀྲུག་པ་བལྟ་བའི་ཆེད་ཉེན་ཀོར་གྱི་མཐའ་ལས་འདས་པར་འཕགས་པ། མཐར་ཐུག་དེ་ལྟར་བྱ་བར་གྲུབ་པ་སྟེ། འདི་ཚང་ན་དམག་གི་ཡན་ལག་ཉམས་སུ་མྱོང་བའི་ལྟུང་བྱེད་དོ། །འཁྲུག་ཏུ་ཆས་པ་མ་ཡིན་པ་ལ་ནི་ཉེས་བྱས་སོ། །གླང་པོ་ཆེ་འཐབ་པ་དང་རྟ་འཐབ་པ་ལ་སོགས་པ་གང་ཞིག་འཐབ་མོ་བྱེད་དུ་གཞུག་པ་དང་བལྟ་བ་ཐམས་ཅད་ཉེས་བྱས་སོ། །དེ་ལྟར་དམག་ལ་བརྟེན་པའི་ལྟུང་བྱེད་གསུམ་གང་ཡང་ཇི་སྐད་བཤད་པའི་རྐྱེན་ནམ་བར་ཆད་ཀྱི་དབང་ཡིན་ན་ཉེས་མེད་དོ། ༤༨ །སྡང་བས་བརྡེག །འཕོག་ནའོ་དེ་སྙེད་ལྟུང་འབྱུང་། རྙོག་པ་ཅན་གྱི་སེམས་ཀྱིས་དགེ་སློང་ཕ་རོལ་ལ་ལུས་སམ། དེས་འཕངས་པའམ། ཞེས་བྱ་བ་ལ་སོགས་པའི་དོན། གླེང་གཞི་ནི། མོའུ་འགལ་གྱི་བུ་ཆེན་པོས་བཅུ་བདུན་སྡེ་རབ་ཏུ་བྱུང་བའི་ཚེ། དྲུག་སྡེ་ལ་བརྟེན་པར་བྱེད་དོ། །འཆར་ཀས་བཅུ་བདུན་སྡེ་ཚུར་གཤེགས་འདི་དང་འདི་གྱིས་ཤིག ཅི་ཁོ་བོ་ཅག་གི་སློབ་དཔོན་ཡིན་ནམ་མཁན་པོ་ཡིན་མི་བྱེད། གླེན་པ་གཞན་ཅི་བྱེད་ཟེར་གཅིག་ལ་བརྡེགས་པས། བརྡེགས་སོ་ཟེར་ཏེ་ཕྱི་བཀན་དུ་འགྱེལ་ཏེ་ཐམས་ཅད་ངུས་སོ། །དགེ་སློང་རྣམས་ཀྱིས་ཅིའི་ཕྱིར་ཐམས་ཅད་ངུ་། མ་ངུས་ན་ཐམས་ཅད་ལ་བརྡེག་གོ །འཕྱ་བའི་སྐབས་དེ་གསོལ་པས། བྱུང་བ་འདི་ལས་བཅས་སོ། །གཞི་དགེ་སློང་རང་ལས་གཞན་པ་ལ། བསམ་པ་སྡང་བའི་རྙོག་པ་ཅན་གྱི་སེམས་ཀྱིས། སྦྱོར་བ་ཐ་ན་ཡུངས་ཀར་ཙམ་ཡིན་ཡང་རུང་བརྡེག་པ། མཐར་ཐུག་དེའི་ལུས་ལ་ཕོག་པ་སྟེ། འདི་ཚང་ན་བརྡེག་པའི་ལྟུང་བྱེད་དོ། །བརྡེག་སྤྱད་མང་པོ་ཉིད་ཡིན་ན་རེ་རེ་ལྟུང་བྱེད་རེ་རེར་འགྱུར་རོ། །དེ་བཞིན་དུ་རྙོག་པ་ཅན་གྱིས་རང་གི་ལུས་དང་། ཁང་བཟང་གི་བརྩིག་པ་དང་། ཀ་བ་སོགས་ལ་བརྡེག་པ་ནི་ཉེས་བྱས་སོ། ༤༩ །བརྡེག་པར་གཟས། །ཚོར་ནའོ། །བརྡེག་པར་གཟས་ནའོ། །རྫས་རེ་རེ་ལའོ། །ཞེས་པའི་དོན། གླེང་གཞི་ནི། འཆར་ཀས་བཅུ་བདུན་སྡེའི་གཅིག་ལ་བརྡེག་པར་བརྩམས་པ་དང་ཐམས་ཅད་ངུས་སོ། །ཅིའི་ཕྱིར་ངུ་ཞེས་དྲིས་པས་སོགས་སྔར་དང་འདྲ་ལ། བྱུང་བ་འདི་ལས་བཅས་སོ། །གཞི་བསམ་སྔར་དང་འདྲ་ལ། སྦྱོར་བ་བརྡེག་པར་བརྩམས་པ། མཐར་ཐུག་ཕ་རོལ་པོས་ཚོར་བ་སྟེ། འདི་ལས་བརྡེག་པར་གཟས་པའི་ལྟུང་བྱེད་དུ་འགྱུར་རོ། །བརྡེག་པར་གཟས་པ་མང་ན་ལྟུང་བྱེད་ཀྱང་དེ་སྙེད་དོ། ༥༠ །དབང་མིན་གྲོགས་ལྟུང་ཉིན་མཚན་མཐར། །འཆབ་ནའོ། །ཕམ་པར་གྱུར་པ་དང་དགེ་འདུན་ལྷག་མ་དག་བཅབས་ནའོ། །ཞེས་པ་ལ་སོགས་པའི་དོན། གླེང་གཞི་ནི། ཉེ་དགས་བུ་མོ་གཅིག་རྒྱལ་བྱེད་ཚལ་གྱི་རིབ་མ་འདྲལ་བར་མཐོང་ནས། ཆོས་རིབ་མ་འདྲལ་ལོ། །རྒྱལ་བྱེད་ཚལ་གྱི་མདོ་དགོངས་ཤིག གླེན་པ་ཁྱོད་མདོ་སྡེའི་མཐའ་ལ་བརྟེན་ནམ། སྟོན་པས་དགེ་འདུན་གྱི་རྩྭ་ཡང་ཡལ་བར་མི་འདོར་རོ། །ཞེས་མ་གསུངས་སམ། ལྡོག་གོ །ཉིད་རང་མཁྱེན་ནོ། །དེ་སོང་ནས་ཅིའི་ཕྱིར་རྒྱལ་བྱེད་ཚལ་གྱི་རིབ་མ་འདྲལ། དེ་འཛུམ་བྱུང་བས། ཉེ་དགས་དེའི་ཡན་ལག་དང་ཉིང་ལག་ནས་མནམས་ཏེ་འོ་བྱས་སོ། །དེས་ཆོས་ལ་ཁྱེད་ཀྱིས་ཅུང་ཟད་མཐོང་ངམ། གཞུག་ལ་འཇུད་པ་མ་གཏོགས་ཐམས་ཅད་མཐོང་ངོ་། །སུ་ལའང་མ་ཟེར་ཅིག རང་བཞིན་དུ་གནས་པའི་དགེ་སློང་མ་མཐོང་བ་དེ་སྲིད་དུའོ། །ཁོ་བོས་ཁྱོད་ཀྱི་མཁན་པོའི་གནས་ངན་ལེན་གྱི་ལྟུང་བ་འཆབ་ན། ཁོ་བོའི་འཆབ་པར་མི་བྱེད་དམ། མི་བགྱིད་དོ་ཟེར་བ་ལ་འཕྱ་བའི་སྐབས་དེ་གསོལ་པས། བྱུང་བ་འདི་ལས་བཅས་སོ། །གཞི་དགེ་སློང་གཞན་གྱི་ཕམ་པའམ་ལྷག་མའི་ལྟུང་བ་གང་རུང་མཐོང་བ། བསམ་པ་བདེ་བ་ལ་མི་རེག་པ་དང་དགེ་སྦྱོང་གི་ཚུལ་དང་ཚངས་པར་སྤྱོད་པའི་བར་ཆད་དང་དགེ་འདུན་འཁྲུག་ཏུ་དོགས་པའི་དབང་ཉིད་མ་གཏོགས་པར། སྦྱོར་བ་འཆབ་ན། མཐར་ཐུག་ཉིན་མཚན་གཅིག་འདས་པའི་སྐྱ་རེངས་ཤར་བ་སྟེ། འདི་ཚང་ན་གནས་ངན་ལེན་འཆབ་པའི་ལྟུང་བྱེད་དོ། །ལྟུང་བ་སྡེ་གསུམ་འཆབ་པ་ཉེས་བྱས་སོ། ༥༡ །ཆེད་དུ་སྦྱིན་པོ་ཟན་གཅོད་བཅུག །ནད་ཀྱི་གཉེན་པོའི་དོན་ཉིད་མ་གཏོགས་པར་ཆེད་དུ་བསམས་ཏེ། སྦྱིན་པ་པོ་ཁྱིམ་པའི་ཟན་གཅོད་དུ་བཅུག་ནའོ། །ཞེས་པའི་དོན། གླེང་གཞི་ནི། ཉེ་དགས། དགའ་བོ་ལ་ཆོས་འདི་སངས་རྒྱས་དགེ་འདུན་དང་བཅས་པའི་མདུན་དུ་ཐོ་བཙམས་པས་གནོད་པ་ཞིག་བྱའོ། །འདི་བསླབ་པ་ནོད་པ་ཡིན་པས་མི་ནུས་སོ། །དེའི་ཁྱིམ་བདག་ཅག་གིས་དགའ་བོ་ཉེ་དགའང་མགྲོན་དུ་བོས་པ་དང་། ཉེ་དགས་ཆོས་ཀྱི་ཟན་གཅད་པར་བྱའོ་སྙམ་མོ། །ཆོས་ཀྱིས་དགའ་བོ་ལ་བསོད་སྙོམས་ལ་མཆི་བར་ཞུའོ། །ཆོས་ཁྱིམ་བདག་ཅིག་གིས་ཟན་ལ་མགྲོན་དུ་བོས་ཀྱིས་དེར་ཟོ་ཞིག སྔར་མཁན་པོ་དང་ལྷན་ཅིག་བོས་པས་མགྲོན་དུ་མཆིས་སམ། ཉེ་དགས་ཆོས་ཁོ་བོས་གཞན་ཐོས་ལ་གཞན་མ་མཐོང་ངོ་། །ཁྱོད་བསླབ་པར་འདོད་པར་ཤེས་ན་མཁན་པོའི་ཆོས་ལྡན་གྱི་ཚིག་གཅོག་གམ། ལྷུང་བཟེད་དང་ཆོས་གོས་བླངས་ཏེ་མཆིའོ། །ཅི་བྱ། དེར་སྣོད་བཀྲུས་པ་དང་ཆུ་བཙགས་པ་ཐོབ་ཀྱི་འདེང་ངོ་། །སོང་བ་དང་བསོད་སྙོམས་པ་ཞིག་གིས་ཆོས་མཐོང་ནས། ཆོས་གར་འགྲོ། མགྲོན་དུ་བོས་པར་རོ། །ཟས་ཀྱི་ཚོད་ཤེས་པར་གྱིས་ཤིག ཟ་བར་འགྱུར་རམ་གཅོད་པར་འགྱུར་གཏོལ་མེད་དོ། །དེ་སྲང་དུ་སོང་སྟེ་ཉེ་དགས་ཁྱིམ་དུ་ཟོས་ནས་ཕྱིར་འོངས། དེའི་འོག་ཏུ་དགའ་བོས་ཟོས་ནས་འོངས་སོ། །ཆོས་ཀྱི་གདུགས་ཚོད་ལ་བབ་ཀྱི་བཞུད་དོ། །སྟ་གོན་བྱས་ཟིན་པས་གདུགས་ཚོད་ཀྱི་ཁ་ཁོ་ན་ལ་འདོང་ངོ་། །ཆོས་ཀྱིས་རྐང་པས་གྲིབ་ཚོད་གཞལ་བར་བརྩམ་པ་དང་། གླེན་པ་ཁོ་བོ་དུས་མ་ཡིན་པར་ཟས་ཟ་སྙམ་མམ། ཁྱོད་དང་ལྷན་ཅིག་སྨྲ་བ་འདུག་པ་བདེ་བ་མ་ཡིན་གྱིས་སོང་ཞིག ཆོས་ཀྱིས་ལྷུང་བཟེད་དང་ཆུ་ཚགས་ཡོད་ན་བསོད་སྙོམས་རྒྱུ་ཡིས། དེང་ཅི་བྱར་མེད་དོ་སྙམ་ནས་ཟས་བཅད་པས། བྱུང་བ་འདི་ལས་བཅས་སོ། །གཞི་ཁྱིམ་པས་ཕ་རོལ་དགེ་སློང་ལ་སྦྱར་བའི་ཟས། བསམ་པ་ནད་ཀྱི་གཉེན་པོ་མ་ཡིན་པར་ངན་སེམས་ཀྱི་ཆེད་དུ་བསམས་པ། སྦྱོར་བ་ཚིག་གི་སྒོ་ནས་ཟན་གཅོད་དུ་བཅུག་པ། མཐར་ཐུག་དེའི་རྐྱེན་གྱིས་དེའི་ཟན་ཆད་པ་སྟེ། འདི་ཚང་ན་ཟན་གཅོད་དུ་འཇུག་པའི་ལྟུང་བྱེད་དོ། །སྤྲིང་ཡིག་གམ་ཟུར་གྱིས་གཅོད་དུ་བཅུག་ན་ཉེས་བྱས་སོ། ༥༢ །དུས་མིན་མེ་ལ་རེག་དང་། རྩེ་བ་ཉིད་ནའོ། །ཞེས་པའི་དོན། གླེང་གཞི་ནི། སྟོན་པ་འོད་མའི་ཚལ་དུ་བཞུགས་པ་ན། དྲུག་སྡེས་མེས་གཞན་ལ་གཏོང་རྩེ་བར་བྱེད། ཟླ་བ་ཉི་མ་ལྟར་མགལ་མེའི་འཁོར་ལོ་སྐོར་བར་བྱེད་ནས། མུ་སྟེགས་པ་དག་བྱིས་པ་ཁྱེའུ་དང་བྱེ་བྲག་ཅི་ཡོད་ཟེར་བ་དེ་གསོལ་པས། བྱུང་བ་འདི་ལས་བཅས་སོ། །དཀོན་མཆོག་གསུམ་དང་ཆོས་ལྡན་གྱི་བྱ་བའི་དོན་དུ་ལས་མི་བྱེད་ནས་གསོལ་པས། དུས་བྱིན་གྱིས་བརླབས་ཏེ་རེག་པ་གནང་ངོ་། །གཞི་མེ་ལ། བསམ་པ་དུས་བྱིན་གྱིས་མ་བརླབས་པ། སྦྱོར་བ་དགེ་སློང་ན་བའི་དབང་ཉིད་དུ་གནས་པའི་རྐྱེན་མ་ཡིན་པར་རང་ངམ་གཞན་ལ་བསྒོ་བས་རེག་པར་བརྩམས་པ། མཐར་ཐུག་རེག་པ་སྟེ། འདི་ཚང་ན་མེ་ལ་རེག་པའི་ལྟུང་བྱེད་དུ་འགྱུར་རོ། །སྟོན་པ་དང་། ཆོས་དང་། དགེ་འདུན་དང་། ཚངས་པ་མཚུངས་པར་སྤྱོད་པའི་ཆོས་ལྡན་གྱི་དོན་འདི་ལྟ་བུ་བྱའོ་ཞེས་དུས་ཡུན་རིང་པོར་སེམས་ཀྱིས་མངོན་པར་འདུ་བྱ་བ་ནི་དུས་བྱིན་གྱིས་བརླབ་པའོ། །སྦར་བ་དང་། གསོད་པ་དང་། མེ་རེག་པ་དང་། མ་རེག་པའི་བུད་ཤིང་བསྐུལ་བ་དང་། འདྲིན་པ་དང་། འདབ་མ་སྤུང་བ་དང་། བསྡུ་བ་དག་ནི་རེག་པའི་རྣམ་གྲངས་སོ། །མེ་མ་མུར་དང་མེ་ལྕེ་ལ་བུད་ཤིང་འབྱིན་འཇུག་ཀྱང་ངོ་། །དེ་གཉིས་ལ་རེག་པ་ཉེས་བྱས། སྐྲ་དང་། སྤུ་དང་། རུས་པ་དང་། སེན་མོ་དང་། མཆིལ་མ་དང་། སྣབས་དང་། སྐྱུགས་པ་དང་། རླུགས་པ་དང་། མོན་སྲན་སྡེའུ་དང་། མོན་སྲན་གྲེའུ་དང་། ཏིལ་དང་། འབྲུ་མར་དང་། སྦྲང་རྩི་དང་། མར་དག་ནི་བུད་ཤིང་གི་ཕྱེད་ཉིད་ཡིན་པས་བསྲེག་པ་ཉེས་བྱས། གཞན་མཁན་པོའི་བྱ་བ་སློབ་དཔོན་ལ་བྱིན་གྱིས་རློབ་པ་ལྟ་བུ་ཕྱེད་བྱིན་གྱིས་རློབ་པ་ཡིན་པས་ཉེས་བྱས་སོ། ༥༣ །དགེ་འདུན་གྱི། །ལས་ལ་འདུན་པ་ཕུལ་པ་ཕྱིར་སློག་སྨྲས། །དགེ་སློང་གི་དོན་གྱི་ཆེད་ཀྱི་ལས་བྱས་པ་ལ་འདུན་པ་ཕུལ་བ་ཕྱིར་བསྒྱུར་བའི་ཕྱིར་སྨྲས་ནའོ། །ཞེས་པའི་དོན། གླེང་གཞི་ནི། འཆར་ཀས་དགྲ་བཅོམ་ཐོབ། འདུན་པ་ཀོའུ་ཤམ་བི་ན་ཡིད་ངལ་དུ་འདུག ནབས་སོ་འགྲོ་མགྱོགས་ཤི་ནས་ཚོགས་ན་དགའ་བོ་ཉེ་དགའ་གཉིས་འདུག་གོ །དེའི་ཚེ་བཅུ་བདུན་སྡེ་ཕ་རོལ་གནོན་པར་གྱུར་ཅིང་། སྡེ་སྣོད་གསུམ་འཛིན་པར་གྱུར་པ་ན། ཚེ་དང་ལྡན་པ་དག་དྲུག་སྡེས་བདག་ཅག་ཡུན་རིང་པོ་ནས་ཐོ་བཙམས་ཀྱིས། དེའི་ནང་ནས་ཀྱང་ཉེ་དགས་ཐོ་བཙམས་པས་འདི་གནས་ནས་དབྱུང་བར་བྱའོ། །གཅིག་ན་རེ། དགའ་བོ་རྩོད་པ་ལ་མཁས་པས་མི་ནུས་སོ། །གཅིག་ན་རེ། བྲེལ་བ་བསྐྱེད་པར་བྱའོ། །ཞེས་དགའ་བོའི་གན་དུ་སོང་ནས་གནས་བརྟན་ཕྱག་འཚལ་ལོ། །ཨ་རོ་ཀྱ། གནས་བརྟན་གྱིས་ཆོས་གོས་བརྙིངས་སོ། །བུ་ང་རྒས་སློབ་མ་རྣམས་ཀྱིས་བརྙས་ནས་ཆོས་གོས་ཀྱི་ལས་བྱེད་དུ་མ་བཏུབ་བོ། །བདག་ཅག་གིས་བཀྲུ་ཡིས་གསོལ་ཅིག ཐམས་ཅད་གཏད་ནས་རྙང་རྙིང་གོན་ནས་འདུག་གོ །གོས་འགྱུར་བྱེད་ཀྱིས་གཅལ་མ་ཐོག་གཎྜྻི་བརྡུངས་ནས། གནས་བརྟན་དགེ་འདུན་གྱི་བྱ་བ་མཆིས་ཀྱིས་ཚུར་སྤྱོན་ཅིག ཁོ་བོ་གནས་སྐབས་འདི་འདྲར་གྱུར་གྱི་འདུན་པ་འབུལ་ལོ། །གླེང་བ་པོས་རྒན་པའི་མཐར་ལོགས་ནས། ཉེ་དགའ་ཁྱེད་ཀྱིས་བཅུ་བདུན་སྡེའི་ལྟོ་དྲལ་ནས་རྒྱུ་མས་རྒྱལ་བྱེད་ཀྱི་ཚལ་དཀྲིའོ་ཞེས་ཚིག་སྨྲས་པ་དྲན་ནམ། རྨ་སོས་པ་དག་དྲལ་ཏེ་ཅི་བྱ་དེ་ནི་འདས་པའི་དོན་ཡིན་ནོ། །སྟོན་པས་འདས་པའི་དུས་ཁོ་ན་ལས་བརྩམས་ནས་གཞི་བཅའ་བ་མཛད་དོ། །ཞེས་ནན་གྱིས་གནས་དབྱུང་གི་ལས་བྱས་པ་དང་། དགའ་བོའི་དྲུང་དུ་སོང་སྟེ་ངུས་སོ། །ཅིའི་ཕྱིར། ལྷུང་བཟེད་ནག་པོ་ཅན་དག་གིས་བདག་གནས་ནས་ཕྱུང་ངོ་། །ངའི་ནུ་བོ་གནས་ནས་འབྱིན་པ་དེ་གྲོང་དང་། གྲོང་ཁྱེར་དང་། ཁམས་གསུམ་ནས་ཀྱང་ཕྱུང་བར་གྱུར་ཅིག དེ་དག་གིས་མི་མཐུན་པའི་ལས་བྱས་སོ། །སུ་མ་འདུས། ཁོ་བོ། འདུན་པ་ཕུལ་ལོ། །ཁོ་བོས་ནུ་བོ་གནས་དབྱུང་གི་ལས་བྱེད་པར་ཤེས་སམ། དེ་འདྲ་ལ་འདུན་པ་མི་འབུལ་ལོ། །དེར་དགེ་སློང་དོན་ཉུང་ངུ་དག་འཕྱ་བའི་སྐབས་དེ་གསོལ་པས། བྱུང་བ་འདི་ལས་བཅས་སོ། །གཞི་དགེ་སློང་གི་དོན་དེ་ཕྱིར་དགེ་འདུན་གྱི་ལས་བྱས་ཟིན་པ་ལ། བསམ་པ་ཕྱིར་བསྒྱུར་བའི་ཕྱིར། སྦྱོར་བ་འདུན་པ་སླར་སྦྱིན་ཞིག་གམ། དེ་འདྲ་ལ་འདུན་པ་མི་འབུལ་ལོ་ཞེས་སྨྲ་བ། མཐར་ཐུག་སྨྲ་བ་རྫོགས་པ་སྟེ། འདི་ཚང་ན་འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད་དུ་འགྱུར་རོ། ༥༤ །མ་གནང་མ་རྫོགས་ལྷན་ཅིག་གནས་བཞིར་ཞག །གསུམ་པ་སྐྱ་རེངས་ཤར་ཚུན་ཉལ་བ་ལའོ། །བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་གནས་གཅིག་ཏུ་མཚན་མོ་གསུམ་པ་ལ་ཉལ་ནའོ། །ཞེས་པ་ལ་སོགས་པའི་དོན། གླེང་གཞི་ནི། ཚེས་བརྒྱད་དང་བཅུ་བཞི་ལ་གཙུག་ལག་ཁང་དུ་ནམ་ཕྱེད་ཀྱི་བར་དུ་ཆོས་བསྟན་པས་ཁྱིམ་པ་རྣམས་ཀྱང་དེར་ཉལ་ལོ། །རྒན་ཞུགས་ཤིག་ཉལ་བའི་རྨི་ལམ་ན། སྔོན་གྱི་ཆུང་མ་དང་ཉལ་བར་རྨིས་ནས་ཚིག་ཅི་དང་ཅི་གཏོལ་ལོ། །དེ་ཁྱིམ་པས་སུ་ཡིན་བྱས་པ་དང་། དགེ་སློང་ཞིག་ཡིན་པར་ཤེས་ནས། རྒན་པོ་རྣམས་ཀྱང་འདི་འདྲ་ན། གཞོན་ནུ་ཅི་འདྲ་ཞེས་མ་དད། བསོད་སྙོམས་ལ་སྔ་བར་ལངས་ཏེ་སོང་བ་དང་། དྲིས་པ་ལ་དེ་བརྗོད་དེ་གསོལ་པས། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་སྣང་བ་དང་བཅས་པར་ཉལ་བར་མི་བྱའོ། །ཞེས་བཅས་ནས། སྒྲ་གཅན་ཟིན་ལ་བསྟེན་ནས་དགེ་ཚུལ་ནི་ཕ་ཡང་མེད། མ་ཡང་མེད། བྱམས་པའི་བཤེས་ཀྱང་མེད། ཚངས་པ་མཚུངས་པར་སྤྱོད་པ་ཁྱེད་ཅག་འབའ་ཞིག་ཏུ་ཟད་དོ། །འདི་དག་དགྲ་བཅོམ་པའི་སྒོ་ང་ཡིན་ན་ཁྱེད་ཀྱིས་མི་སྐྱོང་ན་གཞན་སུས་སྐྱོང་། དེ་བས་ན་བསྙེན་པར་མ་རྫོགས་པ་དང་ནུབ་གཉིས་སུ་ཉལ་བ་གནང་ངོ་། །དེའི་ཚེ་ཉེ་དགའ་ལ་དགེ་ཚུལ་ཚེར་མ་དང་ཆེན་པོ་པ་ཞེས་པ་གཉིས་ཡོད་དོ། །དེ་གཉིས་དང་ལྷན་ཅིག་ནུབ་ལྷག་པར་ཉལ་ནས། དགེ་སློང་རྣམས་ཀྱིས་མ་ཉལ་བྱས་པས། ནུབ་གཉིས་རུང་ན་གསུམ་ཡང་རུང་ནུབ་གསུམ་པས་ཆང་འཐུངས་སམ། ཀུན་དོང་ཟོས་ཟེར་བ་དེ་གསོལ་པས། བྱུང་བ་འདི་ལས་སོ། །གཞི་གནས་བཞི་པོ་གང་ཡང་རུང་བའི་མཚམས་ནང་དུ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག །བསམ་པ་ཉལ་བར་འདོད་པ། སྦྱོར་བ་གནང་བའི་དུས་མ་ཡིན་པར་གཉིས་ཀ་ཉལ་བའི་སྤྱོད་ལམ་ལ་བརྟེན་ཏེ་གཉིད་ལོག་པ། མཐར་ཐུག་མཚན་མོ་གསུམ་པའི་སྐྱ་རེངས་ཤར་བ་ནའོ། །འདི་ཚང་ན་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དུ་འགྱུར་རོ། །གནས་བཞི་ནི། ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་དང་། །ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་དང་། །ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་དང་། །ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བའོ། །ཉིན་མོ་ཉལ་བ་དང་གཅིག་ཉལ་བའི་སྤྱོད་ལམ་ལ་བསྟེན། ཅིག་ཤོས་དེ་ལས་གཞན་པའི་སྤྱོད་ལམ་གྱིས་གཉིད་པ་དང་། ཤིང་དྲུང་དང་འཐིབས་པོ་ལ་སོགས་པར་གཉིད་པ་ནི་ཉེས་བྱས་སོ། །གནང་བ་ནི་ནད་པ་དང་ནད་གཡོག་ལམ་གྱིས་དུབ་པ། དགེ་སློང་སྡིག་ཅན་ཉེ་བར་གྱུར་པའི་སྐབས་དང་། དབྱར་སྔ་མ་ཁས་བླངས་ན་དབྱར་ཟླ་ཐ་ཆུང་ཉ་ནས། སྟོན་རའི་ཉའི་བར་དང་ཕྱི་མ་ཁས་བླངས་ན་སྟོན་ར་ཉ་ནས། སྟོན་འབྲིང་ཉའི་བར་ལ་དགེ་ཚུལ་དང་ལྷན་ཅིག་ཉལ་བ་ལ་ཉེས་པ་མེད་དོ། ༥༥ །ཆོས་འགར་སྡིག་ལྟ་སྐྱེས་བསྒོ་སྨད་པ་ནའོ། །ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ། ཞེས་བྱ་བ་ལ་སོགས་པའི་དོན་ཏེ། གླེང་གཞི་ནི། མཉན་ཡོད་དུ་སྔོན་བོང་རྫི་དགེ་སློང་འཆི་ལྟས་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་དེ་དག་བརྟེན་ཡང་བར་དུ་གཅོད་པར་མི་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ། །ཞེས་ཟེར་བ་དེ་ཐོས་ཏེ་གསོལ་པས། བཞམས་ཏེ་བསྒོ་བར་བྱའོ། །བསྒོ་ཡང་མི་གཏོང་ནས། གསོལ་པས། གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་གྱིས་ཤིག བསྒོ་ཡང་མི་གཏོང་ནས། གསོལ་པས། སྨད་པའི་ལས་གྱིས་ཤིག བྱས་ཀྱང་མི་གཏོང་ནས། དེ་གསོལ་པས། བྱུང་བ་འདི་ལས་བཅས་སོ། །གཞི་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་དག་བརྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་བྱ་བ་ལ་སོགས་པར་འཇུག་པའི་ཚིག་མི་གཏོང་བ། བསམ་པ་དེ་ཉིད་ལ་མཆོག་ཏུ་ཞེན་ཅིང་གཟུང་བ། སྦྱོར་བ་བཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བསྒོ་བ་བྱས་པ་ལ་མི་གཏོང་བར་འདི་ནི་བདེན་གྱི་གཞན་ནི་བརྫུན་ནོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། མཐར་ཐུག་གསོལ་བཞིའི་ལས་ཀྱིས་སྨད་པ་དང་གནས་དབྱུང་ཅིག་ཅར་དུ་བྱས་པ་སྟེ། དེ་ཚང་ན་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བའི་ལྟུང་བྱེད་དོ། ༥༦ །དགེ་སློང་གནས་དབྱུང་བར་སྨྲ་ཡང་དག་དང་། །གནས་ལོངས་གཅིག་བྱེད། ཤེས་གཙོ། དེ་སྐད་སྨྲས་པས་སྤངས་པ་ཕྱིར་བཅོས་པ་ཉིད་མ་བྱས་པའི་དགེ་སློང་ལའོ། །ཞེས་པ་ལ་སོགས་པའི་དོན་ཏེ། གླེང་གཞི་ནི། དེ་ནས་འཆི་ལྟས་གནས་ནས་དབྱུང་བའི་ལས་བྱས་པས། ཉེ་དགའ་ཅན་སོང་ནས་ངུས་པས། ཅིའི་ཕྱིར་དུ། གནས་ནས་ཕྱུང་ངོ་། །གང་ཁྱེད་གནས་ནས་འབྱུང་བ་དེ་སོགས་སྔར་དང་འདྲ། གནས་དབྱུང་གི་ལས་བྱས་པ་ལ་གྲོང་ངམ་གྲོང་རྡལ་མེད་དམ་ཅི། སྡོད་ལ་བཟོད་པར་གསོལ་ཅིག་ཟེར་ནས་དེ་དང་ལྷན་ཅིག་གཏམ་འདྲེ་ཞིང་ཉལ་བ་དང་། དོན་ཉུང་ངུ་དག་འཕྱ་སྟེ་གསོལ་བས། བྱུང་བ་འདི་ལས་བཅས་སོ། །གཞི་གནས་དབྱུང་བ་སྡིག་ལྟ་མ་བཏང་བ་ཕྱིར་བཅོས་མ་བྱས་པའི་དགེ་སློང་། བསམ་པ་དེར་འདུ་ཤེས་པ་གཙོ་བོ། སྦྱོར་བ་གཏམ་སྨྲ་བ་དང་། ལུང་འབོགས་པ་དང་། དམིགས་ཀྱིས་དྲི་བ་དང་། གནས་བཅའ་བ་དང་། རྗེས་སུ་བསྟན་པ་དང་། གདམ་ངག་སྦྱིན་པ་དང་། ལྟ་བ་སྨྲ་བ། གནས་གཅིག་ཏུ་ཉལ་བ། ལོངས་སྤྱོད་དང་བསྙེན་བཀུར་བདག་གིར་བྱེད་པ། ནད་པ་དང་ལྟ་བ་འབྲལ་བའི་དོན་མ་ཡིན་པར་བསྲུལ་ན་ཞེས་པའི་དོན་ལྷན་ཅིག་འདུ་འཛི་བྱེད་ན། མཐར་ཐུག་སྐྱ་རེངས་ཤར་ཏེ། འདི་ཚང་ན་སྤངས་བའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་དོ། ༥༧ །དགེ་ཚུལ་བསྙིལ་ལ་ཡང་། ཚིག་དེ་ཉིད་ལ་ཞུགས་པ་མི་གཏོང་ན་དགེ་ཚུལ་བསྙིལ་བར་བྱའོ། །ཞེས་སོགས་ཀྱི་དོན། གླེང་གཞི་ནི། ཉེ་དགའི་དགེ་ཚུལ་ཚེར་མ་དང་ཆེན་པོ་པ་གཉིས་འདོད་ཆགས་དང་མ་བྲལ་ནས། དགེ་སློང་རྣམས་དང་ལྷན་ཅིག་གཞོགས་སྟེགས་འཕྱར་གཡེངས་སོགས་བྱེད་དོ། །ཕྱིས་དེ་དག་གིས་བསྡམས་པ་དང་། བཤགས་པ་བྱས་འབད་དེ་དགྲ་བཅོམ་པ་ཐོབ། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བ་མཐོང་ནས། ཁྱེད་སུ། མིང་འདིའོ། །ཁྱེད་ཅག་གིས། ཁོ་བོ་གཉིས་དང་འདི་བཞིན་བྱས་སོ། །བྱས་མོད་ཀྱི། ཕྱིར་བཅོས་ནས་དགྲ་བཅོམ་པ་ཐོབ་བོ། །དེ་དག་སྟོན་པས་འདོད་པ་ནི་བར་དུ་གཅོད་པར་འགྱུར་རོ། །ཞེས་གསུངས་ཀྱང་མི་འགྱུར་བར་བདག་གིས་ཤེས་སོ་ཟེར་བ་དེ་གསོལ་པས། བཞམས་ཏེ་བསྒོ་བ་དང་། མི་གཏོང་ན་ཟློག་པའི་ལས་གྱིས་ཤིག་ཅེས་པ་ཚིག་དེ་ཉིད་ལ་ཞེན་པ་ནས། སྙིལ་ཞིག དེ་གཉིས་བསྙིལ་བས་ངུ་ཞིང་ཉེ་དགའ་ཅན་སོང་ངོ་། །ཅིས་ངུ་། བསྙིལ་ལོ། །ཁྱོད་གཉིས་བསྙིལ་བ་དེ་གྲོང་སོགས་ནས་སྙིལ་བར་གྱུར་ཅིག ཟེར་ནས་དེ་གཉིས་ཉེ་བར་འཇོག་ཅིང་ལྷན་ཅིག་ཉལ་བ་སོགས་བྱེད་ནས་གསོལ་པས། བྱུང་བ་འདི་ལས་བཅས་སོ། །གཞི་དགེ་ཚུལ་བསྙིལ་བ་སྡིག་ལྟ་མ་བཏང་ཞིང་ཕྱིར་བཅོས་མ་བྱས་པ། བསམ་པ་དེར་འདུ་ཤེས་པ་གཙོ་བོ། སྦྱོར་བ་ལུང་འབོགས་པ་སོགས་དང་། མཐར་ཐུག་སྐྱ་རེངས་ཤར་བ་སྟེ། འདི་ཚང་ན་བསྙིལ་བ་སྡུད་པའི་ལྟུང་བྱེད་དོ། །བསྙིལ་བ་ཞེས་པ་དགེ་ཚུལ་གང་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་ཞེས་བྱ་བ་ལ་སོགས་པ་ཟེར་བ་ལ་བཞམས་བསྒོ་བྱས། དེས་མི་གཏོང་ན་དགེ་ཚུལ་དགེ་འདུན་གྱིས་ལས་ལ་མི་དབང་བས། ཐོས་པའི་ཉེན་ཀོར་ནས་བཀར། མཐོང་བའི་སར་བཞག་ནས་དགེ་འདུན་གྱི་གསོལ་བ་བྱ། དེ་དགེ་སློང་གཅིག་གིས་དེ་ལ་གསོལ་བ་བྱས་སོ། །སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་ཐོང་ཞིག་ཅེས་གོ་བར་བྱ། དེས་མི་གཏོང་ན་བརྗོད་པ་དང་པོ། དེས་མི་གཏོང་ན་གཉིས་པ་དང་། དེས་མི་གཏོང་ཞིང་གཞི་དེ་ཉིད་ལ་མངོན་པར་ཞེན་པས་རྗེས་སུ་ཕྱོགས་པར་བྱེད་ན། བསྙིལ་བའི་བཞིའི་ལས་ཀྱིས་བརྗོད་པ་གསུམ་པ་ཚུན་སྔར་ལྟར་གོ་བར་བྱས་ལ། དེས་ཀྱང་མི་གཏོང་ན་མཇུག་སྡུད་བྱ་སྟེ། དེ་རྫོགས་པ་ན་བསྙིལ་བ་ཡིན་ནོ། ༥༨ །མ་བསྒྱུར་གོས་གྱོན་པ་ལའོ། །སྔོན་པོའམ། དམར་པོའམ། ངུར་སྨྲིག་གིས་ཁ་མ་བསྒྱུར་བ་རང་གི་གོས་ཐ་ན་ལྷུང་བཟེད་ཀྱི་ཁ་གཡོགས་པ་དང་། ཞེས་བྱ་བ་སོགས་པའི་དོན། གླེང་གཞི་ནི། ལྷོ་ལམ་ནས། གར་མཁན་ཞིག་རྒྱལ་པོའི་ཁབ་ཏུ་འོངས་པ་ན་སྐྱེ་བོ་རྣམས་སྟོན་པ་ལ་དད་པར་ཤེས་ནས། སྟོན་པའི་རྣམ་ཐར་གར་སྟབས་སུ་སྦྱར་བས་དད་པ་ཅན་དགའ་བར་བྱས། འདུན་པ་ལྷག་པོར་བྱེད་པ་མཐོང་ནས་ལད་མོ་སྦྱར་བས་མ་དད་པ་དགའ་བར་བྱས་པས་རྙེད་པ་མང་པོ་གྲུབ་བོ། །དྲུག་སྡེས་ཐོས་ནས། བཅུ་གཉིས་སྡེ་ཅན་སོང་སྟེ། སྟོན་པ་བྱང་སེམས་ཀྱི་སྤྱོད་པ་མཛད་པ་ན་སྒྲ་མི་སྙན་ཞེས་བྱ་བའི་གར་སྟབས་ཤིག་ཡོད་པ་དེ་དྲན་ནམ། སྐྱེད་མོས་ཚལ་དུ་འགྲོས་པས་ཅུང་ཟད་ཀྱང་མ་བརྗེད་དེ། རྒྱལ་པོའི་ཕོ་བྲང་ནས་ཆ་ལུགས་བླངས་ནས། གར་མཁན་དེ་དང་ཧ་ཅང་ཐག་མི་རིང་བ་ཞིག་ཏུ་གར་བྱས་པས། སྐྱེ་བོ་ཕལ་མོ་ཆེ་དེར་འདུས་ཤིང་གར་མཁན་དེ་དག་ཀྱང་འོངས་པ་དང་། ལྷའི་གར་ལྟ་བུ་མཐོང་ནས་འདི་དག་ལྷའམ་ཀླུ་ཞིག་ཡིན་སྙམ་ནས་ཡ་མཚན་སྐྱེས་སོ། །དེ་དག་གར་བྱས་གར་གྱི་ཆ་བྱད་བརཏལ་ནས་སོང་བ་དང་། དེས་ཀྱང་ཕྱི་བཞིན་དུ་འབྲངས་པས་འོད་མའི་ཚལ་དུ་སོང་ངོ་། །དེ་ནས་འཆར་ཀ་སྒོར་བྱུང་བ་དང་། འཕགས་པ་གར་དེ་ཁྱེད་ཀྱིས་བགྱིས་སམ། བཀྲེན་པ་ཁྱོད་མི་དགའ་བར་བྱའོ། །ཁོ་བོ་ཅག་ནི་སྒྱུ་རྩལ་གྱིས་འཚོ་ལ། ཁོ་བོ་ཅག་ལ་སྨོད་པ་ཁྱེད་གང་དུ་སོང་སར་མཐོ་བཙམས་སོ། །བདག་དེས་འཚོ་བ་ལགས་པས་བཟོད་པར་མཛོད་ཅིག ཐམས་ཅད་སྟེར་ན་བཟོད་དོ། །དེས་ད་དུང་གནོད་དོ་སྙམ་ནས་བྱིན་ཏེ་ཡིད་ཁོང་དུ་ཆུད་ཅིང་འདུག་གོ །དེའི་ཆུང་གྲོགས་ཤིག་གིས་ཅིའི་ཕྱིར། འདི་ལྟར་ཆད་པས་བཅད་དོ། །དགེ་སྦྱོང་གི་ཚུལ་ཚིག་གོ །ཞེས་འཕྱ་བའི་སྐབས་དེར་གསོལ་པས། བྱུང་བ་འདི་ལས་བཅས་སོ། །གཞི་གོས་རྐང་པའི་དཀྲིས་སམ་སྐ་རགས་ཡན་ཆད། བསམ་པ་བཅང་བར་འདོད་པས། སྦྱོར་བ་རུང་བའི་ཚོན་གྱིས་ཁ་མ་བསྒྱུར་བ། མཐར་ཐུག་བཅངས་པ་སྟེ། འདི་ཚང་ན་ཁ་མ་བསྒྱུར་བ་གྱོན་པའི་ལྟུང་བྱེད་དུ་འགྱུར་རོ། །སོ་སོ་ཐར་པ་ལས་གོས་གསར་པ་ཞེས་གསུངས་པ་ནི་རང་གི་ལག་ཏུ་གསར་དུ་སླེབ་པ་སྟེ། དགོས་པའི་ཕྱིར། དགེ་སློང་ཕ་མ་ལ་སོགས་པ་སྡེ་ལྔའི་གོས་དང་། ཁྱིམ་པས་ཚོན་གྱིས་བསྐུས་པ་ནི་རུང་བ་བྱས་ཟིན་པ་ཡིན་པས་ཉེས་པ་མེད་དོ། ༥༩ །རུང་གྱུར་རིན་ཆེན་གཡུལ་དང་རོལ་མོའི་ཆས། །སྐུད་རྒྱན་རེག་གམ་འཇུག །རིན་པོ་ཆེ་རང་གི་མ་ཡིན་པ་དང་དེར་སྨོས་པ་ལ་རེག་གམ་རེག་ཏུ་འཇུག་ན་བྱེད་པ་པོ་ཡིན་ནོ། །ཞེས་པ་ལ་སོགས་པའི་དོན། གླེང་གཞི་ནི། འཆར་ཀས་འཕོང་དང་རོལ་མོའི་སྤོང་སར་ཕྱིན་ནས་འཕོང་ལ་སོགས་པ་བྱས་པ་དང་། ཉེ་དགས་ཡངས་པ་ཅན་དུ་ཁྱེའུའི་རྒྱན་ཕྱོགས་གཅིག་ཏུ་བཞག་པ་གནོད་སྦྱིན་གྱི་ནོར་རོ་ཞེས་བླངས་ནས་སོང་བ་དང་། ཁྱེའུ་རྣམས་ཀྱིས་ལ་ལས་ཉེ་དགའི་ལག་དང་། ལ་ལས་རྐང་པ་ལ་འཇུས་ནས་ཅིའི་ཕྱིར་རྒྱན་འཕྲོག ལི་ཚ་བྱི་ཆེན་པོས་མཐོང་ནས་ཅིའི་ཕྱིར་མཐོ་འཚམ་རྒྱན་ཕྲོགས་སོ། །ཅིའི་ཕྱིར་འདི་ལྟར་མཛད། གནོད་སྦྱིན་གྱི་ནོར་རོ། །དེ་མིན་གྱི་བོར་ཅིག དེ་ལྟར་གསུམ་ནི་བྱུང་བ་ཙམ་མོ། །དྲུག་སྡེས་ཡངས་པ་ཅན་དུ་སྐྱེད་མོས་ཚལ་ན། ཁྲུས་ཀྱི་ཆས་དང་། གླུ་བྲོའི་ཆས་འདུག་པ་ཁྲུས་བྱའམ་གླུ་བླང་། ཁོ་བོ་ཅག་གིས་གླུ་མ་བླངས་ནས་རིང་ཞིག་ལོན་གྱིས་གླུ་བླང་ངོ་ཟེར་ནས། གླུ་བླངས་བྲོ་བརྡུངས་པ་དང་། རོལ་མོའི་སྒྲ་དེ་མ་སྐྱེས་དགྲའི་རོལ་མོའི་སྒྲར་བྱས་པས། ལི་ཙ་བྱིས་ཐོས་ནས། དེའི་དམག་ཏུ་ཤེས་ནས་གོ་བགོས་ནས་ཕྱིར་བྱུང་ངོ་། །གར་འདོང་། མ་སྐྱེས་དགྲའི་སྒྲ་བྱུང་ངོ་། །ཁོ་བོས་བཞད་གད་བྱས་སོ། །བདག་ཅག་སྔངས་པས། གནོད་པ་བྱས་ན་མི་རུང་གི་སོང་ཞིག ཕྱིར་ལོག་པ་དང་། ཅི་སྟེ་ལོག དེའུ་བསད་དོ། །དེ་གསོལ་པས། བྱུང་བ་འདི་ལས་བཅས་སོ། །རི་དྭགས་འཛིན་གྱི་མས་གོས་རྒྱན་བཀྲོལ་བུ་མོའི་ལག་ཏུ་བྱིན་ནས། སྟོན་པ་ལ་ཆོས་ཉན་ནོ། །བུ་མོ་དེས་རྒྱན་བཞག་ནས། སྣ་མའི་མེ་ཏོག་བཏོགས་ཏེ་སྟོན་པ་ལ་གཏོར་རོ། །དེ་དག་ཆོས་ཉན་ནས་སོང་བ་དང་རྒྱན་བརྗེད། དེ་ཀུན་དགའ་བོས་མཐོང་ནས་མ་གནང་མོད་ཀྱི། རྐྱེན་འདི་ལ་བརྟེན་ནས་གནང་དུ་སྲིད་སྙམ། སྦེད་དུ་བཅུག་ནས་གསོལ་པས། ལེགས་ཏེ་ཞེས་གནང་སྟེ་དེ་རྣམས་མ་གཏོགས་སོ། །གཞི་རང་གི་མ་ཡིན་པའི་རིན་པོ་ཆེར་སྨོས་པའམ་རིན་པོ་ཆེ། དགོས་པ་གཡུལ་དང་། རོལ་མོ་དང་། རྒྱན་དུ་སྤྱད་པའི་ཕྱིར། མཚོན་ཆ་དང་། ལག་ཆ་དང་། རྒྱན་རུང་བར་གྱུར་པ་སྟེ། བསམ་པ་བདག་གིར་བྱ་བ་དང་འབྲེལ་ཞིང་ཆུད་ཟོས་ཀྱིས་དོགས་པ་མ་ཡིན་པ། སྦྱོར་བ་ཆོས་ལྡན་གྱི་དབང་མ་ཡིན་པར་རེག་གམ་རེག་ཏུ་འཇུག་པ། མཐར་ཐུག་རེག་པ་སྟེ། འདི་ཚང་ན་ལོངས་པའི་གཞིར་གཏོགས་པའི་ལྟུང་བྱེད་དོ། །བདག་གིར་བྱ་བ་དང་མ་འབྲེལ་པར་རྫས་ཆུད་མི་ཟ་བར་བྱ་བའི་སེམས་ཀྱིས་རེག་པ་ནི་ཉེས་མེད་དོ། །ནོར་བུ་རྣམས་ནི་བརྡར་བ་དང་ཕུག་པས་རུང་བ་འགྱུར་ལ། རྒྱན་ནི་དེའི་དབྱིབས་སུ་དོད་པས་དང་། པི་ཝང་ལ་སོགས་རོལ་མོར་བྱེད་པའི་ལག་ཆ་ནི་སྒྲ་འབྱིན་པར་བཟོད་ན་དང་། མདའ་ནི་མདེའུ། གཞུ་ནི་རྒྱུད་དང་བཅས་པ། གྲི་ལ་སོགས་པ་ཡིན་པ་ཙམ་གྱི་དང་། སྟོན་པའི་སྐུ་གཟུགས་ནི་སྐུ་གདུང་དང་བཅས་པ་ཉིད་ཡིན་ན་རུང་བར་གྱུར་པ་ཞེས་བྱའོ། །ཕྱེ་མ་ལ་ནོར་བུ་མཆིང་བུ་ལ་སོགས་པ་ནི་ཉེས་བྱས་སོ། །གླུ་གར་བྱེད་ལའོ། །གླུ་དང་། གར་དང་། རོལ་མོ་ཀུན་ཏུ་སྤྱད་པ། ཐ་ན་ཆུར་རྫ་རྔ་ཁ་ཅིག་པ་ལྟར་བརྡུངས་པ་ཡན་ཆད་ཉེས་བྱས། དེས་མཚོན་ནས་རྒྱན་གདགས་པ་བཅད་པ་དང་། དེས་ལུས་བསྐུ་བ་ལ་ཡང་ངོ་། །ཆོས་ལྡན་གཞན་གྱི་བསྔོར་རུང་ཉེས་པ་མེད། །ཁྱིམ་པའི་བསོད་ནམས་འཕེལ་བའི་ཕྱིར་འཕྲེང་བ་བླངས་ཏེ་མཆོད་རྟེན་ལ་དབུལ་བ་དང་། སྟོན་པའི་སྐུ་གཟུགས་ལ་སྟོན་པའི་འདུ་ཤེས་བཞག་ནས་རེག་པ་དང་། གསེར་དངུལ་གྱི་ཁྲི་ལ་ཁྱིམ་པའི་ཡིན་ནོ་སྙམ་གཞན་གྱིར་བསྔོས་ན་མི་རྟག་པའི་འདུ་ཤེས་ཀྱིས་ཆོས་འཆད་པའི་ཕྱིར་འདུག་པ་དང་། མི་མ་ཡིན་པའི་ཁྱིམ་དུ་ཟས་ཀྱི་སྣོད་དང་། མལ་ཁྲི་རིན་པོ་ཆེ་ཡིན་པ་དང་། རྒ་བ་དང་ན་བ་སྦྱོར་བ་མི་བཟོད་པ་ཞོན་པས་འགྲོ་བ་དང་། གཞན་བསོད་ནམས་འདོད་པས་རྐང་གཉིས་དྲིས་བསྐུ་བ་དང་། ནད་དང་བྲལ་བའི་དོན་དུ་ལུས་བསྐུ་བ་དང་དུ་བླངས་ཤིང་བསྐུས་པ་དང་། དགེ་འདུན་གྱི་ནང་དང་། ཁྱིམ་པ་ལ་ཆོས་བསྟན་པ་དང་། ཁྱིམ་དག་ཏུ་ཁྲུས་མ་བྱས་པར་འགྲོ་བར་མི་བྱ་བ་དང་། ནད་གསོ་བའི་ཕྱིར་སྲུང་སྐུད་གདགས་པ་དང་། སྟོན་པའི་ཡོན་ཏན་བསྒྲག་པ་དང་། རྒྱུན་ཆགས་གསུམ་པ་འདོན་པ་ལ་དབྱངས་དང་བཅས་པ་རྣམས་ནི་ཉེས་པ་མེད་དོ། །རྙེད་ན་བདག་པོར་དེ་མེད་དགེ་འདུན་རྫས། །གལ་ཏེ་གཞན་གྱིས་དོར་བ་རྙེད་ན་རྟགས་དང་བཅས་ཏེ་སྨྲ་ན་བདག་པོ་ཡིན་པས་དེ་ལ་གཏད་དོ། །བདག་པོ་མ་བྱུང་ན་ཟླ་བ་དྲུག་དགེ་འདུན་གྱི་མཛོད་དུ་འཇུག་ལ། དེ་ནས་ཀྱང་མ་བྱུང་ན་དགེ་འདུན་གྱི་རྫས་སུ་བྱའོ། ༦༠ །གནང་མིན་འཇུག་ངོགས་རུང་མིན་རིལ་པོར་བཀྲུས། །སོས་ཀ་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང་། དབྱར་རྣམས་ཀྱི་དང་པོ་ལས་སོ། །ཞེས་པ་ལ་སོགས་པའི་དོན། གླེང་གཞི་ནི། རྒྱལ་པོའི་ཁབ་ན་ཆུ་དྲོན་གསུམ་ཡོད་པའི་གཅིག་ཏུ་རྒྱལ་པོ། གཉིས་པར་བཙུན་མོ། གསུམ་པར་གྲོང་གི་ཁྲུས་བྱེད་དོ། །རྒྱལ་པོས་བདག་གིས་སྟོན་པ་ཉན་ཐོས་དང་བཅས་པ་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་ན། ཁྲུས་ཀྱིས་མ་བསྟབས་ཀྱིས་བསྟབ་བོ་སྙམ་ནས། སྟོན་པ་ལགས། བདག་ཁྲུས་བགྱིད་པ་དེར་འཕགས་པ་རྣམས་ཁྲུས་མཛད་ཅིང་། དེའི་ཚེ་བདག་བསྡད་ལ། བདག་ཁྲུས་བྱེད་པའི་ཚེ་འཕགས་པ་རྣམས་གཤེགས་ཤིག བཙུན་མོ་ཁྲུས་བགྱིད་པ་དེར་འཕགས་མ་རྣམས་སྔར་བཞིན་ནོ། །ཞུས་པས། སྟོན་པས་གནང་ངོ་། །དྲུག་སྡེ་དག་རྒྱལ་པོ་དག་དད་ན་དད་པ་ཇི་ལྟ་བུ་བརྟག་སྙམ་ནས། དེར་སོང་ནས་གཉིས་ཁྲུས་བྱེད། བཞིས་གྲོགས་བྱེད། དེ་བཞིན་དུ་རེ་མོས་བྱས་ཤིང་ཁྲུས་བྱེད་དོ། །རྒྱལ་པོས་བལྟ་བ་བཏང་བས་མཐོང་ནས། ཁྲིའུ་ཚུགས་ཤིག བསྡད་དོ། །བསྡད་ནས་ཡང་ཡང་བལྟ་བ་བཏང་ཡང་དེ་ལྟར་བྱེད་ནས། འུ་ནི་ང་ལ་མཐོ་འཚམ་གྱིས་ཆུ་འོན་ཅིག་ཁྲུས་བྱའོ། །ཞེས་དབང་བསྐུར་བའི་ཁྲུས་བྱས་ཏེ། སྟོན་པའི་སྤྱན་སྔར་ཕྱག་འཚལ་ནས་ཆོས་མ་མཉན་པར་སོང་ངོ་། །སྟོན་པས་ཀུན་དགའ་བོ་ལ་རྨེད་པས། རྒྱས་པར་གསོལ་བས། བྱུང་བ་འདི་ལས་བཅས་སོ། །གཞི་ཨསྨ་པཱ་ར་ན་ཏའི་ཡུལ་མ་ཡིན་པར་ཆུ་ལ། བསམ་པ་ཁྲུས་ཀྱི་ཆེད་དུ། སྦྱོར་བ་གནང་བའི་དུས་མ་ཡིན་པར་དབང་བསྐུར་བས་སམ་འཇུག་པའི་ཁྲུས་བྱེད་པ། མཐར་ཐུག་ཆུས་ལྟེ་བར་སླེབ་པ་སྟེ། འདི་ཚང་ན་ཁྲུས་བྱེད་པའི་ལྟུང་བྱེད་དུ་འགྱུར་རོ། །གནང་བའི་དུས་ནི་སོས་ཀའི་ཟླ་བ་ཕྱེད་དང་གཉིས། དབྱར་ཟླ་དང་པོ། ན་བ་དང་། ལས་དང་། ལམ་དང་། རླུང་དང་། ཆར་གྱིས་ཕོག་པ་དང་། ཟླ་བ་ཕྱེད་ཀྱི་དུས་རྣམས་སོ། །ཁྲུས་ཀྱི་ཆེད་མ་ཡིན་པར་ཆུ་ལ་བརྒལ་བ་ལ་ལྟུང་བ་འདི་མེད་དོ། །དུས་བྱིན་གྱིས་མ་བརླབས་པ་དང་། ལྟེ་བར་མ་སླེབ་ཙམ་བཀྲུ་བ་དང་། ཆུ་ལས་གཞན་པའི་འདག་རྫས་ཀྱིས་བཀྲུ་བ་རྣམས་ནི་ཉེས་བྱས་སོ། ༦༡ །དུད་འགྲོ་གསོད་དམ་གསོད་བཅུག་ཤི་བ་ནའོ། །གསོད་པའི་སེམས་ཀྱིས་དུད་འགྲོ་ལ་བསྣུན་ནའོ། །ཞེས་པའི་དོན། གླེང་གཞི་ནི། འཆར་ཀས་མཉན་ཡོད་དུ་བྱིས་པ་འཕོང་སློབ་པ་དག་མཐོང་ནས། ཅི་བྱེད། འཕོང་སློབ་བོ། །གཡས་འཕོང་གཡོན་འཕོང་མདའ་ལྔ་འཕང་བ་དག་བྱོས་ཤིག་བྱས་པས། ལག་པ་བསྒྲིལ་བཞིན་བསྒྱུར་རོ། །ཅིའི་ཕྱིར་ཁྱེད་ཀྱི་སློབ་དཔོན་གྱིས་ཀྱང་མི་ཤེས་ན། ཁྱེད་ཀྱིས་ཤེས་རེ་སྐན། འཕགས་པས་མཁྱེན་ནམ་སོགས་སྔར་དང་འདྲ། མཛོད་དང་། གཞུ་འོན་ཅིག དེ་དག་གིས་གཞུ་གཏད་པས། རས་བལ་གྱི་གཞུ་འདྲ་ན། སློབ་དཔོན་གྱི་འོན་ཅིག དེའི་ཚེ་ནམ་མཁའ་ལ་བྱ་རོག་རྒྱུ་བ་མཐོང་བས་འདིའི་ཁར་བསྣུན་ལ་རྐུབ་ཏུ་དབྱུང་ངམ། རྐུབ་ཏུ་བསྣུན་ལ་ཁར་དབྱུང་། རྐུབ་ཏུ་བསྣུན་ལ་ཁར་དབྱུང་མཛོད་ཅིག དེས་ཕྱོགས་བཞིར་མདའ་རེ་འཕངས་པ་དང་། བྱ་རོག་ཁ་སྟེང་དུ་བལྟས་པའི་རྐུབ་ཏུ་བསྣུན་ནས་ཁར་བྱུང་སྟེ་ས་ལ་ལྷུང་ངོ་། །འདི་ལྟར་བསླབ་བམ། ཡང་ན་སློབ་དཔོན་གཞན་བཙལ་གྱི། འབྲས་བུ་མེད་པའི་སྦུན་པ་འཕྱར་ཞིང་འཁོད་དེ་ཅི་རུང་ཞེས་སྨྲས་ནས་སོང་ངོ་། །སློབ་དཔོན་འོངས་ན་འཕོང་བྱོས་ཤིག དེ་དག་ལག་འདྲིལ་བཞིན་བསྒྱུར་རོ། །དེ་དག་སྔར་མ་བྱུང་བའི་རྣམ་འགྱུར་བྱུང་གི་སུ་འོངས་སྙམ་ནས། སུས་འོངས། འཆར་ཀའོ། །དེས་ཅི་བྱས། འདིའོ། །དེ་བྱང་ཆུབ་སེམས་དཔའི་སོགས་སྔར་དང་འདྲ། དེས་ཡང་ཡང་མཐོ་འཚམ་པར་འགྱུར་གྱིས་ཐབས་ཤིག་བྱའོ་སྙམ་མོ། །ཁྱེའུ་དག་ཁྱེད་ཅག་ཁོང་གི་ཡོན་ཏན་སྒྲོག་པར་འདོད་དམ། འཚལ་ལོ། །ཁོང་བསོད་སྙོམས་ལ་ཞུགས་པའི་ཚེ། བྱ་རོག་གི་རོ་འདི་སྨྱུག་མའི་རྩེ་མོ་ལ་ཕྱོར་ལ། འཕགས་པ་འཆར་ཀས་མདའ་ལྔའི་སྦྱོར་བས་བྱ་རོག་བསད་པ་འདི་ཡིན་ཞེས་སྒྲོགས་ཤིག ཕྱིར་སློག་ན་མ་ལོག་ཅིག ཕྱི་ཉིན་འཆར་ཀ་བསོད་སྙོམས་ལ་བྱུང་བའི་ཕྱིར་བཞིན་མི་འོ་ཅོག་ལ་ཕྱིར་ལོག་ཟེར་ཡང་མ་ལོག་པར་བསྒྲགས་པ། ཁྱིམ་པ་དག་འདི་སྲོག་གཅོད་པ་ལས་མ་ལོག་པ་སྟེ། ཤ་པགས་རུས་པ་རྒྱུས་པ་གང་ཡང་མི་རུང་བ་གསོད་པ་ལ་ལྟོས་སུ་ཞིག་འདི་ལ་བསོད་སྙོམས་སྦྱིན་པར་སེམས་ཟེར་ནས་འཕྱ་བའི་སྐབས་དེ་གསོལ་པས། བྱུང་བ་འདི་ལས་བཅས་སོ། །གཞི་དུད་འགྲོ། བསམ་པ་གསོད་སེམས། སྦྱོར་བ་ལུས་སམ་དེ་དང་འབྲེལ་བས་བསྣུན་པ། མཐུར་ཐུག་དུས་དེ་ཉིད་དུའམ་གཞན་གྱི་ཚེ་ཤི་བ་སྟེ། དུད་འགྲོ་གསོད་པའི་ལྟུང་བྱེད་དུ་འགྱུར་རོ། །སྦྱོར་བ་གཅིག་ཡིན་ཀྱང་གསད་པར་བྱ་བ་མང་ན་རེ་རེ་ལ་ལྟུང་བྱེད་རེ་རེར་འགྱུར་རོ། །སེམས་ཅན་གྱི་གཟུགས་བརྙན་ལ་བསྣུན་ན་ཉེས་བྱས་སོ། ༦༢ །རྫོགས་ལ་དགེ་སློང་མིན་དོན་འགྱོད་སྐྱེས་ལའོ། །ཁྱོད་བསྙེན་པར་རྫོགས་པ་མ་ཡིན་ཞིང་། ཞེས་པ་ལ་སོགས་པའི་དོན། གླེང་གཞི་ནི། འཆར་ཀས་བཅུ་བདུན་སྡེ་ལ་ཚུར་ཤོག་ནས་ཕྱི་རོལ་དུ་བསྐྲད་དོའི་བར་སྔར་དང་འདྲ། བདག་ཅག་དྲུག་སྡེས་བརྙས་པ་ནི་ཐོས་པ་ཉུང་བ་ལས་བྱུང་གི ཐོས་པ་གཟུང་བས་སླར་དེ་ལ་དྲི་མི་དགོས་སོ་ཟེར་ནས། དགེ་སློང་ཞིག་ལ་ཀློག་ཏུ་གསོལ། དེས་ཀླག་ཏུ་བཅུག་གོ །ཉེ་དགས་འཆར་ཀ་ལ་བཅུ་བདུན་སྡེས་བསྙེན་བཀུར་མི་བྱེད་པ་ཅི། བསྐྲད་དོ། །ཁྱེད་སྦྲུལ་ཉལ་བ་ལ་ལྕག་གིས་གཞུས་སོ། །དེ་དག་ཐོས་པ་ཉུང་ན་བདག་ལ་བརྟེན་གྱི། སྡེ་སྣོད་ཤེས་ཤིང་ཕ་རོལ་གནོན་པར་གྱུར་ན་བདག་ཅག་ལ་གནོད་དོ། །འཆར་ཀ་དེ་དག་ཐོས་པ་ཉུང་ཞིང་འཛིན་མི་ནུས་པའི་ཐབས་བྱའོ་ཟེར་ནས། དེ་དག་གི་གན་དུ་སོང་ནས། བརྩོན་འགྲུས་བརྩམས་སམ། བརྩམས་སོ། །ཅི་བྱས། ཐོས་པ་གཟུང་ངོ་། །དེས་ཅི་བྱ། ངེས་པ་ལ་འཇུག་ཅིང་ཟག་པ་ཟད་པར་འགྱུར་རོ། །འགྱུར་རེ་སྐན། ཅི་མཚམས་མེད་བྱས་སམ། དེ་གཉིས་མིན་ཏེ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པ་མ་ཡིན་ཞེས་གསུངས་པ་མ་ཐོས་སམ། དེ་དག་ཡིད་ཁོང་དུ་ཆུད་ཅིང་འདུག སློབ་དཔོན་དེ་འོངས་ནས་ཅིའི་ཕྱིར་ཡིད་ཁོང་དུ་ཆུད། ཀློགས་ཤིག ཅི་འདྲ་སོགས་སྔར་དང་འདྲ། ཁྱེད་ལ་སུ་ཟེར། འཆར་ཀའོ། །དོན་ཉུང་ངུ་དག་འཕྱ་བ་དེ་གསོལ་པས། བྱུང་བ་འདི་ལས་བཅས་སོ། །གཞི་བཅས་ལྡན་དགེ་སློང་གཞན་ལ། བསམ་པ་བདེ་བ་ལ་མི་རེག་པའི་སེམས་བཞད་གད་ཀྱི་སྒོ་ནས། སྦྱོར་བ་ཁྱོད་བསྙེན་པར་རྫོགས་པ་མ་ཡིན་ནོ་ཞེས་སམ་ཕམ་པར་གྱུར་པ་བྱུང་ངོ་ཞེས་པ་ལྟ་བུ་དགེ་སློང་མ་ཡིན་པ་ཉིད་གོ་བར་བྱེད་པའི་ཚིག་སྨྲས་པ། མཐར་ཐུག་འགྱོད་པ་སྐྱེས་སམ་མ་སྐྱེས་ཀྱང་རུང་གོ་བ་ཙམ་སྟེ། འགྱོད་པ་སྐྱེད་པའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མ་ཡིན་པའི་དོན་ལས་གཞན་པ། དགེ་འདུན་ལྷག་མ་ལ་སོགས་པས་འགྱོད་པ་སྐྱེད་པ་ནི་ཉེས་བྱས་སོ། ༦༣ །གཡའ་བར་བྱ་སེམས་ག་ག་ཚིལ་བྱེད་ལའོ། །དགེ་སློང་ལ་སོར་མོའམ། ཞེས་པ་ལ་སོགས་པའི་དོན། གླེང་གཞི་ནི། མོའུ་འགལ་གྱི་བུས་བཅུ་བདུན་སྡེ་རབ་ཏུ་བྱུང་བའི་ཚེ། གཅིག་ལས་སུ་བསྐོ་བ་ན་ཐམས་ཅད་ཀྱིས་བསྡོངས་ཏེ་བྱེད་དོ། །དུས་གཞན་ཞིག་ན་ཐམས་ཅད་མཚན་ཐོག་ཐག་ཆོས་ཉན་པར་བྱུང་ནས་དེར་ཐམས་ཅད་བསྡོངས་ཏེ་དྲོན་བྱས་སོ། །ཕྱི་ཉིན་དགེ་འདུན་གྱིས་སྲོ་གང་བྱུང་ནས་དེར་ཡང་ཐམས་ཅད་བསྡོངས་ནས་དྲོན་བྱས་སོ། །ཕྱི་དེ་ཉིན་བཅུ་བདུན་སྡེའི་གཅིག་ལ་དགེ་བསྐོས་བབ་པ་དང་། དེ་ཉིན་ཐམས་ཅད་བསྡོངས་ཏེ་གཙུག་ལག་བརྒྱན་ཏེ་འཁོད་དོ། །དེ་ནུབ་གཅིག་བདག་ཆད་པས་ཉལ་གྱི། བཅུ་དྲུག་གིས་དྲོན་ནུས་སྙམ་མོ། །དེ་བཞིན་དུ་ཐམས་ཅད་ཀྱིས་ཉལ་ལོ། །དགེ་བསྐོས་གཅིག་པུས་མཚན་ཐོག་ཐག་ལས་མཛད་དེ་ནམ་ལངས་པ་དང་མར་མེའི་ཀོང་བུ་བསྡུས། སྒོ་ཕྱེ་ཆག་ཆག་བཏབ་གདན་བཤམས་སྤོས་བྲིམས་ནས་གཎྜྻི་བརྡུངས་སོ། །དེས་བཅུ་དྲུག་པོ་གཉིད་སད་ནས་བལྟས་པ་དང་། གཅིག་པུ་ཕར་ཁྱུག་ཚུར་ཁྱུག་བྱེད་པ་མཐོང་ནས། ཕན་ཚུན་སྨྲས་པ། འོ་ཅག་སུས་ཀྱང་འདིའི་གྲོགས་མ་བྱས་སམ། ཁོ་བོ་ཅག་གི་འཕྲལ་གྱི་བྱ་བ་ཐམས་ཅད་ལ་འདི་ཐོག་མར་འགྲོ་བ་ཡིན་ན། གྲོགས་མ་བྱས་པས་མ་ལེགས་ཀྱི་ཟས་ཟོས་མ་ཐག་བཟོད་པ་གསོལ་ལོ་ཟེར་ནས་གཞོན་པས་རྐང་པ་ལ་གཏུགས། རྒན་པས་མགུལ་ནས་འཁྱུད་བཟོད་པར་གསོལ་ལོ། །བྱས་པས་ཅི་ཡང་མི་སྨྲ་བར་འདུག ཆོས་ཤེས་པ་གཅིག་གིས་ག་ག་ཚིལ་བྱས་པས་བག་དེ་བཟོད་དོ། །ཐམས་ཅད་ཀྱིས་བྱས་རླུང་གྱེན་དུ་འཆུགས་ཏེ་ཤིའོ། །དེ་གཏད་ཅིང་མྱ་ངན་བྱེད་པ་དང་། ཅིའི་ཕྱིར་བྱེད། སྔོན་བཅུ་བདུན་སྡེ་ལས་བཅུ་དྲུག་སྡེར་གྱུར་ཏེ་ཕམ་པའང་བྱུང་ངོ་། །མ་ལེགས་སོ་ཟེར་ཞིང་། གཞན་དག་སོག་མའི་མེ་བཞིན་སྐད་ཅིག་གིས་འབར་ཞིང་སྐད་ཅིག་གིས་ཞི་བ་ཞེས་ཟེར་ཞིང་སྤྱོའང་ཅི་ཡང་མི་ཟེར། འཆར་ཀས་དྲིས་པས་དེ་སྐད་ཟེར་ནས། དོན་ཉུང་ངུ་དག་འཕྱ་བའི་སྐབས་དེ་གསོལ་པས། བྱུང་བ་འདི་ལས་བཅས་སོ། །གཞི་དགེ་སློང་གཞན་གྱི་ལུས་ཀྱི་གང་ཡང་རུང་བར། བསམ་པ་གཡའ་བར་བྱེད་པའི་སེམས་ཀྱིས། སྦྱོར་བ་རང་གི་ལུས་གང་ཡང་རུང་བས་ག་ག་ཚིལ་བྱེད་པ། མཐར་ཐུག་ཉམས་སུ་མྱོང་བ་སྟེ། ག་ག་ཚིལ་བྱེད་ཀྱི་ལྟུང་བྱེད་དུ་འགྱུར་རོ། །འདི་ལ་རེག་པར་བྱེད་པ་རེ་རེ་ལ་ལྟུང་བ་ཐ་དད་པར་དབྱེ་བ་མེད་དོ། ༦༤ །དགའ་བས་ཆུ་ལ་རྩེ་འཇོ་མིན་པ་ལའང་། །ཆུའི་ཡུལ་ལ་རྩེ་བ་རྗེས་སུ་བསྒྲུབ་ནའོ། །ཞེས་སོགས་ཀྱི་དོན། གླེང་གཞི་ནི། བཅུ་བདུན་སྡེའི་ཉེ་བ་འཁོར་དགྲ་བཅོམ་ཐོབ་ནས་གྲོགས་དག་ལ་དགེ་རྩ་བརྟགས་པས་ཡོད་ཅིང་བདག་ལ་རག་ལས་པར་མཐོང་ནས། དེ་ཕྱི་བཞིན་འབྲང་བ་ན་དེ་དག་ཆུ་ཀླུང་གནས་ཅན་དུ་སོང་ནས། ཆུ་བཙགས་ནས་གོས་ཕུད་དེ་ཆུར་ཞུགས་ནས་སྟེང་ནས་སྟེང་དུ་འབྱུང་བ་དང་། འོག་ཏུ་ནུབ་པ་ནས་ཆུ་སྲུབས་འདྲེན་པ་དང་། རྒོད་བག་དང་། འཕྱར་གཡེང་དག་བྱེད་དོ། །ཉེ་བ་འཁོར་གྱིས་ཆུ་ཀླུང་བརྒལ་ནས་ཆོས་གོས་བགོས་ཏེ་བསྡད་དོ། །གསལ་རྒྱལ་སྟེང་གི་ཁང་བཟང་ན་ཡོད་པ། བཅུ་འདུན་སྡེ་ཆུ་ལ་རྩེ་བ་མཐོང་ནས། ཡོན་གནས་ཀྱི་མཛེས་པ་ལ་ལྟོས། ལྷ་དེ་དག་ལང་ཚོ་གསར་པས་ཚངས་པར་སྤྱོད་པ་ལགས་མོད་ལྷ་བགྲེས་ནས་ཀྱང་ཐུགས་མ་བྱུང་བ་ངོ་མཚར་ཆེའོ། །དེ་ཉེ་བ་འཁོར་གྱིས་ཤེས་ནས། རྒྱལ་པོ་མ་དགའི་ཤོག་ཅིག་ཟེར་ནས། ཐམས་ཅད་ནམ་མཁའ་ལ་འགྲོ་བའི་གྲིབ་མ་རྒྱལ་པོ་ལ་འབབ་པར་བྱས་ནས་སོང་བ་འཕྲེང་ལྡན་མས་མཐོང་ནས། ལྷ་མཛེས་པ་ལ་གཟིགས་ཤིག རྒྱལ་པོས། དགྲ་བཅོམ་པ་འཕྱར་གཡེང་གི་རྩེ་བའི་སྐབས་མེད་དོ། །ལྷས་གསན་ན། སྟོན་པ་དགེ་སློང་འདུག་བཞིན་དུ་ཉོན་མོངས་པ་དང་བཅས་ལ། ལངས་ན་བྲལ་བར་མཐོང་སྟེ། དེ་ལྟ་བས་ན་སེམས་ནི་གློག་དང་འདྲ། ཏིང་ངེ་འཛིན་རྡོ་རྗེ་དང་འདྲ་བས་ཉོན་མོངས་པ་ཡེ་ཤེས་ཀྱིས་འཇོམས་སོ། །ཞེས་གསུངས་པ་མ་གསན་ཏམ། ཐོས་པ་ཉུང་བས་ཅི་ཡང་མི་སྨྲའོ། །འཕྲེང་ལྡན་མས་ཆབ་ལ་འཕྱར་གཡེང་གིས་མི་རྩེ་བའི་བཅའ་བ་མཛད་ན་ལེགས་སོ་ཞེས་གསོལ་བས། བྱུང་བ་འདི་ལས་བཅས་སོ། །གཞི་ཆུའི་ཡུལ། བསམ་པ་རྒོད་པས་དགའ་བ་ཉམས་སུ་མྱོང་བར་བྱ་བའི་ཕྱིར། སྦྱོར་བ་རང་ངམ་གཞན་བྱེད་དུ་བཅུག་པ་མཐར་ཐུག་ཞུགས་ཤིང་ནུབ་པ་དང་། འབྱུང་བ་དང་། ངོགས་གཞན་དུ་བརྒལ་བ་དང་། རྒྱུན་ཕྱོགས་དང་ལྡོག་ཕྱོགས་སུ་རྩོལ་བ། ཆུ་ལ་རྔ་བོ་ཆེ་དང་རྫ་རྔ་ཁ་གཅིག་པའི་སྒྲ་འབྱིན་པ་དང་། གསེག་མ་དང་། འཁྲབ་པ་དང་། འཕེན་པ་དང་། ཁོར་ཡུག་དང་། རྡོ་རྗེ་དང་། ཁྲོན་པ་དང་། རྦ་ཀློང་དང་། ཆུ་སྲུབས་འདྲེན་པ་དག་བྱེད་ན་ཆུ་ལ་རྩེ་བའི་ལྟུང་བྱེད་དུ་འགྱུར་རོ། །སིམ་པ་དང་། རྐྱལ་སློབ་པའི་ཆེད་དང་། གྲང་བར་འདོད་པས་བྱེད་ན་ཉེས་མེད་དོ། །ཆུ་མ་ཡིན་པ་ལ་རྩེ་ན་ཉེས་བྱས་སོ། ༦༥ །མ་བསྲུང་བུད་མེད་ལྷན་ཅིག་ཉལ་མཚན་མཐར། །བུད་མེད་དང་ལྷན་ཅིག་གནས་གཅིག་ཏུ་གཉིད་ལོག་ནའོ། །ཞེས་པ་ལ་སོགས་པའི་དོན། གླེང་གཞི་ནི། མ་འགགས་པ་དགྲ་བཅོམ་ཐོབ་ནས་རི་བྲགས་ཤིག་ཏུ་སོང་ནས་བསྟི་གནས་གཡས་པས། ཁྱེའུ་དག་སྤྱི་བརྟོལ་ཅན་གྱི་མ་ལ་གཡོས་ཤིག གཡས་པས་དེས་ཕུལ་ཏེ་བཤམས་ཏེ་བཞུགས་ཤིག་ཅེས་སྨྲས་སོ། །དེ་དེར་འདུག་པ་དང་ཆུ་ཁྱེར་ཏེ་ཞབས་བཀྲུ་བར་བགྱིའོ། མི་འཁྲུད་དོ། །བསྐུ་བ་ཁྱེར་ནས་ཞབས་བསྐུའོ། །བུད་མེད་ཀྱིས་མི་བསྐུད་དོ། །ཟན་ཁྱེར་ནས་དྲངས་པས་མི་ཟའོ། །དེར་བུད་མེད་ཀྱི་གཡོ་སྒྱུ་བསྟན་པས་མ་ཚུགས་ནས། འདི་ཆད་པས་ཉལ་དུ་བཅུག་ནས་ནམ་ཕྱེད་པ་དང་འགྲོའོ་སྙམ་སྟེ་སོང་ནས་འཁྱུད་པ་དང་། དེ་ནམ་མཁའ་ལ་འཕགས་ཏེ་རྫུ་འཕྲུལ་བསྟན་པས་དད། དེ་ལ་ཆོས་བསྟན་པས་རྒྱུན་ཞུགས་ཐོབ་བོ། །སང་འདི་ཉིད་དུ་གདུགས་ཚོད་གསོལ་བར་ཅི་གནང་། སྒོ་བཅད་ནས་ཟའོ། །དེ་བཞིན་བྱས་ན་བསོད་སྙོམས་དྲངས་པ་དང་། མིང་པོ་གཉིས་གཞན་དང་ལྷན་ཅིག་འཐབ་པ་ན། སྲིང་མོ་ཡ་མཚན་ཅན་སྣ་ཚོགས་དང་ལྡན་པས་མཆོད་སྦྱིན་བྱེད་པས་དགེ་སྦྱོང་ཡང་ཁ་རྩང་ནས་ད་དུང་མ་བཏང་ངོ་། །དེ་གཉིས་བདག་ཅག་མིས་བརྙས་པ་ཐམས་ཅད་འདིས་ལན་ནོ། །གསོད་དོ་སྙམ་རལ་གྲི་ཤུགས་ནས་ཕྱུང་སྟེ་བརྒྱུགས་པ་དང་སྲོག་ཆགས་བརྒྱ་སྟོང་དུ་མའང་ལྟད་མོ་ལ་སྔོན་གྱི་དགེ་རྩས་བསྐུལ་ནས་དོང་ངོ་། །མ་འགགས་པས་སྲིང་མོ་ཁོ་བོ་ཕྱིར་འབྱུང་གིས་ཁྱོད་ཀྱིས་སྒོ་ཆོད་ཅིག དེ་ཕྱིར་བྱུང་མོས་སྒོ་བཅད་པ་དང་། མ་འགགས་པས་སྟེང་གི་ནམ་མཁའ་ལ་འཕགས་རྫུ་འཕྲུལ་བསྟན་པས་སོ་སྐྱེ་རྫུ་འཕྲུལ་ལ་སེམས་གཏོད་པས་དད་དོ། །དེ་རྣམས་ལ་ཆོས་བསྟན་པས། ཁ་ཅིག་རྒྱུན་ཞུགས་སོགས་འབྲས་བུ་བཞི་དང་། སེམས་བསྐྱེད་གསུམ་དང་། དཀོན་མཆོག་གསུམ་ལ་དད་པར་བཀོད་དོ། །དེ་སླར་ལོག་པ་དང་། དེ་ནས་དགེ་སློང་གིས། འཕགས་པ་བདེ་བར་རྒྱུས་སམ། ཅུང་ཟད་བདེ། ཅུང་ཟད་སྡུག་བསྔལ་ལོ། །དེའི་རྒྱུ་སྨྲས་པས། བུད་མེད་དང་ལྷན་ཅིག་ཉལ་རུང་ངམ། མི་རུང་བས་ཉེས་དམིགས་བྱུང་ངོ་། །བྱུང་བ་འདི་ལས་བཅས་སོ། །གཞི་མ་བསྲུང་བའི་བུད་མེད་མཐུ་ཡོད་པ་དང་གནས་གཅིག་ཏུ། བསམ་པ་ཉལ་བར་འདུན་པས། སྦྱོར་བ་མཚན་མོ་ཉལ་བ། མཐར་ཐུག་ཕྱི་མའི་སྐྱ་རེངས་ཤར་ན་བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དུ་འགྱུར་རོ། །མིའི་བུད་མེད་མཐུ་མེད་པ་དང་། མ་ནིང་དང་། སྤྲུལ་པ་དང་། དུད་འགྲོ་མོ་མཐུ་མེད་པ་སོགས་བྱ་གག་གི་ཚད་ཙམ་པའི་བོང་ཚོད་ཡོད་པ་དང་། མཚན་མོའི་མཐའ་ཚུན་གནས་གཅིག་ཏུ་ཉལ་ན་ཉེས་བྱས་སོ། ༦༦ །སྔངས་འདོད་འཇིག་རྒྱུས་གོ་ནའོ། །བཞད་གད་བྱ་བར་བསམ་པས་རུང་སྟེ་སྔངས་པར་འདོད་པས། ཞེས་སོགས་ཀྱི་དོན། གླེང་གཞི་ནི། བཅུ་བདུན་སྡེས་མེ་ཁང་དུ་མར་མེ་བཙུགས་ཏེ་ཁ་ཏོན་བྱ་བར་བརྩམས་པ་དང་། འཆར་ཀས་ལྭ་བ་སྤུ་ཕྱིར་བསྟན་ནས་མར་མེ་བསད་དེ་འབྱུང་པོ་ཞེས་སྨྲས་པ་དང་། སྔངས་ཤིང་སྐྲག་ནས་ཕྱིར་བྱུང་སྟེ་མཐའ་ཞིག་ཏུ་འཁོད་དོ། །སློབ་དཔོན་དེས་མཐོང་བས་ཅི་སྟེ་ཁ་རོག་འཁོད། མི་མ་ཡིན་པས་གཙེས་སོ། །འདི་ན་གནོད་སྦྱིན་གོས་སྔོན་ཅན་ལྔ་བརྒྱས་བསྲུང་བས་མི་མ་ཡིན་པ་མེད་ཀྱི། གནས་ངན་ལེན་ཀུན་ཏུ་སྤྱོད་པ་དག་གིས་སྡིགས་སོ་སྙམ་ནས་དེ་འཛིན་འདོད་དམ། འཚལ་ལོ། །མེ་ཁང་གྲྭ་བཞིར་མར་མེ་བཞི་ཞོག་ལ་རྫ་མ་ཁོབ་ཅིག དེས་དབུས་ཀྱི་མར་མེ་བསད་པ་དང་། དེའི་མར་མེ་ཕྱེ་ལ་ཟུང་ཞིག་ཅེས་བསྒོའོ། །དེས་དེ་ལྟར་བྱས་ཏེ་བཟུང་ནས་བརྡེག་པར་བརྩམས་པ་དང་། འཆར་ཀའོ་ཞེས་ཟེར་བ་དང་། ཁྱེད་ཀྱི་སྙིང་ལམ་ན་འཆར་ཀ་ངེད་གྲོགས་ཡིན་པས་གཏོང་སྙམ་མམ། མི་མ་ཡིན་ཆེས་ཆེ་བ་བསད་ཀྱང་སྦོམ་པོ་ཡིན་པས་བཤགས་པར་བྱའོ། །ཏེ་པོར་བརྡེག་གོ་ཟེར་ནས་ཏལ་ཏལ་ཏེ་བཏང་ནས། དེས་ཕྱེད་འདྲུད་དེ་གནས་སུ་ཕྱིན་ནས། ཕྱི་ཉིན་འབྲུ་མར་གྱིས་ལུས་བསྐུས་ཏེ་ཁྲི་ལ་ཉལ་བ་དགེ་སློང་གིས་མཐོང་ནས། ཅི་ཉེས། ཀུ་རེ་ཅུང་ཟད་བྱས་སོ། །རུང་ངམ། མི་རུང་བའི་ཉེས་དམིགས་འདིའོ། །གསོལ་པས། བྱུང་བ་འདི་ལས་བཅས་སོ། །གཞི་དགེ་སློང་གཞན་ལ། བསམ་པ་ཁྲོ་བ་སྔོན་དུ་བཏང་བས་སམ། བཞད་གད་ཀྱིས་སྔངས་པར་བྱེད་འདོད་པ། སྦྱོར་བ་འཇིག་པ་སྐྱེ་བའི་རྒྱུ་ཡིད་དུ་མི་འོང་བ་གང་ཡང་རུང་བ། མཐར་ཐུག་བདག་ཉིད་དམ་གཞན་ལ་བཅོལ་ནས་བྱས་པ་སྟེ། དངངས་པར་བྱེད་པའི་ལྟུང་བྱེད་དུ་འགྱུར་རོ། །ཡིད་དུ་འོང་བ་གོ་བར་བྱས་པ་ནི་ཉེས་བྱས་སོ། །སྐྱོ་བར་བྱ་བའི་ཆེད་དུ་ནི་ཉེས་པ་མེད་དོ། ༦༧ །འདི་པ་དབང་། །འཚོ་བའི་ཡོ་བྱད་སྦེད་དམ་འཇུག་ན་མིན། །རབ་ཏུ་བྱུང་བ་འདི་པ་དབང་བའི་ལྷུང་བཟེད་ལ་སོགས་པ། ཞེས་པའི་དོན། གླེང་གཞི་ནི། སྟོན་པ་དགེ་འདུན་དང་བཅས་ཁྱིམ་གཞན་དུ་གདུགས་ཚོད་ལ་གཤེགས་པ་དེའི་ཕྱི་བཞིན་དྲུག་སྡེ་དང་བཅུ་བདུན་སྡེའང་འབྲང་ངོ་། །ལམ་ཁ་ན་རྫིང་ཞིག་མཐོང་ནས་བཅུ་བདུན་སྡེས་ཁྱེད་ངེད་ལ་འགྲན་ན་ཚུར་ཤོག ཆུའི་ནང་དུ་འདུག་སུ་ནུས་བལྟ་བར་བྱའོ། །ཞེས་ཆུ་ནང་དུ་ནུབ་པ་དང་། ཉེ་དགའ་འཐོན་ནས་བཅུ་བདུན་སྡེའི་གོས་ཁྱེར། ས་འབོག་གི་ནང་དུ་སྦས་ནས་མྱུར་བར་མྱུར་བར་བརྒྱུགས་སོ། །བཅུ་བདུན་སྡེས་ཆུའི་ནང་དུ་བྱུང་བ་དང་དྲུག་སྡེ་མི་སྣང་ནས་ཡང་འོང་དུ་ཞུགས་སོ། །ཡང་བལྟས་ཡང་འོག་ཏུ་ཞུགས་ནས། དྲུག་སྡེའི་གོས་སྦས་ལ་འདོང་ངོ་ཞེས་བགྲོས་ནས་ལངས་པ་དང་། དེ་དག་གི་གོས་མི་སྣང་ནས་མཐའ་ཞིག་ཏུ་འཁོད་དོ། །དེའི་ཚེ་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་གཉིས་འཁོར་ལྔ་བརྒྱ་དང་བཅས་པ་དེར་ལྷགས་པ་དང་། ཤཱ་རིའི་བུས་སློབ་མའི་འབྱོར་པ་ལ་གཟིགས། བདག་གི་མཆིད་མི་ཉན་པས་ཇི་ལྟར་བྱ། གཞོན་ནུ་དག་གདུགས་ཚོད་ཡོལ་ན་མི་རུང་གིས་ཆུ་རྒོལ། དྲུག་སྡེས་རད་པ་སྦས་སོ། །དེས་བླངས་ཏེ་བྱིན་ནོ། །གྱོན་ཏེ་སོང་བས་དགེ་སློང་རྣམས། དེ་གཉིས་གདུལ་བྱའི་དབང་གི་ཡིན་ན། ཁྱེད་ཅག་ཅིའི་ཕྱིར་མ་འོངས། མཁན་པོས་མ་དགོངས་ན་ཟན་གཅད་པར་འགྱུར་རོ། །གསོལ་པས། བྱུང་བ་འདི་ལས་བཅས་སོ། །གཞི་རབ་ཏུ་བྱུང་བ་འདི་ལ་སྡེ་ལྔ་གང་ལ་ཡོད་པའི་ལྷུང་བཟེད་ལ་སོགས་པ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་ཚད་དང་ལྡན་པ་རུང་བ། བསམ་པ་ཕན་པར་འདོད་པ་མ་ཡིན་པས། སྦྱོར་བ་རང་ངམ་གཞན་ལ་བཅོལ་ནས། མཐར་ཐུག་སྦེད་པ་སྟེ། སྦེད་པའི་ལྟུང་བྱེད་དུ་འགྱུར་རོ། །རུང་བ་མ་ཡིན་པ་སྦེད་པ་ཉེས་བྱས། ཕན་པར་འདོད་པས་ཡིན་ན་ལྟུང་མེད་དོ། ༦༨ །བྱིན་པ་སླར་སྤྱད་གཞི་དེས་དགའ་མིན་ལའོ། །དགེ་སློང་ལ་གོས་བླང་བ་མེད་པར་སྦྱིན་པ། ཞེས་སོགས་ཀྱི་དོན། གླེང་གཞི་ནི། དྲུག་སྡེའི་འཆར་ཀས་དགྲ་བཅོམ་ཐོབ། འདུན་པ་ཀོའུ་ཤམ་བིར་སྙོམས་ལས་སུ་འདུག ནབས་སོ་འགྲོ་མགྱོགས་ཤི དགའ་བོ་ཉེ་དགའ་གཉིས་ཚོགས་ན་འདུག་པ་དང་། ཉེ་དགའ་རྒས་ནས་སློབ་མ་རྣམས་མི་ཉན། དེས་ཆོས་གོས་བཀྲུ་བ་དང་ཁ་བསྒྱུར་བ་མི་ནུས་པས་ཐབས་ཤིག་བྱའོ་སྙམ་ནས། སློབ་མ་ལ་ལ་ལ་སྣམ་སྦྱར། ལ་ལ་ལ་ཆོས་གོས་སོགས་བྱིན་ནོ། །བཀྲུས་ཁ་བསྒྱུར་ཏེ་དབུལ་ལོ། །ཁོ་བོ་རྒས་པས་ཁྱེད་ཉིད་ཀྱི་ཡིན་ནོ། །རང་གི་སྲིད་པས་བཀྲུས་ཁ་བསྒྱུར་རོ། །དེར་སྟོན་པས་ཀོ་ས་ལར་འགྲོ་འདོད་པ་དག་ཆོས་གོས་ཀྱི་ལས་གྱིས་ཤིག་ཅེས་གསུངས་ནས། དེ་རྣམས་ཀྱིས་ཉེ་དགའ་ལ་ཆོས་གོས་མཁན་པོ་ལ་གཏམས་སོ། །བདག་ཅག་སྟོན་པ་དང་ལྷན་ཅིག་མཆིའོ། །ང་དུས་བྱེད་པར་འགྱུར་གྱི། མཛའ་བ་ལ་ཐོམས་ཤིག མཛའ་བོ་སུ་མཆིས། ཉིད་ཀྱི་ཕྱག་ཏུ་བཞག་གོ །འོ་ན་མཚན་མ་ཐོབ་ལ་ཞོག་ཅིག ཕྱིས་བླང་སླའོ། །དེ་དག་སྟོན་པ་དང་ལྷན་ཅིག་སོང་བ་དང་། ཉེ་དགའ་གཏུར་བུ་གཅིག་ནས་སྣམ་སྦྱར་ཕྱུང་ནས་དྲི་མ་ཅན་དུ་གྱུར་བ་ཙམ་དུ་གྱོན་ཞིང་གཏུར་བུ་དེ་ཉིད་དུ་བཅུག་ནས་བཞག་གོ །དེ་བཞིན་དུ་ཐམས་ཅད་ལ་བྱས་སོ། །ཕྱིས་སྟོན་པ་མཉན་ཡོད་དུ་བྱོན་པ་དང་། དེ་དག་གིས་ཆོས་གོས་གཞན་གྱོན་ལ་འདོང་ངོ་སྙམ་སྟེ། དེར་ཕྱིན་ནས་ཕྱུང་བ་དྲི་མ་ཅན་དུ་འགྱུར་ཏེ་ངོ་མ་ཤེས་ནས། མཁན་པོ་འདི་དག་ལགས་སམ། མཚན་མ་ཐོབ་ཅིག་བླང་སླའོ་ཞེས་མ་སྨྲས་སམ། གཅིག་གིས་སྲུབས་ལ་ཤེས་ནས་མཁན་པོས་སྤྱད་དམ། སྤྱད་དོ། །བཀྲེན་པ་མི་དགའ་བར་བྱའོ། །འདི་བས་ལམ་གྱི་ཆོས་གོས་བཟང་སྙམ་གྱོན་ཏེ་སོང་བས། གཏམས་པ་ཅིའི་ཕྱིར་མི་གོན། དེ་བཤད་པས་འཕྱ་བ་དེ་གསོལ་བས། བྱུང་བ་འདི་ལས་བཅས་སོ། །གཞི་དགེ་སློང་རང་གིས་དགེ་སློང་གཞན་ལ་གོས་ཕྱིར་བླང་བ་མེད་པ་གཏན་དུ་བྱིན་པ། བསམ་པ་གཞི་དེས་གཞན་དགའ་བར་མི་འགྱུར་བར་ཤེས་བཞིན་དུ། སྦྱོར་བ་དེས་གནང་བའི་གདེང་མེད་པར། མཐར་ཐུག་སྤྱོད་པ་སྟེ། བྱིན་པས་ཉེ་བར་འཚོ་བའི་ལྟུང་བྱེད་དུ་འགྱུར་རོ། །གོས་ལས་གཞན་པའི་ཡོ་བྱད་སྤྱོད་པ་ལ་ནི་ཉེས་བྱས་སོ། ༦༩ །འདོད་པས་ལྷག་མའི་སྐུར་བརྗོད་བག་ཙམ་ཀྱང་། །སྐུར་པ་འདེབས་པར་འདོད་པས། ཞེས་པའི་དོན། གླེང་གཞི་ནི། གྱད་བུའི་ནོར་རྫིང་བུ་རྡོ་བརྩིགས་ཅན་གྱི་འགྲམ་ན་ཉིན་མོ་གནས་སོ། །ཨུཏྤ་ལའི་མདོག་དེ་ལ་ཆོས་ཉན་པའི་ཕྱིར་འོངས་པ་དང་། མཛའ་བོ་དང་ས་ལས་སྐྱེས་གཉིས་ཕྱག་དར་ཁྲོད་ཀྱི་གོས་བཀྲུས་ཏེ་ཉི་མ་ལ་བཏིངས་ཏེ་འདུག་པ་དང་། གྱད་བུའི་ནོར་གྱི་ཆོས་གོས་ཀྱི་གྲྭ་རླུང་གིས་བསྐྱོད་ནས་ཨུཏྤ་ལའི་མདོག་གི་མགོ་ལ་གཡོགས་སོ། །དེ་མཛའ་བོས་མཐོང་ནས་རེག་པའི་ལྷག་མ་བྱུང་གི་དགེ་སློང་ལ་བརྗོད་དོ། །ཡང་གནས་དབྱུང་གི་ལས་ཉོའམ། དེའི་ཚེ་ཡང་དག་མ་ཡིན་མོད། ད་ནི་ཡང་དག་ཡིན་ཏེ་ལན་བུ་ཞེས་བྱ་བ་ནི་སྐྲ་དང་དེ་དག་འབྲེལ་བའི་གོས་སོ། །ཞེས་མ་གསུངས་སམ་ཟེར་ནས་དགེ་སློང་རྣམས་ལ་བརྗོད་དོ། །ཁྱེད་གཉིས་ལྷ་མིར་བཏང་ན་ངན་འགྲོར་གནས་སམ། ཅི ཡང་སྐུར་པ་འདེབས་སམ། མིག་གིས་མཐོང་བས་མིག་དབྱུང་བར་བྱ་གྲང་། དེ་གསོལ་བས་ལེགས་པར་རྟོགས་ཤིག བརྟགས་པས་འདུན་པ་ལ་སོགས་པས་སྨྲས་སོ་ཟེར་ནས་འཕྱ་བའི་སྐབས་དེ་གསོལ་པས། བྱུང་བ་འདི་ལས་བཅས་སོ། །གཞི་དགེ་སློང་གཞན་ལ། བསམ་པ་སྐུར་པ་འདེབས་པར་འདོད་དེ་འདུ་ཤེས་བསྒྱུར་ནས། སྦྱོར་བ་དགེ་འདུན་ལྷག་མའི་སྐུར་པ་གསོལ་བར་བརྗོད་པའམ་བག་ཙམ་གྱིས་ཀྱང་རུང་། མཐར་ཐུག་གཞན་གྱིས་གོ་བར་བྱས་པ་སྟེ། སྐུར་པ་འདེབས་པའི་ལྟུང་བྱེད་དུ་འགྱུར་རོ། ༧༠ །འདོད་པས་བུད་མེད་ལྷན་ཅིག་ལམ་འགྲོ་བ། །ཕན་ཕྱིར་མིན་ལའོ། །འདོད་པས་ལམ་དུ་འགྲོ་ནའོ། །ཞེས་པའི་དོན། གླེང་གཞི་ནི། རྒྱལ་པོའི་ཁབ་ན་ཐ་ག་པ་སྤྱི་ཅེར་ཞེས་པ་ཆུང་མ་ལ་ཡང་ཡང་བརྡེག་གོ །དེས་ཁྱིམ་ཚེས་རྒན་མོ་ཞིག་ལ། འདིས་ཡང་ཡང་བརྡེག་གོ །བཟོས་སོ། །བུ་མ་བྱུང་གི་བར་བརྡེག་གི དེ་ནས་བྱམས་པར་འགྱུར་གྱི་མ་འབྲོས་ཤིག ངས་བཟློག་གོ་ཟེར་ནས། འདི་འབྲོས་ན་མི་རུང་ངོ་མ་བརྡེག་ཅིག་ཟེར་ཡང་མ་ཉན་པར་བརྡེག་པ་དང་། དེ་ཚོང་ཁང་དུ་ཆང་འཐུངས་ནས་ཁྱིམ་དུ་འོངས་ནས་བརྡེག་གོ །བདག་བུ་མ་བཙས་གོང་དུ་བསད་ཀྱིས། དེ་བས་འབྲོས་སྙམ་ནས་དེ་གཉིད་དུ་སོང་བ་དང་བྲོས་སོ། །དགེ་སློང་ཞིག མཉན་ཡོད་དུ་འགྲོ་འདོད་ནས་ཕྱིན་པ་དང་། བདག་ཅག་ཀྱང་ལྷན་ཅིག་ཏུ་འགྲོའོ། །གྱིས་ཤིག སོང་བ་དང་། སྤྱི་ཅེར་ར་རོ་བ་སད་ནས་རྒན་མོ་ལ་དྲིས་པས། ངས་མ་སྨྲས་སམ། སྒོ་བ་ལ་དྲིས་ཤིག དྲིས་པས་སྒོ་དང་པོ་བྱེ་བ་དང་སོང་ངོ་། །དེས་ར་བ་ལ་འཛེགས་ཏེ་བལྟས་པས་མཐོང་ནས་གཅིག་གིས་གཉིས་མི་ཐུབ་སྙམ་ནས། རི་བྲགས་ན་ཐ་ག་པ་ལྔ་བརྒྱ་ཡོད་པ་ལ། ཁོ་བོའི་ཆུང་མ་ཕྲོགས་ཀྱིས་རན་པར་ལྷོགས་ཤིག ཐ་ག་པ་དེ་རྣམས་མི་རྟོག་པ་ཡིན་པས་ཐག་ཟངས་ལྔ་བརྒྱ་ཐོགས་ཏེ་དགེ་སློང་དེ་བརྡེགས། ལྷུང་བཟེད་བཅག ཆོས་གོས་སྲལ་ཏེ་ཤིའོ་སྙམ་དེར་བོར་རོ། །བུ་མོ་དེས་དགེ་སློང་ཁྱེད་རྒྱལ་པོ་ལ་གཞོན་ནུའི་སྤང་བ་ཐོབ་པ་ལགས་ཀྱི། འདི་དག་གི་རྐང་ལག་གཅོག་ཏུ་སྩོལ་ཅིག་དེ་སྐྲག་ནས་བཟོད་པ་གསོལ་ལོ། །དགེ་སློང་གི་སྙིང་མར་དང་འདྲ་བས་བཟོད་པ་བྱའོ། །བུ་མོ་ནས། ཁྱེད་ཀྱིས་བཟོད་ཀྱང་བདག་གིས་མི་བཟོད། ཁྱེད་ཀྱང་ཉེ་དུ་མ་ཡིན་པས་བཟོད་པར་གྱིས། ཁྱེད་ཚོ་ལ་བཟོད་ཀྱང་སྤྱི་ཅེར་ལ་མི་བཟོད། འདི་ལའང་བཟོད་པ་གྱིས་ཤིག ཕྱིན་ཆད་མི་བརྡེག་ན་བཟོད་དོ། །མི་བརྡེག་གོ །དགེ་སློང་དེ་མཉན་ཡོད་དུ་ཕྱིན་པ་དང་། བདེ་བར་རྒྱུས་སམ། ཅི་བདེ་བ་ཧད་བུར་བསད་དོ། །ཅི འདི་ལས་སོ། །བུད་མེད་དང་ལྷན་ཅིག་འགྲོར་རུང་ངམ། མི་རུང་བས་ཉེས་དམིགས་བྱུང་ངོ་། །དེ་གསོལ་བས། བྱུང་བ་འདི་ལས་བཅས་སོ། །གཞི་རིག་པའི་སྐྱེས་པ་མེད་པའི་བུད་མེད་དང་། བསམ་པ་གཞན་གྱི་དབང་གི་མ་ཡིན་པ་རང་གར། སྦྱོར་བ་ལྷན་ཅིག་ལམ་དུ་འགྲོ་བ། མཐར་ཐུག་རྒྱང་གྲགས་གཅིག་ཏུ་སླེབ་པ་སྟེ། བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད་དུ་འགྱུར་རོ། །གཞན་གྱིས་དབང་ཞེས་པ་བསེལ་བྱེད་པ། ལམ་མ་ནོར་བར་བསྟན་པ། དགེ་སློང་ལམ་དུ་འགྲོ་མི་ནུས་པ་འཁྲིད་པའི་གྲོགས་བུད་མེད་ཀྱིས་བྱེད་པ་རྣམས་ཏེ་ལྟུང་མེད་དོ། ༧༡ །རྐུན་མ་ཡང་དེ་བཞིན། གྲོང་འཇོམས་པར་བྱེད་པའི་ཆོམ་རྐུན་པ་དག་གམ། ཞེས་པའི་དོན་གླེང་གཞི་ནི། དགེ་སློང་ཞིག་རྒྱལ་པོའི་ཁབ་ཏུ་དབྱར་གནས་ནས་མཉན་ཡོད་དུ་འགྲོ་བ་ན། ཚོང་པ་དག་མཐོང་ནས་གར་འདོང་། མཉན་ཡོད་དུའོ། །བདག་ཀྱང་ཁྲིད་ཅིག བགྱིའོ་ཟེར་ནས་སོང་བ་དང་། དེ་དག་འགྱོད་དེ། བདག་ཅག་ཤོ་གམ་འདྲལ་བས་དུས་དང་དུས་མ་ཡིན་པར་སྤྱོད་ན་འཕགས་པས་བཞུད་མི་སྤྱོད་དོ། །ཅི ཁྱེད་སྟོང་པའམ་ཁུར་གྱིས། ཁུར་གྱིས་སོ། །འོ་ན་ང་སྟོང་པས་ཅིའི་ཕྱིར་མི་ནུས། འོ་ན་བཞུད་ལ་ཕྱོགས་འདིར་བཞུགས་ཤིག དེར་བསྡད་པ་དང་ཚོང་པ་དང་ལྷན་ཅིག་ལམ་གོལ་བ་ནས་འགྲོ་བའི་མདུན་དུ་སོང་ངོ་། །ཤོ་གམ་པས་མཐོང་ནས་འདིས་ཉེས་སོ་སྙམ་ནས་དགེ་སློང་དེ་བརྡེགས། ལྷུང་བཟེད་བཅག ཆོས་གོས་སྲལ་ནས་ཤིའོ་སྙམ་ནས་བོར་བ་དང་། ཚོང་པས་ཁྱེད་ཀྱི་རྒྱལ་པོ་ལ་གཞོན་ནུའི་སྤང་བ་ཐོབ་ཀྱིས། འདི་དག་གི་རྐང་ལག་གཅོག་ཏུ་ཆུག་ཅིག སྐྲག་ནས་བཟོད་པར་གསོལ་ལོ། །བཟོད་དོ། །ཁྱེད་བཟོད་ཀྱང་བདག་ཅག་མི་བཟོད་དོ། །ཁྱེད་ལའང་བཟོད་པར་གསོལ་ལོ། །ཤོ་གམ་མི་སྤྱོད་ན་བཟོད་དོ། །མི་སྤྱོད་དོ། །དགེ་སློང་དེ་མཉན་ཡོད་དུ་སོང་བ་དང་། བདེ་བར་རྒྱུས་སམ། ཅི་བདེ་བ། ཧད་དེ་དེའུ་གསད་དོ། །ཅི འདིས་སོ། །རྐུན་མོ་དང་ལྷན་ཅིག་འགྲོར་རུང་ངམ། མི་རུང་བའི་ཉེས་དམིགས་འདིའོ། །དེ་གསོལ་པས། བྱུང་བ་འདི་ལས་བཅས་སོ། །གཞི་གྲོང་འཇོམས་པའི་ཆོམ་རྐུན་དག་གམ་ཤོ་གམ་འདྲལ་བའི་ཚོང་པ་དང་། བསམ། སྦྱོར། མཐར་ཐུག་སྔར་བཞིན་ཚང་ན་རྐུན་མ་དང་ལྷན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད་དུ་འགྱུར་རོ། །གཡོ་སྒྱུས་ཐ་སྙད་བྱེད་པའི་ཟོལ་པ་དང་། རང་གི་རྟགས་བླངས་པ་ལས་ཉམས་སུ་མྱོང་བ་མ་ཐོབ་པ་སྟེ། དགེ་སློང་དང་དགེ་ཚུལ་ལ་སོགས་པ་རབ་ཏུ་བྱུང་བའི་རྟགས་ཅན་གྱི་རྐུ་ཐབས་སུ་གནས་པ་དང་ལྷན་ཅིག་ལམ་དུ་འགྲོ་བ་ནི་ཉེས་བྱས་སོ། ༧༢ །མ་ལོན་རྫོགས་ནའོ། །ཤེས་གཙོ་བོ། བསྙེན་པར་རྫོགས་པར་བྱ་བ་ན། ཞེས་སོགས་ཀྱི་དོན། གླེང་གཞི་ནི། མཉན་ཡོད་དུ་མོའུ་འགལ་གྱི་བུས་ཉེ་བ་འཁོར་ལ་སོགས་པའི་བཅུ་བདུན་སྡེ་བསྙེན་པར་རྫོགས་པར་བྱས་པས། ཐོ་རངས་བཀྲེས་ནས་ངུའོ། །དེ་གསན་ནས་ཀུན་དགའ་བོ་ལ་རྨེད་པས། རྒྱས་པར་གསོལ་ལོ། །ཀུན་དགའ་བོ་ཉི་ཤུ་མ་ལོན་པ་ནི་ཚ་གྲང་གི་རེག་པ་དང་། གཞན་གྱི་ལམ་ངན་པར་སྨྲས་པ་དང་། སྡུག་བསྔལ་མི་བཟོད་ཅིང་ཟག་པ་དག་ལ་ཇི་ལྟར་སྙམ་པ་མི་ནུས་པ་ཡིན་ལ། ཉི་ཤུ་ལོན་ནས་ནུས་པས། བྱུང་བ་འདི་ལས་བཅས་སོ། །གཞི་བསྙེན་པར་རྗོགས་པའི་བསྒྲུབ་བྱ་ཉི་ཤུ་མ་ལོན་པ། བསམ་པ་ལོ་ཉི་ཤུ་མ་ལོན་པར་ཤེས་བཞིན། སྦྱོར་བ་དེའི་མཁན་པོ་བྱེད་པ། མཐར་ཐུག་བསྙེན་རྫོགས་བྱས་པ་སྟེ། མ་ལོན་པར་བསྙེན་པར་རྫོགས་པའི་ལྟུང་བྱེད་དུ་འགྱུར་རོ། །ལས་བྱེད་པ་ལ་སོགས་པ་ལ་ཉེས་བྱས། ལོ་ཉི་ཤུ་ལོན་མ་ལོན་ལེགས་པར་དྲི་བར་བྱ་ཞིང་། ལོ་ཚིགས་ངེས་པར་མི་ཤེས་ན་བསྙེན་རྫོགས་མི་བྱ་ལ། ཡིད་གཉིས་ཟ་བའམ། མ་དྲིས་སམ། མ་བརྗོད་པ་ལ་རྣམ་པ་ཐམས་ཅད་དུ་ལོ་ཉི་ཤུ་མ་ལོན་པ་ཉིད་དུ་འདུ་ཤེས་སུ་ཟིན་ཀྱང་། གང་ཟག་ལོ་ཉི་ཤུ་ལོན་པ་ཡིན་ན་དང་། ལོ་ཉི་ཤུ་མ་ལོན་ཀྱང་ལོན་པར་འདུ་ཤེས་པ་ལ་ཡང་ཆགས་སོ། །ལོ་གྲངས་ཀྱང་མངལ་ན་གནས་པ་དང་བཤོལ་ཚུན་ཆད་བརྩི་བར་བྱའོ། ༧༣ །མ་གནང་ས་བརྐོས་པའོ། །བརྐོས་སམ་བརྐོར་བཅུག་པ་ལའོ། །ཞེས་སོགས་ཀྱི་དོན། གླེང་གཞི་ནི། མཉན་ཡོད་དུ་དྲུག་སྡེ་དག་ས་རྐོ་རྣང་རྒལ་བཅུག་ནས་ཡུར་བ་འདྲེན་དེ་དག་བྱེད་དུ་བཅུག་པ་དང་། མ་དད་པ་དག་ཁྱིམ་པ་དང་བྱེ་བྲག་ཅི་ཡོད་ཟེར་འཕྱ་བའི་སྐབས་དེ་གསོལ་པས། བྱུང་བ་འདི་ལས་བཅས་སོ། །གཞི་ས་རང་བཞིན་ཅན་ཡིན་པ། བསམ་པ་གནང་བ་མེད་པར་གཞིག་པར་འདོད་པས། སྦྱོར་བ་ས་ཕྱི་མོ་ལས་ཕྲལ་བ། མཐར་ཐུག་ཐ་དད་པར་གྱུར་པ་སྟེ། ས་བརྐོ་བའི་ལྟུང་བྱེད་དོ། །རང་བཞིན་དུ་ཆགས་པའི་ས་དང་། རྩིག་པ་དང་། ཆར་ཆུ་ཞོད་ན་ཟླ་བ་གསུམ་དང་། གཞན་གྱི་ཚེ་ཟླ་བ་དྲུག་ལོན་པའི་འཐས་པ་ནི་རང་བཞིན་ཅན་ཞེས་བྱའོ། །སའི་ཚོགས་བྱེ་མ་གསེག་མ་རྡོ་ལ་སོགས་པ་གཞན་དང་འདུས་པ་ཡིན་ན། ས་ཕལ་ཆེ་བ་རང་བཞིན་ཅན་དུ་འགྱུར་རོ། །བྱེ་མ་སོགས་ཤས་ཆེ་ན་མ་ཡིན་ནོ། ཚིག་པ་དང་ཉམས་པ། རྩིག་པ་ཞལ་བ་སོགས་གྲུགས་པ་ལ་སོགས་པ་ནི་ཉེས་བྱས་སོ། །གནང་བ་ནི་ལག་གི་བླས་རྒྱུ་སྐར་གྱི་དུས་ལས་ཡོལ་གྱི་དོགས་པ་རུང་བར་བྱེད་པར་མེད་ན། ཐུར་མ་སོར་བཞི་ཙམ་འཛུགས་པའོ། ༧༤ །བོས་པ་བཞི་མིན་གཉེར་མིན་བླངས་ཟོས་ནའོ། །ཧ་ཅང་བླངས་པར་མི་བྱའོ། །ཞེས་སོགས་ཀྱི་དོན། གླེང་གཞི་ནི། སྟོན་པ་སེར་སྐྱར་བྱོན་ནས་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ། ཤཱཀྱ་མིང་ཆེན་གྱིས་ཐོས་ནས་ཟླ་བ་བཞིར་ཡོ་བྱད་ཐམས་ཅད་ཀྱིས་སྤྱན་དྲངས་སོ། །དྲུག་སྡེས་བཟའ་བཅའ་བཟང་པོ་རྙེད་པའི་ཐབས་བྱ་སྙམ། སྨན་པ་ལ་ནད་ལྟོས་ཤིག དེས་འདི་དག་དགེ་སྦྱོང་སྲལ་པོ་ཡིན་པས་ཟ་འདོད་ཀྱིས་མཐུན་པར་སྨྲ་སྙམ་ནས་བཤུལ་གྱིས་དུབ་པས་སྣུམ་བག་གསོལ་ལ་དེའི་འོག་ཏུ་བསྐ་བ་གསོལ་ཅིག ཁྱོད་ནི་སྨན་པ་ཆེན་པོ་ནད་དང་ནད་ཀྱི་གཞི་དང་ཁམས་ལ་མཁས་པ་རྒྱལ་པོ་ལ་མཁོ་བའོ་ཟེར་ནས་ཐམས་ཅད་དུས་གཅིག་ཏུ་བྱས་ནས་མྱུར་དུ་ཟིན་པར་འགྱུར་གྱིས། གཉིས་ཀྱིས་སྣུམ་བག་བསྟེན་ལ་བཞིས་ནད་གཡོག་བྱའོ། །ཞེས་ཟེར་ནས་རེས་ཀྱིས་ཟླ་བ་གསུམ་འདས། བཞི་པ་ལ་ཐམས་ཅད་འདུས་ཏེ་ཟོས་ནས་ཟླ་བ་བཞི་འདས་ནས། སྟོན་པ་གཤེགས་སྟོན་ལ་སྤྱན་དྲངས་པ་དང་། ཉེ་དགས་ཆག་ཚང་བ་ལ་ཁོ་བོ་ལ་ཁུ་ཤ་དང་ཤ་ཚོད་གྱིས་ཤིག་ཅེས་སྤྲིང་ངོ་། །ཆག་ཚང་བས་སྨྲས་པ། ཟླ་བ་བཞི་འདས་ནས་གཤེགས་སྟོན་ལ་སྤྱན་དྲངས་ན། ཁྱེད་ད་དུང་བྱ་བ་མ་རྫོགས་སམ། བཀྲེན་པ་མིང་ཆེན་ཁ་ཆེན་པོས་སངས་རྒྱས་འདི་ལྟ་བུས་སྤྱན་དྲང་དུ་རུང་ན། ཉེ་དགའ་གཏན་དུ་གདན་འདྲེན་པར་འགྱུར་རོ། །ཁྱེད་ཟླ་བ་བཞིར་ཤ་དང་འཁུར་བ་ཤ་སྟག་ཟོས་ནས་དེ་སྐད་ཟེར་ན། གནས་བརྟན་རྣམས་ཨ་རུ་ར་གཅིག་ཀྱང་མ་གསོལ་བ་ནི་དཀའ་བ་བྱེད་པའོ། །དགེ་སློང་རྣམས་ཧ་ཅང་སློང་བར་བྱེད་དོ་ཟེར་ནས་འཕྱ་བ་དེ་གསོལ་པས། བྱུང་བ་འདི་ལས་བཅས་སོ། །གཞི་བོས་པ་བཞི་མ་ཡིན་ཞིང་སྔར་མགྲོན་དུ་གཉེར་བ་དང་ལྡན་ལ། ཕྱིས་མ་གཉེར་བ་ཟླ་བ་བཞི་ལོན་པའི་འོག་ཏུ། བསམ་པ་ཟས་ཀྱི་ཕྱིར། སྦྱོར་བ་ཉེ་དུ་མ་ཡིན་ཞིང་ནད་མེད་པར་བླངས་པ། མཐར་ཐུག་ཟོས་པ་སྟེ། མགྲོན་དུ་གཉེར་བ་ལས་རིང་དུ་འཇུག་པའི་ལྟུང་བྱེད་དོ། །བོས་པ་བཞི་ནི། གནས་གང་དུ་རྟག་ཏུ་མགྲོན་དུ་གཉེར་བ་དང་། དགེ་སློང་ཐ་དད་སྦྱིན་བདག་སོ་སོས་བོས་པ་སོ་སོར་བོས་པ་དང་། ཇི་སྲིད་བསོད་སྙོམས་འདོད་པའི་དུས་སུ་འབོད་པ་དུས་སུ་འབོད་པ་དང་། ཡང་དང་ཡང་དུ་གཉེར་བ་ནི་ཡང་དང་ཡང་དུ་འབོད་པ་རྣམས་ཏེ། སྔ་མ་ནི་བཅས་པ། འདི་བཞི་གནང་བའོ། ༧༥ །བསླབ་བསྐུལ་མི་ཤེས་ཉིད་བརྗོད་གོ་བ་ནའོ། །ཤེས་གཙོ། །མངོན་པར་ཤེས་པ་འདི་ཉིད་ལའོ། །ཞེས་སོགས་ཀྱི་དོན་གླེང་གཞི་ནི། སྟོན་པས་བསླབ་གཞི་ཐུན་མོང་བ་བཅའ་བའི་ཚེ་ན། གཉིས་ཀའི་དགེ་འདུན་བསྡུས་པས་ཀུན་དགའ་བོ་ལ་འདི་ལྟར་བཅས་སོ་ཞེས་གཉིས་ཀའི་དགེ་འདུན་ལ་བསྒོ་ཞིག ཀུན་དགའ་བོས་ལམ་པ་བསྒོར་བཏང་ངོ་། །ལམ་པ་དབྱར་ཁང་དུ་སོང་བ་དང་དྲུག་སྡེས་མཐོང་ནས། ཁྱེད་གར་འགྲོ། དེས་འདིས་ཀྱང་མ་ཐོས་པ་འདྲ་བས་བརྗོད་སྙམ་ནས་བརྗོད་དོ། །འདི་ལ་བསླབ་པར་བྱའོ་ཞེས་བརྗོད་པས། བདག་ཅག་དགེ་སློང་མདོ་སྡེ་དང་། འདུལ་བ་དང་། མ་མོ་འཛིན་པ་རྣམས་ལ་འདྲིའི། བར་དུ་བྱིས་པ་རྨོངས་པ་མི་གསལ་བ་མི་མཁས་པ་ཁྱེད་ཀྱི་ཚིག་ལས་མི་སློབ་བོ་ཟེར་ནས་ཁུར་བླང་ངོ་། །བཅུ་གཉིས་སྡེ་དང་ཕྲད་ནས་ལམ་པ་གར་བཞུད་སོགས་འདྲ། ཁྱེད་ཀྱི་འདི་ལ་བསླབ་པར་བྱའོ་ཞེས་བསྒོ་བས། སྔར་བཞིན་དུ་ཟེར་ནས། ལམ་པས་འདི་དག་ལ་བརྗོད་ནས་ཅི་བྱ། སྐྱེ་དགུའི་བདག་མོ་ལ་བརྗོད་པར་བྱའི། གཞན་ལ་མ་ཡིན་ནོ་སྙམ་ནས་དེ་ལ་བརྗོད་པས། དེས་བདག་མགོ་དང་། ངག་དང་། ཡིད་ཀྱིས་ནོད་དོ། །རིགས་ཀྱི་བྱིས་པ་མེ་ཏོག་གི་འཕྲེང་བ་མགོ་ལ་འདོགས་པ་བཞིན་ནོ། །ལམ་པ་འོངས་པ་དང་ཀུན་དགའ་བོས་དྲིས་པས། བསྒོ་སྟེ་ཁུར་བླང་ངོ་། །སུས། དྲུག་སྡེས་སོ། །དོན་ཉུང་ངུ་དག་འཕྱ་བའི་སྐབས་དེ་གསོལ་པས། བྱུང་བ་འདི་ལས་བཅས་སོ། །གཞི་དགེ་སློང་གིས་ཁྱོད་ཀྱིས་འདི་ལ་བསླབ་པར་བྱའོ་ཞེས་འདུལ་བ་དང་ལྡན་པར་སྨྲ་བ་ལ། བསམ་པ་སྨྲ་བ་པོ་མངོན་པར་ཤེས་པ་ཉིད་དུ་འདུ་ཤེས་ཤིང་། སྦྱོར་བ་ཁོ་བོ་ནི་བྱིས་པ་གླེན་པ་མི་གསལ་བ་མི་མཁས་པ་ཁྱེད་ཅག་གི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ་ཞེས་ཟེར་བ། མཐར་ཐུག་སྨྲས་ཟིན་པ་སྟེ། བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བའི་ལྟུང་བྱེད་དོ། །མདོ་སྡེ་དང་ལྡན་པ་ལ་ནི་ཉེས་བྱས་སོ། །སྨྲ་བ་པོ་བྱིས་པ་གླེན་པ་མི་གསལ་བས་བརྗོད་པ་ཡིན་ན་ཉེས་པ་མེད་དོ། ༧༦ །རྩོད་ཕྱིར་གྲོས་ལ་ཉན་རྣ་བྱས་གོ་ན། །ཞི་འདོད་མ་གཏོགས། དགེ་སློང་དག་རྩོད་པར་གྱུར་པ། ཞེས་སོགས་ཀྱི་དོན། གླེང་གཞི་ནི། འཆར་ཀས་དགྲ་བཅོམ་ཐོབ་ཅེས་པ་ནས། བཅུ་བདུན་སྡེ་ཉེ་དགས་མཐོ་བཙམས་པ་ལྟར་གཞན་སུས་ཀྱང་མ་བྱས་ཀྱིས། གནས་དབྱུང་གི་ལས་བྱའོ། །འདིའི་ཕོ་བོ་རྩོད་པ་མཁས་ཀྱིས་ཚུར་ཤོག་གྲོས་བྱའོ་ཟེར་ནས་སྤོང་བའི་ཁང་པར་གྲོས་བྱེད་པ་དང་། ཉེ་དགས་སྐར་ཁུང་ནས་མཉན་ཏེ་ཅི་གྲོས་བྱེད། ཁོ་བོའི་གྲོགས་ཁ་ཅིག་ཤི ཁ་ཅིག་སྙིང་ལས་ཆུང་ངུ་ལ་འཁོད་པས་གནས་དབྱུང་བྱ་སྙམ་མམ། གླང་པོའི་ཐག་པ་ཉི་མ་དང་། །རླུང་གིས་ཡོངས་སུ་བསྡམས་གྱུར་ཅིང་། །གླང་པོའི་གཉའ་བ་ལྟུང་གྱུར་ཀྱང་། །ལུག་ནི་ལྔ་བརྒྱས་དྲང་བར་བྱ། །ཞེས་པ་དེ་མ་ཐོས་སམ་ཞེས་སྡིགས་པས། བདག་ཅག་གྲོས་བྱེད་པ་འདིས་འཕྲིགས་ཀྱིས་གཞན་དུ་དོང་ལ་གྲོས་བྱའོ་སྙམ་མེ་ཁང་དུ་དོང་བ་དང་། དེས་ཀྱང་དེར་ཉན་ནོ། །དེ་བཞིན་དུ་སྟེང་ཁང་ལ་བར་ཁང་དང་། བར་ཁང་ལ་འོག་ཁང་དང་སོགས་གང་དང་གང་དུ་གྲོས་པ་དེར་སོང་ནས་ཉན་ཏེ་སྡིགས་པས། བཅུ་བདུན་སྡེས་ཁོ་བོ་ཅག་གིས་འདི་གནས་ནས་དབྱུང་བར་མི་ནུས་ཀྱིས། བཟོད་པར་གསོལ་ལོ་ཟེར་ནས་གསོལ་ཏེ། འཕགས་པས་ཇི་ལྟར་ཤེས། ཁྱེད་སྤོང་སར་གྲོས་བྱེད་པ་ན་སྐར་ཁུང་དང་། སྟེང་ཁང་དུ་བྱེད་པ་དང་། འོག་ཁང་དུ་སོགས་དང་། ལམ་ནས་འགྲོ་བ་ན་ཕྱི་བཞིན་ཕྱིན་ནས་ཉན་ནོ། །ཉན་རྣ་རུང་ངམ། མི་རུང་ན་ཁྱེད་ཀྱིས་ཁོ་བོ་གནས་ནས་འབྱིན་པར་འགྱུར་རོ། །དོན་ཉུང་ངུ་དག་འཕྱ་ནས་གསོལ་པས། བྱུང་བ་འདི་ལས་བཅས་སོ། །གཞི་རྒོལ་བ་དང་ཕྱིར་རྒོལ་བའི་དགེ་སློང་དག་གལ་ཏེ་རྩོད་པར་གྱུར་པ་ན་རྩོད་པ་དེ་ལ་དགེ་སློང་དག་དང་གྲོས་བྱེད་པ། བསམ་པ་རྩོད་པ་ཞི་བའི་ཆེད་དུ་མ་ཡིན་པར་དགེ་སློང་འདི་དག་ཇི་སྐད་ཟེར་བ་དེ་བདག་གིས་མ་ཉན། དེ་ལྟ་དེ་ལྟ་བུར་སྟ་གོན་བྱའོ་སྙམ་པ། སྦྱོར་བ་རྐྱེན་དེ་ཉིད་ཀྱིས་མཉན་པའི་ཕྱིར་ཅང་མི་སྨྲ་བར་བཞབས་ཏེ་རྣ་བ་གཏད་པ། མཐར་ཐུག་དོན་གོ་བ་སྟེ། ཉན་རྣ་ལས་བྱུང་བའི་ལྟུང་བྱེད་དུ་འགྱུར་རོ། ༧༧ །ཆོས་ལྡན་ལས་ལ་འདུས། མ་སྨྲས་འགྲོ་ན་ཉེན་ཀོར་འདས་པ་ནའོ། །གསོལ་བ་ལ་སོགས་པའི་ལས་ལ་འདུས་པ་དགེ་སློང་ལ་མ་སྨྲས་པར་འགྲོ་ནའོ། །ཞེས་སོགས་ཀྱི་དོན། གླེང་གཞི་ནི། འཆར་ཀས་དགྲ་བཅོམ་པ་ཐོབ་ནས་བཅུ་བདུན་སྡེས་ཉེ་དགའ་གནས་དབྱུང་གི་ལས་བགྱིའོའི་བར་སྔར་དང་འདྲ། འདིའི་ཕུ་བོ་རྩོད་པ་ལ་མཁས་པས་མི་ནུས་སོ། །གཅིག་ན་རེ། གཉིས་སྨྲ་ན་གཉིས་ཀྱིས་ཉན་པར་མི་བྱ་བར། ཚོགས་སྨྲ་ན་ཚོགས་ནི་རྒྱལ་པོ་དང་འདྲ་བས་གལ་ཏེ་ཅུང་ཟད་སྨྲ་ན་དེའི་ཚེ་གནས་དབྱུང་གི་ལས་བྱ་ཞེས་བགྲོས་ནས་གཎྜྻི་བརྡུངས་དགེ་འདུན་བསྡུས་ནས། གླེང་བ་པོས་རྒན་པའི་མཐར་འདུག་ནས། ཉེ་དགའ་ཁྱེད་ཀྱིས་བཅུ་འདུན་སྡེའི་ལྟོ་དྲལ་ཏེ་ནས། མཛད་དོའི་བར་སྔར་དང་འདྲ། དགའ་བོས་ཕྱིར་བཟློག་པར་བརྩམས་པས། གང་གཅིག་ཕྱིར་བཟློག་པ་དེ་ཡང་གནས་ནས་དབྱུང་ངོ་། །ཞེས་བྱས་པས། དགའ་བོས་འདི་དག་གི་བྱེད་སྟངས་ལ་བདག་ཀྱང་གནས་ནས་འབྱིན་ཉེན་ཡོད་སྙམ་སྟེ། ལྭ་བ་རྩིག་དྲུང་དུ་བསླངས་ཏེ་བཞག་པས་མི་སྨྲ་བར་སོང་ངོ་། །དེ་དག་གིས་གྱ་ཚོམས་སུ་ཉེ་དགའ་གནས་ནས་དབྱུང་བར་བྱས་སོ། །དེ་ངུ་ཡི་སོང་བ་དང་སྔར་སོགས་འདྲ། དེ་དག་གིས་མི་མཐུན་པའི་ལས་བྱས་སོ། །སུ་མ་འོངས། ཁོ་བོའོ། །རྒན་པའི་མཐར་སྒྲ་ཐོས་སོ། །ཁོ་བོས་འདི་བཞིན་བྱས་སོ། །དགེ་སློང་དག་འཕྱ་ནས་གསོལ་པས། བྱུང་བ་འདི་ལས་བཅས་སོ། །གཞི་གསོལ་བ་ལ་སོགས་པའི་དགེ་འདུན་གྱི་ཆོས་ལྡན་གྱི་ལས་ལ་འདུས་པའི་ནང་དུ་ཞུགས་པ། བསམ་པ་ཐོས་པའི་ཡུལ་ཡོངས་སུ་མི་གཏོང་བསམ་མེད་པ། སྦྱོར་བ་འཕྲལ་གྱི་རྐྱེན་གྱིས་དགེ་སློང་གཅིག་ལ་མ་སྨྲས་པར་སྟན་ལས་ལངས་ཏེ་འགྲོ་བ། མཐར་ཐུག་ཐོས་པའི་ཉེན་ཀོར་ལས་བརྒལ་བ་སྟེ། མི་སྨྲ་བར་འགྲོ་བའི་ལྟུང་བྱེད་དུ་འགྱུར་རོ། །དགོས་པ་མེད་པ་དང་མི་རིགས་པར་འགྲོ་བ་གཉིས་ལ་དགེ་སློང་ལ་སྨྲས་པ་དང་། ཆོས་ལྡན་གྱིས་ལས་མ་ཡིན་པའི་སྐབས་གསུམ་ནི་ཉེས་བྱས་སོ། །གསོལ་བ་བརྩམས་པ་ན་བཤང་གཅིའི་སར་འགྲོ་ཞིང་དགེ་སློང་འཁོད་པ་ལ་མི་སྨྲ་ན་ཡང་ཐོས་པའི་ཉེན་ཀོར་མི་གཏོང་ན་ལྟུང་བ་མེད་དོ། །གཏོང་ན་ནི་དངོས་གཞིར་འགྱུར་རོ། ༧༨ །དགེ་འདུན་གྱིས་བསྒོ་ཤད་སྦྱང་མེད་སློག་ལའོ། །འདུག་པ་དང་། འགྲོ་བ་དང་། གནས་མལ་དང་། ཞེས་སོགས་ཀྱི་དོན། གླེང་གཞི་ནི། རྒྱལ་པོའི་ཁབ་ཏུ་གླང་ཆེན་ལྷས་ཀྱི་བདག་པོའི་བུ་ནག་པ་དགེ་སློང་མང་པོས་འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པའི་བསྟན་པའོ། །ཞེས་རྩོད་པ་ཉེ་བར་ཞི་བའི་ཕྱིར་སྤོང་བའི་ཁང་པར་འདུག་ཅིང་འདུན་པ་ན། དེ་གཅིག་པུས་དགེ་འདུན་ཟློག་པར་བྱེད། མི་མཐུན་པ་དང་རྩོད་ཅིང་གཏམ་གྱི་མཇུག་སྡོད་པར་མི་བྱེད། ཕྱིར་སྨྲ་བར་བྱའོ་སྙམ་དུ་སེམས་པ་ན། དོན་ཉུང་ངུ་དག་འཕྱ་ནས་བྱུང་བ་འདི་ལས་བཅས་སོ། །གཞི་དགེ་འདུན་གྱི་འགྲོ་བ་དང་། འདུག་པ་དང་། གནས་མལ་ལེན་པ་དང་། གཙུག་ལག་ཁང་ལེན་པ་དང་སྨྲ་བ་ལ་སོགས་པ་བསྒོ་བའི་དོན་ལ། བསམ་པ་མ་གུས་པས། སྦྱོར་བ་ཤད་ཀྱིས་སྦྱང་བ་མེད་པར་དེ་ལས་ལྡོག་སྟེ་མི་འདུག་པ་དང་། མི་འགྲོ་བ་དང་། གནས་མལ་མི་ལེན་པ་དང་། གཙུག་ལག་ཁང་མི་ལེན་པ་དང་། མི་སྨྲ་བ་སོགས། མཐར་ཐུག་འགལ་ཞིང་འདའ་བར་བྱེད་པ་སྟེ། མ་གུས་པའི་ཚུལ་གྱི་ལྟུང་བྱེད་དུ་འགྱུར་རོ། །མ་གུས་པའམ། ཤད་ཀྱིས་སྦྱང་བ་གང་ཡང་རུང་བ་ཞིག་མེད་པ་དང་། མཁན་སློབ་ཀྱིས་བསྒོ་བ་དང་། དགེ་འདུན་གྱི་ཆོས་ལྡན་གྱི་དོན་མ་ཡིན་པའི་བསྒོ་བ་ལས་འདའ་བར་བྱེད་པ་རྣམས་ནི་ཉེས་བྱས། གསར་བུ་ཆོས་མ་ཡིན་པར་སྨྲ་བ་དག་གནས་བརྟན་ཆོས་སྨྲ་བ་ལ་གློ་བུར་དུ་གཏམ་ཟེར་བ་དང་། བསླབ་པ་ལས་འགལ་བར་བྱེད་པའི་དུས་ན་སངས་རྒྱས་ཀྱི་ཚིག་མི་དགོས་པ་འདིས་ཅི་བྱ་ཞེས་བྱ་བ་ལ་སོགས་པ་སངས་རྒྱས་ལ་མ་གུས་པ་ལྟུང་བ་འདིར་འགྱུར་བ་དགེ་འདུན་དང་འདྲའོ། །སངས་རྒྱས་ཀྱི་བཀའ་དང་དགེ་སྐོས་ཀྱི་ཚིག་ནི་དགེ་འདུན་གྱི་ཐ་སྙད་པ་སྟེ། དགེ་འདུན་གྱི་བསྒོ་བ་ཉིད་ཡིན་པས་ན་ལྟུང་བྱེད། དགེ་སློང་དགྲ་བཅོམ་པ་དང་། གནས་བརྟན་དང་། རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བའི་ཚིག་ལས་འགལ་བར་བྱེད་ན་ཉེས་བྱས་སུ་ལུང་ལས་གསུངས་སོ། ༧༩ །འབྲུའམ་བཅོས་མའི་ཆང་ནི་མྱོས་འགྱུར་འཐུང་། །མྱོས་པར་འགྱུར་བ་འཐུང་ནའོ། །ཞེས་སོགས་ཀྱི་དོན། གླེང་གཞི་ནི། སྟོན་པ་ཆུ་སྲིན་བྱིས་པ་གསོད་ཀྱི་རིར་ཅི་འདོད་པ་བཞུགས་ན་མཉན་ཡོད་དུ་བྱོན་པ་དང་། མགོན་མེད་ཟས་སྦྱིན་གྱིས་གདུགས་ཚོད་ལ་སྤྱན་དྲངས་སོ། །ལེགས་འོངས་ཀྱི་ཕའི་མཛའ་བཤེས་བྲམ་ཟེས་དེ་ཐོས་ནས་ལེགས་འོངས་བསོད་སྙོམས་ལ་སྤྱན་དྲངས། ཟས་བསོད་པས་ཚིམ་པར་བྱས་ཏེ། བསོད་པ་འཇུར་མི་ནུས་སྙམ་ནས་རྩང་མནན་གསོལ་ལམ། འཐུང་ངོ་། །དེས་གླང་པོ་ཆེའི་ཆང་གི་ནང་དུ་མཛུབ་མོ་བཅུག་ནས་དཀྲུགས་ཏེ་ཀྲོག་ཀྲོག་བྱས་ནས་ཕུལ་ལོ། །དགྲ་བཅོམ་པ་རྣམས་ནི་མ་བསམ་པར་ཤེས་པ་མི་འཇུག་པས་དེ་འཐུངས་ནས་ཡོན་བཤད་དེ་སོང་ངོ་། །དེ་མཉན་ཡོད་ཀྱི་སྲང་རེ་ལྡེས་གཡོགས་པའི་ལམ་ལས་ཐལ་བ་དང་། ཉི་མས་ཕོག་སྟེ་མྱོས་ནས་འགྱེལ་ལོ། །སྟོན་པ་བསྙེལ་བ་མི་མངའ་བའི་ཆོས་ཉིད་ཅན་ཡིན་པས། ལོ་མ་མ་ཡིན་པའི་སྤྱིལ་བུ་ཞིག་སྤྲུལ་ནས་དེ་ཉིད་བཀབ་བོ། །སྟོན་པ་དགེ་འདུན་དང་བཅས་པ་བསོད་སྙོམས་གསོལ། ཡོན་བཤད་ནས་དེར་སོང་བ་དང་། དགེ་འདུན་དག་འདི་ཨ་མྲའི་ཀླུ་བཏུལ་བ་དེ་ཡིན་ན། ད་ལྟ་སྦྲུལ་ཕྲུག་གུ་གཅིག་ཀྱང་འདུལ་བར་མི་ནུས་སོ། །ཉེས་དམིགས་འདི་མྱོས་པར་འགྱུར་བ་འཐུངས་པ་ལས་བྱུང་གིས། ང་ལ་སྟོན་པའོ་ཟེར་བ་རྣམས་ཀྱིས་རྩྭའི་རྩེ་མོས་ཀྱང་མི་བཏུང་ཞིང་བླུད་པར་མི་བྱའོ། །ལེགས་འོངས་སད་པར་མཛད་ནས། ཅིའི་ཕྱིར་འདི་ལྟར་གྱུར། མ་བསམས་སོ། །བྱུང་བ་འདི་ལས་བཅས་སོ། །གཞི་འབྲུའི་ཆང་ངམ། དེའི་སྦང་མ། བཅོས་མའི་ཆང་ངམ། དེའི་ཚིག་མ་ཉམས་པ་གང་རུང་། བསམ་པ་བཏུང་བར་འདོད་པས། སྦྱོར་བ་ཁར་བརྩལ་བ། མཐར་ཐུག་འཐུངས་སམ་ཟོས་པ་སྟེ། མྱོས་པར་འགྱུར་པ་འཐུངས་པའི་ལྟུང་བྱེད་དུ་འགྱུར་རོ། །བསྐོལ་བ་ཉམས་པ་ཡིན་པས་དང་། མདོག་ཙམ་འདྲ་བ་འཐུང་ལ་ལྟུང་བ་མེད་དོ། །ཕབས་ཀྱི་ཆང་བུ་དང་། རྩ་བ་སྡོང་བུ་འདབ་མ་མེ་ཏོག་འབྲས་བུས་མྱོས་པར་འགྱུར་བ་དང་། མྱོས་པར་འགྱུར་བའི་དྲི་རོ་བྲོ་བའི་ཐུག་པ་མྱོས་པར་མི་བྱེད་པ་དང་། མྱོས་པར་འགྱུར་བ་མཁུར་བར་བསྲེལ་བ་དང་། དེས་ལུས་སྡུད་པ་རྣམས་ནི་ཉེས་བྱས་སོ། །ནད་པས་མཁུར་བ་བསྲེལ་བ་དང་། ལུས་སྡུད་པ་ལ་ཉེས་པ་མེད་དོ། ༨༠ །རྐྱེན་མིན་ཕྱི་དྲོ་གྲོང་འགྲོ་འདས་པ་ལའོ། །ཤེས་གཙོ། དུས་མ་ཡིན་པ་ཉིད་ལའོ། །ཞེས་སོགས་ཀྱི་དོན། གླེང་གཞི་ནི། འཆར་ཀ་གཏུམ་མོའི་བུའི་ཁྱིམ་དུ་དུས་དུས་སུ་འགྲོ་བས། བུད་མེད་ཀྱི་ཡུལ་ནི་འདོད་ཆགས་སྤྱད་པ་ཡིན་སྙམ་ནས། འདོད་ཆགས་ཀྱི་བསྔགས་པ་མ་ཡིན་བསྒྲགས་པས། དེས་འཆར་ཀས་བདག་འཕྲིགས་སྙམ་ནས་རྐུན་པོའི་དཔོན་ལ་འདིས་འཕྲིགས་ཀྱིས་སོད་ཅིག འདི་གསལ་རྒྱལ་གྱི་ཆུང་འགྲོགས་ཡིན་པས་ཉེས་དམིགས་ཆེན་པོ་འོང་ངོ་། །གསོད་ན་ལེགས། མི་གསོད་ན་སླན་ཆད་མ་འོང་ཞིག འོ་ན་ཇི་ལྟར་གསད། ཐབས་བྱའོ་ཟེར་ནས། འཆར་ཀ་བདག་བྲོ་འཚལ་གཟིགས་སུ་ཅི་གནང་། དགྲ་བཅོམ་པ་མ་བསམས་པར་ཤེས་པ་མི་འཇུག་པས། དེར་སོང་ཆོས་བསྟན་ནས། ཁྱེད་འབྱོན་ན་གློ་བ་དགའ་བས་ཡུག་ཅིག་བཞུགས་ཟེར་ནས་ནམ་སྲོས་ཀྱི་བར་དུ་བཟུང་ནས། ནམ་སྲོས་པ་དང་ཕྱིར་བྱུང་བས་རྐུན་པོའི་དཔོན་གྱིས་འཆར་ཀའི་མགོ་བོ་བཅད་ནས་ས་ལ་བསྒྱེལ་ལོ། །རྒན་མོ་ཞིག་གིས་མཐོང་ནས་གཟུ་ལུམ་བྱེད་པ་འདི་སུ་ཡིན། དེས་སྨྲས་པ། སུ་ལའང་མ་ཟེར་ཅིག ཁྱེད་ཀྱང་འདི་ལྟར་བྱས་ས་རེ། དེ་སྐྲག་ནས་མི་སྨྲའོ། །དེ་གཉིས་ཀྱིས་འཆར་ཀའི་ལུས་ཕྱག་དར་གྱི་ཕུང་པོ་སྦས་བཞག་གོ །དེའི་ཉིན་མོ་གསོ་སྦྱོང་གི་ཞལ་ཏ་པས་འཆར་ཀ་མ་རྙེད་ནས་འཆར་ཀའི་འདུན་པ་སུས་བླངས། སྟོན་པས་ཁྱིམ་པ་དད་པའི་མཆོག་དེ་བསད་ཀྱིས། ཆོས་གོས་ལོངས་ཤིག་གསུངས་ནས་འོད་ཟེར་གསེར་གྱི་ཁ་དོག་ལྟ་བུས་མཉན་ཡོད་སྣང་བར་བྱས་པས། གསལ་རྒྱལ་གྱིས་སྟོན་པ་གཤེགས་པར་ཤེས་ནས་དེ་དང་བཅས་པ་ཕྱག་དར་གྱི་ཕུང་པོའི་ཕྱོགས་དེར་བྱོན་ནོ། །ཁྱིམ་པ་དད་པའི་མཆོག་དེ་འདིར་སྦས་ཀྱིས་ཕྱུང་ཞིག དེ་ཕྱུང་བ་དང་། རྒྱལ་པོས་མཆོད་པར་ཞུས་ཀྱང་མ་གནང་བར། འཕྲེང་ལྡན་མས་ཞུས་པས་གནང་སྟེ། དེའི་ལུས་ས་དཀར་གྱིས་ཕྱིས། སྤོས་ཆུས་བཀྲུས། གོས་སྣ་ཚོགས་ཀྱིས་ཁྱོགས་སྤྱིལ་བརྒྱན་ནས། ས་ཕྱོགས་ཡངས་པར་ཁྱེར། སྤོས་ཤིང་བཅེར་ནས་བསྲེགས། རུས་པ་གསེར་གྱི་བུམ་པར་བཅུག་ནས་མཆོད་རྟེན་བྱས། སྟོན་པ་ཡོན་བཤད་གཙུག་ལག་ཁང་དུ་བྱོན་ནས། དུས་མ་ཡིན་པར་འཇུག་ན་ལྟུང་བྱེད་དོ། །ཞེས་བཅས་སོ། གཞི་གང་ལ་ཆོམ་རྐུན་ལ་སོགས་པའི་གནོད་པ་བསྲུང་བའི་ཕྱིར་གཏད་པ་མ་ཡིན་པའི་གྲོང་དུ། བསམ་པ་རྒྱུ་བར་འདོད་པས། སྦྱོར་བ་མཚམས་གཅིག་པའི་དགེ་སློང་འཁོད་པ་ལ་མ་སྨྲས་པར་གྲོང་དུ་ཞུགས་པ། མཐར་ཐུག་རང་གིས་ཉི་མའི་ཕྱེད་ཡོལ་ནས་སྐྱ་རེངས་ཤར་ལ་ཐུག་གི་བར་ཏེ། དུས་མ་ཡིན་པར་མ་སྨྲས་པར་འགྲོ་བའི་ལྟུང་བྱེད་དོ། །དགེ་སློང་མེད་ན་དགེ་སློང་མའམ། དགེ་ཚུལ་མའམ། དགེ་སློབ་མ་གང་ཡོད་པ་བརྡ་འཕྲོད་པ་ཞིག་ལ་སྨྲས་ན་ཉེས་པ་མེད་དོ། །དེ་ལ་སྨྲས་པ་ལས་གཞན་པའི་གྲོང་དུ་ཕྱིན་ན་ཉེས་བྱས་སོ། །མཚམས་གཞན་ན་གནས་པ་དང་། གནས་ནས་ཕྱུང་བ་དང་། གཞན་གྱི་ཕྱོགས་དང་མཐུན་པ་ལ་མ་དྲིས་པ་དང་། རྫུ་འཕྲུལ་གྱི་འཇུག་པ་རྣམས་ལྟུང་མེད་དོ། ༨༡ །བོས་དེར་མ་སླེབ་མ་བསྒོ་འདོད་པས་གྲོང་། །སྔ་དྲོ་གསུམ་དང་ཕྱི་དྲོ་བཞིར་རྒྱུས་ལའོ། །དུས་མ་ཡིན་པར་ཁྱིམ་བཞི་པ་ལ་སོགས་པར་འགྲོ་བ་ལའོ། །ཞེས་སོགས་ཀྱི་དོན། གླེང་གཞི་ནི། མཉན་ཡོད་ན་ཁྱིམ་བདག་གཅིག་ཉེ་དགས་སྐྱབས་སུ་འགྲོ་བ་དང་བསླབ་གཞི་ལ་བཞག་ནས། རྫས་ལས་བྱུང་བའི་གཞི་བདུན་གྱི་བསྔགས་པ་བརྗོད་པས། བདག་གིས་ཀྱང་ཅུང་ཟད་བགྱིའི། གདུགས་ཚོད་གསོལ་གྱིས། ཁྱེད་ཀྱིས་ཀྱང་སྤྱན་དྲོངས་ཤིག དེས་སྟོན་པ་དགེ་འདུན་དང་བཅས་པ་སྤྱན་དྲངས་ཏེ། སང་སྔ་མོར་སོང་ནས། ཁྱིམ་བདག་ཁོ་བོ་ཁྱིམ་ལྟ་བའི་བར་དུ་ཞལ་ཟས་སྟ་གོན་གྱིས་ཤིག ཁོ་བོ་མ་སླེབ་ཀྱི་བར་ལ་མ་བྲིམ་ཞིག་ཅེས་སྨྲས་ཏེ་སོང་ངོ་། །སྟོན་པས་ཁྱིམ་བདག་དེས་རྒྱུས་མི་ཤེས་པས་སྤྱན་འདྲེན་གཏོང་བར་མི་བྱེད་ཀྱིས། སྔར་འདོང་ངོ་ཞེས་བསྒོ་ཞིག བསྒོས་ཏེ་སོང་ནས་སྒོ་དྲུང་དུ་བཞུགས་ཏེ། ཀུན་དགའ་བོས་ཁྱིམ་བདག་ལ་ཅི་བདེར་གྱིས་ཤིག་བྱས་པས། ཅི་བདེ་མ་འཚལ། སྟན་ནི་ཁྱེད་ཁོ་ནའི་དོན་དུ་བཤམས་པ་ལགས་ཀྱིས་བཞུགས་ཤིག དེ་ཉིད་ཅི་བདེར་བྱས་པ་ཡིན་གྱིས་འདུག་ཅིག་ཟེར་ནས་བཞུགས་སོ། །གདུགས་ཚོད་ལ་བབ་ཏུ་ཉེ་བ་དང་། ཀུན་དགའ་བོ་ཁྱིམ་བདག་ལ་གདུགས་ཚོད་ལ་བབ་ཏུ་ཉེ་བས་ཞལ་ཟས་བྲིམས་ཤིག་ཅེས་བསྒོ་ཞིག བསྒོ་བས། ཉེ་དགའ་འོངས་སམ། མེད་དོ། །ཡུད་ཙམ་ཞིག་གཞེས་ཤིག ཡུད་ཙམ་བསྡད་ནས་གསོལ་པས། ཡང་སྔར་བཞིན་བསྒོ་ལ། ཁྱེད་ཟས་རུལ་པ་འདིས་ཅི་བྱ་ཞེས་བསྒོ་ཞིག བསྒོས་པས་སྔར་བཞིན་ཟེར་ནས་གསོལ་པས། ཉེ་དགའ་མ་འོངས་ན་མི་འདྲེན་ནམ་གྱིས་ཤིག བསྒོ་བས་མི་གསོལ་ལོ། །སྟོན་པས། གཞན་དབང་ཐམས་ཅད་སྡུག་བསྔལ་ཏེ། །བདག་དབང་ཐམས་ཅད་བདེ་བ་ཡིན། །ཐུན་མོང་དག་གི་གནོད་བྱེད་དེ། །འབྲེལ་བ་ཤིན་ཏུ་འདའ་བར་དཀའ། །གདུགས་ཚོད་ལ་བབ་པ་དང་ཉེ་དགའ་འོངས་ནས། ཁྱིམ་བདག་མ་བྲིམས་སམ། ཁྱེད་ན་རེ། ང་མ་འོངས་ཀྱི་བར་དུ་མ་བྲིམས་ཤིག་ཟེར་ནས། ད་དེ་སྐད་གསུང་ངམ། དེ་བྲིམས་པ་དང་ཡོལ་ནས་ཁ་ཅིག་གིས་ཐོབ། ཁ་ཅིག་གིས་མ་ཐོབ་པ་ལ་ཟན་བཅད་ནས་སྟོན་པ་ཡོན་བཤད་ནས་གཤེགས། ཉེ་དགའ་ངོ་ཚ་ནས་དེ་ཉིད་དུ་འདུག་གོ །དེ་ཉིན་གསོ་སྦྱོང་ལ་བབ་སྟེ། གསོ་སྦྱོང་གི་ཞལ་ཏ་བས་ཉེ་དགའ་མེད་ན་འདུན་པ་སུས་བླངས། སུས་ཀྱང་མ་བླངས་ནས། ཉེ་དགས་སྔ་དྲོ་ཟང་ཟིང་དང་། ཕྱི་དྲོ་ཆོས་ཀྱི་ཆེད་དུ་མཐོ་བཙམས་སོ། །ཞེས་འཕྱ་བའི་སྐབས་དེ་གསོལ་པས། བྱུང་བ་འདི་ལས་བཅས་སོ། །གཞི་ཁྱིམ་པ་དང་དགེ་སློང་གང་གིས་མགྲོན་དུ་བོས་པ་ན་ཁོ་བོ་མ་སླེབ་ཀྱི་བར་དུ་མ་བྲིམ་ཞིག་ཅེས་སྨྲས་ཏེ་མ་སླེབ་པའམ་ཁོ་བོ་མ་སླེབ་ཀྱང་བྲིམས་ཤིག་ཅེས་མ་བསྒོ་བར། བསམ་པ་ཁྱིམ་བལྟ་བར་འདོད་པས། སྦྱོར་བ་དགེ་སྦྱོང་གི་ཚུལ་དང་སྲོག་གི་བར་ཆད་མེད་པར། མཐར་ཐུག་སྔ་དྲོ་ཁྱིམ་གསུམ་དང་ཕྱི་དྲོ་བཞིའི་བར་རྒྱུས་ན་གྲོང་རྒྱུ་བའི་ལྟུང་བྱེད་དོ། ༨༢ །ནམ་ལ་རྒྱལ་པོའི་ཁབ་ཏུ་ཕྱིན་པ་ནའོ། །ཤེས་གཙོ། ནམ་ལངས་པ་ཉིད་ལའོ། །ཞེས་སོགས་ཀྱི་དོན། གླེང་གཞི་ནི། རྒྱལ་པོས་ཤཱ་རིའི་བུ་དང་འཆར་ཀ་བཙུན་མོ་ལ་ཀློག་པར་ཞུས་པས་གནང་ནས། ཤཱ་རིའི་བུ་དུས་སུ་ཀློག་ལ། འཆར་ཀ་དུས་དང་དུས་མ་ཡིན་པར་ཡང་སྟོན་པས། རྒྱལ་པོ་རི་བྲགས་སུ་འགྲོ་བའི་དུང་གི་སྒྲས་འཆར་ཀ་གཉིད་སད་དེ་སོང་ནས། འཕྲེང་ལྡན་མ་སེ་གོལ་གྱི་སྒྲས་སད་པར་བྱས་ནས་བཟླས་པ་བྱིན། བསོད་སྙོམས་བསོད་པས་ལྷུང་བཟེད་བཀང་སྟེ་ཕུལ་ནས་ཕྱིར་བྱུང་བ་དང་། ཤཱ་རིའི་བུ་དང་འཕྲད་ནས། ཁྱེད་ཀྱི་བརྩོན་འགྲུས་འདིས་དགྲ་བཅོམ་མམ། ཁོ་བོས་བཟླས་པ་བྱིན་ཚར་ནས་བསོད་སྙོམས་ཐོབ་པ་འདིའོ། །དེའི་ཕྱིར་ཁྱེད་དྲུག་སྡེ་ཡིན་མོད། དགེ་སློང་ནམ་མ་ལངས་པ་རིན་པོ་ཆེ་མ་བསྡུས་པར་འགྲོའོ། །ཞེས་འཕྱ་བ་དེ་གསོལ་པས། བྱུང་བ་འདི་ལས་བཅས་སོ། །རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་ལ་ཉེས་དམིགས་བཅུ་ཡོད་དེ། བཙུན་མོ་ལ་སྡིག་པའི་ལས་བྱས་སམ་སྙམ་པ་དང་། རྒྱལ་པོ་སོང་བ་བརྗོད་ནས་སྦྲུམ་མ་ཡིན་ནམ། རིན་པོ་ཆེ་གཏོར་ན་ཁྱེར་རམ། གསང་ཚིག་ཕྱིར་འཕེལ་ན་བཤད་དམ། འགའ་ཞིག་རྒྱལ་པོ་གསད་ན་ལན་ནམ། བློན་པོ་གོ་ས་མཐོན་པོ་སྨད་ན་ལན་ནམ། དམའ་མོ་མཐོན་པོར་བསྐོས་ན་ལན་ནམ། རྒྱལ་པོ་དཔུང་བཅས་ཡུལ་གཞན་དུ་སོང་ན་ལན་ནམ། རྒྱལ་པོས་གཞན་ཕབ་ནས་ཆད་པས་བཅད་ན་དགེ་སློང་གིས་ལན་ནོ་སྙམ་པའོ། །གཞི་བཙུན་མོའི་འཁོར་འདུག་པའི་གནས་སམ་རྒྱལ་པོའི་ཕོ་བྲང་གི་གནས་སུ། བསམ་པ་དེར་འདུ་ཤེས་པ་སྟེ། སྦྱོར་བ་རྒྱལ་པོ་སོགས་འདུལ་བའི་དབང་མ་ཡིན་པར་གནས་དེ་གཉིས་གང་རུང་དང་ལུས་ཀྱིས་འབྲེལ་བར་གྱུར་པ། མཐར་ཐུག་ཉི་མ་ནུབ་པའི་འོག་ཏུ་འོད་དམར་པོ་ཆགས་པ་གང་ཡིན་པ་ནས་བརྩམས་ཏེ། མཚན་མོའི་ཐ་མའི་བར་ཏེ། རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད་དོ། །མཚན་གཅིག་ཐོག་ཐག་ཏུ་གནས་པར་བྱེད་ན་ལྟུང་བྱེད་གཅིག་ཏུ་འགྱུར་ལ། མཚམས་ལས་འདས་ན་ཕྱིར་འབྱུང་ཞིང་ཡང་ནང་དུ་འཇུག་པར་བྱེད་ན་ལྟུང་བ་ཐ་དད་པར་འགྱུར་ཏེ། སྦྱོར་བ་ཐ་དད་པའི་ཕྱིར་རོ། །སྒོ་གཏན་གྱི་མཐའ་ནི་རྩེ་མོའི་ཕུག་ལོགས་སུ་བསྟན་པའི་རྩེ་མོ་མཐའོ། །ཉེ་འཁོར་གྱི་མཐའ་ནི་ཕྱི་ལོགས་སུ་བསྟན་པའི་རྩེ་མོ་མཐའོ། །གལ་ཏེ་སྒོ་མ་བཅད་ན་ནི་ཉེ་འཁོར་གྱི་མཐའ་བཙུན་མོའི་འཁོར་རམ། ཕོ་བྲང་ངམ། གྲོང་ཁྱེར་གྱི་དང་པོ་ཡིན་ལ། སྒོ་བཅད་ན་སྒོ་གཏན་གྱི་མཐའ་དང་པོར་རྒྱལ་པོ་དང་བཙུན་མོའི་འཁོར་དུ་འཇུག་པའི་ཕྱིར་ཡིན་ན་གྲོང་ཁྱེར་གྱི་སྒོར་འཇུག་པ་ནས་ཉེས་བྱས། གཞན་གྱི་ཕྱིར་ཡིན་ན་ཉེས་མེད་དོ། །མ་དྲིས་པར་རྒྱལ་པོའི་ཕོ་བྲང་དུ་གྱ་ཚོམས་སུ་འགྲོ་བར་མི་བྱའོ། ༨༣ །འདོན་པ་འདི་ཡོད་ད་གཟོད་ཤེས་སྨྲ་ན། །རྨོངས་མིན་ནའོ། སོ་སོ་ཐར་པའི་མདོ་འདོན་པ་འདོན་པའི་ཚེ། ཞེས་བྱ་བ་ལ་སོགས་པའི་དོན། གླེང་གཞི་ནི། མཉན་ཡོད་དུ་གསོ་སྦྱོང་གི་ཚེ་སོ་སོ་ཐར་པའི་མདོ་འདོན་པ་ན། དྲུག་སྡེས་གུས་པར་མི་མཉན་ནས། ཆོས་འདིའང་མདོའི་ནང་དུ་འདུས་པར་བདག་ཅག་གིས་ད་གདོད་ཤེས་སོ། །ཞེས་ཟེར་ནས། ཅི་སོ་སོ་ཐར་པའི་མདོ་འདོན་པ་དེ་གདོད་ཐོས་སམ་བྱས་པས། ཅི་བདག་ཅག་ལ་ལས་དེ་ཙམ་དུ་ཟད་དམ། འདོད་པ་དང་། གནོད་སེམས་དང་། འཚེ་བའི་གནས་སྐབས་དག་ལའང་བརྟག་དགོས་སོ་ཟེར་ནས། དགེ་སློང་དོན་ཉུང་ངུ་བ་རྣམས་འཕྱ་ནས་གསོལ་པས། བྱུང་བ་འདི་ལས་བཅས་སོ། །གཞི་གསོ་སྦྱོང་གི་དུས་སོ་སོ་ཐར་པའི་མདོ་འདོན་པའི་ཚེ། བསམ་པ་རྨོངས་པས་མ་ཡིན་པ། སྦྱོར་བ་སོ་སོ་ཐར་པའི་མདོ་འདོན་པ་ལན་གཉིས་སུ་ཉམས་སུ་མྱོང་བཞིན། འདི་ལ་ཆོས་འདི་ཡོད་པ་བདག་གིས་གཟོད་ཤེས་སོ་ཞེས་མ་གུས་པའམ་བཞད་གད་ཀྱིས་ཟེར་བ། མཐར་ཐུག་བསླབ་པའི་གཞིའི་དངོས་པོ་ལ་ལོག་པར་བསྒྲུབ་པ་སྟེ། བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པའི་ལྟུང་བྱེད་དུ་འགྱུར་རོ། །མཚན་གཞན་དགེ་སློང་མའི་སོ་ཐར་གྱི་མདོ་དང་། མདོ་སྡེ་དང་ལྡན་པར་སྨྲ་བ་དང་། གསོ་སྦྱོང་ལས་དུས་གཞན་དུ་སྨྲ་བ་རྣམས་ཉེས་བྱས། མཚན་གཞན་གྱི་བསླབ་གཞི་ཐུན་མོང་མ་ཡིན་པ་ལ་ནི་ལྟུང་མེད། སོ་སོ་ཐར་པའི་མདོ་འདོན་པ་ལ་མ་གུས་པ་ལ་ནི། ཚེ་དང་ལྡན་པ་ཁྱོད་མ་རྙེད་པའོ། །རྙེད་པ་ནི་མ་རྙེད་པའོ། །ཉེས་པ་རྙེད་པའོ། །ལེགས་པ་མ་རྙེད་པའོ། །ཞེས་འགྱོད་དུ་གཞུག་པར་བྱའོ། ༨༤ །རིན་ཆེའི་ཁབ་རལ་བཟོས། བ་སོ་དང་། རུས་པ་དང་། རྭའི་ཁབ་རལ་བྱེད་དམ་བྱེད་དུ་བཅུག་པ་ལའོ། །ཞེས་སོགས་ཀྱི་དོན། གླེང་གཞི་ནི། མཉན་ཡོད་དུ་གཅེར་བུ་པའི་ཉན་ཐོས་ཆོས་ཞེས་བྱ་བ། བ་སོ་མཁན་ཞིག་འདུག་པ་དང་། དགེ་སློང་བསོད་སྙོམས་པས་བཏུལ་ནས་སྐྱབས་འགྲོ་དང་བསླབ་གཞི་ལ་བཀོད། རྫས་ལས་བྱུང་བའི་གཞི་བདུན་གྱི་བསྔགས་པ་བརྗོད་པས་དད་དེ། བདག་གི་ཀྱང་ཅུང་ཟད་བགྱིའོ། །ལེགས་ཀྱིས། རང་གི་ལག་བཟོས་བསྙེན་བཀུར་གྱིས་ཤིག བགྱིའོ། །དེ་དགེ་སློང་ལ་བརྗོད་པ་དང་། དགེ་སློང་དག་གིས་ཁབ་རལ་གྱིས་ཤིག ཅི་ལ་བགྱི། གང་བཟང་ལའོ། །བ་སོ་བཟང་ངོ་ཟེར་ནས། བ་སོ་དང་། རུས་པ་དང་། རྭ་རྣམས་ཟད་ཟད་དུ་བྱས་ནས་གླ་སྟེར་མཁན་མེད་ནས་དབུལ་པོར་གྱུར་ཏེ་ཟན་སློང་བ་ན། གཅེར་བུ་པ་རྣམས་བདག་ཅག་ལ་དད་པ་ན་འབྱོར་ལ། ད་ནི་ཟན་ཡང་སློང་ངོ་ཞེས་འཕྱ་བའི་སྐབས་དེ་གསོལ་པས། བྱུང་བ་འདི་ལས་བཅས་སོ། །གཞི་བ་སོ་དང་ལྕགས་ལ་སོགས་པའི་རིན་པོ་ཆེ་ལ། བསམ་པ་བཟོ་བར་འདོད་པ། སྦྱོར་བ་རང་གིའམ་གཞན་ལ་བསྐོས་པ། མཐར་ཐུག་བཟོས་གྲུབ་པ་སྟེ། ཁབ་རལ་འཆོས་པའི་ལྟུང་བྱེད་དུ་འགྱུར་རོ། །བྱས་ཟིན་པ་སྤྱོད་པ་ལྟུང་མེད། འདི་དང་འོག་མ་ལྔ་ཆར་ལ་བཤགས་པའི་ཚེ་རྫས་དེ་བཅད་ནས་བཤགས་དགོས་ལ། མ་བཅད་ན་བཤགས་པར་མི་འགྱུར་རོ། །ཤིང་བལ་བདལ་བཏིང་གཉིས་ལ་ནི་བསྡུས་ན་བཤགས་པར་བྱའོ། ༨༥ །དགེ་འདུན་མལ་ཁྲི་རྐང་ཚད་ལྷག་བྱས་དང་། །རྐང་པ་དམའ་བ་དང་ལྡན་པའི་ཁྲི་ལའོ། །ཞེས་སོགས་ཀྱི་དོན། གླེང་གཞི་ནི། དགེ་སློང་གཅིག་མཉན་ཡོད་དུ་ཁྲི་དམའ་བར་འདུག་པ་དང་། སོས་ཀ་དུག་སྦྲུལ་ཚ་བས་གདུངས་པ་ཞིག་དེར་བསྐྱིལ་ཏེ་ཉལ་བ་དང་། དགེ་སློང་དེ་དུབ་པས་གཉིད་ཡུར་བས་ལུས་འགུལ་བས་ཁྲི་དེ་ཙེག་ཙེག་ཟེར་བ་དང་། དུག་སྦྲུལ་དེ་བདག་ལ་གཙེ་བོ་སྙམ་ནས་ཞེ་སྡང་གིས་དེའི་དཔྲལ་བ་ཕུག་ནས་ཤི་བ་མཐོང་བས་གསོལ་པས། ཁྲི་རྐང་དམའ་བ་ལ་མི་འདུག་པར་བཅས། ཉེ་དགས་གསལ་རྒྱལ་གྱི་མལ་སྟན་རིམ་པ་བརྒྱད་བླང་བ་ལ། ཉེ་དགའ་འདོད་པའི་ཡོན་ཏན་གྱིས་དབྱེན་བཅོས་ཟེར་ནས་འཕྱའོ། །དེས་གཙུག་ལག་ཁང་དུ་ཆག་ཆག་བཏབ་ཕྱོགས་ལྕི་བས་བྱུགས་ཏེ་ཉལ་བས་སྟོན་པ་བྱོན་ནས། གནས་མལ་ལ་གཟིགས་ནས། ཐོག་མར་རུལ་བ་སྦེད་པ་ནི་ཉེ་དགའ་སྟེ། ཁྲི་སྟན་ཆེན་པོ་བཀག ཁྱིམ་བདག་གཅིག་གིས་སྟོན་པ་དགེ་འདུན་དང་བཅས་པ་སྤྱན་དྲངས་ཏེ། ཁྲི་སྟན་མཐོན་པོ་དག་བཤམས་པ་ཀུན་དགའ་བོས་སྡུད་དུ་བཅུག་པས། སྟོན་པ་བྱོན་ནས་ཐམས་ཅད་འབྱོར་པ་ཡོད་པ་མིན་གྱིས། སྟན་བཤམས་པ་མ་ཟློག་ཅིག དེ་བས་ན་ཁྱིམ་དུ་ཁྲི་སྟན་མཐོན་པོ་ལ་འདུག་གི་མི་ཉལ། གཙུག་ལག་ཁང་དུ་གཉིས་ཀ་མི་བྱའོ་ཞེས་བཅས། ཁྲིའུའི་སྟེང་དུ་ཁྲིའུ་བཞག་པས་བདེན་པ་མ་མཐོང་བས་མ་གུས་པའི་ཉེས་དམིགས་གཟིགས་ནས་ཁྲི་བརྩེགས་མ་བཀག ཁྲི་རྐང་དམའ་བ་ལ་མི་ཉལ་ལོ་ཞེས་གསུངས་པ་དང་། དྲུག་སྡེས་ཁྲི་རྐང་པ་ཁྲུ་བཅུ་གཉིས་པ་བྱས་ཏེ། ཡ་གད་མཐོན་པོ་བཙུགས་དེ་བསྡད་པ་དང་། དགེ་སློང་ཅི། ཁྱེད་ཅག་བྱ་ར་བྱེད་དམ། སུ་ཞིག་བྱ་ར་བྱེད། དགེ་སློང་སྦྲུལ་གྱིས་བསད་པ་མ་མཐོང་ངམ། དྲུག་སྡེ་རྣམས་སྦྲུལ་གྱིས་བསད་ནས་ཤི་བའི་ཡོ་བྱད་བགོད་པར་འདོད་དམ་ཟེར་བ་དགེ་སློང་དོན་ཉུང་ངུ་དག་འཕྱ་བ་དེ་གསོལ་བས་བཅས་སོ། །འཆར་ཀ་ཚད་ལས་འདས་པ་ཡིན་པས། དེའི་པུས་མོ་གཉིས་ཀོས་སྐོ་ལ་རེག་པའི་སྐབས་དེ་གསོལ་པས། རྩ་བ་བུ་གར་གཞུག་པའི་ཕྱོགས་མ་གཏོགས་སོ། །ཞེས་སོ། །སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བའོ། །གཞི་ཁྲིའུ་འམ་ཁྲིའུའི་རྐང་པ་འཆོས་པ། བསམ་པ་བཟོ་བར་འདོད་པ། སྦྱོར་བ་བུ་གར་གཞུག་པ་མ་གཏོགས་པའི་ཁྲུ་གང་བདེ་བར་གཤེགས་པའི་ཁྲུའི་གསུམ་ཆ་ཚད་ཡིན་པ་དེ་ལས་ལྷག་པ། མཐར་ཐུག་བཟོས་གྲུབ་པ་སྟེ། ཁྲི་རྐང་འཆོས་པའི་ལྟུང་བྱེད་དུ་འགྱུར་རོ། །ཁྲི་གང་འདུག་པའི་མགོ་ས་ལ་ཐུག་པ་དེ་ལྟ་བུ་དང་། ཁྲུ་གང་ལས་ལྷག་པ་མལ་མཐོན་པོ་དང་། གསེར་དངུལ་དང་རིན་པོ་ཆེ་ལ་སོགས་པ་ལ་བྱས་པ་མལ་ཆེན་པོ་སྟེ་ཉལ་བར་མི་བྱ། ཁྲིའི་སྟེང་དུ་ཁྲི་བཞག་པ་ལ་འདུག་པར་མི་བྱ། བྱས་ན་ཉེས་བྱས་སོ། །ལྷམ་ཡོད་ན་མལ་དང་འབྲེལ་བའི་ཉེན་ཀོར་གྱི་ཕྱོགས་སུ་རྐང་པ་མི་བཀྲུ་ལ། མེད་ན་མགོ་དང་རྐང་ལོགས་སུ་བཀྲུའོ། ༨༦ །དེ་མལ་བལ་བདལ། ཤིང་བལ་གྱིས་གོས་པར་བྱས་པ་ལའོ། །ཞེས་སོགས་ཀྱི་དོན། གླེང་གཞི་ནི། མཉན་ཡོད་དུ་ཉེ་དགའ་གསར་བུ་ཡིན་པས་ཁྲི་མཐོན་པོ་ཅོག་རྒན་པས་ཁྱེར་ནས་མ་ཐོབ་པ་དང་། གནས་མལ་བསྐོ་བའི་དུས་ལ་ཡང་བབ་པ་ན་ཐབས་ཤིག་བྱའོ་སྙམ་ནས་ཁྲིའི་སྟེང་དུ་ཤིང་བལ་བདལ་ནས་བཞག་པ་དང་། དགེ་སློང་ཆེས་རྒན་པ་ཞིག་འོངས་ནས། འདི་སུའི། ཉེ་དགས་ཁོ་བོའི་ཤིང་བལ་ལོ། །གཞན་ཞིག་ན་རེ། བལ་འདི་ཉེ་དགའི་འོ། །ཁྲི་འདི་དགེ་འདུན་གྱིའོ། །ཉེ་དགའ་ཁྲོས་ནས་སྟེང་དུ་ཤིང་བལ་ཅུང་ཟད་ཅུང་ཟད་བདལ་ཏེ་བཞག་གོ རྒན་པ་དེས་མ་བརྟགས་པར་དེར་ཉལ་བ་དང་། ནང་པར་གོས་ཐམས་ཅད་ཤིང་བལ་གྱིས་སྐྱ་བོར་གྱུར་ནས། ཅི ཁྱོད་གཡུལ་གྱི་གཞིར་ཉལ་ལམ། དེས་ཇི་ལྟར་གྱུར་པ་སྨྲས་པ་དང་། དོན་ཉུང་ངུ་དག་འཕྱ་ནས་གསོལ་པས། བྱུང་བ་འདི་ལས་བཅས་སོ། །གཞི་དགེ་འདུན་གྱི་ཁྲིའམ་ཁྲིའུ་ལ། བསམ་པ་ཤིང་བལ་བདལ་བར་འདོད་པས། སྦྱོར་བ་ཤལ་མ་ལའི་དང་། ཨར་ཀའི་དང་། ཀ་ཤི་དང་། སྤྲ་བའི་དང་། ཨེ་ར་ཀའི་བལ་ལྔ་ལས་གང་ཡང་རུང་བ་རང་ངམ་གཞན་བདལ་དུ་བཅུག་པ། མཐར་ཐུག་མལ་ཁྲིར་གོས་པ་སྟེ། ཤིང་བལ་གྱིས་གོས་པར་བྱ་བའི་ལྟུང་བྱེད་དོ། ༨༧ །གདིང་བ། ཚད་ལས་ལྷག་བྱེད་ཅེས་སྦྱར་ཏེ་འོག་མ་གཉིས་ལའང་ཤེས་པར་བྱའོ། །གདིང་བའི་འོ། །ཞེས་སོགས་ཀྱི་དོན། གླེང་གཞི་ནི། གཉན་ཡོད་དུ་དགེ་སློང་དག་གིས་གདིང་བ་ཚད་ལས་ཧ་ཅང་ལྷག་པ་བྱེད་དུ་བཅུག་ནས། དོན་ཉུང་ངུ་དག་འཕྱ་ནས་གསོལ་པས་བཅས་སོ། །འཆར་ཀ་ལུས་ཆེ་བས་དེས་མ་ཆོག་ནས། གནས་མལ་བསྲུང་བའི་ཕྱིར་རྐང་པའི་མཐའ་ལོགས་སུ་ལོ་ཆུན་བཞག་གོ དེ་སྟོན་པས་གཙུག་ལག་ཁང་རྒྱུ་བ་དང་གཟིགས་ནས། འདི་སུའི་མལ། འཆར་ཀའིའོ། །ཅིའི་ཕྱིར་ལོ་ཆུན་བཞག །ཇི་ལྟར་གྱུར་པ་ཞུས་པས། བསླབ་པ་ལ་གུས་པའི་བསྔགས་པ་བརྗོད་ནས་མི་ཆོག་ན་སྲིད་དུ་མཐོ་གང་སྲིངས་ཤིག་ཅེས། སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བའོ། །གཞི་འདིང་བ། བསམ་པ་བཟོ་འདོད་པ། སྦྱོར་བ་ཚད་ལས་ལྷག་པར་བྱེད་པ། མཐར་ཐུག་གྲུབ་པ་སྟེ། གདིང་བ་ལས་གྱུར་པའི་ལྷུང་བྱེད། ཆུང་ངུ་བྱིན་གྱིས་རློབ་ན་ཉེས་བྱས་སོ། ༨༨ །གཡན་པ་དགབ། གཡན་པ་དགབ་པའིའོ། །ཞེས་སོགས་ཀྱི་དོན། གླེང་གཞི་ནི། གཡན་པ་དགབ་པ་བྱའོ་ཞེས་གསུངས་པ་དང་། ཧ་ཅང་ཚད་ལས་ལྷག་པར་བྱེད་ནས་འཕྱ་བ་དེ་གསོལ་པས་བཅས་སོ། །གཞི་གཡན་པ་དགབ་པ། བསམ་པ་བཟོ་འདོད་པ། སྦྱོར་བ་ཚད་ལས་ལྷག་པར་བརྩམས་པ། མཐར་ཐུག་གྲུབ་པ་སྟེ། གཡན་པ་དགབ་པ་ལས་གྱུར་པའི་ལྟུང་བྱེད་དོ། ༨༩ །རས་ཆེན། དབྱར་གྱི་རས་ཆེན་གྱིའོ། །ཞེས་པའི་དོན། གླེང་གཞི་ནི། དབྱར་གྱི་རས་ཆེན་བྱེད་དུ་གཞུག་གོ་ཞེས་གསུངས་པ་དང་། ཚད་ལས་ལྷག་པ་བྱེད་ནས་འཕྱ་བ་དེ་གསོལ་པས་བཅས་སོ། །གཞི་དབྱར་གྱི་རས་ཆེན། བསམ་སྦྱོར་མཐར་ཐུག་སྔ་མ་བཞིན་ནོ། ༩༠ །ཆོས་གོས་ཚད་ལས་ལྷག་བྱེད་རྣམས། །སྟོན་པ་རང་གི །ཞེས་སོགས་ཀྱི་དོན། གླེང་གཞི་ནི། ཉེ་དགའ་བཟོ་མཁན་ཅན་སོང་ནས། བཞིན་བཟང་སྟོན་པའི་ཆོས་གོས་ཀྱི་ཚད་འཚེམ་པར་ནུས་སམ། དེས་ཅི་བགྱིད། བཀྲེན་པ་ཁྱོད་ལ་གོས་ཀྱི་གླ་འདོད་ན་འཚེམས་ཤིག བཙེམ་མོ། །བཙེམས་ནས་ཉེ་དགས་ཅུང་ཞིག་གྱོན། ལྷག་མ་ཁུར་ནས་ཕྱིན་པ་དང་། དགེ་སློང་གཅིག་དང་འཕྲད་ནས། གཏུར་བུ་གཟིགས་ཤིག ངལ་བསོའོ། །གཏུར་བུ་མིན་ནོ། །འོ་ན་ཅི། བདེ་གཤེགས་ཆོས་གོས་སོ། །དེ་གྱོན་དུ་རུང་ངམ་དགྲ་བོ་དག་གི་གཉའ་རྡོག་པས་མནན་ན་རུང་ངོ་། །འཕགས་པ་ལའང་དགྲ་བོ་ཡོད་དམ། ཇེ་ཁྱོད་དགྲ་བོའི་ཐུ་བོ་ཡིན་ཏེ། ཁོ་བོ་བདེ་གཤེགས་ཆོས་གོས་གྱོན་པ་ལ་མི་བཟོད་པས་སོ། །དེ་ལ་འཕྱ་བ་དེ་གསོལ་པས་བཅས་སོ། །གཞི་ཆོས་གོས། བསམ་པ་ཆེན་པོར་འདོད་པས། སྦྱོར་བ་བདེ་བར་གཤེགས་པའི་སྐུ་བོངས་ཙམ་མེད་པར་དེའི་ཆོས་གོས་ཀྱི་ཚད་དམ་དེ་ལས་ལྷག་པར་བྱེད་པ། མཐར་ཐུག་བཅངས་པ་སྟེ། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་བའི་ལྟུང་བྱེད་དོ།། །། བཞི་པ་སོར་བཤགས་ཀྱི་སྡེ་ནི། དགེ་སློང་མ་གྲལ་བསླབ་པ་ནགས་བརྟག་པ། །སོར་བཤགས་སྡེ་ཡིན། ཅིའི་ཕྱིར་ན། སོ་སོར་བཤགས་བྱའི་ཕྱིར། ལྟུང་བ་ལས་སློང་བ་ན་སྨྲེ་སྔགས་འདོན་པའི་རྣམ་པ་བརྗོད་པས་སོ་སོར་བཤགས་དགོས་པའི་ཕྱིར་རོ། ༡ །ཉེ་མིན་དགེ་སློང་མ་ལས་གྲོང་དུ་ཟས། །བླངས་པ་གཉིས་ཆར་གནས་ཟོས། ཤེས་གཙོ། དགེ་སློང་མ་ཉེ་དུ་མ་ཡིན་པ་ཉིད་ལའོ། །ཞེས་སོགས་ཀྱི་དོན། གླེང་གཞི་ནི། ཨུཏྤ་ལའི་མདོག་གི་ཀུན་ཏུ་སྤྱོད་པ་ནི་བསོད་སྙོམས་བླངས་ནས་ཕུད་དགེ་འདུན་ལ་འབུལ། ཕྱིས་བླངས་ནས་ཟའོ། །དུས་གཅིག་ན། དགེ་སློང་གློ་བུར་བ་གཅིག་གིས་བསོད་སྙོམས་མ་རྙེད་པར་དེའི་བསོད་སྙོམས་ཕུལ་བས་ཟན་ཆད་དོ། །ཉེ་དགས་སྲིང་མོ་འདི་ནི་དགེ་འདུན་ལ་དད་པ་བཞིན་དུ་གང་ཟག་ལའང་དད་པས། འདི་བགམ་མོ་སྙམ་ནས། ཕྱི་དེ་ཉིན་ཕུད་དགེ་འདུན་ལ་ཕུལ། །གཉིས་པ་བསྒྲུབས་ནས་ཡོང་པ་དང་། ཉེ་དགའ་བྱུང་ནས། འཕགས་མ་རྙེད་པ་ཅུང་ཟད་ཡོད་དམ། གསོལ་ན་བཞེད་དམ། ལྷ་གནས་ཀྱི་ལྷག་མ་བཞིན་ནོ། །དེ་ལ་ཕུལ་བས་ཉི་མ་གཉིས་སུ་ཟན་ཆད་པས་ཉམ་ཆུང་ནས་ས་ལ་འགྱེལ་ལོ། །མ་དད་པ་དག་འདོད་ཆགས་དང་བྲལ་ལོ་ཟེར་ནས། ཤཱཀྱ་གཞོན་ནུ་མཐོང་བ་དང་འདོད་ཆགས་ཀྱིས་བརྒྱལ་ལོ་ཟེར་བ་དེ་གསོལ་པས། བྱུང་བ་འདི་ལས་བཅས་སོ། གཞི་ཉེ་དུ་མ་ཡིན་པའི་དགེ་སློང་མ་གྲོང་ངམ་གང་ཡང་རུང་བར་གནས་པས་རང་གི་ལག་གིས་མི་འབྲིམ་པའི་རྣམ་པས་བསྒྲུབས་ཤིང་ཕུལ་བའི་བཅའ་བ་དང་བཟའ་བ། བསམ་པ་དེར་འདུ་ཤེས་པ། སྦྱོར་བ་དགེ་སློང་རང་ཉིད་གྲོང་ངམ་ལམ་པོ་ཆེ་ན་གནས་པས་རང་གི་ལག་གིས་བླངས་པ། མཐར་ཐུག་གནས་གང་ཡང་རུང་བར་འདུག་སྟེ་ཟོས་ན་དགེ་སློང་མ་ལས་ཟས་ལེན་པའི་སོ་སོར་བཤགས་པར་བྱ་བར་འགྱུར་རོ། །དགེ་སློང་དབྱར་ཁང་ན་འདུག་ལ། དགེ་སློང་མ་གྲོང་ན་འདུག་པ་དང་། དགེ་སློང་རང་གི་གནས་ན་འདུག་ལ། དགེ་སློང་མ་ཁྱིམ་གཞན་ན་འདུག་པ་ལ་དང་། དགེ་སློང་མས་ཟས་གང་གྲོང་དུ་བཞག་ནས་གུད་དུ་སོང་། ཉེ་བར་མི་གནས་ལ་ཟས་དེ་དགེ་སློང་ཡིད་བཅུགས་པས་བླངས་ཏེ་ཟ་བར་བྱེད་པར་རྣམས་ལྟུང་མེད་དོ། །གྲོང་གི་སྟེང་གི་ནམ་མཁའ་ལ་འདུག་པས་བླངས་ཏེ་ཟ་ན་ཉེས་བྱས་སོ། ༢ །གང་ཉེ་དུས། གཉེར་མིན་ཁྱིམ་དུ་དགེ་སློང་མས་བསྒོ་བཤམས། །མ་བཟློག་ཟོས་སོ། །དེའམ་དགེ་སློང་གཞན་ལ་འདི་ལ་བཅའ་བའམ་ཞེས་སོགས་ཀྱི་དོན། གླེང་གཞི་ནི། མུ་གེ་ཉམ་ང་བ་བྱུང་བ་དང་། དྲུག་སྡེ་བསོད་སྙོམས་ལ་ཕྱིན་པས། བསོད་སྙོམས་ལ་ལས་ཐོབ། ལ་ལས་མ་ཐོབ་པས་བཀྲེས་ནས་བཅུ་གཉིས་སྡེ་ཅན་སོང་བ་དང་། འཕགས་པ་དག་འཚོའམ། ཇི་ལྟར་འཚོ་བཀྲེས་སོ། །སང་བྱོན་ཅིག་ཞལ་ཚུས་གསོལ་ལོ། །གནས་སུས་སྦྱིན། བདག་གིས་སོ། །དེས་འཚོ་མི་ནུས་ཀྱིས། དགེ་འདུན་སྤྱན་དྲངས་པ་དེར་བདག་ཅག་ལ་མང་དུ་བྱིན་ཅིག་དང་། དེ་རུང་ངམ། ཤིན་ཏུའང་རུང་ངོ་། །སང་དགེ་འདུན་སྤྱན་དྲངས་པ་དང་སྟོན་པ་མ་བྱོན། དགེ་འདུན་གྱི་རྒན་པའི་མཐར་ནི་འཕགས་པ་དགའ་བོ་སྟེ། ཤཱཀྱ་ལས་རབ་ཏུ་བྱུང་བ། སྡེ་སྣོད་གསུམ་ལ་མཁས་པ། རིག་པ་དང་གྲོལ་བར་སྨྲ་བའི་སྤོབས་པ་ཅན་ཡིན་གྱིས། འདི་ལ་ཡང་དྲོངས་ཤིག དེ་བཞིན་དུ་དྲུག་སྡེ་ཐམས་ཅད་ལ་བྱས་པས། དགེ་སློང་ལ་ལའི་འབྲས་ཆན་ཆད། ལ་ལའི་ཚོད་མ་ཆད་དོ། །ལ་ལའི་བཅའ་བ་ཆད་ལ། ལ་ལའི་ཟན་ཆད་པར་གྱུར་ནས། ཁྱིམ་བདག་དེ་ལ་ཁྱེད་ལ་འབྱོར་པ་མེད་ན་དགེ་འདུན་ཅིའི་ཕྱིར་སྤྱན་འདྲེན། བདག་གིས་ཞལ་ཟས་མང་པོ་སྟ་གོན་བགྱིས་ནའང་། སྦོམ་དགའ་མོ་རྒན་པའི་མཐར་འདུག་ནས། བགྲེས་པ་འབའ་ཞིག་ལ་ཡང་ཡང་འདྲེན་ན་ཇི་ལྟར་བྱ་ཟེར་བ་དེ་གསོལ་པས། བྱུང་བ་འདི་ལས་བཅས་སོ། །གཞི་དགེ་སློང་གཞན་ལ་འདི་ལ་བཅའ་བའམ། བཏུང་བའམ། བཟའ་བ་བྱིན་ཅིག་ཅེས་བྱ་བ་ལ་སོགས་པ་བསྒོ་བཤམ་བྱེད་པ་ལ་ཞུགས་པའི་དགེ་སློང་མ་འདུག་པ། བསམ་པ་འདུ་ཤེས་ཀྱི་དབང་གིས་གནས་པ། སྦྱོར་བ་དགེ་སློང་མ་གང་ངམ། དེའི་ཉེ་དུས་མགྲོན་དུ་གཉེར་བ་མ་ཡིན་པའི་ཁྱིམ་དུ་ཟན་གཅིག་པ་རྣམས་གྲལ་རིམ་དུ་མ་ཕེབས་པར་བྲིམ་དུ་འཇོག་པ་ཚིག་གིས་མ་བཟློག་པ། མཐར་ཐུག་གྲལ་རིམ་བཞིན་བྱུག་རིས་སྟོན་པ་དང་། མ་བྱིན་པ་སྦྱིན་དུ་གཞུག་པའི་སྐབས་མ་ཡིན་པ་གསུམ་ལ་སོགས་པ་མགྲོན་དུ་བོས་པའི་དུས་སུ་ཟོས་པ་སྟེ། གྲལ་རིམ་དུ་མ་ཕེབས་པར་འབྲིམ་དུ་འཇུག་པ་མ་བཟློག་པར་ཟ་བའི་སོ་སོར་བཤགས་པར་བྱ་བར་འགྱུར་རོ། །དགེ་སློང་མ་བསྒོར་རུང་བའི་ཐག་དེ་ཙམ་ན་འདུག་པ་ལ་ཉེ་བར་གདམས་ཤིང་། མ་བསྒོ་ན་དངོས་གཞི། གལ་ཏེ་བསྒོར་མི་རུང་བའི་ཐག་དེ་ཙམ་ན་འདུག་ན་ཉེས་བྱས་སོ། ༣ །ཤེས་གཙོ། བསླབ་པའི་སྡོམ། སྦྱིན་ལས་རུང་མིན་བླངས་ཟོས། དད་པ་ཅན་ལ་གལ་ཏེ་བྱིན་ན་དེ་ཕོངས་པར་འགྱུར་བར་ལྟ་ན། ཞེས་སོགས་ཀྱི་དོན། གླེང་གཞི་ནི། སྟོན་པ་ཡངས་པ་ཅན་སྤྲེའུའི་རྫིང་གི་འགྲམ་ན་བཞུགས་པའི་ཚེ། མུ་སྟེགས་དག་དམག་དཔོན་སེང་གེ་བདག་ཅག་ལ་དད་པའི་ཚེ་ན་ཕུན་སུམ་ཚོགས་ལ། ད་ནི་བཟར་མེད་བཅང་མེད་དུ་གྱུར་ཞེས་པའི་སྐབས་དེ་གསོལ་པས། དམག་དཔོན་སེང་གེའམ་དེ་ལྟ་བུ་ལ་བསླབ་པའི་སྡོམ་པ་བྱིན་ཅིག བྱིན་ནས་ཁྱིམ་དུ་འགྲོ་བར་མི་བྱ། ཆོས་བསྟན་པར་མི་བྱ། བསོད་སྙོམས་བཟའ་བར་མི་བྱ་ཞེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་གཉིས་སྔར་མགྲོན་དུ་བོས་ཀྱང་མ་སོང་བ་དང་། སེང་གེས་ཟན་སྟ་གོན་བྱས་ནས་སྤྱན་དྲངས་པས། བསླབ་པའི་སྡོམ་པ་བྱིན་པས་མི་འགྲོའོ། །སྔར་སྤྱན་དྲངས་ཀྱིས། གཤེགས་སུ་གསོལ། འོ་ན་ཞུའོ། །ཞུས་པས། སྔར་མགྲོན་དུ་བོས་པ་ལ་ཉེས་པ་མེད་དོ། །དེ་གཉིས་སོང་བ་དང་། དྲུག་སྡེས་མཐོང་ནས་གར་བཞུད། དེར་རོ། །སྡོམ་པ་མ་བྱིན་ནམ། ཁོ་བོ་གཉིས་སྔར་མགྲོན་དུ་བོས་སོ། །འོ་ན་ཁོ་བོ་དག་ཆེས་སྔར་བོས་སོ་ཟེར་ནས། དེ་གཉིས་ཀྱི་ཕྱི་བཞིན་དུ་སོང་བ་དང་། སེང་གེ་དགའ་ནས་ཁྱིམ་མི་ལ་བགོས་པ་རྣམས་ཀྱང་དེ་དག་ལ་བྲིམས་སོ། །ཟོས་ཏེ་དོང་བ་དང་བུ་དག་ཟས་མེད་པས་ངུ་བ་མཐོང་ནས་འཕྱ་བ་དེ་གསོལ་པས། བྱུང་བ་འདི་ལས་བཅས་སོ། །གཞི་བསླབ་པའི་སྡོམ་པ་སྦྱིན་པའི་མདུན་རོལ་དུ་མགྲོན་དུ་མ་བོས་པར་བསླབ་པའི་སྡོམ་པ་སྦྱིན་པའི་ཁྱིམ་ནས། བསམ་པ་ཤེས་བཞིན་དུ། སྦྱོར་བ་རུང་བ་མ་ཡིན་པ་བཅའ་བ་དང་བཟའ་བ་དག་བླངས་པ། མཐར་ཐུག་ཟོས་པ་སྟེ། བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོ་སོར་བཤགས་པར་བྱ་བའོ། །དད་པ་ཅན་སྦྱིན་པའི་རྐྱེན་གྱིས་འཕོངས་པ་ལྟ་ན་དགེ་འདུན་གྱི་གསོལ་བ་འབའ་ཞིག་པའི་ལས་ཀྱིས་བསླབ་པའི་སྡོམ་པ་སྦྱིན་ནོ། །གང་ལ་དགེ་འདུན་གྱི་བསླབ་པའི་སྡོམ་པ་སྦྱིན་པ་དེར་དགེ་སློང་གི་ཁྱིམ་དུ་འགྲོ་བ་དང་། སྟན་ལ་ལོངས་སྤྱད་པ་དང་། ཆོས་བསྟན་པར་བྱ། བསོད་སྙོམས་བླང་བ་དང་ལྷུང་བཟེད་སྟོང་པས་འཇུག་པར་མི་བྱའོ། །དེའི་བྱིས་པ་སློང་བ་དག་ལ་བཅའ་བ་དུམ་བུར་བྱས་ཏེ་སྦྱིན་ནོ། །རུང་བ་ག་གོན་དང་། ལ་ཕུག་ལ་སོགས་པ་འབྲས་བུ་དང་། རྩ་བ་དང་རྡམ་རྡུམ་ལ་སོགས་པའི་ཚོད་མ་ཁྱིམ་ནས་བྱུང་བ་བླང་བར་བྱའོ། །དེ་ཉིད་ཀྱི་སྐབས་ན་སྦྱིན་བདག་ལོངས་སྤྱོད་འཕེལ་བར་གྱུར་པ་ལ་ཁྱིམ་གྱི་བསླབ་པའི་སྡོམ་པ་བག་ཡངས་སུ་གཞིག་པའི་ཕྱིར་དགེ་འདུན་གྱིས་གསོལ་པ་བྱས། དེའི་འོག་ཏུ་སྦྱིན་བདག་ཐོས་པའི་ཉེན་ཀོར་ནས་བཀར་ཏེ་མཐོང་བའི་ཉེན་ཀོར་དུ་བཞག དགེ་སློང་གཅིག་གིས་གསོལ་བ་དང་འབའ་ཞིག་པའི་ལས་བྱའོ། །བཤིག་པ་དེར་དགེ་སློང་རྣམས་འགྲོ་བ་དང་། སྟན་ལ་ལོངས་སྤྱོད་པ་དང་། བསོད་སྙོམས་བླང་བ་དང་། ཆོས་བསྟན་པར་བྱའོ། ༤ །འཇིགས་བཅས་སུ། མ་བསྙིལ་ཕྱི་རོལ་དགོན་པར་བླངས་ཟོས་ལའོ། །ཤེས་གཙོ། ནགས་མ་ཉུལ་བ་ཉིད་ལའོ། །ཞེས་སོགས་ཀྱི་དོན། གླེང་གཞི་ནི། དགེ་སློང་དོན་ཉུང་ངུ་དག་ནགས་མ་ཉུལ་བར་ཀུན་རའི་ཕྱི་རོལ་དུ་བཟའ་བཅའ་བླངས་ཏེ་ཟ་ཞེས་འཕྱ་བ་དེ་གསོལ་པས། བྱུང་བ་འདི་ལས་བཅས་སོ། གཞི་དགེ་འདུན་གྱི་དགོན་པའི་གནས་དོགས་པ་དང་བཅས་པ་དང་འཇིགས་པ་དང་བཅས་པར་གྲགས་པར་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པ་མ་ཉུལ་བ་ཞིག་ཏུ། བསམ་པ་རེ་ཞིག་བདག་གི་དོན་བསྒྲུབས་ཟིན་གྱིས། དགེ་འདུན་དང་སྦྱིན་པ་པོའི་གནོད་པ་བསྲུང་བ་འདིས་ཁོ་བོ་ལ་ཅི་བྱ་ཞེས་བདག་ཉིད་བསྐང་བ་ཙམ་གྱིས་ཆོག་པར་འཛིན་པས། སྦྱོར་བ་ཟས་བླངས་ཏེ། མཐར་ཐུག་དེར་ཟ་བ་ནི་ནགས་བརྟགས་པ་ལས་གྱུར་པའི་སོ་སོར་བཤགས་པར་བྱ་བའོ། །གལ་ཏེ་ཕྱི་རོལ་གྱི་དགོན་པ་འཇིགས་པ་མེད་པ་ཉིད་དུ་ཉུལ་བའི་སྦྱིན་པ་པོ་དག་ཡོད་པ་དང་། འཇིགས་པ་མེད་པའི་གནས་སུ་བསྲུང་བ་མེད་པར་ཟ་བ་ཉེས་བྱས། སོར་བཤགས་དང་པོ་ལ་རང་གི་ཞེས་སྨོས་ལ། ལྷག་མ་གསུམ་ལ་མ་སྨོས་པ་སྤྲིང་ཡིག་ལ་སོགས་པ་དང་། མངགས་པས་བླངས་པ་ཡང་ཁ་ན་མ་ཐོ་བར་འདྲའོ། །ཞེས་སྟོན་པའི་ཕྱིར་རོ། དེ་བས་འདིར་ནགས་ཉུལ་བའི་དགེ་སློང་ཆོས་ལྔ་དང་ལྡན་པ་བསྐོ་བར་བྱ་སྟེ། འདུན་པའི་མི་འགྲོ་བ་དང་། ཞེ་སྡང་གིས་དང་། གཏི་མུག་གིས་དང་། འཇིགས་པས་དང་། ནགས་ཉུལ་བ་དང་མ་ཉུལ་བ་ཤེས་པའོ། །དེ་ལ་དགེ་འདུན་གྱི་གསོལ་བ་དང་ལས་ཀྱིས་བསྐོས། དེའི་ཡང་ཀུན་ཏུ་སྤྱོད་པའི་ཆོས་ནི་དཔག་ཚད་ཕྱེད་ནས་གཟུང་སྟེ་ཁོ་ར་ཁོར་ཡུག་ཏུ་ཉུལ་བར་བྱ། དེ་གལ་ཏེ་འདོད་ན་ཁྱེའུ་སུས་སྦྱིན་པར་བྱ། གྲོགས་ཀྱང་བསྐོ་བར་བྱ། འཇིགས་པ་དང་བཅས་པ་ཡིན་ན། དུད་པའི་བརྡ་བཏུལ་བ་དང་། བ་དན་སྔོན་པོ་བསྒྲེང་བ་དང་། འདབ་མའི་ཆང་བུ་དག་ལམ་ཁར་བཞག་པར་བྱ། འཇིགས་པ་མེད་ན་བ་དན་དཀར་པོ་བསྒྲེང་བར་བྱའོ།། །། ལྔ་པ་ཉེས་བྱས་ཀྱི་སྡེ་ནི། གོས་བགོ་བཅུ་དང་སྤྱོད་ཡུལ་འགྲོ་ཉི་ཤུ །འདུག་དགུ་ཟས་བླང་བརྒྱད་དང་ཟ་ཉེར་གཅིག །ལྷུང་བཟེད་བཅུ་བཞི་ཆོས་བསྟན་ཉེར་དྲུག་དང་། བསྒྲུབ་པའི་ཚུལ་གསུམ་རྒྱུ་གཅིག་ཉེས་བྱས་སྡེ། །འདི་སྤྱད་ཉེས་བྱས་ཉིད་ཕྱིར། དེ་དག་ལས་གང་ཡང་རུང་བ་ཞིག་སྤྱད་ན་ཉེས་བྱས་སུ་འགྱུར་བའི་ཕྱིར་འདི་ལ་ཉེས་བྱས་ཀྱི་སྡེ་ཞེས་བྱའོ། །བཟློག་སྟེ་བསླབ། དགེ་སློང་གང་གནས་དེ་ལྟ་བུ་རྣམས་ལས་བཟློག་སྟེ་བསླབ་པར་བྱ་དགོས་པས་ན་བསླབ་པར་བྱ་བའི་ཆོས་མང་པོ་ཞེས་ཀྱང་བྱའོ། །དེ་ལས་གོས་བགོ་བའི་སྡེ་ནི། ཤམ་ཐབས་ཅི་ནས་ཟླུམ་མིན་བརྩེངས་དང་འཇོལ། །གླང་སྣ་ལྟེབ་དང་ཕུར་མ་གདེངས་ཀ་འདྲ། །གླེང་གཞི་ནི། སྟོན་པ་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་བཞུགས་སོ། །ལྔ་སྡེ་སྐྱོན་མེད་ལ་བཀོད་པས་དགེ་སློང་དུ་གྱུར་པའི་ཚེ། སྔོན་གོམས་པའི་དབང་གིས་ཤམ་ཐབས་ཁྱིམ་པ་བཞིན་དུ་གྱོན་པར་བྱེད་ནས། ཁྱིམ་པ་ནོར་ཅན་ལ་སོགས་པ་འདི་ལྟར་བགྱིད་དོ་ཟེར་བ་དེ་གསོལ་པས། སྟོན་པས་སྔོན་གྱི་ཉན་ཐོས་རྣམས་ཀྱིས་ཤམ་ཐབས་ཇི་ལྟར་གྱོན་བསམས་པ་དང་། ལྷ་རྣམས་ཀྱིས་གསོལ་པ། གནས་གཙང་མའི་ལྷ་རྣམས་ཀྱི་བཞིན་ནོ། །སྟོན་པས་ཀྱང་དེ་ལྟར་མཁྱེན་ནས། དགེ་སློང་རྣམས་ཤམ་ཐབས་ཟླུམ་པོར་བགོ་བ་ལ་བསླབ་པར་བྱའོ། །ཞེས་བཅས་སོ། ༡ །ཤམ་ཐབས་ཅི་ནས་ཟླུམ་པོ་མིན་པ་ཞེས་བྱ་བ་མཐའི་ཁ་མཉམ་པར་འདུག་པ་མ་ཡིན་པའོ། ༢ །དྲུག་སྡེ་རབ་ཏུ་བྱུང་བ་ན་ཤམ་ཐབས་ཧ་ཅང་བརྫེངས་པར་གྱོན་པས་རྒྱན་པོ་དང་ནལ་གྱི་བུ་དག་འདི་ལྟར་གྱོན་པས་མཛེས་པ་མ་ལགས་ན་ཧ་ཅང་བརྫེངས་པར་མ་གསོལ་ཅིག ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །གང་ལགས། དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བར་བསླབ་པར་འགྱུར་བའོ། །དེ་དག་རྒྱ་ཆེན་སྨོད་པ་གསོལ་པས་བཅས། ཧ་ཅང་བརྩེངས་པ་པུས་མོ་གཉིས་ལས་གོང་དུ་ཐལ་བ་ཉིད་དོ། ༣ །དྲུག་སྡེས་ཧ་ཅང་འཇོལ་བར་གྱོན་པས་ཁྱིམ་པ་རྣམས་ཏག་ཀའི་ཡུལ་གྱི་མནའ་མ་དག་འདི་བཞིན་བྱེད་དོ་ཟེར་འཕྱ་བ་ལ་བཅས། ཧ་ཅང་འཇོལ་བ་ལོང་བུའི་ཚིགས་ལ་རེག་པ་ཉིད་དོ། ༤ །དྲུག་སྡེས་ཤམ་ཐབས་མདུན་འཕྱང་བ་དག་བྱས་པས་ར་རོ་བ་དང་ཤ་ཟས་བརླམས་པ་དག་བྱེད་དོ་ཟེར་བས་བཅས་སོ། །གྲྭ་གླང་པོ་ཆེའི་སྣ་ལྟར་ནར་བའོ། ༥ །དྲུག་སྡེས་ཤམ་ཐབས་གློར་ལྟེབ་པར་བྱེད་པས་གར་མཁན་དག་བྱེད་དོ། །ལྟེ་བའི་གོང་རོལ་དུ་ཏ་ལའི་ལོ་མ་ལྟར་ལྟེབ་ཅིང་འདུག་པའོ། ༦ །དྲུག་སྡེས་ཤམ་ཐབས་ཕུར་མ་ལྟར་བྱས་པས་ཚོང་པ་སོགས་བྱེད་དོ། །གློ་ནས་ཕྱི་རོལ་གྱི་གྲྭ་ཕུར་མ་ལྟར་འདུག་པའོ། ༧ །དྲུག་སྡེས་ཤམ་ཐབས་ལྟེ་བའི་འོག་ཏུ་སྦྲུལ་མགོའི་གདེངས་ཀ་ལྟར་བྱེད་པས་རྒྱན་པོ་དག་བགྱིད་དོ། །མདུན་གྱི་ལྟེ་བའི་འོག་ཏུ་ཤམ་ཐབས་ཀྱི་ནང་དང་འབྲེལ་བའི་རིམ་པ་སྦྲུལ་མགོ་གདེངས་ཀ་ལྟར་ཕྱིར་བྱུང་བ་དེ་ལྟ་བུར་བདུན་པོ་མ་ཡིན་པར་ཤམ་ཐབས་ཟླུམ་པོར་བགོ་བར་བྱའོ། ༨ །སྟོད་གཡོགས་ཟླུམ་མིན་བརྩེངས་འཇོལ། ལྔ་སྡེས་ཆོས་གོས་ཇི་ལྟར་བགོ་མི་ཤེས་ནས་ཆོས་གོས་ཟླུམ་པོར་བགོ་བར་བྱའོ། ༩ །དྲུག་སྡེས་ཧ་ཅང་བརྩེངས་པ་དང་། ༡༠ འཇོལ་བ་ལས་སོ། །ཆོས་གོས་ཀྱི་གསུམ་ཡང་ཤམ་ཐབས་ཀྱི་དང་པོ་གསུམ་ལྟར་འགྱུར་བ་དེ་ལྟར་བགོ་བར་བྱའོ། །ཆོས་གོས་ནི་བླ་གོས་དང་སྣམ་སྦྱར་རོ། །སྤྱོད་ཡུལ་དུ་འགྲོ་བའི་སྡེ་ནི། ཁྱིམ་འགྲོ་ན། མ་བསྡམས་བགོས་བསྐྱུངས་མིག་གཡེངས་གང་ཙམ་མིན། ༡ །དྲུག་སྡེས་རྐང་ལག་རྐྱོང་ཞིང་ཁྱིམ་དུ་ཕྱིན་པས་ར་རོ་བ་དང་འབྱུང་པོས་བརླམས་པ་དག་བྱེད་དོ། །ལག་པ་རྐང་པ་རྐྱོང་བ་ལ་སོགས་པ་མི་བྱ་བར་མཉམ་པར་བཞག་པའི་རྣམ་པས་ཁྱིམ་གཞན་དུ་འགྲོ་བར་མི་བྱེད་པ་མ་བསྡམས་པའོ། ༢ །དྲུག་སྡེས་ཆོས་གོས་བསྡུས་ཕྲག་པར་གཟར་ཏེ་འགྲོ་བས་གྱད་འགྱེད་པ་དག་བགྱིད་དོ། །ལེགས་པར་མ་བགོས་པ་སྟེ། ཤམ་ཐབས་དང་སྟོད་གཡོགས་དག་གིས་གཡོགས་པར་བྱ་བའི་ལུས་ལ་མཉམ་པར་མ་གཡོགས་པའོ། ༣ །དྲུག་སྡེས་བྱུང་རྒྱལ་དུ་སྒྲ་འབྱིན་ཞིང་འགྲོ་བས་བྱིས་པ་དང་ར་རོ་བ་དག་བྱེད་དོ། །སྒྲ་མ་སྐྱུངས་པ་ནི་ཅ་ཅོ་མི་སྐྱུང་བར་འགྲོ་བའོ། ༤ །དྲུག་སྡེ་མིག་གཡེངས་ནས་འགྲོ་བས་གླང་པོ་དང་། རྟ་དང་ཤིང་རྟ་དང་། རྐང་ཐང་འཁྲུལ་པ་འདོམས་ནས་མི་གཙང་བའི་ཕྱག་དར་ཁྲོད་དུ་འགྱེལ་བས་སྐར་མ་ལ་གཟིགས་པས་མིག་བཙུམ་པ་བཞིན་ཅི་སྟེ་གཟིགས། ས་ལ་གཟིགས་ན་ཅི་སྟེ་ནོངས་ཟེར་བའོ། །གཡེང་བ་མིག་འཁྲུལ་བའོ། ༥ །དྲུག་སྡེས་རྒྱང་རིང་པོར་ལྟ་ཞིང་སོང་བས་ལམ་ནོར་བས་བྱ་ར་དག་ལྟ་བ་བཞིན་ཟེར་བས་སོ། །མིག་གཉའ་ཤིང་གང་གི་ཚད་ཙམ་དུ་མི་ལྟ་བའོ། ༦ །མགོ་གཡོགས་བརྫེས་གཟར་གཉའ་གོང་ལྟག་པར་བསྣོལ། །དྲུག་སྡེས་མགོ་གཡོགས་ནས་སོང་བས་མིག་ན་བ་དང་འཇིག་པ་དག་བགྱིད་ཟེར་བས་སོ། །རས་ལ་སོགས་པ་རྣམ་པ་དེ་ལྟ་བུས་མགོ་གཡོགས་པའོ། ༧ །དྲུག་སྡེས་ཤམ་ཐབས་བརྫེས་ཏེ་སོང་བས་བཤང་གཅི་བྱེད་པ་དག་བགྱིད་དོ། །བརྫེས་པ་ཇི་ཙམ་མདོམས་ཀྱི་ཕྱོགས་སྣང་བར་འགྱུར་བ་དེ་ཙམ་མོ། །ཐ་མལ་པ་ལ་ནི་བརྫེ་བར་མི་བྱ་ལ། ཚུལ་ཁྲིམས་ལ་སོགས་པའི་བར་ཆད་ཀྱི་དབང་གིས་ནི་ཉེས་མེད་དོ། ༨ །དྲུག་སྡེས་ཆོས་གོས་ཕྲག་པ་ལ་གཟར་ཏེ་སོང་བས་དྭ་དང་། རྒྱན་པོ་དང་། ནལ་གྱི་བུ་དག་བགྱིད་དོ། །ཆོས་གོས་ཕྲག་གི་གཡོན་གྱི་ཕྱོགས་སུ་གཟར་བའམ་ཡུལ་རྫ་རྟ་དག་ནི་ངོས་གཉིས་ཀར་རོ། ༩ །དྲུག་སྡེས་ལག་པ་གཉིས་གཉའ་གོང་དུ་བསྣོལ་ཏེ་སོང་བས་དྭ་སོགས་སོ། །དཔུང་པའམ། ཕྲག་པའམ། གཉའ་གོང་དུ་ལག་པ་བསྣོལ་བའོ། ༡༠ །དྲུག་སྡེས་ལག་པ་ལྟག་པར་བསྣོལ་ཏེ་སོང་བས་གཡོག་དག་བགྱིད་དོ། །ལག་པ་ལྟག་པར་བསྣོལ་བའོ། ༡༡ །མཆོངས་བརྐྱང་ཙོག་པུ་བྲང་བ་དཀུར་བརྟེན་དང་། །དྲུག་སྡེ་རིབ་མ་ལ་མཆོང་ཞིང་ཕྱིན་པས་སྐྲག་ནས་བྲོས་པ་དང་། བགྱི་སོགས་སོ། །མཆོངས་ནས་འགྲོ་བའོ། ༡༢ །དྲུག་སྡེས་གོམ་པ་ཧ་ཅང་ཆེན་པོས་སོང་བས་ར་རོ་བ་དང་འབྱུང་པོས་བརླམས་པ་དག་བགྱིད་དོ། །བརྐྱང་བ་ནི་སྒྱིད་པ་བརྐྱང་བསྐུམ་བྱེད་ཅིང་འགྲོ་བའོ། ༡༣ །དྲུག་སྡེ་ཙོག་པུས་སོང་བས་འགྲོས་ཉམས་པ་དང་། རྐང་བམ་ཅན་དང་། བྱིས་པ་དག་བགྱིད་དོ། །ཙོག་ཙོག་པུས་འགྲོ་བའོ། ༡༤ །དྲུག་སྡེ་རྐང་པའི་བྲང་བ་བཙུགས་ཏེ་སོང་བས་རྐང་མཐིལ་རྨས་པ་དག་བྱེད་དོ། །རྟིང་པ་བཏེག་སྟེ་སོར་མོའི་བྲང་བ་ས་ལ་ཕབ་སྟེ་འགྲོ་བའོ། ༡༥ །དྲུག་སྡེས་ལག་པ་དཀུར་བརྟེན་ནས་འགྲོ་བས་དེད་དཔོན་སོགས་བགྱིད་སོགས་སོ། །ལག་པ་གཉིས་རྐེད་པའི་ཕྱོགས་སུ་བརྟེན་ཏེ་གྲུ་མོའི་ཕྱོགས་སྨྱུང་སྨྱུང་པོར་བྱས་ཏེ་འགྲོ་བ་དཀུར་བརྟེན་པའོ། ༡༦ །ལུས་བསྒྱུར་ལག་སྐྱོག་མགོ་བསྒྱུར་ཕྲག་སྤྲད་སྦྲེལ། །དྲུག་སྡེ་ལུས་བསྒྱུར་ཞིང་འགྲོ་བས་བ་ལང་མོ་དང་སྨད་འཚོང་མ་དག་བགྱིད་སོགས་སོ། །ལུས་བསྒྱུར་ཏེ་འགྲོ་བའོ། ༡༧ །དྲུག་སྡེས་ལག་པ་སྐྱོག་ཅིང་སོང་བས་དྭ་སོགས་སོ། །ལག་པ་སྐྱོག་པོར་བྱས་ཏེ་འགྲོ་བའོ། ༡༨ །དྲུག་སྡེས་མགོ་བསྒྱུར་ཞིང་སོང་བས་གླང་པོ་དང་རྩངས་པ་དག་བགྱིད་དོ་སོགས་སོ། །མགོ་བསྒྱུར་ཞིང་འགྲོ་བའོ། ༡༩ །དྲུག་སྡེས་ཕྲག་པ་སྤྲད་ཅིང་སོང་བས། མི་ཞིག་སྤོས་དང་མེ་ཏོག་གིས་བརྒྱན་ནས་འཇིག་རྟེན་ལ་བུ་ཙམ་དུ་སེམས་ཤིང་འགྲོ་ནས་བཀྲེན་པ་འདིས་འདི་ལྟར་འགྲོ་ན་འདིའི་སྙིང་ལམ་ན་དྲུག་སྡེས་སྔོན་དྲི་དང་མེ་ཏོག་ཐོགས་མ་མྱོང་སྙམ་པས་འདི་མི་དགའ་བར་བྱའོ་ཟེར་ནས། དེ་རྣམས་ཕྲག་པ་སྤྲད་དེ་ཕུལ་བས་ས་ལ་འགྱེལ་ནས་ནོངས་པ་ཅི་བགྱིས། ཁྱེད་ཀྱིས་སྙིང་ལམ་ན་ཞེས་སོགས་སྨྲས་པ་སྨོད་པས་སོ། །གཞན་དག་དང་ཕྲག་པ་གཉིས་སྤྲད་ཅིང་ཁྱིམ་གཞན་དུ་འགྲོ་བའོ། ༢༠ །དྲུག་སྡེས་ལག་པ་སྦྲེལ་ཏེ་འགྲོ་བས་མི་སོགས་སྔར་བཞིན་ལ། གཞན་དག་དང་ལག་པ་སྦྲེལ་ཏེ་ཁྱིམ་གཞན་དུ་འགྲོ་བའོ། །འདུག་པའི་སྡེ་ནི། སྟན་ལ་མ་བསྒོ་མ་བརྟགས་ལྕིད་ཕབ་དང་། །རྐང་པ་བརླ་བསྣོལ་ལོང་བུ་ལོང་བུར་བཞག །རྐང་དགུག་གདངས་དང་མདོམས་སྣང་འགྲམ་སྟན་ཐབས། ༡ །གླེང་གཞི་ནི། མཉན་ཡོད་ན་བྲམ་ཟེ་གཙང་སྦྲ་འདོད་པ་ཞིག་འདུག་པ་དེ་སྒོ་ཁང་དུ་མལ་བཅས་ནས། དེར་བུ་མོ་ཞིག་བསིལ་ཡབ་ཐོགས་ཏེ་སྦྲང་མ་སྐྱོབ་ཅིང་འདུག་པ་དང་། ཉེ་དགའ་དེར་བསོད་སྙོམས་ལ་ཞུགས་ནས་བུ་མོ་བྲམ་ཟེའི་གན་དུ་སོང་ལ། ཉེ་དགའ་སྒོ་ན་སྡོད་དོ་གྱིས་ཤིག བདག་སྦྲང་མ་སྐྱོབ་པས་མི་མཆིའོ། །ཁོ་བོས་བསྲུང་གིས་སོང་ཞིག དེ་སོང་བ་དང་ཉེ་དགས་འཛེགས་ཏེ་སྟན་ལ་འདུག་གོ །བྲམ་ཟེ་དེ་བྱུང་ནས་གཙང་སྦྲ་ཐ་དད་ཡིན་ན་ཅིའི་ཕྱིར་འདུག དགེ་སློང་གིས་མལ་ལ་ལོངས་སྤྱད་པས་ཁྱེད་ཀྱི་ཁྱིམ་བདུན་པ་ཚུན་ཆད་ལ་ཕན་བཏགས་སོ། །བྲམ་ཟེར་འཕྱ་བར་གྱུར་ནས་གསོལ་བས་བཅས་སོ། །ཁྱིམ་གཞན་དེར་ཁྱིམ་བདག་གིས་ཇི་སྲིད་དུ་མ་བསྒོ་བར་དེ་སྲིད་དུ་སྟན་ལ་འདུག་པར་མི་བྱའོ། ༢ །འཆར་ཀས་གཏུམ་མོ་བཏུལ་བའི་ཚེ། དེས་དྲང་སྲོང་གི་སྟན་བཤམས་ནས། འཆར་ཀས་དེ་ལ་ལོངས་སྤྱད་ཅིང་འགྲོའོ། །དུས་གཅིག་ན་སྲིང་མོ་ཁྱོད་བལྟས་ཀྱིས། ལྗོངས་རྒྱུ་རུ་འགྲོའོ། །མྱུར་དུ་བྱོན་ཅིག བྱའོ། །འཆར་ཀ་རྒྱལ་བྱེད་ཚལ་དུ་སོང་བ་དང་། སྟོན་པ་ཉི་མ་བདུན་པ་ལ་ལྗོངས་རྒྱུ་རུ་འགྲོའོ། །སྤྲོ་བ་དག་ཆོས་གོས་ཀྱི་ལས་གྱིས་ཤིག་གསུངས་པ་དང་། འཆར་ཀས་སྟོན་པ་གཤེགས་པ་ལ་ཕན་ཡོན་བཅོ་བརྒྱད་ཡོད་པས་དེ་དང་ལྷན་ཅིག་འགྲོའོ་སྙམ་ནས་མ་འཕགས་སོ། །དེའི་ཚེ་གཏུམ་མོའི་ཁྱིམ་ན་ཁྱེའུ་བཙས་ནས་རིང་པོར་མ་ལོན་པ་ཞིག་ཡོད་པས། བུ་མོ་ལ་དྲང་སྲོང་གི་གདན་ལ་སྙོལ་ཅིག ཡུན་རིང་པོར་འཚོ་བར་འགྱུར་རོ། །དེས་གོས་དཀར་པོ་གྱོན་ནས་བསྙལ་བ་དང་། འཆར་ཀ་མཉན་ཡོད་དུ་བསོད་སྙོམས་ལ་སོང་བ་ན་དེར་སྟན་ལ་ལོངས་སྤྱད་སྙམ་ནས་སོང་ངོ་། །དགྲ་བཅོམ་པ་རྣམས་ནི་མ་བསམས་པར་ཤེས་པ་མི་འཇུག་པས་སྟན་དེ་ལ་གྱ་ཚོམས་སུ་འདུག་པ་དང་། ནང་མི་གཏད་པ་དང་བཅས་པས་ཁྱེའུ་ཁྱེའུ་ཟེར་ནས་མྱུར་བར་ལངས་པ་དང་ཤི་བར་མཐོང་ནས་ངུའོ། །སྲིང་མོ་དག་འདི་ལ་ཅི་ངུ་། འདུས་བྱས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ནོ། །འོན་ཀྱང་ཁོ་བོ་ལ་བརྟེན་ནས་བསླབ་པ་འཆའ་བར་འགྱུར་བས། ཁོ་བོ་ངུ་བར་རིགས་སོ། །དེ་དག་ཡང་དང་ཡང་དུ་ངུ་བ་དེ་གསོལ་བས་བཅས་སོ། །ཁྱིམ་དེར་སྟན་ལ་མ་བརྟགས་པར་འདུག་པར་མི་བྱའོ། ༣ །སྟོན་པ་རབ་ཏུ་བྱུང་ནས་ལོ་བཅུ་གཉིས། སངས་རྒྱས་ནས་ལོ་དྲུག་ལོན་པའི་ཚེ་སེར་སྐྱར་བྱོན་པ་ན། ཉི་མ་དང་པོ་ལ་ཡབ་ཀྱི་གནས་སུ། གཉིས་པ་ལ་བཙུན་མོའི་འཁོར་དུ་བཤོས་གསོལ་པས། གྲགས་འཛིན་བཤོས་འབྲིམ་པ་ལ། འཆར་ཀའི་རྐང་པས་རྐང་པ་ལ་ཕུལ་བ་དང་། དེ་སྟོབས་དང་ལྡན་པས་མ་འགྱེལ་ལོ། །དེས་ས་འཚོ་མ་ལ། འཆར་ཀས་སངས་རྒྱས་དགེ་འདུན་དང་བཅས་པའི་དྲུང་དུ་བདག་ལ་མཐོ་བཙམས་སོ། །ཅི་བྱས། འདི་བྱས་སོ། །ཕྱིས་དེ་དེ་ལྟར་མི་བྱེད་པ་ཞིག་བྱའོ་ཟེར་ནས། གྲགས་འཛིན་མས་ཁྲིའུ་མ་བཏུས་པ་ལ་རས་གཡོགས་ནས། མངག་གཞུག་མ་ལ་ཁྱོད་ཕོ་བྲང་གི་སྒོར་སྡོད་ལ་འཆར་ཀ་བྱུང་བ་དང་བྲམ་ཟེ་ཞེས་རྗོད་ཅིག ཅི་བྱ་ཟེར་ན། བཙུན་མོའི་འཁོར་གྱིས་འབོད་དོ་གྱིས་ཤིག དེས་དེ་ལྟར་བྱས་པ་དང་། འཆར་ཀ་གོར་མ་ཆག་པར་ཡིན་སྙམ་ནས་སོང་བ་དང་། དེས་བུ་མོ་བྲམ་ཟེ་བོས་བྱས་ན་དགེ་སྦྱོང་མགོ་རེག་ཅི་ཏེ་བོས། ཁོ་བོ་ཁྱོད་ཀྱི་ཁྱིམ་ཐབ་ཀྱི་གན་དུ་རབ་ཏུ་བྱུང་བས་བྲམ་ཟེ་ཉེས་སྙམ་མམ། བྲམ་ཟེ་ན་ནི་ཨོཾ་བྷུར་བྷུ་བ་སྭ་ཟེར་ལ། རབ་ཏུ་བྱུང་ན། སྡིག་པ་ཐམས་ཅད་མི་བྱ་སྟེ། །ཟེར་རོ། །ཁྱོད་བྲམ་ཟེ་དང་དགེ་སྦྱོང་གང་ཡིན་ཡང་རུང་སྟེ། ཁོ་མོའི་སྟོན་པ་དཀའ་བ་སྤྱོད་པ་ན། ཚུར་སྤྱོན་ན་བྲམ་ཟེ་ལ་འདི་དང་འདི་སྦྱིན་གསོལ་བ་བྱས་སོ། །ཁྱོད་ལྟ་བ་དང་མ་བྲལ་ལམ། བུད་མེད་ནི་དབྲལ་དཀའ་བ་ལགས་ན་ཇི་ལྟར་བགྱི། སློང་མོ་བ་ལ་ཅི་སྦྱིན་བལྟའོ། །འཕགས་པ་ཞོ་དང་། ཕྱེའི་ཁམ་ཕོར་འདི་འགྲེངས་ཏེ་ལོང་ལ་ཁྲི་ལ་བཞུགས་ཤིག ཁྲིའང་སྦྱིན་ནམ། མི་སྦྱིན་ནོ། །འདི་བཅག་གོ་སྙམ་ནས་ལུས་ཐམས་ཅད་ལྗིད་ཀྱིས་ཕབ་པ་དང་། འགྱེལ་ནས་ཕྱེ་དང་ཞོ་མགོ་བོ་ལ་ཕོ་བ་དང་། རྟ་གད་ཀྱིས་བརྒད་ནས་རྐང་ལག་ནས་བཟུང་ནས་བྱང་ཆུབ་སེམས་དཔའ་རོལ་བའི་རྫིང་དུ་འཕངས་སོ། །འཆར་ཀ་ལངས་ཏེ་གོས་འཚིར་བ་དག་དགེ་སློང་གིས་མཐོང་སྟེ་ཅི་ཉེས། ཀུ་རེ་ཅུང་ཟད་ཅིག་བྱས་པའི་ཉེས་དམིགས་བྱུང་ངོ་། །གསོལ་པས་བཅས་སོ། །ཁྲི་གཞན་དེར་སྟན་ལ་ཟོན་ཡོད་པར་དལ་བུ་དལ་བུས་ལུས་མི་ཕབ་པར་གྱ་ཚོམས་སུ་ལྗིད་ཕབ་ནས་འདུག་པའོ། ༤ །དྲུག་སྡེས་ཁྱིམ་གཞན་དུ་རྐང་པ་བསྣོལ་ཏེ་འདུག་པས་ཁྱིམ་པ་དག་དྭ་དང་། རྒྱན་པོ་སོགས་སྔར་དང་འདྲའོ། །རྐང་པའི་སྟེང་དུ་རྐང་པ་བཞག་སྟེ་འདུག་པ་རྐང་པ་བསྣོལ་བའོ། ༥ །དྲུག་སྡེས་བརླ་བསྣོལ་ཏེ་འདུག་པས་དྭ་དང་རྒྱན་པོ་སོགས་སོ། །བརླའི་སྟེང་བརླ་བཞག་སྟེ་འདུག་པ་བརླ་བསྣོལ་བའོ། ༦ །དྲུག་སྡེས་ལོང་བུའི་སྟེང་དུ་ལོང་བུ་བཞག་སྟེ་འདུག་པས་དྭ་སོགས་སོ། །ལོང་བུའི་སྟེང་དུ་ལོང་བུ་བཞག་སྟེ་འདུག་པ་ལོང་བུ་བསྣོལ་བའོ། ༧ །དྲུག་སྡེས་རྐང་པ་བཀུག་སྟེ་འདུག་པ་ལ་དགེ་བསྙེན་མས་ཕྱག་འཚལ་བ་ལ་ཨ་རོ་ཀྱ་མི་ཟེར་ནས། ཅིའི་སླད་དུ་ཨ་རོ་ཀྱ་མི་གསུང་། ཁྱེད་ཅག་གིས་ཁོ་བོའི་རྐང་པ་ལ་ཕྱག་མ་བྱས་སོ། །དེ་དག་གིས་རྐང་པ་ལ་ཕྱག་འཚལ་བ་ན་རྐུབ་ཚོས་འཇལ་བར་བྱེད་ཅིང་། དགའ་བོ་ཉེ་དགའ་དེ་དག་གི་རྐུབ་ཚོས་ཆེ་ཆུང་ལ་ལྟོས་ཟེར་བ་ལས་སོ། རྐང་པ་བཀུག་སྟེ་འདུག་པའོ། ༨ །དྲུག་སྡེས་རྐང་པ་གདང་སྟེ་འདུག་པས་དགེ་བསྙེན་མ་དག་ཕྱག་འཚལ་བ་ན་ཨ་རོ་ཀྱ་ལྷག་མ་དང་བཅས་པ་ཟེར་ནས། ཅིའི་སླད་དུ་དེ་སྐད་གསུངས། རྐང་པ་ལ་རེག་ལ་ཕྱག་མ་བྱས་སོ། །དེར་རྐང་པ་ལ་ཕྱག་བྱས་ནས་རྐུབ་ཚོས་འཇལ་བ་སོགས་སོ། །རྐང་པ་གདངས་ཏེ་འདུག་པའོ། ༩ །དྲུག་སྡེས་མདོམས་སྣང་བར་རན་ལ་འཁོད་ཅིང་སྒྲེན་མོར་སྣང་ནས་བྱིས་པ་དང་ར་རོ་བ་སོགས་སོ། །མདོམས་སྣང་བར་བྱས་ཏེ་འདུག་པའོ། །དེ་ལྟར་དགུའོ། །ལག་པ་འགྲམ་པ་ལ་བརྟེན་པ་ཨོམ་ཚུགས་ཀྱིས་འདུག་པ་དང་། སྟན་གང་ལ་འདུག་འདུག་པ་སྟེ་རྒྱབ་ཀྱིས་ཁྱེར་ཞིང་འགྲོ་བ་སྟན་ཐབས་བཀུར་བ་སྟེ། གཉིས་ནི་ཞར་ལ་འོངས་པའོ། །ཟས་བླང་བའི་སྡེ་ནི། ལེགས་པར་མ་བླངས་མུ་ད་ཁ་ཆ་མཉམ། །མཐར་ཆགས་མིན་དང་ལྟ་མིན་མ་འོངས་བཟེད། །ལྷག་པོར་འདོད་བདག་སྟེང་དུ་སྣོད་གཟུང་དང་། ༡ །གླེང་གཞི་ནི། སྟོན་པ་ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ་བཞུགས་སོ། །རྒྱལ་བུ་རྟོགས་ལྡན་གྱི་ཁང་བཟང་པདྨ་ཅན་ཚོན་སྣ་བརྒྱ་རྩ་གཅིག་གིས་སྤྲས་པ་དེར་དགེ་འདུན་སྤྱན་དྲངས་ནས། བཤོས་གསོལ་བ་ན། འཁོར་རྣམས་མ་དད་ནས་ལ་དུས་དགེ་སློང་གི་ལྷུང་བཟེད་གཅོག་པ་མཐོང་ནས། དྲུག་སྡེས་གྲོས་བྱས་ནས་འབྲས་ཆན་དང་ཚོད་མ་འབྲིམ་པ་ན་ལྷུང་བཟེད་བཀྱེད་པས་ས་ལ་བོ་ནས་ཁང་བཟང་མ་རུངས་པར་བྱས་སོ། །བཀྲེས་པ་ཁྱོད་ས་གཞི་མ་རུངས་པ་ལ་མི་དགའ་ན་དགེ་སློང་གི་ལྷུང་བཟེད་ཆག་པ་ཇི་ལྟར་བྱ་ཟེར་བ་གསོལ་པས་སོ། །ཐམས་ཅད་དུ་ལེགས་པར་ཟས་མི་བླང་ནའོ། ༢ །དྲུག་སྡེ་དེར་བསོད་སྙོམས་ལ་ཞུགས་པ་ན། དང་པོར་འབྲས་ཆན་གྱིས་ལྷུང་བཟེད་གང་བར་ལེན་ནས། འཕགས་པ་སྐྱུ་རུམ་གང་དུ་སྩལ། འདི་ཉིད་དུ་ལྡུགས་ཤིག བླུག་པ་དང་ལུད་ནས་ས་ལ་ཕོ། ཁྱེད་ཀྱིས་རྒྱལ་པོའི་ཁང་པ་མ་རུངས་པར་བྱས་སོ། །རྒྱལ་བུ་འདི་ལ་ཆགས་པས་གར་སྐྱེ་མི་ཤེས་ཀྱིས། ཁྱེད་ཅག་འདི་ལ་ཆགས་པས་ཡི་དྭགས་ལྦ་བ་ཅན་དུ་སྐྱེ་བར་འགྱུར་རོ་ཟེར་བ་གསོལ་པས་སོ། །མུ་ནི་དེའི་ཁ་ལོགས་ཀྱི་མུ་སྟེ། ཅི་ནས་ཀྱང་མུ་དང་ཁ་བཅད་དུ་གང་བར་འགྱུར་བ་དེ་ལྟ་བུར་བླངས་པའོ། །ཅུང་ཞིག་མ་གང་བ་ཙམ་ཚུན་བླང་བར་བྱ་བ་ཡིན་ནོ། ༣ །ཡང་དེར་དྲུག་སྡེ་ཞུགས་ནས་ལྷུང་བཟེད་ཚོད་མས་གང་བར་བླངས་ནས་འབྲས་ཆན་གར་འབྲིམ། འདི་ཉིད་དུའོ། །ལུད་ནས་ས་ལ་བོ་བས་རྒྱལ་བུ་སོགས་སྔར་དང་འདྲའོ། །ཚོད་མ་ནི་བྱ་ན་ཐམས་ཅད་ཀྱི་དཔེ་ཙམ་སྟེ། རང་ཇི་ཙམ་གྱིས་འཚོ་བར་འགྱུར་བའི་ཚོད་མ་དང་བཟའ་བ་མཉམ་པ་མ་ཡིན་པ་དེ་ལས་ལྷག་པར་ལེན་ཏམ། ཟན་ཐ་ན་ཁམ་གཅིག་ཙམ་ཡིན་དུ་ཟིན་ཀྱང་དད་པས་སྦྱིན་པར་བྱ་བ་ཆུད་གཟོན་པར་བརྗོད་པར་བྱའོ། །གང་གི་ཚེ་ཚད་འཛིན་པར་མི་ནུས་སམ། ཕྱིར་ལ་ཟློག་པར་མི་ནུས་པས་སམ། གཞན་སུ་ཡང་རུང་བ་ལ་སྦྱིན་ནོ་སྙམ་ནས་ལེན་པ་ནི་ཉེས་མེད་དོ། ༤ །དྲུག་སྡེ་དག་དྲུང་དུ་ཚོད་མ་མི་ལེན་པར་ཐག་རིང་དུ་སོང་བ་དང་བོས་པས། འགྲིམ་མཁན་བྲེལ་བར་གྱུར་ནས་གསོལ་པས་སོ། །སྟན་ལ་འདུག་པའི་གྲལ་གྱི་རིམ་པ་མཐར་ཆགས་སུ་ཟས་བླང་བར་མི་བྱེད་པ་སྟེ། འདིར་རྒན་རིམ་དུ་བྱ་བ་མ་ཡིན་ཏེ། རྒན་རིམ་དག་འོག་ཏུ་མ་འདུག་ན་ཡང་ཐོད་རྒལ་དུ་བྲིམ་པར་མ་གསུངས་པའི་ཕྱིར་རོ། ༥ །དྲུག་སྡེའི་འོག་ན་རྒན་ཞུགས་ཤིག་འདུག་པ་དེས་རྒན་པའི་གདོང་ལ་བལྟ་ཞིང་འདུག་པས། དེའི་ལྷུང་བཟེད་ཟན་ཆངས་ཀྱིས་བཀང་ངོ་། །དེ་ལ་བཅའ་བ་བྱིན་པ་ན་ལྷུང་བཟེད་ཀྱི་གཞིར་ལྷུང་བ་དང་གདོང་དུ་བལྟས་པས། ཅིའི་ཕྱིར་ཟན་མང་པོ་བླངས། མ་བླངས་སོ། །ག་ནས་བྱུང་། མ་ཤེས་སོ། །དྲུག་སྡེ་ན་རེ། ང་ལས་ནུ་ལ་དབྱིག་གི་ཆར་འབབ་པ་བཞིན། འདི་ལ་ཟན་ཆངས་ཀྱི་ཆར་འབབ་པ་ཟེར་བ་དེ་གསོལ་པས་སོ། །ལྷུང་བཟེད་ལ་མི་བལྟ་བ་ཞེས་པ་ནི་ཡིད་ཀྱིས་སྣོད་ཤེས་པར་མི་བྱ་བར་ལེན་པའོ། ༦ །དྲུག་སྡེ་བསོད་སྙོམས་ལ་ཞུགས་པ་ན། མི་སྦྱིན་པའི་སྔོན་རོལ་དུ་ལྷུང་བཟེད་བཟེད་ནས་སྡོད་པ་ལ། ཁྱིམ་པ་རྣམས་ཅིའི་སླད་དུ་འདི་ལྟར་མཛད། མ་མཛད་ཅིག འདི་ལ་དགོས་པ་ཡོད་དོ་སོགས་འདྲ། ཇི་སྲིད་དུ་བཅའ་བ་དང་བཟའ་བ་མངོན་སུམ་དུ་མ་འོངས་པ་ནས་ལྷུང་བཟེད་བཟེད་པར་བྱེད་པའོ། ༧ །ཁྱིམ་གཅིག་ཏུ་དགེ་འདུན་སྤྱན་དྲངས་པ་ན། དྲུག་སྡེས་ཚོད་མ་ཉུང་འབྲས་ཆན་མང་བར་མཐོང་ནས་འབྲས་ཆན་གྱིས་ཚོད་མ་བཀབ་པ་དང་། སྐྱུ་རུམ་མ་མཆིས་སམ། འདིར་ལྟོས། ཚོད་མ་ཡང་སྦྱིན་ནོ། །གཙུག་ལག་ཁང་དུ་སོང་བ་དང་། དགེ་སློང་རྣམས་འབྲས་ཆན་བཟང་སྟེ་ཚོད་མ་ཉུང་ངོ་། །དྲུག་སྡེ་ན་རེ། ཚོད་མ་མང་དུ་ཐོབ་བོ། །ཅི་ལྟར། འདི་ལྟར། རུང་ངམ། རུང་ཡང་སྲིད་མི་རུང་ཡང་སྲིད་བྱས་སོ། །ཡང་དྲུག་སྡེས་ཁྱིམ་གཞན་དུ་དགེ་འདུན་སྤྱན་དྲངས་པ་དང་། ཚོད་མ་མང་འབྲས་ཆན་ཉུང་བར་མཐོང་ནས་འབྲས་ཆན་བཀབ་པ་དང་སོགས་དང་། དེ་གསོལ་པས་སོ། །ལྷག་པོ་ཐོབ་པར་བྱའོ་སྙམ་པའི་བསམ་པས་འབྲས་ཆན་གྱིས་ཚོད་མ་དགབ་པའམ་ཚོད་མས་འབྲས་ཆན་དགབ་པར་བྱེད་པའོ་བསམ་པ་མེད་ན་ཉེས་པ་མེད་དོ། ༨ །དྲུག་སྡེས་བཟའ་བཅའི་སྟེང་དུ་ལྷུང་བཟེད་འཛིན་པ་དང་། གཙང་སྦྲ་ཐ་དད་ལགས་ཀྱིས་མ་མཛད་སོགས་སོ། །བཅའ་བ་དང་བཟའ་བ་དེའི་སྟེང་དུ་ལྷུང་བཟེད་བཟུང་བར་བྱེད་པའོ། །ཟས་ཟ་བའི་སྡེ་ནི། འགལ་ཟོས་ཁམ་ཆུང་ཆེ་དང་རན་པར་མིན། །ཁ་གདངས་བཀང་སྟེ་སྨྲ་བ། ༡ དྲུག་སྡེས་རྣམ་པར་འགྱུར་བས་ཟས་ཟ་ནས་སྨད་འཚོང་མ་དག་བགྱིད་སོགས་གསོལ་བས་སོ། །འགལ་བ་དང་རྣམ་པར་འགྱུར་བས་ལེགས་པར་ཟས་མི་བཟའ་བའོ། ༢ །དྲུག་སྡེས་ཁམ་ཧ་ཅང་ཆུང་བ་ཟ་ནས་ཁྱེའུ་དང་སྔ་མ་སོགས་སོ། །ཁམ་ཞེས་བྱ་བ། ཁར་ཁམ་ཚད་དུ་གཞུག་ཅིང་མིད་པར་བྱ་བ་སྟེ། དེ་ཧ་ཅང་ཆུང་ངུར་བྱས་པའོ། ༣ །དྲུག་སྡེས་ཁམ་ཧ་ཅང་ཆེན་པོ་ཟ་ནས་མུ་ལྟོ་བ་དག་སོགས་སོ། །ཁམ་ཧ་ཅང་ཆེན་པོར་བྱེད་པའོ། ༤ །དྲུག་སྡེ་ཁམ་མི་རན་པར་ཟ་ནས་ཁྱེའུ་དང་མུ་ལྟོ་བ་སོགས་སོ། །རང་ངམ་འཇིག་རྟེན་དང་མཐུན་པའི་ཁམ་རན་པར་མི་བྱེད་པའོ། ༥ །དགེ་འདུན་གདུགས་ཚོད་ལ་སྤྱན་དྲངས་པ་ན་རྒན་ཞུགས་ཤིག་ཁ་གདངས་ཏེ་རྒན་པའི་མཐར་བལྟ་བའི་ཁར་དྲུག་སྡེས་བོང་བ་བཅུག་པ་དང་། འདི་ཟོ་ཞེས་པ་དེ་གསོལ་པས་སོ། །ཁམ་ཁའི་སྒོར་ཉེ་བར་མ་འོངས་པ་ནས་ཁ་གདངས་པའོ། ༦ །དྲུག་སྡེས་ཁ་ཁམ་གྱིས་བཀང་སྟེ་སྨྲས་པས་སྐད་མི་གསལ་ནས་གསོལ་པས་སོ། །ཁ་ཁམ་གྱིས་བཀང་སྟེ་ཚིག་སྨྲ་བར་བྱེད་པའོ། ༧ །ཙུག་ཙུག་དང་། །ཅག་ཅག་ཧུ་ཧུ་ཕུ་ཕུ་ལྕེ་ཕྱུང་ཟ། །མཉན་ཡོད་དུ་ཁྱིམ་བདག་གཅིག་གིས་ཚོད་མ་ཏེ་པོར་མངར་བར་བྱས་པས། དྲུག་སྡེས་ཁས་སྒྲ་ཕྱུང་ནས་ཚོད་མ་ཏེ་པོར་སྐྱུར་རོ། །དེ་སྐྱེངས་ནས་ཅི་ཡང་མི་སྨྲ་བ་དེ་གསོལ་པས་སོ། །ཁའི་རྣམ་པར་འགྱུར་བའི་སྒྲའི་བྱེ་བྲག་ཙུག་ཙུག་ཟེར་ཞིང་ཟ་བར་བྱེད་པའོ། ༨ །དེ་བཞིན་དུ་ཚོད་མ་ཏེ་པོར་སྐྱུར་བ་བྲིམ་པས། དྲུག་སྡེས་ཚོད་མ་ཏེ་པོར་མངར་རོ། །གསོལ་པས་སོ། །ཅག་ཅག་ཟེར་ཞིང་ཟ་བའོ། ༩ །ཁྱིམ་བདག་གཅིག་ལ་སྣོད་སྤྱད་མེད་པས་འབྲས་ཆན་བཙོས་ནས་སྒྲོམ་དུ་བླུགས་པས་དེ་ཚ་ནས། དྲུག་སྡེ་དག་གིས་འདི་གྲང་གིས། ཁའི་དབུགས་ཀྱིས་བསྲོས་ལ་བཟའ་འོ་ཞེས་སྨྲས་པས། སྐྱེངས་པ་དེ་གསོལ་པས་སོ། །ཧུ་ཧུ་ཟེར་ཞིང་ཟ་བའོ། ༡༠ །ཁྱིམ་བདག་གཅིག་གིས་འབྲས་ཆན་བཙོས་ནས་རེ་ལྡེར་བདལ་བས་གྲང་པར་གྱུར་ནས། དྲུག་སྡེས་སྒྲ་ཕྱུང་ནས་འདི་ཏེ་པོར་ཚའི། གྲང་སྟེ་བཟའ་འོ་ཞེས་སྨྲས་པས། སྐྱེངས་པ་དེ་གསོལ་པས་སོ། །ཕུ་ཕུ་འདེབས་པའོ། ༡༡ །དྲུག་སྡེས་ལྕེ་ཕྱུང་ཞིང་དེ་ལ་བལྟ་ཞིང་མཆུ་གཉིས་ལ་ལྡག་པར་བྱེད་ནས། དགེ་སློང་ཅིའི་ཕྱིར་ལྕེ་ཕྱུང་སྟེ་བལྟ། བཟས་པས་མིད་པ་ལ་མི་རུང་བས་བལྟའོ། །དེ་སྨོད་པ་དེས་གསོལ་པས་སོ། །ཟན་ཟ་བ་ན་ལྕེ་ཕྱིར་ཕྱུང་སྟེ་ཟ་བར་བྱེད་པ་ནའོ། ༡༢ །འབྲུ་ནས་ཐ་དད་འཕྱས་གདགས་མཁུར་བ་སྤོ། །རྐན་ཏོག་ཁམ་འཕྲོ་བཅད་དང་། དྲུག་སྡེས་འབྲས་ཆན་འབྲུ་རེ་རེ་ནས་འཐུ་ཞིང་ཟ་ནས། ཁྱིམ་པ་དང་། དྭ་དང་། རྒྱན་པོ་སོགས་སོ། །ཟན་གང་ལ་འབྲས་ཆན་ལ་སོགས་པའི་འབྲུ་ཡོད་པ་དེ་དག་རེ་རེ་ནས་བཏུ་ཞིང་ཟ་བར་མི་བྱའོ། ༡༣ །དྲུག་སྡེ་དག་ཧ་ཅང་ཁའོ་ཧ་ཅང་སྐྱུར་རོ་ཞེས་འཕྱས་གདགས་ནས་གསོལ་པས་སོ། །ཟས་ལ་འཕྱ་སྨོད་བྱེད་པའོ། ༡༤ །དྲུག་སྡེ་དག་མཁུར་བ་ནས་མཁུར་བར་ཁ་སྤོས་ཤིང་ཟ་ནས། ཁྱིམ་པ་དག་མུ་ལྟོ་བ་དག་འདི་ལྟར་ཟ་སོགས་སོ། །མཁུར་བ་གཡས་གཡོན་སྤོས་ཀྱིན་ཟ་བའོ། ༡༥ །དྲུག་སྡེས་རྐན་སྒྲ་ཏོག་པར་བྱེད་ནས་བྱིས་པ་དང་མུ་ལྟོ་བ་སོགས་སོ། །རྐན་ཏོག་གིན་ཟ་བའོ། ༡༦ །དྲུག་སྡེས་ཁམ་བླངས་ནས་ཕྱེད་ཁར་འཇུག་ཕྱེད་ལྷུང་བཟེད་དུ་འཇོག་པ་ལ། ཁྱེའུ་དང་སྨད་འཚོང་མ་དག་བགྱིད་དོ་སོགས་སོ། །ཁམ་ཕྱེད་མར་བཅད་ནས་ཟ་བར་བྱེད་པའོ། ༡༧ །ལག་པ་བལྡག འབྱོག་དང་ལག་སྤྲུག་སྣོད་བསྐྱོམས་འདྲ་བྱས་གཞོམ། །དྲུག་སྡེས་ཟས་ཟ་བ་ན་ལག་པ་བལྡགས་ནས་སྙིང་པོ་གང་ཡིན་པ་དེ་འདི་ལ་ཆགས་སོ་ཟེར་བ་ལ་དེ་དག་སྨོད་པའི་སྐབས་དེ་གསོལ་པ་སོགས་སོ། །ལག་པ་བལྡག་པའོ། ༡༨ །དྲུག་སྡེས་ལྷུང་བཟེད་འབྱོག་པར་བྱེད་ནས་ཅིའི་ཕྱིར་འདི་ལྟར་མི་མཛེས་པར་བྱེད། སྙིང་པོ་གང་ཡིན་པ་དེ་འདི་ལ་ཆགས་སོ། །ལྷུང་བཟེད་ལྕེའམ་སོར་མོས་འབྱོག་པའོ། ༡༩ །དྲུག་སྡེས་ལག་པ་སྤྲུགས་པས་དགེ་སློང་ལ་ལག་ཆུ་ཕོག་ནས་སྨོད་པར་བྱེད་སོགས་སོ། །ལག་པ་ལ་ཟས་ཆགས་པ་སྤྲུག་པར་བྱེད་པའོ། ༢༠ །དྲུག་སྡེས་ཁྱིམ་གཞན་དུ་ཟ་བ་ན་དགེ་སློང་སྣམ་སྦྱར་དམར་སེར་ཅན་ཞིག་འདུག་པས། སྙིང་ལམ་ན་དྲུག་སྡེས་འདི་ལྟ་བུའི་སྣམ་སྦྱར་གྱོན་མ་མྱོང་སྙམ་དུ་སེམས་པས། འདི་མི་དགའ་བར་བྱའོ་ཟེར་ནས་ལྷུང་བཟེད་བསྐྱམས་པས་དེའི་སྣམ་སྦྱར་ཆུས་མ་རུངས་པར་གྱུར་ནས་སྨོད་པ་སོགས་སོ། །ལྷུང་བཟེད་ཀྱི་ནང་དུ་ཟས་ལ་སོགས་པ་བླུགས་ཏེ་བསྐྱམས་པ་འམ། ལྕི་ཡང་ཅི་ཡོད་ཚད་པར་བྱེད་པའོ། ༢༡ །ཁྱིམ་པ་སྔར་གཅེར་བུ་ལ་དད་ཕྱིས་བཅོམ་ལྡན་འདས་ལ་དད་པ་ཞིག་གིས་དགེ་འདུན་གདུགས་ཚོད་ལ་སྤྱན་དྲངས་པ་དང་། དེར་དྲུག་སྡེས་ཕྱེ་བྲིམས་པ་ལ་སྦྲུས་ཏེ་མཆོད་རྟེན་འདྲ་བར་བྱས། ལ་ཕུག་གི་ཕྱེད་ཚལ་བྲིམས་པས་སྲོག་ཤིང་བྱས། འཁུར་བ་བྲིམས་པ་དེའི་སྟེང་དུ་གདུགས་བྱས་ནས་དགའ་བོ་ཉེ་དགའ་དག་མཆོད་རྟེན་འདི་ངན་འགྲོ་རྫོགས་པར་བྱེད་པ་རྫོགས་བྱེད་ཀྱི་ཡིན་ནོ། །ཡང་བཅོམ་ནས་ཟོས་ཏེ་དེའི་མཆོད་རྟེན་རྡིབ་བོ་ཟེར་བ་དང་། ཁྱིམ་བདག་དེས་བདག་སྡིག་ལྟ་དང་བྲལ་ན། ཁྱེད་ཅག་ད་དུང་ཞེ་སྡང་བྱེད་དམ་ཟེར་བ་དེ་གསོལ་པས་སོ། །བཟའ་བ་ལ་མཆོད་རྟེན་གྱི་དབྱིབས་འདྲ་བར་བྱས་ཏེ་གཞོམ་ཞིང་ཟ་བར་བྱེད་དོ། །ལྷུང་བཟེད་ཀྱི་སྤྱོད་པའི་སྡེ་ནི། འཕྱས་གདགས་ཕྱིར་བལྟ་འབགས་པས་ཆུ་སྣོད་འཛིན། །འབགས་ཆུ་གཞན་གཏོར་མ་དྲིས་ཁྱིམ་དུ་དབོ། ༡ །དྲུག་སྡེ་ཟན་ཟ་བ་ན་དྲུང་ན་འདུག་པ་དེ་ཡང་ཟ་བ་ལ། རྒན་ཞུགས་འདི་འདི་སྙེད་ཅིག་ཟ་བ་ལ་ལྟོས་ཟེར་བ་ལས་སོ། །དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་མི་བལྟའོ། ༢ །དྲུག་སྡེས་ལག་པ་ཟས་དང་འབགས་པས་ཆུ་སྣོད་འཛིན་པར་བྱེད་ནས་འདི་དག་ནི་གཙང་སྦྲ་མི་བྱེད་པའོ་ཟེར་བ་ལས་སོ། །ལག་པ་ཟས་དང་འབགས་པས་བྱ་མ་བུམ་ལ་སོགས་པའི་ཆུ་སྣོད་འཛིན་པར་བྱེད་པའོ། ༣ །དྲུག་སྡེས་ཁྱིམ་གཞན་དུ་ཟ་བ་ན་འོག་ན་སྣམ་སྦྱར་དམར་སེར་ཅན་ཞིག་འདུག་ནས་སྔར་བཞིན་ཟེར་ནས་ཟས་དང་སྦགས་པའི་ཆུས་གཏོར་ནས་སྣམ་སྦྱར་མ་རུངས་པར་གྱུར་ནས་སྨོད་པར་བྱེད་པ་སོགས་སོ། །མདུན་ན་འདུག་པའི་དགེ་སློང་ལ་ཟས་དང་འབགས་པའི་ཆུ་གཏོར་བའོ། ༤ །དགེ་འདུན་རྒྱལ་བུ་རྟོགས་ལྡན་གྱི་ཁང་བཟང་དུ་སྤྱན་དྲངས་པ་ན། དྲུག་སྡེས་ལྷུང་བཟེད་བཀྲུས་པའི་ཆུ་དེ་ཉིད་དུ་ཕོ་ནས། ནང་མི་རྣམས་ཁང་བཟང་མ་རུངས་པར་བྱས་སོ། །རྒྱལ་བུ་འདི་ལ་ཆགས་པས་ཅི་སྐྱེ་མི་ཤེས། ཁྱེད་ཅག་འདི་ལ་ཆགས་པས་ཡི་དྭགས་ལྦ་བ་ཅན་དུ་སྐྱེའོ་ཞེས་སྨོད་པ་དེ་གསོལ་པས། ཁྱིམ་བདག་ལ་མ་དྲིས་པར་ཟས་དང་འབགས་པའི་ཆུ་དེ་ཁྱིམ་དུ་དབོ་བར་བྱེད་པའོ། ༥ །ལྷག་བླུགས་གཞི་མེད་གད་གཡང་གཟར་པོར་བཞག །འགྲེང་གད་གཡང་གཟར་རྒྱུན་འབབ་དྲག་པོར་བཀྲུས། །དགེ་སློང་དག་ཤིང་ཐོག་ལ་སོགས་པ་ཆ་ཕྱེད་ཟོས་པའི་ངན་སྨར་གྱུར་པ་ལྷུང་བཟེད་ཀྱི་ནང་དུ་བླུགས་ནས་དོར་བ་ལས་སོ། །ཟས་ཀྱི་ལྷག་མ་ལྷུང་བཟེད་ཀྱི་ནང་དུ་བླུགས་ཏེ་དོར་བར་བྱེད་པའོ། །དེའི་ཞར་ལ་མཉན་ཡོད་དུ་བྲམ་ཟེ་གཅིག་གི་བུ་ན་ནས་སྨན་པ་ལ་སྨན་སྟོན་ཅིག དགེ་སློང་གི་ལྷུང་བཟེད་ཀྱི་ཆུས་ཁྲུས་ཤིག དེས་རྒྱལ་བྱེད་ཚལ་དུ་སོང་བ་དང་། ཉེ་དགའ་སྒོ་ནང་འདུག་པ་ལ་ཕྱག་འཚལ་ནས་བདག་གིས་བུ་བྲོ་འཚལ་གྱིས། ལྷུང་བཟེད་ཀྱི་ཆུ་སྩལ་དུ་གསོལ། འདིར་སྡོད་ཅིག ཉེ་དགས་ལྷུང་བཟེད་དུ་ཕྱེ་དང་། འབྲས་ཆན་དང་། འཁུར་བ་དང་། ཤ་དང་། རུས་པའི་དུམ་བུ་བཅུག་ནས་ཆུ་བླུག་སྟེ་ཆུ་ལོངས་ཤིག ཆུ་འདི་ལྟ་བུའམ། འདི་ལྟ་བུའོ། །བདག་གི་བུ་གུམ་པ་ལེགས་ཀྱིས། འདི་ལྟ་བུའི་མི་གཙང་བས་བཀྲུ་བར་མི་རུང་ངོ་། །དེ་གསོལ་པས་སོ། །ལྷུང་བཟེད་ལན་གསུམ་དག་པར་བཀྲུས་ཏེ། དྲང་སྲོང་གིས་གསུངས་པའི་གཙུག་ལག་གི་ཚིགས་སུ་བཅད་པ་དག་གིས་བཟླས་བརྗོད་བྱས་པ་བྲམ་ཟེ་ལ་སོགས་པ་སློང་བ་དག་ལ་སྦྱིན་པར་བྱའོ། ༦ །དགེ་སློང་རྣམས་ཀྱིས་འོག་གཞི་མེད་པར་ལྷུང་བཟེད་བཞག་པས། བཙས་ཟོས་ནས་གསོལ་པས་སོ། །ལོ་མ་ལ་སོགས་པ་དག་གིས་མ་གཡོགས་པའི་འོག་གཞི་མེད་པའི་སར་ལྷུང་བཟེད་བཞག་པའོ། ༧ །དགེ་སློང་རྣམས་ཀྱིས་ལྷུང་བཟེད་གད་ཁར་བཞག་པ་འདྲིལ་ནས་ཆག་པ་ལས་སོ། །གད་ཁར་ལྷུང་བཟེད་འཇོག་པའོ། ༨ །གཡང་སར་བཞག་པ་འདྲིལ་ནས་ཆག་པ་ལས་སོ། །བྱིན་གྱིས་གཞོལ་བའི་གཡང་ས་ཡིན་པར་ལྷུང་བཟེད་བཞག་པའོ། ༩ །དཀན་གཟར་པོར་བཞག་པ་འདྲིལ་ཏེ་ཆགས་པ་ལས་སོ། །བང་རིམ་བཞི་པོ་ལྟ་བུའི་དཀན་གཟར་པོར་ལྷུང་བཟེད་བཞག་པའོ། ༡༠ །དགེ་སློང་ཞིག་བསྒྲེངས་ཏེ་ལྷུང་བཟེད་འཁྲུ་ནས། དེ་ལྟར་མ་འཁྲུད་ཅིག ཅི་ཉེས། ལྷུང་ན་ཆག་གོ །དེས་དེ་ལྷུང་ནས་ཆག་པའི་སྐབས་དེ་གསོལ་པས་སོ། །བསྒྲེང་སྟེ་ལྷུང་བཟེད་བཀྲུ་བའོ། ༡༡ །གད་ཁ་དང་། ༡༢ གཡང་ས་དང་། ༡༣ དཀན་གཟར་པོ་གསུམ་ལ་བཀྲུས་པ་ཡང་དེ་དང་འདྲའོ། ༡༤ །དགེ་སློང་ཞིག་གིས་འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ཆུ་བཅུས་པས་ལྷུང་བཟེད་ཆུས་ཁྱེར་བ་ལས་སོ། །ལྷུང་བཟེད་ཀྱིས་འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ཆུ་བཅུ་བར་བྱེད་པའོ། །དེ་ལ་འཕྲོས་པ་ཧ་ཅང་རྒྱུན་ལུགས་མང་བའི་ཕྱིར་བཞི་མདོར་བཀྲུ་བར་མི་བྱའོ། །ཆོས་བསྟན་པའི་སྡེ་ནི། འགྲེང་ཉལ་དམའ་བར་འདུག་དང་ཕྱིས་ནས་འོང་། །ལམ་གྱི་འགྲམ་སོགས་དོ་ཀེར་ཞྭ་ཅོད་པན། །འཕྲེང་དང་དཀྲིས་དང་གླང་པོ་རྟ་དང་བཞོན། །མཆིལ་ལྷམ་འཁར་གདུགས་མཚོན་ཆ་རལ་གྲི་དང་། །དགྲ་ཆ་གོ་ཆ་གྱོན་པ་རྣམས་ལ་བཤད། །གླེང་གཞི་ནི། མཉན་ཡོད་དུ་དྲུག་སྡེ་དག་མི་ན་བར་འགྲེངས་ཏེ་ལྷུང་བཟེད་འཁྲུ་ནས་འདུག་པ་ལ་ཆོས་བཤད་པས་དད་པ་ཅན་དག སྟོན་པས་བསྐལ་བ་གྲངས་མེད་དུ་དཀའ་བ་སྤྱད་དེ་ཕར་ཕྱིན་དྲུག་རྫོགས་པར་མཛད་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་ན། ཁྱེད་ཅག་གུས་པ་དང་རྗེ་ས་མེད་པར་འདུག་པ་རྣམས་ལ་འགྲེངས་ཏེ་ཆོས་འཆད་དམ་ཟེར་བས། དེ་དག་ཅང་མི་སྨྲ་བས་དེ་གསོལ་པས་བཅས་ཤིང་། དེ་བཞིན་དུ་གོ་ཆ་གྱོན་པའི་བར་དུ་གླེང་གཞི་རྣམས་འགྲེའོ། ༡ །ན་བ་མིན་པར་ཉན་པ་པོ་འདུག་པ་ལ་བསྒྲེངས་བས་དང་། ༢ ཉལ་པ་ལ་འདུག་པས་དང་། ༣ ཉན་པ་པོ་མཐོན་པོ་ལ་འདུག་པ་ལ་དམའ་བར་འདུག་པས་དང་། ༤ ཉན་པ་པོ་བཟང་པོ་ལ་འདུག་པ་ལ་ངན་པར་འདུག་པས་དང་། ༥ ཉན་པ་པོ་མདུན་དུ་འགྲོ་བ་ལ་ཕྱི་ནས་འོང་བཞིན་ནམ། ལམ་གྱི་དབུས་ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་བས་ཆོས་བཤད་པ། ༦ མགོ་གཡོགས་པ་དང་། ༧ བརྫེས་པ་དང་། ༨ གཟར་བ་དང་། ༩ གཉའ་གོང་དང་། ༡༠ ལྟག་པར་བསྣོལ་བ་ལ་བཤད་པ། ༡༡ ཞྭ། ༡༢ ཅོད་པན། ༡༣ འཕྲེང་བ། ༡༤ གོས་ཀྱིས་དཀྲིས་པ་དང་། ༡༥ དོ་ཀེར་ཅན་རྣམས་ལ་བཤད་པ། ༡༦ གླང་པོ་ཆེ། ༡༧ རྟ། ༡༨ ཁྱོགས། ༡༩ བཞོན་པ། ༢༠ མཆིལ་ལྷམ་གྱོན་པ་རྣམས་ལ་བཤད་པ། ༢༡ ལག་ན་གདུགས་དང་། ༢༢ དབྱུག་པ་དང་། ༢༣ མདའ་གཞུ་དང་། ༢༤ རལ་གྲི་དང་། ༢༥ དགྲ་སྟ་ཐོགས་པ་དང་། ༢༦ གོ་ཆ་གྱོན་པ་རྣམས་ལ་ཆོས་འཆད་པར་བྱེད་པའོ། །སྒྲུབ་པའི་ཚུལ་ནི། འགྲེང་ཆུ་སྔོ་བཅས་ས་ལ་བཤང་གཅི་དོར། ༡ །མཉན་ཡོད་དུ་ཉེ་དགས་འགྲེང་བཞིན་དུ་བཤང་གཅི་བྱེད་ནས། ཁྱིམ་པ་དག་སྟོན་པའི་ཉན་ཐོས་ངོ་ཚ་དང་ལྡན་པ་ཡིན་ནོ་ཟེར་ནས། ཁྲེལ་མེད་འགྲེང་སྟེ་བཤང་གཅི་བྱེད་པ་དེ་ག་ལ་གདའ་ཟེར་བ་དེ་གསོལ་པས་སོ། །སྒྲེང་སྟེ་བཤང་གཅི་བྱེད་པའོ། ༢ །ཉེ་དགས་བཙོ་བླག་མཁན་ཞིག་ལ་བཞིན་བཟང་གོས་འདི་ཁྲུས་ལ་བྱིན་ཅིག །སྔོན་ནི་བདག་ཅག་བསྲུངས་ན་དིང་སང་ཁྱེད་ཀྱི་ཅིའི་ཕྱིར་བཀྲུས་ཏེ་སྦྱིན། བཀྲེན་པ་འདི་མི་དགའ་བར་བྱའོ་ཟེར་ནས་འཁྲུ་སྨན་ཟོས། མི་གཙང་བས་གྱོ་མོ་བཀང་ནས་བཙོ་བླག་མཁན་དེའི་བཀྲུ་བཤལ་སར་བླུག་གོ །དེ་སྔ་བར་ལངས་ཏེ་གོས་བཀྲུ་བར་བརྩམས་པ་དང་། མི་གཙང་བའི་དྲི་བྲོ་ནས་ཡིད་ཁོང་དུ་ཆུད་ནས་འདུག་པ་དང་། ཉེ་དགའ་འོངས་ནས་ཅིའི་ཕྱིར། བཀྲུ་བཤལ་ས་འདིར་གཅིག་གིས་མི་གཙང་བ་བླུགས་ནས་ལས་བགྱིར་མ་མཆིས་སོ། །བཀྲེན་པ་དེ་ལྟར་མི་དགའ་བར་བྱའོ་ཟེར་བ་དེ་གསོལ་པས་སོ། །བཤང་གཅི་ཆུའི་ནང་དུ་བྱེད་དམ་དོར་བའོ། །མཆིལ་མ་དང་། སྣབས་དང་། སྐྱུགས་པ་བླུགས་པ་ཡང་ངོ་། ༣ །སྟོན་པ་སེར་སྐྱའི་ནྱ་གྲོ་དྷའི་ཀུན་ར་ན་བཞུགས་པའི་ཚེ། ཉེ་དགའ་ལྡུམ་པའི་གན་དུ་སོང་ནས་བཞིན་བཟང་ལྡུམ་ཆུང་ཞིག་བྱེད་ཅིག འཕགས་པ་ཁྱེད་ཀྱིས་སྔོན་བདག་ཅག་བསྲུངས་ན་དིང་སང་ཅིའི་ཕྱིར་སྦྱིན། འདི་མི་དགའ་བར་བྱའོ་སྙམ་ནས་བཀྲུ་སྨན་ཟོས། གྱོ་མོ་མི་གཙང་བས་བཀང་ནས་ཕྱགས་མ་ཐོགས་ནས་ལྡུམ་ཤིང་སྟེང་ཐམས་ཅད་དུ་མི་གཙང་བས་གཏོར་ནས་ལྡུམ་ཐམས་ཅད་མ་རུངས་པར་བྱས་སོ། །མི་གཙང་བའི་དྲིས་ཝ་འདུས་ནས་ལྡུམ་ཐམས་ཅད་མ་རུངས་པར་བྱས་སོ། །དེས་ལྡུམ་བཙོང་བའི་ཕྱིར་སྔར་སོང་བ་དང་ལྡུམ་མ་རུངས་པ་མཐོང་ནས་ཡིད་ཁོང་དུ་ཆུད་པ་དང་། ཉེ་དགའ་འོངས་ནས། ཅི འདིའོ། །བཀྲེན་པ་ཁྱོད་འདི་ལྟར་མི་དགའ་བར་བྱེད་དོ། །དེ་སྨོད་པ་དེ་གསོལ་པས་སོ། །གོ་སྐབས་ཐམས་ཅད་དེས་བཀག་པ་མ་ཡིན་པའི་རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་བཤང་གཅི་བྱེད་པ་དང་འདོར་བའོ། །རྒྱུ་བའི་ནི། ཤིང་ལ་མི་གང་མཐོར་འཛེག་གནང་ལ་མིན། ༡ །ཁྱིམ་བདག་གཅིག་གིས་དགེ་འདུན་གདུགས་ཚོད་ལ་སྤྱན་དྲངས་པའི་ཚེ། ཉེ་དགའ་ལ་དགེ་སྐོས་ཀྱི་བསོད་སྙོམས་ནོད་པའི་རེས་བབ་པ་དང་། ཐབས་གང་གིས་དགེ་སྐོས་འདིའི་ཟན་གཅད་པར་བྱ་སྙམ་དུ་བསམས་ནས། བདག་ལ་མཉན་ཡོད་ནས་རྒྱལ་བྱེད་ཀྱི་བར་ལ་ཐག་ཉེ་རིང་ཅི་ཡོད་སྙམ་པར་འདྲི་ན་བརྗོད་དགོས་པས་གོམ་པས་གཞལ་ལོ་སྙམ་ནས། གོམ་པས་འཇལ་ཞིང་འོངས་པ་ན། དགེ་སྐོས་ཀྱིས་དེ་ཡུན་རིང་དུ་ཐོགས་པས་བདག་ཟན་ཆད་ན་མི་རུང་སྙམ་ནས་ཤིང་ལ་འཛེགས་ནས་བལྟས་པས་དལ་བུས་འོང་བ་མཐོང་ནས། འདིས་བདག་གི་ཟན་བཅད་དོ་སྙམ་ནས་བབས་ཏེ་འདུག་གོ །ཉེ་དགའ་འོངས་པ་དང་གདུགས་ཚོད་ཡོལ་ནས། ཁྱེད་འགྲོས་དེ་ལྟ་བུས་འོངས་པས་ཁོ་བོའི་ཟན་ཆེད་དུ་བསམས་ཏེ་བཅད་དོ། །ཁྱེད་ཀྱིས་ཇི་ལྟར་མཐོང་། ཤིང་ལ་འཛེགས་ཏེ་བལྟས་སོ། །རུང་ངམ། རུང་ཡང་སྲིད་མི་རུང་ཡང་སྲིད་འཛེགས་ཏེ་བལྟས་སོ་ཟེར་བ་དེ་གསོལ་པས། ཤིང་ལ་མི་འཛེག་གོ །དགེ་སློང་གི་ཆོས་གོས་བྱས་ནས་གཟར་ཐག་གང་དུ་གདགས་མི་ཤེས་ན་གསོལ་པས། ཤིང་ལ་མི་གང་ཙམ་དུ་འཛེག་སྟེ་དེས་ན་ཤིང་ལ་མི་གང་གིས་མཐོར་མི་འཛེག་གོ །དགེ་སློང་དོན་མཐུན་དང་ལྷན་ཅིག་སོང་བ་དང་། དོན་མཐུན་དགོན་པར་མཚན་མོ་བཏབ་པ་ན་དེར་སྟག་གི་འཇིགས་པ་བྱུང་ནས། ཚོང་པ་རྣམས་ཤིང་ལ་མཐོར་འཛེག་སྟེ་འདུག་གོ །དགེ་སློང་དེས་མི་གང་ཙམ་དུ་འཛེགས་པ་དང་། འཕགས་པ་སྟག་མཆིས་ཀྱིས་མྱུར་དུ་མཐོར་འཛེགས་ཤིག དེས་མི་གང་ལས་མཐོར་འཛེག་པར་མ་གནང་བས་དེར་བསྡད་པས་སྟག་མཆོངས་ནས་བསད་དོ། །དེ་གསོལ་པས། སྔ་མ་ནི་བཅས་པ། གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་མཐོར་མི་འཛེག་གོ་ཞེས་ཕྱི་མ་གནང་བ་སྟེ། གནང་བ་རྣམས་ཉེས་མེད་དོ།། །། གཉིས་པ་དགེ་སློང་མའི་བསླབ་བྱ་ནི། མི་ཚངས་སྤྱོད་ལེན་གསོད་སྨྲ་རེག་པ་དང་། །ལུས་བཀན་འཆབ་དང་བཟློག་པ་ཕམ་པ་བརྒྱད། ༡ །མི་ཚངས་སྤྱོད་ལ་སེར་སྐྱ་བཟང་མོ་ལ་བརྟེན་ནས་རྗེས་སུ་བཅའ་བར་མཛད་ལ། ༢ མ་བྱིན་ལེན་དང་། ༣ སྲོག་གཅོད་པ་དང་། ༤ མི་ཆོས་བླ་མའི་བརྫུན་གསུམ་པའི་སྐབས་ཇི་ལྟ་བའོ། ༥ །སྦོམ་དགའ་མོ་ལ་བརྟེན་ནས་བཅས་ཏེ། གཞི་འདོད་པ་དང་ལྡན་པ་ལ་བརྟེན་པ་དང་ཚིམ་པ་དེ་དང་ལྡན་པའི་དོན་ཡོངས་སུ་ཤེས་པའི་མཐུ་ཡོད་པའི་སྐྱེས་པ་ལ། བསམ་པ་འཁྲིག་པའི་འདོད་ཆགས་ཀྱི་བསམ་པས། སྦྱོར་བ་པུས་མོ་ཡན་ཆད་ནས་མིག་མན་ཆད་ཀུན་ཏུ་སྤྲད་པའམ་ནོམ་པའམ་ཉུག་པར་བྱེད་པ། མཐར་ཐུག་རེག་པ་བདག་གིར་བྱེད་པ་སྟེ། ཡན་ལག་འདི་ཚང་ན་དགེ་སློང་མ་ལ་རེག་པའི་ཕམ་པར་འགྱུར་རོ། །སོ་སོ་ཐར་པའི་མདོར། སྐྱེས་པ་ཆགས་པ་དང་ལྷན་ཅིག་ཅེས་གསུངས་ཀྱང་། རྣམ་འབྱེད་ལས། ཆགས་པར་གྱུར་པས་སྐྱེས་པ་མ་ཆགས་པའི་པུས་མོ་ཡན་ཆད་མིག་མན་ཆད་ནོམ་པར་བྱེད། ཉུག་པར་བྱེད་པ་བདག་གིར་བྱེད་ན་ཕམ་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །མིག་ནས་པུས་མོའི་བར་ལས་གཞན་ལ་རེག་གམ་ལན་བུ་དང་འབྲེལ་བ་ལྟ་བུས་གཡོགས་པ་ལ་རེག་པ་སྦོམ་པོ། རང་ལ་འཁྲིག་པའི་འདོད་ཆགས་ཀྱི་སེམས་མེད་ལ་སྐྱེས་པ་ཆགས་པར་ཤེས་པར་རེག་ན་ཕམ་པར་འགྱུར་བ་དེ་ལས་ན་སྨད་པ་སྦོམ་པོ། དེ་ལས་ན་སྨད་པ་ཉེས་བྱས་སུ་འགྱུར་རོ། །སྐྱེས་པ་ཆགས་པ་ཡང་མ་ཤེས། རང་ལ་མེད་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །སྦེད་མ་ལ་བརྟེན་ནས་རྣམ་པར་འགྱུར་བ་མེད་པའི་སེམས་ཀྱིས་རང་གི་བུ་ཁོ་ན་ལ་རེག་པ་ནི་གནང་བའོ། ༦ །འདི་ཡང་སྦོམ་དགའ་མོ་ལས་བཅས། གཞི་སྤྲད་དུ་རུང་བའི་སྐྱེས་པ་ཆགས་པ་དང་ལྷན་ཅིག བསམ་པ་ཆགས་པའི་སེམས་ཀྱིས། སྦྱོར་བ་གང་དུ་སྐྱེས་པས་བུད་མེད་ལ་བགྲོད་དུ་རུང་བ་དེ་ལྟ་བུའི་ཕྱོགས་ཕྱིར་བཟློག་ཏུ་མེད་པའི་གནས་སུ། མཐར་ཐུག་ལུས་བཀན་པ་སྟེ། འདི་ཚང་ན་ལུས་བཀན་པའི་ཕམ་པར་འགྱུར་རོ། །ལུས་བཀན་པ་ཞེས་པ་ནི་ཉལ་བའོ། །ཆགས་པར་གྱུར་པས་ཆགས་པར་གྱུར་པ་དང་ལྷན་ཅིག་གཞོགས་སྟེགས་དང་། འཕྱར་གཡེང་དང་། རྩབ་སྲལ་དང་། མལ་ཤོམ་པ་དང་། དུས་འདེབས་པ་དང་། བརྡ་དང་མཚན་མ་བྱེད་པ་ལ་སོགས་ཚིག་ཏུ་སྨྲས་ན་སྦོམ་པོ། མ་སྨྲས་ན་ཉེས་བྱས་སུ་འགྱུར་རོ། ༧ །དགེ་སློང་མ་མཛའ་ཅན་མོ་ལ་བཅས་ཏེ། གཞི་དགེ་སློང་མ་གཞན་ལ་དགེ་སློང་མའི་ཕམ་པར་འགྱུར་བ་བརྒྱད་པོ་གང་ཡང་རུང་བ། བསམ་པ་བྱུང་བ་ཤེས་བཞིན། སྦྱོར་བ་འཆབ་པ། མཐར་ཐུག་ཉིན་མཚན་གྱི་མཐའ་སྟེ། སྐྱ་རེངས་ཤར་བ་ན་འཆབ་པའི་ཕམ་པར་འགྱུར་རོ། །མདུན་རོལ་དུ་ནི་ན་སྨད་དེ། སྦྱོར་བ་ལས་བྱུང་བ་སྦོམ་པོར་བཞག་གོ ༨ །དགེ་སློང་མ་བཅུ་གཉིས་སྡེ་ལ་བརྟེན་ནས་བཅས་ཏེ། གཞི་དགེ་སློང་གནས་ནས་ཕྱུང་བ་བཟོད་པར་གསོལ་བར་ངེས་པ་དགེ་སློང་མས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱིན་པར་གྱུར་པ་ལ། བསམ་པ་དེ་དག་ཐམས་ཅད་དེར་ཤེས་པར་གྱུར་པ། སྦྱོར་བ་དགེ་སློང་དེ་བཟོད་པ་གསོལ་བར་བྱེད་པ་ལས་བཟློག་པ། མཐར་ཐུག་བཞམས་བསྒོ་གསོལ་བ་དང་བཞིའི་ལས་གསུམ་པ་ལ་བསྒོ་བས་མི་གཏོང་ན་བཟློག་པའི་ཕམ་པར་འགྱུར་རོ། །ད་ནི་དགེ་སློང་མའི་དགེ་འདུན་གྱི་ལྷག་མ་ཉི་ཤུ་པོ་བརྗོད་པར་བྱ་སྟེ། སྨྱན་བྱེད་གཞི་མེད་བག་ཙམ་ཆ་བཅས་ལེན། །ལེན་འཇུག་མཚན་འབྲལ་ཉིན་འབྲལ་ལམ་ལ་འཇུག །ཆུ་བརྒལ་རབ་འབྱིན་ཤི་ནོར་བཟོད་བྱེད་དང་། །སྤོང་དང་འཐབ་ཀྲོལ་བརྟེན་པ་བརྟེན་དུ་འཇུག །དགེ་འདུན་དབྱེན་དང་དེར་ཕྱོགས་ཁྱིམ་སུན་འབྱིན། །བཀའ་བློ་མི་བདེ་ཉི་ཤུ་ལྷག་མ་ཡིན། ༡ །སྨྱན་བྱེད་པ་དང་། ༢ གཞི་མེད་དང་། ༣ བག་ཙམ་དང་། ༤ དགེ་འདུན་གྱི་དབྱེན་བྱེད་པ་དང་། ༥ དེའི་རྗེས་སུ་ཕྱོགས་པ་དང་། ༦ ཁྱིམ་སུན་འབྱིན་པ་དང་། ༧ བཀའ་བློ་མི་བདེ་བ་ཞེས་པའི་དགེ་འདུན་ལྷག་མ་རྣམས་ནི་ཕའི་དང་འདྲ་བས་འདིར་མིང་ཙམ་ཞིག་རྣམ་པར་བཞག་གོ །ཐུན་མོང་མིན་པ་ནི་ཅི་ཡང་རུང་བ་ལེན་པའི་ལྷག་མ་ལ་སོགས་བཅུ་གསུམ་སྟེ། ༨ དགེ་སློང་མ་འཁྲིག་པའི་འདོད་ཆགས་པས་སྐྱེས་པ་ཆགས་པ་ལ་ཅི་ཡང་རུང་བ་ལེན་པ་བདག་གིར་བྱེད་པ་ནི་ཅི་ཡང་རུང་བ་ལེན་པའི་ལྷག་མའོ། ༩ །དགེ་སློང་མ་གང་དགེ་སློང་མ་གཞན་ལ་ཁྱོད་མ་ཆགས་པར་གྱིས་ལ། སྐྱེས་པ་ཆགས་པ་ལས་ཅི་ཡང་རུང་བ་ལན་པ་བདག་གིར་བྱེད་པ་ལ་ཉེས་པ་མེད་དོ་ཞེས་གོ་བར་བྱེད་ན་ཅི་ཡང་རུང་བ་ལེན་དུ་འཇུག་པའི་ལྷག་མར་འགྱུར་རོ། ༡༠ །མཚན་མོ་ལ་དབྱར་ཁང་ལས་ཕྱི་རོལ་དུ་བྲལ་བར་གྱུར་པ་མཚན་མོ་འབྲལ་བའི་ལྷག་མ་དང་། ༡༡ ཉིན་དབྱར་ཁང་ལས་བྲལ་བ་ཉིན་མོ་འབྲལ་བའི་ལྷག་མ་དང་། ༡༢ རྒྱང་གྲགས་རེའི་ལམ་དུ་འཇུག་པའི་ལྷག་མ་དང་། ༡༣ ཡུལ་ཕྲན་མིན་པའི་ཆུ་བརྒལ་བ་ཞེས་བྱ་བའི་ལྷག་མ་བཞི་པོ་ལ་ནི་གྲོགས་དགེ་སློབ་མ་གཞན་མེད་པར་འགྲོ་ན་ལྟུང་བ་དེ་དག་ཏུ་འགྱུར་རོ། །འོན་ཀྱང་དགེ་སློབ་མ་ཡོད་ན་ཉེས་བྱས། དགེ་ཚུལ་མ་ཡོད་ན་དངོས་གཞིའི་གནས་སུ་སྦོམ་པོ། སྦྱོར་བའི་གནས་སུ་ཉེས་བྱས་སོ། །ཕྱི་བཞིན་འབྲང་བའི་དགེ་སློང་མ་བརྡེགས་སམ། ཤིའམ། ཉམས་སམ། ལྷུང་བར་གྱུར་རམ། གཞན་གྱི་ཡུལ་དུ་བྲོས་པ་ལྟ་བུ་མི་འདོད་བཞིན་དུ་འབྲལ་བ་ལ་ཉེས་པ་མེད་དོ། །ཉིན་མཚན་གྱི་ཐའི་སྐད་ཅིག་ལ་དངོས་གཞིར་འགྱུར་གྱིས། མདུན་རོལ་ནི་སྦྱོར་བའོ། །ཉིན་འབྲལ་ལ་མུ་གེའི་དུས་ཉེ་དུ་དང་ལྷན་ཅིག་འབྲེལ་བའི། ཉེ་བར་སྤྱོད་པའི་གནང་བ་ཐོབ་ན་ཉེས་མེད་དོ། ༡༤ །བསད་པའི་ཕྱིར་ཚོགས་པ་ཡིད་མཐུན་པ། བདག་པོས་ཡོངས་སུ་བཏང་བ། རྒྱལ་པོས་རྗེས་སུ་གནང་བའི་བུད་མེད་དེ་དེ་ལྟ་བུར་ཤེས་བཞིན་དེ་རབ་ཏུ་འབྱིན་པའི་མཁན་མོ་བྱེད་ན་རབ་ཏུ་འབྱིན་པའི་ལྷག་མར་འགྱུར་རོ། ༡༥ །གང་གི་ཚེ་ནོར་གྱི་བདག་པོ་ཤི་བ་དེའི་རིགས་བརྒྱུད་མེད་པ་ཚེགས་ཆུང་ངུས་ཐོབ་པའི་དགེ་འདུན་གྱིས་དབང་བའི་ནོར་མ་ཡིན་པ། རང་གི་དོན་དུ་ལེན་ནམ་དེང་ཡང་རུང་ཤི་བའི་ནོར་ལེན་པའི་དགེ་འདུན་ལྷག་མར་འགྱུར་རོ། ༡༦ །དགེ་སློང་མའི་དགེ་འདུན་མས་དགེ་སློང་མ་གནས་ནས་དབྱུང་བ་ཤེས་བཞིན་དུ་དེ་ལས་མཚམས་ཀྱི་ཕྱི་རོལ་དུ་གང་ཡང་རུང་བས་བཟོད་པར་གསོལ་དུ་འཇུག་ན་བཟོད་པ་གསོལ་དུ་འཇུག་པའི་ལྷག་མར་འགྱུར་རོ། ༡༧ །དཀོན་མཆོག་གཏོང་ངོ་ཞེས་སམ། འདི་དང་མཚུངས་པ་ཉིད་ཀྱི་དགེ་སྦྱོང་གཞན་དག་ཀྱང་ཡོད་ཀྱི། དེ་དག་ལས་ཚངས་པར་སྤྱོད་པ་ཉིད་སྤྱད་དོ་ཞེས་པའི་ཚིག་དེ་ལ་ཞུགས་པ་བཞམས་བསྒོ་གསོལ་བརྗོད་ཀྱི་ལན་གསུམ་པ་ལ་མི་གཏོང་ན་སྤོང་བའི་ལྷག་མའོ། ༡༨ །དགེ་སློང་མ་འཐབ་ཀྲོལ་དང་། མཚང་འབྲུ་བ་དང་། རྩོད་པ་འགྱེད་པར་བྱེད་པ་ལ་དགེ་སློང་མ་རྣམས་ཀྱིས་ཆོ་ག་བཞིན་དུ་ཕྱིར་བཟློག་པ་ན། དགེ་སློང་མ་རྣམས་ལ་འདུན་པ་ལ་སོགས་པས་འགྲོ་བ་རྗེས་སུ་སྦྱོར་བ་ལ་བཞམས་ཏེ་བསྒོ་བ་དང་གསོལ་བརྗོད་ལན་གསུམ་ལ་དངོས་པོ་དེ་མི་གཏོང་ན་འཐབ་ཀྲོལ་བྱེད་པའི་ལྷག་མར་འགྱུར་རོ། ༡༩ །དགེ་སློང་མ་དང་། ཁྱིམ་པ་མོ་དང་། མུ་སྟེགས་ཅན་མོ་དང་། དགེ་ཚུལ་མ་དང་། དགེ་སློབ་མ་ལྷན་ཅིག་སྡེབས་ཤིང་འདྲེ་བར་གནས་པ། རྒོད་པ་དང་། རྩེ་བ་དང་། ལུས་ཀྱིས་རྩབ་སྲལ་གྱི་རྒྱུར་གྱུར་པས་གནས་པ་ལ། དགེ་སློང་མ་རྣམས་ཀྱིས་ཧ་ཅང་འདྲེ་ཞིང་གནས་པར་མ་བྱེད་ཅིག ཅེས་བསྒོ་བས་མི་ཉན་པ་ལ་བཞམས་བསྒོ་གསོལ་བཞིའི་ལན་གསུམ་པར་མི་གཏོང་བ་དེ་བུད་མེད་དང་བརྟེན་པའི་ལྷག་མར་འགྱུར་རོ། ༢༠ །དགེ་སློང་མ་བུད་མེད་དང་སྡེབས་ཤིང་གནས་པ་བཏང་ནས་ཐ་དད་དུ་གནས་པ་ལ། དེར་ཤེས་བཞིན་དུ་དགེ་སློང་མ་གང་གིས་འདི་སྐད་ཅེས། ཕུ་ནུ་མོ་ཁྱེད་གཉིས་ཐ་དད་དུ་གནས་པར་མ་བྱེད་ཅིག ཁྱེད་གཉིས་ཐ་དད་དུ་གནས་ན་དགེ་བའི་ཆོས་རྣམས་འབྲི་བ་ཉིད་དུ་བྱའི། འཕེལ་བ་ནི་མ་ཡིན་ནོ། །ཁྱེད་གཉིས་སྡེབ་ཅིང་གནས་པར་གྱིས་ཤིག དེ་ལྟར་གནས་ན་དགེ་བའི་ཆོས་རྣམས་འཕེལ་བ་ཉིད་དུ་ཤེས་པར་བྱའི། འབྲི་བར་ནི་མ་ཡིན་ནོ། །སྡེབས་པ་ཡང་དག་པར་འཛིན་དུ་འཇུག་པ་ལ་དགེ་འདུན་མས་བཞམས་ཏེ་བསྒོ་བ་དང་། གསོལ་བ་དང་། བཞིའི་ལས་ཀྱིས་ལན་གསུམ་བསྒོ་ཡང་མི་གཏོང་ན་བུད་མེད་དང་བརྟེན་དུ་འཇུག་པའི་དགེ་འདུན་ལྷག་མར་འགྱུར་རོ། །སྤང་ལྟུང་སོ་གསུམ། ༡ འཆང་བ་དང་། ༢ འབྲལ་བ་དང་། ༣ འཇོག་པ་དང་། ༤ འཁྲུར་འཇུག་པ་དང་། ༥ ལེན་པ་དང་། ༦ སློང་བ་དང་། ༧ སློང་པར་རིགས་པ་དང་། ༨ དཔགས་པ་སློང་བ་དང་། ༩ སོ་སོ་ནས་དཔགས་པ་སློང་བ་དང་། ༡༠ བསྐུར་བའི་སྤང་བ་དང་། ༡༡ གསེར་དངུལ་ལ་རེག་པ་དང་། ༡༢ མངོན་མཚན་ཅན་གྱིས་སྤྱོད་པ་དང་། ༡༣ ཉོ་ཚོང་དང་། ༡༤ ལྷུང་བཟེད་ཚོལ་བ་དང་། ༡༥ འཐག་ཏུ་འཇུག་པ་དང་། ༡༦ འཐག་པ་བསྐྱེད་པ་དང་། ༡༧ འཕྲོག་པ་དང་། ༡༨ བསྔོས་པ་ལས་བསྒྱུར་བ་དང་། ༡༩ གསོག་འཇོག་ལས་གྱུར་པ་སྟེ། བཅུ་དགུ་ནི་དགེ་སློང་དང་ཐུན་མོང་པའོ། །ཐུན་མོང་མ་ཡིན་པ་ནི། ༢༠ ལྷུང་བཟེད་ལྷག་མ་ཞག་གཅིག་ལས་འདས་པར་འཆང་བ་ནི་ལྷུང་བཟེད་འཆང་བའི་སྤང་ལྟུང་དང་། ༢༡ ཆོས་གོས་བྱིན་གྱིས་བརླབ་ཏུ་རུང་བ་ལྔ་པོ་དག་ལས་གང་ཡང་རུང་བ་མི་བདོག་པ་ཉིད་ཀྱི་གང་གི་ཚེ་རྙེད་པར་གྱུར་པའི་ཉི་མ་དང་པོ་དེ་ཉིད་ལ་ཆོས་གོས་དེ་བྱིན་གྱིས་མ་བརླབས་ན་ཞག་གཅིག་གི་སྐྱ་རེངས་ཤར་ན་བྱིན་གྱིས་མི་རློབ་པའི་སྤང་ལྟུང་དུ་འགྱུར་ལ། ཉི་མ་དང་པོ་དེ་ཉིད་ལ་བྱིན་གྱིས་བརླབས་པའི་ཆོས་གོས་དེ་དེ་ཕྱིན་ཆད་ཀྱི་ཟླ་བ་ཕྱེད་ལ་བྱིན་གྱིས་བརླབ་དགོས་ལ། མ་བརླབས་ན་ཞག་བཅུ་དྲུག་པའི་དང་པོ་ཤར་ན་ཡང་སྤང་བ་འདིར་འགྱུར་རོ། །མདུན་རོལ་དུ་བྱིན་གྱིས་བརླབས་པ་ལ་ཉེས་པ་མེད་པས་གསོ་སྦྱོང་གི་དུས་བྱིན་གྱིས་བརླབས་ན་ཕྱིན་ཆད་འཁྲུལ་པ་མེད་དོ། ༢༢ །དཔྱིད་རའི་མདུན་རོལ་གྱི་དུས་གང་ཡང་རུང་བར་སྲ་བརྐྱང་འབྱིན་ན་འབྱིན་པར་ཚོགས་པའི་དགེ་འདུན་མ་ཐམས་ཅད་ལ་སྤང་བའི་ལྟུང་བྱེད་ཕོག་གིས། དེ་དག་དབང་བའི་སྲ་བརྐྱང་གི་རྙེད་པ་མ་བགོས་པ་དེ་སྤང་བར་འགྱུར་ལ། བགོས་པ་ལ་ནི་མི་འགྱུར་རོ། །ཆོམ་རྐུན་པ་དག་གིས་བཅོམ་པར་གྱུར་ན་དེའི་དོན་ཉིད་དུ་མདུན་རོལ་དུ་སྲ་བརྐྱང་འབྱིན་པ་ལ་ལྟུང་བ་མེད་དོ། ༢༣ །ཆོས་གོས་གཏན་པ་དབྱུང་བའི་དུས་ངེས་པ་ནི་དཔྱིད་རའི་ཉ་ཡིན་ལ། དུས་དེར་དགེ་འདུན་མ་ཆོས་གོས་གཏན་པ་འབྱིན་པ་ལ་ཚོགས་པ་སྦྱིན་པར་མི་བྱེད་པ་ནི་སྲ་བརྐྱང་མི་འབྱིན་པའི་སྤང་ལྟུང་དུ་འགྱུར་རོ། ༢༤ །མངོན་མཚན་ཅན་ཏེ་རིན་པོ་ཆེ་དབྱར་ཁང་གི་དགོས་པའི་དབང་གིས་མིན་པར་སློང་བ་སྔོན་དུ་བཏང་སྟེ་བསླངས་ན་རིན་པོ་ཆེ་སློང་བའི་སྤང་ལྟུང་དུ་འགྱུར་རོ། ༢༥ །གླེགས་བམ་བྲི་བ་ལ་སོགས་པའི་དོན་དུ་རྙེད་པ་ལྟ་བུ་ཟས་ལས་གཞན་པའི་གོས་ཟས་སུ་བསྒྱུར་ཞིང་བཟའ་བར་བྱའོ་ཞེས། དེའི་ཕྱིར་ངེས་པར་འཇོག་པར་བྱེད་ན་གོས་ཟས་ལ་བསྒྱུར་བའི་སྤང་ལྟུང་། ༢༦ གོས་ཀྱི་རྒྱུ་དང་། མལ་ཆའི་རྒྱུ་དང་། དབྱར་ཁང་གི་རྒྱུའི་ཆེད་དུ་ཡོ་བྱད་གང་ཡང་རུང་བ་རྙེད་པ་ཟས་སུ་བྱས་ཏེ་བཟའ་བའི་ཕྱིར་འཇོག་ན་གོས་རྒྱུ་ཟ་བའི་སྤང་ལྟུང་དང་། ༢༧ མལ་ཆའི་རྒྱུ་ཟ་བའི་སྤང་ལྟུང་དང་། ༢༨ དབྱར་ཁང་གི་རྒྱུ་ཟ་བ་ལས་གྱུར་པའི་སྤང་ལྟུང་དུ་བཞག་གོ ༢༩ །དགེ་སློང་མ་གྲངས་སུ་ཆད་པའི་ཚོགས་ཀྱི་ཕྱིར་སྦྱོར་དུ་བཅུག་པ་དེ་བདག་ཉིད་ལ་སྒྱུར་བར་བྱེད་ན་སྐྱེ་བོ་མང་པོ་ལ་བསྔོས་པ་བྱིན་གྱིས་རློབ་པའི་སྤང་ལྟུང་ངོ་། ༣༠ །དགེ་སློང་མ་གྲངས་ཆད་པ་མེད་པའི་ཚོགས་ཀྱི་ཕྱིར་སྦྱོར་དུ་བཅུག་པ་བདག་གཅིག་པུར་བསྒྱུར་བ་དགེ་འདུན་ལ་བསྔོས་པ་བྱིན་གྱིས་རློབ་པའི་སྤང་ལྟུང་ངོ་། ༣༡ །འཁྲིག་པའི་རོས་ཉེ་བར་འཚོ་བའི་ཆེད་དུ་ཚིག་ཉན་དུ་གཞུག་པའི་ཕྱིར་བརྟེན་པའི་མཐུ་ཡོད་པའི་སྐྱེས་པ་རྫས་ཀྱི་ཐུམ་བུ་ལ་སོགས་པ་བཅིངས་པ་འགྲོལ་དུ་འཇུག་ན་བཅིངས་པ་འགྲོལ་དུ་འཇུག་པའི་སྤང་ལྟུང་ངོ་། །རྫས་ལེགས་པར་གནས་པའི་ཆེད་ཡིན་ན་ཉེས་པ་མེད་དོ། ༣༢ །སྲང་བརྒྱད་ལ་ལྕིད་ཀྱིས་ལྕི་བ་དང་། ཀར་ཤ་པ་ཎ་ཉི་ཤུ་རི་བ་མན་རིན་ཐང་གིས་ལྕི་བ་ཡིན་ནོ། དེ་བརྗེ་བའི་ཕྱིར་མ་ཡིན་པ་བདག་གིར་བྱེད་ན་ལྕི་བ་བརྟེན་པའི་སྤང་ལྟུང་ངོ་། ༣༣ །གོས་ལྕིད་ཀྱིས་ཡང་བ་སྲང་ལྔ་ཡན་བརྗེ་བའི་ཕྱིར་མ་ཡིན་པར་བདག་གིར་བྱེད་ན་གོས་ཡང་བ་བརྟེན་པའི་སྤང་ལྟུང་ངོ་། །ལྟུང་བྱེད་བརྒྱ་བརྒྱད་ཅུ། མ་བསྐོས་པ་དང་། ཉི་མ་ནུབ་ཀྱི་བར་དང་། ཟས་ཅུང་ཟད་ཀྱི་ཕྱིར་སྟོན་པ་དང་། གོས་བྱེད་དང་། གོས་སྦྱིན་དང་། དོན་མཐུན་དང་ལྷན་ཅིག་གྲུར་འགྲོ་བ་དང་། དབེན་པར་འདུག་འགྲེང་དང་། སྦྱོར་དུ་བཅུག་པ་དང་། སྐྲོད་པ་དང་། ཡང་ཡང་ཟ་བ་དང་། ཟས་བསོད་པ་སློང་བ་དང་། ཉལ་པོ་ཤོམ་པའི་ཁྱིམ་དུ་འདུག་འགྲེང་དང་། ཕྱིར་མ་བསླངས་པར་སྤྱོད་པ་དང་། མ་ལོན་པ་དང་། དབྱར་གྱི་རས་ཆེན་ལས་གྱུར་བ་སྟེ། བཅོ་བརྒྱད་པོ་མ་གཏོགས་པའི་ལྷག་མ་བདུན་ཅུ་རྩ་གཉིས་པ་དང་མཐུན་ལ། ཐུན་མོང་མིན་པའི་ལྟུང་བྱེད་བརྒྱ་རྩ་བརྒྱད་ནི། ༡ དགེ་སློང་མ་བདག་ཉིད་རྫོགས་པར་བསྙེན་ནས་ལོ་བཅུ་གཉིས་མ་ལོན་པར་མཁན་མོ་ཉིད་ཀྱིས་གཞན་རབ་ཏུ་འབྱིན་པ་དང་རྫོགས་པར་བྱེད་པ་མ་ལོན་པས་ཉེ་བར་འཇོག་པར་བྱེད་པའི་ལྟུང་བྱེད། ༢ གནང་བ་མ་ཐོབ་པར་རབ་ཏུ་འབྱིན་པ་དང་། རྫོགས་པར་བསྙེན་པ་དང་། དགེ་སློང་མར་བྱེད་པ་དང་། གནས་སྦྱིན་པ་ཞེས་རྣམ་པ་བཞིའི་འཁོར་ཉེ་བར་འཇོག་པར་བྱེད་ན་འཁོར་ཉེ་བར་འཇོག་པའི་ལྟུང་བྱེད། འཁོར་ཉེ་བར་འཇོག་ནུས་པ་ལོ་བཅུ་གཉིས་ལོན་པ་ལ་དགེ་སློང་མའི་དགེ་འདུན་གྱིས་འཁོར་ཉེ་བར་འཇོག་པའི་གནང་བ་སྦྱིན་ནོ། །དེ་བཞིན་འཁོར་མང་པོ་ཉེ་བར་འཇོག་ནུས་པས་ཡང་ཤེས་པར་བྱའོ། ༣ །གནང་བ་མ་ཐོབ་པར་འཁོར་མང་པོ་ཉེ་བར་འཇོག་ན་འཁོར་མང་པོ་ཉེ་བར་འཇོག་པའི་ལྟུང་བྱེད། ༤ ཁྱིམ་སོ་གཟུང་བ་ལོ་བཅུ་གཉིས་ཀྱི་མདུན་རོལ་དུ་བསྙེན་པར་རྫོགས་པར་བྱེད་ན་མཁན་མོ་ལ་ལོ་བཅུ་གཉིས་མ་ལོན་པ་རྫོགས་པར་བྱེད་པའི་ལྟུང་བྱེད། ༥ ཁྱིམ་སོ་མ་གཟུང་བ་ལོ་ཉི་ཤུའི་མདུན་རོལ་དུ་རྫོགས་ན་ཉི་ཤུ་མ་ལོན་པ་རྫོགས་པའི་ལྟུང་བྱེད། ༦ དེ་གཉིས་ལ་དགེ་སློང་མའི་བསླབ་པའི་སྡོམ་པ་མ་བྱིན་པར་ཚིགས་ལས་འདས་ཏེ་ཐལ་བྱུང་རྫོགས་པར་བྱེད་ན་ཡུལ་ཐ་དད་པའི་དབང་གིས་ཚིགས་ལས་འདས་པའི་ལྟུང་བྱེད་གཉིས་སུ་བཞག་གོ ༨ །དགེ་སློང་མའི་བསླབ་པ་བྱིན་དུ་ཟིན་ཀྱང་དེ་ལོ་གཉིས་སུ་མ་སྤྱད་པ་ཉིད་རྫོགས་པར་བྱེད་ན་བསླབ་པ་ལ་མ་བསླབས་པར་རྫོགས་པར་བྱེད་པའི་ལྟུང་བྱེད། ༩ ལོ་གཉིས་སུ་བསླབ་པ་དེ་ལ་བསླབས་ཟིན་པ་དེ་རྐྱེན་ཚང་བཞིན་དུ་རྫོགས་པར་མི་བྱེད་ན་བསླབ་པ་ལ་བསླབས་པ་རྫོགས་པར་མི་བྱེད་པའི་ལྟུང་བྱེད། ༡༠ གལ་ཏེ་ཁོ་མོ་ལ་གོས་སྦྱིན་པ་ལྟ་ན། དེའི་ཕྱིར་ཁྱོད་ལ་བསྙེན་པར་རྫོགས་པར་བྱའོ་ཞེས་རྫོགས་པར་འདོད་པ་ལ་ཟེར་ན་རྣམ་པ་དེ་ཆོས་འཚོང་བ་ཡིན་པས་ཆོས་འཚོང་བའི་ལྟུང་བྱེད། ༡༡ རབ་ཏུ་བྱུང་བ་དང་མཐུན་པའི་རྒྱུན་བསྟན་པ་དེས་ཁྱིམ་རྒྱས་པ་དཔང་དུ་བཙུགས་ནས་དེ་རབ་ཏུ་མི་འབྱིན་ན་འབྲིད་པའི་ལྟུང་བྱེད། ༡༢ ལོ་གང་ལ་གཅིག་རབ་ཏུ་བྱུང་ནས་དེ་ལོ་ལ་གཞན་རབ་ཏུ་མི་འབྱིན་པར་ཕྱི་ལོགས་ཀྱི་ལོར་འབྱིན་ན་འཁོར་མང་པོ་གསོག་པའི་ལྟུང་བྱེད། ༡༣ ཆུང་མ་ཁྱིམ་བདག་གིས་མ་གནང་བར་རབ་ཏུ་འབྱིན་ན་མ་གནང་བ་སྡུད་པའི་ལྟུང་བྱེད། ༡༤ འཁྲུལ་པ་མོ་རབ་ཏུ་འབྱིན་པའི་ལྟུང་བྱེད། ༡༥ སྦྲུམ་མ་རབ་ཏུ་འབྱིན་པའི་ལྟུང་བྱེད། ༡༦ མྱ་ངན་གྱིས་གཟིར་བ་འབྱིན་བའི་ལྟུང་བྱེད། ༡༧ རྩབ་ཀྲོལ་ཅན་རབ་ཏུ་འབྱིན་པའི་ལྟུང་བྱེད་དེ། །སྐྱོན་ཅན་སྡུད་པ་བཞི། ༡༨ ཕན་མི་འདོགས་པའི་ལྟུང་བྱེད་དང་། ༡༩ བར་ཆད་ཀྱི་གནས་མཐོང་ན་བར་ཆད་མེད་པའི་གནས་སུ་མི་འདྲེན་པའི་ལྟུང་བྱེད་དང་། ༢༠ དགེ་སློང་མའི་བསླབ་པ་མི་སློབ་པའི་ལྟུང་བྱེད་དང་། ༢༡ ན་བ་དག་ལ་ནད་གཡོག་མི་བྱེད་པའི་ལྟུང་བྱེད་དེ། ཡལ་བར་འདོར་བ་ལས་གྱུར་པའི་ལྟུང་བྱེད་བཞི་ལ་མཁན་མོ་ཉིད་ཀྱིས་རབ་ཏུ་ཕྱུང་བ་དང་བསྙེན་པར་རྫོགས་པ་ཡིན་ལ། མཁན་མོ་ཉིད་ཀྱིས་ཡལ་བར་དོར་བ་དགོས་སོ། ༢༢ །བཀྲུ་བའི་ཆེད་མ་ཡིན་པ་རང་གི་མོ་དབང་དུ་རྒྱ་སྐྱེགས་ཀྱི་ཆང་བུ་སོགས་འཇུག་པར་འདོད་པ་བརྟེན་པའི་ལྟུང་བྱེད། རྒྱུན་གྱི་ཟློག་ཕྱོགས་སུ་སྩལ་བ་དང་། ཁུ་ཆུ་བླུག་པ་སོགས་ཉེས་བྱས་སོ། ༢༣ །རང་གི་སོར་མོའི་ཚིགས་གཉིས་ལས་ལྷག་པས་མོ་མཚན་གྱི་ནང་དུ་འཁྲུ་བ་འདོད་པ་བརྟེན་པ་ལྟར་བཅོས་པའི་ལྟུང་བྱེད། ༢༤ མོ་མཚན་ལ་ཐལ་ལྕག་བསྣུན་ན་འདོད་པ་བརྟེན་པ་ལྟར་གནོད་པའི་ལྟུང་བྱེད། ༢༥ རྨོངས་ཀྱི་སྤུ་རང་གིས་ཕལ་ཆེར་བྲེག་གམ། འཐོག་པའམ། གཞན་བྱེད་དུ་འཇུག་ན་བརྟེན་པ་ལྟར་འཆོས་པའི་ལྟུང་བྱེད། ༢༦ ཁྱིམ་པ་བརྟེན་པའི་མཐུ་ཡོད་པ་དང་དབེན་པ་སྐྱབས་ཡོད་ཀྱི་འདོམ་གང་ཚུན་ཆད་ན་དགེ་སློང་མ་གཅིག་པུར་འདུག་པ་དང་བསྒྲེང་བ་ལྟུང་བྱེད་གཅིག ༢༧ དགེ་སློང་གྲོགས་མེད་དང་ལྷན་ཅིག་ཏུ་འདུག་པ་དང་བསྒྲེང་བའི་ལྟུང་བྱེད་དང་། ༢༨ བླ་གབ་མེད་པ་ན་ཁྱིམ་པ་བརྟེན་རུང་དང་ལྷན་ཅིག་འདུག་པ་དང་བསྒྲེང་བའི་ལྟུང་བྱེད་དང་། ༢༩ བླ་གབ་མེད་པར་གྲོགས་མེད་པའི་དགེ་སློང་དང་ལྷན་ཅིག་འདུག་པ་དང་བསྒྲེང་བའི་ལྟུང་བྱེད་དང་། ༣༠ ཁྱིམ་པའི་རྣར་ཤུབ་ཅིང་སྨྲ་བའི་ལྟུང་བྱེད་དང་། ༣༡ ཁྱིམ་པ་ལས་རྣར་ཤུབ་ཅིང་སྨྲ་བ་ཉན་པའི་ལྟུང་བྱེད་དང་། ༣༢ དགེ་སློང་གི་རྣར་ཤུབ་ཅིང་སྨྲ་བའི་ལྟུང་བྱེད་དང་། ༣༣ དགེ་སློང་ལས་རྣར་ཤུབ་ཅིང་སྨྲ་བ་ཉན་པའི་ལྟུང་བྱེད་དང་། ཕྱི་མ་བཞི་ལ་དཔུང་མགོའི་ཕྱི་རོལ་གྱི་མཐའ་ལས་ཀོས་སྐོའི་མཐར་འདས་པ་དང་། མདུན་རོལ་ནས་སྙིང་གའི་རུས་པ་དང་། རྒྱབ་ལོགས་ལས་མཆན་ཁུང་གི་ཐད་ལས་འདས་ན་དངོས་གཞིར་འགྱུར་རོ། ༣༤ །ཁྱིམ་པ་ལས་རིག་པ་གང་ཡང་རུང་བ་ལེན་པའི་ལྟུང་བྱེད་དང་། ༣༥ ཁྱིམ་པ་དེ་ལས་རིག་པ་ཀློག་པའི་ལྟུང་བྱེད་དང་། ༣༦ སྒྱུ་ཐབས་ཀྱིས་ལུས་རྨ་དཀྲིས་སྐྱེས་པ་ལ་དགྲོལ་དུ་འཇུག་པའི་ལྟུང་བྱེད་དེ། རེག་པར་བྱ་བ་མ་ཡིན་པ་དང་བརྟེན་པ་ལ་གྱུར་པའི་བཅུ་གཅིག ༣༧ རང་གི་བུ་མིན་པ་ཁྱེའུ་ཕོ་མོ་མ་ནིང་པང་དུ་འཚོ་ན་བུ་འཚོ་བའི་ལྟུང་བྱེད། ༣༨ ཁྱིམ་བདག་བུད་མེད་ལ་རག་ལས་པ་མ་ཡིན་པའི་ཁྱིམ་མམ། ཕྱུགས་ལྷས་སམ། འགྲོན་ཁང་ལ་སོགས་པའི་ཁྱིམ་གཞན་དུ་མཚན་མོའི་མཐའི་སྐད་ཅིག་ཚུན་མ་དྲིས་པར་ཉལ་ཞིང་འདས་པའི་ལྟུང་བྱེད་དང་། བུད་མེད་ལ་རག་ལས་ན་དེ་ལ་དྲིས་པ་ཉེས་མེད་དོ། ༣༩ །མཚན་མོའི་མཐའ་ཚུན་མ་བརྟགས་པར་སྐྱབས་ཡོད་པའི་སར་འདའ་བའི་ལྟུང་བྱེད་དང་། ༤༠ གནས་ཁང་དུ་དགེ་སློང་མ་གཞན་མེད་པར་རྐྱེན་དབང་གིས་མ་ཡིན་པར་གཅིག་པུར་མཚན་མོའི་མཐའ་ཚུན་འདའ་བར་བྱེད་པའི་ལྟུང་བྱེད་དེ། གནོད་པར་གྱུར་པའི་སྒོ་སྤངས་པའི་ལྟུང་བྱེད་གསུམ་མོ། ༤༡ །དགེ་སློང་མ་དང་ལྷན་ཅིག་གཏུར་བུ་ལ་སོགས་པས་བར་ཆད་མ་ཡིན་ཞིང་དྲན་པ་ཉེ་བར་མ་བཞག་པས་ཁྲི་གཅིག་ལ་ཤ་རེག་པ་དང་བཅས་པས་མཚན་མོ་ཉལ་ན་ལོངས་སྤྱད་ཅིང་གནས་པ་བཏང་བའི་ལྟུང་བྱེད་དོ། ༤༢ དགེ་སློང་མ་གཞན་གྱིས་རང་གི་ལུས་དྲིལ་ཕྱིས་བྱེད་པའི་ལྟུང་བྱེད་དང་། ༤༣ དགེ་སློང་མས་བྱེད་པའི་ལྟུང་བྱེད་དང་། ༤༤ དགེ་ཚུལ་མས་བྱེད་པའི་ལྟུང་བྱེད་དང་། ༤༥ ཁྱིམ་པ་མོས་བྱེད་པའི་ལྟུང་བྱེད་དང་། ༤༦ མུ་སྟེགས་ཅན་མོས་རང་གི་ལུས་ལ་དྲིལ་ཕྱིས་བྱེད་དུ་འཇུག་པའི་ལྟུང་བྱེད་དང་། ༤༧ བུད་མེད་ཀྱིས་རང་གི་ལུས་ཆུ་འབའ་ཞིག་གིས་བཀྲུ་བཤལ་བྱེད་དུ་འཇུག་པའི་ལྟུང་བྱེད་དང་། ༤༨ རྫས་དྲི་ཞིམ་པོས་རང་ལུས་སྐུད་པའི་ལྟུང་བྱེད་དང་། ༤༩ འབྲུ་མར་གྱི་ཚིགས་མས་རང་ལུས་སྐུད་པའི་ལྟུང་བྱེད་དེ། བྱི་དོར་ལས་གྱུར་པའི་ལྟུང་བྱེད་བརྒྱད། ༥༠ བུད་མེད་དང་ལྷན་ཅིག་ལག་པ་སྦྲེལ་ཏེ་ཁྲུས་བྱེད་ན་ལྟོ་བར་སླེབ་པའི་ཚེ་ཆུ་ལ་སྤྱོད་པའི་ལྟུང་བྱེད། ༥༡ པུ་ཤེལ་ཙིས་སྐྲ་ཤད་པའི་ལྟུང་བྱེད། ༥༢ སོ་མངས་ཀྱིས་སྐྲ་ཤད་པའི་ལྟུང་བྱེད། ༥༣ སྨིག་ཤད་ཀྱིས་སྐྲ་ཤད་པའི་ལྟུང་བྱེད། ༥༤ དེ་གསུམ་ཆར་གྱིས་སྐྲ་ཤད་པའི་ལྟུང་བྱེད། ༥༥ སྐྲ་བརྙན་ཐོགས་པའི་ལྟུང་བྱེད། ༥༦ ཁྱིམ་པའི་རྒྱན་ཐོགས་པའི་ལྟུང་བྱེད་དེ། འཆོས་པ་ལས་གྱུར་པའི་ལྟུང་བྱེད་དྲུག ༥༧ རང་གི་ཡན་ལག་གི་རྣམ་པ་གང་ཡང་རུང་བས་བྲོ་བརྡུང་བའི་ལྟུང་བྱེད། ༥༨ རང་གི་མགྲིན་པའི་འགྱུར་གང་ཡང་རུང་བས་གླུ་ལེན་པའི་ལྟུང་བྱེད། ༥༩ རང་གི་པི་ཝང་ལ་སོགས་པའི་རོལ་མོ་བྱེད་པའི་ལྟུང་བྱེད་དེ། རྒྱགས་པ་ལས་གྱུར་པ་གསུམ། ༦༠ ལོངས་སྤྱོད་དུ་གདུགས་ཐོགས་པའི་ལྟུང་བྱེད། ༦༡ དབྱར་ཁང་དང་མལ་སྟན་ལ་བག་བྱ་བའི་ཕྱིར་མ་ཡིན་པར་ལོངས་སྤྱོད་དུ་མཆིལ་ལྷམ་གྱོན་པའི་ལྟུང་བྱེད། ༦༢ རང་ལ་ཁྲིའུའི་བསྙེན་བཀུར་བྱེད་དུ་འཛུད་ན་དེ་ཉམས་སུ་མྱོང་བའི་ཚེ་ཁྲིའུས་བསྙེན་བཀུར་བྱེད་དུ་འཛུད་པའི་ལྟུང་བྱེད་དེ། ལོངས་སྤྱོད་འཆོས་པ་ཉིད་ལས་གྱུར་བའི་གསུམ། ༦༣ གང་གི་ཁྱིམ་གཞན་དུ་བདག་པོས་མ་བསྒོ་བར་དེར་སྟན་ལ་འདུག་པ་ལ་ཐུགས་ཐུབ་སྟེ་བཙན་ཐབས་སུ་ཕྱིས་གནོན་བྱེད་ན་ཐུགས་ཐུབ་ཏུ་ཕྱིས་གནོན་བྱེད་པའི་ལྟུང་བྱེད། ༦༤ ཆོས་ཉན་དུ་གཞུགས་པའི་ཚེ་ཁྱིམ་པའི་སྟན་ཡོངས་སུ་སྤྱོད་ལ་ཁྱིམ་པ་ལ་མ་སྦྲན་པར་བོར་ཏེ་སྙིང་ནས་ལོག་ཐབས་ཀྱིས་ཉེན་ཀོར་ལས་འདས་པར་ཕྱིན་ན་ཁྱིམ་པ་ལ་ལོག་ཐབས་བྱེད་པའི་ལྟུང་བྱེད། ༦༥ རྒྱ་ཅང་དང་ལྕགས་པོད་ལ་སོགས་པ་ནི་སྐ་རགས་ཀྱི་རྣམ་པ་སྟེ། དེའི་ཆེད་དུ་ཆོས་དང་ལྡན་པའི་དགོས་པའི་དབང་གིས་དབེན་པའི་ཕྱོགས་སུ་སྐུད་པ་འཁལ་བ་མ་ཡིན་པར་རྒྱུད་ཀྱི་རང་བཞིན་གང་ཡང་རུང་བ་བསྒྲུབ་པར་བྱས་ན་སྐུད་པ་འཁལ་བའི་ལྟུང་བྱེད། ༦༦ དགེ་སློང་མའི་ཚོགས་ཀྱི་གོས་བདག་ཁོ་ནས་བདག་གིར་བྱེད་ན་དགེ་སློང་མའི་ཚོགས་ཀྱི་གོས་བདག་གིར་བྱེད་པའི་ལྟུང་བྱེད། ༦༧ ཟས་ཅི་ཡང་རུང་བ་བཙོང་ན་ཚོང་བྱས་ཟིན་པའི་ཚེ་ཟས་འཚོང་བའི་ལྟུང་བྱེད། ༦༨ ཁྱིམ་པའི་འཕྲལ་གྱི་བྱ་བ་དང་ཆང་གི་ལས་བྱེད་ན། ཁྱིམ་གྱི་བྱ་བ་བྱེད་པའི་ལྟུང་བྱེད། ༦༩ སུམ་ཆ་མ་བོངས་པའི་རྗེན་པ་འཚོད་པའི་ལྟུང་བྱེད། ༧༠ ཟས་ཀྱི་བྱ་བ་བྱས་ནས་སྟན་ལས་ལངས་ཏེ་སྟན་བཏིང་བའི་འོག་ཏུ་ཡང་ཟས་ཟ་བར་བྱེད་ན་ལྟོ་འདུན་ལས་གྱུར་པའི་ལྟུང་བྱེད། ལྟོ་འདུན་ཞེས་བྱ་བ་ནི། གདུང་བ་དང་བརྐམ་ཆགས་ཆེ་བ་ཞེས་བྱ་བའི་ཐ་ཚིག་གོ ༧༡ །སྒོག་སྐྱ་ཟ་བ་ཚོགས་པར་དབྱུང་བ་མ་ཡིན་པའི་དྲི་བརྟེན་པའི་ལྟུང་བྱེད། ཀུན་དོང་དང་ཀེའུ་ཟ་བ་ཉེས་བྱས། ༧༢ ཟླ་མཚན་འཛག་པའི་དུས་སུ་མངལ་གྱི་སྒོར་སྨེ་གབ་ཅེས་བྱ་བ་གོས་ངན་མི་འདོགས་ན་སྨྱེ་གབ་མི་འཆང་བའི་ལྟུང་བྱེད། ༧༣ ཁྲུས་དང་ཆར་པའི་ཆུས་ལུས་གཤེར་བར་གྱུར་པ་དེའི་ཚེ་ཆུ་གོས་མི་འཆང་བའི་ལྟུང་བྱེད། ༧༤ གོས་བརྙིངས་པར་བཀྲུ་བར་འོས་པ་ཆོས་གོས་དང་གདིང་བ་དག་བཀྲུ་བཤལ་བ་ལ་འཁྲུར་འཇུག་ན་འཁྲུར་འཇུག་པའི་ལྟུང་བྱེད་དེ། སུ་བེ་ལ་བ་ལས་གྱུར་པའི་གསུམ་མོ། །སུ་བེ་ལ་ཞེས་བྱ་བ་ནི། གོས་མ་རུངས་པར་གྱུར་པའོ། ༧༥ །རྗེས་སུ་གནང་བ་མེད་པར་ཁྱིམ་པ་ལ་དགེ་སྦྱོང་གི་གོས་ལྔ་ལས་གང་ཡང་རུང་བ་སྦྱིན་ནམ་བསྐོན་ན་ཆོས་ཀྱི་རྒྱལ་མཚན་ལ་མི་གུས་པའི་ལྟུང་བྱེད། ༧༦ རང་གི་བཟང་བ་དང་ངན་པ་བརྗེ་བ་མ་གཏོགས་པའི་དགེ་སློང་ལ་སྣམ་སྦྱར་ལེན་ནམ་སྙོམས་པ་བརྗེ་ན་རྒྱལ་མཚན་བརྗེ་བའི་ལྟུང་བྱེད། ༧༧ དགེ་སློང་མ་གཞན་དག་གི་བསྔགས་པ་བརྗོད་པ་ན་ལུས་དང་ངག་དག་གིས་རྣམ་པར་འགྱུར་བ་མི་མཐུན་པས་སེར་སྣ་བྱེད་ན་བསྔགས་པ་ལ་སེར་སྣ་བྱེད་པའི་ལྟུང་བྱེད། ༧༨ དེ་བཞིན་དུ་ཁྱིམ་ལ་སེར་སྣ་བྱེད་པའི་ལྟུང་བྱེད། ༧༩ གནས་ལ་སེར་སྣ་བྱེད་པའི་ལྟུང་བྱེད། ༨༠ རྙེད་པ་ལ་སེར་སྣ་བྱེད་པའི་ལྟུང་བྱེད། ༨༡ ཆོས་ལ་སེར་སྣ་བྱེད་པའི་ལྟུང་བྱེད་དེ། སེར་སྣ་བྱེད་པའི་ལྔའོ། ༨༢ །རང་གི་ལུས་དང་ངག་གིའམ་གཞན་ལ་བཅོལ་བའི་རྣམ་པ་གང་ཡང་རུང་བས་དབྱར་ཁང་ནས་དགེ་སློང་མ་སྐྲོད་པར་བྱེད་ན་དབྱར་ཁང་ནས་སྐྲོད་པའི་ལྟུང་བྱེད། ༨༣ ཁྱིམ་པའི་ཁྱིམ་གཞན་ན་དགེ་སློང་མ་སྔ་ནས་གནས་པ་ཐབས་གང་ཡང་རུང་བས་སྐྲོད་ན་ཁྱིམ་གཞན་ནས་སྐྲོད་པའི་ལྟུང་བྱེད་དེ། སྐྲོད་པའི་གཉིས། ༨༤ ལེགས་པར་མ་མཐོང་། མ་ཐོས། ལེགས་པར་མི་དོགས་པས་དགེ་སློང་མ་གཞན་ལ་ལྟུང་བྱེད་མན་ཆད་ཀྱི་ལྟུང་བ་གང་ཡང་རུང་བ་གླེང་ན་མཐོ་འཚམ་པ་ལས་གྱུར་པའི་ལྟུང་བྱེད། ༨༥ གཞན་ཡིད་ཆེས་པར་བྱ་བའི་ཕྱིར་མནའ་དོར་ན་ལོག་པར་སྟོན་པའི་ལྟུང་བྱེད། ༨༦ ཁྲོ་བས་བདག་ཉིད་ལ་བརྡེག་པ་སོགས་གནོད་པ་བྱེད་ན་མི་བརྟན་པས་རྣམ་པར་འགྱུར་བའི་ལྟུང་བྱེད། ༨༧ དགེ་སློང་མའི་དགེ་འདུན་ལ་བརྙས་ཐབས་བྱེད་ན་དགེ་སློང་མའི་ཚོགས་ལ་བརྙས་ཐབས་བྱེད་པའི་ལྟུང་བྱེད། ༨༨ དགེ་སློང་མའི་དགེ་འདུན་ལ་སྤྱོ་ན་དགེ་སློང་མའི་ཚོགས་ལ་སྤྱོ་བའི་ལྟུང་བྱེད། ༨༩ འཁོར་གྱི་གཙོ་བོ་དགེ་སློང་ལ་ཕན་པའི་ཆེད་མ་ཡིན་པར་ཆུ་འཐོར་ན་འཁོར་གྱི་གཙོ་བོ་ལ་ཆུ་འཐོར་བའི་ལྟུང་བྱེད་དེ། བླ་མར་གྱུར་པ་ལ་བརྙས་ཐབས་བྱེད་པའི་གསུམ། དགེ་སློང་ལ་བརྙས་པ་ལྕི་ཆོས་སུ་འགྱུར་བས་འདིར་གཟུང་། རབ་བྱུང་གཞན་ལ་བརྙས་པ་སོགས་ཉེས་བྱས་སོ། ༩༠ དགེ་སློང་མ་རྣམས་ཀྱི་རྩོད་པ་མཐུ་ཡོད་བཞིན་དུ་ཉེ་བར་ཞི་བར་མི་བགྱིད་ན་འཁྲུག་ལོང་ཡལ་བར་འདོར་བའི་ལྟུང་བྱེད། ༩༡ ཉི་མ་སྔ་མ་གཞན་ལ་འདུན་པ་ཕུལ་བ་དེ་ཉིད་ད་དུང་ཡང་ཡོད་པས་འདུན་པ་དེ་ཁོ་མོས་ཕྱིར་མ་བླངས་པ་དེ་རིང་ཡང་གཟོད་འདུན་པ་འབུལ་ཅི་དགོས་ཟེར་ཞིང་འདུན་པ་ཕྱི་མ་མ་སྟེར་ན་བློ་མཐུན་པར་མི་བྱེད་པའི་ལྟུང་བྱེད། ༩༢ ཟླ་བ་ཕྱེད་ཕྱེད་དགེ་སློང་རྣམས་ལས་གདམ་ངག་དང་རྗེས་སུ་བསྟན་པ་དག་ཉམས་སུ་མྱོང་བར་མི་བྱེད་པའི་ལྟུང་བྱེད། ༩༣ དགེ་སློང་མེད་པའི་གནས་སུ་དབྱར་གནས་པར་ཁས་ལེན་པའི་ལྟུང་བྱེད། ༩༤ གཉིས་ཀའི་དགེ་འདུན་ལ་དགག་དབྱེ་མི་བྱེད་པའི་ལྟུང་བྱེད་དེ། ལྕི་བའི་ཆོས་ལས་འདས་པའི་གསུམ། ༩༥ དགེ་སློང་མེད་པར་གསོ་སྦྱོང་བྱེད་པ་ནི་ལྕི་བའི་ཆོས་དང་འབྲེལ་བའི་ཆོས་ལས་འདས་པའི་ལྟུང་བྱེད། གནས་གང་ན་དགེ་སློང་བཞི་ཡན་ཆད་གནས་ཤིང་ལས་བྱེད་པ་མེད་པ་ནི་དགེ་སློང་མེད་པ་ཞེས་བྱའོ། །རྐྱེན་མ་བྱུང་བར་གསོ་སྦྱོང་དང་དགག་དབྱེའི་ཉིན་མོ་འདས་ན་སྐྱ་རེངས་ཤར་བའི་དུས་དངོས་གཞིར་འགྱུར་ལ། རྐྱེན་བྱུང་ན་ཚེས་ཕྱི་མའི་ཉི་མ་འཆར་ཀ་ལའོ། །དགེ་སློང་མངོན་སུམ་དུ་མི་འཁོད་ན་ཉེས་པ་མེད་དོ། །དེ་ཡང་དགེ་སློང་མའི་དགེ་འདུན་གྱི་སྔར་དགེ་སློང་གིས་དགེ་འདུན་ལས་འདུན་པའི་གསོ་སྦྱོང་བླངས་ནས་གཟོད་གསོ་སྦྱོང་བྱ་དགོས་པར་གསུངས་སོ། ༩༦ །དབུལ་པོ་ལ་རྙེད་པའི་དོན་ཏམ། བསོད་སྙོམས་ཀྱི་དོན་ཏམ། གཉིས་ཀའི་དོན་དུ་སྲ་བརྐྱང་སྦྱོར་དུ་བཅུག་ན་དབུལ་པོ་སྲ་བརྐྱང་སྦྱོར་དུ་བཅུག་པའི་ལྟུང་བྱེད། དབུལ་པོ་དུ་མ་སྦྱོར་དུ་བཅུག་ན་དེ་སྙེད་པའི་ཁ་ན་མ་ཐོ་བར་འགྱུར་རོ། །ཡོ་བྱད་གཞན་ལ་ཡང་མཚུངས་སོ། ༩༧ །གློ་བུར་དུ་ཆོས་གོས་གཏན་པ་དབྱུང་བའི་ཕྱིར་བག་ཡངས་སུ་བྱ་བའི་ཚོགས་པ་མི་སྦྱིན་ན་ཆོས་གོས་གཏན་པ་དབྱུང་བའི་ཕྱིར་ཚོགས་པ་མི་སྦྱིན་པའི་ལྟུང་བྱེད། ༩༨ ཆོས་དང་ལྡན་པའི་རྙེད་པ་གཞན་ལ་བགོ་བའི་ཕྱིར་ཚོགས་པ་མི་སྦྱིན་པ་གོས་འགྱེད་པའི་ཕྱིར་ཚོགས་པ་མི་སྦྱིན་པའི་ལྟུང་བྱེད། འདིར་རྙེད་པའི་སྐལ་བ་ལེན་མི་འདོད་པས་ཡིན་ན་ལྟུང་བ་མེད་དོ། །གཞན་ལ་གནོད་པར་སྤྱོད་པ་ལས་གྱུར་པའི་གསུམ། ༩༩ དབྱར་ཁང་དེའི་ལྡེ་མིག་ལ་སོགས་པ་ཁྱིམ་པ་ཡན་ཆད་ལ་མ་གཏད་མ་བཅོལ་བར་གཞན་དུ་འགྲོ་ན་དབྱར་ཁང་ཡལ་བར་དོར་བ་ལས་གྱུར་པའི་ལྟུང་བྱེད། ༡༠༠ བར་ཆད་བརྒྱད་མེད་ཅིང་དབྱར་གྱི་ནང་ལོགས་སུ་བྱིན་གྱིས་བརླབས་ཏེ་འགྲོ་བ་མ་ཡིན་པར་ལྗོངས་རྒྱུ་ཕྱིར་རྒྱང་གྲགས་གཅིག་འགྲོ་ན་དབྱར་གྱི་ནང་དུ་ལྗོངས་རྒྱུ་ཞིང་འགྲོ་བའི་ལྟུང་བྱེད། ༡༠༡ དབྱར་གནས་པར་ཁས་བླངས་ནས་དགག་དབྱེ་བྱས་པའི་འོག་ཏུ་ཚེས་བཅུ་དྲུག་ལ་ལྗོངས་རྒྱུར་འཇིགས་པ་མེད་བཞིན་སྒུག་སྡོད་བྱ་མི་དགོས་པར་མི་འགྲོ་ན་དབྱར་གནས་པའི་འོག་ཏུ་མི་འགྲོ་བའི་ལྟུང་བྱེད། ༡༠༢ ཡུལ་འཁོར་ཆོམ་རྐུན་དང་བཅས་པའི་དོགས་པ་ཡོད་པར་ལྗོངས་རྒྱུར་འགྲོ་ན་དོགས་པ་དང་བཅས་པར་འགྲོ་བའི་ལྟུང་བྱེད། ༡༠༣ ཕྱོགས་འདིར་སུ་ཡང་འགྲོ་བར་མི་བྱ། སུ་འགྲོ་བ་དེ་གསོད་ཅེས་བྱ་བ་ལ་སོགས་འགྲོ་བ་དགག་པའི་ཁྲིམས་སུ་བཅའ་བ་ཡོད་པ་མི་མཐུན་པའི་ཕྱོགས་དེར་འགྲོ་ན་མི་མཐུན་པ་དང་བཅས་པར་འགྲོ་བའི་ལྟུང་བྱེད་དེ། འགྲོ་བ་དང་མི་འགྲོ་བ་ལས་གྱུར་པའི་བཞིའོ། ༡༠༤ །ལྷའི་གནས་ལ་སོགས་པ་དང་མུ་སྟེགས་ཅན་གྱི་གནས་སུ་སོང་སྟེ་རྩོད་པར་བྱེད་པའི་ཚིག་གི་དོན་གཅིག་བརྡའ་འཕྲོད་པའི་དུས་ན་གཞན་གྱི་གནས་སུ་འཐབ་ཀྲོལ་བྱེད་པའི་ལྟུང་བྱེད། ༡༠༥ གང་ལ་དགེ་སློང་ལ་སོགས་པའི་ཚིག་གིས་སྐབས་མ་ཕྱེ་བར་དྲི་བ་དྲི་ན་སྐབས་མ་ཕྱེ་བར་འདྲི་བའི་ལྟུང་བྱེད་དེ། སྨྲ་བ་ལས་གྱུར་པ་གཉིས་སོ། ༡༠༦ །དབྱར་ཁང་ཉེན་ཀོར་འདོམ་གང་ལས་ལོགས་ཤིག་ཏུ་ཆབ་ཁུང་ས་གྱེན་ཕག་ཏུ་འདུག་པ་དེར་གཅིག་པུར་འགྲོ་ན་ཕྱི་སར་གཅིག་པུར་འགྲོ་བའི་ལྟུང་བྱེད། ༡༠༧ ཐམས་ཅད་ཁྱབ་པ་མ་ཡིན་པའི་རྩྭ་སྔོན་པོའི་སྟེང་དུ་བཤང་གཅི་དོར་ན་སྔོན་པོ་ལ་མི་གཙང་བས་ཕོག་པའི་ཚེ་རྩ་སྔོན་པོའི་སྟེང་དུ་བཤང་བ་དོར་བའི་ལྟུང་བྱེད། ༡༠༨ ར་བའི་ཕྱི་ལོགས་རྩིག་པ་པུ་ཤུ་མ་བཏང་བ་ལ་རྩིག་པའི་ཕག་ཏུ་མ་བལྟས་པར་བཤང་བ་འདོར་ན་རྩིག་པའི་ཕག་ཏུ་མ་བལྟས་པར་བཤང་བ་དོར་བའི་ལྟུང་བྱེད་དེ། བཤང་བ་ལས་གྱུར་པའི་ལྟུང་བྱེད་གསུམ་མོ། །སོར་བཤགས་བཅུ་གཅིག ཉེ་དུ་མ་ཡིན་པའི་ཁྱིམ་ནས་ནད་མེད་པར་བདག་གི་དོན་དུ་འོ་མ་བསླངས་ཏེ་འཐུངས་ན་འོ་མ་བསླངས་པའི་སོ་སོར་བཤགས་པ། དེ་བཞིན་དུ། ཞོ་དང་། མར་དང་། ཞུན་མར་དང་། འབྲུ་མར་དང་། སྦྲང་རྩི་དང་། བུ་རམ་གྱི་དབུ་བ་དང་། ཉ་ཤ་དང་། ཤ་དང་། ཤ་སྐམ་བསླངས་པ་ཟོས་པའི་སོར་བཤགས་བཅུ་ཐུན་མོང་མ་ཡིན་པ་དང་། བསླབ་པའི་སྡོམ་པ་བྱིན་པ་དྲལ་བའི་སོར་བཤགས་པ་དང་ཐུན་མོང་བ་སྟེ་བཅུ་གཅིག་གོ །ཉེས་བྱས་བརྒྱ་བཅུ་གཉིས། མ་བསྒོ་བར་ཁྱིམ་དུ་འདུག་པ་དང་རྩྭ་སྔོ་ཡོད་སར་བཤང་བ་དོར་བ་འདིར་འབའ་ཞིག་པར་བསྡུས་པས། དེ་ཚབ་ཏུ་ཤམ་ཐབས་ལ་དགེ་སློང་མ་ལ་བརྒྱད་ཡོད་དེ། ཤབ་ཐབས་རྐེད་པའི་ཕྱོགས་སྣང་བར་བགོ་བའི་ཉེས་བྱས་དང་། འཁྲིག་པའི་འདོད་ཆགས་ཀྱི་ཆགས་པར་གྱུར་བཞིན་དུ་ཁྱིམ་གཞན་དུ་འགྲོ་བའི་ཉེས་བྱས་གཉིས་མནན་པ་ཙམ་སྟེ། གཞན་རྣམས་དགེ་སློང་དང་མཚུངས་སོ།། །། གསུམ་པ་ཞར་ལ་རབ་ཏུ་བྱུང་བ་གཞན་གཉིས་ཀྱི་བསླབ་བྱ་ནི། དགེ་སློབ་མ་དང་། དགེ་ཚུལ་གཉིས་ལས། དགེ་སློབ་མའི་ནི། རྩ་བ་དྲུག་དང་རྗེས་མཐུན་ཆོས་དྲུག་པོ། དགེ་སློབ་མ་ལ་ལྷག་པོའོ། །དགེ་ཚུལ་གྱི་བསླབ་པའི་གཞི་ཡང་དག་པར་བླངས་པ་བཅུའི་སྟེང་དུ། ལས་བརྒྱ་རྩ་གཅིག་ལས། རྩ་བའི་ཆོས་དྲུག་གང་ཞེ་ན། ༡ གཅིག་པུ་ལམ་དུ་འགྲོ་མི་བྱ། ༢ །ཆུ་བོའི་ཕ་རོལ་བརྒལ་མི་བྱ། ༣ །སྐྱེས་པ་ལ་ནི་རེག་མི་བྱ། ༤ །སྐྱེས་པ་ལ་ནི་འདུག་མི་བྱ། ༥ །སྨྱན་དུ་འགྱུར་བ་མི་བྱ་ཞིང་། ༦ །ཁ་ན་མ་ཐོ་བཅབ་མི་བྱ། །བདེ་གཤེགས་གསུང་པའི་ཆོས་དྲུག་གོ །དེ་དག་གསུང་རབ་ལས་གསུངས་ཡིན། །རྗེས་སུ་མཐུན་པའི་ཆོས་དྲུག་གང་ཞེ་ན། ༡ གསེར་ལ་བཟུང་བར་མི་བྱ་ཞིང་། ༢ །མདོམས་ཀྱི་སྤུ་ནི་བྲེག་མི་བྱ། ༣ །ས་ནི་བརྐོ་བར་མི་བྱ་སྟེ། ༤ །རྩྭ་སྔོན་དག་ཀྱང་གཅད་མི་བྱ། ༥ །བྱིན་ལེན་མ་བྱས་བཟའ་མི་བྱ། ༦ །གསོག་འཇོག་བྱས་པ་བཟའ་མི་བྱ། །རྗེས་མཐུན་ཆོས་དྲུག་འདི་དག་ནི། །བདེ་བར་གཤེགས་པས་རྟག་ཏུ་བཀག །ཅེས་གསུངས་པ་ཉིད་དོ། །དེ་ཡང་འཆང་བ་ལ་སོགས་པ་བདུན་དང་། དགེ་སློང་མའི་བསླབ་པའི་གཞི་ཡང་དག་པར་བླངས་པ་མ་གཏོགས་དེ་དག་གི་ལྷག་མ་དགེ་སློང་མའི་བསླབ་པའི་གཞིར་གཏོགས་པ་གཞན་གང་ཡིན་པ་དེ་དག་ཐམས་ཅད་ནི་དགེ་སློབ་མའི་བསླབ་པའི་གཞི་ཡང་དག་པར་བླངས་པ་དེའི་ཕྱོགས་དང་མཐུན་པ་ཡིན་ཏེ། དགེ་སློབ་མས་དེ་དག་ལས་འདས་ཤིང་འགལ་བར་བྱས་ན་ཡིད་ཀྱི་ཉེས་བྱས་ཡིན་ཏེ། བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །འཆང་བ་ལ་སོགས་པ་བདུན་ལ་ནི་ལྟུང་བ་མེད་དོ། །བསླབ་པའི་གཞི་ཡང་དག་པར་བླངས་པ་མ་གཏོགས་པ་ལ་ནི་བཤགས་པ་བྱ་བའི་ཉེས་བྱས་སུ་འགྱུར་རོ། །འཆང་བ་ལ་སོགས་པ་བདུན་ནི། དགེ་སློབ་མ་ཡི་འཆང་བ་དང་། །འབྲལ་དང་མེ་ལ་རེག་པ་དང་། །སྤངས་པ་ཟ་དང་ས་བོན་འཇིག །རྩྭ་སྔོན་ཡོད་པའི་ས་ཕྱོགས་སུ། །མི་གཙང་འདོར་དང་ཤིང་འཛེག་དང་། །ཞེས་སོ། །དགེ་ཚུལ་གྱི་བསླབ་བྱ་ནི། དགེ་ཚུལ་ནི། གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང་། །མི་ཚངས་སྤྱོད་བརྫུན་བཅོས་མའི་ཆང་ལ་སོགས། །གར་སོགས་འཕྲེང་སོགས་མལ་ཆེན་མཐོ་བ་དང་། །ཕྱི་དྲོའི་ཁ་ཟས་དངུལ་ཉིད་སྤོང་བ་སྟེ། །སྲོག་གཅོད་པ་ལ་སོགས་པ་བཞི། །དགེ་སློང་གི་ཚེ་བཤད་པ་ཇི་ལྟ་བའི་ཡན་ལག་ཚང་ན་ཕམ་པ་དང་འདྲ་བའི་ཉེས་བྱས་སུ་འགྱུར་རོ། །ལྷག་མ་དྲུག་ནི་བཤགས་བྱའི་ཉེས་བྱས་ཏེ། བཅོས་མའི་ཆང་དང་སོགས་པའི་སྒྲས་སྦྱར་བའི་ཆང་བསྡུའོ། །གར་སོགས་སྒྲས་གླུ་དང་རོལ་མོའི་སྒྲ་གཉིས་གཟུང་ངོ་། །འཕྲེང་བ་དང་སོགས་སྒྲས་སྤོས་ཉུག་པ་དང་ཁ་དོག་འཆང་བ་གཉིས་བསྡུའོ། །མལ་གྱི་སྒྲ་སྤྱིར་བསྟན་པས་མལ་ཆེན་པོ་དང་མལ་མཐོ་བ་ཞེས་བྱ་བའི་དོན་དུ་འགྱུར་རོ། །མལ་ནི་མཚོན་པའི་དོན་ཡང་ཡིན་པའི་ཕྱིར་སྟན་ཡང་བསྡུའོ། །ཕྱི་དྲོའི་ཁ་ཟས་ནི་ཉིན་གུང་ཡོལ་བ་མན་ཆད་ཀྱི་ཁ་ཟས་སོ། །དངུལ་ཉིད་སྤོང་བ་ཞེས་བྱ་ནི། དངུལ་ཉིད་ཅེས་པ་ཡ་མཐའ་ངེས་བཟུང་སྟེ་དེ་ཙམ་ཡན་ཆད་ནས་གསེར་ལ་སོགས་པ་རིན་པོ་ཆེ་ལེན་པ་རྣམས་སྤོང་ཞེས་བྱ་བའི་ཐ་ཚིག་སྟེ། སྲོག་དང་ལོངས་སྤྱོད་ལ་གནོད་པ་དང་། འདོད་པའི་འདོད་ཆགས་དང་། འདུ་ཤེས་བསྒྱུར་ནས་བསླུ་བ་དང་། བག་མེད་ཀྱི་གནས་དང་། རྒོད་བག་དང་། རྒྱགས་པ་དང་། འདོད་ཞེན་ཆེ་བ་དང་། ཁ་ཟས་དོན་མེད་པ་དང་། ཡོ་བྱད་དོན་མེད་པ་ལས་བཟློག་པས་བཅུར་བཞག་ཅིང་། དེ་རེ་རེ་ལའང་རྣམ་པ་དུ་མ་ཡོད་ཀྱང་མང་ཆེས་བས་བསྲུང་མི་ནུས་སྙམ་པའི་སྤ་བཀོང་བ་སྤང་བའི་ཕྱིར་བཅུར་བསྟན་ཏེ། རྒྱ་གར་གྱི་བུ་ལ་བསླབ་པ་གསུམ་བསྟན་པ་བཞིན་ནོ། །གོ་རིམ་ཕམ་འདྲ་བཞི་ལྕི་བས་དང་པོར་བཞག་ལ། དེ་ཡང་མི་དགེ་བཅུའི་གོ་རིམ་དང་བསྟུན་ནས་སྲོག་གཅོད་དང་པོར་བཞག་གོ །དེ་ནས་ཆང་ཉེས་པའི་རྩ་བ་ཡིན་པས་བཞག་ལ། ལྷག་མ་རྣམས་འཇིག་རྟེན་པའི་བྱ་བ་བྱེད་པའི་གོ་རིམ་དང་བསྟུན་ནས་བཞག་ཅིང་། ཕམ་འདྲ་ལས་འདས་ན་འཆབ་སེམས་སྐྱེས་ན་གསོར་མི་རུང་། མ་སྐྱེས་ན་བསླབ་པ་བྱིན་པས་གསོར་རུང་བ་དགེ་སློང་དང་འདྲའོ། །འོན་ཀྱང་ཉེས་བྱས་སུ་བཏགས་པ་ནི། འཕགས་པ་ཉེར་སྦས་ཀྱིས་བསྙེན་པར་རྫོགས་པ་དང་། མ་རྫོགས་པའི་བྱེ་བྲག་བསྟན་པའི་ཕྱིར་རོ། །ཞེས་གསུངས་ལ། འཕགས་པ་ཟླ་ནོར་ཚུལ་ཁྲིམས་ཀྱི་ཐ་མར་གྱུར་པའི་ཕྱིར་རོ། །ཞེས་བཞེད། བར་མ་རབ་ཏུ་བྱུང་བར་ཁས་བླངས་པས་ཐོབ་པའི་ཆོས་འདི་པ་དག་གི་ཆ་བྱད་ནི་དགེ་ཚུལ་གྱི་བརཏལ་ཞུགས་ཡིན་ལ། སྲོག་གཅོད་པ་ལ་སོགས་པ་བཅུ་པོ་སྤོང་བ་གང་ཡིན་པའི་སྤོང་བ་དེ་ནི་ཚུལ་ཁྲིམས་དང་། དགེ་ཚུལ་གྱི་སྡོམ་པ་ཡིན་ནོ། །གནང་བ་ཉེས་མེད་བཅུ་གསུམ་མ་གཏོགས་པ། །འདིར་བསྟན་བླངས་པའི་ཕྱོགས་མཐུན་ཤེས་པར་བྱོས། །བྱེ་བྲག་ཏུ་བཤད་པ་ལ་ནི་ཕྱོགས་དང་མཐུན་པའི་མཚན་ཉིད་འདི་སྐད་དུ། འཆང་བ་དང་ནི་འབྲལ་བ་དང་། །དེ་བཞིན་ས་ནི་བརྐོ་བ་དང་། །རིན་ཆེན་རེག་དང་མེ་ལ་རེག །བཏང་ནས་ཟ་བར་བྱེད་པ་དང་། །ལྗོན་ཤིང་སྐྱེད་དང་ཤིང་གཅོད་དང་། །བྱིན་ལེན་མ་བྱས་ཟ་བ་དང་། །རྩ་སྔོན་མི་གཙང་དོར་བ་དང་། །དེ་བཞིན་གསོག་འཇོག་ཟ་བ་དང་། །ས་བོན་འཇོམས་དང་བསླབ་པའི་གཞི། །བཅུ་པོ་རྣམས་ནི་མ་གཏོགས་པར། །སོ་སོ་ཐར་པར་བསྟན་པ་དག །བླངས་པའི་ཕྱོགས་མཐུན་ཤེས་པར་བྱ། །ལྷན་ཅིག་དབྱར་ནི་གནས་པ་དང་། །གསོ་སྦྱོང་དགག་དབྱེ་བཅས་ལ་སོགས། །བླངས་པ་ལ་བརྟེན་རྟགས་དང་ནི། །སློང་སྤྱད་ཉེར་སྤྱོད་རྒོད་པ་དང་། །འདོད་དང་གནོད་དང་འགྲོགས་པ་དང་། །མ་གུས་མི་སྦྱོང་གཞི་ལས་བྱུང་། །ཞེས་བསྟན་ཏོ། །འདིའི་དོན་ནི་འདི་ཡིན་ཏེ། ལྷུང་བཟེད་དང་། ཆོས་གོས་ལྷག་པ་འཆང་བ་དང་། ཆོས་གོས་གསུམ་དང་འབྲལ་བ་དང་། ས་བརྐོ་བ་དང་། རིན་པོ་ཆེ་ལ་རེག་པ་དང་། མེ་ལ་རེག་པ་དང་། བཏང་ནས་ཟ་བ་དང་། ལྗོན་ཤིང་སྐྱེད་པ་དང་། ཤིང་ལ་སོགས་པ་གཅོད་པ་དང་། བྱིན་ལེན་མ་བྱས་པར་ཟ་བ་དང་། རྩྭ་སྔོན་པོ་དང་བཅས་པའི་ཕྱོགས་སུ་མི་གཙང་བ་འདོར་བ་དང་། གསོག་འཇོག་ཟ་བ་དང་། ས་བོན་འཇོམས་པ་ཞེས་བྱ་བ་བཅུ་གསུམ་དང་། འཆང་བའི་ཟླར་བསྡུས་པ་ཟླ་འཇོག འབྲལ་བའི་ཟླར་བསྡུས་པ་དགོན་པ་པའི་འབྲལ་སྤང་། གསོག་འཇོག་བྱས་པ་ཟ་བའི་ཟླར་གསོག་འཇོག་བྱེད་པའི་སྤང་ལྟུང་རྣམས་ཞུ་བ་ཁ་ཆེ་བ་ལ་དངོས་སུ་ཉེས་མེད་དུ་གསུངས་པས་བཅུ་དྲུག་སྟེ། ཞུ་བ་མང་ཤོས་ནས་ཉི་ཤུ་མ་ལོན་པས་རྫོགས་པར་བྱེད་པ་ལ་ལྟུང་བ་མེད་པར་བཤད་ཀྱང་། རྐུ་ཐབས་སུ་གནས་པས་མཁན་པོ་བྱས་ན་ཉེས་པར་འགྱུར་བ་ཁོ་ན་ཡིན་པས་མི་རུང་ངོ་། །དེ་དག་དང་དགེ་ཚུལ་གྱི་བསླབ་པའི་གཞི་བཅུ་པོ་དག་མ་གཏོགས་པ་སོ་སོ་ཐར་པའི་མདོ་ལས་བསྟན་པ་གཞན་རྣམས་ཇི་ལྟར་རྣམ་པར་འབྱེད་པར་དགེ་ཚུལ་གྱིས་ཡང་དག་པར་བླངས་པའི་ཕྱོགས་དང་མཐུན་པ་ཡིན་ནོ། །དེ་དག་ལས་རྟགས་ཀྱི་གཞི་ལས་བྱུང་བ་ནི། རབ་ཏུ་བྱུང་བའི་སྔགས་ལས་རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་ནོ། །ཞེས་བྱུང་བ་གང་ཡིན་པ་དེ་ལས་མུ་སྟེགས་ཅན་གྱི་རྟགས་འཆང་བ་དང་། ཁྱིམ་པའི་རྟགས་འཆང་བ་དང་། དེ་བཞིན་དུ་རྫས་རུང་བ་མ་ཡིན་པ་དང་། ཚད་ལས་ཆུང་བ་དང་། ལྷག་པ་དག་བསྟེན་པ་དང་། བྱེད་དུ་འཇུག་པ་དང་། སེན་མོའི་བྱི་དོར་མ་གནང་བ་རྣམས་བྱེད་པ་དང་། རྟགས་ཉམས་པར་བྱེད་པའི་སྐྲའི་བྱི་བྱད་དང་། མ་གནང་བའི་ཕྱོགས་རྣམས་འབྲེག་པར་བྱེད་པ་ལ་སོགས་པ་ནི་རབ་ཏུ་བྱུང་བའི་རྟགས་ཉམས་པའི་ཕྱོགས་དང་མཐུན་པ་ཡིན་པར་བསྟན་ཏོ། །ལྷུང་བཟེད་འཆང་བ་ཡང་བསོད་སྙོམས་ལ་རྒྱུ་བ་ན་རྟགས་སུ་གྱུར་པ་ཉིད་ཡིན་ཏེ། དེ་ཡང་རྣམ་པ་གཞན་དང་། རྫས་གཞན་ལས་བྱས་པ་དང་། ཚད་ལས་ཆུང་བ་དང་། ལྷག་པ་དང་། སྐྱ་བོ་འཆང་བ་ཡང་རྟགས་ཉམས་པའི་ཕྱོགས་དང་མཐུན་པ་ཡིན་པར་རིགས་པར་བྱའོ། །སློང་བ་དང་སྤྱད་ཀྱི་གཞི་ལས་བྱུང་བ་རྣམས་ནི། དངུལ་དང་གསེར་ལེན་པ་སྤང་བ་ཉམས་པའི་ཕྱོགས་དང་མཐུན་པ་ཉིད་ཡིན་ཏེ། སློང་བའི་གཞི་ལས་བྱུང་བ་ནི། གོས་སློང་བ་ལ་སོགས་པའོ། །སྤྱད་ཀྱི་གཞི་ལས་བྱུང་བ་ནི། ཁབ་རལ་ལ་སོགས་པ་བྱེད་དུ་འཇུག་པའོ། །ཉེ་བར་སྤྱོད་པའི་གཞི་ལས་བྱུང་བ་ནི། སྒོག་སྐྱ་ཟ་བ་ལ་སོགས་པ་དག་སྟེ། དུས་མ་ཡིན་པར་ཟ་བའི་ཕྱོགས་དང་མཐུན་པ་ཉིད་དོ། །རྒོད་པའི་གཞི་ལས་བྱུང་བ་ནི། རྒྱུག་པ་དང་། མཆོང་བ་དང་། ཆུ་ལ་ལྕེབ་པ་ལ་སོགས་པ་དག་སྟེ། གར་དང་། གླུ་དང་། རོལ་མོའི་སྒྲ་དང་། འཕྲེང་བ་དང་། སྤོས་ཉུག་པ་དང་། ཁ་དོག་འཆང་བ་དང་། མལ་མཐོན་པོ་དང་། མལ་ཆེན་པོའི་ཕྱོགས་དང་མཐུན་པ་ཉིད་ཡིན་ནོ། །འདོད་པའི་གཞི་ལས་བྱུང་བ་ནི། ཁུ་བ་འབྱིན་པ་ལ་སོགས་པ་དང་། ཁང་པ་དང་། ལྷ་ཁང་དུ་གཏོགས་པ་སྟེ། དེ་ནི་རབ་ཏུ་བྱུང་བའི་ཕྱོགས་དང་མཐུན་པ་ཉིད་ཀྱང་ཡིན་ནོ། །གནོད་པའི་གཞི་ལས་བྱུང་བ་ནི། དགེ་འདུན་གྱི་དབྱེན་བྱེད་པ་ལ་སོགས་པ་ཡིན་ནོ། །འགྲོགས་པའི་གཞི་ལས་བྱུང་བ་ནི། དགེ་འདུན་གྱིས་བསྐྲད་པ་གང་ཡིན་པ་དང་འགྲོགས་པ་སྟེ། དེ་ནི་འདོད་ཆགས་དང་བྲལ་བར་འགྱུར་བ་ལས་གཡེལ་བར་གྱུར་པ་ཉིད་ཡིན་པས། ཡོངས་སུ་སྤངས་པར་བྱ་བ་ཉིད་ཡིན་པའི་ཕྱིར་ན་སྡོམ་པ་མཐའ་དག་ཉམས་པའི་ཕྱོགས་དང་མཐུན་པ་ཉིད་ཡིན་ནོ། །བུད་མེད་དང་ལྷན་ཅིག་ཉལ་བས་འགྲོགས་པ་གང་ཡིན་པ་དེ་ནི་མི་ཚངས་པར་སྤྱོད་པའི་ཕྱོགས་དང་མཐུན་པ་ཉིད་ཡིན་ནོ། །མ་གུས་པའི་གཞི་ལས་བྱུང་བ་ནི། སངས་རྒྱས་དང་། ཆོས་དང་། དགེ་འདུན་རྣམས་ལ་མ་གུས་པ་ཉིད་ཡིན་ཏེ། དེ་ཡང་རབ་ཏུ་བྱུང་བ་དང་རབ་ཏུ་བྱུང་བའི་སྡོམ་པ་ཉམས་པའི་ཕྱོགས་དང་མཐུན་པ་ཉིད་ཡིན་ནོ། །གང་ཟག་གཞན་ལ་མ་གུས་པ་ཉིད་ནི། མཁན་པོ་ལ་མ་གུས་པའི་ཕྱོགས་དང་མཐུན་པ་ཉིད་ཡིན་ནོ། །མི་སྦྱོང་བའི་གཞི་ལས་བྱུང་བ་ནི། བདག་ཉིད་དག་པར་བྱ་བའི་ཕྱིར་གསོ་སྦྱོང་དང་དགག་དབྱེ་གཉིས་བྱ་བར་གསུངས་པ་སྟེ། དེ་མི་བྱེད་པ་ནི་མི་སྦྱོང་བའོ། །གནས་མེད་པར་འདུག་པ་ཡང་མི་སྦྱོང་བ་ཡིན་ཏེ། དེ་ལྟར་བྱས་ན་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་མི་འགྱུར་བས། དེ་རྣམས་ནི་མི་བྱ་བ་ཁོ་ན་ཡིན་ནོ། །ཅི་སྟེ་དེའི་ཕྱོགས་དང་མཐུན་པ་རྣམས་ལ་ཡིད་ཀྱི་བྱ་བ་ཡིན་ནོ་ཞེ་ན། དགེ་ཚུལ་གྱི་སྔགས་ལས་ཡན་ལག་བཅུ་པོ་འདིས། བདག་ཅེས་བསླབ་པའི་ཚད་གསུངས་པ་ལས་བསླབ་པ་བཅུ་པོ་དག་ཁོ་ན་ལས་འདས་ན་ལྟུང་བ་ཡིན་པར་གསུངས་པའི་ཕྱིར་དང་། གཞན་ལ་ནི་མ་གསུངས་པའི་ཕྱིར་ལ། གཞན་ཡང་སྐྱོན་མེད་པ་ཉིད་མ་ཡིན་ཞིང་། བླངས་པ་ལས་འདས་པ་དང་ཤན་འདྲ་བའི་ཕྱིར་དང་། ཡིད་ཀྱི་བསྡམ་པར་བྱ་བ་ཡང་སྤྱིར་བསྟན་པའི་ངོ་བོ་ཡིན་པས། ཕྱོགས་དང་མཐུན་པ་རྣམས་ནི་ཡིད་ཀྱི་བསྡམ་པར་བྱ་བ་ཡིན་ནོ་ཞེས་རྣམ་པར་གཞག་གོ། །། བཞི་པ་ཁྱིམ་པའི་སྡོམ་པ་གཉིས་ཀྱི་བསླབ་པ་བཤད་པ་ནི། རྩ་བཞི་ཆང་དང་ལྔ་སྤོང་དགེ་བསྙེན་ལ། དགེ་བསྙེན་ཉིད་དུ་ཁས་བླངས་པ་དེ་ཁོ་ན་ལས་འདིའི་སྡོམ་པ་སྐྱེ་བར་འགྱུར་རོ། །དེ་ལ་སྣ་གཅིག་སྤྱོད་པ་སོགས་ལ། བྱེ་བྲག་ཏུ་སྨྲ་བས། སྡོམ་པ་ཐམས་ཅད་ཀྱིས་ཐོབ་ཀྱང་གང་བསྲུང་བ་དེ་དང་ལྡན་པ་ཡིན་གྱི། མི་བསྲུང་བ་དེ་འཆལ་པ་ཡིན་ནོ། །ཞེས་ཟེར་ལ། དབྱིག་གཉེན་གྱིས། དེ་ནི་མདོའི་དོན་ལས་འདས་པ་ཡིན་ཏེ། ཚུལ་ཁྲིམས་ཉམས་ན་སྣ་གཅིག་སྤྱོད་པ་སོགས་ཞུ་བ་ཉིད་ཀྱང་མི་འཐད་ན། གཞན་ལྟ་ཅི་སྨོས། དེས་ན་བསླབ་པའི་གཞི་དེ་ཙམ་ཞིག་བཟོད་པ་ལ། ཇི་ཙམ་ཞིག་བླངས་པ་དེ་བསྲུང་བས་སྣ་གཅིག་སྤྱོད་པ་སོགས་སུ་བཞག་གོ །ཞེས་གསུངས། ཅིའི་ཕྱིར་སྡོམ་པ་གཞན་ལ་མི་ཚངས་སྤྱོད་སྤོང་བ་བསླབ་པའི་གཞིར་བཞག་ལ། དགེ་བསྙེན་ལ་འདོད་པས་ལོག་པར་གཡེམ་པ་སྤོང་བ་བསླབ་པའི་གཞིར་བཞག་ཅེ་ན། མཛོད་ལས། ལོག་གཡེམ་ཤིན་ཏུ་སྨད་ཕྱིར་དང་། །སླ་ཕྱིར་མི་བྱེད་ཐོབ་ཕྱིར་རོ། །ཞེས་གསུངས་པས་སོ། །སྲོག་གཅོད་དང་། མ་བྱིན་ལེན་དང་བརྫུན་སྨྲ་བ་བཞི་ལ་ནི་རྩ་བ་ཞེས་བྱ་སྟེ། དེ་དག་ལས་ཉམས་ན་དགེ་བསྙེན་གྱི་སྡོམ་པ་འཇིག་པར་འགྱུར་བའི་ཕྱིར་རོ། །འབྲུའི་ཆང་ནི་ཟས་ལ་སྦྱར་བའི་བཏུང་བའོ། །སྦྱར་བའི་ཆང་ནི་རྫས་ལས་སྦྱར་བའི་བཏུང་བའོ། །དེ་དག་ཀྱང་རེས་འགའ་མྱོས་པར་འགྱུར་བའི་དངོས་པོར་མ་རེད་པའམ་ཡལ་བར་འགྱུར་བས། དེའི་ཕྱིར་མྱོས་པར་འགྱུར་བ་ཞེས་བྱ་བ་སྨོས་སོ། །བག་མེད་པ་ཐམས་ཅད་ཀྱི་གནས་སུ་གྱུར་པས་བསྒྲིམས་ཏེ་སྤང་བར་བྱ་བ་ཉིད་ཡིན་པའི་རྒྱུ་ཤེས་པར་བྱ་བའི་ཕྱིར་བག་མེད་པའི་གནས་ཞེས་ཀྱང་སྦྱར་ཞིང་། ཧ་ཅང་ཀུན་ཏུ་བསྟེན་པས་ངན་འགྲོར་འགྲོ་བར་གསུངས་པ་ནི། དེའི་ཞར་ལ་མི་དགེ་བའི་རྒྱུན་ཡང་དང་ཡང་དུ་འཇུག་པས་ན་ངན་སོང་བའི་ལས་འཕེན་པའམ་འཇུག་པ་ཐོབ་པའི་ཕྱིར་ཡིན་པས། ངོ་བོ་ནི་བཅས་པའི་ཁ་ན་མ་ཐོ་བའོ། །ཚུལ་ཁྲིམས་བག་ཡོད་བརཏལ་ཞུགས་ཡན་ལག་བརྒྱད། །མཛོད་འགྲེལ་ལས། འདིས་དགྲ་བཅོམ་པ་དག་དང་ཉེ་བར་གནས་པར་བྱེད་པས་བསྙེན་གནས་ཏེ། དེ་དག་གི་རྗེས་སུ་སློབ་པའི་ཕྱིར་རོ། །གཞན་དག་ན་རེ། འདིས་ཇི་སྲིད་འཚོའི་བར་གྱི་སྡོམ་པ་དང་ཉེ་བར་གནས་པར་བྱེད་པའི་ཕྱིར་རོ་ཞེས་ཟེར་རོ། །ཡང་ན་དགེ་བའི་རྩ་བ་ཆུང་ངུ་རྣམས་ཀྱིས་དགེ་བའི་རྩ་བ་གསོས་འདེབས་པའི་ཕྱིར་ཏེ། གང་ཕྱིར་ཡིད་ཀྱི་དགེ་བ་གསོས་འདེབས་དེ་ཡི་ཕྱིར། །འདི་ནི་བཅོམ་ལྡན་འདས་ཀྱིས་གསོ་སྦྱོང་བཤད་ཅེས་གྲག །ཅེས་འབྱུང་བས་ན་གསོ་སྦྱོང་ཡིན་ནོ། །ཅིའི་ཕྱིར་ཡན་ལག་བརྒྱད་ནོད་ཅེ་ན། ཚུལ་ཁྲིམས་ཡན་ལག བག་ཡོད་པའི་ཡན་ལག བརཏལ་ཞུགས་ཡན་ལག་སྟེ། བཞི་གཅིག་དེ་བཞིན་གསུམ་རིམ་བཞིན། རེ་ཞིག་བརྫུན་དུ་སྨྲ་བ་སྤོང་བའི་བར་བཞི་ནི། རང་བཞིན་གྱི་ཁ་ན་མ་ཐོ་བ་སྤོང་བའི་ཕྱིར་ཚུལ་ཁྲིམས་ཀྱི་ཡན་ལག་ཡིན་ནོ། །མྱོས་པར་འགྱུར་བའི་བཏུང་བ་སྤོང་པ་གཅིག་པུ་ནི། བག་ཡོད་པའི་ཡན་ལག་སྟེ། མྱོས་པར་འགྱུར་བ་འཐུང་བ་ནི་ཚུལ་ཁྲིམས་རྫོགས་ཀྱང་བག་མེད་པར་འགྱུར་རོ། །དུས་མ་ཡིན་པའི་ཟས་སྤོང་བའི་བར་གསུམ་ནི་སྐྱོ་བའི་རྗེས་སུ་མཐུན་པའི་ཕྱིར་བརཏལ་ཞུགས་ཀྱི་ཡན་ལག་ཡིན་ནོ། །ཅི་བག་ཡོད་པའི་ཡན་ལག་དང་། བརཏལ་ཞུགས་ཀྱི་ཡན་ལག་འདི་དག་མ་མནོས་པས་ཅིར་འགྱུར་ཞེ་ན། མྱོས་པར་འགྱུར་བ་འཐུངས་པས་ནི་བྱ་བ་དང་བྱ་བ་མ་ཡིན་པའི་དྲན་པ་ཉམས་པ་ཉིད་དུ་འགྱུར་རོ། །ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་དང་། གར་དང་གླུ་ལ་སོགས་པ་བསྟེན་པས་ནི་དྲེགས་པར་འགྱུར་ལ། དྲེགས་པར་གྱུར་པ་ལ་ནི་འཆལ་བའི་ཚུལ་ཁྲིམས་ཐག་མི་རིང་པར་འགྱུར་རོ། །དུས་སུ་ཟ་ཞིང་ཟས་ནར་མའི་དུས་ཡོངས་སུ་སྤངས་པ་ལས་ནི་བསྙེན་གནས་ཀྱི་དྲན་པ་དང་། སྐྱོ་བའི་དྲན་པ་ཉེ་བར་གནས་པར་འགྱུར་ཏེ། དེ་མེད་ན་གཉིས་ཀ་ཡང་མེད་དོ། །ཞེས་གསུངས་པ་ཉིད་དོ། །མི་དགེ་ལྷག་དྲུག་གཉིས་ཀའི་ཕྱོགས་མཐུན་ཡིན། །ངག་དང་ཡིད་ཀྱི་རང་བཞིན་གྱི་ཁ་ན་མ་ཐོ་བ་དྲུག་ནི། དགེ་བསྙེན་དང་བསྙེན་གནས་གཉིས་ཀའི་བླངས་པའི་ཕྱོགས་མཐུན་ཡིན་པས་ཡིད་ཀྱིས་བསྡམ་པར་བྱའོ།། །། ལྔ་པ་ཐུན་མོང་དུ་འཇུག་པ་སྤྱིར་བསྟན་བཤད་པ་ནི། རྣམ་དག་ལ་གསུངས་བསླབ་པ་བྱིན་པར་འདྲ། །ཉེ་བར་འཁོར་གྱིས་ཞུས་པ་ལས། ལྟུང་བའི་མཚན་ཉིད་སོ་སོར་ངེས་པ་དང་། སྤྱིར་བསྟན་པ་གཉིས་སུ་གསུངས་ཏེ། དེ་བས་དང་པོ་ནི་བཤད་ཟིན་ཏོ། །སྤྱིར་བསྟན་པ་ནི་རྣམ་པར་འབྱེད་པའི་ཤན་ཡིན་པའི་ཕྱིར། རྣམ་པར་འབྱེད་པ་བཤད་པའི་འོག་ཏུ་རྣམ་པར་བཀོད་དེ། ཕམ་པ་འཆབ་པ་མེད་པས་བསླབ་པ་བྱིན་པ་ཡིན་ན། ཐམས་ཅད་དུ་ལྟུང་བ་ལ་སྦྱོར་བ་དགེ་སློང་རྣམ་པར་དག་པ་ལ་གསུངས་པ་དང་འདྲ་སྟེ། བསླབ་པ་བྱིན་པ་ནི་འདྲ་བ་ཉིད་དོ་ཞེས་པས་སོ། །དེ་བཞིན་དུ་དགེ་སློང་མ་དང་བསླབ་སྦྱིན་མོ་ཞར་གྱི་དགེ་ཚུལ་ཡང་ཤེས་སོ། །དེར་ལྟོས་མ་རྫོགས། །བསླབ་བྱིན་དེ་རང་བཞིན་དུ་གནས་པའི་དགེ་སློང་གཞན་གྱི་ཡུལ་ལ་བལྟོས་ནས་བསྙེན་པར་མ་རྫོགས་པ་དང་འདྲ་བ་ཉིད་ཡིན་ཏེ། ཇི་ལྟར་བསྙེན་པར་མ་རྫོགས་པའི་གང་ཟག་གི་དབང་གིས་དགེ་སློང་གི་ཡུལ་ལ་ཁ་ན་མ་ཐོ་བ་གང་དག་འབྱུང་བར་འགྱུར་བ་དེ་དག་བསླབ་པ་བྱིན་པའི་དབང་གིས་ཀྱང་དགེ་སློང་གི་ཡུལ་ལ་འབྱུང་བར་འགྱུར་བའོ། །དེས་བྱིན་ལེན་བསྟབས་ན་ཡང་བྱིན་ལེན་དུ་རུང་བ་དང་། དེས་རེག་ན་ཡང་བྱིན་ལེན་འཇིག་པ་དང་། དེ་ལ་ཕྲ་མ་བྱས་ན་ཡང་དགེ་སློང་ལ་ཕྲ་མ་བྱས་པར་མི་འགྱུར་བ་དང་། དེ་དང་ལྷན་ཅིག་ཉལ་བ་ཞག་གསུམ་འདས་ན་ཡང་ལྟུང་བྱེད་དུ་འགྱུར་བ་དང་། དེ་ལ་དགེ་སློང་གི་གནས་ངན་ལེན་བརྗོད་པ་དང་། མིའི་ཆོས་ལས་བླ་མ་བརྗོད་ན་ཡང་ལྟུང་བྱེད་དུ་འགྱུར་བ་དང་། དེ་དང་ཚིག་མཐུན་པ་དང་། ཚིག་ལྷག་པར་ཟློས་ན་ཡང་ལྟུང་བྱེད་དུ་འགྱུར་བ་ལ་སོགས་པས་སོ། །བསླབ་བྱིན་རང་གི་ཡུལ་ལ་གསོག་འཇོག་བྱས་པ་དང་། ལག་ཉར་བླངས་པ་ལ་སོགས་པའི་ཉེས་པར་འགྱུར་བ་དེ་རང་བཞིན་དུ་གནས་པའི་དགེ་སློང་དག་ལ་ཉེས་པར་མི་འགྱུར་ཏེ། བསླབ་པ་བྱིན་པའི་ཆོ་ག་ཉམས་པ་ཡིན་པའི་ཕྱིར་རོ། །དེར་ལྟོས་ཞེས་པའི་ཚིག་གི་ནུས་པས་རང་གི་ཡུལ་ལ་ནི་བསྙེན་པར་རྫོགས་པའི་བསླབ་པའི་གཞི་ཐམས་ཅད་ཀྱང་དགེ་སློང་དང་འདྲ་བར་བསྲུང་དགོས་ཏེ། བསྙེན་པར་རྫོགས་པའི་སྡོམ་པ་ཡོད་པའི་ཕྱིར་རོ། །གཞན་ཡང་འདིའི་ནུས་པས་བསླབ་པ་བྱིན་པའི་དགེ་སློང་གཞན་ལ་བལྟོས་ན་བསྙེན་རྫོགས་དང་མི་ལྡན་པ་མ་ཡིན་ཏེ། དེ་དང་ཕམ་པའི་ཆད་པས་གཅོད་བཞིན་པས་རང་བཞིན་འདྲ་བའི་ཕྱིར་ཏེ། དེ་ལ་ནི་མ་ཡིན་ནོ་ཞེས་པས་སོ། །བསླབ་པ་བྱིན་པ་ལ་བརྡེག་ན་དགེ་སློང་ལ་བརྡེག་པའི་ལྟུང་བ་འབྱུང་བས་བསྙེན་པར་རྫོགས་པ་ལ་བརྟེན་ནས་བསྐྱེད་པ་རྣམས་དེས་བསྐྱེད། དེ་དང་ལྷན་ཅིག་ཉལ་ཡང་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བ་མི་འབྱུང་། ཕན་ཚུན་བྱིན་ལེན་བྱར་མི་རུང་བ་སོགས་མ་རྫོགས་པས་འགྲུབ་པ་རྣམས་དེས་མི་འགྲུབ་པའི་ཕྱིར་རོ། །དགེ་སློང་མ་བསླབ་བྱིན་དགེ་སློང་མའི་ཡུལ་ལ་ཡང་བསྙེན་པར་མ་རྫོགས་པ་དང་ལྡན་པ་མ་ཡིན་ཏེ། དེའི་ཡུལ་ལ་རྫོགས་པ་མོས་པ་སྒྲུབ་པ་རྣམས་དེས་འགྲུབ་པའི་ཕྱིར་རོ། །ཉམས་དང་མ་ཆགས་སྦྱོར། ཉེས་བྱས། ཉམས་པ་ནི་ཕམ་པ་འཆབ་བཅས་བྱུང་བས་དགོས་པ་བསྒྲུབ་ནུས་ཀྱི་སྡོམ་པ་ཉམས་པ་དང་མ་ཆགས་པ་ནི་རྐྱེན་འགའ་ཞིག་མ་ཚང་བས་དང་པོ་ཉིད་ནས་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་གཉིས་མ་སྐྱེས་པ་ཡིན་ནོ། །དེ་གཉིས་ཕམ་པར་གསུངས་པ་ལྟ་བུའི་ལྟུང་བ་ལ་སྦྱོར་ན་ཡང་ཉེས་བྱས་ཙམ་དུ་ཟད་དེ། འགྲེལ་པར། ཉམས་པ་དང་མ་སྐྱེས་པའི་གང་ཟག་དེ་གཉིས་ནི་ལྟུང་བ་ལ་སྦྱོར་ཞིང་ལྟུང་བ་ཀུན་ནས་སློང་བར་བྱེད་ལ། ཀུན་ཏུ་ལྷག་པར་སྤྱོད་ཅིང་སྦྱོར་བ་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །ཞེས་གསུངས་སོ། །འདིས་ནི་ཉམས་པ་ལ་ཕམ་པར་འགྱུར་བ་སོགས་དགག་པ་ཡིན་ལ། མ་སྐྱེས་པ་ལ་ནི་ཉེས་བྱས་སུ་འགྱུར་བ་བསྒྲུབ་པ་ཡིན་ནོ། །སྡོམ་པ་མེད་པ་ལ་ལྟུང་བ་རྣམ་པར་གཞག་པ་མེད་པ་མིན་ནམ་ཞེ་ན། བདེན་མོད་ཀྱང་། བར་མ་རབ་བྱུང་ཡོད་ཅིང་རང་དགེ་སློང་དུ་སྟོན་པས་དེ་ཉེས་བྱས་སུ་བཞག་གོ །ལུང་སྔར་ལྟུང་བ་བྱུང་བ་དང་། རྐུ་ཐབས་སུ་གནས་པ་དང་། དང་པོ་འཁྲུགས་པ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་ཉམས་པར་བྱས་པ་ནི་ཉེས་བྱས་སུ་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །ཚིག་གཞན་བླངས་འདས་ཕྱོགས་མཐུན་ཡང་། །ལྟུང་བ་ལ་སྦྱོར་བ་ལ་ནི་ཉེས་བྱས་སོ། །ཞེས་སྨོས་པས། དགེ་ཚུལ་ཕ་མ་དགེ་སློབ་མ་དག་གི་ལྟུང་བ་ལ་སྦྱོར་བ་ཐམས་ཅད་ཉེས་བྱས་སུ་ཐལ་ལམ་སྙམ་པ་བསལ་བའི་ཕྱིར། བླངས་པ་ལས་འདས་པ་ཉེས་བྱས་སུ་འགྱུར་ཡང་། དེའི་ཕྱོགས་དང་མཐུན་པ་ལ་ནི་ཡིད་ཀྱི་སྟེ། བསྡམ་པར་བྱ་བའི་ཉེས་བྱས་ཡིན་གྱི། བཤགས་པར་བྱ་བའི་ཉེས་བྱས་ནི་མ་ཡིན་ནོ་ཞེས་སྟོན་པའི་ཕྱིར་རོ། །གཞན་གྱི་རྣམ་རྟེན་ལ་སྐྱེད་འདུ་ཤེས་དགོས། །དགེ་སློང་གིས་གསང་སྔགས་དང་སྨན་ལ་སོགས་པའི་དབང་གི་འགྲོ་བ་གཞན་དུད་འགྲོ་ལ་སོགས་པའི་གཟུགས་སུ་བསྒྱུར་ཏེ་གཟུགས་དེས་སྡེ་ལྔའི་ལྟུང་བ་གང་ལ་སྦྱོར་ན་ཡང་བདག་ཉིད་དགེ་སློང་ཡིན་པའི་འདུ་ཤེས་ཡོད་པར་གྱུར་ན་གཞི་ཇི་ལྟ་བ་ལས་ཁ་ན་མ་ཐོ་བར་འགྱུར་རོ། །མེད་ན་ནི་ན་སྨད་དེ་སྦྱོར་བ་ཙམ་ལ་ཁ་ན་མ་ཐོ་བ་དེ་འགྱུར་གྱི། དངོས་གཞི་ནི་མ་ཡིན། དེ་ནི་དགེ་སློང་ཙམ་དུ་མ་ཟད་པར་རབ་ཏུ་བྱུང་བ་སྡེ་གཞན་རྣམས་ལ་ཡང་ངོ་། །ཚིག་སྔར་སྦྱོར་བྱས་ཕྱི་མར་ན་སྨད་ཉིད། །དགེ་ཚུལ་ཉིད་དམ་དགེ་སློབ་མ་ཉིད་ཅེས་བྱ་བའི་ཚིགས་སུ་རྐུ་བ་ལ་སོགས་པའི་ཕྱིར་སྦྱོར་བ་བྱས་པ་གང་ཡིན་པའི་སྦྱོར་བ་དེ་ཁོ་ནས་བསྙེན་པར་རྫོགས་པ་ཉིད་ཀྱི་ཚིགས་ཕྱི་མར་དངོས་གཞིའི་ཁ་ན་མ་ཐོ་བ་འགྲུབ་པར་འགྱུར་བའི་སྦྱོར་བ་ཚིགས་སྔ་མར་བྱས་པ་དེ་ཡང་ན་སྨད་པ་ཉིད་ཡིན་ཏེ། ཚིགས་འོག་མར་འགྱུར་བ་ཉིད་ཡིན་ནོ། །མེད་པར་མི་འགྱུར་ཏེ་ཕྱི་མ་བསྙེན་པར་རྫོགས་པ་དེ་ཡང་ཚིགས་སྔ་མ་དགེ་ཚུལ་དེ་དང་ལྷན་ཅིག་པ་ཡིན་པས་ཉེས་བྱས་རྫོགས་པར་འགྱུར་རོ། །དེ་བཞིན་བསྙེན་པར་རྫོགས་པའི་གནས་སྐབས་སུ་མི་གསོད་པའི་སྦྱོར་བ་བྱས་ནས། དེའི་འོག་ཏུ་དགེ་སློང་གི་བསླབ་པ་ཕུལ་ནས་དགེ་ཚུལ་དུ་བབས་ནས་དངོས་གཞིར་གྱུར་ན། སྦྱོར་བ་ལ་སྦོམ་པོ། དངོས་གཞི་ལ་ཉེས་བྱས། ཁྱིམ་པར་གྱུར་ན་ནི་དངོས་གཞི་ཉེས་པ་མེད་དོ། །དཀོན་པའི་རྫས་བཀག་བཟང་དང་རིན་འདྲ་མཚུངས། །རྫས་རིན་ཆུང་ངུས་སྟན་བྱེད་པ་བཀག་པས། རྫས་རིན་པོ་ཆེས་སྟན་བྱེད་པ་ཡང་བཀག་པ་ཉིད་ཡིན་ནོ། །དཔེར་ན་ལུག་བལ་ནག་པོ་འགའ་ཞིག་གིས་སྟན་བྱེད་པར་སྤང་བར་འགྱུར་བ་བཞིན་དུ་སྲིན་བལ་འབའ་ཞིག་ལ་བཟོས་ན་ཡང་སྤང་བར་འགྱུར་བ་ཡིན་ནོ། །རིན་ཆུང་བ་བལ་བཀག་པ་དེ་བཞིན་དུ་འདྲ་བ། རིན་ཆེན་པོ་མོན་དར་ལ་སོགས་པ་བཀག་པར་ཡང་ཤེས་པར་བྱའོ། །མཚན་གྱུར་དེ་ཡི་ཞིང་ཡིན། དགེ་སློང་ཕོ་མོ་མཚན་གྱུར་ན་བཅས་པ་རྣམས་འཇོག་གི་རྒྱུ་ཁྱད་པར་མེད་པ་རྣམས་ཀྱི་སྦྱོར་བ་བྱེད་བཞིན་མཚན་གྱུར་ན་སྦྱོར་བའི་ཞིང་། དངོས་གཞི་བྱེད་བཞིན་མཚན་གྱུར་ན་དངོས་གཞིའི་ཞིང་ཡིན་པར་ཁྱད་པར་མེད་དོ། །ཆེ་ལས་ཆུང་། མཚན་སྔ་མ་ལ་ཐུན་མོང་མ་ཡིན་པའི་ལྟུང་བ་བྱེད་བཞིན་པའམ་བྱས་ཟིན་ལྡན་པའི་ལྟུང་བ་ཆེན་པོ་དག་མཚན་གྱུར་ན་མཚན་སྔ་མའི་ལྟུང་བ་ཆེན་པོར་མི་སྡོད་པར། མཚན་ཕྱི་མའི་ལྟུང་བའི་རིགས་གང་ཡིན་དེ་ཉིད་དུ་འགྱུར་བ་ཡིན་ཏེ། ན་སྨད་པ་ནི་རང་གི་ཉིད་དོ་ཞེས་པས་སོ། །དཔེར་ན་དགེ་སློང་མ་རེག་ཕམ་ཅན་མཚན་གྱུར་ན་དགེ་སློང་གི་ལྷག་མའི་སྦོམ་པོར་འགྱུར་བ་དང་། ལུས་བཀན་མི་ཚངས་སྤྱོད་ཀྱི་སྦོམ་པོ་དང་། འཆབ་ཕམ་ལ། དགེ་སློང་གི་འཆབ་ན་ལྟུང་བྱེད། དགེ་སློང་མའི་འཆབ་ན་ཉེས་བྱས། བཟློག་ཕམ་སྤངས་པ་རྗེས་ཕྱོགས་ཀྱི་ལྟུང་བྱེད། ཅི་ཡང་རུང་བ་ལན་པའི་ལྷག་མ་ཉེས་བྱས་སུ་འགྱུར་བ་ལྟ་བུའོ། །དེས་ན་ལུས་ཀྱི་བྱེ་བྲག་ལས་བསམ་པའི་བྱེ་བྲག་ཏུ་འགྱུར་ལ། བསམ་པའི་བྱེ་བྲག་ལས་ལྟུང་བའི་བྱེ་བྲག་ཏུ་འགྱུར་བའི་ཕྱིར། ལུས་དང་བསམ་པ་དག་ནི་ཆེ་བ་ཆུང་བར་འགྱུར་བའི་རྒྱུར་རུང་གི ཆུང་བ་ཆེ་བར་བསྒྱུར་བའི་རྒྱུར་མི་རུང་བའི་ཕྱིར་ཆུང་བ་ཆེ་བར་འགྱུར་བ་ནི་མེད་དོ། །དགེ་སློང་བུད་མེད་ལ་རེག་པའི་ལྷག་མ་དང་། དགེ་སློང་མ་བུད་མེད་ལ་རེག་པའི་སྦོམ་པོ་ཅན་མཚན་གྱུར་ན་སྦོམ་པོ་དང་ལྷག་མར་མི་འགྱུར་ཏེ། །མཚན་སྔ་མ་ལ་མ་བཅས། ཕྱི་མ་ལ་མ་བྱས་པའི་ཕྱིར་རོ། །དགེ་སློང་མ་འབྱིན་པའི་ལྟུང་བྱེད་ཅན་མཚན་གྱུར་ན་དགེ་སློང་འབྱིན་པའི་ཉེས་བྱས་སུ་འགྱུར་གྱི། ལྷག་མ་ཅན་དུ་མི་འགྲོ་བའོ། །མེད་ལས་ཡོད་མིན་ཡོད་ལས་མེད་འགྱུར་བརྩི། །དགེ་སློང་གི་ཐུན་མོང་མ་ཡིན་པ་མ་བསྐོས་པ་དང་། ཉི་མ་ནུབ་ཀྱི་བར་སྟོན་པ་སོགས་དང་། དགེ་སློང་མའི་ཐུན་མོང་མ་ཡིན་པར་ཤམ་ཐབས་རྐེད་པ་སྣང་བར་མི་བགོ་བ་སོགས་ལྟུང་བ་ནི་མཚན་གྱུར་པ་ན་སྔར་བྱས་པའི་ལྟུང་བ་དེ་མེད་པར་འགྱུར་བ་ཡིན་ཏེ། སྔར་གྱི་ལྟུང་བ་དེའི་ཞིང་མ་ཡིན་པར་འགྱུར་པའི་ཕྱིར་རོ། །དེའི་ཕྱིར་ཡོད་པར་མེད་པར་འགྱུར་བ་ནི་ཡོད་ལ། མེད་པ་ཡོད་པར་འགྱུར་བ་ནི་མེད་དོ། །དགེ་སློང་ལྷུང་བཟེད་ལྷག་མ་ཞག་དགུར་བཅངས་པ་མཚན་གྱུར་ན་དགེ་སློང་མའི་ལྷུང་བཟེད་ལྷག་མ་ཞག་གཅིག་ལས་འདས་པའི་སྤང་ལྟུང་དུ་མི་འགྱུར་ཏེ། སྔར་ཞག་དགུ་འདས་པ་ནི་ལྷུང་བཟེད་རྙེད་མ་ཐག་དེའི་ཞག་གི་ཆར་གཏོགས་ལ། དགེ་སློང་མར་གྱུར་ནས་ལྷུང་བཟེད་ལྷག་མ་ཞག་གཅིག་ལས་འདས་པ་མེད་པའི་ཕྱིར་རོ། །མདོར་ན་ན་སྨད་པའི་དོན་གྱི་སྦྱོར་བ་བྱེད་བཞིན་པས་མཚན་གྱུར་ན་སྦྱོར་བ་བྱས་པ་དེ་ཉིད་ཀྱིས་དངོས་གཞི་འབྱུང་གི ལྷག་པའི་དངོས་གཞི་མི་འབྱུང་སྟེ། ན་སྨད་པའི་དོན་གྱི་སྦྱོར་བ་གང་ཡིན་པ་ཉིད་ལས་སོ་ཞེས་པས་དང་། བྱས་པ་ནི་དེ་ཉིད་ཡིན་ནོ་ཞེས་པས། ལྟུང་བ་ཐུན་མོང་མ་ཡིན་པ་དང་རྗེས་མཐུན་རྣམས་མཚན་དེ་ཉིད་ལ་སྦྱོར་བ་བྱས་ཤིང་། མཐར་ཐུག་གྲུབ་པ་དགོས་ཏེ། དེ་ལྟ་མིན་ན་ན་སྨད་པ་དང་མེད་པ་ལ་སོགས་པ་འགྱུར་བའི་ཕྱིར་རོ། །འགའ་ཞིག་ཆུང་ངུ་ཆེན་པོར་འགྱུར་བ་ཡོད་དེ། ལུང་ལས། བཙུན་པ་རེ་ཞིག་དགེ་སློང་སྐྱེས་པ་དང་ལྷན་ཅིག་ལུས་ཀྱིས་རེག་པར་བགྱིད་པ་ལས་དེ་ཡང་མཚན་གྱུར་ནས་དགེ་སློང་མར་རེག་ན་ཅིར་འགྱུར་ལགས། མཐར་འགྱུར་རོ། །ཞེས་དགེ་སློང་མ་ཁུ་བ་འབྱིན་པ་ལས་མཚན་གྱུར་ཏེ་དགེ་སློང་དུ་རེད་ན་ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ་ཞེས་བཤད་པའི་ཕྱིར་རོ། །ཞེས་ཟེར་ལ། སྐྱེས་པ་ལ་རེག་པས་མཐར་གསུངས་པ་ནི་མཚན་གྱུར་ནས་རེག་པ་ལ་དགོངས་ཤིང་། ལྷག་མར་གྱུར་པ་ཡང་དེ་ལ་དགོངས་སོ། །དགེ་སློང་མ་ལྷག་མ་ཐུན་མོང་བ་བྱུང་ནས་གཉིས་ཀའི་དགེ་འདུན་ལ་མགུ་བ་ཟླ་བ་ཕྱེད་སྤྱད་བཞིན་པ་མཚན་གྱུར་ན་སྔར་མགུ་བ་སྤྱད་པ་དོན་མེད་དེ། སྔར་གྱི་མགུ་བའི་ཆོ་ག་རྣམས་ཞིག་པའི་ཕྱིར་རོ། །ད་གདོད་དགེ་འདུན་ལ་མགུ་བ་ཞག་དྲུག་སྤྱོད་དགོས་སོ། །དགེ་སློང་ལྷག་མ་བཅབས་པ་མཚན་གྱུར་ན་བཅབས་པས་ཉམས་པས། སྤོ་བ་སྤྱོད་མི་དགོས་སོ། །འོ་ན་ཐུན་མོང་བའི་ཕམ་པ་འཆབ་པའང་ཉམས་སམ་ཞེ་ན། ཉམས་མོད་ཀྱང་། ཁྲེལ་མེད་ཤས་ཆེན་པོས་རྒྱུད་ཉམས་པར་བྱས་པ་དེ་སོར་མི་ཆུད་དོ། །གཞན་ཡང་ཡུལ་གང་ལས་ལྟུང་བ་འབྱུང་བའི་ལུས་དང་། རྒྱུད་གང་ལས་ལྟུང་བ་འབྱུང་བའི་ལུས་དེ་གཉིས་མཚན་གྱུར་པ་ན། གང་གི་གནས་སྐབས་སུ་གནས་པའི་ལུས་དེ་ཉིད་ཡུལ་དང་རྒྱུད་ཀྱི་ལྟུང་བ་གང་ཡིན་པ་དེའི་བྱེད་པ་པོ་ཉིད་ཡིན་པར་རྣམ་པར་གཞག་སྟེ། དཔེར་ན་བསད་བྱ་དགྲ་བཅོམ་པ་མིན་པའི་གནས་སྐབས་སུ་གསོད་པའི་སྦྱོར་བ་བརྩམས། དགྲ་བཅོམ་པ་ཐོབ་ནས་གསོད་པར་བྱེད་ན་སྲོག་གཅོད་ཀྱི་ཕམ་པ་དང་། མཚམས་མེད་པ་གཉིས་ཀ་འབྱུང་ལ་དགྲ་བཅོམ་མིན་པའི་དུས་སུ་སྦྱོར་བ་བརྩམས། ཕྱིས་འགྱོད་པ་སྐྱེས་ནས་སྦྱོར་བ་དེ་ལས་ཕྱིར་ལོག་ནས་གསད་པར་བྱ་བ་དེས་དགྲ་བཅོམ། སྦྱོར་བ་སྔ་མ་དེའི་རྐྱེན་གྱིས་ཤི་བར་གྱུར་ན་དགྲ་བཅོམ་པ་སྲོག་གཅོད་པ་དེའི་རྒྱུད་ལ་སྲོག་གཅོད་འབའ་ཞིག་གིས་བྱེད་པ་པོ་ཉིད་ཡིན་གྱི། མཚམས་མེད་པའི་ལས་བྱེད་པ་པོ་མ་ཡིན་ཏེ། དགྲ་བཅོམ་པའི་གནས་སྐབས་ཐོབ་པ་དེ་རྒྱུད་གཞན་དུ་གྱུར་པ་མ་ཡིན་པས་སོ། །དགེ་སློང་གིས་སྐྱེས་པ་ལ་རེག་པའི་སྦྱོར་བ་བརྩམས་པ་ན་སྐྱེས་པ་དེ་མཚན་གྱུར་ནས་བུད་མེད་ཀྱི་ལུས་ལ་རེག་པ་དེ་ནི་དགེ་འདུན་ལྷག་མའི་བྱེད་པ་པོ་ཡིན་ལ། སྦོམ་པོའི་མིན་པ་ལྟ་བུ་དང་། དགེ་སློང་གིས་བུད་མེད་ལ་རེག་པའི་སྦྱོར་བ་བརྩམས་ལ། བུད་མེད་དེ་མཚན་གྱུར་ན་ལུས་ལ་རེག་པ་ལས་སྦོམ་པོ་འབྱུང་ལ། ལྷག་མར་མི་འགྱུར་བ་ལྟ་བུ་སྟེ། བཟློག་སྟེ་དགེ་སློང་མ་ལ་ཡང་སྦྱར་རོ། །མི་དུད་འགྲོ་ལ་སྐྱེས་པ་ལྟ་བུའམ། མི་མ་ཡིན་པ་མིའི་འགྲོ་བ་ལས་སྐྱེས་པ་ལྟ་བུ་མི་དང་མི་མ་ཡིན་ཉིད་ཡིན་པས། དེའི་རྫས་རྐུ་བ་དང་། གསད་ནའང་། དང་པོ་ལ་གཉིས་ཀ་ཕམ་པར་འགྱུར་བ་དང་། གཉིས་པ་ལ་གཉིས་ཀ་སྦོམ་པོར་འགྱུར་བ་ལྟ་བུའམ། མིའི་འགྲོ་བས་གཞན་དུད་འགྲོ་ལ་སོགས་པའི་རྣམ་པ་བརྟེན་པ་གསད་ན་མི་གསད་པའི་ཕམ་པར་གཏོགས་པ་འབྱུང་ལ། མི་མ་ཡིན་གྱིས་མིའི་རྣམ་པ་བརྟེན་པ་གསད་ན་སྦོམ་པོ། དུད་འགྲོས་མིའི་རྣམ་པ་བརྟེན་པ་ལྟ་བུ་གསད་ན་ལྟུང་བྱེད་དུ་གྱུར་པས། མདོ་འདི་ཉིད་ནི་སྲོག་གཅོད་ཀྱི་ཕམ་པར་བཤད་ཟིན་པའི་ཕྱིར་གཞུང་དུ་མ་སྨོས་སོ། །གཞི་གཅིག་དུར་བཅས། གང་དུ་གཞི་གཅིག་བསླབ་པའི་གཞི་དུ་མར་བཅས་པ་དེ་ལ། ཇི་སྙེད་པ་བཅས་པར་འགྱུར་བ་དེ་སྙེད་ཁོ་ནའི་ལྟུང་བ་འབྱུང་བར་འགྱུར་ཏེ། དཔེར་ན་གཞི་ཞར་བ་མ་ཡིན་པ་ཞིག་ལ་ཞར་བ་ལོངས་ཤིག་ཅེས་སྨྲས་ན། ཤེས་བཞིན་དུ་བརྫུན་སྨྲ་བའི་ལྟུང་བྱེད་དང་། སྐྱོན་ནས་སྨྲ་བའི་ལྟུང་བྱེད་གཉིས་འབྱུང་བ་ལྟ་བུ་དང་། དགེ་ཚུལ་བསྙིལ་བ་དང་ལྷན་ཅིག་ཞག་གསུམ་འདས་པར་ཉལ་བས་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་དང་། བསྙིལ་བ་སྡུད་པའི་ལྟུང་བྱེད་གཉིས་དང་། བུད་མེད་མ་རྫོགས་པ་དང་ལྷན་ཅིག་ཞག་གསུམ་ཉལ་བ་ལ། མ་རྫོགས་པ་དང་ལྷན་ཅིག་ཉལ་བ་དང་། བུད་མེད་དང་ལྷན་ཅིག་ཉལ་བའི་གཉིས་དང་། དགེ་སློང་མ་རྒྱལ་རིགས་ལ་ཁྱོད་ཀྱིས་བྲེག་མཁན་གྱི་ལས་བྱས་སོ་ཞེས་སྨྲས་ན། ཤེས་བཞིན་བརྫུན་སྨྲ་བའི་ལྟུང་བྱེད་དང་། སྐྱོན་ནས་སྨྲ་བའི་ཉེས་བྱས་གཉིས་འབྱུང་བ་ལྟ་བུ་དང་། དེ་བཞིན་དགེ་སློང་མ་བྲམ་ཟེའི་རིགས་ལ་ཡང་ངོ་། །དེ་ཉིད་ཀུན་སློང་གིས། དེ་ཆ་དེར་གཏོགས། མི་ཚངས་པར་སྤྱོད་པ་ལ་སོགས་པའི་ཤན་ནམ། ཆའམ། ལྷག་མ་ནི་དེ་དང་རིགས་མཐུན་པའི་ཁ་ན་མ་ཐོ་བ་དེར་གཏོགས་ཏེ། དེ་དང་འབྲེལ་བར་རིགས་པར་བྱའི། རིས་མི་མཐུན་པ་དང་འབྲེལ་བ་ནི་མ་ཡིན་ནོ། །འོ་ན་མི་ཚངས་པར་སྤྱོད་པའི་ཆ་གང་ཞེ་ན། ཁུ་བ་འབྱིན་རེག་འཁྲིག་ཚིག་བསྙེན་བཀུར་སྨྱན་བྱེད་དང་། འཁྲུར་འཇུག་ལེན་རྨེལ་འཇུག་ཚིག་ལྔའམ་དྲུག་ལས་ལྷག་པར་སྟོན་པ་དང་། མ་བསྐོས་པར་ཆོས་སྟོན་སོགས་བཅུ་དང་། ཉལ་པོ་ཤོམ་ཁྱིམ་འདུག་འགྲེང་། གཅེར་བུ་མ་ལ་སྦྱིན་པ། བུད་མེད་དང་ལྷན་ཅིག་ཉལ་བ་དང་། སྐྱེས་པ་མེད་པར་བུད་མེད་དང་འགྲོགས་ནས་ལམ་འགྲོ་བ། དུས་མིན་པར་གྲོང་དུ་རྒྱུ་བ། དགེ་སློང་མ་ལས་ཟས་ལེན་པའི་སོར་བཤགས། གྲལ་རིམ་དུ་མ་ཕེབས་པར་འབྲིམ་དུ་འཇུག་པ་མ་བཟློག་པར་ཟ་བའི་སོར་བཤགས། ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བ་ནས། ཕྲག་པ་སྒྲེལ་བའི་བར་གྱི་ཉེས་བྱས་ཐམས་ཅད་དོ། །མ་བྱིན་ལེན་གྱི་ཆ་གང་ཞེ་ན། བྱིན་ཕྲོགས་སྤྱོད་པ་དང་། བསྔོས་བསྒྱུར་དང་། སྦེད་པ་དང་། ཕྱིར་མ་བླངས་པར་སྤྱོད་པ་དང་། ལྷན་ཅིག་ལམ་དུ་འགྲོ་བ་དང་། མ་བསྒོ་བར་ཁྱིམ་པའི་ཁྱིམ་དུ་སྟན་ལ་འདུག་པའོ། །མི་གསོད་པའི་ཆ་གང་ཞེ་ན། རྩོད་པ་དང་བཅས་པའི་གཞི་མི་གཏོང་བ་དང་། ས་བོན་དང་སྐྱེ་བ་འཇིག་པ་དང་། བསྒོ་བ་བཅག་པ་དང་། ཕྱིས་གནོན་དང་། རྩ་དབྱུང་དང་། སྲོག་ཆགས་དང་བཅས་པ་ལ་སྤྱོད་པ་དང་། དམག་བལྟ་ནང་འདུག མྱོང་དང་བརྡེག་གཟས་གཅོད་འཇུག