སྐུ་གསུང་ཐུགས་ཡིད་ལ་མི་བྱེད་པ་ཞེས་བྱ་བ་བཞུགས་སོ། །

From Rangjung Yeshe Wiki Texts
Jump to navigation Jump to search

༄༅། །སྐུ་གསུང་ཐུགས་ཡིད་ལ་མི་བྱེད་པ་ཞེས་བྱ་བ་བཞུགས་སོ།།

རྒྱ་གར་སྐད་དུ། ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་མ་ན་སི་ཀ་ར་ནཱ་མ། བོད་སྐད་དུ། སྐུ་གསུང་ཐུགས་ཡིད་ལ་མི་བྱེད་པ་ཞེས་བྱ་བ། མཚན་མ་རབ་ཏུ་མི་གནས་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །གང་ཞིག་སྐུ་ཡི་ཁྱད་པར་བདུད་བཞི་རབ་ཏུ་འཇོམས་མཛད་ཅིང་། །རྣལ་འབྱོར་རྣམ་པར་གྲོལ་བར་མཛད་པ་གང་གིས་ནི། །འདོད་པའི་དོན་ནི་ཡང་དག་སྤྱིན་པར་གང་གྱུར་པས། །འགྲོ་ལ་བྱམས་པའི་ཆ་ལུགས་མཆོག་གིས་དོན་སྟོན་པའོ། །དོན་དམ་རབ་ཏུ་མི་གནས་དགོངས་པ་རྒྱལ་བའི་ཐུགས། །གང་གི་སེམས་ལ་འདི་ཀུན་བསམ་དུ་མེད་དོ་ཀྱེ། །ཁྱོད་ནི་ཕྲིན་ལས་ཡན་ལག་མང་པོ་སྟོན་མཛད་ཅིང་། །དགྱེས་ཤིང་ནམ་མཁའི་ཁམས་ཀུན་ཐམས་ཅད་འགེངས་པར་བྱེད། །གསུང་མཆོག་ཡན་ལག་དྲུག་ཅུས་བརྡ་སྐད་སྣ་ཚོགས་སྒྲོགས། །ཐུགས་ཀྱི་ཁྱད་པར་དགོངས་པ་དབྱིངས་ལས་མི་བསྐྱོད་ཀྱང་། །ཐམས་ཅད་ཚིམ་ཞིང་མགུ་ནས་རབ་ཏུ་བསྟོད་པར་བྱེད། །བྱམས་དང་སྙིང་རྗེས་གདུགས་ཀྱི་དཀྱིལ་འཁོར་གསལ་བར་སྟོན། །མ་ཧཱ་དེ་ཝ་ཨུ་མ་དེ་ཝཱི་རབ་ཏུ་འཇོམས་པར་བྱེད། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཀུན་གྱི་བདག་ཉིད་དེ། །ཐར་པའི་སྒོ་ནི་རྣལ་འབྱོར་རྣམས་ཀྱི་ལམ་འདི་ཉིད། །གང་ཡང་གཙོ་མཆོག་ལྡན་པའི་སྦྱོར་བ་དག་གིས་རབ་ཏུ་མི་འབྱེད་པར། །རྣལ་འབྱོར་ཆེན་པོ་དེ་དང་ཐ་མི་དད་པར་ཤེས། །གང་གིས་དེ་ནི་མི་ཤེས་པས། །དྲི་མའི་ཚུལ་གྱིས་གང་ཡང་མཐོང་བ་མེད། །གང་གིས་དེ་ཀུན་འཆིང་བར་བྱེད་པ་དེ་ཡིས་ནི། །གཟི་མདངས་གཉིས་ལ་བརྟེན་ཏེ་ལས་ཀུན་སྟོན་པར་བྱེད། །བདག་མེད་རོ་གཅིག་ཁྱབ་པར་བྱེད་པའི་གཟུགས་ལྡན་ཞིང་། །འདི་ན་མི་གནས་ཀུན་ཏུ་འགྲོ་བར་བྱེད། །སྔགས་དང་མདོ་སྡེ་ཀུན་གྱི་རྒྱལ་པོར་དབང་བསྐུར་བས། །འདི་དག་ཀུན་གྱི་རྩ་བ་ཡིད་ལ་མི་བྱེད་པར། །ཁྱེད་ཀྱིས་གཅིག་དང་གཉིས་ལའང་མ་སེམས་ཀྱེ། །ཀུན་རྫོབ་དྲན་པའི་ཆོ་འཕྲུལ་སྣ་ཚོགས་སྟོན་མཛད་པ། །དོན་དམ་མི་དམིགས་པ་ཡི་དབྱིངས་སུ་རོ་གཅིག་ཉིད། །དུག་ལྔ་ལ་སོགས་ནད་ཀྱིས་ཉེན་པའི་མུན་པ་སེལ། །ཐོག་མའི་མཐའ་དང་ཐ་མའི་དངོས་གཞི་མ་མཐོང་བར། །འདུས་མ་བྱས་ལ་ཡིད་ཀྱིས་དམིགས་སུ་མེད་དོ་ཀྱེ། །གཟུང་འཛིན་གཉིས་ཀྱི་བར་ན་མིང་དང་བྲལ་འདུག་པ། །མན་ངག་ལོག་ན་གཅིག་གི་ངོ་བོ་ཉིད། །ཤེས་པར་བྱ་དང་བྱའོ་ཅོག་གི་ཐ་སྙད་ཀུན། །འདི་ལས་གཞན་དུ་ལྟ་བའི་མཚན་མ་ཉོན་མོངས་འགྱུར། སྒྲ་གཅན་འཛིན་གྱིས་ཟླ་བ་ཟོས་པ་ཇི་བཞིན་ཏེ། །མ་མཐོང་བ་ཉིད་བྱོས་དང་བར་ན་ཤར་བར་འགྱུར། །ཡེངས་དང་གནས་པའི་བར་ན་ངོ་བོ་འདི་ཞེས་མེད། །རྒྱུ་མེད་རྐྱེན་བྲལ་སྐྱེ་བ་མེད་པ་གཉིས་བར་ན། །ལོག་པར་ལྟ་བའི་ཚོགས་ཀྱིས་འདི་ལ་གཞོམ་དུ་མེད། །གི་ཝང་གུར་གུམ་ཙནྡན་ཐིག་ལེར་བྲིས་པ་བཞིན། །ཟླ་བ་བཟང་པོ་རྒྱུ་སྐར་འོད་ཀྱིས་འགེབས་པ་ཉིད། །སྙིང་པོའི་འོད་ཀྱིས་ཡན་ལག་ཟིལ་གྱིས་གནོན་པར་འགྱུར། །འདི་ནས་འདི་རུ་ཟད་ཅེས་འདི་འབྱུང་བརྟག་དཀའ་ཉིད། །གང་གིས་ནམ་མཁའ་དག་ལ་ལོངས་སྤྱོད་པའི། །འདོད་པའི་ཡོན་ཏན་འདི་ལ་འཕེལ་འགྲིབས་མེད་པར་འགྱུར། །གང་ཞིག་ནོར་བུ་དྲི་མ་མེད་པ་འཆང་བ་ཡི། །སེམས་ཀྱི་ཡོན་ཏན་གཏེར་ཆེན་འདི་ལས་འབྱུང་འགྱུར་ཏེ། །མཐོང་བ་མེད་པའི་ཚུལ་གྱིས་རྟག་ཏུ་བལྟ་བ་ཉིད། །ཆོས་ཉིད་མཚོན་པའི་ངོ་བོ་འདི་ཞེས་འདས་གྱུར་པ། །བློ་མཆོག་རྣམས་ཀྱིས་ཀྱང་ནི་ཕིགས་པར་ནུས་མ་ཡིན། །གཉིས་མེད་ཚུལ་གྱིས་དེ་བཞིན་གཤེགས་གང་ཉིད། །འདི་ནས་སོང་བ་གང་ཡང་མེད་པར་ཤེས་པ་དེ། །འདི་ན་མི་གནས་གང་ནའང་གནས་པ་མེད། །ཡུལ་མེད་འདི་ལ་རྟག་ཏུ་བལྟ་བ་དང་བྲལ་ཉིད། །འདི་ནས་གང་དུ་འགྲོ་བའི་ཕྱོགས་མཚམས་དེ་ཀུན་ན། །འཇིགས་པར་བྱེད་པའི་དགྲ་ཡིས་མ་ཁྱེར་བར། །ཅི་བདེ་བ་དང་ལྷན་ཅིག་རྟག་ཏུ་བྱོས། །ཀྱེ་ཧོཿ གྲོགས་དག་འདི་ལ་སེམས་ཉིད་ཡོད་དང་མེད་ཅེས་བརྟག་པ་ཀུན། །རྣམ་རྟོག་རླུང་གིས་བསྐྱོད་དེ་སྨྱོན་པའི་ཚིག་ཏུ་འགྱུར། །སྨྱོ་བར་གྱུར་ནས་རྒྱ་མཚོར་ལྷུང་བ་ཉིད། །ཚངས་པའི་རྡུལ་དང་མཚན་མའི་མུན་པ་དག་དང་མ་བྲལ་བར། །དེ་ཉིད་གཉིས་བྲལ་རྟོགས་པར་འདོད་པ་གང་། །རྒྱ་མཚོར་ས་དང་གསེག་མར་ནོར་བུར་གྱུར་མཐོང་ཉིད། །བརྟུལ་ཞུགས་མྱ་ངན་འདའ་བའི་སྤྱོད་པ་གང་བྱེད་པ། །འདི་ནི་མི་ཤེས་དེ་འདྲར་སྟོན་པར་བྱེད། །བདེན་པ་གཉིས་བྲལ་སྒྲོ་སྐུར་མེད་པའི་གཉུག་མ་གང་། །གང་དུ་མཐོང་བ་མེད་པ་དེ་ཉིད་ནི། །ངེས་པར་གྲུབ་ཅིང་འདི་ལ་རང་བཞིན་མེད་འགྱུར་ཏེ། །གང་གིས་མ་མཐོང་བ་ལས་དེ་ནི་རྒྱལ་བར་འགྱུར། །ཐེག་པ་གསུམ་གྱིས་མྱ་ངན་འདའ་བསྟན་པ། །འདི་རུ་མ་ཤེས་དེ་ཉིད་མཐོང་བ་མེད། །རྣམ་གྲོལ་ལམ་སྟོན་གང་དུའང་བྱེ་བྲག་ཕྱེ་བ་མེད། །བྱིས་པ་རྣམས་ཀྱིས་ཤེས་པར་འགྱུར་མ་ཡིན། །གང་ཞིག་འདོད་ཆགས་བྲལ་བས་རྟོགས་པར་འདོད་པ་དེ། །སྡུག་བསྔལ་གསུམ་མམ་བརྒྱད་ལ་སོགས་པ་ཀུན་སྤངས་ཉིད། །བདེན་པ་གཉིས་ལས་མི་འདའ་ཐབས་ཚུལ་སྣ་ཚོགས་ཀྱིས། །འགྲོ་བའི་དོན་མཛད་འོད་ཟེར་གཡས་གཡོན་རབ་ཏུ་འགྱེད། །བུམ་རིལ་ཁ་སྦུབས་མ་དག་པ་ཉིད་དག་སྟོན་པ། །ཚང་ཚིང་འབྲེལ་བའི་ཡུལ་དྲུག་ལ་སོགས་རབ་ཏུ་འཇོམས། །ཐམས་ཅད་མཁྱེན་ལྡན་སུས་ཀྱང་མཐོང་བ་མེད་པ་དེ། །གྲགས་པ་ལ་སོགས་ཀུན་གྱིས་བསྟོད་ཀྱང་བསྐྱོད་པ་མེད། །ཀྱེ་ཧོཿ འདི་ལྟར་གནས་ན་ཀུན་གྱིས་ཤེས་གྱུར་ཏེ། །ཐོག་མཐའ་མེད་ནས་སྲིད་པའི་རྒྱ་མཚོར་གཡང་འགྱུར་བ། །སྡུག་བསྔལ་ཉིད་ཀྱི་རྩ་བ་འདི་རུ་བྱས། །འདི་ལ་ཤེས་དང་ཉོན་མོངས་ལ་སོགས་པའི། །དྲི་མས་མ་གོས་འདམ་གྱི་པདྨ་བཞིན། །ཁ་དོག་མ་འདྲེས་ཡུལ་ལ་སོ་སོར་སྣང་། །སྒྱུ་མར་རྟོགས་ཙམ་མིག་འཕྲུལ་གར་མཁན་བཞིན། །འདུ་བྱེད་སྣ་ཚོགས་གང་ལ་བསགས་པ་དེ། །གློ་བུར་རྟེན་འབྲེལ་དག་ལ་གོམས་པའི་སྟོབས། །འདི་གོམས་གང་ཡང་ཤེས་པར་མི་འགྱུར་ཏེ། །མ་གོམས་པས་ནི་ཐམས་ཅད་ཤེས་པར་འགྱུར། །འདྲེས་པའི་ཆོས་ནི་གང་ཡང་གནས་པར་མི་བྱེད་དོ། །སྐུ་གསུང་ཐུགས་དང་ཕྱག་རྒྱ་ལ་སོགས་རིམ་པ་ཀུན། །འདི་ལ་སྐད་ཅིག་ཙམ་དུ་རྟོགས་པར་མ་བྱེད་ཅིག །འཇིག་རྟེན་བསྟན་བཅོས་དག་དང་གླེགས་བམ་གྱིས། །གསུང་གི་བདག་ཉིད་བརྗོད་པར་བྱ་བ་མིན། །ཉི་མ་ཟླ་བ་གཉིས་སུ་གནས་གྱུར་པ། །དེ་དང་གཅིག་ཏུ་འདྲེས་པར་གྱུར་ནས་ནི། །གང་གིས་གང་སྤྱོད་དེ་ཡིས་རབ་ཏུ་བརྒྱན། །སྐྱེ་བ་མེད་པའི་རྣམ་པར་ངེས་བརྗོད་པ། །དབུས་སུ་བརྗོད་པས་མཐའ་རྣམས་རབ་ཏུ་སྤངས། །ཇི་ལྟར་བསྟན་པས་གོ་བར་མི་འགྱུར་བར། །འཇིག་རྟེན་ཁམས་སུ་གཏན་འཁྱམས་རིགས་ཆད་དེ། །བག་ཆགས་ལས་ཀྱིས་མནར་བར་མ་ཚོར་བས། །ཆོས་ཉིད་དྲི་མ་མེད་པའི་དོན་མི་མཐོང་། །གང་ན་འདི་དང་བྲལ་བ་མེད་པ་དེ། །དྲན་འཛིན་ལུས་ལས་མྱུར་དུ་སྐད་ཅིག་གྲོལ། །རྡོ་རྗེའི་སེམས་ནི་ཡོངས་སུ་བརྟག་དཀའ་བ། །སེམས་ལ་སེམས་སུ་མཐོང་བ་རོ་མཉམ་ན། །ཕྱི་ནང་བསམ་གཏན་རྩེ་མོས་བརྟགས་པས་སྟོང་། །རྣལ་མའི་དོན་ལ་གནས་པའི་རྣལ་འབྱོར་ནི། །ཡེ་ཤེས་ཤེས་རབ་གསང་བའི་དབྱིངས་ལ་རྫོགས། །རང་གིས་མ་མཐོང་མཚན་ཉིད་ཀུན་ལྡན་པ། །ཞེས་ནི་བསྔགས་པ་བརྗོད་འགྱུར་བའི། །དྲན་མེད་མཉམ་པའི་དབྱིངས་ལས་སྐུར་གསལ་མོས་པ་མེད་པར་སྤྱོད། །ཐུགས་རྗེས་མི་གཟིགས་སྐུ་གསུང་ཐུགས་ཀྱིས་མ་གོས་པ། །གཉིས་སུ་མ་མཐོང་གསུམ་གྱི་དྲི་མ་བྲལ། །སྣ་ཚོགས་པར་སྣང་གང་ལ་ངོས་གཟུང་མེད་པ་སྟེ། །ལུས་ངག་ཡིད་གསུམ་འབད་པའི་རྩོལ་བས་གདུང་བར་མ་བྱེད་ཅིག །ངག་ནི་རྡོ་རྗེའི་གླུ་དང་ལོང་གཏམ་རྒྱོབ་སོད་དང་། །འགྲོ་བ་ཀུན་གྱིས་ཤེས་པ་དག་དང་གར་བདེར་སྤྱོད། །མི་སྒྲིམ་མི་ལྟ་མི་སྤྱོད་འདི་དང་འབྲལ་མ་མྱོང་། ཡེ་ནས་མ་བཅོས་ཐམས་ཅད་འབྱུང་འཇུག་གོ་འཕང་ཡང་། ཀྱེ་ཧོཿ སྣ་ཚོགས་གང་ཡང་རུང་བ་འདི་ལ་བསམ་པའི་སེམས་བྲལ་པས། །ཡིད་ཀྱི་རྟོག་པ་སྣ་ཚོགས་འདི་ནི་དྲན་པའི་སེམས་ཡིན་ཏེ། །གང་ཡང་གཟུགས་དང་རྩ་བ་མེད་པ་དག་ལས་སྐྱེས་པ་ཡིན། །ཐ་མལ་ཤེས་པ་མ་བཟུང་བདེ་ཆེན་རྒྱལ་པོ་ཉིད། །མཚན་ཉིད་ཅིར་ཡང་མ་མཐོང་ཕྱོགས་ཆ་ཀུན་དང་བྲལ། །འཁྲུལ་པས་བརྟགས་པའི་བསམ་བརྗོད་འདི་ནི་གློ་བུར་ཏེ། །བློ་ལས་བྱུང་ཕྱིར་བློ་ཡིས་བསྒོམ་དུ་ག་ལ་ཡོད། །གང་ལ་ཡན་ལག་མེད་པ་དེ་ཉིད་ཀུན་གྱི་ཁྱིམ་དུ་ལྷུང་བར་འགྱུར། །གོ་བའི་ཚེ་ན་ཅི་ཡང་མེད་པ་སྟེ། །དངོས་ཀུན་ཅིར་ཡང་གསལ་ལ་མཐོང་བ་མེད། །གང་ལ་མྱ་ངན་འདས་དང་