དུད་འགྲོ་གསོད་དང་འགྱོད་སྐྱེད། ག་ག་ཚིལ། སྔངས་བྱེད། ས་རྐོ་བའོ། །མི་ཆོས་བླ་མ་སྨྲ་བའི་ཆ་གང་ཞེ་ན། ཕམ་པས་སྐུར་འདེབས། འདུན་པ་ལ་སོགས་པས་འགྲོ་བ་ཞེས་བྱ་བའི་ཚིག་དང་། ཤེས་ངོར་བྱེད་དང་འཕྱ་བ་གཞོགས་འཕྱ། དགེ་འདུན་གྱི་དབྱེན། བག་ཙམ་དང་། མི་ཆོས་བླ་མ་བདེན་པར་སྨྲ་བའོ། །ཕམ་པས་སྐུར་འདེབས་ཀྱི་ལྷག་མའི་ཆ་ནི། དགེ་འདུན་ལྷག་མས་སྐུར་པ་འདེབས་པ། དབྱེན་བྱེད་པའི་ཆ་ནི། དགེ་སློང་ལ་ཕྲ་མ་བྱེད་པ། སྐྱོ་སྔོགས་འདུན་པ་ཕྱིར་བསྒྱུར། ལྟ་བ་མི་གཏོང་བ། སྤངས་པའི་རྗེས་ཕྱོགས། བསྙིལ་བ། སྡུད་པ། གནས་ངན་ལེན་བརྗོད་པ། ཁྱད་གསོད། འདུས་ཟ། མི་སྨྲ་བར་འགྲོ་བའོ། བཀའ་བློ་མི་བདེ་བའི་ཆ་ནི་བསླབ་པ་ཉེ་བར་འཇོག་པ་སྤང་བ་དང་། མ་གུས་པའི་ཚུལ་ལོ། །ལྟུང་བྱེད་ཀྱི་ཆ་ནི། གསོག་འཇོག་བྱས་ཟ་བ། ནང་དུ་བཙོས་པ། ནང་དུ་ཞག་ཏུ་ལོན་པ་དང་། དགེ་སློང་གིས་བཙོས་པ་ཟ་བའོ། །ཕྱུང་མིན། སྦྱོར་བ་གང་ལས་ཕམ་པའི་ཆེད་དུ་ཕྱུང་བ་མིན་པའི་ཁུ་བ་འབྱིན་པའི་འདུན་པས་ཕྱུང་བ་ཐམས་ཅད་དགེ་སློང་ལ་ལྷག་མར་འགྱུར་རོ། །ཐ་དད་ཅེས་པ་དོན་གཉིས་བསྟན་ཏེ། དང་པོ་ནི། སྔར་ཉེས་པ་ཡོད་པ་ཉིད་ཀྱིས་གནས་སྐབས་ལས་གང་བྱས་པ་དེའི་འོག་ཏུ་ཉེས་པ་དེ་མེད་པར་གྱུར་ལ། ཡང་དེའི་འོག་ཏུ་ཉེས་པ་ཡོད་པར་གྱུར་ནས་ལས་བྱེད་ན་ལས་དེ་དག་ནི་ཕན་ཚུན་ཐ་དད་པར་ཤེས་པར་བྱའོ། །ཡང་དགེ་སློང་ཉིད་དུ་གྱུར་པའི་དུས་ལས་བྱས་པ་དགེ་སློང་མར་མཚན་གྱུར་ན་ཡང་། རིགས་མི་མཐུན་པའི་གནས་སྐབས་གཞན་ཡིན་པས། སྔར་བརྩམས་པ་དང་ཕྱིས་ཟིན་པ་འདི་དག་ཕན་ཚུན་ཐ་དད་པ་ཡིན་ནོ། །དཔེར་ན་དགེ་སློང་གི་སྟན་གཅིག་ལོ་དྲུག་མ་ལོན་པར་ལོ་དྲུག་པ་དེ་ཉིད་ཀྱི་ནང་དུ་སྟན་གཉིས་པ་བརྩམས་ནས་ཁྱིམ་པར་བབས། ཕྱིས་བསྙེན་པར་རྫོགས་ནས་དེས་སྟན་གཞན་ཞིག་ཟིན་པ་བྱེད་པའི་དུས་ཡིན་པ་ཁོ་ནར་སྔར་བརྩམས་པར་བྱེད་པ་དེ་ཡང་ཟིན་པར་བྱེད་ན་རྩོམ་པ་སྔ་ཕྱི་གཉིས་ལྟུང་བ་ཐ་དད་པའི་བྱེད་པ་པོ། སྔར་རྫོགས་པའི་དུས་བརྩམས་པ་སྦྱོར་བའི་ཉེས་བྱས། ཕྱིས་སྟན་གཞན་བྱས་པས་ནི་ཉེས་མེད། དེའི་འོག་མ་ཡིན་པ་ཁོ་ནར་བརྩམས་པ་གྲུབ་པར་བྱས་པ་དེས་ནི་སྤང་ལྟུང་གི་བྱེད་པ་པོ་མིན་པ་ལྟ་བུའོ། །གང་བརྩམས་པའི་ལས་དེ་བསམ་མ་ཐག་པ་ནས་བཏང་ནས་ཡང་བྱེད་ན་སྔར་བརྩམས་པ་དང་ཕྱིས་ཟིན་པར་བྱེད་པ་དེ་གཉིས་སྦྱོར་བ་དང་དངོས་གཞིའི་ལྟུང་བ་ཐ་དད་པའི་བྱེད་པ་པོ་ཉིད་ཡིན་ཏེ། བྱེད་འདོད་པ་ལོག་པའི་ཕྱིར་རོ། །ཐ་དད་འབྲས། ལྟུང་མིན། ཞེས་བྱ་བར་ཡང་བཞག་སྟེ། འབྲས་བུ་ཐ་དད་པས་བར་དུ་ཆོད་པ་དག་ནི། འབྲས་བུ་ཐ་དད་པ་དུ་མ་བསྡོམས་ནས་འབྲས་བུ་གཅིག་ཏུ་མི་བཞག་སྟེ། དཔེར་ན་ཉུང་ངུ་ཉུང་ངུ་བརྐུས་པ་གཅིག་ཏུ་བསྡོམས་པས་མཱ་ཤ་ཀ་ལྔ་ལ་སོགས་པ་ཚང་བ་དེས་ཕམ་པར་མི་འགྱུར་བ་ལྟ་བུ་དང་། ཁང་པ་ཆུང་ངུ་དུ་མའི་གཞི་བསྡོམས་པས་ཚད་ལས་ལྷག་ཀྱང་ལྷག་མར་མི་འགྱུར་བ་དང་། གོས་ཀྱི་དུམ་བུ་ཚད་དུ་མ་ལོངས་པ་དུས་མ་ཚང་བར་བཅངས་ཏེ་གཏོང་བར་བྱེད་ཅིང་། ཡང་གོས་ཀྱི་དུམ་བུ་གཞན་ཞིག་དུས་བཅངས་ཏེ་གཏོང་བར་བྱེད་པ་དང་། ཡང་དུས་གཞན་དུ་སྤྱིར་བསྡོམས་ན་འཆང་བའི་དུས་ལས་ལྷག་ཏུ་ཟིན་ཀྱང་བཅངས་པའི་ཞག་དེ་དག་གི་འབྲས་བུ་ཐ་དད་པའི་ཕྱིར་སྤང་ལྟུང་དུ་མི་འགྱུར་རོ། །ལམ་ན་བལ་ཐོགས་པ་ཡང་ཉིན་རེ་བཞིན་ཅུང་ཟད་ཅུང་ཟད་ཁྱེར་བའི་ལམ་ཞག་བསྡོམས་པས་རྒྱང་གྲགས་ཀྱི་མཐའ་འདས་སུ་ཟིན་ཀྱང་སྤང་ལྟུང་དུ་མི་འགྱུར་བ་དང་། ཞག་བརྒྱུད་མ་མ་ཡིན་པར་སྐབས་སུ་གཞན་དུ་སོང་བའི་ཞག་ཕྱིར་བསྡོམས་པས་ཞག་དྲུག་ལས་ལྷག་ཏུ་ཟིན་ཀྱང་ཞག་དྲུག་གི་འབྲལ་སྤང་དུ་མི་འགྱུར་བ་དང་། དུས་གཞན་དང་གཞན་དུ་ཚིག་རེ་རེ་བ་སྨྲས་ཏེ་ཚིག་རྣམས་བསྡོམས་པས་ཚིག་ལྔའམ་དྲུག་ལས་ལྷག་ཀྱང་ལྷག་པོར་ཆོས་སྟོན་པའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་བུའོ། །ཕྱེད་བྱས་ཟིན་པའི་ལྷག་མ་ཕྱེད་བསྒྲུབ་པ་ལ་ནི་ཉེས་བྱས་སུ་འགྱུར་ཏེ། གོས་རྙིང་པ་ཅུང་ཟད་བཀྲུས་བཙོས་བཅངས་པ་ཞིག་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་འཁྲུད་དམ། འཚེད་དམ། འཆག་ཏུ་བཅུག་ན་ཉེས་བྱས། སྲིན་བལ་དང་ལུག་བལ་ནག་པོ་རྙིང་པ་ལ་སྟན་བྱས་པ་ཉེས་བྱས། ལུག་བལ་བཀྲུས་བཙོས་རྨེལ་བ་དགེ་སློང་མ་ཉེ་དུ་མ་ཡིན་པ་འཁྲུར་བཅོལ་ལམ་རྨེལ་དུ་བཅུག་ན་ཉེས་བྱས་སུ་འགྱུར་རོ། །ཁ་ན་མ་ཐོ་སྨད་པ་དེའི། ལྟུང་བའང་ན་སྨད། ཕམ་པར་འགྱུར་བ་ལ་སོགས་པ་དངོས་གཞིའི་ཁ་ན་མ་ཐོ་བ་ལས་ན་སྨད་པའི་སྦོམ་པོའི་ཁ་ན་མ་ཐོ་བ་དག་གི་ཆ་ཉིད་ནི་ན་སྨད་པ་ཡིན་ཏེ། དཔེར་ན་ཉེས་པ་སྦོམ་པོ་དང་། ལྟུང་བྱེད་དང་། སོར་བཤགས་དང་། ཉེས་བྱས་དག་གི་སྐུར་པ་བཏབ་པ་ལ་ཉེས་བྱས་སུ་འགྱུར་བ་ལྟ་བུའོ། །གསད་བྱ་དེ་ལ་ཐེ་ཚོམ་ཟ་བས་གསོད་པ་ལ་ཞུགས་ན། བསམ་པ་དེ་ཉིད་ཡིན་ན་ཕམ་པར་འགྱུར་ལ། མིན་ན་སྦོམ་པོར་བཞག་པ་དང་། སྦྱོར་བ་ལ་འདུ་ཤེས་ཡན་ལག་ཡིན་པས། དུད་འགྲོ་ལ་མིར་འདུ་ཤེས་པས་གསད་ན་སྦྱོར་བ་སྦོམ་པོར་འགྱུར་ལ། དངོས་གཞི་ལྟུང་བྱེད་དང་། མི་ཚངས་སྤྱོད་དང་། བརྫུན་ཕམ་ལ་བསམ་པ་ཁོ་ན་ཡན་ལག་ཏུ་མི་དགོས་ཏེ། བུད་མེད་འདི་ལ་སྤྱད་དོ་སྙམ་ནས་གཞན་ལ་འཁྲུལ་ནས་སྤྱད་ཀྱང་ཕམ་པར་འགྱུར་བ་དང་། བརྫུན་ཡང་བསམ་པ་དེ་ཉིད་ལ་སྨྲས་ན་མ་བསམས་པ་གཞན་གྱིས་གོ་ན་ཡང་ཕམ་པར་འགྱུར་བའོ། །ཡན་ལག་ཐམས་ཅད་བླང་དུ་རུང་ན་མི་ཚངས་སྤྱོད་ལ་རེག་པའི་མཐུ་ཡོད་པ་བཤད་པའི་འོག་ནས་སྤྱིར་བསྟན་པ་རྫོགས་པའི་བར་མ་དོ་མཛད་པས་གསུངས་པ་རྣམས་ནི་ཡན་ལག་ཏུ་མ་ཚང་བ་ནི་ན་སྨད་པ། དེ་བས་ཀྱང་ཡན་ལག་ཏུ་མ་ཚང་ན་ཆེར་ན་སྨད་དོ། །ཞེས་པའི་དོན་ཉིད་དེ་ལྟུང་བ་སོ་སོའི་སྐབས་སུ་ཞིབ་མོར་ཕྱེ་ཟིན་པས་འདིར་མ་ཟློས་སོ། །རྨི་ལམ་ཉེས་མེད་ཡིན། །ཁྱིམ་བབས་ཕུལ་བ་སླར་རྫོགས་བཏང་ལ་མིན། །རྨི་ལམ་གྱིས་དང་། ཁྱིམ་ལ་བབས་པ་དང་། ཕུལ་བ་སླར་རྫོགས་ན་སྔར་གྱི་ཉེས་པ་མེད་པ་དང་། སྡོམ་པ་བཏང་བ་རྣམས་ལ་ནི་ལྟུང་བ་དང་ཉེས་པར་འགྱུར་བ་མེད་དོ། །གོ་རིམ་བཞིན་མ་བསྟན་པར་ཐུན་མོང་དུ་ཅི་རིགས་པར་བསྟན་པས་སྤྱིར་བསྟན་ཡིན་ཏེ། ཅི་རིགས་ཐུན་མོང་བསྟན་པས་སྤྱིར་བསྟན་གསུངས། །ཞེས་སྦྱར་རོ།། །། གསུམ་པ་བསླབ་པ་ཡོངས་སུ་སྦྱོང་བའི་ཕྱིར། སྒྲུབ་པའི་བསླབ་བྱ་བསྟན་པ་ལ། བསླབ་པ་ཡོངས་སུ་སྦྱོང་བའི་ཚུལ། བདེ་བར་གནས་པའི་རྐྱེན་བཤད་པ་གཉིས་ལས། དང་པོ་ལ། ཚུལ་ཁྲིམས་རྣམ་པར་དག་པར་བྱ་བའི་ཕྱིར་གསོ་སྦྱོང་གི་གཞི། ཚུལ་རྣམ་པར་དག་པར་བྱ་བའི་ཕྱིར་དབྱར་གནས་ཀྱི་གཞི། ཆོས་རྣམ་པར་དག་པར་བྱ་བའི་ཕྱིར་དགག་དབྱེའི་གཞི་གསུམ་ལས། དང་པོ་ལ། གང་དུ་བྱ་བའི་ཚུལ། ཇི་ལྟར་བྱ་བའི་ཆོ་ག་གཉིས། དང་པོ་ནི། ཞི་གནས་ཀྱི་གསོ་སྦྱོང་གི་དབང་དུ་བྱས་ནས། སྤོང་བའི་ཞལ་ཏ་བསྐོ་ཞིང་། སྤང་བའི་ཕྱིར་ཞལ་ཏ་བ་བསྐོ་བར་བྱའོ། །ཞེས་པའི་དོན། གླེང་གཞི་ནི། སྟོན་པ་འོད་མའི་ཚལ་ན་བཞུགས་པའི་ཚེ། དགེ་བསྙེན་མང་པོ་ནང་རེ་བཞིན་སྟོན་པ་ལ་ཕྱག་འཚལ་དུ་འགྲོ་བས་སོང་བ་ན། དེང་བདག་ཅག་སྔས་ཀྱི། མུ་སྟེགས་ཅན་བལྟའོ་ཟེར་ནས་དེར་སོང་བ་དང་། མུ་སྟེགས་ཅན་དག་བདག་ཅག་འབའ་ཞིག་ལ་འདུག་པ་དང་། བྱ་བ་དང་། གསོ་སྦྱོང་ཡོད་དམ། དགེ་སློང་ལའང་ཡོད། བདག་ཅག་ལ་ཡོད་ཀྱི། དེ་དག་ལ་མེད་དོ་ཟེར་བ་དེ་ཐོས་ནས། བཅོམ་ལྡན་འདས་ལ་དེ་གསོལ་ནས། དགེ་སློང་ལའང་དེ་བཅའ་བར་གསོལ། ཞེས་ཞུས་པས་གནང་ནས། དགེ་སློང་དག་དེང་ཕྱིན་ཆད་འདུག་པ་དང་། བྱ་བ་དང་། གསོ་སྦྱོང་ལ་དྲོན་བྱ་བར་རྗེས་སུ་གནང་ངོ་། །དགེ་སློང་གིས་འདུག་པ་དང་། བྱ་བ་དང་། གསོ་སྦྱོང་ཇི་ལྟ་བུ་ཡིན་མ་ཤེས་ནས། གསོལ་བས། འདུག་པ་ནི་རྣལ་འབྱོར་ཏེ། ལུས་ལ་རྐང་མཐིལ་ཡན་ཆད་སྐྲ་མན་ཆད་ལ་མི་གཙང་བའི་རྫས་སུམ་ཅུ་སོ་དྲུག་གིས་གང་བར་སོ་སོར་རྟོགས་ཤིག་ཅེས་རྣལ་འབྱོར་བསྒོམ་པར་གསུངས་པ་དང་། དགེ་སློང་དག་སྤྱོད་ཡུལ་དུ་ཞུགས་ན་ཡང་རྣལ་འབྱོར་བསྒོམ་པས་རྟ་དང་འཕྲད་པ་དང་འགྱེལ་ཞིང་བུབ་པ་ལ་སོགས་པ་ལ་བརྟེན་ནས་ལྷག་མ་རྣམས་ཀྱང་བཅས་སོ། །དགེ་སློང་སྤོང་བའི་ཞལ་ཏ་བྱེད་པ་འདུན་པས་འགྲོ་བ་ལ་སོགས་པའི་ཆོས་ལྔ་དང་ལྡན་པ་མ་བསྐོས་པ་བསྐོ་བར་མི་བྱ། བསྐོས་པ་དབྱུང་བར་བྱ་ཞིང་། འདུན་པས་མི་འགྲོ་བ་ལ་སོགས་པ་ཆོས་ལྔ་དང་ལྡན་པ་མ་བསྐོས་པ་བསྐོ་བར་བྱ། བསྐོས་པ་དབྱུང་བར་མི་བྱ་ཞིང་། འདི་ལྟར་བསྐོ་བར་བྱ་སྟེ། མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་གྱི་སྤོང་བའི་ཞལ་ཏ་བྱེད་པར་སྤྲོའམ། སྤྲོ་ན་སྤྲོ་ཞེས་དེས་གཎྜྻི་བརྡུངས། དགེ་འདུན་ལ་བསྒོ། འདུག་ཅིང་མཐུན་པར་གྱུར་པ་ལ། གཅིག་གིས་གསོལ་བ་དང་ལས་བྱའོ། །ཞལ་ཏ་བྱེད་པ་དེའི་ཀུན་ཏུ་སྤྱོད་པའི་ཆོས་ནི་འདི་ལྟར་བྱ་སྟེ། དགེ་སློང་སྤོང་བའི་ཞལ་ཏ་བྱེད་པས་སྤོང་བའི་ཁང་པ་ཆག་ཆག་གདབ་པར་བྱ། ཕྱག་བདར་བྱ། ལྕི་བ་གསར་པའི་བྱུག་པ་བསྐུ་བར་བྱ། སྟན་བཤམ་པར་བྱ། བཤང་བའི་ས་དང་གཅི་བའི་ས་བྱི་དོར་བྱ། ཆག་ཆག་གདབ་པར་བྱ། ཕྱག་བདར་བྱ། ལྕི་བ་གསར་པའི་བྱུག་པས་བསྐུ་བར་བྱ། ལོ་མའི་ཆང་བུ་བཞག་པར་བྱ། བོང་རྡོག་དང་ས་ཆུ་བཞག་པར་བྱའོ། །བསྡུ་བའི་ཕྱིར་ཁང་སྟེང་ནས་འཁར་གསིལ་གསིལ་བ་དང་གཎྜྻི་བརྡུང་ངོ་། །དུས་ཤེས་པར་བྱས་ནས། རྒྱུན་ཆགས་གསུམ་པ་རན་པར་གདོན་ཅིང་ཅི་བདེར་བྱའོ། །དགེ་འདུན་གྱི་གནས་བརྟན་གྱིས་ཡོན་བཤད་པར་རན་པར་བྱའོ། །དགེ་སློང་སྤོང་བའི་ཞལ་ཏ་ཡོད་པ་ཐམས་ཅད་ཀྱི་མཇུག་ཏུ་འགྱེས་པར་བྱ་ཞིང་། ཐམས་ཅད་ཀྱི་མདུན་དུ་འདུ་བར་བྱའོ། །གལ་ཏེ་རྐྱེན་དེ་ལྟ་བུ་བྱུང་ན་དེ་ཕྱོགས་དབེན་པར་ལྡེ་མིག་སྦས་ཏེ། ཚེ་དང་ལྡན་པ་ཁོ་བོས་ཕྱོགས་ག་གེ་མོ་ཞིག་ཏུ་ལྡེ་མིག་སྦས་ཀྱི། ཕྱེ་ལ་ཞུགས་ཤིག ཅེས་བརྗོད་པར་བྱའོ། །སྤོང་ཁང་བརྩིག སྤྱོད་ཡུལ་དུ་ཞུགས་པས་རྣལ་འབྱོར་བསྒོམ་པར་མི་བྱའོ། །མངོན་པར་འདུ་བར་ཡང་མི་བྱའོ། །རྣམ་པར་གཡེང་བར་བྱེད་པ་དང་། གཏུམ་པོ་དང་། གྱ་ཚོམ་པ་དག་ལ་ཡོངས་སུ་སྤང་བར་རིགས་སོ། །སྤོང་ཁང་བརྩིག་པར་བྱའོ། །ཞེས་པའི་དོན་ཏེ། སྤྱོད་ཡུལ་གྱི་གྲོང་དུ་ཞུགས་པས་དང་། མི་རྣམས་མངོན་པར་འདུ་བ་དང་། འགྲོ་བ་ཡོད་པ་དེ་དང་། མི་ལ་སོགས་པའི་སྨྲ་བ་བྱུང་བས་རྣམ་པར་གཡེང་བར་བྱེད་པ་དང་། སྲོག་ཆགས་གཏུམ་པོ་འོང་བ་དག་དང་། ཀྱལ་ཀ་ཅན་དང་། ནལ་ཕྲུག་ལ་སོགས་པ་སྟེ། གྱ་ཚོམས་དང་སྨྱོན་ཐབས་ཆེ་བ་ཅན་གྱི་གྲོང་གི་ཉེན་ཀོར་དུ་རྣལ་འབྱོར་བསྒོམ་པ་བཀག་ནས། བསྒོམ་པའི་གནས་སྤོང་བའི་ཁང་པ་བརྩིག་པར་གནང་ངོ་། །ངོས་ཡ་རེར་གནས་ཁང་བརྩིགས་ལ་བར་དུ་སྲང་གདོད་པ་འདི་ནི་སྤོང་ཁང་ཆུང་ངུ་ཡིན་ནོ། །དེ་བཞིན་ལྔ་ལྔའམ་དྲུག་དྲུག་གི་བར་དུ་སྲང་གདོད་པ་ཆེན་པོའོ། །སྒོ་གླེགས་སྒྲ་མི་འབྱུང་བ་དང་སྲང་བའི་ཐབས་ཀྱང་ངོ་ཞེས་པ་ནས། སྒོ་ཁང་བྱའོ་ཞེས་པའི་བར་གྱི་མདོ་ཀུན་བརྩིག་ཅེས་པ། འདིའི་རྗེས་སུ་སྦྱར་ཏེ་དེ་ལྟ་བུ་རྣམས་དང་ལྡན་པར་བརྩིག་ཅེས་པས་སོ། །ཞར་ལས་ཕུག་ཀྱང་ངོ་ཞེས་པ་ནས། གློས་ཕབ་སྟེའོ་ཞེས་པའི་བར་ཡང་འཕངས་མོད་ཀྱང་རྒྱས་པར་མ་སྤྲོས་སོ། །མཐུན་པའི་གསོ་སྦྱོང་གི་དབང་དུ་བྱས་ནས། བསྡུ་ཕྱིར་གཎྜྻི་བརྡུང་ཞིང་བརྡུང་བ་ལྔ། །གཎྜྻིའི་རྒྱུ་ནི། གཎྜྻིའི་མདོ་ལས། འབྱོར་པ་འདོད་པའི་ཤིང་རྣམས་ནི། །རབ་ཏུ་འབད་དེ་བརྟག་པར་བྱ། །ཙན་དན་བིལ་བ་པ་ལ་ཤ །ཨ་ཤྭཏ་ཐ་དང་ཙན་དན་དམར། །རྒྱ་སྟར་ཏ་ལ་ཀེང་ཤུ་ཀ །ཤིང་ཤ་པ་དང་ཏ་མ་ལ། །ཨསྨ་སྟར་བ་སྐྱུ་རུ་ར། །ཏིན་ཏི་པར་ཨ་ཤྭ་ཀ་མ། །འདི་དག་ཐམས་ཅད་མེད་ན་ཡང་། །འོ་སེ་ལ་ནི་འབད་དེ་བྱ། །ཚད་ཀྱང་། ཚད་ནི་ཆུ་རུ་སོར་ཚད་ཀྱི། །བརྒྱད་ཅུ་རྩ་བཞི་ཉིད་བྱ་ཞིང་། །ཞེང་དུ་སོར་དྲུག་བྱ་བ་སྟེ། །དཔངས་སུ་ཡང་ནི་གཉིས་བྱའོ། །སོར་མོའི་ཚིགས་ཀྱི་ཚད་དག་གི །ཟུར་བཞི་ཚད་ནི་གཉིས་པ་ཡིན། །ལེགས་མཉམ་ཉིད་དང་ཤིན་ཏུ་གསལ། །རྩེ་གཉིས་སྦལ་པའི་མགོ་བཞིན་ནོ། །དེ་ནས་རྡུང་བར་བྱེད་པ་ཡང་། །ཤིང་དེ་ཉིད་ལ་གཅད་དེ་བྱ། །སོར་བཅུ་གཉིས་ཀྱི་ཚད་དག་ལ། །ཟླུམ་ཞིང་རྩེ་གཉིས་ནེའུ་ལེའི་མགོ །ཆང་བཟུང་དག་ཀྱང་དེ་བཞིན་ནོ། །སྲིད་དུ་སོར་བརྒྱད་ཅུ་རྩ་བཞི། ཞེང་དུ་སོར་དྲུག དཔངས་སུ་སོར་གཉིས། ཟུར་བཞི་བརྒྱད་གཞོགས་སོར་གཉིས་གཉིས་ལྡན་པ། རྩེ་མོར་གཉིས་སྦལ་པའི་མགོ་བོ་འདྲ་བའོ། །གཎ་གཡོག་ཀྱང་ཤིང་དེ་ཉིད་ལས་བཅད་པ། གཎྜྻི་ལ་འཕོག་པའི་ཚད་ལ་སོར་བཅུ་གཉིས། ལག་པས་གཟུང་བར་བྱ་བའི་ཆང་བཟུང་ལ་ཡང་ཚད་དེ་ཉིད་དང་ལྡན་པ། རྩེ་མོ་གཉིས་ནེའུ་ལེའི་མགོ་བཞིན་དུ་ཡོད་པའོ། །གཎྜྻི་ཆུང་ངུ་སོར་ཉི་ཤུ་རྩ་བཞི་ཡོད་པ་ཡང་བཤད་དོ། །བརྡུང་བ་ལྔའི་དགེ་འདུན་བསྡུ་བའི་ཕྱིར་བརྡུང་བ་ནི། ཤངས་ཚལ་ལན་གསུམ་གྱི་མཐར་རྒྱུད་གསུམ་དང་ཏོག་སྒྲ་ཆེན་པོ་གསུམ་མོ། །རྒྱུད་རེ་རེ་ཡང་། གཅིག་ནས་བཅོ་བརྒྱད་ཀྱི་བར་ཇེ་ཆེ་དང་། བཅུ་དགུ་ནས་སོ་དྲུག་གི་བར་ཇེ་ཆུང་ཇེ་ཆུང་དུ་འགྲོ་བའི་རྒྱུད་གསུམ་སྟེ། བརྡེག་ཐེབས་བརྒྱ་དང་བརྒྱད་དོ། །དེར་འགྲོ་དཀོན་མཆོག་གསུམ་ལ་ནི། །ཕྱག་འཚལ་ནས་ནི་བརྡུང་བྱ་སྟེ། །ཤངས་ཚལ་ལན་གསུམ་བརྗོད་ནས་ནི། །ཆོས་ཀྱི་རྔ་རྣམས་བརྡུང་བར་བྱ། །གླུ་བདུན་གྱིས་ནི་བརྒྱན་པ་ལྟར། །བསྐྱེད་པའི་རིམ་གྱིས་བརྡུང་བར་བྱ། །ཞེས་གསུངས་སོ། །ལས་བྱ་བའི་དོན་དུ་ནི། རྒྱུད་གཅིག་དང་ཏོག་གསུམ་མོ། །ཁ་ཅིག་རྒྱུད་གསུམ་དང་ཏོག་གཉིས་ཤེའོ། །སྤོང་བའི་དོན་དུ་ནི། འཁར་གསིལ་གསིལ་བའམ་གཎྜྻི་ཆུང་ངུའོ། །ཤི་བའི་དོན་དུ་འདུས་ཤིང་ཁྱོགས་ཕྲག་པ་ལ་འདེགས་པ་ལ་སོགས་པའི་ཆེད་དུ་མཇུག་ཏུ་ཏོག་མེད་པའི་རྒྱུད་ཉི་ཚེ་བརྡུང་བ་ཡིན་ནོ། །གནོད་པ་བྱུང་བ་ལ་ནི། ནམ་ཞི་བར་གྱུར་གྱི་བར་དེ་ཙམ་དུ་བརྡུང་བའོ། །ཟན་གྱི་ཕྱིར་འདུ་བའི་དོན་དུ་ནི། དང་པོར་གཎྜྻི་ཆུང་ངུ་བརྡུངས་ལ། དུས་ཇི་ཙམ་གྱིས། སངས་རྒྱས་མཆོད་པ་དང་། ལྷུང་བཟེད་བཀྲུ་བ་ལ་སོགས་པའི་ལས་གྲུབ་པར་འགྱུར་བའི་དུས་དེ་ཙམ་ནས། གཎྜྻི་ཆེན་པོ་བརྡུང་ཞིང་ཟས་ཀྱི་ཕྱིར་ཐམས་ཅད་འདུ་བར་བྱའོ། །འདུས་པ་ཆེན་པོའི་ཚེ་གཎྜྻི་བརྡུང་བར་གོ་བར་མི་འགྱུར་བ་ལྟ་ན་དུང་བསྒྲིལ་ཏེ་འབུད་པའམ་རྔ་བོ་ཆེ་བརྡུང་ངོ་། །བརྡུང་བའི་གནས་ནི་ཁང་སྟེང་ངོ་ཞེས་པ། ཕྱོགས་མཐོན་པོ་གང་ཡང་རུང་བ་དག་གི་དཔེ་ཡིན་ནོ། །གསོ་སྦྱོང་གི་ནི་གནས་ལ་བློ་མཐུན་བྱ། །གནས་གང་དུ་གསོ་སྦྱོང་མངོན་དུ་བྱེད་པའི་གནས་དེ་ནི་གསོ་སྦྱོང་གི་གནས་ཞེས་བྱ་སྟེ། གནས་དེར་གསོ་སྦྱོང་བྱ་བར་དགེ་འདུན་འདོད་པས། དགེ་འདུན་གྱིས་གསོལ་བ་དང་གཉིས་ཀའི་ལས་ཀྱིས་བློ་མཐུན་པར་བྱའོ། །གནས་ཇི་ལྟ་བུ་ལ་ཞེ་ན། གནས་ཐམས་ཅད་གྲུབ་པའམ། བྱས་པའམ། ཟིན་པ་ཡིན་པའོ། །ཆགས་པའི་སྐལ་བའི་ཚེ་རང་གྲུབ་པའམ་གཏིང་ཆད་པ་ཉིད་ཀྱི་རྐྱེན་གྱིས་གྲུབ་པ་སྟེ། གཞན་གྱི་རྩོལ་བ་ལ་མ་ལྟོས་པ་ནི་གྲུབ་པའོ། །སྐྱེས་བུའི་བྱེད་པས་མངོན་པར་བསྒྲུབས་པ་ནི་བྱས་པ་ཞེས་སོ། །འདུག་ས་ལ་སོགས་པ་བྱ་བར་རུང་བ་ནི་ཟིན་པ་སྟེ། ཐམས་ཅད་ཀྱང་ནང་མཚམས་ཕྱི་རོལ་ཉེན་ཀོར་འདོམ་གང་དང་བཅས་པའོ། །དགག་དབྱེ་སོགས་ལས་གཞན་གྱི་གནས་ཀྱང་དེ་ཡིན་ནོ། །དཔག་ཚད་ཕྱེད་གསུམ་མཚམས་ཆེན་ཕྱོགས་བཞི་རུ། །མཚན་མ་བརྟན་གཟུགས། མཚམས་གཅད་པར་བྱའོ། །ཞེས་སོགས་ཀྱི་དོན། སྟོན་པ་འོད་མའི་ཚལ་ནའོ། །ཚེ་དང་ལྡན་པ་ཀ་པི་ན་རྒྱལ་པོའི་ཁབ་བདེ་ཅན་མའི་ཕུག་ན་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་གནས་སོ། །གསོ་སྦྱོང་གི་ཚེ་དགེ་སློང་རྣམས་དེ་ལ་སྡོད་པ་དང་། དེ་དེ་རིང་གསོ་སྦྱོང་ཡིན་ན་འགྲོའམ་མི་འགྲོ་སྙམ་པ་དང་། དེའི་རྟོག་པ་སྟོན་པས་མཁྱེན་ནས་སྐད་ཅིག་གིས་དེར་བྱོན་ནས། ཁྱོད་ལ་རྟོག་པ་འདི་ལྟ་བུ་མ་བྱུང་ངམ། བྱུང་ངོ་། །ཁྱོད་གསོ་སྦྱོང་ལ་མི་འགྲོ་ན་གཞན་སུ་འགྲོ་གསུངས་ནས་དེ་ཁྲིད་ནས་ཕྱིན་ཏེ་གསོ་སྦྱོང་གི་གནས་སུ་བྱོན། གདན་བཤམས་པ་ལ་བཞུགས་ནས། དགེ་སློང་དག་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པའི་མཚམས་ཆེན་པོ་བཅད་པར་གནང་ངོ་། །དང་པོར་དགེ་སློང་གནས་པ་དང་གཉུག་མར་གནས་པ་རྣམས་ཀྱིས་འདི་ལས་ལྷག་པ་ལ་མི་ཆགས་པས་དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ཚུན་ཆད་དུ་མཚམས་པོ་ཆེ་ཕྱོགས་བཞིའི་མཚན་མ་ཕ་བོང་ངམ། རྩིག་པའམ། ཀ་བའམ། ཤིང་ལྗོན་པའམ། ར་བའམ། བྱ་སྐྱིབས་སམ། ལམ་པོ་ཆེའམ། ཁྲོན་པ་ལ་སོགས་པ་བརྟན་པོ་བཙུགས་ལ། དྲིས་ཚིག་དགེ་འདུན་ལ། བསྒོ་ནས་ཐམས་ཅད་འདུག་ཅིང་མཐུན་གྱུར་ཚེ། །བཙུགས་པ་གོ་བྱས་གཅིག་གིས་གསོལ་བ་དང་། ལས་ཀྱི་མཚམས་ཆེད་བཅད་ལ། ཚུལ་དེ་ལྟ་བུས་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པའི་མཚམས་ཆེན་པོ་བཅད་དོ། །དགེ་འདུན་གྱི་གང་དུ་མཚམས་ཆེན་པོ་བཅད་ས་དེར་དགེ་སློང་རྣམས་འདུག་ལ་གསོ་སྦྱོང་དང་། དགག་དབྱེ་དང་། གསོལ་བ་དང་། གསོལ་གཉིས་དང་། གསོལ་བ་དང་བཞིའི་ལས་བྱའོ། །མཚམས་བཅད་པ་ནི་འདུན་པ་འབུལ་བས་དེ་དང་མཐུན་པ་མི་འགྲུབ་སྟེ། མཚམས་དེར་གཏོགས་པའི་དགེ་སློང་ཐམས་ཅད་ལས་ཀྱི་གནས་དེར་འདུ་བར་བྱའོ། །ཆོས་གོས་དང་། མི་འབྲལ་གནང་བ་སྦྱིན་ནོ། །གང་དུ་མཚམས་མ་བཅད་པར་མི་འབྲལ་བའི་གནང་བ་མི་ཆགས་པས། མཚམས་ཆེན་པོ་བཅད་པའི་ནང་དུ་དགེ་སློང་ཐམས་ཅད་ཀྱིས་ཆོས་གོས་དང་མི་འབྲལ་བའི་གནང་བ་དགེ་འདུན་ལ་བསྒོ་ཞིང་ཐམས་ཅད་འདུག་ཅིང་མཐུན་པའི་འོག་གཅིག་གིས་གསོལ་བ་དང་ལས་བྱའོ། །དགེ་འདུན་གྱི་མཚམས་ཆེན་གྱི་ནང་དུ་ཆོས་གོས་དང་མི་འབྲལ་བའི་གནང་བ་བྱིན་པ་དེར། དགེ་སློང་རྣམས་སྟོད་གཡོགས་སྨད་གཡོགས་དང་བཅས་པས་འདོང་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །མི་མཁོ་ན། མཚམས་ཆེན་བཀྲོལ་ལ་མཚམས་བུ་ཆུང་བཅད་ཅིང་། །འདོད་ན་ཆོས་གོས་མི་འབྲལ་གནང་བའང་སྦྱིན། །དགེ་སློང་བཞི་དང་། ལྔ་དང་། བཅུ་ཚོགས་ཀྱི་ལས་བྱ་བ་བྱུང་ནས་དགེ་འདུན་ཐམས་ཅད་སྡུད་པས་དགེ་ཕྱོགས་ཉམས་པ་གསོལ་བས་མཚམས་བུ་ཆུང་བཅད་པར་གནང་ངོ་། །སྔར་མཚམས་ཆེན་པོ་བཅད་ཟིན་ནས་དེའི་འོག་ཏུ་གསོ་སྦྱོང་འབའ་ཞིག་གི་ཆེད་དུ་མ་ཟད་ཀྱི། འདུལ་བ་དང་ལྡན་པའི་ལས་ཐམས་ཅད་ཀྱི་ཆེད་དུ་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་པ་བློ་མཐུན་པར་བྱའོ། །དེ་ལ་སྔ་མ་བག་ཡངས་སུ་མ་བྱས་པར་བཅད་པ་གཞན་མི་ཆགས་པས། དང་པོ་མཚམས་ཆེན་དགྲོལ་ཏེ། དྲི་བསྒོ་འདུག་མཐུན་པ་ལ། གཅིག་གིས་གསོལ་བ་དང་ལས་ཀྱི་མཚམས་ཆེན་དགྲོལ་བར་བྱའོ། །དེའི་འོག་ཏུ་དགེ་སློང་གནས་པ་དང་གཉུག་མར་གནས་པ་རྣམས་ཀྱིས་མཚམས་བུ་ཆུང་གི་ཕྱོགས་བཞིའི་མཚན་མ་བརྟན་པོར་སེང་ལྡེང་གི་ཕུར་པ་བཏབ་པའམ། སྲད་བུ་བྲེས་པའམ། རྡོ་བཞག་པའམ། སྲོལ་བཏོད་པ་ལ་སོགས་པའི་མཚན་མ་བརྟན་པོ་གཟུགས་པར་བྱའོ། །དེ་ནས་དྲི་བསྒོ་འདུག་ཅིང་མཐུན་པ་ལ་བརྗོད་དེ། གཅིག་གིས་གསོལ། གཉིས་ཀྱིས་མཚམས་བུ་ཆུང་བཅད་དོ། །འདོད་ན་ཆོས་གོས་མི་འབྲལ་གནང་བའང་སྦྱིན། །མཚམས་བུ་ཆུང་བཅད་པ་འདིར་དགེ་སློང་ཐམས་ཅད་ཀྱི་ཆོས་གོས་དང་མི་འབྲལ་བའི་གནང་བ་སྦྱིན་པར་གཅིག་ཏུ་མ་ངེས་པས། གལ་ཏེ་འདོད་ན་སྦྱིན་པར་བྱའོ། །ཆུང་ངུ་བཅིངས་དེར་མཚམས་ཆེན་སླར་བཅད་གནང་། །དགེ་འདུན་གྱི་མཚམས་ཆེན་པོ་བཀྲོལ་ཏེ་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་པར་བློ་མཐུན་པར་བྱས་པའི་འོག་ཏུ་ཡང་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་མཚམས་ཆེན་པོ་གཅད་པར་བྱའོ། །ཞེས་གསུངས་པ་འདི་ལྟར། མཚམས་ཆེན་པོའི་མཚན་མ་བཙུགས་པ་ནས་ཆོས་གོས་དང་མི་འབྲལ་བའི་གནང་བ་སྦྱིན་པའི་བར་སྔར་བཤད་པ་བཞིན་གྱིས་སོ། །གཉིས་ཀར་དགེ་འདུན་བཀོད་དེ་ལས་བྱེད་པའི། །ཚིག་གིས་མཚམས་གཉིས་ཅིག་ཅར་དཀྲོལ་བ་དང་། །བཅད་ནས་གནང་བ་སྦྱིན་བཞི་ཡང་ན་བ། །ལས་བྱེད་པའི་ཚིག་གིས་མཚམས་གཉིས་ཅིག་ཅར་དུ་དགྲོལ་བ་དང་། ཅིག་ཅར་བཅད་དུ་རུང་བ་སྟེ། དང་པོར་དྲི་བསྒོ་འདུག་ཅིང་མཐུན་པར་གྱུར་པ་ལ། མཚམས་གཉིས་ཀར་དགེ་འདུན་བཀོད་དེ། དགེ་སློང་ལས་བྱེད་པས་མཚམས་གཉིས་ཀར་ཤིང་ངམ། དབྱུག་པའམ། གསེག་གམ། རེ་ལྡེས་གནན་ནས་གསོལ་བ་བྱས་ཏེ། ལས་ཀྱི་མཚམས་ཆེན་པོ་དང་མཚམས་བུ་ཆུང་བཀྲོལ་ཞིང་དཀྱིལ་འཁོར་པ་གཞིག་པར་བྱའོ། །ལས་བྱེད་པའི་ཚིག་གཅིག་གིས་ཅིག་ཅར་བཅད་པར་འདོད་ན། གནས་པ་དང་གཉུག་མར་གནས་པ་རྣམས་ཀྱིས་མཚམས་ཆེ་ཆུང་གི་མཚན་མ་བཙུགས་ནས་བཙུགས་པ་བརྗོད་པའི་བར་སྔར་བཞིན་ལ། དེའི་འོག་ཏུ་མཚམས་གཉིས་ཀར་དགེ་འདུན་བཀོད་དེ། དགེ་སློང་ལས་བྱེད་པས་མཚམས་གཉིས་ཀར་ཤིང་ངམ། དབྱུག་པའམ། གསེག་གམ། རེ་ལྡེས་གནན་ནས་གསོལ་བ་བྱས་ཏེ་ལས་བྱའོ། །དེ་ནས་ཆོས་གོས་དང་མི་འབྲལ་བའི་གནང་བ་ཡང་སྦྱིན་ནོ། །མེད་ཕུལ་གྱུར་དང་སྐྱ་རེངས་ལས་ཀྱིས་འཇིག །ས་ག་ལྷས། དགེ་འདུན་ཐམས་ཅད་ཤི་སྲིད་དང་། །ཡང་ན་མཚན་ནི་གཞན་གྱུར་རམ། །བསླབ་པ་ཕུལ་ལམ་མཚམས་ཉིད་ཀྱི། །ཕྱི་རོལ་སྐྱ་རེངས་ཤར་བ་དང་། །གསོལ་བ་སྔོན་འགྲོའི་ལས་ཀྱིས་ཏེ། །མཚམས་འཇིག་རྒྱུ་ནི་རྣམ་ལྔའོ། །ཞེས་གསུངས་སོ། །མ་བཅད་ལས་ལ་རྩིག་པ་མཚམས་ཡིན་ལ། །མ་བསྐོར་ཝ་ཀ་ཆུ་འཛག་གང་འབབ་ཚུན། །གྲོང་ལ་ཉེན་ཀོར་དགོན་པར་རྒྱང་གྲགས་མཐའ། །མཚམས་དེར་གཏོགས་པའི་དཀྱིལ་འཁོར་པ་ཐམས་ཅད། །ལས་ལ་འདུ་བྱ་མི་མཐུན་བྱེད་འགལ་ཚབས། །དེ་ནང་ཆོས་གོས་མེད་པས་འགྱོད་མི་བྱ། །མཚམས་མ་བཅད་པའི་གནས་སུ་ནི་ལས་ལ་རྩིག་པས་བསྐོར་བ་ཡིན་ན་རྩིག་པ་མཚམས་ཡིན་ལ། རྩིག་པས་མ་བསྐོར་ན་ཝ་ཀ་ཆུ་འཛག་གང་དུ་འབབ་པ་ཚུན་ཆད་མཚམས་ཡིན་ནོ། །གྲོང་ལ་ནི་ཉེན་ཀོར་གྱི་མཐའ་ཚུན་ཆད་མཚམས་ཡིན་ནོ། །དགོན་པ་ལ་ནི་ཕྱོགས་སུ་རྒྱང་གྲགས་ཀྱི་མཐའ་ཚུན་ཆད་མཚམས་ཡིན་ནོ། །མཚམས་བུ་ཆུང་ནང་དུ་འཁོད་པ་རྣམས་ཀྱིས་ནི། གསོ་སྦྱོང་དང་དགག་དབྱེ་ཙམ་དུ་མ་ཟད་འདུ་བར་བྱ་བའི་ལས་ཐམས་ཅད་ལ་འདུ་དགོས་ལ། མི་མཐུན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཆོས་གོས་དང་མི་འབྲལ་བའི་གནང་བ་ཐོབ་པས་མཚམས་དེར་ཆོས་གོས་མེད་པར་སྟོད་གཡོགས་སྨད་གཡོགས་ཙམ་གྱིས་སྤྱོད་པ་འདི་ལ་འགྱོད་པར་མི་བྱའོ། །གཉིས་པ་ཇི་ལྟར་བྱ་བའི་ཆོ་ག་ནི། འདུ་བར་མི་ནུས་པ་ལ་ཡོངས་དག་འདུན། །རིམ་པའམ་ཅིག་ཅར་བླང་ངོ་། །དགེ་སློང་མའི་དགེ་འདུན་གྱི་འདུན་པ་དང་དག་པ། དགེ་སློང་མ་གཉིས་ཀྱིས་དགེ་སློང་གི་དགེ་འདུན་ལ་དབུལ་བར་བྱ་བའོ། །དེས་མཐུན་པ་འགྲུབ་པར་འགྱུར་རོ། །གསོ་སྦྱོང་གི་ཚེ་མཚམས་མ་བཅད་པ་མ་ཡིན་ལ། མཚམས་ཀྱི་ནང་ན་དགེ་སློང་ན་བ་དང་། དབང་མེད་པ་དང་། སྲོག་དང་ཚངས་པར་སྤྱོད་པའི་བར་ཆད་ཀྱི་རྐྱེན་གྱིས་གསོ་སྦྱོང་གི་གནས་སུ་འདུ་བར་མི་ནུས་པ་ཡོད་ན། དགེ་བསྐོས་ཀྱིས་གསོ་སྦྱོང་གི་ཚེ་ཚུལ་ཤིང་བྲིམས་པས་དགེ་སློང་རྣམས་བགྲངས་ཤིང་མ་ལྷགས་པ་དངོས་སུ་ཡོད་དམ། གློ་བུར་དུ་འོངས་པ་ལ་སོགས་པ་ལ་ཡོད་པར་འཕྲིགས་ན་དགེ་འདུན་ཐམས་ཅད་ལས་ཀྱི་གནས་སུ་ཚོགས་པས། དགེ་སློང་ཡོངས་སུ་དག་པ་ལེན་པ་ཆོས་ལྔ་དང་ལྡན་པ་གཅིག་གམ། གཉིས་སམ། གསུམ་ཚིག་གིས་བསྐོ་བར་བྱ་ཞིང་། དེས་བཙལ་བ་དང་། བོད་པ་དང་། མཐོན་པོར་འདུག་སྟེ་ཡོངས་སུ་བལྟ་བ་ལ་སོགས་པ་དག་གིས་བསམ་པ་ཐག་པ་ནས་མཚམས་ཀྱི་ཕྱིར་འདུག་པ་ལ་བླངས་ཀྱང་མི་ཆགས་པས་མཚམས་ཀྱི་ནང་དུ་བཙལ་ཏེ་མ་ལྷགས་པ་རྣམས་ལ། དེང་དགེ་འདུན་གསོ་སྦྱོང་མཛད་ན། ཚེ་དང་ལྡན་པ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གམ་ཞེས་དྲི་བར་བྱ་ཞིང་། མ་ལྷགས་པ་རྣམས་ཀྱིས་མཆིལ་ལྷམ་གཉིས་ཕུད་ནས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས། རྒན་པ་ལ་ཕྱག་འཚལ་ནས་ཙོག་ཙོག་པུར་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ་ནས། བརྗོད་པར་ཡང་རིག་པར་བགྱིའོ་ཞེས་པའི་བར་ལན་གསུམ་དུ་བཟླས་པས་ཡོངས་སུ་དག་པ་འབུལ་བར་བྱའོ། །གལ་ཏེ་དེ་སྐད་བརྗོད་པར་མི་ནུས་ན། ལུས་སམ་ངག་གམ། ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱིས་ཡོངས་སུ་དག་པ་འབུལ་བར་བྱེད་ན། ཡོངས་སུ་དག་པ་ཕུལ་བར་བརྗོད་པར་བྱའོ། །ལུས་སམ་ངག་གི ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱིས་ཡོངས་སུ་དག་པ་འབུལ་བར་བྱེད་མི་ནུས་ན། དགེ་འདུན་ཐམས་ཅད་དེར་འདོང་ཞིང་གསོ་སྦྱོང་བྱ་བའམ། ཡང་ན་དགེ་སློང་དེ་དགེ་འདུན་གྱི་ནང་དུ་བླངས་ཏེ་གསོ་སྦྱོང་བྱའོ། །དགེ་སློང་ཡོངས་སུ་དག་པ་ལེན་པའི་ཀུན་ཏུ་སྤྱད་པའི་ཆོས་ནི་འདི་ལྟར་བྱ་སྟེ། ཡོངས་སུ་དག་པ་བླངས་ནས་རྒྱུག་པར་མི་བྱ། མགྱོགས་པར་མི་བྱ། མཆོང་པར་མི་བྱ། ཕྱི་རོལ་ལ་མཆོང་བར་མི་བྱ། འོག་ལ་མཆོང་བར་མི་བྱ། བང་རིམ་ལ་མཆོང་བར་མི་བྱ། སྟེང་གི་ནམ་མཁའ་ལ་འདུག་པར་མི་བྱ། མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་མི་བྱ། གོམ་པ་གཅིག་གིས་སྐས་ཀྱི་རིམ་པ་གཉིས་ལ་ཐོག་རྒལ་དུ་འཛེག་པར་མི་བྱ། ཆུ་ལྐོག་མ་ནུབ་ཙམ་ལ་འབོག་པར་མི་བྱ། གཉིད་ལོག་པར་མི་བྱ། སྙོམས་པར་འཇུག་པར་མི་བྱ། གཞན་ལ་རྐྱེན་གྱིས་དབང་མེད་པར་བརྒྱུད་པར་མི་བྱ་བར་དགེ་འདུན་གྱི་ནང་དུ་འཇུག་པར་བྱ་ཞིང་། གང་གི་ཚེ་དགེ་འདུན་གྱི་གནས་བརྟན་གྱིས་ཚེ་དང་ལྡན་པ་དག་མ་ལྷགས་པ་རྣམས་ཀྱི་ཡོངས་སུ་དག་པ་བརྗོད་ཅིག་ཅེས་སྨྲས་པའི་ཚེ། དགེ་སློང་ངམ་ཡང་ན་དགེ་འདུན་ལ་ཡོངས་སུ་དག་པ་འབུལ་བར་བྱ་སྟེ། དང་པོ་ལ་ནི་དེའི་མདུན་དུ་འདུག་སྟེ། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་ཞེས་བྱ་བ་ལ་སོགས་པ་ལན་གསུམ་དུ་བཟླས་པས་སོ། །གཉིས་པ་ལ་ནི་རྒན་པའི་མཐར་བསྒྲེང་སྟེ་འདུད་པ་དང་བཅས་པས། བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་ནས། རིག་པར་བགྱིད་དོའི་བར་གྱི་སྔགས་ལན་གསུམ་བཟླས་པས་སོ། །དགེ་སློང་ཡོངས་སུ་དག་པ་ལེན་པས་ཡོངས་སུ་དག་པ་བླངས་ཏེ་དགེ་འདུན་གྱི་ནང་དུ་མ་ཕྱིན་པར་དེ་ཉིད་དམ། ལམ་ཁར་རྒྱུན་ཆད་ཅིང་དུས་བྱེད་དམ། ཁྱིམ་པ་ཉིད་ལ་སོགས་པར་ཁས་འཆེ་བར་བྱེད་ན་ཡོངས་སུ་དག་པ་མ་བླངས་པ་ཡིན་ཏེ། ཡང་བླང་བར་བྱའོ། །དགེ་འདུན་གྱི་ནང་དུ་ཕྱིན་ནས་རྒྱུན་ཆད་ཅིང་དུས་བྱེད་དམ། ཁྱིམ་པ་ཉིད་ལ་སོགས་པར་ཁས་འཆེ་བར་བྱེད་ན། མ་བརྗོད་ཀྱང་ཡོངས་སུ་དག་པ་བླངས་པ་ཡིན་ཏེ། ཡང་བླང་བར་མི་བྱའོ། །གཅིག་གིས་དུ་མའི་ལེན་པའི་ཚེ་མིང་བརྗོད་ནུས་པའི་ཚིགས་ཚུན་ཆད་དོ། །བརྗོད་པར་འདྲ་བས་ཅིག་ཅར་བརྗོད་པས་ལེན་དུ་རུང་ངོ་། །གཞན་འདྲ་ཞིང་སྔགས་ཀྱི་ཚིག་ཏུ་ཅུང་ཟད་བསྒྱུར་བས་འདུན་པ་ལེན་པར་བྱའོ། །དེ་ནི་ཡོངས་དག་དང་འདུན་པ་རིམ་པར་བླང་བའོ། །ཡང་ན་ཡོངས་སུ་དག་པ་འབུལ་བ་དང་འདུན་པ་འབུལ་བ་དེའི་ཡོངས་སུ་དག་པ་དང་འདུན་པ་ཅིག་ཅར་འབུལ་བའི་ཆོ་ག་དང་སྔགས་ཀྱིས་ཅིག་ཅར་དུ་བླང་ངོ་། །བསླབ་པ་བྱིན་པ་དགེ་སློང་གི་འདུ་ཤེས་ཡོད་པ་ལ་བླང་དུ་རུང་ཞིང་། དེ་ལེན་པར་བསྐོར་མི་རུང་ངོ་། །རྒྱལ་པོས་གཟུང་། མཚམས་ནང་འདུག་ན་ཕོ་ཉ། དགེ་སློང་གཉུག་མར་གནས་པ་འགའ་ཞིག་རྒྱལ་པོ་ལ་སོགས་པས་གཟུང་སྟེ། མཚམས་ཀྱི་ནང་ན་འདུག་ན་ཕོ་ཉ་བཏང་ལ། དགེ་སློང་འདི་བདག་ཅག་གི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་གྱི། ཐོང་ཞིག མ་བཏང་ན་བདག་ཅག་འདི་དང་ལྷན་ཅིག་བྱ་བ་ཆུང་ཞིག་ཡོད་དོ། །ཐོང་ཞིག་ཅེས་བརྗོད་པར་བྱའོ། །དེ་ལྟ་ན་ཡང་མི་གཏོང་ན། དགེ་འདུན་གྱིས་དཀྱིལ་འཁོར་པའི་མཚམས་སུ་གསོ་སྦྱོང་བྱའོ། །ལས་ཐ་དད། བརྩམས་ལ་ཕན་ཚུན་ཕུལ་བས་མཐུན་པ་འགྲུབ། མཚམས་གཅིག་གི་ནང་དུ་ཚོགས་ཐ་དད་པས་ལས་ཐ་དད་པ་མང་པོ་སོ་སོ་ན་བྱེད་ན། འདུན་པ་དང་ཡོངས་སུ་དག་པ་ཕན་ཚུན་འབུལ་བ་དག་གི་དེ་དང་མཐུན་པ་འགྲུབ་བོ། །གློ་བུར་འོང་འབོད། མཚམས་ཀྱི་ནང་ན་དགེ་སློང་དངོས་སུ་འཁོད་པ་ལ་མ་བླངས་པས་ཉེས་པར་འགྱུར་བར་མ་ཟད། མཚམས་ཀྱི་ཕྱི་རོལ་དུ་འོངས་པ་མཐོང་ངམ། འཁར་གསིལ་གྱི་སྒྲ་ཐོས་པའི་སྒོ་ནས་དགེ་སློང་ཞིག་ཡོད་པར་འཕྲིགས་ན། དེའི་འདུན་པ་སོགས་མ་བླངས་ན་ཡང་དགེ་འདུན་གྱིས་ལས་མི་མཐུན་པ་ཉིད་ཀྱིས་ཉེས་པར་འགྱུར་ལ། ངེས་པའམ་འཕྲིགས་པ་དང་ཐ་དད་དུ་འདོད་པས་མ་ལྷགས་ཀྱང་བླའོ་སྙམ་བརྟགས་ཏེ་ལོགས་ཤིག་ཏུ་ལས་བྱེད་ན་དབྱེན་གྱི་ལྷག་མའི་སྦོམ་པོ། དེ་ལྟར་རྟོག་པ་ཉིད་ན་འདི་རུང་ངམ་མི་རུང་སྙམ་པ་ཏེ་ཐེ་ཚོམ་ཟ་བ་དང་། དེ་དག་མེད་པར་བྱར་རུང་ངོ་ཞེས་ངེས་པར་བྱེད་ན་སྦོམ་པོ་འགྱུར་རོ། །དེ་ནི་ལས་ཐམས་ཅད་ཀྱི་དབང་དུ་བྱས་སོ། །བཙལ་བ་དང་། བོད་པ་དང་། མཐོན་པོའི་ཕྱོགས་ནས་བལྟ་བས་མ་རྙེད་ན། མ་ལྷགས་པ་མཚམས་ནང་ན་འཁོད་ཅིང་དེ་དག་གི་འདུན་པ་སོགས་མ་བླངས་སུ་ཟིན་ཀྱང་མཐུན་པ་ཡིན་ནོ། །མྱོས་ལ་གནང་བ་སྦྱིན། དགེ་སློང་མྱོས་པ་མི་མཐུན་པར་བྱེད་པ་ལ་མྱོས་པའི་གནང་བ་སྦྱིན་པར་བྱ་སྟེ། དྲིས་བསྒོ་འདུག་ཅིང་མཐུན་ལ། གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དེ་ལྟར་གནང་བ་སྦྱིན་ནས་མྱོས་པ་དེ་ལས་བྱེད་བཞིན་དུའང་འདུ་ཡང་བཟློག་པར་མི་བྱ། སོང་ཡང་བཟློག་པར་མི་བྱ། མཐུན་པར་མི་གྱུར་ཅེས་འགྱོད་པར་མི་བྱའོ། །ལྟུང་བ་ཅན་རྣམས་ལས་ལ་འཇུག་པའི་སྔོན། བཤགས་བསྡམས་བྱིན་བརླབ། འདི་ལ་ཟླ་བ་ཕྱེད་འདས་པའི་སོ་སོར་བརྟག་པར་བྱའོ། །འདུ་བར་འགྱུར་བ་དེར་ཤེས་པ་ཕྱིར་བཅོས་ཏེ་ཐམས་ཅད་དུ་འདུག་པར་བྱའོ། །ཞེས་པའི་དོན། སོ་སོ་ཐར་པའི་མདོ་འདོན་པའི་ཕྱིར་འདུ་བའི་མདུན་རོལ་འདི་ལ་ཟླ་བ་ཕྱེད་འདས་པའི་ཉེས་པ་བདག་ལ་ཅི་བྱུང་བ་དེ་དག་སོ་སོར་བརྟགས་ལ། ལྟུང་བྱེད་འབའ་ཞིག་པའམ་བཤགས་པར་བྱ་བའི་ཉེས་བྱས་ལས་གང་ཡང་རུང་ཞིག་ཤེས་ན། དེས་མཆིལ་ལྷམ་གཉིས་ཕུད། བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ། དགེ་སློང་ལྟུང་བ་མི་མཐུན་པ་གཅིག་གི་མདུན་དུ་རྒན་པ་ཡིན་ན་ཕྱག་བྱས་ནས་ཙོག་ཙོག་པུར་འདུག་སྟེ། ཐལ་མོ་སྦྱར་བ་བཏུད་དེ་ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ། ལྟུང་བ་འདི་ལྟ་བུ་བྱུང་སྟེ་ནས། མ་མཐོལ་མ་བཤགས་ན་མི་འགྱུར་རོའི་བར་ལན་གསུམ་བཟླས། ལེན་པས་ལྟུང་བ་མཐོང་ངམ་ཞེས་དྲི། འཆགས་པས་མཐོང་ངོ་ཞེས་བརྗོད། ལེན་པས་ཕྱིན་ཆད་སྡོམ་མམ། འཆགས་པས་སྡོམ་མོ་ཞེས་ལན་གསུམ། ལེན་པས་ཐབས་ཡིན་ནོ། །འཆགས་པས་ལེགས་སོ། །དེའི་ཚེ་ལྟུང་བ་ལ་དོགས་པ་དང་ཡིད་གཉིས་ཟ་ན། དེས་དགེ་སློང་མདོ་སྡེ་དང་། འདུལ་བ་དང་། མ་མོ་འཛིན་པ་རྣམས་ལ་དྲིས་ཏེ། དོགས་པ་དང་ཡིད་གཉིས་བསལ་ནས་དགེ་སློང་གི་མདུན་དུ་ཆོས་བཞིན་དུ་ཕྱིར་བཅོས་བྱའོ། །བསྡམ་པར་བྱ་བའི་ཉེས་བྱས་གང་ཡང་རུང་བ་ཞིག་ཤེས་ན་རང་གི་སེམས་ཀྱིས་བསྡམ་པར་བྱའོ། །དགེ་འདུན་ལྷག་མ་དང་། སྦོམ་པོ་དང་། སྤང་ལྟུང་གང་ཡང་རུང་བ་ཞིག་ཤེས་ན། སྔར་བཞིན་ལ། ཚེ་དང་ལྡན་པ་དགོངས་སུ་གསོལ་ནས། སང་ནང་པར་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ་བར་ལན་གསུམ་དུ་བཟླས་པས་སོ། །དགེ་འདུན་ལྟུང་བ་མཐུན། ཡིད་གཉིས་རྩོད་དང་ངེས་ཉིད་མ་ཡིན་ན། །གྲུབ་ནའོ་མིན་ལ་གསོལ་བ་འབའ་ཞིག་པས། །བྱིན་བརླབ། གལ་ཏེ་གསོ་སྦྱོང་གི་དུས་སུ་དགེ་འདུན་ཐམས་ཅད་ཀྱིས་ལྟུང་བ་མཐུན་པ་དང་བཅས་པར་ཤེས་པར་གྱུར་ན། དགེ་སློང་གཅིག་མཚམས་གཞན་གྱི་དགེ་སློང་གི་དྲུང་དུ་བཏང་ལ། དེས་དེར་ལྟུང་བ་དྲན་པ་ཕྱིར་བཅོས་ཏེ་ཕྱིར་འོངས་ནས། དེའི་མདུན་དུ་ཐམས་ཅད་ཀྱིས་ལྟུང་བ་ཤེས་པ་ཕྱིར་བཅོས་ཏེ་གསོ་སྦྱོང་བྱའོ། །གལ་ཏེ་ཆོ་ག་མ་གྲུབ་ན་དགེ་སློང་གཅིག་གིས་གསོལ་བ་འབའ་ཞིག་པའི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་བཞིན་དགེ་འདུན་ཐམས་ཅད་ལྟུང་བ་ལ་ཡིད་གཉིས་དང་བཅས་པར་གྱུར་ན། དགེ་སློང་གཅིག་མཚམས་གཞན་གྱི་དགེ་སློང་མདོ་སྡེ་དང་། འདུལ་བ་དང་། མ་མོ་འཛིན་པ་རྣམས་ཀྱི་དྲུང་དུ་བཏང་སྟེ། དེས་དེར་ལྟུང་བ་ལ་དོགས་པ་དང་ཡིད་གཉིས་བསལ་ཏེ་ཕྱིར་འོངས་ནས། དེའི་མདུན་དུ་ཐམས་ཅད་ཀྱིས་ལྟུང་བ་ལ་ཡིད་གཉིས་དང་བཅས་པར་གྱུར་པ་བསལ་ཏེ་གསོ་སྦྱོང་བྱའོ། །ཆོ་ག་དེ་མ་གྲུབ་ན་དགེ་སློང་གཅིག་གིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དགེ་སློང་གཉུག་མར་གནས་པ་གཅིག་པུ་མ་གཏོགས་པ། དགེ་འདུན་ཐམས་ཅད་ལྟུང་བ་དང་བཅས་པར་གྱུར་ན། དགེ་སློང་དེས་དགེ་སློང་གཏམ་འདྲེས་པ་དང་། ཕེབས་པར་སྨྲ་བ་དང་། སྨོན་འདྲིན་པ་དང་། འགྲོགས་ཤེས་པ་གང་ཡིན་པ་དེའི་དྲུང་དུ་སོང་སྟེ། ཚེ་དང་ལྡན་པ་འདི་དང་འདི་ལྟ་བུ་བྱེད་པ་གང་ཡིན་པ་དེས་ཅིར་འགྱུར། ལྟུང་བ་དང་བཅས་པར་རོ། །འོ་ན་ཚེ་དང་ལྡན་པས་ཀྱང་འདི་དང་འདི་ལྟ་བུ་བྱས་སམ། བྱས་སོ། །འོ་ན་ཚེ་དང་ལྡན་པ་ཡང་ལྟུང་བ་དང་བཅས་པ་ཡང་ཡིན་ནོ། །ཚེ་དང་ལྡན་པ་ཁོ་བོ་གཅིག་པུར་མ་ཟད་ཀྱི། དགེ་འདུན་ཐམས་ཅད་དོན་དེ་དང་ལྡན་པ་ཡིན་ནོ། །ཀྱེ་ཚེ་དང་ལྡན་པ་ཇེ་ཁྱོད་རང་གི་ལྟུང་བ་ཆོས་བཞིན་དུ་ཕྱིར་གྱིས་ཤིག དགེ་འདུན་ཐམས་ཅད་ཀྱིས་ཁྱོད་ལ་ཅིར་འགྱུར་ཞེས་བྱ་ལ། དེས་ལྟུང་བ་འཆགས་པའི་འོག་ཏུ། དེས་དེའི་མཛའ་བཤེས་དང་མཐར་གྱིས་ཐམས་ཅད་ལྟུང་བ་འཆགས་པར་འགྱུར་བ་དེ་ལྟར་གླེང་བ་དང་དྲན་པར་བྱའོ། །འདི་ལ་མི་འདོད་པ་དེ་ལ་གླེང་བར་མི་བྱའོ། །གལ་ཏེ་ད་ལྟར་གྲུབ་ན་ལེགས། མ་གྲུབ་ཅིང་དགེ་འདུན་ཐམས་ཅད་ལྟུང་བའི་ཕྱིར་རྩོད་པ་གྱུར་ན། གཅིག་གིས་གསོལ་བ་འབའ་ཞིག་པའི་ལས་ཀྱིས་བྱིན་གྱིས་བརླབ་བོ། །ཡང་དགེ་སློང་གློ་བུར་དུ་འོངས་པ་མ་གཏོགས་པ། དགེ་འདུན་ཐམས་ཅད་ནི་ལྟུང་བ་དང་བཅས་པར་གྱུར་ན། དགེ་སློང་གློ་བུར་དུ་འོངས་པ་དེས། སྔར་བཞིན་དགེ་སློང་གཞན་དག་ཀྱང་ལྟུང་བ་འཆགས་པར་འགྱུར་བ་དེ་ལྟར་གླེང་བ་དང་དྲན་པར་བྱའོ། །གལ་ཏེ་གྲུབ་པ་དེ་ལྟ་ན་ལེགས། ཅི་སྟེ་མི་གྲུབ་ཅིང་དགེ་འདུན་ཐམས་ཅད་ལྟུང་བ་ལ་ངེས་པ་ཉིད་མ་ཡིན་པར་གྱུར་ན། དགེ་སློང་གཅིག་གིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །ལས་ཞུགས་དྲན་དང་ཡིད་གཉིས་ཟ། །གཞན་གྱི་དྲུང་ན་མོ་དང་ལས་བྱེད་ཡིད། །དགེ་སློང་གི་དགེ་འདུན་གྱི་ནང་དུ་ལྟུང་བ་དྲན་ན་དེས་ལྟུང་བ་དེ་དགེ་སློང་དྲུང་ན་མོ་ལ་བྱིན་གྱིས་བརླབ་པའི་ཆོ་ག་བྱའོ། །ཡང་དགེ་འདུན་གྱི་ནང་དུ་ལྟུང་བ་ལ་ཡིད་གཉིས་དང་བཅས་པར་གྱུར་ན་ཡང་དྲུང་ན་མོ་ལ་བྱིན་གྱིས་བརླབ་པར་བྱའོ། །དགེ་སློང་ལས་བྱེད་པས་དགེ་འདུན་གྱི་ནང་དུ་ལྟུང་བ་དྲན་ན། དེས་ལྟུང་བ་དེ་རང་གི་སེམས་ཀྱིས་བྱིན་གྱིས་བརླབ་པའི་ཆོ་ག་བྱའོ། །དེ་བཞིན་དུ་ལས་བྱེད་པས་དགེ་འདུན་གྱི་ནང་དུ་ལྟུང་བ་ལ་ཡིད་གཉིས་དང་བཅས་པར་གྱུར་ན། ཡང་རང་གི་སེམས་ཀྱིས་བྱིན་གྱིས་བརླབ་པའི་ཆོ་ག་བྱའོ། །ཞི་གནས་མཐུན་པའི་གསོ་སྦྱོང་། གསོ་སྦྱོང་ཞེས་བྱ་བ་ནི། བསླབ་པ་གསུམ་པོ་དག་གསོ་ཞིང་སྦྱོང་བར་བྱེད་པ་སྟེ། དེ་ལ་ཡང་རྣམ་པ་གཉིས་ཏེ། ཞི་གནས་ཀྱི་གསོ་སྦྱོང་དང་། མཐུན་པའི་གསོ་སྦྱོང་ངོ་། །དེ་ལ་མཐུན་པའི་གསོ་སྦྱོང་ནི། ལྷག་པ་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། གནས་དང་། ཚོགས་པ་དང་། ཚོགས་མཐུན་པའོ། ཞི་གནས་ཀྱི་གསོ་སྦྱོང་ནི། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱི་དབང་དུ་བྱས་ཏེ་སྤོང་བའི་ཡན་ལག་བསྒོམ་པའོ། །དེ་ཡང་ལས་ཕྱི་མ་རྣམས་ནི་མི་བྱ་བའི་ཆུ་ལོན་གྱིས་བསྡམས་པ་ཡིན་པས། དེ་ནི་མཐུན་པའི་གསོ་སྦྱོང་གིས་སྡོམ་པར་བྱེད་དོ། །ལམ་སྔ་མ་རྣམས་ནི་བསྒོམ་པས་རྣམ་པར་སྦྱང་བ་ཡིན་པས། དེ་ནི་ཞི་གནས་ཀྱི་གསོ་སྦྱོང་གིས་སྡོམ་པར་བྱེད་དོ། །དེས་ན་ལྷག་པའི་ཚུལ་ཁྲིམས་ལ་བརྟེན་ཏེ་ལྷག་པའི་སེམས་སྐྱེ། ལྷག་པའི་སེམས་ལ་བརྟེན་ཏེ་ལྷག་པའི་ཤེས་རབ་སྐྱེ་བས་བསླབ་པ་གསུམ་པོ་དག་གསོ་ཞིང་སྦྱོང་བ་ནི་མཐུན་པའི་གསོ་སྦྱོང་དང་། ཞི་གནས་ཀྱི་གསོ་སྦྱོང་ཡིན་པར་ཤེས་པར་བྱའོ། །ཞི་གནས་ཀྱི་དབང་དུ་མཛད་ནས་ཏིང་ངེ་འཛིན་ལས་བསླང་བར་མི་བྱའོ། །གདམས་ངག་མེད་པར་བསྒོམ་པར་མི་བྱའོ། །ཞེས་པ་ལ་སོགས་པ་གསུངས་པའི་དོན། དགེ་སློང་ཉིན་མོ་འདུག་པ་དང་། འཆག་པ་དང་། མཚན་མོ་ཉལ་བ་དག་གིས་སྒྲིབ་པར་གྱུར་པའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་ཅིང་། དབང་པོ་རྣམས་ནང་དུ་བསྡུས་པ་ཡིད་ཕྱི་རོལ་དུ་མ་སོང་བར་ཞི་གནས་དང་ལྷག་མཐོང་ལ་གཞོལ་ཞིང་བསླབ་པའོ། །ཕྱི་མར་ལྔ། མཐུན་པའི་གསོ་སྦྱོང་ནི་རྣམ་པ་ལྔ་སྟེ། བཅུ་བཞི་པ་དང་། བཅོ་ལྔ་པ་དང་། བཀྲ་ཤིས་ཀྱི་གསོ་སྦྱོང་དང་། གནོད་པ་བྱུང་བའི་གསོ་སྦྱོང་དང་། བསྡུམ་པའི་གསོ་སྦྱོང་ངོ་། །དེ་ལས་གསོ་སྦྱོང་བཅུ་བཞི་པ་དང་བཅོ་ལྔ་པའི་དབང་དུ་མཛད་ནས་གསོ་སྦྱོང་བྱའོ། །ཟླ་བ་ཕྱེད་ཕྱེད་ཀྱི་ཚེས་བཅོ་ལྔ་ལའོ། །སོ་སོ་ཐར་པའི་མདོ་འདོན་པས་སོ། །དགག་དབྱེ་བྱས་ན་འདི་མ་གྲུབ་པ་ཉིད་མ་ཡིན་ནོ། །ཞེས་གསུངས་པའི་དུས་ཚིགས་དྲུག་པོ་དག་གི་ཟླ་བ་བཅུ་གཉིས་ལ་གསོ་སྦྱོང་ཉི་ཤུ་རྩ་བཞི་དགོས་པ་ལས། དྲུག་ནི་གསོ་སྦྱོང་བཅུ་བཞི་པ་ཡིན་ལ། བཅུ་བདུན་ནི་གསོ་སྦྱོང་བཅོ་ལྔ་པ་ཡིན་ཏེ། ལྷག་མ་གཅིག་ནི་དགག་དབྱེ་བྱས་ན་འདི་མ་གྲུབ་པ་ཉིད་མ་ཡིན་པས་དགག་དབྱེར་ཟད་དོ། །ར་བ་ཐ་ཆུང་འབྲིང་གཉིས་གནམ་སྟོང་ནི། །ཞག་མི་ཐུབ་པས་གསོ་སྦྱོང་བཅུ་བཞི་པ། །ལྷག་མ་བཅོ་ལྔ་པར་བཞག དབྱར་གསུམ་དང་དགུན་ཟླ་གསུམ་གྱི་ནི་ར་བ་དང་། ཐ་ཆུང་མར་གྱི་ངོས་བཅོ་ལྔ་མི་ཐུབ་པས། ར་བ་དང་ཐ་ཆུང་གི་གནམ་སྟོང་བཞི་གསོ་སྦྱོང་བཅུ་བཞི་པ་ཡིན་ལ། སྟོན་ཟླ་གསུམ་དང་དཔྱིད་ཟླ་གསུམ་གྱི་ནི་འབྲིང་པོ་མར་གྱི་ངོས་བཅོ་ལྔ་མི་ཐུབ་པས། འབྲིང་པོའི་གནམ་སྟོང་གཉིས་གསོ་སྦྱོང་བཅུ་བཞི་པ་ཡིན་ནོ། །ལྷག་མ་བཅུ་བདུན་ནི་གསོ་སྦྱོང་བཅོ་ལྔ་པ་ཡིན་ནོ། །ཟླ་བའི་ཤོལ། རྒྱལ་པོ་རྒྱུ་སྐར་མཁན་རྗེས་ཚེས་གྲངས་ནི། །སྤོ་བས་བགྲང་ཞིང་མ་འཆམ་གང་མང་བཙན། །ཟླ་བའི་ཤོལ་ནི་རྒྱལ་པོའི་རྗེས་སུ་འབྲང་བས་དོར་རོ། །རྒྱུ་སྐར་ནི་སྐར་མཁན་གྱི་རྗེས་སུ་འབྲང་བས་ཤེས་པར་བྱའོ། །དགེ་འདུན་གྱི་གནས་བརྟན་གྱིས་ཟླ་བ་ངོ་རེ་བཞིན་སྨྱིག་མའི་ཐུར་མ་བཅོ་ལྔ་སྐུད་པ་ལ་བརྒྱུས་པ་ཉིན་རེ་རེ་བགྲང་ཞིང་། དགེ་སྐོས་ཀྱིས་གནས་བརྟན་ལ་བརྟགས་ཏེ་དགེ་འདུན་ལ་ཉི་མ་རེ་རེ་བཞིན་བརྗོད་པར་བྱའོ། །གལ་ཏེ་གཉུག་མར་གནས་པའི་ཚེས་བཅོ་ལྔ་ཡིན་ལ། བློ་བུར་ལྷགས་པའི་ཚེས་བཅུ་བཞི་ཡིན་ན་དགེ་སློང་གང་མང་ཤོས་ཀྱི་རྗེས་སུ་འབྲང་ལ། གྲངས་མཉམ་ཡིན་ན་གཉུག་མར་གནས་པ་བཙན་པར་བྱའོ། །དུས་བཟང་ཀུན་ལ་རྒྱུད་ཆགས་གསུམ་པ་དང་། ཚེས་བརྒྱད་དང་། བཅུ་བཞི་དང་། བཅོ་ལྔ་ལ་དགེ་སློང་རྣམས་གཅིག་ཏུ་འདུས་ཏེ། ཆོས་སྨྲ་བ་དང་རྒྱུད་ཆགས་གསུམ་པ་བྱའོ། །ཟླ་ཕྱེད་སེང་གེའི་ཁྲིར་འཁོད་གནས་བརྟན་གྱིས། །སོ་ཐར་མདོ་ཡི་དང་པོར་བྱ་སྟོན་ནས། །གསོལ་བ་འཛིན་འཇུག་འདོན་པ་ལྔ་ལས་གང་། །བརྩམས་པ་སྡེ་ཚན་རྫོགས་པ་མ་འཁྲུལ་འདོན། །འཇིགས་ལམ་སྡོད་དུ་མི་བཏུབ་འགྲོ་བཞིན་ཀློག །སོ་སོ་ཐར་པའི་མདོ་འདོན་པ་ནི་དགེ་འདུན་གྱི་གནས་བརྟན་གྱི་ལས་ཡིན་ནོ། །དེས་མི་ནུས་པ་ཉིད་ཡིན་ན་གཉིས་པའི་ལས་ཡིན་ནོ། །དེས་ཀྱང་མི་ནུས་པ་ཉིད་ཡིན་ན་གསུམ་པའི་ལས་ཡིན་ནོ། །དེས་ཀྱང་མི་ནུས་པ་ཉིད་ཡིན་ན་ཐམས་ཅད་ཀྱིས་རེ་མོས་ཀྱི་གདོན་པར་བྱའོ། །རེས་བབ་པའི་ཚེ་དེས་འདོན་མི་ནུས་ན་གཞན་ལ་བཅོལ་བར་བྱའོ། དེ་ལ་བཏུབ་ན་དགེ་འདུན་གྱིས་དེ་ལ་བཅོལ་བར་བྱའོ། །འདོན་པ་དེ་དག་གིས་ཚིག་ཕྱེད་ཀྱང་མ་འཁྲུལ་བར་ལེགས་པར་ཐོན་པ་ཉིད་ཡིན་ན་གདོན་གྱི། གཞན་དུ་མི་ཆགས་སོ། །འདོན་པའི་ཚེ་རྡུགས་ན་ལྷག་མ་གཞན་གྱིས་གདོན་པར་བྱའོ། །དུམ་བུ་འཛིན་པ་ཉིད་ཡིན་ན། ཇི་སྙེད་ཀྱིས་གཞུང་སྲོང་བ་དེ་སྙེད་ཀྱི་ཆེད་དུ་བཅད་དེ་གདོན་པར་བྱའོ། །འདོན་པར་བྱེད་པས་སེང་གེའི་ཁྲི་ལ་འཁོད་ནས་སོ་སོ་ཐར་པའི་མདོའི་བསྟོད་ར་དང་དུས་དང་པོར་བྱ་བ་དག་སྟོན་ནས། དེའི་འོག་ཏུ་གསལ་བ་དང་རྣམ་པར་གཞག་པ་འཛིན་དུ་འཇུག་པར་བྱ་ཞིང་། དེ་ནས་སོ་སོ་ཐར་པའི་མདོ་འདོན་པ་རྣམ་པ་ལྔ་པོ། གླེང་གཞི་འདོན་པ་དང་། ཕམ་པར་གྱུར་པ་གདོན་པ་དང་། དགེ་འདུན་ལྷག་མ་གདོན་པ་དང་། མ་ངེས་པ་གདོན་པ་དང་། རིལ་གྱིས་གདོན་པ་དག་གདོན་པར་བྱའོ། །དེ་ལ་གླེང་གཞི་གདོན་པ་ནི། རྫོགས་པ་ཁོ་ནར་མི་གདོན་དུ་མི་རུང་ངོ་། གླེང་གཞི་བཏོན་ནས་ལྷག་མ་རྣམས་ནི་ཐོས་པ་བསྒྲགས་པ་བསྒྲུབ་ཏུ་རུང་ངོ་། །དེ་ཡང་གླེང་གཞི་བཏོན་ནས་ཕམ་པར་འགྱུར་བ་གདོན་པར་བརྩམ་ན་ཕམ་པར་འགྱུར་བའི་སྡེ་ཚན་རྫོགས་པར་གདོན་དགོས་སོ། །ཕམ་པར་འགྱུར་བ་བཏོན་ནས་གདོན་དགོས་ཏེ། ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དང་། མ་ངེས་པ་ཡན་ཆད་ཀྱི་སྡེ་ཚན་ནི་གདོན་པར་མགོ་བརྩམ་ན་གང་བརྩམས་པའི་སྡེ་ཚན་དེ་ཉིད་རྫོགས་པར་བྱ་དགོས་སོ། །སྤང་བའི་ལྟུང་བྱེད་མན་ཆད་ཀྱི་སྡེ་ཚན་ནི་གདོན་པར་མགོ་བརྩམ་ན་ལྷག་མ་སོ་སོ་ཐར་པའི་གཞུང་ཐམས་ཅད་རྫོགས་པར་གདོན་དགོས་ཏེ། རིལ་གྱིས་གདོན་པ་ཞེས་བྱ་བ་ཡང་དེ་ཡིན་ནོ། །མགོ་བརྩམ་པའི་སྡེ་ཚན་རྫོགས་པར་བྱ་དགོས་པ་དེ་དང་མ་རྫོགས་ན་མི་ཆགས་སོ། །འཇིགས་པ་དང་བཅས་པ་ཉིད་དུ་འགྲོན་ལ་འགྲོ་ལ་འགྲོན་ལ་དོན་མཐུན་པ་དག་སྡོད་དུ་མི་བཏུབ་ན་འགྲོ་བཞིན་དུ་གདོན་པར་བྱའི། འདིའི་ལས་ནི་འདུག་པ་ཉིད་ཀྱིས་བྱའོ་ཞེས་གསུངས་པ་ལས་དམིགས་ཀྱིས་བསལ་བ་ཡིན་ནོ། །དེར་སྒྲ་མི་འདོད་ན་མདོར་བསྡུས་ཏེ་འདོན་ནོ། །དེ་ཙམ་ཡང་མི་འདོད་ན་བྱིན་གྱིས་བརླབ་པར་བྱའོ། །ཆོས་མ་ཡིན་པས་གདོན་ན་མི་ཆགས་ཏེ། གདོན་པར་བྱ་བ་དང་། དེའི་ཚད་དང་། དུས་དང་། འདོན་པར་བྱེད་པ་རྣམས་དེ་ཁོ་ན་བཞིན་ཉེ་བར་མ་གཟུང་བ་ནི་འདིར་ཆོས་མ་ཡིན་པའོ། །གདོན་པར་བྱ་བ་དེ་ཁོ་ན་བཞིན་ཉེ་བར་མ་གཟུང་བ་ནི་སོ་སོ་ཐར་པའི་མདོ་ལས་གཞན་པ་ཕྲན་ཚེགས་ལ་སོགས་པ་འདོན་པའོ། །དེའི་ཚེ་དེ་ཁོ་ན་བཞིན་ཉེ་བར་མ་གཟུང་བ་ནི་གླེང་གཞི་མི་འདོན་ཅིང་ལྷག་མ་རྣམས་ཀྱང་ཐོས་པར་བསྒྲགས་པས་སྒྲུབ་པར་མི་བྱེད་པའོ། །དེའི་དུས་དེ་ཁོ་ན་བཞིན་ཉེ་བར་མ་གཟུང་བ་ནི་གསོ་སྦྱོང་གི་དུས་ལས་གཞན་པའི་དུས་སུ་འདོན་པའོ། །འདོན་པར་བྱེད་པ་དེ་ཁོ་ན་བཞིན་ཉེ་བར་མ་གཟུང་བ་ནི་གང་ཟག་བསྙེན་པར་རྫོགས་པ་དང་། མཚན་དང་ལྡན་པ་དང་། ཚུལ་ཁྲིམས་དང་མཐུན་པ་དག་ལས་གཞན་པས་འདོན་པའོ། །གལ་ཏེ་དགེ་སློང་དག་ཕྱིས་ལྷགས་པར་གྱུར་ན། དེ་དག་གི་དོན་དུ་དགེ་སློང་སྔ་མ་གསོ་སྦྱོང་དང་དགག་དབྱེ་བྱས་ཟིན་པ་རྣམས་ཀྱིས་ཡང་གསོ་སྦྱོང་དང་དགག་དབྱེ་དེ་གཉིས་བྱར་རུང་བའོ། །དགེ་སློང་སྔ་མ་རྣམས་ཀྱིས་དེ་གཉིས་ལེགས་པར་བྱས་པ་ཡིན་ན་ཅི་དགར་འཇུག་ལ། མི་མཐུན་པ་ཉིད་ལ་སོགས་པའི་ཉེས་པ་ཡོད་ན་དགེ་འདུན་ལ་ཚོགས་པ་གསོལ་ནས་འཇུག་པར་བྱའོ། །ཚོགས་པ་བྱིན་པའི་ཚེ་གསོ་སྦྱོང་བྱས་ཟིན་པའི་གནས་དེ་ནས་བྱས་པ་དེ་དག་ལས་འགའ་ཡང་མི་འགྲོ་བར་སྦྱིན་པའི་ཕྱིར་དེ་དག་གནས་དེ་ཉིད་དུ་ངེས་པར་སྡོད་དགོས། མ་ཐོབ་ན་མཚམས་གཞན་དུ་འདུག་ནས་དེ་གཉིས་བྱའོ། །དགེ་འདུན་སྔ་མས་གསོ་སྦྱོང་བྱེད་པའི་སོ་སོ་ཐར་པའི་མདོ་བཏོན་པ་ལ་མ་སླེབ་པས་ཉམས་སུ་མ་མྱོང་ཀྱང་། དེའི་ལྷག་མ་འདོན་པའི་འཕྲོ་ཙམ་ཉམས་སུ་མྱོང་ན་གསོ་སྦྱོང་འགྲུབ་ཅིང་། དེ་བཞིན་དུ་རྒན་རབས་ཀྱིས་དགག་དབྱེ་ལ་མ་སླེབ་ཀྱང་ལྷག་མ་ཉམས་སུ་མྱོང་ན་དགག་དབྱེ་འགྲུབ་བོ། །སོ་ཐར་གྱི་མདོ་ཐོན་པ་མེད་ན་གསོ་སྦྱོང་གི་ཚེ་དེར་མི་བསྡད། གསོ་སྦྱོང་བྱེད་པའི་ཚེ་ཆོས་དང་ལྡན་པའི་རྐྱེན་མིན་པར་གཞན་དུ་མི་འགྲོའོ། །དད་པ་ཅན་དང་གཙོ་བོ་དག་དགའ་བར་འགྱུར་བར་ལྟ་ན། དེ་དག་གི་དྲུང་དུ་དགེ་སློང་གི་ཆོ་ག་རྗེས་སུ་བསྒྲགས་པ་ལ་ཁ་ན་མ་ཐོ་བ་མེད་ཅིང་། གསོ་སྦྱོང་བྱེད་པར་ཡང་གནང་ངོ་། །ཕོངས་པའི་ཚེ་ཁྱིམ་པའི་དྲུང་དུ་བཤགས་པ་ཡང་རུང་ངོ་། །མ་ཚང་གསོ་སྦྱོང་བྱིན་བརླབ་བྱ་བར་གསུངས། །གནས་གང་ན་དགེ་སློང་གཅིག་གནས་པ་དེས་གཙུག་ལག་ཁང་ཆག་ཆག་གདབ་པར་བྱ། ཕྱག་བདར་བྱ། བ་ལང་གི་ལྕི་བ་གསར་པའི་བྱུག་པས་བྱུག་པར་བྱ། སེང་གེའི་ཁྲི་བཤམ་པར་བྱ། སྟན་བཤམ་པར་བྱ། མར་མེ་གཟུག་པར་བྱ། ཆོས་གཉན་པ་སྦྱིན་པར་བྱའོ། །དེའི་འོག་ཏུ་ཕྱོགས་ཆེས་མཐོན་པོར་འདུག་སྟེ་ཕྱོགས་བཞིར་བལྟ་བར་བྱའོ། དེར་དགེ་སློང་ཡོངས་སུ་དག་པ་ལ་ལ་དག་འོང་ན་འདི་སྐད་ཅེས། ཀྱེ་ཚེ་དང་ལྡན་པ་དག་མྱུར་དུ་མྱུར་བ་ཤོག་ཅིག དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ཡིན་ནོ། ཞེས་བརྗོད་པར་བྱ་ཞིང་། དེ་དག་དང་ལྷན་ཅིག་འདུག་སྟེ། གསོ་སྦྱོང་བྱའོ། །གལ་ཏེ་གྲུབ་ན་དེ་ལྟ་ན་ལེགས། ཅི་སྟེ་མ་གྲུབ་ན་དེས་རང་གི་སྟན་ལ་འདུག་སྟེ། འབའ་ཞིག་པ་བྱིན་གྱིས་བརླབ་པའི་སྔགས་ལན་གསུམ་དུ་བཟླའོ། །གང་ན་དགེ་སློང་གཉིས་འཁོད་པ་དེར་ནི་རིམ་པ་དེ་བཞིན་དུ་བྱ་ཞིང་། དུས་ཀྱི་བར་དུ་བསྡད་དེ་མ་གྲུབ་ན་གཅིག་གིས་གཅིག་གི་མདུན་དུ་འདུག་སྟེ་བྱིན་གྱིས་བརླབ་པའོ། །གང་ལ་དགེ་སློང་གསུམ་འཁོད་པ་དེར་ནི་རིམ་པ་དེ་བཞིན་དུ་བྱ་ཞིང་། དུས་ཀྱི་བར་དུ་བསྡད་དེ་མ་གྲུབ་ན་རྒན་རིམ་བཞིན་གྲལ་དུ་འཁོད་དེ་རིམ་གྱིས་བྱིན་གྱིས་བརླབ་པའི་སྔགས་བརྗོད་པར་བྱའོ། །གང་དུ་བཀྲ་མི་ཤིས་པ་དག་འབྱུང་བ་མཐོང་ན་བཀྲ་ཤིས་པར་བསྒྲུབ་པའི་ཕྱིར་གསོ་སྦྱོང་བྱ་བ་དང་། རིམས་ལ་སོགས་པའི་གནོད་པ་ཞི་བར་བྱ་བའི་ཕྱིར་གསོ་སྦྱོང་བྱ་བ་དང་། དགེ་འདུན་བྱེ་བ་རྣམས་ཀྱི་མཐུན་པར་བསྒྲུབ་པའི་ཕྱིར་གསོ་སྦྱོང་བྱ་བ་རིམ་པ་བཞིན་བཀྲ་ཤིས་པ་དང་། གནོད་པ་བཟློག་པ་དང་། བསྡུམས་པའི་གསོ་སྦྱོང་ངོ་།། །། གཉིས་པ་ཚུལ་རྣམ་པར་དག་པར་བྱ་བའི་ཕྱིར་དབྱར་གནས་ནི། གླེང་གཞི། སྟོན་པ་མཉན་ཡོད་ནའོ། །དེའི་དགེ་སློང་རྣམས་དབྱར་གྱི་ནང་དུ་ལྗོངས་རྒྱུ་རུ་སོང་། མུ་སྟེགས་རྣམས་ན་རེ། ཤཱཀྱའི་བུ་འདི་དག་ནི་སྲོག་གཅོད་པ་ལས་མ་ལོག་པ་སྟེ། དབྱར་གྱི་ནང་དུ་ལོགས་སུ་སོང་བས་སྲོག་ཆགས་ཕྲ་མོ་མང་པོ་བརྫིས་ནས་སྲོག་དང་བྲལ་བར་བྱས་སོ། །བྱིའུ་ཁུག་རྟ་ཡང་དབྱར་ཟླ་བ་བཞི་རང་གི་ཚང་ན་ཞུམ་ཞུམ་པར་བགུམས་ཏེ་འདུག་ན། མགོ་རེག་འདི་དག་ས་ལེན་པ་ཙམ་ཡང་མི་ཤེས་ནས་སུ་ཞིག་འདི་དག་ལ་བསོད་སྙོམས་སྦྱིན་པར་བྱེད་ཅེས་སྨོད་འཕྱ་ཁ་ཟེར་བ་དེ་གསོལ་པས། རྗེས་སུ་གནང་སྟེ། དགེ་སློང་གིས་དབྱར་གནས་པར་ཁས་བླང་བར་བྱའོ། །ཇི་ལྟར་ཁས་བླང་བ་མ་ཤེས་ནས་གསོལ་པས། ཟླ་བ་གསུམ་དུའོ། །རི་བོ་ཞིག་གི་གཙུག་ལག་ཁང་ཞིག་ན། དགེ་སློང་རྣམས་དབྱར་གནས་པར་ཁས་བླངས་པ་ལས། དབྱར་ནང་དུ་འཇིགས་པ་བྱུང་ནས་དགག་དབྱེ་མ་བྱས་པར་མཉན་ཡོད་དུ་སོང་བ་དང་། གནས་མལ་སྐོས་ཤིག དེ་རྣམས་ཀྱིས་དབྱར་ནང་ཡིན་སྙམ་མ་བསྐོས་པ་དང་། དེ་རྣམས་འཕྱ་སྟེ་སྟོན་པ་བཞུགས་བཞིན་དུ་བསྟན་པ་ནུབ་པར་བྱེད་དོ། །འགྱེད་པ་ཡོད་ན་གནས་མལ་བྱིན་ཅིག་ཟེར་ཡང་མ་བསྐོས་པ་དེ་གསོལ་པས། རྗེས་སུ་གནང་སྟེ། འཇིགས་པས་རལ་པའི་དགེ་སློང་རྣམས་དབྱར་གཉིས་པ་དམ་བཅའ་འོ། །ཞེས་སོ། །ཟླ་ཕྱེད་སྦྱིན་བདག་ཞལ་ཏ་སྤྱོད་ཡུལ་གྲོང་། །བསོད་སྙོམས་ནད་གཡོག་གནས་ཀྱི་བླ་མ་ཡོད། །འཐབ་ཀྲོལ་ཅན་མེད་མི་འབྱུང་། གང་གི་བསོད་སྙོམས་དང་། ན་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་སྦྱོར་བའི་སྦྱིན་བདག་དང་། གཞན་སྡུག་བསྔལ་དང་ཡིད་མི་བདེ་བ་མི་སྐྱེད་པ་ཉིད་དང་། སྐྱེས་པ་སེལ་བ་དང་། བདེ་བ་དང་ཡིད་བདེ་བ་སྐྱེད་པ་དག རྗེས་སུ་བསྲུང་བའི་ཚངས་པ་མཚུངས་པར་སྤྱོད་པ་ཡུལ་ལས་བྱུང་བའི་ཞལ་ཏ་བ་དང་། གང་ལས་བསོད་སྙོམས་ལ་སོགས་ཐོབ་པར་འགྱུར་བའི་སྤྱོད་ཡུལ་གྱི་གྲོང་དང་། ན་བར་གྱུར་ན་ནད་གཡོག་ཚངས་པ་མཚུངས་པར་སྤྱོད་པའི་ནང་ནས་འབྱུང་བའམ། གནས་པ་ལ་གནས་ཀྱི་བླ་མ་ཡོད་པ། འཐབ་ཀྲོལ་ཅན་སྔར་མེད་ཅིང་ཕྱིས་མི་འབྱུང་བ་དེར་གནས་པར་ཁས་བླང་གི དེ་དག་ཐམས་ཅད་མེད་ན་ཁས་མི་བླང་ངོ་། །དེར་གནས་ཁང་། བྱི་དོར་གནས་མལ་ཁྲིའུ་ཆོལ་ཟངས་བྱས། ཉི་མ་སྔ་མ་ལ་གནས་མལ་བསྒོ་བའི་ཕྱིར་སྟ་གོན་བྱ་སྟེ། གནས་མལ་ཞེས་བྱ་བ་ནི། ཤིང་དྲུང་དང་། ཁང་པ་དང་། སྔ་ཁང་དང་། ཁང་པ་བརྩེགས་པ་དང་། བསིལ་ཁང་དང་། སབ་མོས་བསྐོར་བའོ། །བ་གམ་དང་། ཁང་བཟང་དང་། སྒོ་ཁང་གི་སྟེང་གི་བསིལ་ཁང་དང་། སྟེང་གི་ཡོལ་ཁང་དང་། ཡོལ་ཁང་དང་། སྤང་ལེབ་ཁང་དང་། ས་ཕུག་དང་། བྲག་ཕུག་དང་། རི་ཕུག་དང་། རྩྭའི་སྤྱིལ་བུ་དང་། ལོ་མའི་སྤྱིལ་བུ་དང་། འཆག་སར་བྱས་པ་དང་། འཆག་སར་མ་བྱས་པ་དང་། བྱ་སྐྱིབས་སུ་བྱས་པ་དང་། བྱ་སྐྱིབས་སུ་མ་བྱས་པ་དང་། དེ་ལྟ་བུ་ལ་སོགས་པ་དགེ་འདུན་ལས་བྱུང་བ་དང་། གང་ཟག་གང་ལས་བྱུང་བའི་གནས་ཀྱི་རྣམ་པ་ཐམས་ཅད་སྤྱིར་བསྡུའོ། །མལ་སྟན་ཞེས་བྱ་ནི། ཁྲི་དང་། སྟན་དང་། སྟན་ནང་ཚངས་ཅན་དང་། ཕྱག་དར་ཁྲོད་དང་། དར་དང་། སྣམ་བུ་དང་། བེའུ་རས་དང་། དར་དང་། མོན་དར་དང་། བེའུ་རས་ཡུག་ཆེན་དང་། བེའུ་རས་དམར་པོ་དང་། བེའུ་ཕྲུག་དང་། ལ་དམར་དང་། ཡུལ་ཀ་ཤི་ཀའི་རས་ཕྲན་དང་། ཁ་དོག་རན་པ་དང་། ཁ་དོག་ངན་པ་དང་། བལ་གོས་དང་། ཤ་ནའི་རས་དང་། ཟར་མའི་རས་དང་། རས་གོས་དང་། དུ་གུ་ལའི་རས་དང་། ཀོ་ཏམ་པའི་རས་དང་། ཉི་འོག་གི་གོས་དང་། དེ་ལྟ་བུ་ལ་སོགས་པ་དགེ་འདུན་ལས་བྱུང་བ་དང་། གང་ཟག་ལས་བྱུང་བའི་གོས་དང་། མལ་ཆ་ཡན་ཆད་རྣམས་སོ། །ཁྲིའུ་དང་ཆོལ་ཟངས་ཚུན་ཆད་དེའི་ཉིན་མོ་བདོག་པར་བྱའོ། །སྟོབས་སྤྲོ་གཅིག་གམ་དུ་མ་བསྐོས་ནས་དབྱར། །འབྲིང་པོའི་ཉ་ཉིན་ཁྲིམས་སུ་བྱ་བ་བརྗོད། །གནས་མལ་དེ་སྟོབ་པའི་དགེ་སློང་སྤྲོ་བ་བྱས་ནས། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །གང་ཟག་གཅིག་གིས་དགེ་འདུན་ལ་གནས་མལ་སྟོབ་པར་མི་ནུས་ན། དགེ་སློང་དུ་མ་བསྐོ་བར་བྱའོ། །བསྐོས་པ་དེའི་འོག་ཏུ་དེས་དྲི་དག་གིས་བསྐུས་པའི་ཚུལ་ཤིང་གཟེབ་ཀྱི་པྲོག་མར་རས་དཀར་པོ་བཏིང་བས་དཀྲིས་པ་དག་རྒན་རིམ་དུ་བཞག་ནས། ཚེ་དང་ལྡན་པ་དག་གནས་འདི་ན་ཁྲིམས་སུ་བྱ་བ་འདི་དག་ཡོད་དེ། ཁྱེད་ཅག་ལས་གང་ཁྲིམས་སུ་བྱ་བ་འདི་དང་འདིས་གནས་འདིར་གནས་པར་སྤྲོ་བ་དེས་ནི་ཚུལ་ཤིང་ལོངས་ཤིག ཁྱེད་ཅག་ལས་སུས་ཀྱང་དབྱར་དགེ་འདུན་གྱི་ནང་དུ་འཁྲུག་ལོང་བསྐྱེད་པར་མི་བྱའོ། །ཁྱེད་ཅག་ལས་གང་གི་འགའ་ཞིག་ལ་ཅུང་ཟད་ཤེས་པ་དེས་ད་སྨྲོས་ཤིག ཁྱེད་ཅག་ལས་གང་དབྱར་གྱི་ནང་དུ་དགེ་འདུན་ལ་འཁྲུག་ལོང་བསྐྱེད་པར་འགྱུར་བ་དེ་ལ། དགེ་འདུན་གྱི་ཕྱིར་ཉེ་བར་བསྟན་པར་དགོངས་སོ། །ཞེས་དགེ་སློང་རྣམས་ལ་བསྒོ་བར་བྱའོ། །ལས་བྱེད་པས་གསོལ་བྲིམས་པ་གོ་བར་བྱ། དེའི་འོག་ཏུ་གནས་མལ་སྟོབ་པ་དེ་ལས་གཞན་པའི་དགེ་སློང་ལས་བྱེད་པ་གཅིག་གིས་དགེ་འདུན་གྱི་ཚུལ་ཤིང་བླང་བ་དང་། དབྱར་གནས་པར་ཁས་བླང་བའི་ཕྱིར་དོན་དེ་གཉིས་གསོལ་བ་འབའ་ཞིག་པའི་ལས་གཅིག་གིས་ཅིག་ཅར་གོ་བར་བྱའོ། །དེ་བྱས་མ་ཐག་ཁོ་ན་ཚུལ་ཤིང་བྲིམས་ཤིང་། སྟོན་པ་བཅོམ་ལྡན་འདས་ཀྱི་ཚུལ་ཤིང་དང་པོར་བླང་། སྟོན་པའི་ཚུལ་ཤིང་ལེན་པ་ལས་གཞན་པ་དགེ་སློང་གི་རང་རང་གི་སྟན་ལས་ཕྱེད་འཕགས་པའི་སྤྱོད་ལམ་གྱིས་རང་རང་གི་ཚུལ་ཤིང་བླང་བར་བྱའོ། །སྟོན་པ་མན་ཆད་ནས་རྒན་རིམས་མཐར་ཆགས་སུ་བྲིམས་ནས། ཡང་མགོ་ནས་དགེ་སློང་གང་ལ་སློབ་མ་དང་ཉེ་གནས་དགེ་ཚུལ་ཡོད་པ་དེ་ལ་དགེ་ཚུལ་རྣམས་ཀྱི་ཚུལ་ཤིང་ལེན་དུ་གཞུག་གོ །དགེ་ཚུལ་རྣམས་ཀྱི་ཚུལ་ཤིང་བྲིམས་ཟིན་པའི་མཇུག་ཏུ་གཙུག་ལག་ཁང་གི་བསྲུང་མ་གཉུག་མར་གནས་པ་ལྷ་མོ་ཆེན་མོ་འཕྲོག་མ་ལ་སོགས་པའི་ཚུལ་ཤིང་བྲིམས་པ་དེ་བླང་བར་བྱའོ། །ཚུལ་ཤིང་སྡུད་པ་ན་ཐམས་ཅད་ཀྱི་དལ་བུས་བཞག་པར་བྱ་ཞིང་། བགྲངས་ནས་གནས་འདིར་དགེ་སློང་དེ་སྙེད་ཀྱིས་ཚུལ་ཤིང་བླངས་སོ། །ཞེས་དགེ་འདུན་ལ་བསྒོ་བར་བྱའོ། །གནས་མལ་རིམ་པ་བཞིན་བསྟབས་བསྒོ་བ་དང་བརྗོད་ནས། གནས་མལ་སྟོབ་པ་དེ་སྒོ་ལྕགས་དང་ལྡེ་མིག་བླངས་ནས། དང་པོ་དགེ་འདུན་གྱི་གནས་བརྟན་གྱི་མདུན་དུ་འདུག་སྟེ། གནས་བརྟན་གཙུག་ལག་ཁང་ཆེ་གེ་མོ་ནི་རྙེད་པ་དང་བཅས་པ། གོས་ཀྱི་རིན་དང་བཅས་པ་ལགས་ཀྱི། གལ་ཏེ་དེ་བཞེད་ན་བཞེས་ཤིག་ཅེས་ལེན་དུ་གཞུག་གོ །དེ་བཞིན་དུ་རྒན་རིམ་གྱིས་ཐམས་ཅད་ལ་གནས་ཀྱི་གཞི་ལྷག་མ་རྣམས་ཀྱང་ཡོན་ཏན་ཇི་ལྟ་བ་བཞིན་དུ་བརྗོད། མོས་པ་བསྐྱེད་ཅིང་ལེན་དུ་གཞུག་གོ །དགེ་སློང་གང་གིས་གནས་ཀྱི་གཞི་གང་བླངས་པ་དེ་ལ་དེའི་སྒོ་ལྕགས་དང་ལྡེ་མིག་ཀྱང་གཏད་པར་བྱའོ། །བླངས་པ་ལ་སོགས་པ་ནི་ལྷུང་བཟེད་དང་འདྲའོ་ཞེས་བྱ་བ་ནི། ཇི་སྐད་དུ་ལྷུང་བཟེད་འབྲེལ་བ་མེད་པ་བྲིམས་པའི་སྐབས་སུ་འདོད་ན་ལོངས་ཤིག་ཅེས་བྱ་བ་དང་། བར་དུ་ཆོད་པས་བླངས་ན་མི་བླང་ངོ་ཞེས་བྱ་བ་དང་། ཚིགས་གཉིས་པ་ལ་མི་སྦྱིན་ཞིང་གསུམ་པ་ལ་སྦྱིན་ནོ་ཞེས་བསྟན་པ་དེ་བཞིན་དུ། འདིར་གནས་ཀྱི་གཞི་བསྟན་པ་ལ་ཡང་དེ་དག་ཐམས་ཅད་སྔ་མ་བཞིན་དུ་སྦྱར་བར་བྱའོ། །དགོས་དོན་ལ་རང་གར་གཞན་དུ་སོང་བ་ལ་གཉུག་མར་གནས་པ་རྣམས་ལ་བསྐོས་ཟིན་པའི་ལྷག་ཡོད་ན་དེ་བསྐོ་ལ། མཆོད་རྟེན་དང་དགེ་འདུན་གྱི་དོན་ལ་སོང་བ་ལ་ནི་རྒན་རིམ་བཞིན་དུ་སྐལ་བ་བསྐོ་བར་བྱའོ། །གལ་ཏེ་དགེ་སློང་རེ་རེ་ལ་གནས་ཁང་རེ་རེ་མི་ཐོབ་ན། གཉིས་སམ། གསུམ་མམ། ལྷུང་བཟེད་དང་། བྱ་མ་བུམ། འདག་རྫས། སོ་ཤིང་། སྨན་གྱི་གནས་ལ་བལྟོས་པ་ཐ་ན་འདིང་བའི་ཚད་ཙམ་དུ་ཤོང་བ་དེ་སྙེད་ཀྱི་དགེ་སློང་ལ་གནས་ཁང་གཅིག་བསྐོ་བར་བྱའོ། །སྒོ་ཁང་དང་། ཐེམ་སྐས་ཀྱི་ལྐོག་དང་། ཁྱིམ་དང་། སྤོང་ས་དང་། བཀད་ས་དང་། བསྲོ་ཁང་གི་ར་བ་དག་ནི་བསྐོར་མི་རུང་ངོ་། །ནད་པ་སྔར་གནས་ཁང་དུ་འདུག་བཞིན་དུ་གཞན་ལ་མི་བསྐོ། ནད་པས་སྔར་གནས་ཁང་མ་ཐོབ་ན་སྦྱིན། འོན་ཀྱང་མཛེ་ཅན་ནི་དགེ་འདུན་གྱིས་བསྟེན་པར་བྱ་བ་ཐ་ན་བཤང་བ་དང་གཅི་བའི་སྐྱབས་སུ་འཇུག་པ་ལ་ཡང་མི་དབང་བས། སྙིང་རྗེས་ནད་གཡོག་དང་བཅས་ཏེ་དབེན་པའི་གནས་སུ་བཞག་གོ །གནས་ཁང་ཉི་ཚེར་མ་ཟད་གནས་མལ་ཐམས་ཅད་ལ་ཡང་དེ་བཞིན་ནོ། །གནས་མལ་སྟོབ་པ་པོས་ཁྱེད་ཅག་ལས་གང་གིས་ཀྱང་དགེ་འདུན་གྱི་གནས་མལ་ལ་གདིང་བ་མེད་པར་ལོངས་སྤྱད་པར་མི་བྱ། གདིང་བ་རུང་བ་མ་ཡིན་པས་ལོངས་སྤྱད་པར་མི་བྱ། གདིང་བ་དྲི་མ་ཅན་གྱིས་ལོངས་སྤྱད་པར་མི་བྱའོ། ཞེས་བསྒོ་བར་བྱའོ། །ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་བརྟག་པར་བྱའོ། །དམ་ཚིག་དེ་ལས་འདས་ཤིང་སྤྱད་ན་གནས་པ་ནི་གནས་ལའོ། །གཞན་གྱི་ནི་དགེ་འདུན་ལ་བརྗོད་དེ་མལ་སྟན་འཕྲོག་པར་བྱའོ། །དབྱར་དག་ཉི་ཚེར་མ་ཟད་དུས་ཐམས་ཅད་དུ་དགེ་སློང་དགོན་པ་པ་ལ་ལྷུང་བཟེད་ལ་སོགས་པ་བཞག་པའི་ཕྱིར་གཙུག་ལག་ཁང་བསྐོ་བར་བྱའོ། །དབྱར་གནས་པ་ཁས་བླང་བ་ན་དབྱར་ཕྱི་མ་ཁས་བླང་བའི་དོན་ནམ། དང་པོ་དེ་ཉིད་དུ་ཁ་ཅིག་བློ་བུར་དུ་འོངས་པ་སྲིད་པས་གནས་དང་གནས་མལ་དག་བཞག་ཅིང་མང་པོ་དག་ལྷགས་ན་སྔར་བསྐོས་པ་སླར་བགོ །དབྱར་གསུམ་པ་ཁས་ལེན་པ་མེད་པའི་ཕྱིར། གནས་པ་ཁས་བླངས་པ་ཕྱི་མ་ཕྱིན་ཆད་གཟོད་བསྐོ་བར་མི་བྱའོ། ཞག་གཅིག་གི་ཕྱིར་གནས་མལ་དང་གཙུག་ལག་ཁང་ལེན་པ་བཀག་གོ །གལ་ཏེ་གནས་ཁང་མང་པོ་ཞིག་ལ་གང་ཟག་གཅིག་གིས་ཐམས་ཅད་ཡོངས་སུ་སྤྱད་པ་ཡང་རུང་སྟེ། ལ་ལར་ཀློག་པ་དང་། ཁ་ཏོན་དང་། འདུག་པ་དང་། བཅག་པ་དག་ལས་གང་ཡང་རུང་བ་བྱ། ལ་ལར་ལྷུང་བཟེད་དང་ཆོས་གོས་བཞག་པར་བྱ། ལ་ལར་མཚན་མོ་ཉལ་བར་བྱ། ལ་ལར་སྔ་དྲོ་དང་། གུང་ཚིགས་དང་ཕྱི་དྲོ་འདུག་པས་དེ་ལ་སྦྱར་བར་བྱའོ། །འཐབ་ཀྲོལ་ཅན་དག་གཞན་ནས་འོངས་པ་གནས་ཁང་མི་ཐོབ་པར་བྱ་བའི་ཕྱིར། དགུན་དང་དཔྱིད་ནོད་པའི་གནས་ཁང་གཉིས་གཉིས་བགོད་པར་བྱའོ། གཙུག་ལག་ཁང་དང་། ཁང་ཁྱིམ་དང་། ཁྱིམ་དང་། ཉེན་ཀོར་དག་རིམ་གྱིས་བསྐོ་བར་བྱ་ལ། འཐབ་ཀྲོལ་ཅན་སོང་བའི་འོག་ཏུ་སྔ་མ་ཁོ་ན་བཞིན་དུ་བཏང་ངོ་། །རང་བཞིན་དུ་གནས་པ་འཐབ་ཀྲོལ་ཅན་མ་ཡིན་པ་ལ་སྒྱུ་ཐབས་ཀྱི་འགེགས་པ་དེ་ལྟ་བུ་མི་བྱའོ། །དུས་སམ་དགེ་སློང་དངོས་སུ་མ་སླེབ་པ་ཕྱིས་འབྱུང་བའི་གནས་ཁང་བསྐོ་བའམ་བསྐོར་མི་འཇུག དགེ་སློང་མ་རང་གི་ཚོགས་ཀྱི་དབྱར་ཁང་མེད་ཅིང་ཆོམ་རྐུན་སོགས་ཀྱི་རྐྱེན་གྱི་དབང་གིས་ལོགས་སུ་གནས་པར་གྲྭ་མི་ཐུབ་ན། དེ་ལ་དགེ་སློང་གི་གཙུག་ལག་ཁང་གི་འདབ་ཀྱི་ཕྱོགས་སུ་དགེ་འདུན་ལ་བསྟབས་པའི་ལྷག་མ་བཟང་པོ་མ་ཡིན་པའི་གནས་དང་མལ་ཆ་སྦྱིན་པར་བྱའོ། །ཆོས་ཉན་པའི་ཚེ་དགེ་སློང་མ་དྲན་པ་ཉེ་བར་མ་བཞག་པ་རྣམས་ལ་དགེ་འདུན་གྱི་མལ་ཁྲི་གཡོགས་མ་ཅན་བཏིང་བར་མ་གནང་ངོ་། །ཁྲིའུ་དང་ཆོལ་ཟངས་སོགས་ཡོད་པ་ཉིད་ན་དུ་མ་བསྟབ། གནས་མལ་སྟོབ་པ་དེས་དབྱར་ཟླ་འབྲིང་པོའམ་ཐ་ཆུང་གི་ཉ་ལ་གནས་མལ་བསྟབས་ཟིན་ནས། དགེ་འདུན་སང་སྦྱིན་བདག་ཆེ་གེ་མོ་དང་། ཞལ་ཏ་བ་ཆེ་གེ་མོ་དང་། སྤྱོད་ཡུལ་གྱི་གྲོང་ཆེ་གེ་མོ་དང་། ནད་གཡོག་ཆེ་གེ་མོས་གནས་པར་ཞལ་གྱིས་བཞེས་པར་འགྱུར་རོ་ཞེས་བརྗོད་པར་བྱའོ། །ཕྱི་དག་ཉིན་ལ་རང་གི་གནས། །གཡོགས་པར་གནས་པར་ཁས་བླངས་དགེ་སློང་མདུན། །ཕྱི་མ་སྔགས་ཀྱི་བྱེ་བྲག དབྱར་གནས་པ་ཁས་བླངས་པར་བྱའོ། །ཟླ་བ་གསུམ་དུའོ། །ཚེས་བཅུ་དྲུག་ལའོ། །དབྱར་ཟླ་འབྲིང་པོ་ཉའི་ཕྱི་དེ་ཉིན་པར་གྱིའོ། །ཞེས་པའི་དོན། དབྱར་སྔ་མ་གནས་ན་དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་གམ། ཕྱི་མ་གནས་ན་དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་ལ་རང་གི་གནས་སྟེང་གཡོགས་པའི་ནང་གི་ཕྱོགས་དེར་དགེ་སློང་གི་མདུན་དུ་ཚེས་བཅུ་དྲུག་གི་ནང་པར་དབྱར་གནས་པར་ཁས་བླངས་པར་བྱའོ། །དེའི་སྔགས་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་མཚམས་ཀྱི་ནང་བཅས་པའི་གནས་འདིར། འདི་ལྟ་སྟེ། གནས་རལ་བ་དང་གྲུམ་པ་བཅོས་པའི་སླད་དུ། སྦྱིན་བདག་མིང་འདི་ཞེས་བགྱི་བ་དང་། ཞལ་ཏ་པ་མིང་འདི་ཞེས་བགྱི་བ་དང་། སྤྱོད་ཡུལ་གྱི་གྲོང་ཁྱེར་ཆེ་གེ་མོ་ཞེས་བགྱི་བ་དང་། བྲོ་གཡོག་ཆེ་གེ་མོ་ཞེས་བགྱི་བས་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླང་ངོ་། །བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། ཞེས་ལན་གསུམ་བརྗོད་པར་བྱའོ། ཞེས་གསུངས་པ་ཡིན་ནོ། །དབྱར་ཕྱི་མ་ནི་དབྱར་ཕྱི་མ་ཟླ་བ་གསུམ་གནས་པར་ཁས་བླང་ངོ་། །ཞེས་སྔགས་ཀྱི་བྱེ་བྲག་བྱའོ། །ནམ་མཁའ་ལ་གནས་པ་དང་། གྲུ་དབྱར་གྱི་ནང་དུ་འཇམ་པར་ཁས་ལེན་པ་དང་། གཙུག་ལག་ཁང་གཉིས་སུ་གསོ་སྦྱོང་གཅིག་པས་གནས་པ་ནི་རུང་ལ། རྙེད་པ་གཅིག་པས་ཁས་བླངས་ན་མི་ཆགས་སོ། །དབྱར་གནས་པར་དམ་མ་བཅས་ཀྱང་ཟླ་བ་གསུམ་དུ་གནས་དེ་མི་གཏོང་ན་དབྱར་གནས་པ་ཡིན་ནོ། །གནས་པར་ཁས་བླངས་པས་གནས་ཀྱི་གཞི་རལ་བ་དང་གྲུམ་པ་བཅོས་པར་བྱའོ། །དགེ་སློང་མ་དབྱར་གནས་པ་རྣམས་ཀྱིས་དབྱར་ཁང་བཅོས་པར་བྱའོ། །སྔར་གནས་ནས་གནས་པའི་འོག་ཏུ་གནས་མེད་པར་གྱུར་ཅིང་གནས་སུ་འོས་པ་མེད་པ་དང་། ཟས་དང་། སྨན་དང་། ནད་གཡོག་དག་མེད་ལ་དེ་དག་མེད་པར་འཚོ་མི་ནུས་ན་དང་། དགེ་སྦྱོང་ཚུལ་དང་། སྲོག་དང་། ཚངས་པ་སྤྱོད་པའི་བར་ཆད་ཡོད་ན་དང་། དགེ་འདུན་དབྱེ་བའི་ཕྱིར་བརཏལ་བ་རྗེས་སུ་མི་མཐུན་པའི་སེམས་བསྐྱེད་པ་དང་། སྡིག་པ་ཅན་གྱི་ཚིག་བརྗོད་པ་དག་བྱུང་ཞིང་། དེ་ཞི་བར་བྱ་བའི་མཐུ་མེད་ན་དེ་ཉིད་ཀྱི་ཚེ་གཞན་དུ་ཕྱིན་པས་དབྱར་རལ་བ་ལ་ཉེས་པ་མེད་དོ། །དགོས་པའི་ཆེད། ཞག་བདུན་བཞི་བཅུའི་གནང་བ་སྦྱིན་པར་བྱ། དགོས་པའི་ཆེད་ནི་ཀུན་དགའ་ར་བ་འབུལ་བ་དང་། གཙུག་ལག་ཁང་ཞལ་གསོ་བ་དང་། གནས་མལ་འབུལ་བ་དང་། བསླབ་པ་བརྟན་པོ་བཅའ་བ་དང་། མཆོད་རྟེན་ཞལ་གསོ་བ་དང་མཆོད་སྡོང་གཟུགས་པ་དང་། རྒྱལ་མཚན་བསྒྲེང་བ་དང་། མཆོད་པ་བྱ་བ་དང་། ཚོན་དང་། ཙན་དན་དང་། གུར་ཀུམ་གྱི་བྱུག་པ་བསྐུད་པ་དང་། བཀླག་པ་དང་། འགྱོད་པ་བསལ་བ་དང་། ལྟ་བའི་རྣམ་པ་སྤང་བ་དང་། ཕྱོགས་དང་མཐུན་པ་བསྒྲུབ་པ་དང་། བཟོད་པ་གསོལ་བ་དང་། སྤོ་བ་ལ་སོགས་པ་བཞི་བྱ་བ་དང་། དབྱུང་བ་དང་། ནད་པ་དབུགས་དབྱུང་བ་དང་། དགེ་སློང་མ་ལྕི་ཆོས་ཀྱི་མགུ་བར་བྱ་བ་འབུལ་བ་དང་། དགེ་སློབ་མ་ཚངས་སྤྱོད་ལ་ཉེར་གནས་དང་། རྫོགས་པར་བྱེད་པ་དང་། དགེ་ཚུལ་རྫོགས་པར་བྱེད་པ་དང་། དགེ་ཚུལ་མའི་བསླབ་པའི་སྡོམ་པ་བྱིན་པ་དང་། ཁྱིམ་པ་དང་ཁྱིམ་པ་མོ་མགོ་བཀྲི་བ་དང་བང་བསང་བ་དང་། སྐྲ་བསྐྱེད་པ་དང་། བྱིས་པ་སྐྲ་བྲེག་པ་དང་། གདུབ་ཀོར་བསྐྱེད་པ་དག་དང་། བསྙེན་པར་རྫོགས་པའི་སྤོ་བ་སོགས་དང་། ཁྱིམ་པ་དང་ཁྱིམ་པ་མོ་ལ་སྔར་ལྷུང་བཟེད་ཁ་སྦུབ་པ་ཕྱིས་ཁ་སྲོང་བར་གསོལ་བ་དང་། མུ་སྟེགས་ཅན་མུ་སྟེགས་ཀྱི་ལྟ་བ་དང་འཕྲལ་བ་དང་། ཉེ་དུའི་བྱ་བ་དང་། བདག་ཉིད་ཀྱི་ལུང་རྟོགས་ལ་ནེམ་ནུར་ཟ་བ་བསལ་བའི་ཕྱིར་འགྲོ་བ་སོགས་ཆོས་དང་ལྡན་པའི་ཕྱིར་ཞག་བདུན་བྱིན་གྱིས་བརླབ་པ་གནང་བས། དེ་ཚུན་ཆད་ཀྱི་ཞག་གྲངས་དེ་ཙམ་གྱིས་དོན་གྲུབ་པ་དེ་ཙམ་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་རུང་སྟེ། མཚམས་ཀྱི་ཕྱིར་མི་འཆགས་པས་ནང་དུ་དགེ་སློང་གཅིག་གི་མདུན་དུ་བྱིན་གྱིས་བརླབ་པའི་སྔགས་བརྗོད་པར་བྱའོ། །གལ་ཏེ་དགེ་འདུན་གྱི་ཆེད་དུ་ཞག་བཞི་བཅུ་ཙམ་མཚམས་ཀྱི་ཕྱི་རོལ་དུ་འགྲོ་དགོས་པ་ཡོད་ན། དགེ་འདུན་གྱི་སྤྲོ་བ་ཁས་ལེན་དུ་བཅུག་ནས། དེའི་འོག་ཏུ་དགེ་འདུན་ལ་ལན་གསུམ་གསོལ་ནས། དགེ་འདུན་གྱིས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་གནང་བ་སྦྱིན་ནོ། །ཟླ་བ་གསུམ་པའི་མཐའི་ཞག་དྲུག་ལུས་པའི་ཚེ་ནི་མི་འཆགས་ཏེ། དུས་ཧ་ཅང་ཐུང་ངུ་ལས་པའི་ཕྱིར་རོ། །དེ་ལྟར་བྱིན་གྱིས་བརླབས་ཏེ་མཚམས་ཀྱི་ཕྱི་རོལ་དུ་སོང་ནས། དོན་དེ་གཞན་གྱིས་བསྒྲུབས་ཟིན་ནམ། བསྒྲུབ་མི་དགོས་པའི་སྐབས་རྙེད་ཅིང་བྱ་བ་མེད་པར་ཤེས་ནས་མཚམས་ཀྱི་ཕྱི་རོལ་དུ་སྐྱ་རེངས་འཆར་བར་བྱེད་ན་སྔར་བྱིན་གྱིས་བརླབ་ཏུ་ཟིན་ཀྱང་དབྱར་ཁས་བླངས་པ་འཇིག་གོ །ཞག་བདུན་ལ་འགྲུབ་རྒྱུ་ལྔ་དང་། བཞི་བཅུ་ལ་ཉི་ཤུར་འགྲུབ་ནས། དྲུག་པ་དང་། ཉེར་གཅིག་པའི་སྐྱ་རེངས་འཆར་བར་བྱེད་པ་ལྟ་བུ་སོགས་ཀྱིས་ཀྱང་འཇིག་གོ །བར་ཆད་མེད་ཅིང་གནང་བ་མེད་པར་དབྱར་གནས་པ་རང་གི་གནས་སྐབས་དང་། གནས་ལ་སོགས་པ་གནས་སུ་འབྲེལ་བར་བྱ་དགོས་པ་གང་ཡིན་པ་དེ་ལས་མཚམས་ཀྱི་ཕྱིར་གནས་པ་དང་། དེའི་ལྟ་བ་ལ་མངོན་པར་ཞེན་ནས་ཆོས་མ་ཡིན་པའི་ཕྱོགས་སུ་སོང་བ་གཉིས་ལ་སྐྱ་རེངས་ཤར་བ་ན་འཇིག་གོ །དགེ་སློང་ཕ་མར་མ་ཟད་རབ་ཏུ་བྱུང་བ་གསུམ་ཆར་གྱིས་དབྱར་གནས་པར་ཁས་བླང་བར་བྱ་དགོས་སོ།། །། གསུམ་པ་ཆོས་རྣམ་པར་དག་པར་བྱ་བའི་ཕྱིར་དགག་དབྱེའི་གཞི་ནི། དབྱར་གནས་པའི་དགེ་འདུན་ལ་མཐོང་བ་དང་། ཐོས་པ་དང་། དོགས་པ་དག་གིས་དགག་དབྱེ་བྱའོ། །དབྱར་རྣམས་ཀྱི་ཐ་མའི་ཉི་མ་ལའོ། །ཞེས་པའི་དོན། གླེང་གཞི། སྟོན་པ་མཉན་ཡོད་ནའོ། །དགེ་སློང་རབ་ཏུ་མང་པོ་ཞིག་གིས་ལྗོངས་ཤིག་ཏུ་ཁྲིམས་སུ་བཅའ་བ་བྱས་ཏེ། བདག་ཅག་གིས་དབྱར་ནང་དུ་དགེ་སློང་ཉམས་པ་བཞིས་གླེང་བར་མི་བྱ། ཆུ་རའི་བུམ་པའམ་ཁྲུས་བུམ་སྐམ་པོར་མཐོང་ན་གཅིག་པུས་ནུས་ན་དེ་བཀང་ལ་གནས་གཞན་དུ་བཞག མི་ནུས་ན་བརྡ་བྱས་ལ་ལག་རུབ་ཀྱིས་བཀང་ལ་གནས་གཞན་དུ་བཞག་གོ །གཅིག་ལ་གཅིག་མི་སྨྲ་བར་ཁ་རོག་ཏུ་འགྲོ་བར་བྱའོ། །དབྱར་གནས་པར་བྱའོ། ཞེས་ཁྲིམས་སུ་བཅས་ནས་དབྱར་གནས་སོ། །དབྱར་གནས་ཐོན། ཆོས་གོས་ཟིན་ནས་མཉན་ཡོད་དུ་མི་སྨྲ་བས་སོང་ངོ་། །སྟོན་པ་ལ་ཕྱག་འཚལ་ཏེ་འཁོད་པ་དང་། སྟོན་པས་ཆོས་ཉིད་ཀྱིས་གང་ནས་འོང་། དབྱར་གང་དུ་གནས། བསོད་སྙོམས་ཀྱིས་མ་བྲེལ་ལམ་ཞེས་འདྲི་བས་དེ་རྣམས་ལ་དྲིས་པས་མེད་དེ། བདག་ཅག་འདི་ལྟ་བུའི་དམ་བཅས་གནས་སོ། །ཞེས་གསོལ་བས། སྐྱེས་བུ་གཏི་མུག་ཅན་ཁྱེད་གནས་མལ་ན་དགྲ་དང་ལྷན་ཅིག་གནས་པས་བདེ་བ་ལ་རེག་སྙམ་མམ། མི་སྨྲ་བ་ནི་མུ་སྟེགས་ཀྱི་རྒྱལ་མཚན་ཡིན་ནོ། །མི་སྨྲ་བར་ཡི་དམ་བཅའ་བར་མི་བྱའོ། །འདིས་དག་པ་དག་གྲོལ་བ་ཐོབ་བོ་སྙམ་ན་ཉེས་པ་སྦོམ་པོའོ། །ཞེས་གསུངས་ནས། དབྱར་གནས་པས་དགེ་འདུན་ལ་མཐོང་བ་དང་། ཐོས་པ་དང་། དོགས་པ་དག་གིས་དགག་དབྱེ་བྱའོ། །ཞེས་བཅས་སོ། །དགག་དབྱེའི་མདུན་རོལ་ཞག་བདུན་ནམ་ཟླ་བ་ཕྱེད་ནས། སྤྱོད་ཡུལ་ན་གནས་པའི་སེམས་ཅན་རྣམས་ཀྱི་བསོད་ནམས་སྤེལ་བའི་ཕྱིར་གྲོང་དང་། གྲོང་ཁྱེར་དང་། ཚོང་དུས་སུ་ཞག་འདི་ཙམ་ན་དགེ་འདུན་དགག་དབྱེ་མཛད་པར་འགྱུར་རོ། །ཞེས་བརྗོད་པར་བྱའོ། །དེ་ནས་གཙུག་ལག་ཁང་དང་། མཆོད་རྟེན་དང་། སེང་གེའི་ཁྲི་ལ་སོགས་པ་བྱི་དོར་བྱ། ཕྱིར་གསོ་བ་དང་ལེགས་པར་བརྒྱན་པས་ཡིད་དུ་མཆིས་པ་བྱས་ལ། ཚེས་བཅུ་བཞིའི་ཉིན་དོ་ནུབ་མཚན་ཐོག་ཐག་ཆོས་ཉན་པ་འབྱུང་བར་འགྱུར་གྱི། དེར་ཚེ་དང་ལྡན་པ་དག་གི་ཚོགས་པ་སྦྱིན་པར་བྱའོ། །སྤྱོད་ཡུལ་གྱི་གྲོང་སོགས་ལ་སྦྲན་ནས་ཚེས་བཅུ་བཞིའི་ནུབ་མོ་ཐམས་ཅད་ཚོགས་པ་ན། དགེ་སློང་མདོ་སྡེ་དང་། འདུལ་བ་དང་། མ་མོ་འཛིན་པ་གསོལ་བ་བཏབ་པ་དག་གིས་མཚན་ཐོག་ཐག་ཏུ་ཁ་ཏོན་འདོན་པས་ཆོས་སྦྱིན་པར་བྱའོ། །དབྱར་རྣམས་ཀྱི་ཐ་མ་ཚེས་བཅོ་ལྔའི་ནུབ་མོ་དེ་དག་གི་དགག་དབྱེའི་ལས་རྩོམ་པ་ལ་ཐུག་པའི་མདུན་རོལ་ཚུན་ཆད་དུ་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་དབབ་པས་མཚན་མོ་འདའ་བར་བྱ་སྟེ། དགག་དབྱེའི་ལས་ནི་སྐྱ་རེངས་འཆར་བའི་མདུན་དུ་བྱའོ། །དང་པོར་བྱ་བའོ། །དེ་ནས། མི་ནུས་དགག་དབྱེ་འདུན་བླངས་མཐུན་སོགས་བཞི། །བྱིན་བརླབ། ན་བའི་དབང་གིས་དགག་དབྱེའི་གནས་དེར་འདུ་བར་མི་ནུས་པ་ལ། དགག་དབྱེ་ལེན་པ་དང་། འདུན་པ་རིམ་པར་ལེན་པའམ། འདུན་པ་དང་དགག་དབྱེ་ཅིག་ཅར་ལེན་པ་དང་། བཤགས་བསྡམ་ནས་གཟུང་ལས་བྱེད་པས་དགེ་འདུན་གྱི་ནང་དུ་ལྟུང་བ་ཡིད་གཉིས་ཟ་བ་ཡིད་ཀྱིས་བྱིན་གྱིས་བརླབ་པའི་བར་གསོ་སྦྱོང་བཞིན་ནོ། །དགག་དབྱེ་བྱེད་བསྐོ་གསོལ་ནས་སུ། །རྩྭ་བྲིམས་གཉིས་ཀས་བཟུང་མནན་དགག་དབྱེ་ནི། །གསུམ་གྱིའོ་རྐྱེན་གྱིས་གཉིས་གཅིག་རང་ཉིད་གཞན། །གོ་བྱ། དགག་དབྱེ་བྱེད་པ་སྤྲོ་བ་བྱས་ནས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །དགེ་འདུན་མང་བའི་ཕྱིར་དགག་དབྱེ་བྱེད་པ་གཅིག་གིས་མི་ནུས་ན། དགག་དབྱེ་བྱེད་པ་དུ་མ་ཡང་ཅིག་ཅར་དུ་བསྐོར་རུང་ངོ་། །དེའི་འོག་ཏུ་དགེ་སློང་དགག་དབྱེ་བྱེད་པ་མ་ཡིན་པ་གཞན་གཅིག་གིས་དགག་དབྱེ་བྱ་བའི་ཕྱིར་དགེ་འདུན་ལ་གསོལ་བ་བྱའོ། །གྲལ་རིམ་པ་གཅིག་ལ་དུ་མ་དག་གི་སྟོད་སྨད་ཀྱི་ཆར་བཅད་དེ་དགག་དབྱེ་བྱར་རུང་ལ། དགག་དབྱེ་བྱེད་པས་རྩྭ་དར་བྷ་ཐམས་ཅད་ལ་ཁྱབ་པར་བྲིམས། དེ་ལ་གཉིས་ཀའི་པུས་མོས་མནན་ཅིང་གཉིས་ཀའི་ལག་པས་བཟུང་སྟེ་དགག་དབྱེ་བྱེད་པ་མདུན་དུ་བྱས་ནས་གཉིས་ཀ་ཙོག་ཙོག་པུར་འདུག་ཅིང་ལྷམ་ཕུད་དེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་དགག་དབྱེ་བྱ་བས། དགག་དབྱེ་གོ་བར་བྱ་བའི་སྔགས། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་དགག་དབྱེ་ཡང་བཅོ་ལྔ་པ་ལགས་ན། དགེ་སློང་མིང་འདི་ཞེས་བགྱི་བ་བདག་ལ་མཐོང་བ་དང་། ཐོས་པ་དང་། དོགས་པའི་གནས་གསུམ་གྱི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བྱེད་ཀྱི། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་གཟུང་དུ་གསོལ། ཐུགས་བརྩེ་བ་ཅན་ཚེ་དང་ལྡན་པ་རྣམས་ཀྱིས། ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། ལྟུང་བ་ཤེས་བཞིན་མཐོང་ན་ཆོས་བཞིན་འདུལ་བ་བཞིན་དུ་སླར་བགྱིའོ། །ལན་གསུམ་བཟླས་སོ། །ཐབས་ཡིན་ནོ། །ལེགས་སོ། །ཞེས་གསུངས་པ་ཡིན་ནོ། །ལན་གསུམ་བཟླས་པ་དེ་ཙམ་གྱིས་ནད་པ་ངལ་བ་དང་། གནས་མལ་ཕན་ཕུན་དུ་གྱུར་པ་དང་། དུས་ལས་ཡོལ་བ་དང་། གནོད་པ་བྱུང་ན་དགག་དབྱེ་གོ་བར་བྱ་བའི་སྔགས་ལན་གཉིས་བཟླས་པར་བྱའོ། །ལན་གཉིས་བཟླས་པས་ཀྱང་རྐྱེན་དེ་ལྟ་བུ་དག་འབྱུང་ན་གོ་བར་བྱ་བའི་སྔགས་ལན་གཅིག་བརྗོད་པས་ཆོག་གོ །དུས་ལས་ཡོལ་བ་ནི། དགག་དབྱེའི་དུས་ལས་ཡོལ་བ་འབྱུང་བ་སྟེ། སྨོན་ལམ་ཀློག་པ་དང་། ཆོས་སྙན་པར་སྨྲ་བ་དང་། ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་དང་། རྩོད་པ་ཉེ་བར་ཞི་བར་བྱེད་པས་ཀྱང་མཚན་འདའ་བར་འགྱུར་སྲིད་པས་སོ། །གནོད་པ་འབྱུང་བ་ནི། ཉམ་ང་བ་འབྱུང་བ་སྟེ། རྒྱལ་པོ་དང་། ཆོམ་རྐུན་དང་། གྲོང་པའི་མི་དང་། གདུག་པ་དང་། ཀླུ་དང་མེ་ཆུ་ལ་སོགས་པའི་གནོད་པས། སྲོག་དང་། དགེ་སྦྱོང་གི་ཚུལ་དང་། ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་བ་ཡང་སྲིད་པས་སོ། །གྲལ་རྫོགས་ནས་དགག་དབྱེ་བྱེད་པ་དེས་གཞན་གཅིག་ལ་རང་གི་དགག་དབྱེ་བྱའོ། །དགེ་སློང་གི་དགེ་འདུན་ཐམས་ཅད་ཀྱི་དགག་དབྱེ་བྱས་ཟིན་པའི་རྗེས་ལ་དགག་དབྱེ་བྱེད་པས་དགེ་འདུན་ཐམས་ཅད་ཀྱིས་དགག་དབྱེ་བྱས་པ་དེ་ཉིད་དགེ་སློང་གི་དགེ་འདུན་ལ་གོ་བར་བྱ་བའི་ཕྱིར། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟར་གནས་འདི་ན་དབྱར་གནས་པའི་དགེ་འདུན་གྱི་དགག་དབྱེ་མཛད་པ་ལགས་སོ། །ཞེས་སོ། །གོ་བར་བྱས་མ་ཐག་དེར་དགེ་འདུན་ཐམས་ཅད་ཀྱིས་ལེགས་པར་དགག་དབྱེ་མཛད་དོ། །ཤིན་ཏུ་དགག་དབྱེ་མཛད་དོ། །ཞེས་བརྗོད་དོ། །ལེགས་པར་ཞེས་པ་མཛེས་ཤིང་ཁ་ན་མ་ཐོབ་མེད་པར་རོ། །ཤིན་ཏུ་ཞེས་པ་འདི་ལ་བདག་ཅག་ཐེ་ཚོམ་མེད་དོ། །དེ་ལྟ་བུ་ནི་དགག་དབྱེ་བྱས་པའི་ཚིག་དེ་བསྒྲུབ་པར་བྱ་བའོ། །རྫས་བླངས་ཚིག་གི་རྫས་ཀྱིས་བྱ། །རྫས་ཀྱི་དགག་དབྱེ་ཞེས་བྱ་བ་ནི། སྦྱིན་པར་བྱ་བའི་རྫས་གང་ལ་དགེ་འདུན་སྤྱན་དྲངས་པ་སྟེ། ཆུང་ངུ་ན་ཁབ་ཡན་ཆད་ཀྱང་གཟུང་ངོ་། །ཇི་ལྟར་བྱ་ཞེ་ན། དགག་དབྱེ་བྱེད་པ་དེས་ཁབ་ལ་སོགས་པ་ལག་ཏུ་བླངས་ནས་རྒན་རིམ་གྱི་མདུན་དུ་འདུག་སྟེ། བཙུན་པ་རྫས་འདི་ལྟ་བུས་ཀྱང་དབྱར་གནས་པའི་དགེ་སློང་ལ་དགག་དབྱེ་བགྱིར་རུང་བས་སོ་འདིས་ནི་སྦྱིན་པར་བྱེད་པ་རྣམས་ཀྱིས་བསོད་ནམས་ཀྱི་འདུ་བའི་སྒོའི་བྱེ་བྲག་བསྟན་པའི་ཕྱིར་བཅས་ཏེ། འདི་ལྟར་དགག་དབྱེ་བྱས་པའི་དགེ་སློང་གི་དགེ་འདུན་ནི་དགེ་ལེགས་ཀྱི་བསམ་པ་ཅན། ཤིན་ཏུ་ཡོངས་སུ་དག་པ་དང་བྱམས་པའི་སེམས་དང་ལྡན་པ་ཡིན་པའི་ཕྱིར། ཤིན་ཏུ་དང་བར་འགྱུར་པ་བསོད་ནམས་ཀྱི་ཞིང་ཆེས་ཁྱད་པར་དུ་འཕགས་པ་ཡིན་པས། དེ་ལ་སྦྱིན་པ་བྱིན་ན་འབྲས་བུ་ཆེས་མང་པོར་འགྱུར་རོ། །དེའི་འོག་ཏུ་དགེ་ཚུལ་རྣམས་ལ་དགག་དབྱེ་བྱ་སྟེ། རང་གི་ཕྱོགས་མ་རྫོགས་པར་ཕྱོགས་གཞན་ལ་འཇུག་པ་མི་རིགས་པས་སོ། །དེ་ནས་དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་མ་རྣམས་རིམ་པ་བཞིན་བྱའོ། །དམིགས་བསལ་ཚོགས་དང་གཉིས་ཐལ་གཞན་བྱས་སོ། །མ་ལོངས་བྱིན་གྱིས་བརླབ་བོ་སྡེ་ལྔས་སོ། །ཡུལ་འཁྲུག་ལ་སོགས་པའི་དབང་གིས་དབྱར་གནས་པར་མི་ནུས་ན། ཚོགས་ཀྱི་དགག་དབྱེ་བྱ་བའི་སྔགས་ཀྱིས་དགག་དབྱེ་བྱས་ལ་འདོང་ངོ་། །དབྱར་གྱི་ནང་དུ་ཉེ་དུའི་ཁྱིམ་དུ་འགྲོ་བའི་དགག་དབྱེ་སྦྱིན་པ་ལྟ་ན་བདག་དབྱར་ཁས་ལེན་པར་བགྱིའོ་ཞེས་ཁྲིམས་སུ་བཅའ་བ་དེ་ལྟ་བུ་ཡོད་པའམ་མེད་ཀྱང་རུང་། གནས་པར་ཁས་བླངས་པའི་དགེ་སློང་ལ་མི་འགྲོར་མི་རུང་བའི་བྱ་བ་དེ་ལྟ་བུ་བྱུང་ན། ཚེས་བཅོ་ལྔའམ་བཅུ་བཞི་ལ་དགག་དབྱེ་ཚུལ་བཞིན་དུ་བྱ་ཞིང་འགྲོའོ། །ཁྲིམས་སུ་བཅས་པ་ནི་གཞན་ཡང་ཡོད་དོ། །གཞི་ལྟུང་བ་ཕམ་པའི་སྡེ་མ་གཏོགས་སྡེ་ཚན་གཞན་གང་ཡང་རུང་བ་ལ་དགག་དབྱེ་མི་བྱེད་ཀྱི། ཁྱེད་ཀྱིས་ཀྱང་གནས་གསུམ་གྱིས་བདག་ལ་མ་གླེང་ཞིག ཕམ་པར་གྱུར་པའི་སྡེ་ཚན་ལ་སོགས་པ་ལྟུང་བ་གཞན་ལ་ནི་དགག་དབྱེ་བྱེད་ཀྱི། ཁྱེད་ཀྱིས་ཀྱང་གནས་གསུམ་གྱི་གླེངས་ཤིག་ཅེས་ཟེར་བ་ལྟ་བུ་དང་། གང་ཟག་ཅེས་པ། གང་ཟག་གི་ཡུལ་ལས་ལུས་ཀྱིས་རེག་པ་ལ་སོགས་པ་བྱུང་བའི་གང་ཟག་གང་ཡང་རུང་བ་ཞིག་གིས་དགག་དབྱེ་མི་བྱེད་ཀྱི། ཁྱེད་ཀྱིས་ཀྱང་གནས་གསུམ་གྱིས་བདག་ལ་མ་གླེང་ཞིག དེ་ལས་གཞན་པའི་གང་ཟག་ཐམས་ཅད་ཀྱི་ཡུལ་ལས་བྱུང་བའི་ཐ་ནི་དགག་དབྱེ་བྱེད་ཀྱི། ཁྱེད་ཀྱིས་ཀྱང་གནས་གསུམ་གྱིས་གླེངས་ཤིག་ཟེར་བ་ལྟ་བུ་གཞི་དང་གང་ཟག་གཉིས་ཀས་ཀྱང་ངོ་། །དེ་དགེ་འདུན་གྱིས་ནོད་པར་བྱའོ། །ཇི་ལྟར་ནོད་ཅེ་ན། དེའི་ཕྱིར་ཚེ་དང་ལྡན་པ་ཁོ་བོ་ཅག་ནི་ཚེ་དང་ལྡན་པས་ཅི་ནས་ཀྱང་གཞི་འཇོག་པར་བྱེད་ཅིང་གང་ཟག་འཇོག་པར་མི་བྱེད་པ་དེའི་དོན་དུ་འདུས་ཤིང་འདུག་པ་མ་ཡིན་གྱི། ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་རྣམ་པར་དག་པར་བྱ་བའི་ཕྱིར་ནི་གསོ་སྦྱོང་གསུངས་ལ། ཆོས་རྣམ་པར་དག་པའི་ཕྱིར་ནི་དགག་དབྱེ་གསུངས་པས། གལ་ཏེ་འདོད་ན་དགག་དབྱེ་གྱིས་ཤིག་ཅེས་སོ། །གལ་ཏེ་དབྱར་གནས་པར་ཁས་བླངས་པ་དེ་དག་གིས་དགེ་སློང་འཐབ་ཀྲོལ་ཅན་དེར་འོང་བ་ཐོས་པར་གྱུར་ན། དགག་དབྱེའི་དུས་ལ་མ་བབ་ཀྱང་གསོ་སྦྱོང་ལན་གཉིས་སམ་གསུམ་ཐལ་ནས་འཐབ་ཀྲོལ་ཅན་མ་འོངས་པའི་མདུན་རོལ་དུ་དགག་དབྱེ་བྱའོ། །གཉིས་ཐལ་ན་ཕྱེད་བྱས་པར་འཇིག་རྟེན་པའི་གྲགས་པ། གསུམ་ཐལ་ན་ཕལ་ཆེར་བྱས་པར་འཕགས་པའི་གྲགས་པ་ཡིན་པས། དེ་ཙམ་གྱིས་ཚོགས་ཀྱི་དགག་དབྱེ་བྱས་ན་ཡང་དབྱར་གནས་པའི་ཡོན་ཏན་དང་། དགག་དབྱེའི་ཡོན་ཏན་ཐོབ་པར་འགྱུར་རོ། །གལ་ཏེ་དགག་དབྱེ་མ་གྲུབ་པར་འཐབ་ཀྲོལ་བྱེད་པ་དག་དེར་ལྷགས་པར་གྱུར་ན། གནས་པ་དེ་དག་དཀྱིལ་འཁོར་པའི་མཚམས་ལྔའམ་དྲུག་ཏུ་བློ་མཐུན་པར་བྱ་ཞིང་དགག་དབྱེ་སོ་སོར་བྱའོ། །འཐབ་ཀྲོལ་ཅན་ཚིག་འཇམ་པོས་བསུ་བ་ནས་མགུ་བར་འགྱུར་བའི་སྦྱོར་བ་དག་གིས་ཀྱང་བདག་ཉིད་དང་མཐུན་པའི་དངོས་པོ་མ་འགྲུབ་ན་དཀྱིལ་འཁོར་བ་དག་ཏུ་གསོ་སྦྱོང་བྱ་ལ། དེ་དག་དོང་བའི་འོག་གི་གསོ་སྦྱོང་གིས་དུས་སུ་དགག་དབྱེ་བྱ་བའོ། །ནང་ཞེ་འགྲས་དང་བཅས་པས་དགག་དབྱེ་བྱར་མ་གནང་བས་བཟོད་པ་གསོལ་ཏེ། དགག་དབྱེ་མི་འབྱུང་བའི་ཟླ་བ་ཕྱེད་དང་བཅུའམ། བདུན་ནམ། བརྒྱད་ཀྱི་གོང་དུའོ། །གང་དུ་དབྱར་གནས་པར་ཁས་བླངས་པ་དེ་ཉིད་དུ་དགག་དབྱེ་ངེས་པར་འཆགས་ཀྱི། གཞན་དུ་མིན་ནོ་སྙམ་དུ་དོགས་པར་མི་བྱ་སྟེ། དགེ་སློང་དབྱར་ནང་དུ་ཞག་བདུན་ནམ་བཞི་བཅུར་བྱིན་གྱིས་བརླབ་པ་གཙུག་ལག་ཁང་གཞན་དུ་སོང་སྟེ། གཉུག་མར་གནས་པ་དེ་དག་སྔ་མར་གནས་པའམ། རྐྱེན་དབང་གིས་སམ། བཤོལ་གྱི་དབང་གིས་དགག་དབྱེ་བྱེད་ན་གློ་བུར་དུ་འོངས་པ་དེས་ཀྱང་ལྷན་ཅིག་དགག་དབྱེ་བྱས་ན་དགག་དབྱེ་བྱས་པ་ཉིད་ཡིན་ནོ། །དགེ་སློང་དགག་དབྱེ་བྱེད་པ་མཚན་གྱུར་ན། དེ་ལ་དགེ་སློང་དང་དགེ་སློང་མ་ལ་སོགས་པས་དགག་དབྱེ་བྱས་པ་ཉིད་མ་ཡིན་ན། དང་པོ་ནས་བུད་མེད་ཀྱི་ཡུལ་ལ་བྱེད་པར་བཀོད་དུ་ཅི་རུང་ཞེས་ཀྱང་ཤེས་པར་བྱའོ། །དབྱར་རལ་བས་ཀྱང་དགག་དབྱེ་བྱ་དགོས་སོ། །དགེ་སློང་བཞིར་མ་ལོངས་ན་བྱིན་གྱིས་བརླབ་པའི་སྔགས་ཀྱིས་དགག་དབྱེ་བྱིན་གྱིས་བརླབ་པར་བྱའོ།། །། གཉིས་པ་བདེ་བར་གནས་པའི་རྐྱེན་ལ། གོས་གཞན་འབྱུང་བའི་རྒྱུ་གཏེར་ལྟ་བུ་སྲ་བརྐྱང་གི་གཞི། གྲང་བ་དང་རྟགས་ཉམས་པ་སྤོང་བ་གོས་ཀྱི་གཞི། མི་རུང་བ་ཕལ་ཆེ་བ་ཀོ་ལྤགས་ཀྱི་གཞི། བཀྲེས་པ་དང་འདུ་བའི་ནད་སེལ་བ་སྨན་གྱི་གཞི་དང་བཞི་ལས། དང་པོ་ནི། སྲ་བརྐྱང་བགྱི་དང་། སྲ་བརྐྱང་གདིང་བར་བྱའོ། །ཞེས་པའི་དོན། གླེང་གཞི། སྟོན་པ་མཉན་ཡོན་ནའོ། །དགེ་སློང་རབ་ཏུ་མང་པོས་གནས་བཅས་སུ་དབྱར་གནས་ཐོན། སྟོན་པ་ལ་ཕྱག་འཚལ་དུ་དོང་བ་དང་། སྟོན་པས་དྲི་བ་གསུམ་མཛད་པས། དེ་དག་གིས་དབྱར་གནས་བཅས་སུ་གནས། བསོད་སྙོམས་ཀྱིས་མ་བྲེལ་མོད་ཀྱིས། ལྷུང་བཟེད་ཆོས་གོས་ཐོགས་ཏེ་རྩྭ་འཐུག་པོ་དང་རྫབ་ཆེན་པོར་ཚ་བས་ངལ་བར་གྱུར་ཅིང་རྡུལ་གྱིས་ལུས་གཡོགས་པས་ལྗོངས་རྒྱུ་ཞིང་མཆིས་ཏེ་ཚེགས་ཆེན་པོས་མཆིས་ལགས་སོ། །སྟོན་པས། ཀྱེ་མ་ངའི་ཉན་ཐོས་རྣམས་ལྷུང་བཟེད་སོགས་ནས། རྡུལ་གྱིས་གཡོགས་ནས་ལྗོངས་རྒྱུ་བ་ནི་ཉོན་མོངས་ཀྱིས། མ་ལ་ངས་དགེ་སློང་རྣམས་བདེ་བ་ལ་རེག་པའི་ཕྱིར་དང་། སྦྱིན་པ་པོ་རྣམས་ཀྱིས་སྦྱིན་པའི་ཆོས་ལ་ལོངས་སྤྱད་པར་བྱ་བའི་ཕྱིར། དགེ་སློང་རྣམས་ལ་སྲ་བརྐྱང་གནང་བར་བྱ་སྟེ། སྲ་བརྐྱང་བཏིང་བའི་ཕན་ཡོན་ལྔ་ཡོད་དོ་སྙམ་དུ་དགོངས་ནས་གནང་ངོ་། །ཀ་ཐི་ན། གཏན་པ་དང་སྲ་བརྐྱང་གཉིས་ལ་འཇུག་སྟེ། འདི་ན་གོས་སྲ་བའི་ཕྱིར་གོས་འདིང་བ་དང་། རྐྱོང་བ་མི་འཁུམས་པར་བྱེད་པའི་ཆོས་ཅན་ཤིང་ལས་བྱས་པའི་སྤང་ལེབ་ལ་གཏན་པ་ཞེས་སོ། །སྲ་བརྐྱང་ནི་ཆོས་གོས་ཏེ། གཏན་པ་དེ་དང་འདྲ་བའི་ཕྱིར་རོ། །ཇི་ལྟར་འདྲ་ཞེ་ན། སྤང་ལེབ་དེས་ཆོས་གོས་མི་འཁུམ་པ་གཏན་པ་གཅིག་ལ་རྐྱོང་བར་བྱེད་པ་བཞིན། ཆོས་གོས་འདིས་ཀྱང་དགེ་འདུན་སྲ་བརྐྱང་ལ་བློ་མཐུན་པས་དབྱེར་མེད་པ་དང་། ཆོས་གོས་བྱེད་པའི་བསམ་པ་གཅིག་པས་རོ་གཅིག་པ་དང་། བརྐྱང་བའི་མཚན་ཉིད་ཀྱིས་བྱ་བ་གཅིག་པ་དང་། རྙེད་པ་དང་ཕན་ཡོན་འདྲ་བའི་སྒོ་ནས་གཏན་པ་གཅིག་ལ་འཇོག་པར་བྱེད་པ་དང་། ལྟུང་བ་བཅུ་བག་ཡངས་སུ་འགྱུར་བས་དགེ་སློང་རྣམས་བག་མ་འཁུམས་པར་བརྐྱང་བའི་མཚན་ཉིད་ཀྱི་བྱ་བ་ལ་སྦྱོར་བ་དང་། བྱ་བ་གཅིག་པ་ཉིད་ཀྱི་ཆོས་གོས་ཀྱིས་དགེ་འདུན་མཐའ་དག་ལ་ཁྱབ་པས་སོ། །བགྱི་ཞེས་པ། དངོས་གཞི་དབྱར་སྔ་མའི་དུས་ཁས་བླངས་པ་ནས་གཟུང་། དེའི་དགག་དབྱེའི་མཐའ་དེ་ཚུན་ཆད་དུ་དབྱར་སྔ་མ་གནས་པ་དེ་ཉིད་ཀྱི་རྒྱུ་ལས་བྱུང་བ། སྲ་བརྐྱང་འདིང་བའི་ཉིན་མོའི་མཐར་གྲུབ་པའི་དགེ་སློང་གི་ཆོས་གོས་གསུམ། དགེ་སློང་མའི་ལྔ། རྙེད་པར་བགྲང་བ་སྟེ། དེ་བསྒྱུར་པ་ལས་བྱུང་བའི་དེ་དག་གམ། གང་ཟག་མིན་པར་དགེ་འདུན་ལ་ཕུལ་བ། ཤད་བརྡབ་མ་བྱས་པ། ཡ་ཡོར་མ་གྱུར་པ། མ་མུགས་པ། མ་ཟེགས་པ། སྔར་ཡོངས་སུ་མ་སྤྱད་པ། ཁ་བསྒྱུར་བ་དང་། སྲ་བ་དང་། དྲས་ཤིང་དྲུབས་པ་དང་། རྫོགས་པར་ཟིན་པ་དང་། སྲིད་དུ་ཁྲུ་ལྔའམ་དེ་ལས་ལྷག་པ་དང་། ཆོས་གོས་གསུམ་ཕྲུགས་ཇི་སྙེད་འབྱོར་བ་དང་། སྔར་བྱིན་གྱིས་བརླབ་པ་ཕྱུང་བ་རྣམས་ནི་རུང་བ་ཞེས་བྱའོ། །འཐུད་མ་དང་། ལྷན་རིང་དང་། ལྷན་པ་དང་། སྐུད་རིས་ཀྱིས་བཏབ་པའི་ཆ་ག་ཅན་དང་། མཐའ་གཟེགས་ནས་གཟུངས་བཏབ་པ་དང་། སྤང་ལྟུང་སྐྱེད་ནས་སྤངས་པ་དང་། རྒྱུ་མི་རུང་བས་མ་བརྟགས་པ་དང་། བྲལ་ཕྲད་དེ་ཕྱག་དར་ཁྲོད་ལམ་ནས་རྙེད་པ་དང་། ལོ་སྔ་མ་དག་ཏུ་སྲ་བརྐྱང་བཏིང་བ་རྣམས་མི་རུང་བའོ། །འདིང་བའི་ཉི་མ་ལ་བབ་པའི་མདུན་རོལ་ཅི་རིགས་པ་ནས་དབྱར་ནང་གི་ཉི་མ་གང་ལ་ཆོས་གོས་དེ་འབྱོར་པའི་ཉི་མ་དེ་ཉིད་ལ་དབྱར་གནས་པར་ཁས་བླངས་པའི་དགེ་འདུན་དུ་གྱུར་པའི་དགེ་སློང་ཐམས་ཅད་མཚམས་ཀྱི་ནང་དུ་ཚོགས་པས་ཆོས་གོས་དེ་དབྱར་གནས་པའི་དགེ་འདུན་གྱི་གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བར་གནས་པར་བྱ་བ་དང་། སྦྱིན་པ་པོ་རྣམས་ཀྱི་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་སྦྱང་བར་བྱ་བའི་ཕྱིར་སྲ་བརྐྱང་དུ་གདིང་བར་དགེ་སློང་ཐམས་ཅད་ཀྱིས་མོས་པར་བྱ་བའོ། །དེ་ནས་ཆོས་གོས་དེ་སྲ་བརྐྱང་ཉིད་དུ་བགྱི་བར་དགེ་འདུན་གྱི་མཚམས་ཀྱི་ནང་དུ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བློ་མཐུན་པར་བྱའོ། །བསྐོ་བྱ་སྟོན་འབྲིང་གི །བཅུ་དྲུག་ཉིན་པར་རུང་བ་ལས་ཀྱིས་གཏད། །གོ་རིམ་ཇི་བཞིན་འདིང་བཟླས་རེ་རེའི་མདུན། །བཏིང་ངོ་ཞེས་པས་གོ་བྱ་གཞན་གྱིས་ལེན། །མཚམས་ཀྱི་ནང་དེར་དབྱར་སྔ་མ་གནས་པར་ཁས་མ་བླངས་པ་དང་། དབྱར་རལ་བ་དང་། ས་གཞན་ན་གནས་པ་དང་། དེ་དག་ཉིད་ཐོབ་པ་དང་། ཆོས་མིན་པའི་ཕྱོགས་སུ་སོང་བ་མིན་པའི་དགེ་སློང་གཅིག་ལ་སྤྲོ་བ་བྱས། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །ཆོས་གོས་བློ་མཐུན་པར་བྱས་པའི་ཉིན་དེ་ཀར་བསྐོས་པ་ལ། གསོལ་བ་འབའ་ཞིག་པའི་ལས་བྱས་ཏེ་གཏད་པར་བྱའོ། །བསྐོས་པ་དེས་ཀྱང་བཀྲུ་བ། དྲུབ་པ། ཁ་བསྒྱུར་བ་གང་ཡང་རུང་བ་མ་གྲུབ་ན་མ་གྲུབ་པ་ཉིད་དང་། གསུམ་ཀར་མ་གྲུབ་ན་གསུམ་ཀ་རྗེས་སུ་བསྒྲུབ། ཟིན་པ་ཞིག་ན་རང་གི་ཁ་བསྲུབས་གཉིས་སམ་གསུམ་བསྒྲུབ་པར་བྱའོ། །ནོད་པའི་དུས་འདིང་བར་འགྱུར་རོ་སྙམ་དུ་སེམས་བསྐྱེད་དེ་མ་བརྩམས་པའི་ཕྱིར་རོ། །རང་བྱེད་པའི་ཚེ་འདིང་ངོ་སྙམ་དུའོ། །དེའི་མཇུག་ཏུ་བཏིང་ངོ་སྙམ་དུ་སེམས་སོ། །སྔ་མ་མ་བྱས་པས་ཉམས་ན་ཡང་འོག་མ་གཉིས་བྱས་ན་སྲ་བརྐྱང་འདིང་བར་མི་འབྱུང་བ་མ་ཡིན་ནོ། །སྟོན་ཟླ་འབྲིང་པོའི་ཚེས་བཅོ་ལྔའི་རྒོངས་འདིང་བར་བྱེད་པ་དེས་དགེ་འདུན་ཐམས་ཅད་མཚམས་ཀྱི་ནང་དུ་འཚོགས་པ་ལ། ཚེ་དང་ལྡན་པ་དག་བདག་སང་སྲ་བརྐྱང་འདིང་བར་འགྱུར་གྱི། ཁྱེད་ཅག་གིས་རང་རང་གི་ཆོས་གོས་རྣམས་དབྱུང་བར་བྱའོ། །ཞེས་བརྗོད་ལ། བཅུ་དྲུག་གི་ནང་པར་སྲ་བརྐྱང་འདིང་བའི་དོན་དུ་དགེ་འདུན་འདུ་བ་དེའི་སྐབས་གནས་མལ་བཤམ་པ་དང་། གཎྜྻི་བརྡུང་བ་དང་། དྲིས་པའི་ཚིག་གིས་ཡང་དག་པར་བསྒོ་སྟེ། སྲ་བརྐྱང་དུ་འདིང་བའི་ཆོས་གོས་སུམ་ཕྲུགས་དྲི་དང་མེ་ཏོག་གིས་མཆོད་ཅིང་བདུག་སྤོས་དྲི་ཞིམ་པོས་བདུགས་པ་ཕྲུགས་གཅིག་གམ། གཉིས་སམ། དུ་མ་ཇི་སྙེད་འབྱོར་བ་དག་གཟེབ་ཀྱི་པྲོག་མ་གཅིག་ཏུ་ལྷན་ཅིག་བཞག་པ་སྲ་བརྐྱང་འདིང་བར་བྱེད་པའི་དགེ་སློང་གི་པང་པར་ཐོགས་ཏེ། ཐོག་མར་དགེ་འདུན་ལ་སྲ་བརྐྱང་འདིང་བ་བསྒྲུབ་པར་བྱ་བའི་སྔགས་བཟླས་པ་དེའི་འོག་ཏུ། གནས་བརྟན་མན་ཆད་ནས་དགེ་སློང་ཐམས་ཅད་ཀྱི་མདུན་དུ་རྒན་རིམ་གྱིས་འདུག་སྟེ་དགེ་སློང་ལ་གོ་བར་བྱ་བའི་སྔགས་ལན་གསུམ་བཟླས་སོ། །གནས་བརྟན་སོགས་དགེ་སློང་རེ་རེས་ཀྱང་འཕྲལ་དེར་ལེགས་པར་བཏིང་ངོ་། །ཤིན་ཏུ་བཏིང་ངོ་། །འདི་ལ་རྙེད་པ་དང་ཕན་ཡོན་གང་ཡོད་པ་དེ་བདག་གི་ཡིན་ནོ། །ཞེས་བརྗོད་དོ། །སྲ་བརྐྱང་འདིང་བ་ན་གཉིད་ལ་སོགས་པའི་དབང་གིས་བཏིངས་པ་འདི་ཉམས་སུ་མ་མྱོང་ཀྱང་། གཉིད་སད་པ་ལ་སོགས་པའི་དུས་ན་བཏིང་བ་ཐོས་ནས་ཚོགས་པ་བྱིན་པས་མངོན་སུམ་དུ་གྱུར་པ་འདི་ལ་རྗེས་སུ་ཡི་རངས་བར་བྱེད་ན་བཏིང་བའི་ཕན་ཡོན་དང་རྙེད་པ་འབྱུང་ངོ་། །དུས་སུ་གསེང་བྲད་སྤྲུག་གོ་ཁྱིམ་སོགས་མིན། །འདིང་བའི་དགེ་སློང་དེས་དེ་ལྟར་བཏིངས་ནས། དུས་སུ་སིར་བུའི་ངད་ལ་གསེང་བར་བྱ། ཉི་མ་ལ་བསྲོ་བར་བྱ། རྡུལ་སྤྲུག་པ་དང་། ཁྱིམ་དུ་བ་ཅན་དང་རྡུལ་ཅན་དུ་མི་བཞག་པ་དང་། རྒྱལ་པོའི་ཕོ་བྲང་དུ་མི་བཞག འདིང་བར་བྱེད་པས་བཏིང་བ་དེ་དག་དང་མཚམས་ཀྱི་ཕྱིར་སྐྱ་རེངས་ཀྱི་ཆོད་པར་བྲལ་བར་མི་བྱའོ། །བཏིང་བ་དེ་ཁྱེར་ནས་མཚམས་ཀྱི་ཕྱིར་མི་འགྲོ། མི་གཙང་བའི་སྐྱབས་དང་། བླ་གབ་མེད་པར་མི་འཇུག་གོ །མ་ཞིག་དཔྱིད་རའི་ཉར་དབྱུང་ལྷགས་དུས་ཉིད། །དབྱུང་བ་ནི་རྣམ་པ་གཉིས་ཏེ། རང་འཇུག་པ་བྲལ་བ་དང་བཅོས་མའོ། །མཚམས་གང་དུ་དེ་བཏིང་བར་བྱེད་པའི་མཚམས་དེར་བྱིན་གྱིས་རློབ་པར་བྱེད་པའི་དགེ་སློང་ཐམས་ཅད་མེད་པའམ། ཐམས་ཅད་མཚམས་གཞན་དུ་ཕྱིན་པ་དེར་སྐྱ་རེངས་ཤར་བ་ན་འཇིག་ཅིང་། གང་ཟག་ཉི་ཚེས་ཕྱིན་ནམ་མེད་ན་དེ་ཉིད་ཀྱིས་འཇིག་གོ །དབྱར་གནས་པར་ཁས་བླངས་པའི་དགེ་འདུན་གྱི་གནས་དེའི་མཚམས་སུ་གཏོགས་པའི་དཀྱིལ་འཁོར་དེ་གཏན་གཏོང་ན་འཇིག་གོ །ཐ་མ་འདི་ནི་གང་ཟག་ཁོ་ན་ལའོ། །ཆོས་གོས་བྱ་བའི་བསམ་པ་མེད་ཅིང་ཕྱིར་འོང་བའི་སེམས་མེད་པས་མཚམས་ལས་འདའ་ན་འཇིག་སྟེ། སྦྱོར་བས་འགྲོ་བའི་མཐའ་ལས་བྱུང་བའོ། །ཆོས་གོས་བྱ་སེམས་མེད་ཅིང་མཚམས་ཕྱིར་སོན་པ་ན། ཕྱིར་མི་འོང་བའི་སེམས་སྐྱེས་སམ་ཕྱིར་འོང་བ་ལ་ཐེ་ཚོམ་ཟ་ན་འཇིག་སྟེ། ངེས་པར་བྱེད་པའི་མཐའ་ལས་བྱུང་བའོ། །ཆོས་གོས་བྱ་བསམ་ཡོད་པ་ཟིན་ལ་ཕྱིར་མི་འོང་བའི་སེམས་ཐེ་ཚོམ་ཟ་ན་འཇིག་སྟེ། མཐར་ཐུག་པའི་མཐའ་ལས་བྱུང་བའོ། །མཚམས་ཀྱི་ཕྱི་རོལ་དུ་ཆོས་གོས་བརྩམས་པ་རྐྱེན་གྱི་དབང་གིས་རྒྱུན་ཆད་ན་འཇིག་སྟེ། ཞིག་པའི་མཐའ་ལས་བྱུང་བའོ། །བསམ་པའི་རྒྱུན་ཆད་པས་མཚམས་ཀྱི་ཕྱིར་ཆོས་གོས་བྱེད་པར་གྱུར་པ་ཆད་ན་འཇིག་སྟེ། བསམ་པའི་རྒྱུན་ཆད་པའི་མཐའ་ལས་བྱུང་བ་ཡིན་ནོ། །ཆོས་གོས་བྱ་བའི་ཕྱིར་འོང་བ་ལ་ཐེ་ཚོམ་ཞིང་མཚམས་ལས་འདའ་བ་དང་། ཆོས་གོས་བྱ་བ་ཕྱིར་འོང་བའི་སེམས་མེད་པས་མཚམས་འདའ་ན་འཇིག་སྟེ། མཚམས་ལས་འདས་པའི་མཐའ་ལས་བྱུང་བའོ། །ལས་ལས་གཞན་བདག་ལ་སྲ་བརྐྱང་མི་དགོས་སོ་སྙམ་དུ་བལྟོས་པ་མེད་པའི་སེམས་སྐྱེས་ཀྱང་འཇིག་པས། དེའི་རྗེས་སུ་མི་འབྲང་བར་ལས་ཉིད་ཀྱིས་སྲ་བརྐྱང་དབྱུང་ངོ་། །བཅོས་མས་འཇིག་པ་ནི་ལས་ཏེ། དཔྱིད་རའི་ཉ་ལ་གསོ་སྦྱོང་བྱས་པའི་རྗེས་ལ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སྲ་བརྐྱང་དབྱུང་བར་བྱའོ། །དམིགས་བསལ་དགེ་སློང་ཆོམ་རྐུན་གྱིས་བཅོམ་པ་དག་ལྷགས་ན། དེ་དག་གི་དོན་དུ་གསོ་སྦྱོང་གི་དུས་དང་སྦྱར་ཏེ་གསོ་སྦྱོང་བྱས་ལ། དེའི་མོད་ལ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་དབྱུང་ངོ་། །རྗེས་སུ་འབྲེལ་བའི་ཤན་མེད་ན་དབྱུང་བ་མ་ཐོས་ཀྱི་བར་དུ་སྲ་བརྐྱང་བཏིང་བའི་ཕན་ཡོན་རྗེས་སུ་འཇུག་གི ཐོས་ན་ནི་མེད་པར་འགྱུར་རོ། །རྗེས་སུ་འབྲེལ་བ་ཡོད་པ་ཞེས་བྱ་བ་གོས་ལ་རེ་བ་ཡོད་པ་དང་། གོས་བརྩམས་པ་མ་ཞིག་པ་དང་། གོས་བརྩམས་པ་མཐར་ཐུག་པར་མ་གྱུར་པའི་ཤན་ཡོད་པའོ། །དེ་མེད་ན་རྗེས་སུ་འབྲེལ་བ་མེད་པའོ། །རྗེས་འབྲེལ་ཡོད་ན་མཐར་ཐུག་པ་དང་རེ་བ་ཆད་པའི་བར་དུ་ཡོད་ལ། དེ་ནས་མེད་དོ། །སྲ་བརྐྱང་མ་བྱུང་བའི་སྔོན་རོལ་དུ་དེའི་རྙེད་པ་བགོ་བར་མི་བྱའོ། །དགེ་སློང་ཆོས་གོས་ངན་པ་ལ་དགེ་འདུན་གྱི་གསོལ་བའི་ལས་ཀྱིས་དེ་ལ་ཆོས་གོས་ཀྱི་རྒྱུ་བྱིན་ནོ། །སྲ་བརྐྱང་བཏིང་ནས་དེའི་འོག་ཏུ་དགེ་འདུན་བྱེ་བར་གྱུར་ན། དགེ་སློང་དེ་དག་སྲ་བརྐྱང་དབྱུང་བ་ཐ་དད་པར་འགྲུབ་པས་གཅིག་གིས་ཕྱུང་ན་ཅིག་ཤོས་ཀྱིས་དབྱུང་ངོ་། །དགག་དབྱེ་བྱས་ནས་བྱེ་ན་སྲ་བརྐྱང་ཆོས་སྨྲ་བ་དག་ཡོད་པས་འདིང་། ཆོས་མ་ཡིན་པ་སྨྲ་བ་དག་གིས་བཏིངས་ཀྱང་དབྱར་གནས་པའི་རྒྱུ་ལས་བྱུང་བའི་རྙེད་པ་ནི་སྔ་མ་ལ་འོས་པ་ཉིད་དེ། གཉིས་པ་ཕྱོགས་གཞན་དུ་གནས་པའི་ཕྱིར་རོ། །རང་བཞིན་དུ་གནས་པའི་གནས་སུ་སྲ་བརྐྱང་འདིང་བར་བྱེད་པ་སྤངས་ན་རྙེད་པ་མི་འཐོབ་ལ། འདི་ལས་བདག་གི་རྙེད་པ་དང་ཕན་ཡོན་འབྱུང་ངོ་སྙམ་དུ་བསམ་ན་སྲ་བརྐྱང་བཏིང་བ་ཡིན་ཞིང་འདུན་པ་ཕུལ་བར་བྱེད་པ་ཡང་ངོ་། །བསམ་པ་དེ་དང་བྲལ་ན་སྲ་བརྐྱང་ཕྱུང་བར་བརྗོད་དོ། །འདུན་པ་མ་ཕུལ་བ་ལ་ཕྱུང་བ་ཐོས་པའི་ཚེ་ན་བྱའོ། །མཚམས་གཅིག་པའི་ནང་ན་གནས་དུ་མ་ཡོད་ལ། ཁ་ཅིག་གནས་གཅིག་ཏུ་གནས་ཤིང་ལྷག་མ་གཞན་དུ་གནས་ན་དེ་དག་ཐམས་ཅད་སྲ་བརྐྱང་བཏིང་བའི་ཕྱིར་གནས་པ་ཡིན་ལ། རྙེད་པའི་ཕྱིར་ནི་མ་ཡིན་ཏེ། རྙེད་པ་ནི་བདག་པོས་རྣམ་པར་གཞག་པ་བཞིན་དུ་གནས་སོ། །བཏིངས་ནས་མཚམས་ཐ་དད་པར་བྱས་ནས་གནས་གང་ཡང་རུང་བ་བཞག་ན་ཡང་སྲ་བརྐྱང་བཏིང་བ་རང་གི་གནས་ཡིན་ནོ། །མཚམས་ཐ་དད་ན་བྱུང་བ་ནི་སོ་སོར་བྱ་དགོས་སོ། །སྲ་བརྐྱང་མ་བཏིང་བའི་གང་ཟག་སྲ་བརྐྱང་འབྱིན་པའི་ཁ་སྐོང་དུ་མི་རུང་བ་ཡིན་ནོ། །ཕན་ཡོན་རྙེད་པ་བཅུ་དང་ལྔས་ཐོབ་མིན། །ཕན་ཡོན་ནི་བཅུ་སྟེ། འཆང་བ་དང་། འབྲལ་བ་དང་། འཇོག་པ་དང་། ཡང་ཡང་ཟ་བ་དང་། འདུས་ཤིང་ཟ་བ་དང་། མ་སྨྲས་པར་གྲོང་དུ་འགྲོ་བ་དང་། གོས་སློང་བ་དག་ལ་ཉེས་པ་མེད་པ་དང་། དགེ་སློང་ལྷག་མ་དག་དང་རྙེད་པ་ཐུན་མོང་དུ་འགྱུར་བ་ཞེས་བྱ་བ་བརྒྱད། སྟོད་གཡོགས་སྨད་གཡོགས་དང་བཅས་པའི་ཆོས་གོས་ཀྱིས་ལྗོངས་རྒྱུ་ཞིང་འགྲོ་བ་དང་། རུང་བར་མ་བྱས་པའི་གོས་ཇི་ཙམ་འདོད་པ་འཆང་བ་ཞེས་བྱ་བ་གཉིས་ཏེ་བཅུའོ། །སློང་བར་མི་རིགས་པ། རིགས་པ། དཔགས་པ་སློང་བ། སོ་སོ་ནས་དཔགས་པ་སློང་བ་བཞི་གོས་སློང་བ་ཞེས་གཅིག་ཏུ་བསྡུས་པ་དང་འབྲལ་བ་སྤྱི་གནང་བས་དགོན་པ་པའི་འབྲལ་བའང་གནང་། བརྟད་པ་ལས་བྱུང་བའང་མེད་དེ། གནང་བའི་ཕྱིར་རོ། །རྙེད་པ་ཐོབ་ལ་ཕན་ཡོན་མེད་པ་ནི་བཅུ་སྟེ། མགུ་བ་སྤྱད་བཞིན་པ་དང་། མགུ་བ་བྱས་ཀྱང་དབྱུང་བ་མ་བྱས་པ་དང་། སྤོ་བ་སྤྱོད་བཞིན་པ་དང་། སྤོ་བ་དེ་ལས་ལངས་ཀྱང་མགུ་བ་མ་བྱིན་པ་དང་། དབྱར་ཟླ་བ་གསུམ་གནས་དགོས་པ་ལས་དབྱར་གནས་མ་རྫོགས་པ་དང་། དབྱར་བྲལ་བ་དང་། དབྱར་གནས་སྔ་ཕྱི་གཉིས་ལས་དབྱར་ཕྱི་མར་གནས་པ་དང་། དེ་བཞིན་དུ་སྲ་བརྐྱང་བཏིང་བ་ལ་མངོན་དུ་མ་གྱུར་པ་ལྐོག་ཏུ་གྱུར་པར་གནས་པའི་དགེ་སློང་དང་། དགེ་ཚུལ་དག་དང་། བསླབ་པ་སྤྱོད་པར་བྱེད་བཞིན་པ་སྟེ་བཅུའོ། །རྙེད་པ་ལ་མི་དབང་བ་ནི། ལྟ་བ་དྲི་མ་ཅན་སྡིག་པའི་ལྟ་བ་འཆང་བ་དང་། ཚུལ་ཁྲིམས་དྲི་མ་ཅན་ཕམ་པས་གོས་པ་དང་། དགེ་སློང་གང་ཞིག་འཐབ་ཀྲོལ་སོགས་ཀྱི་རྒྱུས་དགེ་འདུན་གྱིས་གནས་དབྱུང་བྱས་ནས་རབ་ཏུ་སྤངས་པ་དང་། ཆོས་ཕྱོགས་པ་དང་ཆོས་མ་ཡིན་པ་གཉིས་སུ་གྱེས་པའི་དུས་སུ་ཆོས་མ་ཡིན་པའི་ཕྱོགས་སུ་ལྷུང་བ་དང་། དེ་བཞིན་དུ་གནས་གཞན་དུ་དབྱར་གནས་བཅས་པ་སྟེ་ལྔའོ།། །། གཉིས་པ་གྲང་བ་དང་རྟགས་ཉམས་པ་སྤོང་བ་གོས་ཀྱི་གཞི་ནི། རྒྱུ་བདུན་གོས་དྲུག་ལ་ནི་ཆོས་གོས་གཉིས། །སྣམ་སྦྱར་དགུ་དང་བླ་གོས་གསུམ་མཐང་གོས། །གཉིས་ཏེ་ཚད་ལྡན་རུང་བའི་ཚོན་གྱིས་བསྒྱུར། །མ་རྙེད་ཕོངས་ལ་འཁོར་གསུམ་ཁེབས་ཙམ་གནང་། །མཚོན་གྱིས་མ་དྲས་པའི་གོས་སྤྱད་པར་མི་བྱའོ། །དྲས་ཤིང་དྲུབ་པ་ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་པར་བྱའོ། །ཞེས་པའི་དོན། གླེང་གཞི་འཚོ་བྱེད་གཞོན་ནུ་ལུས་འཕགས་རྒྱལ་པོའི་དཔྱད་བྱས་པས། བརྒྱ་སྟོང་རི་བའི་བེའུ་རས་ཡུག་ཆེན་པོ་གཅིག་བྱིན་པ་དེ་སྟོན་པ་ལ་ཕུལ་ལོ། །ཀུན་དགའ་བོ་འདི་ལོང་ལ་ངའི་ཆེད་དུ་དྲོས་ཤིག ཀུན་དགའ་བོས་ས་ཕྱོགས་ཡངས་པ་བལྟས་པས་མང་པོ་ལྡང་བར་མཐོང་ནས། བཅོམ་ལྡན་འདས་ཀྱི་ཆོས་གོས་གསུམ། བདག་ཉིད་ཀྱི་བླ་གོས་མཐང་གོས། སྒྲ་གཅན་འཛིན་གྱི་རལ་ཆུང་དཔུང་ཆད་གཅིག་བྱས་སོ། །སྟོན་པས་དབྱར་གྱི་གནས་དེར་རས་ལྔ་བརྒྱ་བརྙེས་ཤིང་། དགེ་འདུན་གྱིས་ཀྱང་མང་དུ་རྙེད་ནས། ཇི་ལྟར་བྱ་མ་ཤེས་ནས་གསོལ་པས། ཁྱིམ་པས་གོས་གྲིས་དྲས་ནས་ཁ་དོག་ངན་པར་བྱས་ཏེ་བཅང་པར་བྱའོ། །གཟུགས་ཅན་སྙིང་པོས་འཚོ་བ་པ་ཞིག་མཐོང་ནས་གླང་པོ་ཆེ་ལས་བབས་ནས་རྐང་པ་ལ་གཏུགས་པའི་ཕྱག་བྱས་སོ། །གཅིག་གིས། ལྷས་སུ་ལ་ཕྱག་བགྱིས། ཉན་ཐོས་ལའོ། །མིན་ཏེ། འཚོ་བ་པའོ། །རྒྱལ་པོས་སྟོན་པ་ལ་དགེ་སློང་གི་ཆོས་གོས་ལ་མཚན་མ་ཅུང་ཟད་མཛད་དུ་གསོལ། །གནང་ངོ་། །ཀུན་དགའ་བོ་ལུས་འཕགས་ཀྱི་རི་བོ་མཐོང་ངམ། མ་མཐོང་ལགས་སོ། །ངའི་ཆོས་གོས་ཀྱི་གྲྭ་ལ་འཇུས་ཤིག འཇུས་པས། ལུས་འཕགས་ཀྱི་རི་ལ་ཕྱིན་པ་དང་། མ་ག་དྷའི་མི་རྣམས་ཀྱི་ཞིང་མཉམ་ཞིང་ཉེ་འཁོར་མཉམ་པ་རྣང་གི་ཁྱད་པར་སྣ་ཚོགས་པ་རྣང་སྒལ་གྱིས་འབྲེལ་ཅིང་མཛེས་པ་གཟིགས་ནས་མཐོང་ངམ། ཆོས་གོས་འདི་བཞིན་དྲས་ཏེ་དྲུབ་པར་བྱའོ། །དགེ་སློང་གི་སྣམ་ཕྲན་ཁ་ཕྱོགས་གཅིག་ཏུ་བསྟན་པས་མི་མཛེས་ནས། ཀུན་དགའ་བོས་བཀའ་མ་སྩལ་མོད་ཀྱི་འདིས་རྐྱེན་བྱས་ནས་གནང་བའི་སྐབས་ཡོད་མོད་སྙམ་ནས་ཁ་ཕྱོགས་གཉིས་ཀར་བསྟན། འོན་ཀྱང་མ་མཛེས་ནས་མཐའ་སྐོར་ནས་ཕུལ་བས། ལེགས་སོ། །ངས་གནང་བ་ཁྱོད་ཀྱིས་ཤེས་ཏེ། འདི་ལྟ་བུ་དྲས་ལ་དྲུབ་བོ། །རུང་བའི་རྒྱུ་བདུན་ནི། ཚིག་ལེའུར་བྱས་པ་ལས། བལ་གོས་ཤ་ན་ཉི་འོག་དང་། །རས་གོས་དང་ནི་ཟར་མ་དང་། །གོ་ཏམ་པ་དང་དུ་གུ་ལ། །ཆོས་གོས་རྒྱུ་ནི་རྣམ་པ་བདུན། །ཞེས་པ་ཉིད་དོ། །གོས་དྲུག་ནི། དུར་ཁྲོད་པའི་གོས་ནི། དུར་ཁྲོད་དུ་སྤྱོད་པའི་གོས་སོ། །མི་ཤེས་པའི་གོས་ནི། སྦྱིན་པ་པོ་ངོ་མི་ཤེས་པ་ཉིད་དོ། །ཤེས་པའི་གོས་ནི། སྦྱིན་པ་པོ་ངོ་ཤེས་པ་ཉིད་དོ། །སོང་བའི་གོས་ནི། ཆེད་དུ་སོང་ནས་རོའི་གོས་གནས་གཞན་དུ་བླངས་པའོ། །མ་སོང་བའི་གོས་ནི། རོའི་གོས་བླངས་ནས་གོས་གནས་དེ་ཉིད་དུ་སྤྱོད་པའོ། །ཕྱག་དར་ཁྲོད་ནི། བོར་བ་སྟེ། ཕྲན་ཚེགས་ཀྱི་འགྲེལ་པར། ཆུའི་མཐའ་ནི་ངོགས་ཡིན་ལ། གོས་ཀྱི་མཐའ་ནི་ཕྱག་དར་ཁྲོད་པ་ཡིན་ཏེ། ཕྱག་དར་དང་འདྲ་བ་ཕྱག་དར་དུ་བོར་བའོ། །ཞེས་པ་དྲུག་གོ །ཕྱག་དར་ཁྲོད་ནི་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། ཕྱག་དར་ཁྲོད་དེ་ཡང་རྡུལ་གྱི་སྦགས་པ་སྟེ། ལམ་པོ་ཆེའི་གོས་དང་། དགོན་པར་བོར་བ་དང་། སྲང་དུ་བོར་བ་དང་། མེས་ཚིག་པ་དང་། མི་གཙང་བ་དག་གིས་གོས་པའོ། །ཡང་ན་མེས་ཚིག་པ་དང་། ཆུ་ལ་བོར་བ་དང་། དེ་བཞིན་དུ་མ་མས་བྱིན་པ་ཉིད་ནི་བུ་ཆུང་གི་མི་གཙང་བས་གོས་པ་དང་། བྱི་བའི་སོས་འཆོས་པ་དང་། དེ་བཞིན་དུ་བེའུས་ཟོས་པའོ། །ཆོས་གོས་གཉིས་ནི། ཆོས་གོས་གསར་པ་དང་། བརྙིངས་པ་ལོངས་སྤྱད་བཟོད་ཙམ་དུ་ཡོད་པའོ། །དུས་ཚིགས་གཅིག་རངས་པར་མ་སྤྱད་པ་ནི་གསར་པ་སྟེ། དེ་ལ་སྣམ་སྦྱར་དང་གདིང་བ་གཉིས་རིམ་དུ་བྱ་ཞིང་གཞན་བླ་གོས་ལ་སོགས་པ་རྣམས་ཐམས་ཅད་དུ་ཆིག་རྐྱང་འབའ་ཞིག་ཏུ་བྱའོ། །ཕྱག་དར་ཁྲོད་མ་ཡིན་པའི་བརྙིངས་པ་ལ་སྣམ་སྦྱར་དང་གདིང་བ་ལ་བཞི་རིམ་དུ་བྱའོ། །ཕྱག་དར་ཁྲོད་ལ་ཅི་ཙམ་དགོས་པ་ཡང་བྱའོ། །སྣམ་སྦྱར་ནི། ཆེ་ཚད་གསུམ། འབྲིང་ཚད་གསུམ། ཐ་མའི་ཚད་གསུམ་སྟེ་དགུའོ། །དང་པོ་ནི། སྣམ་ཕྲན་ཉེར་ལྔ་པ་དང་། ཉེར་གསུམ་པ་དང་། ཉེར་གཅིག་པ་གསུམ། གླེགས་བུ་ཕྱེད་དང་ལྔ་པར་བྱས་པ། གཉིས་པ་ནི། སྣམ་ཕྲན་བཅུ་དགུ་པ་དང་། བཅུ་བདུན་པ་དང་། བཅོ་ལྔ་པ་གསུམ། གླེགས་བུ་ཕྱེད་དང་བཞི་པ། གསུམ་པ་ནི། བཅུ་གསུམ་པ་དང་། བཅུ་གཅིག་པ་དང་། དགུ་པ་གསུམ། གླེགས་བུ་ཕྱེད་དང་གསུམ་པ་བྱས་པའོ། །ཆེ་ཚད་ལ། ཞེང་ལ་ཁྲུ་གསུམ། སྲིད་དུ་ཁྲུ་ལྔའོ། །ཞེང་ལ་ཕྱེད་དང་གསུམ། སྲིད་དུ་ཕྱེད་དང་ལྔ་ནི་ཆུང་ངུའོ། །དེ་གཉིས་ཀྱི་བར་ཅི་ཡང་རུང་བ་ནི་འབྲིང་པོའོ། །ཇི་ལྟར་སྲིད་དུ་བསྟན་པའི་ཚལ་བུ་རྣམས་ཀྱི་སྣ་མཐོ་དམན་དུ་འདུག་པས་སྣམ་ཕྲན་སྣེལ་ཞི་ཉིད་དུ་གྱུར་པ་དེ་ལྟར་ཆོས་གོས་དེ་དྲུབ་པར་བྱའོ། །སྣམ་བུ་གཅིག་ལ་ཚལ་བུས་ནོན་པའི་ལྷག་མ་སྣོན་པ་ཇི་ཙམ་ཡོད་པ་དེ་ཙམ་དུ་དེ་ལས་གཞན་པའི་སྣམ་བུ་ལྷག་མ་དག་ཀྱང་དེ་དང་མཉམ་པར་བྱའོ། །དབུས་ཀྱི་སྣམ་ཕྲན་ལས་བལྟོས་ནས་གཡས་གཡོན་གྱི་ཕྱོགས་གཉིས་སུ་ཚལ་བུའི་འཕྲོ་ཕྱོགས་ཕྱོགས་སུ་བལྟ་བར་བྱའོ། །ངོས་བཞི་ཀུན་ནས་འཁོར་བར་མཐའ་སྐོར་གྱིས་འཕྲོ་ཐམས་ཅད་བསྐོར་བར་བྱའོ། །གླེགས་བུ་དང་གླེགས་བུ་ཕྱེད་པ་རྣམས་ཚད་མཉམ་པར་བྱ་སྟེ། གཞལ་བའི་ཕྱག་ཤིང་གིས་སོ། །ཚད་ནི་སོར་བཞིའམ་མཐེབ་མཛུབ་ལྟོ་སྤྲད་ནས་བརྐྱང་བའི་མཐེབ་མཛུབ་ཀྱི་རྩེ་མོའི་ཚད་བྱ་རོག་གི་མཐོ་གང་ཞེས་བྱའོ། །དེ་ནི་ཆོས་གོས་ཆེ་ཚད་ཀྱིའོ། །སོར་གསུམ་དང་། ཕྱེད་དང་གསུམ་དང་། གཉིས་དང་། མཐེབ་སོར་གཅིག་གང་ཡང་རུང་བ་ཆུང་ཚད་ཀྱིའོ། །འབྲིང་གི་བར་མའོ། །གང་ཟག་ལུས་ཀྱི་རྐྱེན་དང་ལག་པའི་ཚད་དུ་འཚམ་པ་ལ་རང་རང་གི་ཁྲུ་ཉིད་འདིར་ཚད་ཡིན་ལ། གང་ལུས་ལ་བལྟོས་ན་ལག་པའི་ཚད་རིང་བའམ་ཐུང་བ་ཡིན་ལ། ལུས་ལས་ཆ་མཉམ་པ་བདུན་དུ་རྣམ་པར་ཕྱེ་བའི་ཆ་གཉིས་ཁྲུར་བཞག་ནས་འཇལ་ཏེ། ཁྲུའི་དོན་ནི་ལུས་ཀྱི་ཆ་བདུན་ལས་གཉིས་སོ་ཞེས་གསུངས་པའི་ཕྱིར་རོ། །ཆོས་གོས་བརླག་པ་དང་ཚིག་པ་ལྟ་བུའི་རྐྱེན་ཡོད་ན་སྣམ་སྦྱར་མ་དྲས་པ་དང་། ལྷན་ཐབས་སུ་གླན་ཡང་བྱིན་རླབས་ཆགས་ལ། རྐྱེན་མེད་ན་དྲས་ཤིང་དྲུབས་པ་ཁོ་ན་ལ་ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་བོ། །བླ་གོས་དང་མཐང་གོས་ལ་ནི་དྲས་ཤིང་དྲུབ་པ་ལའམ། མ་དྲས་པ་ལ་ཡང་བྱིན་གྱིས་བརླབ་ཏུ་རུང་སྟེ། ཅི་དགར་འཇུག་པའི་ཆོ་ག་ཡིན་པས་སོ། །རྡུལ་ཡོད་པ་དང་ས་ལ་ཆོས་གོས་མི་འདིང་བར་དྲ་བའི་ཕྱིར་དུ་ཤིང་ངམ་སྨྱུག་མ་ལ་གཏན་པ་ཆོས་གོས་དང་ཚད་མཉམ་པ་བྱའོ། །དེ་ལ་གཏན་པ་སྤང་ལེབ་ཅེས་བྱའོ། །གྲིས་མ་དྲས་པ་བཅད་དུ་མི་རུང་བས། དེའི་ཆེད་དུ་གྲི་སོར་དྲུག་གམ་བརྒྱད་མན་སོར་བཞི་ཡན་འཆང་ཞིང་ཚེམ་བུའི་ཆེད་དུ་ཁབ་དང་། དེའི་སྣོད་དུ་ཁབ་རལ་བཅང་ངོ་། །གྱོན་པའི་ཚེ་མི་འབྱིལ་བར་བྱ་བའི་ཕྱིར་ཆོས་གོས་སྒྲོག་རྟེན་དུ་སྒྲོ་གུ་བྱའོ། །སྣམ་ཕྲན་དུ་དྲས་ཏེ་སྦྱར་བས་ན་སྣམ་སྦྱར་རོ། །དེའི་སྣོད་གཏུར་བུ་བྱ་སྟེ། སྲིད་དུ་ནི་ཁྲུ་གསུམ་མོ། །ཞེང་དུ་ནི་ཁྲུ་ཕྱེད་དང་གསུམ་ལས་ཉིས་བལྟབ་ཏུ་བྱས་ཏེ་བཙེམ་མོ། །དབུས་སུ་ཁ་གདོད་དོ། །སྣམ་སྦྱར་མཆན་ཁུང་གཡས་པའི་རྔུལ་གྱིས་མ་རུངས་པར་མི་འགྱུར་བར་བྱ་བའི་ཕྱིར་དེའི་ཐད་སྲིད་དུ་ཁྲུ་ཕྱེད་དང་དོ། །ཞེང་དུ་མཐོ་གང་བའི་ལྷན་པ། ངོས་གཉིས་ཀར་སྐུད་པའི་གཟུང་གདབ་ཅིང་སྦྱར་བར་བྱ། བཙེམ་པ་ནི་མ་ཡིན་ནོ། །བླ་གོས་ཀྱི་ཆེ་འབྲིང་ཆུང་ངུའི་ཚད་ནི་དེ་དང་མཚུངས་ལ། སྣམ་ཕྲན་ནི་བདུན་པ་དང་། གླེགས་བུ་ནི་ཕྱེད་དང་གསུམ་པར་བྱའོ། །བླ་ནི་སྟོད་དེ། དེ་སྐྱོབ་པར་བྱེད་པའི་ཕྱིར་བླ་གོས་སོ། །མཐང་གོས་ཀྱི་ཚད་སྤྱིར་བཏང་དེ་ཉིད་དང་། སྣམ་ཕྲན་ལྔ་པ་དང་། གླེགས་བུ་ཕྱེད་དང་གཉིས་མའོ། །དམིགས་བསལ་མཐང་གོས་ཀྱི་ཚད་ནི། ཞེང་དུ་ཁྲུ་དོ་པ་ཉིད་དུ་ངེས་ལ། སྲིད་དུ་ཁྲུ་ལྔ་པ་དང་བཞི་པའོ། །འཁོར་གསུམ་ཁེབས་ཙམ་གྱི་བར་ཡང་རུང་བར་བཤད་དོ། །མཐང་ནི་མཐའ་སྟེ་སྨད་ཡིན་ལ། དེ་སྐྱོབ་པའི་གོས་ཡིན་པས་མཐང་གོས་སོ། །དགེ་སློང་མ་ལ་དེ་ལྟར་གསུམ་དང་། ཤིང་ང་དཔུང་ཆད་དང་། རྔུལ་གཟན་ཞེས་བྱ་བ་དག་གོ །རུང་བའི་ཚོན་ནི། ཚིག་ལེའུར་བྱས་པ་ལས། སྔོན་པོ་བཙག་དང་ངུར་སྨྲིག་རྩི། །འདི་དག་རུང་བའི་ཚོན་གསུམ་སྟེ། །ཚོན་ཆེན་དག་གིས་ཆོས་གོས་ནི། །ཁ་སྒྱུར་བྱེད་པ་བཀག་པ་ཡིན། །རྒྱ་སྐྱེགས་ལེ་བརྒན་རྩི་དང་བཙོད། །རྨ་ཤིང་རྩི་དང་མཐིང་ཤིན་མཚལ། །སིནྡྷཱུ་ར་དང་གུར་ཀུམ་སྟེ། །འདི་དག་ཚོན་ཆེན་བརྒྱད་དུ་འདོད། །ཅེས་སོ། །རྔུལ་གཟན་ཤམ་ཐབས་གཉིས་གཉིས། རྔུལ་གཟན་དང་རྔུལ་གཟན་གྱི་གཟན་གཉིས། ཤམ་ཐབས་དང་ཤམ་ཐབས་ཀྱི་གཟན་གཉིས་ཏེ། ཚད་བླ་གོས་དང་མཐང་གོས་དང་མཉམ་པའོ། །གཡན་པ་དགབ། གདིང་བ་རས་ཆེན་སྐྲ་བཟད་གདོང་རྣག་གཟན། །དྲས་པ་གསུམ་སྟེ་བཅུ་གསུམ་འཚོ་བ་དང་། །ལྷག་དང་མཁོ་དང་ཕྲན་ཚེགས་ཡོ་བྱད་བཞི། །དགེ་སློང་ཞིག་གཡན་པའི་ནད་ཀྱིས་ཐེབས་ནས། ཆོས་གོས་ལ་རྣག་ཁྲག་གིས་རེག་ནས་དྲི་མི་ཞིམ་པས་སྦྲང་མ་འདུ་བས། བསོད་སྙོམས་ལ་ཞུགས་པས་ཁྱིམ་པ་འཕྱ་བར་བྱེད་པ་དེ་གསོལ་པས་གནང་ངོ་། །གཡན་པའི་ནད་ཅན་ལ་ལུས་ཀྱི་ཤ་ལ་སྦྱར་ནས་ནད་དེ་དགབ་པའི་ཕྱིར་གྱོན་པར་བྱ་བའི་གོས་ཡིན་པས་གཡན་པ་དགབ་པའོ། །ཚད་སྲིད་དུ་ཁྲུ་དྲུག་དང་། ཞེང་དུ་ཁྲུ་གསུམ་མོ། །དེ་ཞག་ལྔའམ་དྲུག་ན་བཀྲུ་བར་བྱའོ། །དགེ་སློང་མང་པོ་ཞིག་ཀུན་རའི་སྒོ་ན་གནས་མལ་མི་གཙང་བས་གོས་པ་འཁྲུ་བ་དང་། སྐེམ་པ་དང་། འདིང་བ་གཟིགས་ནས། དད་པས་བྱིན་པ་ལ་བག་ཡོད་པ་དང་། དུས་སུ་སྤྱད་པ་དང་། སྐབས་སྐབས་སུ་སྤྱད་པ་དང་། བརྟགས་ཏེ་སྤྱད་པ་ནི་ལེགས་ཀྱི། དེ་བས་ན་གནས་མལ་མི་གཙང་བས་གོས་ན་མོད་ཁོ་ན་ལ་བཀྲུས་ཏེ་དགེ་འདུན་གྱི་གནས་མལ་ལ་གདིང་བ་མེད་པར་ལོངས་སྤྱད་པར་མི་བྱའོ། །མཉན་ཡོད་དུ་ཁྱིམ་བདག་གི་བུ་ཞིག་རབ་ཏུ་བྱུང་བ་དེས་ཁྲི་འབའ་ཞིག་ཐོབ་ཀྱི། མལ་སྟན་མེད་དོ། །ཕ་དེས་དེར་སོང་བ་དང་། ཁྲི་སྟོང་པ་ལ་མལ་སྟན་མེད་པར་མཐོང་ནས། ཁྱོད་ལ་སྟན་མེད་དམ། རབ་ཏུ་བྱུང་ནས་རིང་པོ་ལོན་པས་ཐོབ་ཀྱི། ངེད་གཞོན་པས་མ་ཐོབ་བོ། །ངས་པར་ཐང་ཞིག་བསྐུར་གྱི། ཐིངས་ཤིག མ་གནང་ངོ་། །ཁྱེད་ཀྱིས་སོ། །གནང་གི པར་ཐང་ཐིངས་ཤིག དེས་གདིང་བ་མེད་པར་སྤྱད་པས་དྲི་མ་ཅན་དུ་གྱུར་ཏོ། །ཁྱིམ་བདག་དེས་བཙུག་ལག་ཁང་དུ་འོངས་པ་དང་། དེ་དྲི་མ་ཅན་དུ་གྱུར་པས་ངོ་མ་ཤེས་ཏེ། བུ་བསོད་ནམས་ཆེན་པོར་གྱུར་ཏམ། ཅི་པར་ཐང་འདི་རྙེད་པས་སོ། །རྙེད་རེ་སྐན། དྲི་མ་ཅན་དུ་གྱུར་ཏམ། གདིང་བ་མེད་པར་སྤྱད་པས་ལན་ནོ། །ཁྱིམ་བདག་ཆེན་པོ་ལ་འོས་པའི་གོས་འདི་ལྟ་བུ་མ་རུངས་པར་བྱས་སམ་ཟེར་ནས་འཕྱ་བ་དེ་གསོལ་པས་སོ། །སྟོན་པ་ཡངས་པ་ཅན་དུ་བསོད་སྙོམས་ལ་ཞུགས་པ་དང་། མི་རྒྱབ་ནག་གཅིག་གཟིགས་ནས། ཀུན་དགའ་བོ་ལ་ཕ་གི་མཐོང་ངམ། མཐོང་ལགས་སོ། །འདི་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས་དགེ་འདུན་གྱི་གནས་མལ་ལ་མི་གཙང་བ་དང་། དྲི་མ་ཅན་དང་། ཤུར་བུ་ལ་སོགས་པས་ལོངས་སྤྱད་པས། སྐྱེ་བ་ལྔ་བརྒྱར་རྒྱབ་ནག་ཏུ་སྐྱེས་ལ། ད་དུང་ཡང་རྒྱབ་ནག་ཏུ་སྐྱེའོ་ཞེས་གསུངས་སོ། །གང་ཟག་གིས་དགེ་འདུན་གྱི་རྩྭ་མ་ཡིན་པའི་མལ་སྟན་དང་། འདིང་ཡོགས་དང་། གང་ཟག་གི་མལ་སྟན་ཁྲ་བོ་དང་། ཁྱིམ་པའི་མལ་སྟན་ཆེས་བརྙིངས་པ་མ་གཏོགས་འདི་མ་བཏིང་བར་ལོངས་སྤྱོད་དུ་མི་དབང་བའི་ཕྱིར་འདིང་བའོ། །འདི་ལ་སྟན་གྱི་འདུ་ཤེས་ནི་མི་བྱའོ། །ཚད་ནི་སྲིད་དུ་ཁྲུ་གསུམ་མོ། །མི་ཆོག་ན་ཁྲུ་ཕྱེད་དང་དོ་མན་ཆད་བསྣན་ནོ། །ཞེང་དུ་ཁྲུ་དོ་དང་སོར་དྲུག་གོ །སུམ་ཆའི་མཚམས་སུ་བཅད་དེ་ཆོས་གོས་ཀྱི་ཚལ་བུ་འདྲ་བར་གླེགས་བུ་ཕྱེད་དང་གཉིས་པ་བྱའོ། །ཁྲ་བོ་ནི་མི་རུང་ངོ་། །དབྱར་གྱི་ཆར་པ་སྐྱོབ་པའི་ཕྱིར་འཆང་བས་དབྱར་གྱི་རས་ཆེན། ཚད་སྲིད་དུ་ཁྲུ་དགུ ཞེང་དུ་ཁྲུ་གསུམ་དང་སོར་བཅོ་བརྒྱད་དོ། །སྐྲ་བཟེད་ནི། སྐྲ་གསིལ་བ་བཟེད་པའི་ཕྱིར་སྐྲ་བཟེད། ཞེང་དུ་ཁྲུ་ཕྱེད་དང་གཉིས། སྲིད་དུ་ཁྲུ་གསུམ་མོ། །གདོང་ཕྱིས་ནི། ལུས་ཕྱི་བ་དག་གི་དཔེ་མཚོན་པ་ཙམ་སྟེ། དེའི་ཆེད་དུ་ཁྲུ་གང་ཙམ་ནས་རན་པའི་བར་རོ། །རྣག་གཟན་ནི། རྣག་འཛག་པའི་ཕྱོགས་གླན་པར་བྱ་བ་སྟེ། ཚད་ཇི་ཙམ་དགོས་པའོ། །དེ་དག་འཚོ་བའི་ཡོ་བྱད་དོ། །དེ་དག་ཚར་གཉིས་ལ་སོགས་པ་རང་དོན་ནམ། མང་པོ་དག་གཞན་ཕྱིར་རུང་བར་བྱ་བའམ་མ་བྱས་པར་ཡང་རུང་། ལྷག་པའི་ཡོ་བྱད་དོ། །སྐ་རགས་དང་། མཁོ་བའི་ཡོ་བྱད་ཀྱི་རྒྱུར་བསྔོས་པ་ཁྲུ་གང་གི་ཚད་ལོངས་པའི་གོས་སོགས་དང་། ལྷུང་བཟེད་ཆུང་ངུ་དང་། ཚྭ་སྣོད་དང་། ཟོ་ཕོར་དང་། ལྡེ་མིག་འཁྱོག་པོ་དང་། གྲི་གུ་དང་། ཁབ་དང་། སེན་མོ་བཅད་པ་དང་། ནལ་ཟེ་དང་། ཐལ་ཕྱགས་དང་། སྟ་རེ་དང་། སླ་ང་དང་། ཕུར་བུ་དང་། བྱ་མ་བུམ་དང་། གཞོང་པ་དང་། རིལ་བ་སྤྱི་བླུགས་དང་། ཆུ་སྣོད་ལ་སོགས་པ་དང་། འཁར་གསིལ་རྣམས་མཁོ་བའི་ཡོ་བྱད་དོ། །གོས་ཀྱི་ཚལ་བུ་ཁྲུ་གང་གི་ཚད་དུ་མ་ལོངས་པ་ལ་སོགས་པ་ཕྲན་ཚེགས་ཀྱི་ཡོ་བྱད་དོ། བསྒྱུར་དྲུབ་འཚོ་དང་མཁོ་བ་ལྷག་པ་ཡིས། །ཡོ་བྱད་རུང་བ་བྱིན་བརླབ་མི་རུང་བ། །གཞན་གྱིར་བསྔོས་ལ་བརྟག་འོས་ཡིད་བརྟན་བྱ། །བརྙན་པོ་རེ་ཞིག་པར་བྱ། དཀར་པོ་ལ་སོགས་པ་ཁ་བསྒྱུར་བ་འོས་པ་རྣམས་ནི་རུང་བའི་ཚོན་གྱིས་ཁ་བསྒྱུར། དྲུབ་པར་འོས་པ་རྣམས་ནི་དྲུབ་བོ། །དྲུབ་པར་མི་འོས་པ་ལྷན་ཐབས་སུ་ངེས་པར་གླན་པ་ནི་ཕྱིང་པ་དང་། ལ་བ་དང་། བེའུ་ཕྲུག་དང་། ཀླམ་དང་། སེང་བ་ལྔ་ལས་ཆོས་གོས་གསུམ་བྱས་པའོ། །འོ་ན་པར་སིག་གི་ལྭ་བ་དང་། བེའུ་ཕྲུག་དང་། པར་ཐང་ཁྲ་བོ་གང་ཟག་གིས་བདག་གིར་མི་བྱའོ་ཞེས་གསུངས་པ་ཇི་ལྟར་སྦྱར་ཞེ་ན། པར་སིག་གི་ཡུལ་ནས་བྱུང་བའི་ལ་བ་དང་། བེའུའི་རས་ཀྱི་རིགས་སྤུ་ཏེ་པོར་རིང་པ་མེ་ཏོག་གི་རྣམ་པ་ལྟ་བུའི་རི་མོ་སྣང་བ་དང་། པར་ཐང་ཁྲ་བོ་ནི་ཧ་ཅང་བཀྲ་བའི་ཕྱིར་དགག་པར་མཛད་དོ། །དགེ་སློང་ཞིག་གིས་བཙོ་མའི་ཆོས་གོས་འཆང་བར་གསོལ་བ་དང་། གཏི་མུག་བཙོ་མའི་ཆོས་གོས་ནི་མུ་སྟེགས་ཅན་གྱི་རྒྱལ་མཚན་ཡིན་གྱི། མ་འཆང་ཞིག དེ་བཞིན་སྐྲའི་གོས་དང་། གཅེར་བུ་འགྱེད་པ་དང་། སྐྲ་འབལ་བ་དང་། ལོ་མའི་གོས་དང་གཡང་གཞི་དང་། གསོ་མའི་སེང་རས་དང་། ཁ་ཚར་རིང་པོ་དང་། ཁ་ཚར་གདེངས་ཀ་ལྟ་བུའི་གོས་ཐམས་ཅད་མུ་སྟེགས་ཀྱི་གོས་ཡིན་པས་འཆང་ན་འགལ་ཚབས་ཅན་དུ་འགྱུར་རོ། །ར་ཕྱར་དང་། མཐང་གོས་ཙམ་གྱི་དང་། རལ་ཁ་དང་། གཙུག་ཏོར་དང་། ཐོད་དང་། ར་བལ་དང་། རྔ་བལ་གྱི་གོས་དང་། གོས་ཐམས་ཅད་སེར་བ། སྔོ་བ། དམར་བ། དཀར་བ་ནི་ཁྱིམ་པའི་རྟགས་ཡིན་པས་འཆང་ན་འགལ་ཚབས་ཅན་དུ་འགྱུར་རོ། །སྣམ་སྦྱར་བྱིན་གྱིས་རློབ་པའི་ཕྱིར་དགེ་སློང་གཅིག་གི་མདུན་དུ་བསྒྲེངས་ཏེ། དེ་ཕྲག་པ་གཡས་ལ་བཀལ། སྣ་གཉིས་ཀ་ལག་པ་གཡོན་གྱི་ཐལ་མོ་དགྱེད་པའི་སྟེང་དུ་བཞག གཡས་ཁ་སྦུབ་པས་གཟུང་སྟེ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ། རུང་བ་སྤྱད་པར་འོས་པ་འདི་སྣམ་སྦྱར་དུ་བྱིན་གྱིས་བརླབ་པར་བྱའོ། །ལན་གསུམ་བཟླས། ཐབས་ཡིན་ནོ། །ལེགས་སོ། །བླ་གོས་སོགས་ལ་ཡང་དེ་བཞིན་དུ་རང་རང་གི་མིང་གིས་བྱིན་གྱིས་བརླབ་པར་བྱའོ། །ལྷག་པའི་ཡོ་བྱད་ནི། ཆོས་གོས་སྔ་མའི་བྱིན་རླབས་མ་དབྱུང་བར་གཞན་ལ་བྱིན་རླབས་མི་ཆགས་པའི་ཕྱིར། དེ་ནི་རང་ལ་མི་མཐུན་པ་བྱེད་པ་ཞེ་འགྲས་པ་དང་། གཞན་ལ་ཀླན་ཀ་བརྐོ་བའི་འཁྲུག་ལོང་ཅན་དང་། འབྲེལ་མེད་མུ་ཅོར་སྨྲ་བ་དང་། ཤིན་ཏུ་ཁོང་ཁྲོ་བས་གཏུམ་པོ་དང་། ཡུལ་གཞན་དུ་འགྲོ་བར་འདོད་པ་དང་། འགྲོ་བཞིན་པ་མ་ཡིན་ཞིང་རང་གི་མངོན་སུམ་དུ་གྱུར་པ་མིན་པའི་བསྙེན་པར་རྫོགས་པ་གཞན་ནམ། མཁན་པོ་གང་ཡང་རུང་བ་ལ་ཡིད་བརྟན་བཅས་ཏེ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་གོས་ལྷག་པར་རུང་བར་མ་བགྱིས་པ་རུང་བར་བགྱི་བར་འོས་པ་འདི་མཁན་པོ་ལ་རུང་བར་བགྱིའོ། །མཁན་པོ་ལ་ཡིད་བརྟན་ཏེ་བཅང་བར་བགྱིའོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིའོ། །མཁན་པོ་མ་ཡིན་པ་ལ་སྔགས་ཚིག་བསྒྱུར་རོ། །ལན་གསུམ་བཟླས། ཐབས་ཡིན་ནོ། ལེགས་སོ། །རུང་བར་བགྱིར་མི་འོས་པ་ཞིག་ཡིན་ན་ཁྱིམ་པ་ལ་ཡིད་བརྟན་བྱས་ཏེ། ཁྱིམ་བདག་མིང་འདི་ཞེས་བྱ་བའི་ཡིན་ནོ་ཞེས་བྱ་བའི་ཚུལ་གྱིས་བཅང་དགོས་སོ། །མཁོ་བའི་ཡོ་བྱད་ཀྱི་གོས་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། གོས་འདི་བདག་ལ་ཚངས་པ་མཚུངས་པར་སྤྱོད་པ་ནད་པའི་མཁོ་བའི་ཡོ་བྱད་ཀྱི་གོས་སུ་བྱིན་གྱིས་བརླབ་བོ། །ལན་གསུམ་བཟླས། ཐབས་ཡིན་ནོ། ལེགས་སོ། །ཞེས་སོ། །ཆོས་གོས་གསུམ་གཡར་པོ་ཡིན་ན་རེ་ཞིག་པའི་གོས་སུ་བྱིན་གྱིས་བརླབ་པར་བྱའོ། །བརྙན་པོ་གཏོང་མཁན་དེ་ཤི་ན་ཆོས་གོས་དེ་བདག་གིར་མི་བྱ་བར་དགེ་འདུན་ལ་འབུལ་ལོ། །བསྒོ་བ་ལྔ། མཐའ་མིན་ཕྱོགས་སོང་མི་དབང་། དཀོན་མཆོག་གསུམ་གྱི་རྙེད་པ་ལ། སངས་རྒྱས་ཀྱི་སྐུ་སྐལ་ནི། སྐུ་གཟུགས་དང་། དྲི་གཙང་ཁང་དང་། མཆོད་རྟེན་གྱི་ཡོ་བྱད་དུ་བྱའོ། །ཆོས་ཀྱི་སྐུ་སྐལ་ནི། བཀའ་བྲི་བ་དང་། སེང་གེའི་ཁྲི་དང་། ཆོས་སྨྲ་བའི་ཡོ་བྱད་དུ་བྱའོ། །དགེ་འདུན་གྱི་རྙེད་པ་ལས། ཟས་ནི་ཐ་ན་ཤིང་སུ་ལ་པའི་ལོ་མ་གང་ཙམ་དང་། གོས་ནི་མར་མེའི་སྙིང་པོ་ཙམ་ལྡང་བ་ཚུན་ཡང་བགོ་བཤར་བྱས་ལ། ལ་བ་རིན་པོ་ཆེ་དང་ཁྱིམ་པའི་རྫས་གཞན་དང་། རིན་པོ་ཆེ་ལ་སོགས་པ་བཙོངས་ཏེ་ཟས་སམ་གོས་སམ། རབ་ཏུ་བྱུང་བའི་ཡོ་བྱད་གང་ཡང་རུང་བར་བསྒྱུར་ཏེ་བགོའོ། །ཁྱིམ་པ་ཁྱིམ་ན་གནས་བཞིན་པས་དེའི་ནོར་དག་ཕུལ་ཏེ་ཤི་ན་གླང་པོ་ཆེ་སོགས་བཞོན་པ་དང་། ཕྱུགས་དང་། ཁལ་དང་། གོ་ཆ་དང་། ཁྱིམ་པའི་ལག་ཆ་ལ་སོགས་པ་རྒྱལ་པོ་ལ་དང་། དབྱིག་དང་གསེར་གཞན་དུ་བྱས་པ་དང་མ་བྱས་པ་གོས་དང་ཟས་སོགས་དཀོན་མཆོག་གསུམ་ལ། མཚོན་ཆ་ནི་འཁར་གསིལ་དང་གྲི་གུ་ལ་སོགས་པར་བཟོས་ཏེ་དགེ་འདུན་ལ་འབུལ་ལོ། །ཁྱིམ་པ་ཁྱིམ་ལ་མི་གནས་པ་དང་ཤི་ན་ཕུལ་ལོ་ཞེས་སྨྲ་ན་མི་དབང་ངོ་། །བསྒོ་བ་ནི་རྣམ་པ་ལྔ་སྟེ། དེང་རྙེད་པ་བགོད་པར་འགྱུར་གྱིས། དེར་ཁྱེད་ཅག་གིས་ཚོགས་པར་བྱའོ། །ཞེས་དགེ་འདུན་ལ་བརྗོད་པར་བྱ་བ་དང་། གཎྜྻི་བརྡུང་བ་དང་། ཚུལ་ཤིང་བྲིམ་པ་དང་། བགྲང་བ་དང་། སོ་སོའི་སྐལ་བ་བྲིམ་པའོ། །བསྒོ་བར་བྱེད་པ་ཡང་། དགེ་འདུན་གྱིས་གང་ཟག་སྣོད་སྤྱད་འགྱེད་པ་སྤྲོ་བར་བྱས་ནས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོས་པ་དེས་སོ། །དུས་སྟོན་ཆེན་པོའམ་དགེ་འདུན་ཙམ་ལ་དཔགས་ཏེ་ཕུལ་བའི་རྙེད་པ་ཡིན་ན། བསྒོ་བ་ཐ་མ་དེ་ཡན་ཆད་བྱེད་པ་ན་སླེབ་ན་དགེ་སློང་གཞན་གློ་བུར་འོངས་པ་ཡང་རྙེད་པའི་སྐལ་བ་དབང་ལ། ལྔ་པོ་རྫོགས་ནས་སླེབ་ན་མི་དབང་ཞིང་། བྱེ་བ་ན་ཆོས་མ་ཡིན་པའི་ཕྱོགས་སུ་སོང་བ་དང་། བབས་པ་དང་། ཤི་བར་གྱུར་པ་ཡང་རྙེད་པ་མི་དབང་ངོ་། །དགེ་སློང་མ་ཕ་དང་གྲངས་མཉམ་ན་རྙེད་པའི་ཕྱེད་སྦྱིན་ནོ། །ཤི་བའི་རྫས། ཡོ་བྱད་དྲུག་ནི་ནད་གཡོག་དབང་དེ་ཡང་། །ལྷག་ཚེ་འབྲིང་ཐོབ་བུད་མེད་ཁྱིམ་པར་མིན། །མང་ཚེ་ཕྱི་མའོ་ལྷག་ཚེ་བྱིན་བརླབས་ནས། །དགེ་འདུན་ལའོ། །དགེ་སློང་ཤི་བའི་ཡོ་བྱད་ཆོས་གོས་གསུམ་དང་གདིང་བ་ཆུ་ཚགས་དྲུག་ནི་གཅིག་ཉིད་ཡིན་ན་ནད་གཡོག་ལ་སྦྱིན་ནོ། །ལྷག་པོ་ཡོད་ན་དེ་ལ་དེ་དག་ལས་འབྲིང་པོ་སྦྱིན། ནད་གཡོག་སྔ་རྟིང་མི་གཅིག་པ་དུ་མ་ཡོད་ན་ཕྱི་མ་ལ་སྟེར་ལ། ནད་གཡོག་དགེ་སློང་མ་ལ་སོགས་པའི་བུད་མེད་དང་ཁྱིམ་པ་ཡིན་ན་མི་དབང་བས་མི་སྟེར་རོ། །གཞན་དེའི་རྫས་ཐམས་ཅད་ནི་མཚམས་ནང་གི་དགེ་འདུན་གྱིས་ཡོན་བཤད་པའི་འོག་ཏུ་གསོལ་བས་བྱིན་གྱིས་བརླབས་ཏེ། དེའི་འོག་ཏུ་རྒན་རབས་ནས་རྗེས་སུ་མཐུན་པར་བགྲངས་པའི་གསར་བུ་ཐ་མ་དང་། གཞོན་རབས་ནས་རྗེས་སུ་མཐུན་པར་བགྲངས་ན་རྒན་པ་དང་པོ་ཡིན་པས། དེ་གཉིས་ལ་ཤི་བའི་ཡོ་བྱད་སྣ་ཅུང་ཟད་རེ་སྦྱིན་པ་ནི་དང་པོ་དང་ཐ་མས་བྱིན་གྱིས་བརླབས་པ་སྟེ། བྱིན་གྱིས་བརླབས་པ་དེ་གཉིས་གང་གིས་བྱིན་གྱིས་བརླབས་ཟིན་ཀྱང་། དེའི་སྐབས་སུ་སླེབ་པའི་གློ་བུར་བ་རྙེད་པ་མི་དབང་ངོ་། །དེ་ལྟར་བྱིན་གྱིས་བརླབས་ནས་བགོ་བར་བྱའོ། །ཤི་བའི་ནོར་གང་ཟག་ལ་ཡོད་ན་གསོལ་བས་བྱིན་གྱིས་བརླབས་ཏེ་བགོའོ། །ཤམ་ཐབས་གྱོན་པས་ནི། མཐའ་དག་བྱེད་རུང་བླ་གོས་གཙང་མའི་སར། །སྣམ་སྦྱར་དགེ་འདུན་འདུས་དང་ཟས་དང་ཕྱག །གྲོང་སོགས་འཇུག་ཚེ་བགོ་བྱ་གཞན་དུ་མིན། །མ་གཡོག་གནས་མལ་མི་རུང་གཞན་མེད་ན། བླ་གོས་བཞི་བལྟབ་འདིང་ངོ་མ་ཁྱེར་བས། །གནས་ན་གཞན་གྱི་དཀར་པོ་མ་དྲས་རྒྱུར། །བྱིན་བརླབ་ཟས་མིན་གོས་གཅིག་བཀག་དེ་བཞིན། །གོས་མེད་ཁྲུས་སོ་མང་པོ་བསླངས་གོས་གཅིག །མ་གནང་གཅིག་པུས་བདག་གིར་བྱར་རུང་མིན། །ཤམ་ཐབས་དང་ཤམ་ཐབས་ཀྱི་གཟན་གཉིས་ནི་ལུས་ལ་གྱོན་ནས་བཤང་གཅི་སོགས་བྱ་བ་མཐའ་དག་བྱེད་པར་རུང་ལ། བླ་གོས་གྱོན་ནས་ས་ཕྱོགས་གཙང་མར་ནི་ལས་ཡོངས་སུ་བྱེད་པ་བཀག་པ་མེད་དོ། །འོ་ན་སྣམ་སྦྱར་བགོ་བ་དང་མི་བགོ་བའི་གནས་སྐབས་གང་ཞེ་ན། སྣམ་སྦྱར་ནི་དགེ་སློང་རྣམས་ལས་ཀྱི་ཆོ་ག་ལ་འདུས་པ་དང་། ཟས་ཀྱི་གྲལ་ལ་འདུག་པ་དང་། མཆོད་རྟེན་དང་མཁན་སློབ་སོགས་ལ་ཕྱག་བྱེད་པ་དང་། སྤྱོད་ཡུལ་གྱི་གྲོང་དང་མུ་སྟེགས་ཀྱི་འདུག་གནས་སོགས་སུ་འཇུག་པ་ལ་བགོ་བར་བྱའི། དེ་ལས་གནས་སྐབས་གཞན་དག་ནི་སྣམ་སྦྱར་གྱོན་པ་བཀག་པ་ཡིན་ནོ། །གཞན་གདིང་བ་མེད་ན་བླ་གོས་བཞི་བལྟབ་ཏུ་བྱས་ཏེ་བཏིང་བས་དྲན་པ་དང་ལྡན་པས་མྱུར་དུ་ལྡང་བའི་སེམས་ཀྱིས་ཉལ་ལོ། །གནས་གཞན་དུ་ཆོས་གོས་མ་ཁྱེར་བར་ཞག་གཅིག་གནས་ན་གཞན་གྱི་གོས་དཀར་པོའམ། དྲས་པ་མིན་ན་ཡང་རུང་སྟེ། ཆོས་གོས་ཀྱི་རྒྱུར་བྱིན་གྱིས་བརླབས་ཏེ་བགོ་བར་བྱའོ། །མིན་པར་བླ་གོས་མེད་པར་མཐང་གོས་ཙམ་གྱིས་གོས་གཅིག་པས་ཟས་ཟ་བ་དང་ཁྲུས་བྱེད་པ་བཀག་གོ །མང་པོས་བརྙན་པོར་བསླངས་ནས་ལ་བ་ལ་སོགས་པ་ཐུན་མོང་དུ་གཅིག་རྙེད་པ་ནི་ཐུན་མོང་དུ་ཀུན་གྱི་སྤྱད་པར་བྱའི། དགེ་འདུན་གྱིས་རྗེས་སུ་གནང་བ་མ་གཏོགས་པར་གཅིག་པུས་བདག་གིར་གཟུང་བར་མི་བྱའོ། །སྐ་རགས་བེའུ་རས་སོགས་རྗེས་གནང་སྤྱད། །སྐ་རགས་ལས་ཤུར་བུ་ཞེས་བྱ་བ་ནི། སྐུད་པ་མང་པོ་ལས་བཏགས་པ་སྲབ་མོ་ཞེང་ཆེ་བའོ། །ལྕགས་པོད་ཅེས་བྱ་བ་ནི། ལྷས་མ་གྲུ་བཞིར་འདུག་པའོ། །རྒྱ་ཅང་ཞེས་བྱ་བ་ནི། སྐུད་པ་མང་པོ་ལས་བཏགས་པ་ཉིད་ཡིན་ལ། དབུས་ཁོང་སྟོང་དུ་འདུག་པའོ། །ཤུར་བུ་ཕྲིའུ་ཞེས་བྱ་བ་ནི། སྐུད་པ་མང་པོ་ལས་བཏགས་ལ། མདོ་མདོར་བུ་གུ་ལྔའམ་དྲུག་རིམ་དུ་བྱས་པ་བཏོད་པའོ། །ཤམ་ཐབས་བགོས་པའི་སྟེང་དུ་སྐ་རགས་མ་བཅིངས་པར་གྲོང་དུ་འཇུག་པར་མི་བྱ་བ་སྟེ། འདི་ནི་ཤམ་ཐབས་བརླག་པར་འགྱུར་བ་སྤང་བའི་ཕྱིར་རོ། །བེའུ་རས་ཕྲུག་ཆེན་སོགས་སྤུ་ཅན་དང་། སྦྲང་གཡབ་སོགས་དང་། གཞན་མྱ་ངན་ལས་འདས་པ་ཐོབ་པར་སེམས་པའི་སྦྱིན་བདག་ལྷ་དང་བཅས་པའི་འཇིག་རྟེན་གང་ཡང་རུང་བས། ཡོན་གནས་གང་ཟག་ཚུལ་ཁྲིམས་དང་ལྡན་པ་སོ་སྐྱེ་ལ་ཡང་རུང་ལ། གོས་སྟོང་ཕྲག་བརྒྱ་པ་སྟེ་ཀར་ཤ་པ་ཎ་འབུམ་རི་བ་དང་། ཟས་རོ་བརྒྱ་ཡོད་པ་དང་། ཁང་པ་བརྩེགས་མ་ལྔ་བརྒྱ་པ་ཡང་སྦྱིན་པར་འོས་ལ། དེས་ཀྱང་བླང་བར་གནང་ངོ་། །ཚུལ་ཁྲིམས་དང་ལྡན་ཀྱང་ལེ་ལོ་ཅན་ཡིན་ན་དེ་དག་བདག་གིར་བྱས་པ་དང་ཉེ་བར་སྤྱད་ན་གཞི་དེ་ལས་ཚེ་རབས་གཞན་དུ་སྦྱིན་བདག་དེ་ལ་དཔྱ་འཇལ་བའམ། དེའི་བྲན་གཡོག་དང་ཕྱུགས་ལ་སོགས་པར་སྐྱེ་བར་འགྱུར་རོ། །དག་ཕྱིར་བཙོ་བླག་མཁན་མིན་རང་གིས་བཀྲུ། །བཙོ་བླག་མཁན་གོས་བཀྲུ་བའི་དུས་ན་སྤྲུགས་བརྡབས་བྱེད་པས། གོས་ཀྱི་ཚགས་སྲན་ཟད་པར་བྱེད་པའི་ཕྱིར་གོས་རང་ཉིད་ཀྱིས་ལེགས་པར་བཀྲུ་བ་དང་། ཚོན་གྱི་ལས་ཀྱང་ཇི་སྐད་གསུངས་པ་རྣམས་ལྟར་བསྒྲུབ་བོ། །དགེ་སློང་དུར་ཁྲོད་པས་སྤྱོད་ཡུལ་དུ་འཇུག་པའི་ཚེ་ཁོ་བོ་ནི་དུར་ཁྲོད་པའོ་ཞེས་མ་སྨྲས་པར་ནང་དུ་འཇུག་པར་མི་བྱའ།ོ། །། གསུམ་པ་མི་རུང་བ་ཕལ་ཆེ་བ་ཀོ་ལྤགས་ཀྱི་གཞི་ནི། ཡུལ་དབུས་མལ་སྟན་མ་གནང་སྟན་ཙམ་གྱི། །མཐའ་འཁོབ་མལ་སྟན་གཉིས་ཀ་ཀོ་ལྤགས་ལྷམ། །གནང་ངོ་མིག་ཕན་དོམ་ལྤགས་བཅང་བ་གསུངས། །མཐའ་འཁོབ་ཏུ་མཆིལ་ལྷམ་བཅང་བར་བྱའོ། །ཞེས་སོགས་ཀྱི་དོན། གླེང་གཞི་ནི། ཀ་ཏྱ་ཡ་ནའི་སློབ་མ་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པས་དགྲ་བཅོམ་ཐོབ་སྟེ། དེ་ནས་མཁན་པོ་ལ་ཆོས་སྐུ་མཐོང་གིས། གཟུགས་སྐུ་བལྟར་མཆིའོ། །སོང་ལ་ཞུ་བ་ལྔ་པོ་འདི་རྣམས་ཞུས་ཤིག མཐའ་འཁོབ་རྡོ་ཅན་ན་དགེ་སློང་བཅུར་ལོངས་པ་དཀའ་བ་དང་། བ་ལང་གི་རྗེས་ཀྱིས་ས་རྩུབ་པར་འགྱུར་བ་དང་། གདིང་བ་ར་ལུག་དང་། བ་ལང་དང་། རི་དྭགས་ཀྱི་པགས་པ་ལ་བགྱིད་པ་དང་། ཆུས་འདག་པར་འཚལ་བ་ནི་རྟག་ཏུ་ཁྲུས་ལ་སྤྱོད་པ་དང་། དགེ་སློང་གིས་དགེ་སློང་ལ་ཆོས་གོས་བསྐུར་བ་ཚུ་རོལ་ནས་སྤགས་ལ་དེར་ནི་མ་མཆིས་ན་གང་ལ་སྤང་ལྟུང་དུ་འགྱུར་ཞེས་ཞུས་ཤིག དེས་དེར་སོང་སྟེ་ཞུས་པས། འདིར་དུས་མ་ཡིན་གྱིས། ཚོགས་སུ་ཞུས་ཤིག ཞུས་པས། ངས་གནང་གིས། མཐའ་འཁོབ་ཏུ་འདུལ་བ་འཛིན་པ་དང་ལྔའི་བསྙེན་རྫོགས་དང་། རྟག་ཏུ་ཁྲུས་བྱ་བ་དང་། མཆིལ་ལྷམ་རིམ་པ་གཅིག་པ་དང་། ཟན་ན་ལྷན་པ་བཏབ་པ་དང་། ཀོ་ལྤགས་བཅང་བར་བགྱིའོ། །ཆོས་གོས་བསྐུར་བ་དེར་མ་ཕྱིན་ཡང་གང་ལའང་ལྟུང་བྱེད་དུ་མི་འགྱུར་རོ། །མཆིལ་ལྷམ་བཅང་བར་གནང་ལ། ཇི་ལྟ་བུ་ཞེ་ན་ཚིག་རིམ། བརྡོལ་ན་རྡོག་པ་གླན་པ་སྣ་དང་རྟིང་པ་སྦུ་བུ་ཅན་ཕྱེད་ཡུ་དང་། བོལ་ཀོ་བ་ཅན་དང་ཡུ་བ་རིང་པོ་དང་། ཁྱིམ་པས་གོམ་པ་འདུན་ཙམ་དུ་བགོས་ན་རིམ་པ་དུ་མ་ཡང་བཅད་དུ་རུང་ངོ་། །ཀླུའི་ཁ་ཆུའི་ཆུ་ལས་རྩྭ་དུག་ཅན་དུ་གྱུར་ནས། རྩྭ་དེའི་གནོད་པ་བསལ་བའི་ཕྱིར་འཇིག་རྟེན་དུ་ལྷམ་དེ་བྱུང་བས་དེའི་མིང་ཁ་ཆུ་ཆུས་བྱུང་ཞེས་བྱ་སྟེ། དེ་དང་ལྷམ་ཡུ་བཅད་དང་། ཡུལ་གང་དུ་འཁྱག་རོམ་ཆགས་པ་དེར་ཞྭ་དང་ལྷམ་སྒྲོ་གུ་ཅན་ཡང་ལྷགས་པ་སྐྱབ་པའི་ཕྱིར་བཅང་ལ། ལྷགས་པ་དང་བྲལ་ན་བཞག་གོ །ཁྲ་བོ་གསུམ་པ་དག་དང་། ཨ་ཤྭ་ཏ་ཐ་དང་། ཀ་ར་ཝཱི་རའི་འདབ་མ་འདྲ་བ་དང་། གསེར་དངུལ་གྱིས་བརྒྱན་པ་དང་། ཁྲིག་ཁྲིག ཀྲོག་ཀྲོག ཏུག་ཏུག ཐྲིག་ཐྲིག་ཟེར་བ་དག་སྟེ། སྒེག་པའི་རྫས་སུ་འགྱུར་བ་ཐམས་ཅད་མི་བཅང་ངོ་། །སེན་མོ་དང་མཆེ་བའི་སྟོབས་ཅན་གྱི་པགས་པ་ལས་བྱས་པ་མི་འཆང་གིས། དེ་དག་གི་རྒྱུས་པས་ཀྱང་མི་འཚེམ་མོ། །སྨྱུག་ལོ་དང་། ཤིང་དང་། རྩྭ་མཉྫྱུ་དང་། དྲེག་ནད་ཅན་མིན་པས་ཐ་གུའི་མཆིལ་ལྷམ་རྣམས་བཅང་བར་མི་བྱའོ། །རས་སམ་ལྷན་པས་ལེགས་པར་གད་བྱས་ཏེ་ནང་དུ་འཇུག་པ་དང་། བླ་མའི་དྲུང་དུ་མཆིལ་ལྷམ་བགོ་བར་མི་བྱའོ། །སྟན་གྱི་གླེང་གཞི། ལྷོ་ནས་དགེ་སློང་ཆོས་གོས་གསུམ་པ་པ་ཞིག་སྟོན་པ་ལ་ཕྱག་འཚལ་དུ་འོངས་པ་དེའི་པགས་པའི་གདིང་བ་བཟང་པོ་ཉེ་དགས་མཐོང་ནས་ཁོ་བོ་ལ་བྱིན་ཅིག ཁོ་བོ་སྟོན་པ་ལ་ཕྱག་འཚལ་དུ་འགྲོའོ། །བཙུན་པ་ཉེ་དགའ་འཚལ་དུ་འགྲོ་ཡང་རུང་མི་འགྲོ་ཡང་རུང་། ཁོ་བོ་ཕྱག་འཚལ་དུ་མཆིས་སོ། །ངས་འདི་འདྲ་མི་རྙེད་སྙམ་མམ། རྙེད་པའི་ནད་ཀས་ཁོ་བོ་མི་འབུལ་ལོ། །གསལ་རྒྱལ་གྱི་བ་གླང་གི་སྤྱན་པ་ཆེན་པོ་ཞེས་པའི་གན་དུ་ཉེ་དགའ་སོང་ནས་བེའུའི་རྒྱབ་ལ་ཡུལ་བ་དང་། བེའུ་འདིའི་མའི་འོ་མ་གསོལ་ལམ། དེའང་འདོད་མོད་ཀྱིས། འདི་འདྲ་བའི་པགས་པ་ཡོན་ན་སེམས་ལས་ཆུང་ངུའི་དགེ་བ་འཕེལ་ལོ། །འཇལ་གྱིས། བཞུད་ཅིག དེས་བེའུ་བསད་ནས་ཉེ་དགའ་ལ་ཕུལ་བས། བ་བེའུ་ལ་གདུང་བའི་སྐད་འབྱིན་ཅིང་རྒྱལ་བྱེད་ཀྱི་སྒོ་ན་འདུག་གོ །སྟོན་པས་བ་འདི་ཅིའི་ཕྱིར་སྐད་འབྱིན། དེ་གསོལ་པས། ཀོ་ལྤགས་བཅང་བར་མི་བྱའོ། །ཁྱིམ་བདག་ཞིག་གིས་སྟོན་པ་དགེ་འདུན་དང་བཅས་པ་གདུགས་ཚོད་ལ་སྤྱན་དྲངས་པ་ན། གདན་མེད་ནས་ཀོ་ལྤགས་ཀྱི་བཤམས་པ་དང་། ཀུན་དགའ་བོས་སྡུད་དུ་བཅུག་པ་དང་། སྟོན་པ་བྱོན་ནས་ཅི་བྱེད། འདི་ལྟར་རོ། །ཀུན་དགའ་བོ་ཐམས་ཅད་དུ་འབྱོར་པ་མེད་ཀྱིས། ཁྱིམ་གཞན་དུ་ཀོ་ལྤགས་ཀྱི་སྟན་ལ་འདུག་གིས། ཉལ་བར་མི་བྱའོ། གཙུག་ལག་ཁང་དུ་གཉིས་ཀ་མི་བྱའོ། །ཞེས་དང་། རྔོན་པ་ཞིག་དགེ་སློང་ཞིག་ལ་དད་ནས་དོམ་ལྤགས་ཕུལ་བ་དང་། དགེ་སློང་དེས་མ་བླངས་པ་དང་། དེ་ཕྱི་བཞིན་འབྲངས་ནས་དོམ་ལྤགས་འདི་བཞེས་ཤིག སྟོན་པ་དེར་བྱོན་ནས། རྔོན་པ་ཕ་གི་ཅི་འབྲང་། འདི་ལྟར་རོ། །རྔོན་པ་དད་པ་ནི་དཀོན་ཏེ། བརྒྱའམ་སྟོང་ཞིག་དང་འཕྲད་ན་ཐམས་ཅད་ཀྱང་གསོད་པ་ཡིན་ན། རྔོན་པས་བྱིན་པ་བླང་བར་བྱའོ། །ཡུལ་དབུས་སུ་ཀོ་ལྤགས་ཀྱི་ལྷམ་ཙམ་ཞིག་གནང་ལ། ཡུལ་མཐའ་འཁོབ་ཏུ་ཉལ་བའི་མལ་སྟན་དང་གཉིས་ཀ་གནང་ངོ་། །མིག་ལ་ཕན་པའི་ཕྱིར་དང་། རླུང་ཅན་དང་། གཞང་འབྲུམ་ཅན་དོམ་ལྤགས་ཀྱི་སྤུ་ལ་རེག་པས་ཕན་པར་བྱེད་པ་ཉིད་དུ་ཤེས་པས། སྤུ་གྱེན་དུ་བསྟན་ཏེ་འདུག་པ་དང་། ཉལ་བ་དང་། རྐང་པའི་འོག་ཏུ་གདིང་བར་གནང་ངོ་། །ཨཤྨ་པ་རཱནྟའི་ཡུལ་དུ་ཀོ་ལྤགས་ཅི་དགར་བཅང་དུ་གནང་ངོ་། །ལྷམ་ལ་པགས་པ་མི་རུང་བར་སྨོས་པ་དག་འདིར་ཡང་ཤེས་པར་བྱའོ།། །། བཞི་པ་བཀྲེས་པ་དང་འདུ་བའི་ནད་སེལ་བ་སྨན་གྱི་གཞི་ནི། ནས་ཆན་སྣུམ་འཁུར་འབྲས་ཆན་ཉ་ཤ་བཟའ། །སྨན་བསྟན་པར་བྱའོ། །དེ་ནི་རྣམ་པ་བཞིའོ། །དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་དང་། འཚོ་བའི་བར་དུ་བཅང་བ་ཉིད་དོ། །ཞེས་སོགས་ཀྱི་དོན། སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། དགེ་སློང་རྣམས་སྟོན་ཀའི་ནད་ཀྱིས་ཐེབས་ནས་རིད་པ་དེ་རྨེད་པས། ཀུན་དགའ་བོས་གསོལ་པས། སྨན་བསྟེན་པར་བྱའོ་ཞེས་དང་། དགེ་སློང་རྣམས་དུས་སུ་བཟའ་ལ། དུས་མ་ཡིན་པར་མ་ཟོས་པས་རིད་པ་གསོལ་བས། དེ་ནི་རྣམ་པ་བཞིའོ། །དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་དང་། འཚོ་བའི་བར་དུ་བཅང་པར་བྱའོ། །ཞེས་རྣམ་པར་ཕྱེ་སྟེ་གསུངས་སོ། །བཟའ་བ་ནི། ནས་ཆན་དང་། འབྲས་ཆན་དང་། ཉ་དང་། ཤ་དང་། སྣུམ་འཁུར་ལ་སོགས་པའི་བཟའ་བར་སྨོས་པ་ཐམས་ཅད་དོ། །སྡོང་བུ་འབྲས་བུ་ཨུཏྤལ་ལ་སོགས་བཅའ། །སྡོང་བུ་བུ་རམ་གྱི་ཤིང་ལ་སོགས་པ་དང་། ཆུ་ཤིང་གི་འབྲས་བུ་ལ་སོགས་པ་འབྲས་བུ་དང་། །ཨུཏྤལ་དང་ངོ་པ་ལ་སོགས་པ་རྩ་བའི་བཅའ་བ་རྣམས་སོ། །མིའི་ཤ་དང་། བསྔོས་ཤ་དང་། སྟག་གི་གོད་དང་། གླང་པོ་ཆེ་དང་། རྟ་དང་། ཀླུ་དང་། དྲེའུ་དང་། རྨིག་གཅིག་པ་དང་། ཝ་དང་། སྤྲེའུ་དང་། བྱ་ཤིང་རྟ་མོ་དང་། བྱ་རོག་དང་། བྱ་རྒོད་དང་། ཆུ་སྐྱར་དང་། ཁྲ་དང་། བྱི་ཁྲ་དང་། འུག་པ་དང་། དེ་དག་ལས་གཞན་པའི་བྱ་མི་རོ་ཟ་བ་དག་དང་། བྱ་དཀར་དང་། ཕ་ཝང་དང་། སྐྱིན་གོར་དང་། སྲིན་དང་། སྲིན་པོ་རྣམས་ཀྱི་ཤ་མི་ཟའོ། །བཟར་རུང་བའི་ཤ་ཡང་དགེ་བསྙེན་དད་པ་ཅན་ནམ། ཤན་པ་དང་། རི་བྱ་གསོད་པ་དང་། ཕག་གསོད་པ་དང་། ཁྱིམ་བྱ་གསོད་པ་དང་། རི་དྭགས་བསོད་པ་ལྔ་ལས་བསླང་བར་གནང་ངོ་། །དེ་དག་དུས་རུང་། དེ་དག་རང་གླིང་གི་གུང་ཚིགས་ཚུན་ཆད་དུ་བྱེ་བྲག་མེད་པར་བསྟེན་པར་བྱ་བ་ཉིད་ཡིན་པས་དུས་སུ་རུང་བ་ཞེས་བྱའོ། །ཆུ་ཤིང་སོགས་བརྒྱད་འབྲས། སྨན་གྱི་གཞི་ལས། ཆུ་ཤིང་འབྲས་དང་ཀུ་ཤུ་གོ་ལ་དང་། །ཨ་ཤྭཏ་ཐ་དང་ཨུ་དུམ་ཝ་ར་དང་། །པ་རུ་ཤ་ཀ་དང་ནི་རྒུན་འབྲུམ་དང་། བརྒྱད་པ་འབྲ་གོ་དག་ནི་ཡིན་པར་བཤད། །ཅེས་གསུངས་པ་སྟེ། ཞར་ལས་ཨ་མྲ་ལ་སོགས་པའི་འབྲས་བུའི་རིགས་ལས་བྱས་པའི་བཏུང་བ་ཐམས་ཅད་བསྡུའོ། །བཏུང་བ་ཚགས་བཙགས་རུང་ཆུས་བསླད་པ་དང་། །བཏུང་བ་ཚགས་ཀྱིས་བཙགས་པ་རུང་བའི་ཆུས་བསླད་པས་ཤིན་ཏུ་སླ་བ་བཞིན་རས་སྣང་བ་ཅུང་ཟད་སེར་བས་འདམ་བུའི་ཉག་མའི་ཁ་དོག་ལྟ་བུར་སྣང་བ་དག་སྟེ། དར་བ་ཆུར་ཁུ་རྩབ་མོ་ལྔ། །དར་བ་དང་། ཆུར་ཁུ་སྟེ་ཞོའི་ཆུ་དང་། འབྲས་དང་། ཁྲེ་དང་། གྲོ་ལ་སོགས་པ་བཙོས་པའི་ཁུ་བ་རྩི་མེད་པར་མནན་པའི་རྩང་ཤུ་ནི་རྩབ་མོ་ཡིན་ལ། བཅོས་པའི་ཆང་ལ་རྫས་སྦྱར་བ་ལས་སྐྱུར་པོར་གྱུར་ཅིང་ཉམས་པ་སྦྱར་བའི་ཚྭ་དང་། འབྲུའི་ཆང་ལ་རྫས་སྦྱར་བས་སྐྱུར་པོར་གྱུར་པས་ཉམས་པ་འབྲུའི་ཚྭ་དང་། དར་བའི་དྭངས་མ་ཕྲུམ་ཁུ་སྟེ་ལྔའོ། །དུས་མིན། དུས་སུ་སྤྱད་པས་ཆོག་པ་ལྟ་ཅི་སྨོས། དེ་དག་དུས་མ་ཡིན་པར་བཏུངས་ཀྱང་ཉེས་པ་མེད་དོ། བུར་ཆུ་དང་། སྦྲང་རྩིའི་ཆུ་དང་། བལ་པོ་སེའུ་དང་། མ་དུ་ལུང་ག་སོགས་ལས་བྱས་པའི་བཏུང་བ་ཐམས་ཅད་ཀྱང་ཤེས་པར་བྱའོ། །དེ་དག་ལ་ཡང་ཇི་སྲིད་ཆུས་མ་བཏབ་ཅིང་ཚགས་ཀྱིས་མ་བཙགས་པ་བཏུང་དུ་རུང་བར་མ་གྱུར་ཅིང་ཤམ་ཐང་བྱེ་བ་མིན་པ་དེ་སྲིད་དུ་བསྙེན་པར་རྫོགས་པ་མཚན་མཐུན་པས་བྱིན་ལེན་མི་བྱའོ། །ཨ་རུ་ར། སྐྱུ་རུ་ར། བ་རུ་ར། ན་ལེ་ཤམ། པི་པི་ལིང་ལྔ་དང་། བུ་རམ་བྱིན་གྱིས་མ་བརླབས་པ་དུས་ཐམས་ཅད་དུ་རུང་བར་གསུངས་ཏེ། སྟོན་པས་གྲོང་ཁྱེར་བཟང་བྱེད་ཀྱི་ཁྱིམ་བདག་ལུག་ལ་སོགས་པ་སྐྱེ་བོའི་ཚོགས་རྣམས་ལ་ཡུན་རིང་དུ་ཆོས་བསྟན་པས་གདུགས་ཚོད་ཡོལ་ནས། ལུག་གིས། ཞལ་ཟས་མཛད་དུ་གསོལ། ཡོལ་གྱིས། དུས་མ་ཡིན་པའི་ཟས་སྟ་གོན་གྱིས་ཤིག །དེ་ཅི་ལགས། མར་དང་། བུ་རམ་དང་། ཧྭགས་དང་། ཤ་ཀ་ར་དང་། བཏུང་བ་དག་གོ །དེ་ནས་དེས་དུས་མ་ཡིན་པའི་བཅའ་བ་དང་བཏུང་བ་དྲངས་སོ། །ཞེས་འབྱུང་བས་སོ། །ཐུན་ཚོད་རུང་དང་། དེ་དག་ཐུན་ཚོད་ཀྱི་མཐའ་ཚུན་ཆད་དུ་བྱིན་གྱིས་བརླབས་ཏེ་བསྟེན་པར་བྱ་བས་ཐུན་ཚད་དུ་རུང་བའོ། །ཞག་བདུན་པ། བུ་རམ་འབྲུ་མར་སྦྲང་རྩི་མར་ཁ་ར། །ཧྭགས་དང་ཞག་ལྔ་ཡིན་ནོ། །བུ་རམ་དང་། འབྲུ་མར་དང་། སྦྲང་རྩི་དང་། མར་དང་། ཁ་ར་ནི་སྦྲང་རྩིའི་ཁ་ར་དང་། ཧྭགས་ཀྱི་ཁ་རའོ། །ཧྭགས་ཏེ་བུ་རམ་གྱི་དབུ་བའོ། །ཉ་དང་། ཤུ་ཤུ་ཀའི་དང་། ཆུ་སྲིན་བྱིས་པ་གསོད་ཀྱི་དང་། དྲེད་མོ་དང་། ཕག་གི་ཞག་སྟེ་ལྔའོ། །དེ་དག་ཞག་བདུན་གྱི་མཐའ་ཚུན་ཆད་དུ་རང་གིས་བྱིན་གྱིས་བརླབས་ཏེ་བསྟེན་པར་བྱ་བས་ཞག་བདུན་པ་ཞེས་བྱའོ། །འཚོ་བའི་སྨན། རྩ་བ་སྡོང་བུ་ལོ་མ་མེ་ཏོག་འབྲས། །སྨན་གྱི་དོན་དུ་གསོལ་ལོ་ཁ་ཟས་མིན། །ཡུང་བ་ལ་སོགས་པ་རྩ་བའི་སྨན་དང་། །སླེ་ཏྲེས་ལ་སོགས་པ་སྡོང་བུའི་དང་། ནིམ་པའི་ལོ་མ་ལ་སོགས་པ་ལོ་མའི་དང་། བ་ཤ་ཀའི་མེ་ཏོག་ལ་སོགས་པ་མེ་ཏོག་གི་དང་། ཨ་རུ་ར་ལ་སོགས་པ་འབྲས་བུའི་སྨན་ཏེ། སྨན་དུ་གསལ་གྱིས། ཁ་ཟས་ཀྱི་དོན་དུ་ནི་མ་ཡིན་ནོ། །ཇི་སྲིད་ནད་དེ་འཚོ་བའི་མཐའ་ཚུན་ཆད་དུ་རང་གིས་བྱིན་གྱིས་བརླབས་ཏེ་བསྟེན་པར་བྱ་བ་ཡིན་པས་འཚོ་བའི་སྨན་ཞེས་བྱའོ། །ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་དང་། འཚོ་བའི་བར་དུ་བཅང་བའི་སྨན་དག་མིན་པས་ཐུན་ཚོད་དུ་རུང་བ་ལ་སོགས་པ་གསུམ་དུ་བྱིན་གྱིས་བརླབ་ཏུ་མི་རུང་ལ། གཞན་གྱིས་བྱིན་གྱིས་བརླབས་པ་དག་ཀྱང་བཟར་མི་རུང་ངོ་། །བྱིན་གྱིས་མ་བརླབས་པ་དག་ནི་ཟར་རུང་ངོ་། །བསྲེས་ན་དུས་རུང་གཞན་གསུམ་བྱིན་བརླབ་བྱ། །གལ་ཏེ་དུས་མ་ཡིན་པར་རུང་བ་དུས་སུ་རུང་བ་དང་། བསྲེས་ན་དུས་སུ་རུང་བའི་དབང་ཉིད་ཀྱིས་སྤྱད་པར་བྱ་ལ། འདྲེས་ཀྱང་རང་བཞིན་ཐ་དད་པར་འདུག་ན་རང་རང་གིས་བྱིན་གྱིས་བརླབས་པ་ཆགས་སོ། །འབྲུ་མར་ལྟ་བུ་འབྲུ་ལ་སྦྱིན་ལེན་བྱས། །དེའི་འོག་ཏུ་སྣུམ་བཙིར་ན་སྔར་གྱི་བྱིན་ལེན་གྱིས་གོ་མི་ཆོད་པར་སྣུམ་ཉིད་ལ་སྦྱིན་ལེན་གསར་དུ་དགོས་སོ། །བུ་རམ་ལ་སོགས་པར་ཕྱེས་གོས་ན་དེ་ལེགས་པར་བསལ་ཏེ་དུས་མིན་དུ་ཟ་ན་ཉེས་པ་མེད་དོ། །ཐུན་ཚོད་དུ་རུང་བ་ལག་པ་གཡོན་པར་བཞག གཡས་པ་བཀབ་སྟེ་དགེ་སློང་གཅིག་གི་མདུན་དུ་བྱིན་གྱིས་བརླབ་པའི་སྔགས་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་སྨན་ཐུན་ཚོད་དུ་རུང་བ་འདི་བདག་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་བགྱི་བར་ཐུན་ཚོད་དུ་རུང་བར་བྱིན་གྱིས་བརླབ་བོ། །ལན་གསུམ་བཟླས། ཐབས་ཡིན་ནོ། །ལེགས་སོ། །ཞག་བདུན་པ་དང་འཚོ་བའི་བར་དུ་བཅང་བ་དག་ལ་ཡང་དེ་བཞིན་ནོ། །ལག་ཉར་བླངས་པ་དང་། བྱིན་ལེན་མ་བྱས་པ་དང་། གསོག་འཇོག་བྱས་པ་དང་། ནང་དུ་ཞག་ལོན་པ་དང་། ནང་དུ་བཙོས་པ་དང་། དགེ་སློང་གིས་བཅོས་པ་དག་ལ་བྱིན་བརླབ་མི་འཆགས་སོ། །མུ་གེའི་ཚེ་ཟར་རུང་ངོ་། །རུང་བའི་ཁང་བགྱིས། མཚམས་ཀྱི་ཕྱི་རོལ་དུ་གྱུར་པའི་ཀུན་དགའ་ར་བའམ། འབྲོག་དགོན་པ་ལ་སོགས་པའི་གནས་ཁང་དུ་ཟས་འཚོད་པ་དང་། འཆང་བ་དག་ལ་ནང་དུ་བཙོས་པ་དང་། ནང་དུ་ཞག་ལོན་པའི་ཉེས་པར་མི་འགྱུར་པ་བཞིན་དུ། གཙུག་ལག་ཁང་དུ་ཡང་རུང་བའི་ཁང་བྱས་ན་དེར་ཡང་ཉེས་པ་དེ་དག་མི་འབྱུང་བས་རུང་ཁང་བགྱིའོ། །དེ་ཡང་ཤིང་དྲུང་ནས་ཁྱིམ་བདག་གིས་གཞིར་ཡང་ཞེས་མདོར་གསུངས་པའི་བར་དུ་མི་རུང་ངོ་། །རུང་བའི་ཁང་པ་འདི་ལ་བྱིན་གྱིས་བརླབ་པའི་དུས་བཞི་ཡོད་དོ། །རུང་བའི་ཁང་པ་དེ་ཉིད་ཐོག་མར་རྩིག་པའི་སོ་ཕག་གི་ཆ་ལ་འགྲེམ་པའི་ཚེ་དུས་གཅིག་ཡིན་ལ། དེ་དུས་བྱིན་གྱིས་བརླབ་པ་ནི། དགེ་སློང་གཞན་དང་ལྷན་ཅིག་པའམ། ལག་གི་བླ་ཁོ་ནས་ཀྱང་རུང་། རྡོ་བཏེག་པ་ན། དེའི་དང་པོར་གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་བའོ་སྙམ་དུ་སེམས་བསྐྱེད་པར་བྱ་ཞིང་། ཚིག་ཏུ་ཡང་བརྗོད་པར་བྱའོ། །ཞེས་གསུངས་པ་ཡིན་ནོ། །འདིར་གང་ཟག་གིས་བྱིན་གྱིས་བརླབས་པའི་ཆོ་ག་དང་སྔགས་ཀྱང་དེ་ཉིད་ཡིན་ནོ། །དུས་དང་པོར་བྱིན་གྱིས་བརླབ་པའི་རུང་བའི་ཁང་པ་འདིའི་མིང་ནི་བཏེག་པའི་མཐའ་ལས་བྱུང་བ་ཞེས་བྱའོ། །དང་པོ་སོ་ཕག་བཀྲམ་པའི་འོག་ཏུ་མཁར་ལན་མ་རྫོགས་པ་ལས་གསར་པའི་མཇུག་ཡོད་པའི་དུས་གང་ཡང་རུང་བ་དེ་ཡང་དུས་གཅིག་ཡིན་ཏེ། དུས་དེར་བྱིན་གྱིས་རློབ་པ་ནི། དགེ་སློང་རབ་ཏུ་མང་པོ་དག་གིས་རུང་བའི་ཁང་པར་སེམས་བསྡུ་བས་བྱིན་གྱིས་བརླབ་པར་བྱ་སྟེ། འདིའི་སྔགས་ནི། ཚེ་དང་ལྡན་པ་དག་གཞི་འདི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་བར་སེམས་སྡུས་ཤིག ཅེས་གསུངས་པ་ཡིན་ནོ། དུས་གཉིས་པར་བྱིན་གྱིས་བརླབས་པའི་རུང་བའི་ཁང་པ་འདིའི་མིང་འདི་ནི་སེམས་བསྡུས་པའི་མཐའ་ལས་བྱུང་བ་ཞེས་བྱའོ། །ལས་མཐར་ཕྱིན་པའི་འོག་ཏུ་གནས་དེར་དགེ་སློང་དང་པོ་ཞུགས་ནས་ཕྱིས་དེ་ན་དགེ་སློང་གཅིག་ཀྱང་མེད་པར་མ་གྱུར་བའི་དུས་གང་ཡང་རུང་བ་ནི་དུས་གཅིག་སྟེ། དེ་བྱིན་གྱིས་བརླབ་པ་ནི། དགེ་འདུན་གྱིས་གསོལ་བ་དང་གཉིས་ཀྱི་ལས་བྱིན་གྱིས་བརླབ་པ་ཁོ་ནར་བྱའོ། །དུས་གསུམ་པར་བྱིན་གྱིས་བརླབ་པའི་རུང་བའི་ཁང་པ་འདིའི་མིང་ནི་ལས་ཀྱི་མཐའ་ལས་བྱུང་བ་ཞེས་བྱའོ། །དེ་ན་དགེ་སློང་སྔར་གནས་པ་གཅིག་ཀྱང་མེད་ལ། དགེ་སློང་ཕྱི་མ་གཞན་དག་དེར་གནས་ན་དེར་ཕྱིན་པའི་ཚེ་ཁོ་ན་དུས་གཅིག་སྟེ། དུས་དེ་བྱིན་གྱིས་བརླབ་པ་ནི། དགེ་སློང་ཕྱིན་པ་ཐམས་ཅད་ཀྱིས་གཞི་འདི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་བའོ་ཞེས་ཚིག་མཐུན་པར་ཅིག་ཅར་བརྗོད་པར་བྱའོ། །ཞེས་གསུངས་པ་ཡིན་ནོ། །དུས་བཞི་པར་བྱིན་གྱིས་བརླབས་པའི་རུང་བའི་ཁང་པ་འདིའི་མིང་ནི་འཕྲལ་ལས་བྱུང་བའི་གནས་ཞེས་བྱའོ། །འཕྲལ་ལས་བྱུང་བའི་གནས་ཞེས་བྱ་བ་ནི། ཆེད་དུ་མ་བསམས་པ་སྟེ། གནས་འདིའི་ཆེད་དུ་མ་བསམས་པར་བྱུང་བ་ཡིན་པས་སོ། །གཙུག་ལག་ཁང་ཐ་དད་དུ་མ་དག་ལ་རུང་བའི་ཁང་པ་གཅིག་བྱིན་གྱིས་བརླབས་ཀྱང་ཆོག་སྟེ། དེས་གཙུག་ལག་ཁང་ཐམས་ཅད་ན་གནས་པ་དག་གི་ནང་དུ་ཞག་ལོན་པ་དང་། ནང་དུ་བཙོས་པ་ལ་སོགས་པའི་བྱ་བ་བྱེད་ན་དེ་མི་མཛེས་པ་མ་ཡིན་པར་ཤེས་པར་བྱའོ། །གཅིག་གིས་གཙུག་ལག་ཁང་དུ་མའི་བྱ་བ་བྱེད་པའི་རུང་བའི་ཁང་པ་འདིའི་མིང་ནི་བ་ལང་གི་གནས་ལྟ་བུ་ཞེས་ཏེ། རུང་བའི་ཁང་པ་གཅིག་ལ་གཙུག་ལག་ཁང་མང་པོ་བ་ལང་ལྟར་ཐ་དད་པ་དག་གནས་འཁོད་པ་དེ་ནི་བ་ལང་གི་གནས་ལྟ་བུའོ། །དྲན་པ་ཉེར་བཞག་ནས། ལག་བསྙལ་བསོད་སྙོམས་བླངས་ནད་སྨན་ཤེས་ཟ། །མི་འཕྲོ་བར་བསྒྲུབ་པར་བྱ་བ་ནི། རྣམ་པར་མི་གཡེངས་ཤིང་མི་འཕྲོ་བར་བསོད་སྙོམས་བཟའ་བར་བྱའོ། །འཚོ་བ་ཙམ་དུ་བསྒྲུབ་པར་བྱ་བ་ནི། ལུས་འཚོ་བ་ཙམ་དུ་བསོད་སྙོམས་བཟའ་བར་བྱའི། འཕྱར་གཡེང་ལ་སོགས་པའི་ཕྱིར་ནི་མ་ཡིན་པའོ། །མ་འདྲེས་པར་བསྒྲུབ་པར་བྱ་བ་ནི། བསོད་སྙོམས་དེ་མ་འདྲེས་མ་བསླད་པར་བཟའ་བའོ། །མི་དཀྲུགས་པར་བསྒྲུབ་པར་བྱ་བ་ནི། ཐམས་ཅད་སྣོད་གཅིག་ཏུ་བླུགས་ཏེ་དཀྲུགས་ཤིང་བཟའ་བར་མི་བྱའོ། །ཤིན་ཏུ་དབེན་པར་བསྒྲུབ་པར་བྱ་བ་ནི། གནས་དབེན་པར་བཟའ་བར་བྱའི། ལམ་པོ་ཆེ་ལ་སོགས་པ་དག་ཏུ་བཟའ་བར་མི་བྱའོ། །དུས་མ་ཡོལ་བར་བཟའ་བར་བྱ་བ་སྟེ་ཕྱེད་ཡོལ་ཕན་ཆད་བཟའ་བར་མི་བྱའོ། །ཞེས་པའི་ཐ་ཚིག་གོ །བཀྲེས་པ་དང་སྐོམ་པ་ནི་ནད་ཡིན་ལ། བདག་ལ་དེ་ཡོད་པས་བདག་ཉིད་ལ་ནད་པའི་འདུ་ཤེས་ཉེ་བར་བཞག་པ་དང་། དེ་ཟས་ཀྱིས་འཚོ་བས། ཟས་ལ་སྨན་གྱི་འདུ་ཤེས་ཉེ་བར་བཞག་སྟེ་ཟས་བཟའ་བར་བྱའོ། །འབྱུང་བ་ལ་སོགས་པ་རྣམ་པ་བཅུ་ཡང་དྲན་པར་བྱ་སྟེ། དེ་ལ་འབྱུང་བ་ཞེས་བྱ་བ་ནི། ཟས་འདི་མི་གཙང་བ་དང་། ལུད་ལ་སོགས་པ་དག་ལས་འབྱུང་བའོ། །འདྲ་བ་ཞེས་བྱ་བ་ནི། འདི་ལྟ་སྟེ། འབྲས་ཆན་ནི་སྲིན་བུ་དང་འདྲ་ལ། ཕྱེ་དག་ནི་རུས་ཕྱེ་འདྲ་བ་ལ་སོགས་པའོ། །འགྱུར་བ་ཞེས་བྱ་བ་ནི། ཟས་ཟོས་ནས་བད་ཀན་དང་། སྣབས་དང་། རྣག་དང་། ཁྲག་ལ་སོགས་པར་འགྱུར་པའོ། །ཕྱིར་རྒོལ་བ་ཉིད་ཅེས་བྱ་བ་ནི་ཟས་ཀྱི་ཕྱིར་ཕྱིར་རྒོལ་བ་རྣམས་དང་རྗེས་སུ་འབྲལ་བ་སྟེ། ཟས་ཀྱི་རྒྱུ་ལས་མ་ནི་བུ་དང་ལྷན་ཅིག་འཐབ་པར་བྱེད། བུ་ནི་མ་དང་ལྷན་ཅིག་འཐབ་པ་ལ་སོགས་པ་བྱེད་པའོ། །རྒྱུ་མཐུན་པ་ཞེས་བྱ་བ་ནི། ཟས་ནི་བཤང་བ་དང་གཅི་བ་ལ་སོགས་པ་ཤིན་ཏུ་སྨད་པ་དག་དང་རྒྱུ་མཐུན་པ་ཡིན་པའོ། །བརྟེན་པའི་རྣམ་པ་ཞེས་བྱ་བ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། ཟས་འདི་ཞིང་ལ་སོགས་པ་ལ་བརྟེན་ཏེ་བྱུང་བ་དེ་དག་ལས་བརྟེན་ནས་སྲེད་པ་ལ་སོགས་པ་ཀུན་ནས་ཉོན་མོངས་པ་དག་འབྱུང་བའི་ཕྱིར་རོ། །བཙལ་བ་ཞེས་བྱ་བ་ནི། དེའི་ཚེགས་ཆེན་པོས་བསྒྲུབ་དགོས་པའོ། །གཞན་ལ་རགས་ལས་པ་ཉིད་ཅེས་བྱ་བ་ནི། ཚོགས་ཆེན་པོ་འབྲུ་ལ་སོགས་པ་གྲུབ་ཀྱང་དེ་གཡོ་བ་ལ་སོགས་པ་མེད་ན་མི་ལྡན་པའི་ཕྱིར། གཞན་ལ་རག་ལས་པ་ཉིད་དུ་འགྱུར་བའོ། །ནད་དང་བཅས་པ་ཉིད་ཅེས་བྱ་བ་ནི། ཟས་ལོག་པ་ཞུ་བས་རིམས་ལ་སོགས་པ་ནད་མང་པོ་དུ་མ་དག་འབྱུང་བའི་ཕྱིར་རོ། །སོ་སོར་འགྲོ་བ་ཉིད་ཅེས་བྱ་བ་ནི། ཟས་འདི་རྣམ་པ་བཞིར་འགྲོ་བ་སྟེ། འདིའི་ཆ་གཅིག་ནི་ལུས་ཀྱི་མེས་སྲེག་པར་བྱེད་པ་དང་། གཉིས་པ་ནི་བཤང་བ་དང་གཅི་བར་འགྱུར་བ་དང་། གསུམ་པ་ནི་སྲིན་བུ་དག་གིས་བཟའ་བར་འགྱུར་བ་དང་། བཞི་པ་ནི་ལུས་རྟས་པར་བྱེད་པའོ། །ཟས་ཀྱི་བྱ་བ་བྱེད་པའི་དང་པོར་ཟས་ཀྱི་ཁམ་ཆང་གཅིག་སེམས་ཅན་ཐམས་ཅད་ལ་དམིགས་ཏེ་བཞག་ཅིང་། གཉིས་པ་ལྷ་མོ་འཕྲོག་མ་ལ་དང་། གསུམ་པ་གཉུག་མར་གནས་པའི་གཏོར་མའི་ཆེད་དུ་བཞག་གོ །ལམ་དུ་དགེ་ཚུལ་སྣོད་སྤྱད་མེད་པའམ། དབེན་པར་ཉེ་དུ་གཅུགས་པས་ཟན་ལྷན་ཅིག་ཟ་བར་གསོལ་ན། བྱིན་ལེན་བྱས་པ་འཇིག་པ་དང་། བྱིན་ལེན་མ་བྱས་པ་དང་འགྲེ་བ་བསྲུང་བའི་ཕྱིར། རང་གི་ལྷུང་བཟེད་བྱིན་ལེན་བྱས་ཏེ། དེ་གཉིས་ལག་བསྙལ་དུ་བཅུག་ནས་ལྷན་ཅིག་ཟ་བར་བྱའོ། །དགེ་སློང་ནང་ལྷན་ཅིག་ཟ་ན་དགེ་སློང་གཞན་དེའི་ལག་པ་བཏེག་པ་དང་། རང་གི་ལག་གཞུག་པར་བྱའོ། །དགེ་འདུན་དོན་དུ་གྲོང་ཞིང་སོགས་ལེན་གནང་། །ལུང་ལས། བཙུན་པ། དགེ་སློང་གིས་ལོངས་སྤྱོད་པ་དང་། ལོངས་སྤྱོད་མཆོག་བླང་དུ་རུང་ངམ། ཀཏྱ་ཡ་ན། དགེ་འདུན་གྱི་ཆེད་དུ་བླང་དུ་རུང་ངོ་། །དེ་ལ་ལོངས་སྤྱོད་ནི། གྲོང་དང་ཞིང་དག་གོ །ལོངས་སྤྱོད་མཆོག་ནི། བ་ལང་དང་། མ་ཧེ་དང་། ར་དང་། ལུག་དག་གོ །ཡོ་བྱད་མི་མ་ཡིན་པ་དག་གང་ཞེ་ན། གླང་པོ་ཆེ་དང་། རྟ་དང་། རྔ་མོ་དང་། བོང་བུ་དང་། ར་དང་། ལུག་དང་། མ་ཧེ་དང་། བཅོམ་ལྡན་འདས་ཀྱི་རྗེས་སུ་གནང་བ་མཆོད་རྟེན་གྱི་ཡང་རུང་། དགེ་འདུན་གྱི་ཡང་རུང་བ་དག་གོ །ཞེས་གསུངས་པ་ཉིད་དོ།། །། བཞི་པ་ཉམས་ན་དག་པར་བྱ་བ་ཕྱིར་བཅོས་ལ། ལས་སྤྱི་ལ་དགོས་པ་སྤྱིར་བསྟན། ཕྱིར་བཅོས་པའི་རྣམ་གཞག་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། ཆོ་ག་ལས་འདས་ན་ལས་མི་འཆགས་སོ། །འདིར་ཆོ་ག་ནི། དགེ་འདུན་ཚང་བ་དང་། ལས་བརྗོད་པ་དང་། ལས་བྱེད་པ་ཉིད་དོ། །ཞེས་པའི་ཆོ་ག་ལ། གསོལ་བ་གསོལ་གཉིས་གསོལ་བཞི་ཉེར་བཞི་དང་། །ཞེ་བདུན་སུམ་ཅུ་མངོན་སུམ་རྗེས་བསྒྲག་འདུ། །གསོལ་བ་ཁོ་ན་ཡིན་ལ། བརྗོད་པ་མེད་པའི་ཕྱིར་གསོལ་བ་འབའ་ཞིག་པའི་ལས་ཞེས་བྱའོ། །གསོལ་བ་དང་ལས་བརྗོད་པ་གཅིག་སྟེ། གསོལ་བ་དང་གཉིས་ཀྱི་ལས་ཞེས་བྱའོ། །གསོལ་བ་དང་ལས་བརྗོད་པ་གསུམ་མཇུག་སྡུད་དང་བཅས་པ་སྟེ། གསོལ་བ་དང་བཞིའི་ལས་ཞེས་བྱའོ། །དེའི་དང་པོ་ལ་ནི་ཆོ་ག་ཉི་ཤུ་རྩ་བཞི་ཡོད་དེ། གསང་དང་ནང་དུ་དྲི་ཕྱིར་དང་། གསོ་སྦྱོང་དེ་ལ་ལྟུང་བཅས་དང་། །དེ་ལ་དགེ་འདུན་ཡིད་གཉིས་དང་། །རྩོད་དང་ངེས་ཉིད་མ་ཡིན་དང་། །དེ་ཡི་དོན་དུ་ལྔ་པོ་དག །ཐམས་ཅད་དགག་དབྱེར་གཏོགས་པ་ཡིན། །དབྱར་གནས་ཁས་བླང་ཉིད་དང་ནི། །ཤི་བའི་རྫས་དང་ནོར་འདྲ་དང་། །ཆོས་གོས་སྲ་བརྐྱང་གཏད་པ་དང་། །ཆོས་གོས་སྦྱིན་པར་བྱ་བ་དང་། །གནས་ངན་ལེན་ནི་བརྗོད་པ་དང་། །གྲངས་སུ་གཞུག་པ་བཞི་དག་དང་། །ལྷུང་བཟེད་ཁ་སྦུབ་བྱ་བ་དང་། །དེ་ཉིད་བཟློག་པར་བྱ་བ་དག །གསོལ་བ་འབའ་ཞིག་ལས་ཡིན་ནོ། །གཉིས་པ་ལ་ནི་ཞེ་བདུན་ཡོད་དེ། གནས་དང་མཚན་ནི་གཉིས་པོ་དང་། །མི་འབྲལ་སྨྱོས་དང་དགག་དབྱེ་དང་། །གནས་མལ་སྟོབ་པར་བྱེད་པ་དང་། །རུང་བའི་ས་གཞི་བརྐོ་བ་དང་། །སྲ་བརྐྱང་དང་ནི་དེ་འདིང་དང་། །སྤོང་དང་ལག་གི་བླ་དང་ནི། །གནས་ཁང་བསྐོ་ལ་སོགས་པ་དང་། །གཟུ་དང་གསལ་དང་སྦེད་པ་དང་། །ཚུལ་ཤིང་འབྲིམ་པར་བྱེད་པ་དང་། །ཁང་པ་ཁང་ཆེན་བསྟན་པ་དང་། །གླེང་དང་འབྲལ་བར་མི་འགྱུར་དང་། །སྟན་དང་ལྷུང་བཟེད་འབྲིམ་པ་དང་། །མ་དད་གོ་བར་བྱ་བ་དང་། །སྟོན་པ་དང་ནི་ནགས་ཉུལ་དང་། །འཁར་བ་དྲ་བའི་ཕྱིར་དང་ནི། །རྙེད་པ་གཅིག་ཏུ་བྱ་ཕྱིར་དང་། །བསླབ་པ་སྦྱིན་དང་ཉེར་གནས་དང་། །བུ་དང་ཉེ་དུའི་ཕྱིར་འགྲོ་བ། །གསོལ་དང་གཉིས་ཀྱི་ལས་ཡིན་ནོ། །གསུམ་པ་ལ་ནི་སུམ་ཅུ་ཡོད་དེ། །བསྙེན་པར་རྫོགས་པར་བྱ་བ་དང་། །མུ་སྟེགས་གནས་དང་མཚམས་དགྲོལ་དང་། །མཐུན་སྦྱིན་གསོ་སྦྱོང་བདུན་པོ་དང་། །བརྒྱད་དང་དྲན་དང་མ་མྱོས་དང་། །དེ་ཉིད་ཚོལ་དུ་གཞུག་པ་དང་། །བསྒོ་བར་བྱ་བ་རྣམས་དང་ནི། །ཉམས་པ་སྦྱིན་པར་བྱ་བ་དག །གསོལ་བ་བཞི་ཡི་ལས་ཡིན་ནོ། །དེ་ཕྱིར་ལས་བརྒྱ་རྩ་གཅིག་ཏུ་གསུངས་སོ། །དེ་དག་ལས་དགེ་འདུན་དང་འབྲེལ་བའི་གང་ཟག་གི་ལས་ནི། དྲིས་ལན་ཞུས་ལན་གསོལ་བ་བཏབ། །བྱིན་བརླབ་བརྗོད་དང་བཞམས་ཏེ་བསྒོ། །འབུལ་དང་ལེན་དང་མཐོལ་དང་བཤགས། །དབྱར་གནས་ཁས་བླངས་དགག་དབྱེ་དང་། །གསོ་སྦྱོང་གོ་བྱ་སྲ་བརྐྱང་གདིང་། །སྡིགས་དང་གཟེངས་བསྟོད་གཏོང་དང་ལེན། །བྲིམས་དང་བསྟབས་དང་བཅུ་དྲུག་གོ །གང་ཟག་རྐྱང་པའི་ལས་ནི། དྲི་ལན་བྱིན་བླངས་ཞུ་ལན་དང་། །གསོལ་གདབ་བྱིན་རླབས་བརྗོད་དང་བསྒོ། །འབུལ་དང་ལེན་དང་མཐོལ་དང་བཤགས། །དབྱར་གནས་ཁས་བླངས་བཟོད་གསོལ་དང་། །གོ་བྱ་འདོན་དང་བཅུ་གསུམ་མོ། །གཞན་ནི་དགེ་འདུན་གྱི་ལས་སོ། །སློབ་དཔོན་དུལ་བའི་ལྷས་ལས་དེ་དག་བཅུ་གསུམ་དུ་བསྡུས་ཏེ། ཆད་པ་དང་། བསྒོ་བ་དང་། རྩོད་པ་ཞི་བར་བྱ་བ་དང་། ས་གོང་མར་སྤོ་བ་དང་། དགེ་འདུན་ལ་མཁོ་བ་རྣམ་པར་གཞག་པ་དབྱུང་བ་དང་བཅས་པ་དང་། བསྐོ་བ་དང་། རབ་བྱུང་ལ་མཁོ་བ་རྣམ་པར་གཞག་པ་དང་། རྗེས་སུ་གནང་བ་དང་། དགེ་འདུན་གྱི་བསླབ་པ་དང་། སྐྱིན་པ་དང་། རང་གི་དོན་ལ་སྦྱར་བ་དང་། བགྲང་བ་དང་། ཁྱིམ་པའི་དོན་རྣམ་པར་གཞག་པར་དབྱུང་བ་དང་བཅས་པའོ། །འཕགས་པ་ཐོགས་མེད་ཀྱིས་གཞི་བསྡུ་བར། གཞི་སེམས་ཅན་ལ་བྱ་བ་དང་། གཞི་སེམས་ཅན་མིན་པ་ལ་བྱ་བ་གཉིས་སུ་གསུངས་སོ། །དེ་དག་ལས་བཅུ་མིན་པ་ཐམས་ཅད་ནི་མངོན་སུམ་དུ་གྱུར་པ་ལ་བྱ་བ་ཡིན་ལ། ཐོས་པར་བྱ་བ་མིན་པ་ལྟ་བུའི་ཉེན་ཀོར་དུ་བཞག་པ་ནི་མངོན་སུམ་དུ་བྱ་བའི་ཚུལ་གཅིག་ཡིན་ནོ། །རྗེས་སུ་བསྒྲག་པར་བྱ་བ་ནི། ཐོས་པར་བྱ་བ་ནི་མ་ཡིན་པའི་གང་ཟག་བལྟ་བའི་ཉེན་ཀོར་དུ་ཡང་མི་བཞག་པར་ལས་གང་བྱས་པ་དེ། དེ་ཟིན་པའི་འོག་ཏུ་ཁྱོད་ལ་གསོལ་བ་དང་བཞིའི་ལས་བྱ་བ་ལས་གསོལ་བ་ནི་ཟིན་ཏོ། །ཞེས་དང་། དེ་བཞིན་ལས་ནི་བྱས་ཟིན་ཏོ། །ཞེས་རྗེས་སུ་བསྒྲགས་ཏེ་གོ་བར་བྱ་བས་སོ། །དེ་ཡང་རྣམ་པ་བཅུ་ལ་སྟེ། མ་མོ་ལས་མངོན་སུམ་དུ་མ་གྱུར་པར་བྱ་བའི་ལས་བཅུ་གང་ཞེ་ན། ལྷུང་བཟེད་ཁ་སྦུབ་པ་དང་། ལྷུང་བཟེད་ཁ་སྤུབ་པ་བག་ཡངས་སུ་བྱ་བ་དང་། བསླབ་པའི་སྡོམ་པ་དང་། བསླབ་པའི་སྡོམ་པ་བག་ཡངས་སུ་བྱ་བ་དང་། དགེ་ཚུལ་གྱི་སྡོམ་པ་དང་། སྨྱོས་པས་གནང་བ་དང་། ཕྱག་མི་བྱ་བའི་སྡོམ་པ་དང་། མི་སྨྲ་བའི་སྡོམ་པ་དང་། ལོངས་མི་སྤྱོད་པའི་སྡོམ་པ་དང་། གཙུག་ལག་ཁང་གི་སྡོམ་པའོ་ཞེས་གསུངས་པ་ཡིན་ནོ། །དགེ་འདུན་ཚང་དང་ལས་བརྗོད་ལས་བྱེད་པ། །ཆོ་ག་བཞིན་བགྱིད་ལས་ཀྱི་གཞི་རུ་གསུངས། །དགེ་སློང་ཕའི་དགག་དབྱེ་ལ་ནི། དགེ་སློང་གསུམ་གྱི་སྟེང་དུ་དགེ་སློང་གཅིག་གིས་ཁ་བསྐང་སྟེ་དགེ་འདུན་དུ་གྱུར་པའི་དུས་ན་དེ་དགག་དབྱེ་བྱེད་པ་ཉིད་དུ་བསྐོར་མི་རུང་སྟེ། འདི་ལྟར་དགེ་སློང་གསུམ་ལ་དགེ་སློང་གཅིག་གིས་དགག་དབྱེ་བྱར་མི་རུང་བའི་ཕྱིར་བཞིའི་སྟེང་དུ་གཅིག་གིས་ཁ་བསྐང་ན་དེ་བྱེད་པར་བསྐོར་རུང་སྟེ། དགག་དབྱེ་བྱེད་པ་མ་གཏོགས་པའི་དགེ་འདུན་དུ་གྱུར་པ་ཡོད་པའི་ཕྱིར་རོ། །དེ་ཕྱིར་དགག་དབྱེ་ལ་ལྔ་ངེས་པར་དགོས་སོ། །མདོར། བསྙེན་པར་རྫོགས་པ་ལ་ཡང་གསུངས་མོད་ཀྱང་། ས་ག་ལྷས། བཞིའི་དམིགས་བསལ་གསུངས་པས་འདིར་མ་བསྡུས་སོ། །ཕམ་སྦོམ་ལྕི་བ་མཚམས་ཀྱི་ནང་གི་དྲུག་ཡན་ཆད་ཀྱི་དགེ་འདུན་ཐམས་ཅད་ལ་དང་། ལྷག་མ་ལས་དབྱུང་བ་ལ་གྲངས་ཉི་ཤུ་དགོས་པ་ལྷག་མའི་སྦོམ་པོ་ལྔ་ལ་དང་། མ་ལ་དགེ་སློབ་མའི་སྡོམ་པ་བྱིན་པ་དང་། ཚངས་སྤྱོད་ལ་ཉེར་གནས་ཀྱི་སྡོམ་པ་སྦྱིན་པ་དང་། འཁོར་ཉེ་བར་འཇོག་པ་དང་། འཁོར་མང་པོ་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་དང་། གཉིས་ཀའི་དགེ་འདུན་ལས་བསྙེན་པར་རྫོགས་པ་ལྔ་ལ། ཡུལ་དབུས་སུ་དགེ་སློང་མ་བཅུ་གཉིས། མཐའ་འཁོབ་ཏུ་དྲུག་ངེས་པར་དགོས་ལ། དགེ་སློང་མ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བའི་མགུ་བ་དང་དབྱུང་བའི་ལས་ལ་ནི་མཚམས་གཉིས་ཀའི་དགེ་སློང་དང་དགེ་སློང་མའི་དགེ་འདུན་ཐམས་ཅད་ཚོགས་པ་དགོས་སོ། །དེ་ལྟར་དམིགས་ཀྱིས་བསལ་བ་མ་གཏོགས་དགེ་འདུན་གྱི་ལས་སམ་དགེ་འདུན་དང་འབྲེལ་བའི་ལས་ཐམས་ཅད་ལ་གྲངས་བཞི་ཚང་ན་བྱར་རུང་ངོ་། །མ་ཚང་ན་ལས་མི་ཆགས་ལ། ལས་བརྩམས་ནས་དགེ་སློང་གཅིག་སོང་བའི་ཤུལ་དུ་གྲངས་མ་ཚང་ན་ལས་དེ་འཁྲུགས་པ་སྟེ། མ་བྱས་པར་འགྱུར་རོ། །དགེ་འདུན་ཀྱང་མི་མཐུན་པ་གཉིས་དང་བྲལ་བ་དང་། ཁ་སྐོང་གི་ཆོས་བཅུ་གསུམ་དང་ལྡན་པ་དགོས་ཏེ། སྔར་བསྙེན་པར་རྫོགས་པའི་སྐབས་སུ་བཤད་ཟིན་ཏོ། །གང་ལ་ལས་བརྗོད་པ་ལྷག་པར་བྱེད་པ་དེ་ལ་ནི་ལས་མི་ཆགས་པ་ཡིན་ལ། ཉམས་པ་སྟེ་ཆད་ན་མི་ཆགས་སོ། །ཚིག་གི་ཕྲེང་སྔ་ཕྱི་འཁྲུགས་པས་གོ་བར་བྱེད་པ་མིན་ན། ལས་བྱེད་པ་ཆོས་མིན་པས་མི་བྱ་སྟེ། ཆོས་མིན་པ་ཞེས་བྱ་བ་ནི། དཔེར་ན་གླེང་དྲན་མ་བྱས་པར་མཐུས་མངོན་སུམ་དུ་མ་གྱུར་པ་ལ་ཆད་པའི་ལས་བྱེད་དུ་འཇུག་པ་ལྟ་བུའོ། །དགེ་ཚུལ་མའམ་དགེ་སློབ་མ་བདག་ལ་བསླབ་པ་མ་བྱིན་ཞིག བདག་བསྙེན་པར་མ་རྫོགས་ཞེས་སྨྲ་བ་ལྟ་བུ་མི་ནོད་པ་ལ་བྱེད་པ་དང་། བཞམས་བསྒོ་མ་བྱས་པ་ལ་གནས་དབྱུང་སོགས་བྱས་ན་མི་ཆགས་པས་ཆོ་ག་ལས་མ་འདས་པར་བྱ་ལ། གང་ལ་བཙན་པོ་བྱ་བའི་སྐབས་ཡོད་བཞིན་དུ་བག་ཡངས་ལ་བརྟེན་ན་འགལ་ཚབས་ཅན་དུ་འགྱུར་རོ། །མདོར་རྒྱས་པར་གསུངས་པ་གཞན་ནི་སོ་སོའི་སྐབས་སུ་བཤད་པས་འདིར་མ་ཟློས་སོ།། །། གཉིས་པ་ཕྱིར་བཅོས་པའི་རྣམ་གཞག་རྒྱས་པར་བཤད་པ་ལ། ལྟུང་བ་ཕྱིར་བཅོས་པ་དང་། རྩོད་པ་ཕྱིར་བཅོས་པ་གཉིས་ལས། དང་པོ་ནི། ཕམ་པ་འཆབ་བཅས་རྒྱུད་དེ་གསོར་མི་རུང་། །འཆབ་སེམས་སྐད་ཅིག་མ་གཅིག་སྐྱེས་པས་རྒྱུད་གསོར་མི་རུང་བ་ནི། ལྷག་མ་མེད་པའི་ལྟུང་བ་འཆབ་བཅས་ཏེ། ཐུན་མོང་བའི་ཕམ་པ་འཆབ་པའོ། །དེས་ལྟུང་བ་ཕྱིར་མ་བཅོས་པ་ལ་ནི་ཉེས་པ་མེད་དེ། སྡོམ་པ་དགོས་པ་བསྒྲུབ་ནུས་མེད་པ་ཉིད་དུ་གྱུར་པའི་ཕྱིར་རོ། །འཆབ་མེད་དགེ་འདུན་ལ་ནི་ཇི་སྲིད་འཚོར། །བསླབ་པ་ནོས་སྤྱད་བསླབ་པའང་དམན་སྤྱོད་རྣམས། །ལེན་དང་ཁྱད་སྤྱོད་རྣམས་སྤོང་། བཅབས་པའི་སེམས་མ་སྐྱེས་ན་མཐའ་ལས་ལྡང་བར་འགྱུར་རོ། །བསླབ་པ་སྤྱོད་པས་སོ། །དེ་ཐོབ་པས་སོ། །དགེ་འདུན་ལས་སོ། །ལས་ཀྱིས་སྦྱིན་ནོ། །ཇི་སྲིད་འཚོའི་བར་དུའོ། །ཞེས་པའི་དོན། གླེང་གཞི། མཉེན་ཡོད་དུ་དགེ་སློང་དགའ་བ་ཅན་ཞེས་བྱ་བ་ཞིག་རྟག་ཏུ་དགོན་པའི་གནས་མལ་བསྟེན་ཏེ། བསམ་གཏན་ལ་དགའ་བ་ཅན་ཞེས་གྲགས་སོ། །དེ་སྐྱིལ་ཀྲུང་བཅས་ཏེ་བསྒོམ་པའི་ཚེ་བདུད་རིགས་ཀྱི་ལྷས་བཙེས་སོ། །དུས་གཅིག་གི་ཚེ་བདུད་རིགས་ཀྱི་ལྷ་མོ་སྐྱིལ་ཀྲུང་སྟེང་དུ་འདུག་པ་དང་། བུད་མེད་ནི་རེག་པའི་དུག་ཅན་ཡིན་པས་དེ་དང་ལྷན་ཅིག་སྤྱད་དོ། །སྤྱད་མ་ཐག་ཏུ་ཟུག་རྔུས་ཟུག་པ་བཞིན་བདག་འབབས་སམ། འོན་ཏེ་བཅབ་པའི་སེམས་གཅིག་གིས་ཀྱང་མ་བཅབས་ཏེ། སྐལ་བ་ཡོད་ན་གནས་སྙམ་ནས། ལག་པ་གཡས་པས་ཆོས་གོས་ཁྱེར། གཡོན་པས་མཚན་བཀབ་སྟེ་ངོ་ནག་ཅིང་མིག་མཆི་མས་གང་བཞིན་དུ་སོང་བས། སྟོན་པས་རྒྱང་རིང་པོ་ནས་གཟིགས་ཏེ། མ་སྨྲས་ན་ཁྲག་ཚ་བ་སྐྱུགས་ཏེ་འཆི་བར་མཁྱེན་ནས། དགའ་བ་ཅན་འོངས་སམ། འོངས་པ་ལེགས་སོ། །ཅིའི་ཕྱིར་ངོ་འཛུམ་ནག བདག་སྔོན་ནི་དགའ་བ་ཅན་ལགས། ད་ནི་མི་དགའ་བ་ཅན་ལགས་སོ། །ཅི་བྱས། བསླབ་པ་མ་ཕུལ་བར་མི་ཚངས་པར་སྤྱད་དེ། བཅབ་པའི་སེམས་གཅིག་གིས་ཀྱང་མ་བཅབས་ལགས་སོ། །སྟོན་པས། ཇི་སྲིད་འཚོའི་བར་དུ་བསླབ་པ་ལ་སློབ་པར་སྤྲོའམ། སྤྲོ་ལགས། སྟོན་པས། དགའ་བ་ཅན་གྱིས་སྤྱད་པར་བྱ་བ་མ་ཡིན་པ་སྤྱད་ཀྱང་སེམས་གཅིག་གིས་ཀྱང་མ་བཅབས་པས། འདི་ཕས་ཕམ་པར་མ་གྱུར་གྱིས། དགའ་བ་ཅན་དང་གཞན་ཡང་འདི་ལྟ་བུ་ལ་བསླབ་པའི་སྡོམ་པ་བྱིན་ཅིག ཕམ་པ་བྱུང་ཡང་འཆབ་པའི་སེམས་སྐད་ཅིག་མ་གཅིག་མ་སྐྱེས་ན། དགེ་འདུན་ལ་ཇི་སྲིད་འཚོའི་བར་དུ་བསླབ་པ་ནོད་པར་གསོལ་བ་བགྱིས་ཏེ་བརྗོད་པ་གཅིག་གིས་ལས་ཀྱིས་སྦྱིན་ནོ། །དེ་ཡང་བཅབ་པའི་སེམས་མ་སྐྱེ་ན་མཐའ་ལས་ལྡང་བར་འགྱུར་རོ། །ཞེས་གསུངས་པས་སོ། །ཅིའི་ཕྱིར་བསླབ་པ་ཞེས་བྱ་ན། དམན་པའི་སྤྱོད་པ་རྣམས་དང་དུ་ལེན་ཅིང་། ཁྱད་པར་ཅན་གྱི་སྤྱོད་པ་རྣམས་སྤོང་བ་ལ་སློབ་པས་ན་དེ་སྐད་ཅེས་བྱའོ། །བསླབ་པ་རང་གི་ངོ་བོ་ཡང་དེ་ཉིད་ཡིན་ནོ། །འཁྲུལ་པའི་རྒྱུ་ཐམས་ཅད་སྤངས་པའི་ཕྱིར་དགྲ་བཅོམ་པ་ཐོབ་པ་ན་དེ་རང་བཞིན་དུ་གནས་པར་འགྱུར་རོ། །མཚམས་ནང་དུ། ཀུན་ལ་ལྕི་བཤགས་ཡང་བ་ཕྱི་རོལ་བཞིར། །ཕམ་པར་གཏོགས་པའི་སྦོམ་པོ་ལྕི་བ་ནི། །མཚམས་ནང་གི་དགེ་འདུན་ཐམས་ཅད་ལ་བཤགས་དགོས་ཤིང་། དེ་ན་དགེ་སློང་ལྔ་ལས་མེད་ན་གཅིག་གནས་གཞན་ནས་བོས་ཏེ་དྲུག་ཏུ་ཚང་བར་བྱས་ནས་སོ། །སྦོམ་པོ་ཡང་བ་ལ། མཚམས་ནང་དེའི་དགེ་སློང་བཞི་ལ་བཤགས་ཤིང་། གསུམ་ལས་མེད་ན་གཅིག་ལ་གཞན་ནས་བོས་ཏེ་བཞིར་ལོངས་པར་བྱའོ། །དེ་གཉིས་བཤགས་པའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཕམ་པར་གཏོགས་པའི་སྦོམ་པོ་ལྕི་བའམ་ཡང་བ་མིང་འདི་ཞེས་བགྱི་བ་བྱུང་སྟེ། དགེ་སློང་གི་དགེ་འདུན་གྱི་མདུན་དུ་མཐོལ་ལོ་ཞེས་སོགས་ལན་གསུམ་བཟླས་ལ། མཐོང་སྡོམ་དྲི་ཞིང་ཐབས་ལེགས་བྱའོ། །བཅབས་ལྷག་སྤོ་བ་ནོད་སྤྱད་དབྱུང་སྦོ་བཞིན། །གཉིས་བྱུང་གཞི་ནས་ཡང་བྱུང་ཡང་གཞི་ནས། །བཞི་བྱུང་ནན་ཏུར་འཆབ་མེད་མགུ་བའང་སྦྱར། །སྤོ་བཞིན་འཆབ་མེད་གཅིག་བྱུང་མགུ་སྤྱོད་བཟློག །ཉི་ཤུས་ཕྱིར་ལྔ་ལྕི་དང་ཡང་ནང་གཅིག འདི་ལ་དགེ་འདུན་ལྷག་མ་མི་ཤེས་པ་ཉིད་དང་། བཅབས་པའི་སེམས་ཉེ་བར་མ་བཞག་པས་བརྗེད་པ་དང་། བྱས་དང་མ་བྱས་ཇི་ལྟ་བུ་ཞིག་ཅེས་དྲན་པར་མི་ནོས་པ་ཉིད་དང་། བསྙེན་པར་མ་རྫོགས་པ་ཉིད་དང་། གནས་ནས་ཕྱུང་བ་ཉིད་ལ་འཆབ་པ་མི་འབྱུང་ངོ་། །ཞེས་སོགས་ཀྱི་དོན། གླེང་གཞི། སྟོན་པ་མཉན་ཡོད་དུ་བཞུགས་པའི་ཚེ། དགེ་སློང་འདོད་ཆགས་དང་མ་བྲལ་བ་རྣམས་ལ་ལྷག་མའི་ལྟུང་བ་བྱུང་ནས་འགྱོད་ཅིང་གནོང་སྟེ། བདག་ཅག་ལྟུང་བ་ཅན་གྱི་རང་བཞིན་དུ་གནས་པའི་དགེ་སློང་རྣམས་ལས་སྔོན་དུ་སྨྲ་བ་དང་། ཕྱག་དང་། འདུད་པ་ལའང་བདག་གིར་བྱེད་ཅིང་། ཁྱིམ་པ་དད་པ་ཅན་གྱི་རྫས་ལ་ལོངས་སྤྱད་པས་ངན་སོང་གསུམ་དུ་ཡུན་རིང་པོར་སྡུག་བསྔལ་མྱོང་བར་འགྱུར་གྱིས། བསླབ་པ་ཕུལ་ལ་བབས་སོ་སྙམ་ནས་བབས་ཏེ། གཞན་རབ་ཏུ་འབྱུང་འདོད་པ་ལ་ཡང་ཚངས་པར་སྤྱོད་པ་སྤྱད་དཀའི། རབ་ཏུ་མ་བྱུང་ཞིག་ཟེར་ནས་རབ་ཏུ་མ་བྱུང་བ་དང་། དགེ་སློང་རྣམས་ཉུང་བར་གྱུར་པ་དེ་མཁྱེན་བཞིན་དུ་རྨེད་པས། ཀུན་དགའ་བོས་རྒྱས་པར་གསོལ་པས། དགེ་སློང་དང་ཁྱེད་ཀྱིས་བསྟན་པ་ལ་གནས་པར་བྱ་བའི་ཕྱིར་དང་། ལྷག་མའི་ལྟུང་བ་རྣམས་ལ་སྙིང་བརྩེ་བའི་ཕྱིར་སྤོ་བ་དང་། གཞི་ནས་སྤོ་བ་དང་། གཞི་ནས་བླང་བ་དང་། མགུ་བར་བྱ་བ་དང་། གཞི་ནས་མགུ་བ་དང་། གཞི་ནས་བླང་བའི་མགུ་བར་བྱ་བ་བྱིན་ལ་དབྱུང་བ་བྱའོ། །ཞེས་གསུངས་སོ། །ལྷག་མ་དང་བཅས་པའི་ལྟུང་བ་འཆབ་པ་ནི། ཁུ་བ་འབྱིན་པ་ལྟ་བུའི་ལྷག་མ་དུས་ཇི་སྲིད་དུ་བཅབ་ན་བཅབ་པ་དེ་འདག་པའི་ཕྱིར། དུས་དེ་སྲིད་དུ་གསོལ་བ་དང་བཞིའི་ལས་ཀྱིས་སྤོ་བ་སྦྱིན་པར་བྱའོ། །སྤོ་བ་དེ་སྤྱོད་བཞིན་པའི་ཚེ་ལྷག་མ་རིས་འདྲ་གཉིས་པ་བྱུང་ན་གཞི་ནས་སྤོ་བ་སྦྱིན་ལ། དེ་ཡང་སྤྱོད་བཞིན་པ་ལ་རིས་འདྲ་གསུམ་པ་བྱུང་ན་ཡང་གཞི་ནས་སྤོ་བ་སྦྱིན་ནོ། །སྔ་མ་མ་ཆགས་ན་དེ་ཉིད་བསྐྱར་ལ་སྦྱིན་ནོ། །དེའི་སྤོ་བ་ནི་ཕྱི་མའི་བཅབས་ལྷག་འདག་བྱེད་དུ་འགྱུར་བས་གཉིས་པ་མི་དགོས་སོ། །ཕྱི་མ་ཟླ་གཅིག་བཅབས་ན་སྔ་མའི་དུས་དེ་ཁར་ཟླ་གཅིག་བྱིན་པས་གཉིས་ཀའི་ཉེས་པ་མེད་པ་འགྱུར་རོ། །ཅིའི་ཕྱིར་སྤོ་བ་ཞེས་བྱ་ཞེ་ན། ཁྱད་པར་ཅན་གྱི་གནས་ནས་དམན་པའི་གནས་སུ་སྤོ་བའི་ཕྱིར་རོ། །སྤོ་བ་རང་གི་ངོ་བོ་ནི། །དམན་པའི་སྤྱོད་པ་རྣམས་དང་དུ་ལེན་ཅིང་ཁྱད་པར་གྱི་སྤྱོད་པ་རྣམས་སྤོང་བ་ལ་སློབ་པའོ། །འཆབ་པ་མེད་པའི་ལྷག་མའི་ལྟུང་བ་བྱུང་ན། གསོལ་བཞིས་ཞག་དྲུག་གི་མགུ་བ་སྦྱིན་ལ། དེ་སྤྱོད་བཞིན་པ་ལ་རིགས་འདྲ་གཉིས་པ་བྱུང་ན་གཞི་ནས་མགུ་བ་དང་། གསུམ་པ་བྱུང་ན་ཡང་གཞི་ནས་མགུ་བ་སྦྱིན་ནོ། །ཅིའི་ཕྱིར་མགུ་བ་ཞེས་བྱ་ཞེ་ན། དགེ་འདུན་ཐུགས་མགུ་བར་བྱེད་པའི་ཐབས་ཡིན་པས་སོ། །མགུ་བ་རང་གི་ངོ་བོ་ནི། དམན་པའི་སྤྱོད་པ་རྣམས་དང་དུ་ལེན། ཁྱད་པར་གྱི་སྤྱོད་པ་རྣམས་སྤོང་བ་ལ་སློབ་བོ། །སྤོ་བ་སྤྱོད་བཞིན་དུ་ལྷག་མ་འཆབ་མེད་བྱུང་ན་སྤོ་བའི་མཐའི་མགུ་བ་སྤྱོད་པ་ཉིད་ཀྱིས་ཆོག་གོ །དེ་ནི་མཚོན་པ་ཙམ་སྟེ། མགུ་བའི་སྔོན་དུ་ཁུ་བ་འབྱིན་པ་དང་། རེག་པའི་ལྷག་མ་ལྟ་བུ་འཆབ་མེད་གཉིས་སམ་ལྷག་མ་གཞན་དག་ལས་ཀྱང་དུ་མ་བྱས་ཀྱང་། མགུ་བ་སྦྱིན་པ་གཅིག་གིས་འདག་ལ། ཕའི་མགུ་བ་སྤྱད་པའི་ཡུན་ནི་ཐམས་ཅད་དུ་ཞག་དྲུག་གོ །མ་ལ་ཟླ་བ་ཕྱེད་དོ། །བཅབས་པ་ལ་ནི་དེ་དག་ལས་ཆེས་ཡུན་རིང་བ་དང་། ལྕི་བ་ཞིག་གི་དབང་དུ་བྱས་ནས་སྤྱད་པས་ཐམས་ཅད་ཀྱི་འཆབ་ཉེས་འདག་སྟེ། འདི་ལ་ཇི་སྙེད་ལ་སེམས་པ་དེ་སྙེད་དུ་གཏོགས་པ་ཉིད་རྗེས་སུ་བསྒྲུབ་བོ། །ཞེས་གསུངས་སོ། །དུས་དང་ལྟུང་བའི་ཚད་མི་ཤེས་ན། དཔག་ཏུ་མེད་པ་ལ་བརྟེན་པ་ཞེས་པའི་སྔགས་ཚིག་གི་ཁྱད་པར་སྦྱར་བའི་སྤོ་བའི་གསོལ་བཞིའི་ཆོ་ག་བྱའོ། །ཟླ་བ་བཞི་ནི་མཚོན་པ་སྟེ། འགྲེལ་པར། ལྔ་ལ་སོགས་པའི་བར་དུ་སྤྱད་པར་གསུངས་སོ། །ཇི་ལྟ་བ་བཞིན་དུ་ཤེས་པའི་གཞི་དང་། དྲན་པའི་གཞི་དང་། ཡིད་གཉིས་ཀྱི་གཞི་ཞེས་ཀྱང་སྦྱར་རོ། །ཇི་ཙམ་གྱིས་འཆབ་པར་འགྱུར་ཞེ་ན། འཆབ་པའི་སེམས་སྐྱེས་ན་དེ་ཉིད་ཀྱི་ཕྱི་ལོགས་ནས་འཆབ་པའི་ཉེས་པར་འགྱུར་ཏེ། འགྲེལ་པར། བརྗོད་པའི་ཡན་ལག་ཡོད་ལ། གལ་ཏེ་མི་བརྗོད་དོ་སྙམ་དུ་མི་བརྗོད་པ་བསམ་པ་སྐྱེས་ན། དེའི་ཚེ་འཆབ་པ་ཁོ་ནར་འགྱུར་རོ་ཞེས་གསུངས་པའོ། །གལ་ཏེ་སེམས་མ་སྐྱེས་ཀྱང་བརྗོད་པའི་ཡན་ལག་ཏུ་གྱུར་པ་རང་བཞིན་དུ་གནས་པ་ལྟ་བ་ཐ་མི་དད་པ་དང་། བསྙེན་པར་རྫོགས་པ་དང་། མཚན་མཐུན་པ་དང་། མཚམས་ཀྱི་ནང་གནས་པ་ཞེས་བྱ་བ་ལ་སོགས་པའི་ཡན་ལག་ཡོད་ན། ཉིན་མཚན་གྱི་ཐ་མའི་ཆ་མ་ཡིན་པ་ལ་འཆབ་པ་མི་འབྱུང་ངོ་། །ཞེས་པ་དེ་ཚུན་དེ་ལ་མི་འབྱུང་། དེའི་སྐྱ་རེངས་ཤར་ནས་འབྱུང་ངོ་། །བརྗོད་པའི་ཡན་ལག་མེད་དམ་གཞན་དུ་བགྲོད་དུ་མེད་དམ། དེ་དག་གཞན་དུ་སོང་ན་ནི་དེ་ལ་ཡང་མི་འབྱུང་ངོ་། །འདི་ལ་དགེ་འདུན་ལྷག་མ་མི་ཤེས་པ་ཉིད་དང་བཅས་པའི་སེམས་ཉེ་བར་མ་བཞག་པས་བརྗོད་པ་དང་བྱས་སམ་མ་བྱས་ཇི་ལྟ་བུ་ཞིག་ཅེས་དྲན་པར་མི་ནུས་པ་ཉིད་དང་། བསྙེན་པར་མ་རྫོགས་པ་ཉིད་དང་། གནས་ནས་ཕྱུང་བ་ཉིད་ལ་འཆབ་པ་མི་འབྱུང་ངོ་། །དབྱུང་བའི་སྔོན་དུ་མགུ་བ་ངེས་པར་དགོས་ཏེ། དེ་མ་བྱས་ན་དབྱུང་བ་མི་ཆགས་པས་སོ། །དེ་ལྟར་མགུ་བ་སྤྱད་ནས་ཕ་ལ་དགེ་སློང་ཉི་ཤུས་དབྱུང་བའི་ཆོ་ག་བྱའོ། །ཅིའི་ཕྱིར་དབྱུང་བ་ཞེ་ན། ས་གཞན་ན་གནས་པ་ལས་ས་རང་བཞིན་དུ་གནས་པར་དབྱུང་བའི་ཕྱིར་དེ་སྐད་བརྗོད་དོ། །དེ་ཡང་སྤོ་བ་སྤྱད་ལ་དབྱུང་བ་མ་བྱས་པ་སྤོ་ལྡན། མགུ་བ་སྤྱད་ནས་དབྱུང་བ་མ་བྱས་པ་མགུ་ལྡན་ནོ། །དེ་བཞིན་གཞི་ནས་སྤོ་ལྡན་སོགས་ཀྱང་ཤེས་པར་བྱའོ། །དེ་དག་ནི་ཁྲེལ་མེད་པ་ཤས་ཆེན་པོའི་དབང་དུ་བྱས་ལ། བཟློག་ཅེས་པ། གཞན་ནི་དེ་ལས་བཟློག་སྟེ། ངོ་ཚ་དང་ལྡན་པ་དང་། སྡེ་སྣོད་གསུམ་འཛིན་མ་ཤེས་པ་དག་སྤོ་མགུ་སྤྱད་མི་དགོས་པར་གང་ཟག་གཅིག་གི་མདུན་དུ་བཤགས་པས་དགེ་འདུན་ལྷག་མའི་ལྟུང་བ་འདག་སྟེ། འགྲེལ་པར། བསམ་པས་ལྟུང་བ་ལས་ལྡང་གིས། །ཆད་པའི་ལས་ཀྱིས་མ་ཡིན་ནོ། །ཞེས་གསུངས་པས་སོ། །ངོ་ཚ་ཅན་དེར་སྤོ་མགུ་སྤྱོད་པ་མ་ནུས་པ་གཞན་དུ་ཕྱིར་བཅོས་པའི་ཕྱིར་སོང་ལ། ལམ་དུ་ནོངས་ན་དེ་ལྷག་མའི་ལྟུང་བ་ལས་ལྡང་བར་གསུངས་སོ། །ལྷག་མའི་སྦོམ་པོ་ལྕི་བ་དགེ་སློང་ལྔ་ཡན་ཆད། སྦོམ་པོ་ཡང་བ་གང་ཟག་གཅིག་གི་མདུན་དུ་བཤགས་པས་འདག་ཅིང་། ཕམ་ལྷག་ཏུ་གཏོགས་པའི་ཉེས་པ་གཞན་རྣམས་ཀྱང་དགེ་སློང་གཅིག་གི་མདུན་དུ་མིང་རུས་སྨོས་ཏེ་བཤགས་པས་ཆོག་གོ །མིང་ནི་ཕམ་པའམ་ལྷག་མ་སོགས། དེ་ལས་བྱུང་བ་ནི་རིགས་སམ་རུས་སོ། །གླེང་བས་མི་འཆོས་སྡིགས་སྨད་བསྐྲད་དང་འགྱེད། །གནས་དབྱུང་ཅི་རིགས་པར་སྦྱར་བཟོད་ནས་མཐོལ། །གཞི་ནི་མ་ཞི་བར་ཤེས་ནས་གླེང་བ་པོས་སོ་སོར་ཤེས་པར་བྱ་ཞིང་མངོན་སུམ་དུ་འཇོག་པ་ལ་ནན་ཏུར་གྱི་ལས་བྱའོ། །ཞེས་སོགས་ཀྱི་དོན། འཐབ་ཀྲོལ་བྱེད་པ་ལ་སོགས་པའི་གཞི་དེ་མ་ཞི་ཞིང་ཡོངས་སུ་མ་བཏང་། ཕྱིར་མ་བཅོས་པར་ཤེས་ཤིང་རྣམ་པར་ཤེས་པ་ཡིད་ཆེས་ཤིང་མངོན་པར་ཡིད་ཆེས་པར་གྱུར་ནས། གླེང་བ་པོས་ཀྱང་རྒྱུ་འཐབ་ཀྲོལ་བྱེད་པ་ཉིད་ལ་སོགས་པ་དེ་ལོག་པར་སོ་སོར་ཤེས་པར་བྱས་ཤིང་། གླེང་བར་བྱ་བ་དེ་ཡང་དགེ་འདུན་གྱི་མངོན་སུམ་འཇོག་ན། དེའི་ཚེ་དགེ་འདུན་གྱིས་དེ་ལ་ནན་ཏུར་གྱི་ལས་བྱའོ། །ནན་ཏུར་ཞེས་བྱ་བ་ནི། འོག་ཏུ་བཞག་ཅིང་གཤུང་བ་ཉིད་དུ་རྣམ་པར་གཞག་གོ་ཞེས་བྱ་བའི་དོན་ནོ། །དེ་ཡང་རྣམ་པ་བདུན་ཏེ། ཐམས་ཅད་ལ་གླེང་བ་པོ་གཞན་མེད་ན་དགེ་འདུན་གྱིས་གླེང་སྟེ། དགེ་སློང་གཅིག་སྤྲོ་བ་བྱས་ནས་གསོལ་བ་གཉིས་ཀྱི་ལས་ཀྱིས་བསྐོས་སོ། །དེ་གླེངས་པ་ན་ལྟུང་བ་ཁས་མི་ལེན་པའམ། ལྟུང་བ་གླེང་བའི་སྐབས་མི་འབྱེད་པས་ཕྱིར་མི་འཆོས་ན་འཐབ་ཀྲོལ་བྱེད་པ་ལ་གསོལ་བཞིའི་ལས་ཀྱིས་སྡིགས་པའི་ལས་བྱའོ། །དགེ་འདུན་ལྷག་མའི་ལྟུང་བ་ཕྱིར་མི་འཆོས་པར་རྒྱུན་དུ་བྱེད་པ་ལ་ནི་གསོལ་བཞིའི་ལས་ཀྱིས་སྨད་པར་བྱའོ། །ཁྱིམ་སུན་འབྱིན་པ་ལ་ནི་གསོལ་བཞིའི་ལས་ཀྱིས་བསྐྲད་པར་བྱའོ། །ཁྱིམ་པ་ལ་མཐོ་འཚམ་པ་ནི་ཁྱིམ་པ་ལ་བརྙས་ཐབས་བྱེད་པ་སྟེ། དེ་ལ་གསོལ་བཞིའི་ལས་ཀྱིས་ཕྱིར་འགྱེད་པར་བྱའོ། །ཕྱིར་འགྱེད་པ་ཞེས་བྱ་བ་ནི། ཁྱིམ་པ་ཡི་ཆད་པ་བསལ་བའི་ཕྱིར། དགེ་སློང་དེ་ལ་ཇི་སྲིད་དུ་ཁྱོད་ཀྱི་ལས་ཀྱི་མཐའ་འདི་མ་བཏང་གི་བར་དུ་ཁྱོད་ཀྱི་ཡུལ་ལས་ངེད་ཀྱི་མཛའ་གཅུགས་ཀྱི་དངོས་པོ་དང་དགའ་བའི་དངོས་པོ་ཕྱིར་བསྡུ་ཞིང་ངེད་ཕྱིར་འགྱེད་པར་བྱའོ་ཞེས་བྱ་བའོ། །ལྟུང་བ་གྲགས་པ་ཕྱིར་མ་བཅོས་པ་བསྡམས་པ་ཙམ་གྱིས་བཅོས་སུ་མི་རུང་བའི་ལྟུང་བ་ཆོས་བཞིན་དུ་ཕྱིར་མི་འཆོས་པ་ལ་གསོལ་བཞིའི་ལས་ཀྱིས་གནས་དབྱུང་བར་བྱའོ། །མ་མཐོང་ངོ་ཟེར་ཞིང་ཕྱིར་བཅོས་པ་རྗེས་སུ་བསྒྲུབ་པར་མི་འདོད་པ་ལ་ནི་མ་མཐོང་བས་གསོལ་བཞིའི་གནས་ནས་དབྱུང་བར་བྱའོ། །སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་ན་དེ་ལ་གསོལ་བཞིའི་ལས་ཀྱིས་ལྟ་བའི་རྣམ་པ་མི་གཏོང་བ་གནས་ནས་དབྱུང་བར་བྱ་སྟེ། ལས་དེ་དག་གང་བྱེད་པ་དེའི་རྗེས་ལ། འདི་ཉིད་དུ་ལྟུང་བ་འདི་ཕྱིར་འཆོས་ཤིག་དང་། དགེ་འདུན་འདི་ཉིད་ཀྱིས་ཁྱོད་བག་ཡངས་སུ་བྱེད་པར་འགྱུར་རོ། །ཞེས་བརྗོད་པར་བྱའོ། །ནན་ཏུར་དེ་ལ་སྔ་མ་གཅིག་བྱས་དེ་ལ་བཟོད་པ་མ་བྱིན་པར་ནན་ཏུར་གཞན་པ་ཞིག་བྱས་ན་སྔ་མ་ཞིག་ནས་ཕྱི་མ་ཆགས་པར་འགྱུར་རོ། །དགེ་སློང་གདུག་པ་ཅན་ཕ་རོལ་གནོན་པ། སྡེ་སྣོད་གསུམ་ཤེས་པ། ཐོས་པ་མང་བ། ཕྱོགས་མང་བ། འཁོར་མང་པོ་ཅན་གནས་ནས་འབྱིན་ན་ལྷག་མའི་དབྱེན་གྱི་སྦོམ་པོའམ་སྦྱོར་བའི་ཉེས་བྱས་གང་རུང་དུ་འགྱུར་ཏེ། རྒྱུ་དེས་དགེ་འདུན་བྱེ་བར་འགྱུར་བའི་ཕྱིར་རོ། །དགེ་འདུན་གྱི་གནས་ནས་ཕྱུང་བ་དེ་ལ་དགེ་སློང་མས་ཕྱག་མི་བྱ་བའི་སྡོམ་པ་བྱིན་ནོ། །གལ་ཏེ་སྡིགས་པ་ལ་སོགས་པའི་ལས་བྱས་པའི་དགེ་སློང་དེ་གཤེ་བ་དང་། ཁྲོ་བ་དང་། སྤོ་བ་མི་འཛིན་པ་དང་། དགེ་འདུན་གྱི་རྙེད་པ་དང་གནས་མེད་པར་སེམས་མི་འཛིན་པ་དང་། བླའི་གྲྭ་དང་། འོག་གཟུ་དང་། ཉེ་དུའི་གང་ཟག་རྟེན་དུ་མི་འཛིན་པ་དང་། དགེ་འདུན་རྟེན་དུ་འཛིན་པ་དང་། ཁྱིམ་པ་དང་མུ་སྟེགས་ཅན་གྱི་རྒྱལ་མཚན་མི་འཛིན་པ་དང་། མུ་སྟེགས་ལ་བརྟེན་པ་དང་། ཆོ་ག་མ་ཡིན་པར་སྤྱོད་པ་མི་བྱེད་པ་དང་། དགེ་སློང་གི་བསླབ་པ་དག་ལ་སློབ་པ་དང་། དམའ་བབ་པས་སྐྲ་བསྒྲེང་སྐྲ་ཕྱར་བར་གྱུར་བ་དང་། རྒྱགས་པ་མེད་པས་དགེ་འདུན་ལ་སྤུ་སྙོལ་བར་བྱེད། དབྱུང་བ་སྒྲུབ་པར་བྱེད། མཚུངས་པ་ཉེ་བར་སྟོན་པར་བྱེད། རྒྱུ་ལས་ཕྱིར་བཟློག་པ་གསོལ་བར་བྱེད་ལ། དགེ་འདུན་ལ་བཟོད་པར་གསོལ་ན། དེའི་ཚེ་དགེ་འདུན་གྱིས་དེ་གསོལ་བཞིའི་ལས་ཀྱིས་བཟོད་པ་བྱའོ། །འགྱེད་པའི་བཟོད་པ་གསོལ་བ་འདི་ལ་བཟོད་པ་གསོལ་བའི་ལས་ཀྱི་གནས་སུ་ཁྱིམ་པ་དེ་ལ་བཟོད་པ་གསོལ་དུ་གཞུག་གོ །ས་གཞན་དུ་གནས་པ་པའི་ཀུན་ཏུ་སྤྱོད་པ་ནི། གཞིའི་སྡོམ་ལས། སྔོན་དུ་སྨྲ་དང་འཆག་པ་དང་། །སྟན་རྣམས་དང་ནི་ཁང་པ་དང་། །ཐོག་གཅིག་གཡོགས་པར་མི་གནས་དང་། །རབ་ཏུ་མི་དབྱུང་མི་འགྲོ་ཞིང་། །དགེ་སློང་མེད་པའི་གནས་པ་དང་། །ཀུན་གྱི་འོག་ཏུ་སྦྱིན་བྱའོ། །ཞེས་པ་དག་གོ །བྱུང་རྫས་སྤངས་ལོན་བཤགས་བྱ་གཞན་རྣམས་ལ། །མིང་དང་སྡེ་སྨོས་སྔགས་ཀྱི་གཅིག་མདུན་དུའོ། །སྤང་བ་ལ་ནི་སྤངས་པ་དང་བྲལ་བ་སྔོན་དུ་བཏང་བ་ལས་སོ། །ཞེས་གསུངས་པས། གང་ལས་སྤང་ལྟུང་བྱུང་བའི་རྫས་དེ་སྤངས་ལ་ཞག་གཅིག་ལོན་པ་དང་བཤགས་དགོས་ཏེ། འགྲེལ་པར། རྫས་དེ་སྤངས་པ་དང་། སྤངས་པ་དེ་དང་ཞག་གཅིག་བྲལ་བར་བྱས་པ་དེ་གཉིས་སྔོན་དུ་བཏང་སྟེ། བཤགས་ན་ལྡང་བར་འགྱུར་རོ། །ཞེས་བཤད་པས་སོ། །ཆོས་གོས་སྤངས་པའི་ཞག་གཅིག་པུ་དེ་ལ་ཆོས་གོས་དང་བྲལ་བའི་ཉེས་པ་མི་འབྱུང་ཞིང་། དུས་དེར་ཆོས་གོས་གཞན་བྱིན་གྱིས་བརླབས་ན་སྤང་བྲལ་སྔོན་དུ་མ་བཏང་བར་སོང་བས། བཤགས་པ་མི་འཆགས་པ་ཡིན་ཏེ། འགྲེལ་པར། ཞག་དེ་ལ་ཆོས་གོས་གཞན་བྱིན་གྱིས་མི་བརླབ་པར་བྱིན་གྱིས་བརླབ་ཏུ་རུང་བའི་ཆོས་གོས་མེད་པར་གནས་པར་བྱའོ། །ཆོས་གོས་གཞན་བྱིན་གྱིས་བརླབས་ན་ནི་བྱིན་གྱིས་བརླབ་ཏུ་རུང་བ་དང་བྲལ་བར་མི་འགྱུར་རོ། །ཞེས་གསུངས་སོ། །བཤགས་པའི་ཚིག་ནི་སྔར་དང་འདྲའོ། །ལྟུང་བྱེད་འབའ་ཞིག་པ་དང་། ཉེས་བྱས་རྣམས་ནི་བཤགས་ཡུལ་དོན་གོ་བ་གཅིག་གི་མདུན་དུ་ལྟུང་བ་གང་གི་སྡེ་ཚན་མིང་དང་། དེ་ལས་བྱུང་བ་སྨོས་ཏེ་སྔར་བཞིན་དུ་བཤགས་པས་འདག་གོ །སོར་བཤགས་ནི། ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས། ཆོས་དེ་སོ་སོར་བཤགས་སོ་ཞེས་པས་སོ། །བསྡམ་པར་བྱ་བ་རྣམས་ནི་ཡིད་ཀྱི་བསྡམས་པས་ལྡང་ངོ་། །ལུས་དང་ངག་གི་ཕྱིར་བཅོས་པ་དོན་དུ་གཉེར་ལ་རྐྱེན་མ་འབྱོར་ན་ཕྱིར་བཅོས་པ་ཉིད་ཡིན་ནོ། །དགེ་ཚུལ་དགེ་སློང་མདུན་བཤགས་འཆབ་བཅས་ན། །བསླབ་སྦྱིན་སྡིག་ལྟ་འཛིན་ན་བསྙིལ་བར་བྱ། །ཕམ་འདྲ་འཆབ་པ་མེད་ན་བསླབ་པ་སྦྱིན་ལ། སྡིག་ལྟ་འཛིན་པ་དང་ལྟུང་བ་གླེང་བ་ན་མ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་གྱིས་ནན་ཏུར་གྱིས་བསྙིལ་བ་སོགས་བྱའོ། །མ་གསུམ་ཁྱད་ཆོས་ཅུང་ཟད་བསྒྱུར་བ་ཙམ། །དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་མ་དག་གིར་ལྟུང་བ་ཕྱིར་བཅོས་པ་ནི་ཅུང་ཟད་འདོན་པ་བསྒྱུར་བ་དང་། དགེ་འདུན་གྱི་གྲངས་སྔར་བཤད་པའི་ཁྱད་ཆོས་ཙམ་མ་གཏོགས་པའི་དང་ཁྱད་པར་མེད་དོ། །ལྟུང་བ་བྱུང་ནས་ཕྱིར་འཆོས་པ་ནི་མཁས་པ། གསལ་བ། དགེ་བ། སྐྱེས་བུ་དམ་པ་ཡིན་ནོ། །བསླབ་པ་ཕུལ་དང་ཤི་འཕོས་རྩ་བ་ཆད། །ལན་གསུམ་མཚན་གྱུར་ཤེས་དང་མཚན་མོ་འདས། །གཏོང་རྒྱུ་ཡིན་ནོ། །མཛོད་ལས། བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་དག་ནི་བྱུང་བ་དང་། །རྩ་བ་ཆད་དང་མཚན་འདས་ལས། །སོ་སོ་ཐར་པའི་འདུལ་བ་གཏོང་། །འདིས་འདུལ་བར་བྱེད་པས་ན་འདུལ་བ་སྟེ། དེས་དབང་པོ་འདུལ་བར་བྱེད་པའི་ཕྱིར་སོ་སོ་ཐར་པའི་སྡོམ་པ་ཡིན་པར་དགོངས་པའོ། །བསྙེན་གནས་མ་གཏོགས་པའི་སོ་སོ་ཐར་པའི་སྡོམ་པ་ནི་རྒྱུ་རྣམ་པ་བཞིས་གཏོང་བར་འགྱུར་ཏེ་མི་བརྡ་ཕྲད་པའི་དྲུང་དུ་བསླབ་གཞི་རྣམས་བསམ་པ་ཐག་པ་ནས་སླར་ཕུལ་བ་དང་། རིས་མཐུན་པར་བཏང་བ་དང་། མཚན་གཉིས་ཅིག་ཅར་དུ་བྱུང་བ་དང་། དགེ་བའི་རྩ་བ་ཀུན་ཏུ་ཆད་པ་ལས་སོ། །བསྙེན་གནས་ཀྱི་སྡོམ་པ་ནི་རྒྱུ་དེ་དག་མཚན་མོ་འདས་པ་ལས་ཏེ། དེ་དག་ནི་མདོར་བསྡུ་ན་གཏོང་བའི་རྒྱུ་ལྔ་ཡིན་ནོ། །ཅིའི་ཕྱིར་རྒྱུ་དེ་དག་གིས་བཏང་བར་འགྱུར་ཞེ་ན། ཡང་དག་པ་བླངས་པ་དང་འགལ་བའི་རྣམ་པར་རིག་བྱེད་བསྐྱེད་པ་དང་། རྟེན་བོར་བ་དང་། རྟེན་ཉམས་པ་དང་། གཞི་ཆད་པ་དང་། དེ་སྲིད་དུ་འཕངས་པའི་ཕྱིར་རོ། །ཞེས་གསུངས། མཚན་ལན་གསུམ་གྱུར་པ་དང་། ཤུགས་ལས་མཚན་གཉིས་ཅིག་ཅར་གྱུར་བ་དང་། ཉི་ཤུ་མ་ལོན་པ་དགེ་ཚུལ་དུ་ཤེས་པས་ཞིག་པའོ། །ཁ་ཅིག་ལྟུང་བ་གྱུར་ལས་སྨྲ། །གཞན་དག་དམ་ཆོས་ནུབ་པ་ལ། །ཞེས་གསུངས་པ་ནི་གཞན་གྱི་འདོད་པར་ཟད་དོ།། །། གཉིས་པ་རྩོད་པ་ཕྱིར་བཅོས་ནི། རྩོད་པ་ཞི་བྱའི་ཆོས། ཁ་སྦུབ་ངོ་བོ་ཉིད་ཚོལ་གསོ་སྦྱོང་དང་། །དགག་དབྱེ་བཞག་པ་དང་ནི་གཏོང་དང་ལེན། །བྱེ་ལ་བཟོད་པ་གསོལ་དང་མཐུན་པ་དང་། །གསོ་སྦྱོང་གསོལ་བ་ལེན་གཞུག་གཟུ་གསལ་སྦེད། །བྲིམ་དྲན་མ་སྨྱོས་མདུན་བཤགས་ཕྱིར་བཅོས་ཡིན། །དགེ་སློང་དག་ལ་གཤེའམ་སྤྱོ་བ་དང་། །གཞི་མེད་པར་ཕམ་པར་གྱུར་པའི་སྐུར་པ་འདེབས་པའི་ཁྱིམ་པ་གཉིས་ལ། ཁྱིམ་གྱི་ཕྱོགས་དེར་དགེ་འདུན་གྱི་གསོལ་བ་འབའ་ཞིག་པའི་ལས་ཀྱིས་ལྷུང་བཟེད་ཁ་སྦུབ་པར་བྱའོ། །གང་ལ་ལྷུང་བཟེད་ཁ་སྦུབ་ཞེ་ན། ཁྲིམས་སུ་བཅའ་བ་རྣམ་པར་གཞག་པ་ཡིན་གྱིས། དབྱིབས་ཀྱིས་ནི་མ་ཡིན་ནོ། །ཁྲིམས་སུ་བཅས་པ་གང་ཞེ་ན། ལྷུང་བཟེད་ཁ་སྦུབ་པའི་ཁྱིམ་དུ་འགྲོ་བར་མི་བྱ། སྟན་ལ་འདུག་པར་མི་བྱའོ། །སྦྱིན་པར་བྱ་བའི་ཆོས་བཤམས་པ་ལ་ཡོངས་སུ་ལོངས་སྤྱད་པར་མི་བྱའོ། །བསོད་སྙོམས་བླང་བར་མི་བྱའོ་ཞེས་སོ། །དགེ་སློང་ཁས་བླངས་པ་དག་གིས་ཁས་མ་བླངས་པའི་ཁྱིམ་དང་། ས་གཞན་ན་གནས་པས་རང་བཞིན་དུ་གནས་པའི་ཁྱིམ་དང་། གནས་པར་མི་བྱ་བ་དག་གིས་ཁྱིམ་དུ་ཁ་སྦུབ་པར་བྱེད་ན་མི་ཆགས་སོ། །ལྷུང་བཟེད་ཁ་སྦུབ་པ་དེ། དགེ་སློང་འགའ་ཞིག་གིས་ཁྱིམ་བདག་དེ་ལ་དགེ་འདུན་གྱིས་ཁྱོད་ལ་ལྷུང་བཟེད་ཁ་སྦུབ་བོ་ཞེས་བསྒོ་བར་བྱའོ། །ཁྱིམ་བདག་དེས་དགེ་སློང་དེ་ལ་བཟོད་པ་གསོལ་ཞིང་། དགེ་འདུན་ལ་ལྷུང་བཟེད་ཁ་སྦུབ་པ་ཕྱིར་བཟློག་པར་གསོལ་བའི་སྔགས་ལན་གསུམ་བརྗོད་ན། དགེ་འདུན་གྱིས་གསོལ་བ་འབའ་ཞིག་པའི་ལས་ཀྱིས་ཕྱིར་བཟློག་པར་བྱའོ། །དབེན་པ་སྐྱབས་ཡོད་འདུག་པ་ལྟ་བུའི་མ་ངེས་པ་བྱུང་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་གང་ཁས་ལེན་པ་དེ་ཕྱིར་བཅོས་བྱེད་དུ་གཞུག །གང་ཡང་ཁས་མི་ལེན་ན་ཆད་པའི་ལས་འོས་པ་ཡིན་པས། གསོལ་བ་དང་བཞིའི་ལས་ཀྱིས་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྦྱིན་པར་བྱའོ། །ངོ་བོ་ཉིད་ཚོལ་དུ་གཞུག་པ་ཞེས་བྱ་བ་ནི། སྨ་དབབ་པའི་ཆད་པའི་ལས་སོ། །བཟོད་པ་གསོལ་ན་གསོལ་བཞིས་བཟོད་པ་སྦྱིན་ནོ། །གང་ལ་ལྟུང་བ་གླེང་ཞིང་དྲན་པར་བགྱིས་ཀྱང་སྐབས་མི་འབྱེད་པ་དང་། དགེ་འདུན་གྱི་གདམ་ངག་བཞག་པ་དང་གཏམ་འདྲེ་བ་དང་། ཕེབས་པ་སྨྲ་བ་དང་། སོ་སོར་ཀུན་དགའ་བར་བྱ་བའི་ཐ་སྙད་ཀྱི་ཚིག་འབྱིན་པར་མི་བྱ་བས་ཀྱང་སྐབས་འབྱེད་དུ་མ་བཏུབ་ན། གསོལ་བ་དང་བཞིའི་ལས་ཀྱིས་གང་ཟག་དེའི་གསོ་སྦྱོང་དང་དགག་དབྱེ་བཞག་པར་བྱའོ། །གསོ་སྦྱོང་དང་དགག་དབྱེ་བཞག་པ་ཞེས་བྱ་བ་ནི། གང་ཟག་དེ་འདུག་པ་དང་ལྷན་ཅིག་དགེ་སློང་རྣམས་ཀྱིས་གསོ་སྦྱོང་དང་དགག་དབྱེ་མི་བྱའོ། །ཞེས་པར་རིག་པར་བྱའོ། །བཞག་པ་དེ་དག་ཉིད་གསོ་སྦྱོང་བྱེད་ན་བཟོད་པར་བྱ་བ་ཉིད་དོ། །འཇོག་པར་བྱེད་པ་མར་མཚན་གྱུར་ན་བཞག་པར་མི་འགྱུར་རོ། །སྐབས་ཕྱེ་ཡང་གལ་ཏེ་བསྙེན་པ་ཉིད་དུ་མི་འགྱུར་ན། ཕུར་པ་དང་བཅས་པར་བྱ་སྟེ། གནས་འདིའམ། གཞན་དུའམ། གཞི་འདིའམ། གང་ཡང་རུང་བ་ཞེས་འདོད་པ་སྨྲས་པས། ལྟུང་བ་བཀལ་ཞིང་ཉེས་པ་བསྟན་ཏེ་བཏང་བས་སོ། །རྟ་དམུ་རྒོད་ཕུར་པ་དང་བཅས་པ་ལྟར་འདི་ཡང་དྲི་མ་དང་བཅས་པར་བཏང་བས་ཕུར་པ་དང་བཅས་པ་ཞེས་བྱའོ། །གདམ་ངག་བཞག་པ་ནས་ཕུར་པ་དང་བཅས་པའི་བར་འདི་ལ་གཞི་ཡོད་ན་ཆགས་མེད་ན་མི་ཆགས་སོ། །གཞི་ཡང་ལེགས་པར་མཐོང་ཐོས་དོགས་པ་དགོས་སོ། །གང་ཟག་ཐམས་ཅད་ལ་འཐབ་ཀྲོལ་བྱེད་པའམ་སྤོ་མགུ་སྤྱོད་པ་དེ་དང་འགྲས་པ་དག་འོངས་ཤིང་དེ་དག་གིས་གླེང་བ་དང་དྲན་པར་བྱེད་པས་འཇིགས་པ་ན། དེའི་ཚེ་སྤོ་བ་དང་མགུ་བ་སྤྱོད་པས་དགེ་འདུན་ནམ་གང་ཟག་ལས་སྤོ་མགུ་སྤྱོད་པ་དེ་སྔགས་ཀྱིས་ཕྱིར་བཏང་ཞིང་བདག་ཉིད་རང་བཞིན་དུ་གནས་པར་བྱའོ། །དགྲ་བོ་སོང་ན་ཕྱིར་ཡང་ཞག་ལུས་པ་དེ་ཙམ་དུ་སྔགས་ཀྱིས་བླང་བར་བྱའོ། །གང་གི་ཕྱིར་དགེ་འདུན་ནི་ཆོས་དང་འདུལ་བའི་ཕྱིར་མཐུན་པ་ཡིན་གྱིས། དོན་གཞན་གྱི་ཕྱིར་ནི་མ་ཡིན་པས། ཆོས་མ་ཡིན་པ་ལ་མངོན་པར་ཞེན་པ་དག་དང་། དེ་ལས་གཞན་པའི་ཆོས་ཀྱི་ཕྱོགས་པ་དག ལས་བརྒྱ་རྩ་གཅིག་པུ་ལྷན་དུ་བྱས་ན་མི་ཆགས་ལ། མ་ཚོགས་ན་ཡང་ཕན་ཚུན་མི་མཐུན་པ་ཉིད་དུ་མི་འགྱུར་རོ། །ཕྱོགས་སོ་སོའི་ལས་ནི་ཆགས་སོ། །ཆོས་མ་ཡིན་པ་དེ་དག་འཐབ་ན། ཆོས་འདི་པ་དག་གིས་ཕྱག་དང་། སྔོན་དུ་ལྡང་བ་དང་། སྟན་ལ་བོད་པ་དང་། ཕེབས་པར་སྨྲ་བ་དང་། ཀུན་དགའ་བར་འགྱུར་བ་དང་། རྣམ་པར་བལྟ་བ་དང་། ཅུང་ཟད་བལྟ་བ་དག་མི་བྱ་ཞིང་། གནས་མལ་སྟོབ་པ་ན་ལག་བརྡས་གནས་མལ་ངན་པ་སྟོབ་ལ། གལ་ཏེ་ཁོ་བོ་ཅག་རྒན་ནོ་ཞེས་ཟེར་ན། ཁྱེད་ཀྱང་བདག་ཅག་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་ཡིན་ནོ་སྙམ་དུ་བདག་ཉིད་ཁས་འཆེའམ། ཁྱེད་ཅག་སྤྱོད་པ་འདི་ལྟ་བུ་དག་གཏམ་འདི་ལྟ་བུ་ལ་འདི་ཡང་མི་ཐོབ་པ་ཡིན་ན། ཁྱོད་ཀྱི་སྟོན་པ་ཐུགས་རྗེ་དང་ལྡན་པས། དེས་ན་འདི་རྗེས་སུ་གནང་ངོ་ཞེས་གཞན་ལ་ལན་བཏབ་པར་བྱའོ། །གལ་ཏེ་ཆོས་མིན་པ་ལ་མངོན་པར་ཞེན་པ་དེ་དག་གིས་དགེ་འདུན་ལ་བཟོད་པ་གསོལ་ན། དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བཟོད་པར་བྱའོ། །དེ་བྱས་སུ་ཟིན་ཀྱང་དགེ་འདུན་དང་མཐུན་པར་མ་གྱུར་པས། དེའི་འོག་ཏུ་དེ་དག་གིས་དགེ་འདུན་མཐུན་པར་གསོལ་ཏེ། དགེ་འདུན་གྱིས་གསོལ་བཞིས་མཐུན་པ་སྦྱིན་ནོ། །མཐུན་པ་ཐོབ་ཏུ་ཟིན་ཀྱང་མཐུན་པའི་གསོ་སྦྱོང་མ་མྱོང་གི་བར་དུ་རང་བཞིན་དུ་གནས་པར་མི་འགྱུར་བས། དེ་དག་གིས་གསོལ་ནས་དགེ་འདུན་གྱི་གསོལ་བཞིས་མཐུན་པའི་གསོ་སྦྱོང་སྦྱིན་ནོ། །བྱེ་ལ་ཞེས་པ། མཛོད་དུ། དགེ་འདུན་དབྱེན་ནི་མི་འཕྲོད་པའི། །རང་བཞིན་ལྡན་པ་མ་ཡིན་ཆོས། །ཉོན་མོངས་ཅན་མིན་ལུང་བསྟན་མིན། །ཞེས་པས། དགེ་འདུན་གྱི་དབྱེན་ནི་མི་འཕྲོད་པ་ཞེས་བྱ་བ་ལྡན་པ་མ་ཡིན་པའི་འདུ་བྱེད་དེ་མ་བསྒྲིབས་ལ། ལུང་དུ་མ་བསྟན་པ་ཡིན་ནོ། །གང་བྱེ་བ་དབྱེན་དང་ལྡན་གྱིས། འབྱེད་པ་པོ་ནི་མ་ཡིན་ཞིང་། དབྱེན་གྱི་ཁ་ན་མ་ཐོ་བ་དང་ལྡན་པ་སྟེ། དེ་ནི་བརྫུན་ཡིན་ནོ། །གང་གིས་འབྱེད་ཅེ་ན། ལྟ་བ་སྤྱོད་པ་དང་ཚུལ་དང་ལྡན་པའི་དགེ་སློང་ཁོ་ནས་སོ། །གང་དུ་འབྱེད་ན་སྟོན་པ་བཞུགས་པ་ལས་གཞན་དུ་དང་། ཚུལ་ཇི་ལྟར་འབྱེད་ན་ཆོས་ལ་ཐ་དད་པའི་དངོས་པོར་གསོལ་བ་ནི། ཚེ་དང་ལྡན་པ་གང་དག་དགེ་སྦྱོང་གོའུ་ཏ་མ་ནི་ཤ་ཟ། བདག་ཅག་མི་ཟ་སྟེ་ཞེས་པ་ལ་སོགས་པ་ལྟ་བུའོ། །དོན་དེས་ཚུལ་ཤིང་ལེན་དུ་གཞུག་པ་ནི། ཚེ་དང་ལྡན་པ་དག་ནས། ལེགས་པར་འཛིན་པ་དེས་ཚུལ་ཤིང་ལོངས་ཤིག ཅེས་བརྗོད་པར་གཉིས་སོ། །ཇི་ཙམ་གྱིས་བྱེ་བ་ཡིན་ན། མཛོད་ལས། སྟོན་དང་ལམ་གཞན་ལ་བཟོད་པ། །བྱེ་བའོ། །ཞེས་གསུངས་པས། དགེ་འདུན་ཕྱོགས་གཉིས་སུ་སོང་བའི་ཅིག་ཤོས། སངས་རྒྱས་ལས་གཞན་པའི་སྟོན་པ་དང་། དེས་བསྟན་པའི་ལམ་ལས་གཞན་པའི་ལམ་ལ་བཟོད་ན་དེ་ཙམ་གྱིས་དགེ་འདུན་བྱེ་བ་ཞེས་བྱའོ། །དུས་ཇི་སྲིད་དུ་ཞེ་ན། བྱེ་བ་དེ་ཉིད་ཀྱི་ནུབ་ཚུན་དུ་བྱེ་བ་གནས་སོ། །དེ་ནི་འཁོར་ལོའི་དབྱེན་དུ་འདོད། དེའི་ཚེ་ལམ་ལ་འཇུག་པའི་གེགས་སུ་འགྱུར་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་ཕྱེ་བ་ཡིན་པས་འཁོར་ལོའི་དབྱེན་ཞེས་བྱ་ལ། དགེ་འདུན་གྱི་དབྱེན་ཞེས་ཀྱང་བྱའོ། །དེ་ཡང་དུས་དྲུག་ཏུ་མི་འགྱུར་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་ནས་རིང་པོར་མ་ལོན་པ་དང་། སྟོན་པ་མྱ་ངན་ལས་འདའ་བའི་ཚེ་གནས་སྐབས་དེ་གཉིས་སུ་དགེ་འདུན་ཤ་གཅིག་པས་དང་། ལོ་བཅུ་གཉིས་པ་ཡན་ཆད་བསྟན་པ་ལ་ཚུལ་ཁྲིམས་དང་ལྟ་བ་ལ་སྐྱོན་མ་བྱུང་བས་དང་། མཆོག་ཟུང་མ་བྱུང་བར་མི་འབྱུང་སྟེ། བྱེ་བ་མི་གནས་པར་དེ་གཉིས་ཀྱིས་བསྡུམས་པའི་ཕྱིར་དང་། ཐུབ་པ་མྱ་ངན་ལས་འདས་ནས་ཀྱང་མི་འབྱུང་སྟེ། འགྲན་ཟླ་མེད་པས་དང་། མཚམས་གཅིག་གི་ནང་དུ་ཕྱོགས་གཉིས་སུ་བྱེ་བ་དགོས་པའི་ཕྱིར་མཚམས་མ་བཅད་པར་མི་འབྱུང་བས་སོ། །ལས་ཀྱི་དབྱེན་ནི། ཆོས་མིན་པ་སྨྲ་བ་དག་གིས། ཆོས་སྨྲ་བ་འདི་དག་བདག་ཅག་གི་ནང་དུ་ཞུགས་པས་ཅི་བྱ། དེ་དག་བདག་ཅག་ལས་ཐ་དད་པར་གྱུར་ཅིག་སྙམ་དུ་དབྱེ་བའི་སེམས་ཀྱིས་མཚམས་གཅིག་གི་ནང་དུ་ཆོས་སྨྲ་བ་དག་ལས་ཐ་དད་དུ་བྱས་ན་ལས་དེ་བྱེ་བ་ཡིན་ནོ། །ཆོས་སྨྲ་བས་མཚམས་ནང་ཆོས་མ་ཡིན་པར་སྨྲ་བ་དག་ལས་ཐ་དད་པར་ལས་བྱས་ན་ལས་དེ་བྱེ་བར་མི་འགྱུར་ཏེ། དེ་དག་གིས་ལས་དེ་ཆོས་ལས་རྣམ་པར་མ་གཡོས་པ་ཁོ་ནར་བྱེད་པའི་ཕྱིར་རོ། །གཞན་ཡང་འབྱེད་པའི་རྒྱུ་ནི། ཆོས་ལ་ཆོས་མ་ཡིན་པར་བརྗོད་པ་དང་། ཆོས་མིན་ལ་ཆོས་སུ་དང་། འདུལ་བ་ལ་འདུལ་མིན་དུ་དང་། འདུལ་མིན་ལ་འདུལ་བ་ཉིད་དུ་དང་། ལྟུང་བ་ཡིན་པ་ལ་ལྟུང་བ་མ་ཡིན་པར་དང་། ལྟུང་བ་མ་ཡིན་པ་ཡིན་པར་དང་། ལྷག་མ་ཡིན་མིན་དང་། ལྕི་ཡང་གཉིས་དང་། བཤགས་བྱ་བསྡམ་བྱ་གཉིས་དང་། འདུལ་བ་དང་འགལ་བ་དང་། ཉེས་པར་བཤད་པར་གྱུར་པའོ། །ཅི་འབྱེད་པ་ཐམས་ཅད་ལ་མཚམས་མེད་པར་འགྱུར་རམ་ཞེ་ན། དེའི་ཕྱིར། ཆོས་དང་ཆོས་མ་ཡིན་པ་གཉིས་ཀ་དེ་བཞིན་ཉིད་དུ་ཤེས་ན་མཚམས་མེད་པའོ། །ཞེས་གསུངས་པ་དེ་ལའོ། །རྩོད་པ་ནི་བཞི་སྟེ། འགྱེད་པའི་ཕྱིར་དང་། མི་བསྡམས་པའི་ཕྱིར་དང་། ལྟུང་བའི་ཕྱིར་དང་། བྱ་བའི་ཕྱིར་རྩོད་པའོ། འཁྲུག་ལོང་གི་རྒྱུ་ཡང་བཞི་སྟེ། དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབ་པ་དང་། སྤོང་བ་དང་། ལྟུང་བ་དང་བཅས་པ་དང་། ལས་ལ་མཐུན་པ་མི་སྦྱིན་པའོ། །དངོས་པོའི་དེ་བཞིན་ཉིད་ནི། དངོས་པོའི་ངོ་བོ་ཡིན་ལ། ལོག་པར་བསྒྲུབ་པ་ནི། མ་ངེས་པ་ཉིད་ཀྱི་ཆོས་ཡིན་ནོ་ཞེས་སམ། ཆོས་མ་ཡིན་ནོ་ཞེས་པ་ལྟ་བུ་གཉིས་སུ་འདྲེན་པའོ། །དེ་ལས་འགྱེད་པའི་ཕྱིར་རྩོད་པ་འབྱུང་ངོ་། །སྤོང་བ་ཞེས་བྱ་ནི། གདམ་ངག་ལ་སོགས་པ་འཇོག་པར་གྱུར་པས་གཞན་སྤང་བ་སྟེ། རྒྱུ་དེ་ལས་མི་གདམས་པའི་ཕྱིར་རྩོད་པ་འབྱུང་ངོ་། ལྟུང་བ་དང་བཅས་པ་ཉིད་ཅེས་བྱ་བའི་རྒྱུ་ལས་ནི། ལྟུང་བའི་ཕྱིར་རྩོད་པ་འབྱུང་ངོ་། །ལས་ལ་མཐུན་པ་མ་སྦྱིན་པའི་རྒྱུ་ལས། བྱ་བའི་ཕྱིར་རྩོད་པ་འབྱུང་ངོ་། །རྩོད་པ་རང་གི་ངོ་བོ་ནི། དགྲ་བོས་མི་མཐུན་པར་སྨྲས་པའི་ཚིག་ལ་ཕྱིར་སེམས་གཞོལ་བ་གང་ཡིན་པའོ། འཐབ་མོ་ལ་སོགས་པ་ནི། ཚིག་གི་ཕྱིར་གཞལ་བའི་ཕྱིར་འཁྲུག་ལོང་འདིའི་འཁོར་ཡིན་ཏེ། དེ་དང་འབྲེལ་བ་ལས་འབྱུང་བའི་ཕྱིར་རོ། །རྩོད་པ་དང་པོ་ནི། རྒྱུད་གཅིག་ཏུ་བྱ་བས་ཉེ་བར་ཞི་བར་འགྱུར་ཏེ། མངོན་སུམ་གྱིས་འདུལ་བ་འགྱུར་བ་ཞེས་བྱ་བ་ཡང་དེའོ། །གཉིས་པ་ནི། རྒྱུད་གཅིག་ཏུ་བྱ་བ་དང་། ཡང་དག་པའི་སྦྱིན་པས་ཞི་བར་འགྱུར་ཏེ། རྒྱུ་དང་བཅས་པ་ཡིན་ན་རྒྱུད་གཅིག་ཏུ་བྱ་བས་ཞི་བ་ཉིད་དུ་འགྱུར་ཏེ། སྤང་བར་འོས་པ་ཉིད་ངེས་པར་འགྱུར་བའི་ཕྱིར་རོ། །རྒྱུ་མེད་པ་ཉིད་ཡིན་ན་དག་པའི་སྦྱིན་པས་ཞི་བར་འགྱུར་ཏེ། སྤང་བའི་རྒྱུ་མེད་པར་དག་པར་གནས་པའི་ཕྱིར་རོ། །དྲན་པས་འདུལ་བ་དང་མ་སྨྱོས་པས་འདུལ་བ་ཡང་དེ་ཡིན་ནོ། །གསུམ་པ་ནི། ཕྱིར་བཅོས་པ་དང་ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པས་ཞི་བར་འགྱུར་རོ། །ལྟུང་བ་དང་བཅས་པ་ནི་རྣམ་པ་གཉིས་ཏེ། ཉེས་པ་རང་གི་ངོ་བོ་རྣམ་པར་ཤེས་པ་དང་། རྣམ་པར་མི་ཤེས་པའོ། །དང་པོ་ནི། ཕྱིར་བཅོས་བཙལ་བ་ཉིད་ཀྱིས་ཉེ་བར་ཞི་བར་འགྱུར་ལ། ཕྱི་མ་ལ་ནི་རང་གི་ངོ་བོ་ཚོལ་བ་ནུས་པ་དེ་ལ་ངེས་པར་སྦྱོང་བ་དང་ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པས་ཞི་བར་འགྱུར་རོ། །ངོ་བོ་ཉིད་ཚོལ་དུ་གཞུག་པ་དང་མཐུན་པ་དེ་ཡིན་ནོ། །བཞི་པ་ལ་ནི། ལས་ལ་མཐུན་པ་སྦྱིན་དུ་གཞུག་པ་ཉིད་ཀྱིས་ཉེ་བར་ཞི་བར་འགྱུར་རོ། །འགྱེད་པ་བྱ་བ་དེ་གཉིས་རང་གིས་ཞི་བར་བྱེད་མ་ནུས་ན་ཚོགས་པས་དབྱུང་བ་དག་གིས་ཞི་བར་བྱ་སྟེ། ཕྱོགས་སུ་མ་ལྷུང་བས་གཟུ་བོའམ་འཐབ་ཀྲོལ་གྱི་ལྗན་ལྗིན་འདམ་རྫབ་སྤངས་པའི་སྐམ་པའི་དབུས་ན་གནས་པས་སྐམ་ལ་གནས་པ་དང་དབུས་ན་གནས་པ་སྟེ། དོན་ལ་ཞལ་ལྕེ་བར་རིག་པར་བྱའོ། །གནས་དེར་གཏན་དུ་རྩོད་པ་ཞི་བར་བྱ་བའི་ཕྱིར་གཟུ་བོ་དགེ་སློང་ཆོས་ཉི་ཤུ་རྩ་གཉིས་དང་ལྡན་པ་ལ་བསྒོ་བར་བྱའོ། །ཉི་ཤུ་རྩ་གཉིས་གང་ཞེ་ན། ཅི་ཚེ་དང་ལྡན་པ་དེ་ཚུལ་ཁྲིམས་དང་ལྡན་ཞིང་དང་པོ་ནས་ཕུན་སུམ་ཚོགས་པ་དང་། ངོ་ཚ་ཤེས་ཤིང་འགྱོད་པ་དང་ལྡན་ལ་བསྡམས་པ་དང་། བསླབ་པ་འདོད་པ་དང་། འདུལ་བ་ལ་ཤིན་ཏུ་རྣམ་པར་ངེས་ཤིང་ཐོས་པ་འཛིན་པ་ལ་ཐོས་པ་བསགས་པ་དང་། ལུང་ཐོན་པ་དང་། རྩོད་པ་ལ་མཁས་པ་དང་། རྩོད་པ་ཀུན་ནས་སློང་བ་ལ་མཁས་པ་དང་། རྩོད་པའི་བྱེ་བྲག་ལ་མཁས་པ་དང་། རྩོད་པ་འགོག་པ་ལ་མཁས་པ་དང་། རྩོད་པ་འགག་ནས་ཕྱིས་མི་འབྱུང་བ་ལ་མཁས་པ་དང་། བསྟན་བཅོས་ལ་མཁས་པ་དང་། བཞི་ལྷག་པར་སྤྱོད་པ་ལ་མཁས་ཤིང་ཉེས་རྩོམ་མེད་པར་སྨྲ་བ་དང་། ཉེས་རྩོམ་བྱེད་དུ་མི་འཇུག་པ་དང་། ལུས་དང་ངག་གིས་བྱེད་དུ་མི་འཇུག་པ་དང་། སྨྲ་བར་བྱེད་ཅིང་སྨྲ་བ་ལ་བརྡ་འཕྲོད་པར་བྱེད་པ་དང་། གོ་བར་བྱེད་ཅིང་། བརྡ་འཕྲད་པར་འཕྲོད་པ་དང་། རྣམ་པར་རིག་པར་བྱེད་ཅིང་རྣམ་པར་རིག་པར་བྱས་པ་བརྡ་འཕྲད་པར་བྱས་པ་དང་། ངེས་པར་རྟོག་པར་བྱེད་ཅིང་ངེས་པར་བརྟགས་པ་བརྡ་འཕྲད་པར་བྱེད་པ་དང་། འདུན་པས་འགྲོ་བ་མ་ཡིན་པ་དང་། ཞེ་སྡང་གིས་འགྲོ་བ་མ་ཡིན་པ་དང་། གཏི་མུག་གིས་འགྲོ་བ་མ་ཡིན་པ་དང་། འཇིགས་པས་འགྲོ་བ་མ་ཡིན་པའོ། །གཟུ་བོ་དེ་དག་གིས་རྩོད་པ་ཞི་བར་བྱེད་མ་ནུས་ན་དགེ་འདུན་ལ་འབུལ། དགེ་འདུན་གྱིས་ཀྱང་མ་ནུས་ན་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་མཚམས་ཀྱི་ཕྱིར་སོང་ནས་དགེ་འདུན་དུ་ལོངས་པའི་གསལ་བ་དག་བསྐོ་བར་བྱའོ། །སྡེ་ཚན་དེ་དག་གིས་ཀྱང་ཞི་བར་མ་ནུས་ན། དེ་དག་རང་གི་གསལ་བའི་ཡང་གསལ་བ་གསོལ་གཉིས་ཀྱིས་བསྐོ་བར་བྱའོ། །མ་ནུས་པའམ་གཞན་བསྐོ་བར་མི་བྱེད་ན་དང་པོར་བླངས་པ་ལ་རྩོད་པ་འབུལ་ཏེ། གསལ་བའི་ཡང་གསལ་བས་གསལ་བ། དེས་དགེ་འདུན། དེས་གཟུ་བོ། དེས་གནས་བརྟན་ལའོ། །དགེ་འདུན་རྩོད་པ་དེ་ཕྱིར་ཕུལ་ན་རྩོད་པ་སྦེད་པ་གསོལ་གཉིས་ཀྱི་ལས་ཀྱིས་བསྐོའོ། །རྩོད་པ་སྦེད་པས་ཞི་མ་ནུས་ན་གནས་བརྟན་དང་སོ་སོ་ཐར་པ་དང་བཅས་པའི་དགེ་འདུན་གཞན་ལ་ཟླ་བ་གསུམ་གྱི་མཐའ་ཚུན་ཆད་དུ་འབུལ། དེ་དག་གིས་ཀྱང་ཞི་བར་མ་ནུས་ན་རྩོད་པ་སྦེད་པ་ལ་ཕྱིར་ཕུལ་ན་དེས་མདོ་སྡེ་འཛིན་པ་དག་ལ་ཟླ་བ་དྲུག་ཏུ་འབུལ་ཞིང་། དེ་དག་གིས་ཞི་བར་མ་ནུས་ན་གནས་བརྟན་གྲགས་པ་ལས་ཀྱང་ཆེར་གྲགས་པ་གཙོ་བོ་བས་ཀྱང་ཆེས་གཙོ་བོ་ལ་དུས་ཐུག་པ་མེད་པར་འབུལ་བར་བྱའོ། །དེས་དེ་དག་སྤང་བར་བྱ་ཞིང་། གལ་ཏེ་རྗེས་སུ་འབྲང་ན། ཁྱེད་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་འཐབ་པར་གྱུར། མཚང་འབྲུ་བར་གྱུར་ན་རྩོད་པར་གྱུར། འགྱེད་པར་གྱུར་ཅིང་གནས་པ་ནི་མ་རྙེད་དོ། །རྙེད་པ་མ་ཡིན། ལེགས་པར་རྙེད་པ་མ་ཡིན་གྱིས། ཚེ་དང་ལྡན་པ་དག་མ་འཐབ་ཅིག མཚང་མ་འབྲུ་ཞིག མ་རྩོད་ཅིག མ་འགྱེད་ཅིག འགྱེད་པ་གཉིས་ཀ་རྒྱལ་བ་མེད་དོ། །གཅིག་རྒྱལ་གཅིག་ཕམ་པར་འགྱུར་རོ་ཞེས་བརྗོད་པས་ཞི་བར་བྱའོ། །གལ་ཏེ་དེས་ཀྱང་ཞི་བར་བྱེད་མ་ནུས་ན་དགེ་འདུན་བཞི་པོས་ཆས་མང་བའི་ལོ་ལེགས་པར་བཞག་སྟེ་ཚུལ་ཤིང་བྲིམ་པས་བློ་གཟུང་བར་བྱ་བ་ཉིད་དེ། དགེ་འདུན་གྱིས་ཚུལ་ཤིང་བྲིམ་པ་སྤྲོ་བ་བྱས་ནས་གསོལ་གཉིས་ཀྱིས་བསྐོ་བར་བྱའོ། །བསྐོས་པ་དེས་ཀྱང་ཆོས་ཀྱི་ཚུལ་ཤིང་ཡ་ཡོ་མེད་པ་དང་། ཁྱར་ཁྱོར་མེད་པ་དང་། ཆས་ཆུས་མེད་པ། ཁ་དོག་བཟང་པོ། དྲི་ཞིམ་པ། རེག་ན་འཇམ་པ་ཉིད་དང་། ཆོས་མ་ཡིན་པ་ནི་དེ་ལས་བཟློག་པར་བྱའོ། །ཚུལ་ཤིང་བྲིམ་པར་གྱུར་གྱིས། ཐམས་ཅད་ཀྱིས་འདུ་བར་བྱའོ། །ཞེས་སྨྲའོ། །འདུན་པ་སྦྱིན་པས་ཚོགས་པ་ན་ཚུལ་ཤིང་བྲིམ་པའི་ཚེ། ཆོས་མ་ཡིན་པའི་ཚུལ་ཤིང་ལྷག་པར་འགྱུར་ན་མི་བྲིམ། ཆོས་ཀྱི་ལྷག་པར་འགྱུར་ན་བྲིམ་པ་དང་། ལག་པ་གཡས་པས་ཆོས་ཀྱི་ཚུལ་ཤིང་སྣང་བར་བྱས་ཏེ་གཟུང་ཞིང་། གཡོན་པས་ཆོས་མིན་པའི་ཚུལ་ཤིང་གཡོགས་ཏེ་གཟུང་བར་བྱའོ། །བྲིམ་པ་ན་གནས་བརྟན་དེ་དག་ནི་ཆོས་ཀྱི་ཚུལ་ཤིང་ཡ་ཡོ་མེད་པ། ཁྱར་ཁྱོར་མེད་པ། ཆས་ཆུས་མེད་པ། ཁ་དོག་བཟང་པོ། དྲི་ཞིམ་པ། རེག་པ་འཇམ་པ་དག་ཡིན་གྱིས། ལོངས་ཤིག་ཅེས་བརྗོད་པར་བྱའོ། །ཅིག་ཤོས་ལ་ཆོས་ལ་བྲིམ་གྱི་བར་དུ་མི་འབུལ་ལོ། །ཆོས་ཀྱི་བླངས་པ་དག་གི་སློབ་མ་ཆོས་མ་ཡིན་པའི་ཚུལ་ཤིང་ཆོས་དང་ལྡན་པ་འགྱུར་བར་བཏུབ་ན་བླང་། མི་བཏུབ་ན་བླངས་པ་འགལ་ཚབས་ཅན་དུ་འགྱུར་རོ། །བྱེ་དོགས་པ་ལ་སོགས་པའི་རྐྱེན་ཡོད་ན་མི་བླང་ངོ་། །ལེན་པའི་གྲངས་མཉམ་པ་ཉིད་ན་ཉན་ཐོས་ཆེན་པོ་ཀུན་ཤེས་ཀོའུ་དི་ནྱ་ལ་བསྔོས་ཏེ་ཆོས་ཀྱི་ཚུལ་ཤིང་གཅིག་བླང་བར་བྱའོ། །དེ་ལྟར་ན་རྩོད་པ་དེ་ཆོས་ཀྱིས་ཉེ་བར་ཞི་བར་འགྱུར་རོ། །འདི་ནི་འགྱེད་ཕྱིར་རྩོད་པའི་ཕྱིར་བཅོས་སོ། །མི་གདམས་པའི་ཕྱིར་རྩོད་པ་རྒྱུད་གཅིག་ཏུ་བྱ་བ་དང་། དག་པ་སྦྱིན་པ་ཞེས་བྱ་བ་གཉིས་ཀྱིས་ཉེ་བར་ཞི་བར་བསྟན་པ་དེ་ལ་རྒྱུད་གཅིག་ཏུ་བྱ་བ་ནི་བསྟན་ཟིན་པས་དག་པའི་སྦྱིན་པ་བརྗོད་པར་བྱ་སྟེ། །དེའི་ཕྱིར་གླེང་བའི་ཁ་ན་མ་ཐོ་བ་མེད་པ་ལ་ནི་དག་པ་སྦྱིན་ནོ་ཞེས་བྱ་བ་ནི། གླེང་བའི་ཁ་ན་མ་ཐོ་བ་མེད་པ་དེ་ནི་རྣམ་པ་བཞི་སྟེ། གཞི་མེད་པ་ནི་ལྟུང་བ་མ་བྱུང་བ་ཉིད་ལ་གླེང་བ་གང་ཡིན་པའོ། །གཞན་རྗེས་སུ་སྒྲུབ་པའི་དབང་གིས་ནི་དེས་གཞན་གྱིས་གླེང་བར་བྱེད་པ་སྟེ། ལྟུང་བྱེད་ལ་དགེ་འདུན་ལྷག་མ་ལ་སོགས་པར་གླེང་བའོ། །ཕྱིར་བཅོས་པ་ལ་མི་བལྟོས་པའི་ཕྱིར་ནི་འདི་ལ་ལྟུང་བ་བྱུང་བར་གྱུར་ཏོ། །ཞེས་བྱ་བ་དེ་དག་ཆོས་བཞིན་དུ་ཕྱིར་བཅོས་པ་ཉིད་ལ་ནི་ཕྱིར་བཅོས་པ་ཉིད་ལ་མི་བལྟོས་པར་གླེང་བའོ། །སྨྱོས་པས་བྱས་པ་ནི་སྨྱོས་པའི་གནས་སྐབས་སུ་དེས་གླེང་བ་རུང་བ་མ་ཡིན་པ་ཀུན་ཏུ་སྤྱད་པ་དེས་གླེང་བར་བྱེད་པའོ། །དང་པོ་གསུམ་ལ་ནི་དྲན་པས་འདུལ་བ་སྦྱིན་ནོ། །དེ་བྱིན་ན་དགེ་སློང་ལ་དེ་དག་གི་དྲན་པ་དང་ལྡན་པར་འཛིན་གྱིས། ལྟུང་བ་དང་བཅས་པར་མི་འཛིན་ཏེ། གང་གི་ཕྱིར་འདི་ནི་དྲན་པ་དང་ལྡན་པ་ཡིན་པས་འདིས་ལྟུང་བ་བརྗོད་པ་དེ་མི་དྲན་པ་དེའི་ཕྱིར་འདི་ལ་ལྟུང་བ་མེད་དོ། །ཞེས་དེ་ཉིད་ཀྱིས་འདི་ལ་རྩོད་པ་ཉེ་བར་ཞི་བ་ཡིན་ནོ། །དེ་ཡང་རང་གིས་དགེ་འདུན་ལ་གསོལ་ནས། དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་སྦྱིན་པར་བྱའོ། །ཐ་མ་ལ་ནི་མ་མྱོས་པས་འདུལ་བའོ་ཞེས་བྱ་བ་ནི། སྨྱོན་པས་བྱས་པ་གླེང་བ་ལ་ནི་དགེ་འདུན་གྱིས་མ་སྨྱོས་པས་འདུལ་བ་སྦྱིན་པར་བྱ་བ་སྟེ། དེ་བྱིན་ན་དེ་དགེ་སློང་དག་གི་རང་བཞིན་དུ་གནས་པ་ཉིད་དུ་འཛིན་གྱིས། ལྟུང་བ་དང་བཅས་པར་མི་འཛིན་ཏེ། གང་གི་ཕྱིར་སྨྱོས་པའི་གནས་སྐབས་དང་ལྷན་ཅིག་ཐ་སྙད་འགའ་ཡང་མེད་པ་དེའི་ཕྱིར་མ་སྨྱོས་པའི་གནས་སྐབས་སུ་ལྷག་པར་སྤྱད་པ་བྱས་པས་གླེང་བ་ཡང་མེད་པ་ཁོ་ནར་འགྱུར་བས་རྩོད་པ་ཉེ་བར་ཞི་བར་འགྱུར་རོ། །དེ་ཡང་རང་གིས་དགེ་འདུན་ལ་གསོལ་ནས། དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་སྦྱིན་པར་བྱའོ། །ལྟུང་བའི་ཕྱིར་རྩོད་པ་ནི་ཕྱིར་བཅོས་པ་ཉེ་བར་ཞི་བར་བྱའོ། །ཞེས་བསྟན་པ་དེའི་རབ་ཏུ་དབྱེ་བས་བསྟན་པའི་ཕྱིར། ལྟུང་བ་དང་བཅས་པ་ཉིད་ཀྱི་ཕྱིར་འཁྲུག་ལོང་རྣམ་པ་གསུམ་སྟེ། འཕྲོས་པ་མེད་པ་དང་བཅས་པ་དང་། ཉི་ཚེ་བ་དང་། དགེ་འདུན་མཐའ་དག་དང་འབྲེལ་བའོ། །གང་ལ་གླེང་བར་བྱ་བ་དང་། གླེང་བ་པོ་གཉིས་འབའ་ཞིག་ཁོ་ན་ལ་འཁྲུག་ལོང་ཡོད་ཀྱིས། གཞན་གང་ལ་འཁྲུག་ལོང་མེད་པ་དེ་ནི། འཕྲོས་པ་མེད་པའི་འཁྲུག་ལོང་ཡིན་ནོ། །ཉི་ཚེ་བ་ཞེས་བྱ་བ་ནི། གང་ལ་གླེང་བར་བྱ་བ་དང་། གླེང་བ་པོ་གཉིས་འབའ་ཞིག་ཁོ་ནར་མ་ཟད་ཀྱིས། དགེ་འདུན་གྱི་ཁོངས་སུ་གཏོགས་པ་ཁ་ཅིག་ལ་ཡང་འཁྲུག་ལོང་འབྱུང་བའོ། །དགེ་འདུན་མཐའ་དག་དང་འབྲེལ་བ་ཞེས་བྱ་བ་ནི། གང་ལ་དགེ་སློང་གི་ཚོགས་གཅིག་ཀྱང་མ་ལས་པར་དགེ་སློང་མཐའ་དག་ཕྱོགས་དང་གཞན་གྱི་ཕྱོགས་རྣམ་པར་གནས་པས་འཁྲུག་ལོང་དུ་གྱུར་པའོ། །དང་པོ་ལ་ནི་ཁས་བླང་བའི་བྱ་བས་ཕྱིར་བཅོས་སོ་ཞེས་བྱ་བ་ནི། རྩོད་པ་བྱ་བ་གང་ལ་ཚེ་དང་ལྡན་པ་ཁྱོད་ལ་ལྟུང་བ་བྱུང་གིས། ཆོས་བཞིན་དུ་ཕྱིར་གྱིས་ཤིག ཅེས་གླེང་བ་པོས་ཚུལ་དེ་ལྟ་བུར་བྱས་པ་འཁྲུག་ལོང་མེད་པ་ལ་ཁས་བླང་བ་འབའ་ཞིག་གིས་ཕྱིར་བཅོས་པར་བྱ་བ་དེ་ནི། ཁས་བླང་བའི་བྱ་བས་རྩོད་པ་ཞི་བར་བྱ་ཞེས་བྱ་བ་སྟེ། དེའི་ཕྱིར་དེའི་མིང་དེ་སྐད་ཅེས་བྱས་སོ། །གཉིས་པ་ལ་ནི་མངོན་སུམ་གིས་འདུལ་བས་སོ་ཞེས་བྱ་བ་ནི། འཁྲུག་ལོང་གཉིས་པ་བྱུང་བའི་འོག་ཏུ་ལྟུང་བ་ཕྱིར་འཆོས་པར་བྱེད་པ་གང་ཡིན་པ་དེ་ནི་མངོན་སུམ་གྱིས་འདུལ་བས་རྩོད་པ་ཞི་བར་བྱེད་པ་ཡིན་ནོ། །ཅིའི་ཕྱིར་དེའི་མིང་དེ་སྐད་བྱས་ཞེ་ན། གླེང་བར་བྱ་བ་དང་། གླེང་བ་པོ་དང་དེ་དག་གི་རྗེས་སུ་འབྲང་བ་རྣམས་ཀྱིས་རྒོལ་བ་དང་། ལན་མངོན་སུམ་དུ་བྱུང་བ་གང་ཡིན་པ་དེ་མངོན་དུ་བཏང་བ་ཡིན་པའི་ཕྱིར་མིང་དེ་སྐད་ཅེས་བྱས་སོ། །གླེང་བ་པོ་ཡོན་ཏན་གསུམ་དང་ལྡན་པ་ལ་གུས་པར་བྱ་སྟེ། གསུམ་གང་ཞེ་ན། ལུས་དང་ངག་གིས་བསྡམས་པ་ཉིད་དང་། སྡེ་སྣོད་དག་ཤེས་པ་ཉིད་དང་། དགེ་འདུན་གྱི་ནང་དུ་བསམས་བཞིན་དུ་ཤེས་པ་རྣམ་པར་གཞག་པའི་ཆོས་དང་། ཚུལ་ཁྲིམས་རྣམ་པར་གཞལ་བའི་འདུལ་བ་ཆོས་མ་ཡིན་པ་དང་། འདུལ་བ་མ་ཡིན་པར་ལོག་པར་མི་སྟོན་ཅིང་། དེ་ལས་ལྡོག་པ་ཆོས་མ་ཡིན་པ་དང་། འདུལ་བ་མ་ཡིན་པ་ཆོས་དང་འདུལ་བར་མི་སྟོན་པ་ཉིད་དོ། །ཚུལ་ཁྲིམས་འཆལ་བ་དང་ལོག་པར་སྟོན་པ་ལ་མཐུན་པར་མི་བྱའོ། །གསུམ་པ་ལ་ནི་རྩྭ་བཀྲམ་པ་ལྟ་བུས་སོ་ཞེས་བྱ་བ་ནི། གསུམ་པ་ལས་འཁྲུག་ལོང་འབྱུང་བའི་འོག་ཏུ་ལྟུང་བ་ཕྱིར་འཆོས་པར་བྱེད་པ་གང་ཡིན་པ་དེ་ནི་རྩྭ་བཀྲམ་པ་ལྟ་བུ་ཞེས་བྱ་བའི་རྩོད་པ་ཞི་བར་བྱེད་པ་ཡིན་ནོ། །ཅིའི་ཕྱིར་དེའི་མིང་དེ་སྐད་བྱས་ཤེ་ན། དཔེར་ན་རྩྭ་བཀྲམ་པ་ན་རྩྭ་ཐམས་ཅད་ཕན་ཚུན་ནས་རྩེ་སྤྲོད་དུ་ཉལ་བ་དང་འདྲ་བར། ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་པ་གནས་པའི་དགེ་འདུན་དུ་གྱུར་པའི་དགེ་སློང་ཐམས་ཅད་ལ་འཁྲུག་ལོང་ཉེ་བར་ཞི་བར་བྱ་བའི་ཕྱིར་ཕན་ཚུན་ནས་འདུད་པར་གྱུར་པས། དེའི་ཕྱིར་དེའི་མིང་དེ་སྐད་ཅེས་བྱ་བར་བཞག་གོ །འདི་ལ་དགེ་འདུན་ལ་བཤགས་པར་བྱ་བ་མ་ཡིན་པའི་ལྟུང་བ་དག་ནི་འདིར་གང་ཟག་གཅིག་གིས་གང་ཟག་མང་པོ་དག་གི་དོན་དུ་རྩྭ་བཀྲམ་པ་ལྟ་བུས་བཅོས་པར་བྱར་རུང་ངོ་། །ལྟུང་ཕྱིར་རྩོད་པ་དེ་དག་གི་ཕྱིར་འཆོས་པའི་སྔགས་ནི། ཚེ་དང་ལྡན་པ་དག་བདག་ཅག་ལེགས་པར་གསུང་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་ཞེས་པ་ནས། མཐོང་སྡོམ་དྲི་བ་དང་ཐབས་ལེགས་བྱ་བའི་བར་རོ། །དེ་དག་སོ་སོ་ཐར་པའི་མདོ་ནས་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་དུ་གསུངས་ཏེ། མངོན་སུམ་དྲན་པ་མ་སྨྱོས་པ། །དེ་བཞིན་གང་མང་ངོ་བོ་ཉིད། །རྩྭ་རྣམས་བཀྲམ་པ་ལྟ་བུ་དང་། །ཁས་བླང་བར་ཡང་བྱ་བའོ། །དེ་དག་གིས་རྩོད་པ་ཕྱིར་བཅོས་པ་བཤད་ཟིན་ཏོ། །ལུང་བཞི་ལས། རབ་བྱུང་གསོ་སྦྱོང་གཞི་དང་ནི། དགག་དབྱེ་དབྱར་དང་ཀོ་ལྤགས་གཞི། །སྨན་དང་གོས་དང་སྲ་བརྐྱང་དང་། ཀཽ་ཤམ་བི་དང་ལས་ཀྱི་གཞི། །དམར་སེར་ཅན་དང་གང་ཟག་དང་། སྤོ་དང་གསོ་སྦྱོང་བཞག་པ་དང་། །གནས་མལ་དང་ནི་རྩོད་པ་དང་། །དགེ་འདུན་དབྱེན་རྣམས་བསྡུས་པ་ཡིན། །ཞེས་སོ། །ལས་བྱེ་བའི་གཞི་ནི། ཀཽའུ་ཤམ་བི་བ་དང་ཡངས་པ་ཅན་པའི་དགེ་སློང་ལས་བྱེ་བས་རྩོད་པ་ཆེན་པོ་འགྱུར་པས་ལས་བྱེ་དང་ཕྱིར་བཅོས་པའི་གཞི་ནི། དམར་སེར་ཅན་འཐབ་ཀྲོལ་བྱེད་པ་ལ་སྡིགས་པ་སོགས་ནན་ཏུར་བྱས་པས་ཕྱིར་བཅོས་པའི་ཕྱིར་དང་། དུས་དང་དུས་མ་ཡིན་པས་བསྡུས་པའི་འབྱུང་བའི་གཞི་ནི། གང་ཟག་གི་ལྟུང་བ་བཅབས་མ་བཅབས་ཀྱི་རྣམ་དབྱེ་སྟོན་པའི་ཕྱིར་དང་། ས་གཞན་ན་གནས་པ་སྤྱོད་པའི་གཞི་ནི། སྤོ་བ་སྤྱོད་པ་སོགས་ཡིན་པའི་ཕྱིར་དང་། ཡོངས་སུ་སྦྱངས་པའི་གཞི་ནི། གསོ་སྦྱོང་དང་། དགག་དབྱེ་དང་། གདམ་ངག་བཞག་པར་བྱ་བའི་ཕྱིར། ཀཽ་ཤམ་བི་བ་དང་། དམར་སེར་ཅན་དང་། གང་ཟག་དང་། སྤོ་བ་དང་། གསོ་སྦྱོང་བཞག་པ་ཞེས་པར་རིམ་པ་བཞིན་གྱིས་མིང་དུ་བཞག་གོ །དེ་དག་དང་རྩོད་པའི་གཞི་དང་། དབྱེན་གྱི་གཞི་སྟེ། བདུན་ནི་ཕྱིར་བཅོས་ཀྱིས་བསྡུས་སོ།། །། ལྔ་པ་ཆོས་རྣམ་པར་གཏན་ལ་དབབ་པ་གནས་མལ་གྱི་གཞི་བཤད་པ་ནི། གཙུག་ལག་ཁང་བྱས་བཅུ་གཉིས་གང་ཟག་བསྐོ། །རྒས་ན་འཁར་བ་དྲ་བའི་གནང་བ་སྦྱིན། །ཀློག་དང་ཀློག་འཇུག་རྗེས་སུ་འཇུག་པས་གནས། །གཙུག་ལག་ཁང་བྱའོ། །ཞེས་སོགས་ཀྱི་དོན། གླེང་གཞི། སྟོན་པས་ལྔ་སྡེ་བཏུལ་ནས་དགོན་པར་གནས་པའི་ཚེ། གཅན་གཟན་དང་ཆོམ་རྐུན་གྱིས་བགྲོད་ནས། སྟོན་པས་སྔོན་གྱི་ཉན་ཐོས་རྣམས་ཀྱི་གནས་མལ་གཙུག་ལག་ཁང་ཡིན་པར་དགོངས་ཤིང་། ལྷས་ཀྱང་དེ་ལྟར་གསོལ་ལོ། །དེའི་ཚེ་ཝཱ་རཱ་ཎ་སི་ན་ཁྱིམ་བདག་དགེ་བཟང་ཞེས་བྱ་བ་ཞིག་གིས། སྟོན་པ་ལ་གནང་ན་ཉན་ཐོས་ཀྱི་གཙུག་ལག་ཁང་བརྩིག་གོ །གྱིས་ཤིག གཙུག་ལག་ཁང་བརྩིག་པའི་ཡུལ་ནི། འགྲོ་བ་དང་། འོང་བ་དང་། སྐྱེ་ཤིང་དང་། ཆུ་དང་། འཆག་ས་དང་། ཉེན་ཀོར་རྣམ་དང་ལྡན་པ་དང་། རྩོད་པ་དང་། དོགས་པ་དང་། གདུག་པའི་སྲོག་ཆགས་དང་། སྦྲང་བུ་དང་། སྦྲུལ་དང་། རླུང་དང་། ཚ་བས་མི་བདེ་བ་རྣམས་མེད་པ་དང་། སྤྱོད་ཡུལ་དང་ཧ་ཅང་མི་རིང་མི་ཉེ་བ་དང་། ཉེན་པར་རྒྱུ་ལུགས་མི་མང་བ་དང་། འཁྲུག་པ་དང་། ཅ་ཅོ་མི་ཆེ་བ་དང་། ཞི་བ། དབེན་པ། བསམ་གཏན་དང་རྗེས་སུ་མཐུན་ནམ། ནང་དུ་ཡང་དག་འཇོག་པའི་གཞིར་རུང་ངམ་མི་རུང་ཞེས་བརྟགས་ལ། གདོད་གཙུག་ལག་ཁང་བརྩིག་པར་བྱའོ། །དགེ་སློང་རྣམས་ཀྱི་གཙུག་ལག་ཁང་ནི་ལྔ་བརྩེག་ཏུ་བྱའོ། །དྲི་གཙང་ཁང་ནི་བདུན་བརྩེག སྒོ་ཁང་གི་སྟེང་བསིལ་ཁང་ཡང་བདུན་བརྩེག་གོ །དགེ་སློང་མ་རྣམས་ཀྱི་གཙུག་ལག་ཁང་ནི་སུམ་བརྩེག་གོ །དྲི་གཙང་ཁང་དང་བསིལ་ཁང་ནི་ལྔ་བརྩེག་གོ །དེ་དག་ལྕི་བས་འཇིག་ཏུ་ཉེ་ན་རྩིག་པ་ཕྲི་བ་དང་བརྙིངས་པ་བཅོས་པ་དང་། བཀྱེད་པའི་ཕྱིར་གཞིག་པ་དང་། རྒྱ་ཆེ་བ་མ་གྲུབ་པར་ལུས་པ་སླར་ཆུང་ངུར་བཏང་སྟེ་བཅོས་པ་ཉེས་མེད། སྤོང་ས་དང་། མཛོད་དང་། ཟས་ཀྱི་ཁང་དང་། བཀད་ས་དང་། བསྲོ་ཁང་དང་། མེ་ཁང་དང་། ཆུའི་ཁང་པ་དང་། སྨན་ཁང་དང་། ལྕི་སའི་ཁང་པ་དང་། གང་ཟག་གི་གཙུག་ལག་ཁང་དང་། སྤོང་བའི་ཁང་པ་དག་ཀྱང་བྱའོ། །སྒོར་གནོད་སྦྱིན་ལག་ན་རྡོ་རྗེ་བྲི་བ་སོགས་ལུང་བཞིན་དུ་བྱའོ། །དེར་ཐུབ་པ་སྲས་དང་བཅས་པའི་སྐུ་གཟུགས་དང་། གསུང་རབ་དང་། མཆོད་རྟེན་རྣམ་པ་གཉིས་ཏེ། གཙང་ཁང་ཅན་དང་ཀ་བ་ལྟ་བུ་གཉིས་སོ། །སངས་རྒྱས་ཀྱི་སྐུ་གདུང་གི་མཆོད་རྟེན་བང་རིམ་བཞི་པ་དང་། འདབ་མ་དང་། བུམ་པ་དང་། པུ་ཤུ་དང་། སྲོག་ཤིང་དང་། གདུགས་བཅུ་གསུམ་དང་། ཆར་ཁེབས་ཏེ། རྣམ་པ་ཐམས་ཅད་རྫོགས་པ་དང་། རང་སངས་རྒྱས་བསེ་རུ་ལྟ་བུ་ལ་དེ་ལ་ཆར་ཁེབས་མེད་པ་དང་། ཚོགས་སྤྱོད་དགྲ་བཅོམ་དང་མཚུངས་སོ། །ཉན་ཐོས་ཀྱིས་ནི་འབྲས་བུ་ཐོབ་པའི་གྲངས་དེ་ཉིད་ཀྱི་གདུགས་སོ། །ཆར་ཁེབས་མེད་པའོ། །དེ་བཞིན་གཤེགས་པའི་མཆོད་རྟེན་དབུས་དང་། ཉན་ཐོས་སོགས་དེའི་མཐའ་འཁོར་དུ་སྟེ་ནང་དང་། སོ་སོ་སྐྱེ་བོ་རྣམས་ཀྱི་ནི་བྱི་བོར་བྱས་ཏེ་ཀུན་དགའ་ར་བའི་ཕྱི་རོལ་དུ་བྱའོ། །མཆོད་རྟེན་དེ་དག་ཧ་ཅང་བརྙིངས་ན་ཕྱིར་འཆོས་པ་དང་། ཆུང་ངུ་ཆེན་པོར་གཏོང་བ་དང་། མི་ལེགས་པ་ལེགས་པར་གཏོང་བའི་གཞིག་རལ་བྱས་ཀྱང་ཉེས་པ་མེད་དོ། །འཕྲེད་གཏན་དང་། གནམ་གཟེར་དང་། འཁོར་གཏན་དང་། སྒོ་ལྕགས་དང་། ལྡེ་མིག་འཁྱོག་པོ་དག་གཙུག་ལག་ཁང་བསྡམས་པའི་ཕྱིར་ཡང་དག་པར་སྦྱར་བ་དང་། གད་བདར་ལ་སོགས་པ་ནང་དང་། བསྐྲུན་ཤིང་སྐྱེད་པ་ལ་སོགས་པ་ཕྱི་རོལ་གྱི་ཡོངས་སུ་བསྐྱང་བའི་བྱ་བ་ཐམས་ཅད་ལེ་ལོ་མེད་པར་བསྒྲུབ་པར་བྱའོ། །གནས་དེར། གནས་ཁང་ཟས་ལ་བསྐོ་བ་གཉིས། །ཐུག་པ་བག་ཆོལ་འབྲིམ་པ་གཉིས། །ཕྲན་ཚེགས་འབྲིམ་པར་བྱེད་པ་གཉིས། །སྣོད་སྤྱད་འདྲུབ་དང་གོས་ཀྱི་གཉིས། །དབྱར་གྱི་རས་ཆེན་སྦེད་དང་འགེད། །མངག་གཞུག་པ་དང་མཛེས་ཆོས་དང་། །གང་ཟག་བཅུ་དང་གཉིས་པོ་དག །སྟོན་པས་ཡང་དག་བཤད་པ་ཡིན། །ཞེས་གསུངས་པའི་གང་ཟག་བཅུ་གཉིས་གསོལ་གཉིས་ཀྱི་ལས་ཀྱིས་བསྐོས། དེ་དག་གིས་ཀྱང་བསྐོས་པའི་ཀུན་ཏུ་སྤྱོད་པ་ཇི་ལྟ་བ་བཞིན་དུ་བསྒྲུབ་བོ། །རྒས་པ་འཁོགས་ཉམ་ཆུང་བྲོ་འཚལ་ཞིང་སྦྱོར་བ་མི་བཟོད་ན་འཁར་བའི་གནང་བ་དང་དྲ་བའི་གནང་བ་གཉིས་སྦྱིན་པར་གསུངས་སོ། །དྲ་བ་ནི་ཚོན་སྣ་ལྔ་ལས་སོ། །དུས་སྟོན་དང་དེའི་ཡོ་བྱད་ཇི་སྙེད་པ་དག་བྱའོ། །དེ་དག་ནི་གནས་ཀྱི་ཚུལ་ལོ། །ཀློག་པའི་སློབ་དཔོན་གྱིས། རང་གི་སློབ་མ་དང་ཉེ་གནས་སློབ་དཔོན་རང་གི་བསྙེན་བཀུར་དང་། འཕྲལ་གྱི་བྱ་བ་ཆེས་མང་པོ་བྱེད་པ་དང་། སྤྱིར་འཛིན་པ་དང་། ཁ་ཏོན་དུ་བྱ་མི་ནུས་པ་དག་ལ་ལོགས་ཤིག་ཏུ་སྟེ། དེ་དག་གིས་འདུལ་བ་གཟུང་སྟེ། དེའི་ལུང་དབོག་པ་དང་། ཁ་ཏོན་དང་། དམིགས་ཀྱིས་དྲི་བ་སྦྱིན་པར་བྱའོ། །དགེ་སློང་མ་ལ་ཡང་ངོ་། །དེ་ནི་ཀློག་ཏུ་འཛུད་པའོ། །སངས་རྒྱས་ཀྱི་བཀའ་རང་གི་ངང་ཉིད་ཀྱིས་མ་ཡིན་པར་སྡེབ་སྦྱོར་དང་། ཚིག་དང་། རིམ་པ་དེ་ལས་གཞོལ་བ་ཉིད་ཀྱིས་སྦྱར་ཏེ་ཀློག་པར་མི་བྱ། བཀའ་ལ་བརྩོན་པ་མ་བྱས་པར་ཕྱི་རོལ་པའི་བསྟན་བཅོས་མི་གཟུང་། ཕྱི་རོལ་པའི་བསྟན་བཅོས་འཛིན་པར་བྱེད་པ་དེ་དག་གིས་ཀྱང་ཉི་མའི་སུམ་ཆ་བདེ་བ་མ་ཡིན་པའི་དུས་མ་གཏོགས་པར་སངས་རྒྱས་ཀྱི་བཀའ་ལ་ནན་ཏན་བྱའོ། །ཤི་བའི་སྐབས་དང་། བཞག་པའི་སྐབས་དང་། དེ་ལས་གཞན་པའི་བྱ་བ་ཕྲན་ཚེགས་དག་གསུངས་པ་ནི་རྗེས་སུ་བསྒྲུབ་པའོ། །དེ་དག་གིས་འདུལ་བ་རྒྱས་པར་བཤད་ཟིན་ཏོ།། །། ད་ནི་དོན་བསྡུ་བ་ནི། ཕྲན་ཚེགས་ལས། བཅོམ་ལྡན་འདས་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་དེའི་ཚེ་ཉིད་ན་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངས་ཁྱེད་ལ་འདུལ་བ་རྒྱ་ཆེར་ནི་བསྟན་ན། མདོར་བསྡུས་ཏེ་མ་ཡིན་ནོ། །འོན་ཀྱང་མདོར་བསྡུས་པ་ཡང་ཉོན་ཅིག དགེ་སློང་དག་ངས་ཁྱོད་ལ་གང་ཞིག་ཐོག་མ་ཉིད་ནས་གནང་བ་ཡང་མེད། བཀག་པ་ཡང་མེད། གལ་ཏེ་རུང་བ་དང་ཉེ་བ་ཡིན་ཞིང་མི་རུང་བ་དང་ཟློག་པར་བྱེད་པ་ཡིན་ན་ནི་རུང་བ་ཡིན་པར་གཟུང་བར་བྱའོ། །གལ་ཏེ་མི་རུང་བ་དང་ཉེ་བ་ཡིན་ཞིང་། རུང་བ་ཟློག་པར་བྱེད་པ་ཡིན་ན་མི་རུང་བ་ཡིན་པས་ཀུན་ཏུ་སྤྱད་པར་མི་བྱའོ། །ཞེས་འབྱུང་བ་ཡིན་ནོ། །ནག་པོ་བསྟན་པ་དང་ཆེན་པོ་བསྟན་པ་ཡང་ཤེས་པར་བྱ་སྟེ། མདོ་སྡེ་ལ་མི་འཇུག འདུལ་བ་ལ་མི་གནང་། ཆོས་ཉིད་དང་མི་མཐུན་པ་དེ་ནི་སངས་རྒྱས་ཀྱི་བསྟན་པ་མ་ཡིན་པས་ཐག་རིང་དུ་དོར་བར་བྱ་བ་འདི་ནི་ནག་པོ་བསྟན་པ་ཡིན་ནོ། །མདོ་སྡེ་ལ་འཇུག འདུལ་བ་ལ་གནང་། ཆོས་ཉིད་དང་མི་མཐུན་པ་མེད་པ་དེ་ནི་སངས་རྒྱས་ཀྱིས་གསུངས་པའི་ཕྱིར་བླང་བར་བྱ་བ་འདི་ནི་ཆེན་པོ་བསྟན་པ་ཡིན་ནོ། །ཆེན་པོ་བསྟན་པ་ཡང་། ཕྱག་རྒྱ་གསུམ་དང་ཡང་དག་ལྡན། །བསླབ་པ་གསུམ་ནི་རབ་སྟོན་ཅིང་། །ཐོག་མ་བར་དང་མཐར་དགེ་བ། །སངས་རྒྱས་གསུང་དུ་མཁས་པས་རྟོགས། །ཞེས་གསུངས་པ་ཉིད་དོ། །སྟོན་པའི་གསུང་རབ་སྡེ་སྣོད་གསུམ་ནི་ཡུལ་རྒྱལ་པོའི་ཁབ་ཀྱི་དབང་པོའི་ཕུག་གམ་ནྱ་གྲོ་དྷའི་ཕུག་ཏུ་འཕགས་པ་འོད་སྲུང་དང་། ཀུན་དགའ་བོ་དང་། ཉེ་བ་འཁོར་གསུམ་གྱིས་བསྡུས་ཤིང་དགྲ་བཅོམ་པ་ལྔ་བརྒྱས་དཔང་པོ་བྱས་སོ། །དེ་ནས་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ན་དགྲ་བཅོམ་པ་གྲགས་པའམ་ཐམས་ཅད་འདོད་པ་ནས། ཟླ་སྒུར་དང་ཞི་ལྡན་ལ་ཐུག་པ་བདུན་བརྒྱ་ཡངས་པ་ཅན་དུ་འདུས་ནས་ཧུ་ལུ་ཧུ་ལུ་ཀའི་ཆོ་ག་ལ་སོགས་པ་མི་རུང་བའི་གཞི་བཅུ་པོ་བསལ་ནས་བསྡུ་བ་གཉིས་པ་མཛད་དོ། །རྒྱལ་པོ་དར་མ་ཨ་ཤོ་ཀ་ཤི་བ་ཚུན་ཆད་དུ་ནི་ཐམས་ཅད་ཡོད་པར་སྨྲ་བ་འདི་གཅིག་པུར་ཟད་ལ། འདོན་པ་ཡང་ལེགས་པར་སྦྱར་བའི་སྐད་དུ་ངེས་སོ། །དེ་ནས་དགྲ་བཅོམ་པ་རྣམས་ཀྱི་ཐ་མལ་དང་། ཟུར་ཆག་པ་དང་། བར་མ་འདོན་པའི་ཚིག་ལ་མངོན་པར་ཞེན་པའི་དབང་གིས་ཕྱིར་རིམ་གྱིས་བསྟན་པ་རྣམ་པ་བཅོ་བརྒྱད་ཀྱི་བར་དུ་གྱུར་ཏེ་དགེ་འདུན་རྩོད་པས། སློབ་དཔོན་དུལ་བའི་ལྷས་སྡེ་པ་ཐ་དད་པ་བསྟན་པ་བསྡུས་པ་ལས། ཤར་དང་ནུབ་དང་གངས་རི་དང་། །འཇིག་རྟེན་འདས་པ་སྨྲ་བའི་སྡེ། །བཏགས་པར་སྨྲ་བའི་སྡེ་པ་དང་། །ལྔ་ཚན་དགེ་འདུན་ཕལ་ཆེན་ཏེ། །གཞི་ཀུན་པ་དང་འོད་སྲུང་སྡེ། །ས་སྟོན་སྡེ་དང་ཆོས་སྲུང་སྡེ། །མང་ཐོས་གོས་དམར་སློབ་མ་དང་། །རྣམ་པ་ཕྱེ་སྟེ་སྨྲ་བའི་སྡེ། །ཐམས་ཅད་ཡོད་པར་སྨྲ་བ་ཡིན། །རྒྱལ་བྱེད་ཚལ་གནས་འཇིགས་མེད་གནས། །གཙུག་ལག་ཁང་ཆེན་གནས་བརྟན་པ། །ས་སྒྲོགས་རིས་དང་བསྲུང་བ་དང་། །གནས་མ་བུ་ཡི་སྡེ་རྣམས་ནི། །ཀུན་གྱིས་བཀུར་བ་རྣམ་པ་གསུམ། །ཞེས་པའི་སྡེ་པ་བཅོ་བརྒྱད་དུ་གྱེས་སོ། །དེའི་རྒྱལ་པོ་ཀ་ནི་ཀས་སྦྱིན་བདག་བྱས། ཁ་ཆེ་རྣ་རྒྱན་གྱི་གཙུག་ལག་ཁང་དུ་རྩིབ་ལོགས་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱ་དང་། བ་སུ་མི་ཏྲ་ལ་སོགས་པ་བྱང་སེམས་ལྔ་བརྒྱ། སོ་སྐྱེའི་པཎྜྻི་ཏ་ལྔ་བརྒྱས་རྒྱལ་པོ་ཀྲྀ་ཀྲྀ་རྨི་ལམ་སད་པའི་མདོ་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས། རྒྱལ་པོ་ཀྲྀ་ཀྲྀ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་རྨི་ལམ་དུ་མི་བཅོ་བརྒྱད་ཀྱིས་རས་ཡུག་གཅིག་འདྲེན་པར་མཐོང་བ་དེ་ནི་ཤཱཀྱ་ཐུབ་པའི་བསྟན་པ་རྣམ་པ་བཅོ་བརྒྱད་དུ་གྱེས་པར་འགྱུར་ལ། དེའི་རྣམ་པར་གྲོལ་བའི་རས་ནི་གྱེས་པར་མི་འགྱུར་རོ། །ཞེས་འབྱུང་བའི་རྒྱུ་མཚན་གྱིས་དེ་དག་ཀྱང་སངས་རྒྱས་ཀྱི་གསུང་ཉིད་དུ་མི་འགལ་བར་བསྒྲུབས་ནས་བཀའ་བསྡུ་བ་གསུམ་པ་མཛད་དོ། །དེའི་ཕྱིར་སྡེ་པ་འདི་སྡེ་པ་ཐམས་ཅད་ཀྱི་གཞིར་གྱུར་པས་གཞི་ཐམས་ཅད་ཡོད་པར་སྨྲ་བ་ཞེས་འདོད་དོ།། །། དྲུག་པ་ཞར་ལ་གནང་བཀག་གི་ཁྱད་པར་ལས་ཐེག་ཆེན་སོ་སོ་ཐར་པའི་བསླབ་བྱ་བསྟན་པ་ནི། ཐེག་ཆེན་ལ་ནི་ཇི་བཞིན་རང་དོན་དུ། །གཞན་དོན་འགྱུར་བ་ཐམས་ཅད་དེ་ལས་གནང་། །གང་ལ་སྦྱར་བས་གཞན་གྱི་དོན་དུ་མི་འགྱུར་བའི་གནས་སྐབས་དེའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་པོ་དག་རང་གི་ཆེད་དུ་སྲུང་བ་ཉན་ཐོས་དང་ཁྱད་པར་མེད་ལ། དེ་དག་ལས་གཞན་གྱི་ཕན་པ་དང་བདེ་བའི་རྒྱུར་འགྱུར་བའི་སྐབས་སྲིད་ན་གང་ཡིན་པ་དེ་ནི་སྤྱད་པར་གནང་བས། འདི་ལ་ཁ་ན་མ་ཐོ་བར་མི་འགྱུར་ཏེ། གནང་བའི་ཕྱིར་རོ། །ཇི་ལྟར་གནང་ན། སྤྱོད་འཇུག་ལས། ཐུགས་རྗེ་མངའ་བ་རིང་གཟིགས་ནས། །བཀག་པ་རྣམས་ཀྱང་དེ་ལ་གནང་། །ཞེས་དང་། གཙོ་ཆེར་གཞན་གྱི་དོན་བསམ་མོ། །ཞེས་གསུངས་པས་སོ། །འདུལ་བ་ཀུན་ལས་བཏུས་པ་སྡོམ་པ་གསུམ་གྱི་རྒྱན་ལས། ཉན་ཐོས་ཀྱིས་གཙོ་བོར་བསླབ་པས་ཉན་ཐོས་ཀྱི་འདུལ་བ་ཞེས་རྣམ་པར་གཞག་པ་ལེའུ་དང་པོའི་རྒྱ་ཆེར་འགྲེལ་པ་རྫོགས་སོ།། །། སླར་ཡང་ཤཱཀྱའི་བཙུན་པ་ངག་གི་དབང་པོས་མཚམས་གཅོད་ལྟུང་གྲངས་སོགས་ལེགས་པར་བཅོས་ནས་དག་པར་བྱས་པ་ཡིན་པས་ཕྱིན་ཆད་མ་བཅོས་ཤིག །མངྒ་ལཾ།། །།

Notes[edit]

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net