སྲིད་པ་ཁ་སྦྱོར་བ། །གཉིས་སུ་སྣང་བ་ཁྱོད་ལ་བརྟེན་ཏེ་འབྱུང་བར་འགྱུར་བ་ཡིན། །རྒྱལ་བ་ལ་སོགས་ཀུན་ཏུ་སྤྲུལ་པ་སྣ་ཚོགས་སྟོན་མཛད་པ། །དག་པའི་རིགས་རྣམས་ཀུན་ལ་ཁྱོད་ཀྱིས་སྤྱོད། །མི་བསམ་ཐུགས་རྗེས་རང་བྱུང་སྤྲུལ་པ་ནི། །ནོར་བུ་རིན་ཆེན་ལྟ་བུར་འཕེལ་འགྲིབ་མེད་པར་འབྱུང་། །དངོས་པོ་མེད་པས་ནམ་ཡང་རྟོགས་མིན་གྱི། །གཏང་གཞག་མེད་ཅིང་རང་བཞིན་རྣམ་པར་གྲོལ། །འཛིན་མེད་ཡིད་ལ་བྱར་མེད་རྣལ་འབྱོར་བསམ་གཏན་ཉིད། །གང་ལ་མི་སྒོམ་གང་དུའང་བཙལ་བ་མེད་པ་དེ། །བསམ་དུ་མེད་པས་ཡིད་ལ་མི་བྱེད་རོ་སྙོམས་སྐྱེ། །ཡེ་ཤེས་མཁའ་འདྲ་བསམ་བྲལ་མ་བཅོས་སྙིང་པོའི་དོན། །འདི་ལ་བློ་ཡིས་བསམ་ཞིང་བརྗོད་དུ་མེད་དོ་ཀྱེ། །ཡེ་བཏང་རང་ཡན་ཚོགས་དྲུག་ལྷུག་པའི་སྤྱོད་ལམ་འདི། །ཚོགས་དྲུག་རྗེས་སུ་སྦྱོར་བའི་མཁས་པས་གཏང་གཞག་མེད། །ཁོ་ན་ཉིད་ཀྱི་རྣལ་འབྱོར་ལྷག་པའི་བསམ་བྲལ་བས། །དེ་བཞིན་ཉིད་ལ་མི་གནས་གང་ལ་རང་བཞིན་མེད་པར་གྲོལ། །འོད་གསལ་རྫོགས་དང་ཐིམ་དང་འགག་པར་འགྱུར་པ་གང་། །ཇི་ལྟར་བསྒོམ་དང་ཆགས་པར་འགྱུར་པ་མཚན་མ་སྟེ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཡན་ལག་ཐམས་ཅད་ཀུན། །གཅིག་གིས་དབྱིངས་ན་མི་མངོན་ཕྲ་བའི་ཚུལ་དུ་གནས། །རྒྱ་མཚོའི་དབྱིངས་ནས་ནོར་བུ་རིན་ཆེན་རྙེད་གྱུར་པ། །ཆུ་སྲིན་དུང་དང་གདུག་པ་ཅན་གྱིས་མཐོང་མི་འགྱུར། །ཕྲག་དོག་སྲེད་པའི་ཉོན་མོངས་ལ་སོགས་པའི། །མཚན་མའི་དབྱིངས་ནས་ངོས་གཟུང་མེད་པར་མཐོང་། །གསུམ་ལ་སོགས་པའི་སྒོ་ནས་འཇུག་པར་བྱེད་པ་ནི། །རྣམ་རིག་བདེན་པ་གཉིས་ཀྱི་སྒོ་ནས་རྩོལ་བར་བྱེད། །ཇི་ལྟར་སྣང་བཞིན་འཇིག་རྟེན་ཐ་སྙད་ལམ། །རྣམ་ཐར་སྒོ་གསུམ་བསླབ་པ་རྣམ་པ་གསུམ། །མཚན་མ་ཡིད་ལ་བྱེད་པའི་རྣལ་འབྱོར་དེ། །རྣལ་འབྱོར་ཆེན་པོ་འདི་ལ་གནས་མི་བྱེད། །གང་ཞིག་ཤེལ་སྒོང་དག་པ་ལྟ་བུར་ནི། །དྲི་མ་གཉིས་གྲོལ་སྲིད་དང་འདས་གྲོལ་ཏེ། །རིན་པོ་ཆེ་ལྟར་དགོས་འདོད་ཐམས་ཅད་འབྱུང་། །ཡོངས་སུ་ཟག་པ་ཟད་ཕྱིར་མཚན་ཉིད་མེད། །དངོས་མེད་བདེན་པ་གཉིས་བྲལ་གཅིག་གི་དངོས་པོས་སྟོང་། །མཚན་མ་ཐམས་ཅད་ཡེ་ནས་མེད་པའི་ཕྱིར། །མཐོང་ཐོས་ལ་སོགས་མཐའ་ཡི་རྟོགས་པ་མེད། །མེད་ལ་མེད་པར་འཛིན་པའི་ཐ་སྙད་དེ། །འདིར་ནི་ཚོར་བར་ནུས་པ་མ་ཡིན་ནོ། །འདི་ནི་རྩ་བ་ཀུན་གྱི་རྗེས་སུ་རྟོག་པར་མ་བྱེད་ཅིག །འདི་ལ་གང་ཚེ་རྟོག་པར་བྱེད་པ་དེ། །བསྐལ་པར་བགྲངས་ཀྱང་དེ་ཉིད་སྙེད་པ་མིན། །མགལ་མེ་གཙུབ་ཤིང་ལྟ་བུར་མེ་མཆེད་འབར་བ་བཞིན། །འདི་ཀུན་མཆེད་ནས་ཐམས་ཅད་སྲེག་པར་བྱེད། ཀྱེ་ཧོཿ གྲོགས་དག་རྒྱ་མཚོར་ནོར་བུ་ལྟ་བུའི་སེམས་ནི་འདི་ཉིད་ཡིན་ཏེ་ཀྱེ། །མ་ཧེའི་རྭ་རུར་སེང་གེའི་འོ་མ་གང་བླུགས་པ། །ནོར་བུ་རིན་ཆེན་འབར་བ་དེ་ཡིས་རྙེད་པར་འགྱུར། །ཉོན་མོངས་པ་རྣམས་ཉི་མས་རབ་ཏུ་སྐེམས་པར་བྱེད་ཟེར་འདི། །ངན་འགྲོ་ལ་སོགས་ལོག་པར་ལྟ་བས་འཇིགས་པ་མེད་པ་དེ། །གང་ལས་རྙེད་པ་དེ་དག་གཞལ་གྱིས་མི་ལང་ངོ་། །ཇི་ལྟར་ཆོས་ཀྱི་དབྱིངས་སུ་སྣང་བ་དེ་སྲིད་དུ། །ཟག་པ་མེད་གང་ཐམས་ཅད་དེ་ཡིས་སྤྱད་པ་ཡིན། །དུག་སྦྲུལ་ཕག་རྒོད་གླང་ཆེན་སེང་གེས་ཟོས་བཞིན་དུ། །དེ་བཞིན་སྲིད་དང་མྱ་ངན་འདས་པ་ཁྱུར་མིད་འདས། །བསྐལ་པ་བརྗོད་དུ་མེད་པ་བརྒྱ་སྟོང་དུ་མ་རུ། །ཉོན་མོངས་ལ་སོགས་བསགས་པའི་ས་བོན་ནི། །སེམས་གཅིག་སྣང་བར་གྱུར་པས་འབྲས་བུ་གཅིག་ཏུ་ལོག་པར་འགྱུར། །སྒྲོན་མེ་ནོར་བུ་ཁང་བུར་གནས་གྱུར་པའི། །འོད་ཀྱིས་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར། །དམན་པའི་ལྟ་སྤྱོད་ཉན་ཐོས་ལ་སོགས་པའི། །སེམས་དེ་ཡན་ལག་བླངས་ནས་འཇུག་པར་འགྱུར། །འདི་ལ་གང་ན་བྱང་ཆུབ་སེམས་དཔར་གྱུར་པ་དེ། །རྫོགས་པའི་སངས་རྒྱས་དཀའ་བར་འགྱུར་བ་མ་ཡིན་ནོ། །སེམས་ཀྱི་སྐད་ཅིག་འདི་ལ་མཐའ་ཡས་མུ་མེད་དེ། །ཡན་ལག་ཐམས་ཅད་སྐད་ཅིག་འདི་ལ་རྟོགས་པར་འགྱུར། །ཆོས་རྣམས་ཐམས་ཅད་ཁོ་ན་ཉིད་ལ་རྫོགས་པར་འགྱུར་བ་ཡིན། །གཞན་མེད་གང་ཞིག་གང་ནས་འོང་བར་འགྱུར་བ་མ་ཡིན་ནོ། །ཟླ་བའི་སྙིང་པོ་མུན་པའི་གཡུལ་ལས་རྒྱལ་བར་འགྱུར་བ་གང་། །འཇིག་རྟེན་རྨི་ལམ་ལྟ་བུ་འདི་ལ་ཡང་དག་རྙེད་པར་འགྱུར། །རྫུན་པ་གང་ཡིན་འདི་ལ་ཡང་དག་སུས་མཐོང་བ། །བལྟར་མེད་དེ་ལ་གཟུགས་སུ་མཐོང་བར་ག་ལ་འགྱུར། །དོན་དམ་པར་ནི་གང་ཡང་ཡོད་པར་འགྱུར་བ་མ་ཡིན་ན། །ཕ་རོལ་གཞན་དུ་མཐོང་ནས་འགྲོ་བར་འདོད་པའི་གང་ཟག་དེ། །འདི་ལས་གཞན་དུ་འགྲོ་བའི་ཁྱད་པར་བསེ་དྲི་ཅན་བཞིན་ནོ། །འདི་ནི་ཕ་རོལ་བརྟོལ་བས་གང་དུ་མ་བོར་བར། །གཅིག་ཀྱང་ཕྱིན་པ་མེད་པར་འདིས་བརྟོལ་ལོ། །ཀྱེ་ཧོཿ གང་འདི་ཐ་སྙད་ལམ་འདས་བཙལ་བ་མ་ཡིན་ནོ། །ཐར་པ་སྟག་དང་བྱི་ལ་ལྟ་བུར་མཆོངས་པས་ནགས་སུ་ལྷུང་བར་འགྱུར། །གལ་ཏེ་སྟག་དང་ཝ་མོ་ལྟ་བུའི་སྟོབས་ནི་གོ་ལྡོག་ན། །དེ་ཉིད་ཡོད་པས་དེ་ལ་ཅི་ཞིག་ཕན་པར་མི་འགྱུར་རོ། །དེ་ཉིད་ཤེས་ན་མི་བསམ་མི་རྟོག་པར། །གཟུགས་མཐོང་ཅིར་ཡང་སྣང་བའི་ཡུལ་ནི་དེ་རུ་སྟོང་པར་འགྱུར། །འདི་ལ་ཡེངས་ནས་དེ་ལ་གནས་པར་གྱུར་བ་མ་ཚོར་རོ། །དྲན་དང་ཤེས་བཞིན་གཉིས་ནི་བར་གྱི་དེ་ལ་གང་ཡང་མ་མཐོང་སྟེ། །ཆོས་ཀུན་གདོད་ནས་འདི་ཡི་ཁོངས་སུ་གནས་པར་འགྱུར་བ་ཡིན། །འདི་ལ་དངོས་པོ་མེད་ཅིང་བསམ་དུ་མེད་པ་དེ། །ཁྱོད་ཀྱིས་རྩྭ་མཆོག་ཙམ་དུ་གཉིས་ཀ་མེད་པར་བྱོས། །ཀྱེ་ཧོཿ སངས་རྒྱས་ཀུན་གྱི་ཡན་ལག་བཞི་པོ་འདི་ཀུན་གསུམ་དུ་སྟོན་པར་ནི། །ཁྱོད་ཀྱིས་ཡང་ནས་ཡང་དུ་བསམས་པས་མཐོང་བ་གང་ཡང་མེད་དོ་ཀྱེ། །འཁོར་བའི་དྲན་པ་རྟེན་འབྲེལ་དག་ལས་འབྱུང་བ་ནི། །སྣ་ཚོགས་པར་སྣང་རང་གི་ངོ་བོ་མ་སྐྱེས་ཕྱིར། །མི་འགྱུར་བདེ་བ་ཆེན་པོའི་རང་བཞིན་དག་དང་ལྷན་ཅིག་སྐྱེས། །སེམས་ཀྱི་དོན་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །རང་བཞིན་རྣམ་པར་དག་པའི་ཡོན་ཏན་ཉིད། །ཆོས་རྣམས་ཐམས་ཅད་གཉིས་སུ་གདོད་ནས་མ་བྱུང་སྟེ། །གཉིས་དང་གཅིག་གི་དྲན་པས་དུ་མ་དག་དང་འབྲལ་བར་འགྱུར། །གང་ཡང་བརྗོད་པར་བྱ་བའི་དངོས་པོ་གང་ཞིག་རང་གིས་སྟོང་པ་སྟེ། །བློ་ལས་འདས་ཕྱིར་མཚན་མ་རབ་ཏུ་འཇོམས། །དེ་མེད་པ་དེ་གང་ཡིན་གང་ན་གནས་པར་མི་འགྱུར་རོ། །རྒྱུན་མི་འཆད་པའི་བསམ་གཏན་གང་ཚེ་འཐོབ་པར་འགྱུར་བ་ལ། །བྲལ་བ་འདི་ལས་གཞན་དུ་སོང་བར་མ་མཐོང་ངོ་། །གསང་སྔགས་འདི་ཀུན་རྩ་བ་དེ་ལས་བསྐྱེད་པར་ནི། །དེ་མེད་པ་ལས་འབྱུང་བར་འགྱུར་བ་གང་ཡང་ཡོད་པ་མ་ཡིན་ཀྱེ། །སུ་ཞིག་འདི་ལ་གཉིས་སུ་རྟོག་པའི་བླུན་པོ་དེ། །བསྐལ་བ་བརྒྱར་ཡང་མཆོག་གི་དོན་མི་མཐོང་། །གང་ཞིག་འདི་ལ་ཡིད་ལ་བྱེད་པའི་མཚན་མས་རྒྱལ་བ་ཀུན། །གཏང་གཞག་བྲལ་དང་འཐོབ་པར་མི་འགྱུར་རྒྱལ་སྲིད་བཞིན། །ཅུང་ཟད་དྲོད་ཐོབ་བྱང་ཆུབ་སེམས་དཔའ་དག །གང་དུ་གཡོ་བ་མེད་པར་མ་ཚོར་རོ། །རྣམ་པར་རྟོག་ཆེན་ལམ་དུ་ཞུགས་པའི་ཕྱིར། །བྱང་ཆུབ་སེམས་ཀྱི་ཐིག་ལེ་རླུང་ལ་གང་བསྐྱོན་པ། །ས་བོན་དེས་ནི་འཁོར་བ་འདི་རུ་ཟག་པར་འགྱུར། །ཡང་དག་པ་ཡི་དེ་ཉིད་འཐོབ་པར་མི་འགྱུར་ཞིང་། །ཚང་ཚིང་དྲྭ་བའི་གསེབ་ཏུ་འབྲེལ་བར་འགྱུར། །ཤེས་རབ་མིག་གིས་ལོག་པ་ཚར་བཅད་ན། །གཞན་གྱི་ལོག་པར་ལྟ་བ་རང་གི་དེ་རུ་གྲོལ། །དཀའ་ཐུབ་ལ་སོགས་གཞན་དུ་འབད་པ་མེད། །བདག་མེད་པར་ནི་རང་བྱུང་གང་ཡང་རྣམ་པ་སྣ་ཚོགས་ཉིད། །རྒྱུ་རྐྱེན་ལ་སོགས་འབྲེལ་བ་འདི་རུ་སྟོང་པར་བྱོས། །རྣལ་འབྱོར་འདི་ལ་བདག་གི་གནས་སུ་འདུག་པར་མ་མཐོང་ངོ་། །ས་དང་ཕ་རོལ་ཕྱིན་པའི་ལོང་བ་ངག་འཆལ་འདིས། །སྲིད་པའི་དྲྭ་བ་ཁུར་ནས་རྒྱ་མཚོར་མཆོང་བར་བྱེད། །དེ་ལ་གྲུ་མེད་རྒྱ་མཚོའི་ཞབས་སུ་ཟག་པར་འགྱུར། །ཐོག་མཐའ་མེད་པའི་ཕྱག་རྒྱ་ཆེན་པོ་འདི། །སྲིད་དང་མྱ་ངན་འདས་གྲོལ་ཉོན་མོངས་རྒྱ་མཚོ་སྐེམས་པར་འགྱུར། །དེ་ལ་སེམས་རྒྱུན་ཆད་དོ་སྙམ་དུ་སེམས་ཤིང་སྟོང་པར་ཡིད་ལ་མ་བྱེད་ཅིག །གང་ལ་དོན་གྱི་བརྟུལ་ཞུགས་ཆེན་པོ་འདི་ཉིད་མ་ཐོབ་པར། །བརྟུལ་ཞུགས་སྤྱོད་པའི་དབང་གིས་དེ་ལ་མ་རེག་ཀྱེ། །བྱིན་གྱིས་རློབ་དང་བརླབ་བྱ་མེད་པས་ངོ་མཚར་ཆེ་བ་ཉིད། །གཉིས་མེད་སྒྲོ་སྐུར་བྲལ་བ་འདི་ལ་གནས་པ་གང་། །རྟེན་དང་བརྟེན་བྱེད་བྲལ་བའི་ཚུལ་གྱིས་གྲོལ་བར་འགྱུར། །འགྲོ་བ་ཀུན་གྱིས་དེ་ལྟར་ཤེས་པར་གྱུར་གང་ནི། །སྲིད་དང་མྱ་ངན་འདས་པ་ཀུན་གྱི་དོན་ཤེས་འགྱུར། །སྲིད་དང་མྱ་ངན་འདས་པའི་ཆོས་རྣམས་རང་གི་སེམས་ཡིན་པར། །གཞན་དུ་བལྟ་བ་མེད་པར་ཐག་ཆོད་བསམ་མེད་བློ་འདས་ཉིད། །དེ་ལ་བསྒོམས་དང་མ་བསྒོམས་རྣམ་པར་རྟོག་པ་དང་། །མཚན་མ་དགག་དང་སྤང་བར་བྱ་བ་མི་དགོས་ཏེ། །དེ་ལ་ཅི་བྱ་གང་ཡང་མ་བྱས་དེ་ཉིད་གསལ་བར་འགྱུར། །ཅི་ལྟར་རྣམ་རྟོག་མ་བཀག་མ་སྤངས་པར། །གཞན་དུ་མ་མཐོང་དེ་ཉིད་གསལ་གྱུར་ན། །དེ་ནི་གང་ལ་གནས་ཀྱང་གཞན་དུ་མཐོང་བར་འགྱུར་བ་མ་ཡིན་ནོ། །མ་བསྒོམས་ཆེད་དུ་མ་བྱས་འབྲལ་བ་མེད་པའི་རང་བཞིན་ཏེ། །དུས་རྣམས་ཀུན་ཏུ་འདི་དོན་ཤེས་པའི་མཚན་མ་འདི་ལའང་རྟོག་པར་མ་བྱེད་ཅིག །རང་ལ་ལྷན་ཅིག་གསལ་བའི་སྣང་སྲིད་འདི་ལ་རྟོག་མེད་ཅིང་། །དེ་ལས་གཞན་དུ་རྟོག་པའི་བློ་ཅན་འདིས་ནི་རྒྱ་མཚོའི་ནང་གི་ནོར་བུ་རྙེད་མི་འགྱུར། །གང་ནས་བྱུང་ཞིང་གང་དུ་གནས་པའི་འཛིན་པ་འདི་ནི་སྐྱེ་བ་མེད་གྱུར་ན། །རྒྱུན་དུ་འགག་པ་མེད་ཅིང་གཟུང་འཛིན་དེ་མ་སྐྱེས་པས་ཡེ་ཤེས་ཉིད། །ངོ་བོ་དེ་ལ་དྲི་མ་མ་སྤངས་དེ་ཉིད་མ་བསྒོམས་པར། །ནགས་ཁྲོད་དག་ན་གནས་པའི་གླང་པོ་ཡན་པར་འཁྱམས། །མཚན་མའི་ཡུལ་གྱི་རྣམ་གཡེང་རྟོག་པ་བསམ་གྱིས་མི་ཁྱབ་པས། །གནོད་ཅིང་དེ་ལ་གཡེང་བར་མི་འགྱུར་ཏེ། །མཚོན་ཆ་བྲལ་བའི་ཆོམ་རྐུན་དག་གིས་གསད་གཅད་མ་ཡིན་ནོ། །མཚན་མ་དེ་ཉིད་སྙིང་པོ་མེད་གྱུར་པས། །སྒྱུ་མའི་དཔེ་བརྒྱད་ལྟ་བུར་རང་བཞིན་མེད་པར་བྱོས། །གང་མཐོང་སེམས་ཡིན་དེ་ལ་དངོས་པོ་མེད་གྱུར་པས། །དྲན་མེད་བློ་ལ་མི་གནས་ཆོས་རྣམས་ཐམས་ཅད་ནི། །དེ་ལས་བྱུང་ཞིང་དེ་རུ་སྣང་ནས་དེ་ཉིད་འདས་གྱུར་པས། །འདི་ལས་གཞན་དུ་གཡོ་བ་གང་ཡང་མེད་པ་ཉིད། །དེ་ལ་དེ་ཉིད་ཙམ་དུ་ཁྱེད་ཀྱིས་ཡིད་ལ་མ་བྱེད་ཀྱེ། །ཀྱེ་ཧོཿ གྲོགས་དག་བློ་ལ་ཅི་སྐྱེས་སེམས་དེ་ནི། །དུས་རྣམས་ཀུན་ཏུ་བསལ་བ་མ་ཡིན་ནོ། །དེ་ལ་བསལ་རྒྱུ་ཅི་ཡང་མེད་པ་སྟེ། །རྩོད་པ་ཀུན་དང་བྲལ་བར་ནི། །རང་གནས་པས་ནི་གྲོལ་བར་འགྱུར། །ཇི་ལྟར་ཚུལ་འཆོས་བྱས་པའི་སངས་རྒྱས་དེ་ཀུན་ནི། །དགེ་སློང་མ་ཡིན་རྒྱ་མཚོའི་ནང་དུ་ལྷུང་། །འདི་ཉིད་ལས་ནི་གཞན་དག་ཏུ། །གཅིག་ཀྱང་བལྟ་བར་མི་བྱེད་པ། །དེ་ནི་ཐམས་ཅད་མཐོང་བའི་དགེ་སློང་ཡིན། །གང་ཞིག་རྫུན་ལ་གོམས་པའི་གནས་བརྟན་དེ། །སྲིད་པ་ཉམ་ཐག་འདི་ལས་འབྱུང་བར་ནུས་མ་ཡིན། །གང་གིས་སྲིད་པའི་ཆུ་བོ་འདི་རྫུན་པར། །ཤེས་པ་དེ་ནི་གནས་བརྟན་མཆོག་འཐོབ་འགྱུར། །རྣལ་འབྱོར་དེ་ཡི་སྤྱོད་ཡུལ་ནི། །ལྷ་དང་སྔགས་དང་ཕྱག་རྒྱའི་ཡན་ལག་ཀུན། །འདི་ཀུན་ཤེས་ན་འབད་དུ་ཡོད་པ་མ་ཡིན་ནོ། །དེ་ཉིད་ཤེས་པ་དེ་ལ་དེ་ཀུན་མཐོང་བ་མེད། །དེ་ལྟར་འདི་ལས་མ་རྟོགས་པའི། །འདུ་ཤེས་ཡུལ་གཞན་དག་ལས་ནི། །སྐྱེ་བར་འགྱུར་བ་ཡོད་མ་ཡིན། །ཡུལ་ཅན་གང་གིས་ཕྱོགས་དག་ཏུ། །གཉིས་སུ་མཐོང་བ་མེད་པར་གྱུར་པ་དེ། །རྣམ་པ་སྣ་ཚོགས་དེ་ཉིད་གྲོལ་བ་ཡིན། །གང་ཞིག་ཕྱོགས་སུ་བལྟ་བར་གྱུར་པ་དང་། །མཚན་མ་དྲན་རིག་ཕྲ་རགས་འགོག་པ་ཡིན། །གང་ཞིག་འདི་ལ་གོམས་གྱུར་པས། །སྤྱོད་པ་ཇི་ལྟར་བྱས་པ་ཀུན། །དོན་དང་ལྡན་པར་འགྱུར་བ་མ་ཡིན་ཏེ། །ཉམ་ཐག་མཚན་མས་མྱུར་དུ་འཆིང་བར་འགྱུར། །གང་ཞིག་འདི་ལ་ཕྱོགས་སུ་ནི། །གཏང་ལ་གོམས་སུ་ཡོད་མ་ཡིན། །བསམ་མེད་ཡིད་ལ་གོམས་སུ་མེད། །ཀྱེ་ཧོཿ གྲོགས་དག་རིག་པའི་ཡེ་ཤེས་གཉིས་སུ་མེད་པ་ནི། །ཡེ་ཤེས་བླ་ན་མེད་པའི་དབང་བསྐུར་ཆེན་པོ་སྟེ། །རྫོགས་ལྡན་དཔལ་ལྡན་བླ་མ་དག་གིས་ནི། །བསྐུར་དུ་མེད་པའི་ཚུལ་གྱིས་འཐོབ་པར་བྱེད་པ་ནི། །མཆོག་གི་རྣལ་འབྱོར་རྣམས་ཀྱི་དབང་བསྐུར་ཏེ། །ཐོབ་བྱ་མེད་པའི་ཚུལ་དུ་ཐམས་ཅད་རྫོགས། །དེ་ཉིད་མ་ཤེས་ལོག་སྲེད་ཅན་གྱི་དབང་རྣམས་ནི། །མཚན་མའི་རྟོག་པ་དག་གིས་གསུམ་དུ་ཟག་པར་འགྱུར། །འདི་ལ་ཉོན་མོངས་ཤེས་བྱའི་སྒྲིབ་པ་ལ་སོགས་ཀུན། །ཤེས་རབ་ཏིང་འཛིན་མི་དགོས་རྣམ་པར་གྲོལ་བར་འགྱུར། །ཁྲོ་གཉེར་མེད་པས་ཟུག་རྔུ་ཐམས་ཅད་འཇོམས་པར་ནི། །མ་སྐྱེས་པ་ཡི་ཚུལ་གྱིས་འཛིན་པར་མི་བྱེད་དོ། །སྣང་བ་འགག་པ་འདི་ལ་གསལ་བའི་རྟོག་པས་ཡིད་ལ་མ་བྱེད་ཅིག །ཕྱིན་ཅི་ལོག་དང་རྣམ་རྟོག་ཐམས་ཅད་ནི། །ཉོན་མོངས་ལྔ་ཡི་ཡུལ་དུ་ཐམས་ཅད་ཟག་པར་འགྱུར་བ་ཡིན། །གཞན་དག་འདི་ཉིད་ཤེས་པས་འཁོར་བའི་དྲྭ་བ་དག་གིས་སྟོང་པ་ཉིད། །ཨུ་དུམ་ཝཱ་ར་ལྟ་བུར་དཀོན་འགྱུར་བའི། །རྨོངས་པའི་མུན་སེལ་སྙིང་པོ་གསང་བའི་དོན། །སུས་ཀྱང་ཤེས་པ་མེད་པར་ཀུན་ལ་གསལ་འགྱུར་བ། །སྙིང་པོར་གནས་པའི་དོན་ལ་དྲི་མ་མེད་གྱུར་ཏེ། །བརྟུལ་ཞུགས་སྤྱོད་པས་གང་དེ་མཐོང་བ་མ་ཡིན་ནོ། །འདི་རྣམས་རྫོགས་ལ་སྦྱོར་བར་ནུས་པ་དེ། །ཡན་ལག་ཐིམ་ནས་སྟོང་པ་ཉིད་དུ་གནས། །ཀྱེ་ཧོཿ གྲོགས་དག་གྱད་དང་རྗེའུ་རིགས་ཇི་བཞིན་དུ། །གང་གིས་ཁེངས་པས་མྱུར་དུ་འཐོབ་པར་འགྱུར། །རིམ་པར་སྦྱངས་པ་གང་ཡང་ཡོད་པ་མ་ཡིན་ནོ། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་དང་། །ཁྱོད་ཀྱིས་རྫོགས་པར་གྱུར་པས་ཐོབ་པ་མ་ཡིན་ནོ། །གང་ཚེ་འདི་ལ་རྩ་བ་མེད་པར་རྟོགས་པ་ནི། །ད་ལྟ་ཉིད་དུ་གཉིས་མེད་ངེས་པར་གྱུར་པ་ཡིན། །ཇི་ལྟར་སྲིན་བུ་བསྐྱོད་པས་བཅིང་བར་གང་འགྱུར་བ། །འདི་རྣམས་རོ་ལ་ཆགས་པས་འཆིང་བར་འགྱུར་བ་སྟེ། །ཚང་ཚིང་འདི་ལ་ཟ་བར་ནུས་པ་གང་གིས་ནི། །འཁོར་ལོ་ཐམས་ཅད་རྒྱུན་དུ་བསྐོར་བར་འགྱུར་བ་ཡིན། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་གསལ་བ། །འདི་ཀུན་གང་གིས་ཡིད་ལ་མ་བྱས་པར། །སྟོན་པའི་བླ་མ་རྡོ་རྗེ་འཛིན་ལ་འདུད། །སྐུ་གསུང་ཐུགས་ཡིད་ལ་མི་བྱེད་པའི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་སངས་རྒྱས་གཉིས་པ་ལྟར་གྲགས་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ས་ར་ཧའི་ཞལ་སྔ་ནས་གསུངས་པ་རྫོགས་སོ། །ཀྲིཥྞ་པཎྜི་ཏས་༼བླ་མ་ནག་པོ༽རང་འགྱུར་དུ་མཛད་པའོ། །གུ་ཡ་ས་མ་པ་ཏ་མི་ཐི།། །།