ལྕེ་བཙུན་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་ཡེ་ཤེས་ལམ་བཟང་ཞེས་བྱ་བ་བཞུགས་སོ།

From Rangjung Yeshe Wiki Texts
Jump to navigationJump to search

༄༅། །ཛྙཱནཾསུཔནཱིཨབྷིརསཱཙིཏྟཾཏིལཔུརགཏིབཙཔཋབིཧརཏིསྨ།།[1]


༄༅། །ལྕེ་བཙུན་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་ཡེ་ཤེས་ལམ་བཟང་ཞེས་བྱ་བ་བཞུགས་སོ།།

༄༅། །ན་མོ་གུ་རུ་བྷྱཿ བླ་མ་ཀུན་བཟང་རྡོ་རྗེ་སེམས་དཔའ་ལ། །གུས་པས་བཏུད་དེ་ལྕེ་བཙུན་སྙིང་ཏིག་གི །སྔོན་འགྲོ་རྒྱུན་དུ་ཉམས་སུ་ལེན་པའི་ཚུལ། །དམིགས་ཁྲིད་དང་བཅས་འདི་ན་གསལ་བར་བྱ། །དེ་ལ་སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པ་གསུམ་ལས། དང་པོ་ཐོག་མར་ཐོ་རངས་མལ་ནས་ལྡང་སྟེ་རླུང་རོ་དགུ་སྤྲུགས་སུ་བསལ་ལ་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསམ། སྤྲོ་ན་ངག་བྱིན་བརླབ་ནི། ཨོཾ་ཨཱཿཧཱུྃ། ལྕེ་དབང་རཾ་ཡིག་ལས་བྱུང་མེས་བསྲེགས་ནས། །འོད་དམར་རྣམ་པའི་རྡོ་རྗེ་རྩེ་གསུམ་སྦུབས། །ཨཱ་ལི་ཀཱ་ལིའི་མཐའ་བསྐོར་རྟེན་འབྲེལ་སྙིང་། །མུ་ཏིག་ཕྲེང་བ་ལྟ་བུའི་ཡིག་འབྲུ་ལས། །འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད་པས་མཉེས། སླར་འདུས་ངག་སྒྲིབ་དག་ནས་གསུང་རྡོ་རྗེའི། །བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨ། ལན་བདུན། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ ལན་བདུན། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུན་ཏེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲཱ་མ་ཎ་སྭཱ་ཧཱ། ལན་བདུན། དེ་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གདོད་མའི་མགོན་པོའི་གོ་འཕང་ལ་དགོད་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པས་སེམས་བསྐྱེད། རང་གི་སྤྱི་བོ་ནས་སོར་བཞི་ཙམ་གྱི་ཐད་ཀྱི་ནམ་མཁར་པད་ཟླའི་གདན་ལ་རྩ་བའི་བླ་མ་དང་དབྱེར་མེད་པའི་སློབ་དཔོན་ཆེན་པོ་བི་མ་ལ་མངོན་སུམ་ལྟ་བུ་འོད་དང་གཟི་བརྗིད་འབར་བ་འཇའ་ཟེར་ཐིག་ལེ་འཁྲིགས་པའི་དབུས་སུ་དགྱེས་ཡེ་རེ་བཞུགས་པར་མོས་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན་ནོ། །བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་ལ་འོད་གསལ་རྫོགས་པ་ཆེན་པོའི་ལམ་མཆོག་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་མོས་གུས་ཚད་མེད་པ་དང་བཅས་ལན་གསུམ་དང་། སྤྲོ་ན་བླ་མ་རྒྱང་འབོད་དུ་གྲགས་པ་འདི་ཉིད་ཁྱེ་འུས་ཕ་མར་འབོད་འདྲའི་གདུང་དབྱངས་སྙན་པོས། བླ་མ་སངས་རྒྱས་རིན་པོ་ཆེ། །བདག་ལ་རེ་ས་གཞན་ན་མེད། །ཐུགས་རྗེའི་སྤྱན་གྱིས་གཟིགས་མཛོད་ལ། །འཁོར་བའི་མཚོ་ལས་བསྒྲལ་དུ་གསོལ། །ཚེ་འདིར་ལེགས་པ་ཀུན་འགྲུབ་ཅིང་། །བགེགས་དང་བར་ཆད་མེད་པ་དང་། །འཆི་ཁར་ཟབ་མོའི་འོད་གསལ་ཟིན། །བར་དོའི་འཕྲང་ལས་སྒྲོལ་བར་མཛོད། །ལུས་དང་ངག་ཡིད་བརྩམ་པ་ཀུན། །རྟག་ཏུ་གཞན་ལ་ཕན་པ་དང་། །རྐྱེན་རྣམས་བྱང་ཆུབ་ལམ་མཆོག་ཏུ། །དེ་རིང་ཉིད་ནས་བསྒྱུར་དུ་གསོལ། །བདག་གིས་འབད་ཀྱང་ཐར་བར་དཀའ། །མགོན་པོ་ཁྱེད་ཀྱི་ཐུགས་རྗེའི་གྲུས། །མགོན་མེད་བདག་དང་འགྲོ་བ་ཀུན། །ཐར་པའི་གླིང་དུ་ཕྱིན་པར་མཛོད། །གང་དག་བདག་ལ་དད་གྱུར་ཏམ། །སྨོད་དམ་སྐུར་བ་འདེབས་ཀྱང་རུང་། །དེ་དག་སྡིག་ཟད་ཉོན་མོངས་མེད། །སྲིད་པའི་ཆུ་བོ་སྤོང་བར་ཤོག །ནམ་ཞིག་བདག་གི་མིང་ཙམ་གྱིས། །འགྲོ་བའི་འདོད་དགུ་རབ་བསྒྲུབ་ཅིང་། །ཕྱོགས་བཅུ་གང་བའི་ཞིང་རྣམས་སུ། །མཆོད་པའི་སྤྲིན་གྱི་ཆར་འབེབས་ཤོག །དགེ་བ་འདི་ཡིས་ལུས་ཅན་ཀུན། །ཐམས་ཅད་སྲིད་ལས་རྣམ་གྲོལ་ནས། །ཡེ་ཤེས་དམ་པ་གཉིས་ཐོབ་སྟེ། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །ཅེས་བླ་མ་ཡང་ཏིག་ལས་འབྱུང་བའི་གསོལ་འདེབས་ཁྱད་པར་ཅན་འདིས་བླ་མ་ནམ་དྲན་དུས་སུ་གསོལ་བ་འདེབས་པ་ལ་བརྩོན་པར་གཅེས་སོ། །མཐར་བླ་མ་རང་ལ་ཐིམ་པར་མོས་ལ་རང་བབས་སུ་གཞག་གོ །གཉིས་པ་ལ་གཉིས། དང་པོ་སེམས་སྦྱོང་བདུན་རིམ་པར། འདི་ལྟར་འདུས་བྱས་ཐམས་ཅད་ནི་མི་རྟག་པ་སྟེ་ཆུའི་ལྦུ་བ་ལྟ་བུའོ༔ ཞེས་འདི་ལྟར་ཕྱི་ཉིན་མཚན་དུས་བཞི་ནང་སྒྱུ་ལུས་བསང་བ་ཉེ་དུ་གང་ལ་བརྟགས་ཀྱང་དོན་ལ་འདུས་བྱས་ཐམས་ཅད་མི་རྟག་ཅིང་སྙིང་པོ་མེད་པ་སྟེ་དཔེར་ན་ཆུ་ཡི་ལྦུ་བ་སྐད་ཅིག་གིས་སྐྱེ་འགག་ལྟ་བུར་ངེས་པར་འཆི་བ། ནམ་འཆི་ཆ་མེད། འཆི་རྐྱེན་ངེས་མེད། བྱས་པ་དོན་མེད་དེ་དཔེ་དོན་འབྲེལ་པས་བློ་སྦྱང་། དལ་ཁོམ་མེད་པར་བློ་སྣ་ཐུང་ངུར་སོང་ན་འབྱོངས་པའི་ཚད་དོ། །གཉིས་པ། འཁོར་བའི་བདེ་བ་ཐམས་ཅད་ནི་འཕྲལ་བདེ་བ་ལྟར་སྣང་ཡང་དོན་ལ་སྡུག་བསྔལ་ཏེ་དུག་གི་འབྲས་བུ་སྨིན་པ་ལྟ་བུའོ༔ ཞེས་པས། ཤི་བའི་ཚེ་ཟག་བཅས་དགེ་བའི་ལས་ཀྱིས་མཐོ་རིས་སུ་སྐྱེ་སྲིད་ནའང་། འཁོར་བའི་བདེ་འབྱོར་ཐམས་ཅད་ནི་འཕྲལ་བདེ་བ་ལྟར་སྣང་ཡང་། དོན་ལ་འདུ་བྱེད་རྐྱེན་ཁར་ཤོར་བའི་སྡུག་བསྔལ་ཏེ་དཔེར་ན་ཟས་བཟང་པོ་དུག་ཅན་ལ་སྤྱོད་ཚེ་རོ་ཞིམ་པ་དང་ལྟོ་བདེ་ཡང་ཟས་ཞུ་མ་ཐག་དུག་གི་འབྲས་བུ་སྨིན་ཏེ་སྲོག་དང་བྲལ་བ་ལྟ་བུར་འགྱུར་བའི་སྡུག་བསྔལ་དང་། མི་དགེ་བའི་ལས་ཀྱིས་ངན་སོང་གི་གནས་སུ་སྡུག་བསྔལ་གྱི་སྡུག་བསྔལ་སོགས་སྡུག་བསྔལ་རྒྱུ་འབྲས་གཉིས་ལ་བློ་སྦྱངས་པས་མངོན་མཐོ་ལྷ་མིའི་བདེ་བ་ལ་དགྲ་ལྟར་མཐོང་། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ནི་ཟག་མེད་བྱང་ཆུབ་ཀྱི་རྒྱུ་ཡིན་པར་ཐག་ཆོད། དགེ་བློ་གོང་འཕེལ་དུ་སོང་ན་འབྱོངས་པའི་ཚད་དོ། །གསུམ་པ། རྐྱེན་སྣ་ཚོགས་པ་ཐམས་ཅད་ནི་ཟིན་པའི་དུས་མེད་པ་སྟེ་སྨིག་སྒྱུའི་ཆུ་ལ་བསྙེགས་པ་ལྟ་བུའོ༔ ཞེས་ཡུལ་ཡུལ་ཅན་གཟུང་འཛིན་རང་ཁར་ཤོར་པའི་རྐྱེན་སྣ་ཚོགས་པ་སྟེ། འདོད་པ་ཐོག་ཏུ་མི་ཁེལ་བ་དང་མི་འདོད་པ་ཐོག་ཏུ་འབེབས་པས་མཚོན་འདིར་སྣང་འཁོར་བའི་ཆགས་སྡང་གི་ལས་སྔ་མ་སྔ་མའི་རྗེས་སུ་ཕྱི་མ་ཕྱི་མའི་རེ་བའི་དོན་དང་དོགས་པའི་གནས་ཐམས་ཅད་ནི་ནམ་ཡང་ཟིན་པ་དང་ཟད་པའི་དུས་མེད་པ་སྟེ། དཔེར་ན་སོས་དུས་རི་དྭགས་སྐོམ་གྱིས་གདུང་བ་དག་གིས་ཐང་ཆེན་པོའི་སྨིག་སྒྱུ་ཆུར་འཁྲུལ་ཏེ་དབུགས་ཟད་ཟད་དུ་བསྙེགས་ནས་དེད་ཀྱང་ཆུ་ཐོབ་པ་ལྟ་ཅི་སླར་སྲེད་ལེན་སྐོམ་གྱིས་གདུང་བ་མེ་འབར་བ་ལྟ་བུར་གྱུར་པ་དེ་བཞིན་དུ་འཁྲུལ་སྣང་འདིར་ཞེན་གྱི་བྱ་བས་ངལ་བ་ནི་དོན་མེད་པའི་ཚུལ་ལ་བློ་སྦྱང་། སྒྱུ་མ་ལྟ་བུ་སྙིང་པོ་མེད་པ་ལ་སྙིང་པོ་ལེན་འདོད་ཀྱིས་བསོད་ནམས་གསོག་པ་ལ་བརྩོན་པ་ཆེར་སོང་ན་འབྱོངས་པའི་ཚད་དོ། །བཞི་པ། ཚེ་འདིའི་བྱ་བ་ཐམས་ཅད་ནི་རྣམ་པ་ཀུན་ཏུ་དོན་མེད་པ་སྟེ་གཉིད་ཐུན་གཅིག་གི་རྨི་ལམ་བཟང་ངན་ལྟ་བུའོ༔ ཞེས་པས། རྟག་འཛིན་བདེན་ཞེན་གྱི་དབང་གིས་གྲགས་དང་མ་གྲགས། སྙན་དང་མི་སྙན། རྙེད་དང་མ་རྙེད། བཀུར་དང་མ་བཀུར་བས་མཚོན་ཚེ་འདིའི་བདེ་སྡུག་གི་བྱ་བ་ཐམས་ཅད་ནི་རྣམ་པ་ཀུན་ཏུ་དོན་མེད་པ་སྟེ། དཔེར་ན་སྔར་སོང་ཐམས་ཅད་ཁར་སང་གི་རྨི་ལམ་ལྟ་བུ། ད་ལྟའི་བྱ་བའང་གཉིད་ཐུན་གཅིག་གི་རྨི་ལམ་བཟང་ངན་ལྟ་བུ་ལས་དོན་མེད་ཚུལ་ལ་བློ་སྦྱང་། རྟག་འཛིན་གྱི་འཁྲུལ་འཁོར་ཐམས་ཅད་རྨི་ལམ་ལྟར་སྙིང་པོ་མེད་པར་ཐག་ཆོད་ན་འབྱོངས་པའི་ཚད་དོ། །ལྔ་པ། ཐར་པ་དམ་པའི་འབྲས་བུ་ནི་ནམ་ཡང་སྡུག་བསྔལ་བར་མི་ལྡོག་སྟེ་འབྲུམ་ནད་བྱང་པའི་སྐྱེས་བུ་ལྟ་བུའོ༔ ཞེས་པས། འཇུག་སྒོ་ཐར་པ་དམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་འབྲས་བུ་ནི་སྤང་རྟོགས་ལྡོག་གསུམ་གྱི་སྒོ་ནས་གཤེགས་ཏེ་སངས་རྒྱས་ཟིན་ནས་ནམ་ཡང་སྡུག་བསྔལ་འཁོར་བར་སླར་མི་ལྡོག་སྟེ། དཔེར་ན་འབྲུམ་ནད་བྱང་པའི་སྐྱེས་བུ་སྟེ་འབྲུམ་བུ་ཞེས་རིམ་ནད་དྲག་པོས་ཐར་ཟིན་པ་དག་སླར་འབྲུམ་ནད་ལ་དོགས་པ་དང་འཇིགས་པ་ནམ་ཡང་མེད་བཞིན་དུ་གཞན་ནད་པ་དག་ལ་ཕན་འདོགས་ནུས་པ་ལྟར། བདེ་བར་གཤེགས་པ་དོན་གཉིས་ལྷུན་གྲུབ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཚེ་འདི་ཉིད་ལ་ཐོབ་པར་བྱ་སྙམས་པའི་དམ་པ་གོང་མའི་རྣམ་ཐར་ལ་ཚད་བཙུགས་ཏེ་དགེ་རྩ་དམ་པ་གསུམ་གྱིས་ཟིན་ངེས་པའི་བློ་སྦྱང་། སྲོག་ལ་བབ་ཀྱང་སླ་ཡི། ཅིས་ཀྱང་སངས་རྒྱས་ཐོབ་པར་བྱ་སྙམ་པ་བྱུང་ན་འབྱོངས་པའི་ཚད་དོ། །དྲུག་པ། བླ་མ་དམ་པའི་གདམས་ངག་ནི་ཐར་པའི་ཁང་བཟང་དུ་འཛེགས་པའི་ལམ་སྟེ་ཐེམ་སྐས་བཟང་པོ་ལྟ་བུའོ༔ ཞེས་པས། བླ་མ་དམ་པ་མ་བསྟེན་པར་སངས་རྒྱས་ཐོབ་པ་ནི་མདོ་རྒྱུད་གང་ལས་ཀྱང་མ་གསུངས་པས་བླ་མ་བསྟེན་དགོས། དེ་ཡང་བསྟེན་ལོ་ཙམ་མ་ཡིན་པར་མཉེས་པ་གསུམ་གྱིས་ཐུགས་ཟིན་ངེས་བྱས་ལ་ཡུན་རིང་པོར་སྐྱོ་སུན་མེད་པའི་སྒོ་ནས་གདམས་ངག་ཟབ་མོ་ནི་ཉན་ཏེ་ཉམས་སུ་བླངས་ན། མྱུར་དུ་ཐར་པ་ཐོབ་པའི་དཔེ་ཁང་བཟང་མཐོན་པོའི་ཡང་སྟེང་དུ་འགྲོ་འདོད་པ་དག་འཛེགས་པའི་ལམ་སྟེ་ཐེམ་སྐས་བཟང་པོ་ལ་བརྟེན་དགོས་པ་ལྟར། བླ་མ་མཚན་ཉིད་དང་ལྡན་པ་བསྟེན་པ་དེ་ཡང་འཇིག་རྟེན་ན་རྙེད་དཀའ་བ་དལ་འབྱོར་གྱི་མི་ལུས། མཇལ་དཀའ་བ་མཚན་ལྡན་གྱི་བླ་མ། ཐོབ་དཀའ་བ་གདམས་ངག་ཟབ་མོ་སྟེ་དཀའ་ཚུལ་གསུམ་གྱི་སྒོ་ནས་བློ་སྦྱང་། ངེས་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་ཏེ་བླ་མ་དང་གདམས་ངག་ལ་ཡིད་རྩེ་གཅིག་ཏུ་ཕྱོགས་པ་བྱུང་ན་འབྱོངས་པའི་ཚད་དོ། །དེ་ལྟར་རེ་རེ་ནས་དཔེ་དོན་ཟུང་འཇུག་གི་སྒོ་ནས་ཉམས་སུ་བླང་ངོ་། །བདུན་པ། རྣམ་པར་མི་རྟོག་པའི་བསམ་གཏན་ནི་ཏིང་ངེ་འཛིན་ཐམས་ཅད་སྐྱེ་བའི་གཞི་སྟེ་ཞིང་ས་དུལ་བ་ལྟ་བུའོ༔ ཞེས་པས། ལམ་ཐམས་ཅད་ཀྱི་གཞི་ལྟ་བུ་རྣམ་པར་མི་རྟོག་པའི་བསམ་གཏན་ནི་ས་མ་དྷི་ཞེས་པའི་སྒྲ་བློ་མཉམ་པ་ཉིད་ཅེས་ཏིང་ངེ་འཛིན་ནི་ཡོན་ཏན་ཐམས་ཅད་སྐྱེ་བའི་གཞི་སྟེ། དཔེར་ན་ཞིང་ས་བཟང་པོར་རྨོ་དུལ་ལེགས་པར་བྱས་ན་འབྲུ་དང་མེ་ཏོག་སོགས་གཞན་ལས་ལྷག་པར་འབྱུང་བ་དེ་བཞིན་དུ། གཞི་ཏིང་འཛིན་སྒོམ་ཚུལ་ལ་བྱེ་བྲག་མང་དུ་ཡོད་ཀྱང་། རང་ལུགས་ལ་རིམ་པ་གསུམ་དུ་གསུངས་པས། དང་པོ་ལུས་གནད་དང་ལྡན་པར། རང་ལུས་སྟོང་སེང་ངེ་བའི་དབུས་སུ་རྩ་དབུ་མ་མཚན་ཉིད་བཞི་དང་ལྡན་པ་རོ་རྐྱང་འཁོར་ལོ་བཞི་བཅས། མཆན།་ སྦ་ལྕག་འབྲིང་པོ་ཙམ། ཡར་སྣར་ཐབས་བདེ་བ་ཆེན་པོའི་རང་བཞིན་ཧྃ་ཡིག་དཀར་པོ་ན་དཱ་སུམ་འཁྱོག་ཅན་བདེ་བའི་རང་བཞིན་བདུད་རྩིའི་ཟིལ་པ་ཕྲོམ་མེ་བ་འཛག་ལ་ཁད་པ་དང་། མར་སྣར་ལྟེ་འོག་ཤེས་རབ་ཀྱི་རང་བཞིན་ཨ་ཡིག་དམར་པོ་འབར་ལ་ཁད་པ་གསལ་གདབ་ལ་རླུང་རོ་བསལ། སྟེང་རླུང་མནན་འོག་རླུང་ཅུང་ཟད་བསྐུམ་པས་ཨ་ལས་གཏུམ་མོའི་མེ་རབ་ཏུ་ཕྲ་བ་ཉུག་ཉུག་ཏུ་འབར་ཏེ་ཧྃ་ལ་རེག་པས་བདེ་བའི་བདུད་རྩི་ནར་གྱིས་དྲངས་ཏེ་ཨ་ལ་ཕོག་མེ་ཆེར་འབར། བདེ་བའི་རྒྱུན་དང་མེ་དབྱེར་མེད་ཀྱིས་རྩ་གསུམ་འཁོར་ལོ་བཞི་བཅས་གང་བས་བདེ་དྲོད་འབར་པར་བསམས་ལ་ཤེས་པ་གཞན་དུ་མི་གཡེངས་པར་སྙིང་གར་ཨ་དཀར་གསལ་ལ་སེམས་བཟུང་སྟེ་རླུང་ཁ་སྦྱོར་དུ་འཆིང་། མི་ཐུབ་ཚེ་ཕྲ་ལ་རིང་བ་ཤུགས་ཀྱིས་འཕང་། རིམ་པར་བུམ་ཆེན་ལ་བསླབ། དེས་བདེ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །གཉིས་པ་སྣ་བུག་གཉིས་ནས་རླུང་དལ་བུས་ཕྱིར་འཕངས་པས་སྣང་བ་ཐམས་ཅད་ནམ་མཁའི་རང་བཞིན་དུ་སྔོ་མེར་གྱིས་ཞུ་བར་བསམས་ལ་རླུང་ཅི་གནས་ཕྱིར་འཛིན། སླར་དལ་བུས་ནང་དུ་རྔུབ་ཚེ་སྔོ་ནར་གྱིས་སྣ་བུག་གཡོན་ནས་ཞུགས་ལྟེ་འོག་ཏུ་མེར་གྱིས་ཁེངས་པར་བསམས་ལ་རླུང་ཁ་སྦྱོར་དུ་འཆིང་། དེ་ཡང་རང་གི་ཁམས་ཚ་གྲང་དང་བསྟུན་པའི་གཉེན་པོར་རླུང་གི་རེག་བྱའང་དེ་ལྟར་བསྒོམ། གོམས་ན་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །གསུམ་པ་དུས་གསུམ་གྱི་རྟོག་པ་བཅད་དེ་སེམས་རང་བབས་སུ་འབོལ་ལེ་ཤིག་གེར་བཞག་པས་སེམས་གར་གཏད་ལ་ཟིན་པ་ནི་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ་འབྱོངས་པའི་ཚད་དོ། །གཉིས་པའི་གཉིས་པ་ཐུན་མོང་མ་ཡིན་པ་ལ་ལྔ་ལས། དང་པོ་སྐྱབས་སུ་འགྲོ་བ་ནི། བརྒལ་དཀའ་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་བདག་གཞན་སེམས་ཅན་ཐམས་ཅད་བསྒྲལ་ཏེ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཆེད་དུ་སྐྱབས་སུ་འགྲོའོ་སྙམ་པའི་སྐྱེས་བུ་ཆེན་པོའི་བློས། རང་ཉིད་གང་དུ་འདུག་པའི་ས་ཕྱོགས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ས་གཞི་དང་ཤིང་དང་ཆུ་དང་མཚོ་དང་མེ་ཏོག་སོགས་བཀོད་པ་བློས་དཔོག་པར་དཀའ་བ། ངོ་མཚར་བའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ཞིང་ཁམས་སུ་གསལ་བའི་རང་གི་མདུན་གྱི་ནམ་མཁར་མཆོད་སྤྲིན་རྒྱ་མཚོའི་དབུས་སུ། རིན་པོ་ཆེ་པད་ཟླའི་གདན་ལ་ངོ་བོ་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ་དེ་ཉིད་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཏེ་དཀོན་མཆོག་གསུམ། སྐུ་བླ་མ། གསུང་ཡི་དམ་ཐུགས་མཁའ་འགྲོ་སྟེ་རྩ་བ་གསུམ། སྐུ་སྤྲུལ་སྐུ། གསུང་ལོངས་སྐུ། ཐུགས་ཆོས་སྐུ་སྟེ་སྐུ་གསུམ། དེ་བཞིན་དུ་ཡོན་ཏན་ནོར་ལྷ། འཕྲིན་ལས་ཆོས་སྐྱོང་སྲུང་མ་སྟེ། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་ཡེ་ཤེས་ལྔ་ཡི་རང་མདངས་འཇའ་ཟེར་ཐིག་ལེའི་ཀློང་དུ་མངོན་སུམ་ལྟར་གསལ་བའི་མདུན། རང་གི་གཡས་གཡོན་དུ་སྐྱེ་བ་ད་རེས་ཀྱི་ཕ་མ། མདུན་དུ་གནོད་བྱེད། མཐའ་བསྐོར་ཀུན་དུ་རིགས་དྲུག་གི་སེམས་ཅན་མ་ལུས་པ་འཁོད་པར་མོས་པས་ཐམས་ཅད་ཀྱིས་ལུས་གུས་པས་ཐལ་མོ་སྦྱར། ངག་གུས་པས་སྐྱབས་འགྲོའི་ཚིག་བརྗོད་ཅིང་། ཡིད་གུས་པས་འདི་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེ་ཁྱེད་ལ་བསྟེན། ཁྱེད་ལ་འབུལ། ཁྱེད་ལས་སྐྱབ་དང་སྐྱོབ་པ། མགོན་དང་དཔུང་གཉེན། རེ་ལྟོས་གཞན་ན་མེད་པས་ཅི་མཛད་ཁྱེད་མཁྱེན་སྙམ་པའི་གདུང་ཤུགས་དྲགས་པོས་སྐྱབས་སུ་འགྲོ་བར་མོས་ཏེ། ཨ༔ ཀ་དག་གཏིང་གསལ་ཆོས་ཀྱི་སྐུ༔ ལྷུན་གྲུབ་རིག་རྩལ་ལོངས་སྤྱོད་རྫོགས༔ དབྱེར་མེད་ཐུགས་རྗེ་སྤྲུལ་པའི་སྐུར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ཞེས་ཅི་ནུས་བརྗོད་མཐར་སྐྱབས་ཡུལ་རྣམས་ཀྱི་ཐུགས་ཀ་ནས་ཐུགས་རྗེའི་འོད་ཟེར་དཀར་པོ་ཟླ་བ་ཤར་བ་ལྟ་བུར་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་ཐམས་ཅད་བྱང་ཞིང་དག །ཚེ་བསོད་ལུང་རྟོགས་ཡེ་ཤེས་ཡོན་ཏན་ཐམས་ཅད་གོང་འཕེལ་དུ་རྒྱས་པར་བསམས་ལ་སེམས་མ་བཅོས་རང་བབས་སུ་གཞག་གོ །གཉིས་པ་སེམས་སྐྱེད་པ་ནི། སླར་སྐྱབས་ཡུལ་དཔང་པོའི་ཚུལ་དུ་གསལ་བའི་སྤྱན་སྔར། འདི་ལྟར་ཡིད་དང་རྣམ་པར་ཤེས་པས་བསྡུས་པའི་སྤྱིར་ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་དགྲ་གཉེན་སོགས་མ་ངེས་པ་དང་། མ་འོངས་པ་ནའང་དེ་ལྟར་ངེས་པ་མེད་པས་ཆགས་སྡང་དང་བྲལ་ན་སྙམ་པའི་བཏང་སྙོམས། བྱེ་བྲག་ཏུ་ཐམས་ཅད་དུས་གསུམ་གྱི་ཕ་མ་དྲིན་ཅན་དུ་ངེས་པས་བདེ་བ་རྒྱུ་འབྲས་དང་འཕྲད་འདོད་ཀྱི་བྱམས་པ། སྡུག་བསྔལ་རྒྱུ་འབྲས་དང་བྲལ་འདོད་ཀྱི་སྙིང་རྗེ། བདེ་བ་དང་མི་འབྲལ་བར་གོང་འཕེལ་དུ་འདོད་པ་དགའ་བ་སྟེ་ཚད་མེད་བཞི་ཡི་བློ་དང་ལྡན་པས། ཧོ༔ གློ་བུར་འཁྲུལ་བའི་འགྲོ་བ་ཀུན༔ གདོད་ནས་རྣམ་དག་དབྱེངས་ཀྱི་ངང༔ ཡེ་ཤེས་རིག་པས་རང་གྲོལ་ཕྱིར༔ ཅོག་གཞག་ཆེན་པོར་སེམས་བསྐྱེད་དོ༔ ཞེས་ཇི་ལྟར་རིགས་པར་བརྗོད། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་བློ་སྦྱངས་ཏེ་གོང་འཕེལ་དུ་བསྐྱེད། བདེ་སྡུག་གཏོང་ལེན་རླུང་གི་འགྲོ་འོང་དང་བསྟུན་ཏེ་ཉམས་སུ་ལེན། དེ་ཡང་སྟོང་ཉིད་སྙིང་རྗེ་ཟུང་འཇུག་འཁོར་གསུམ་སྒྱུ་མ་དང་རྨི་ལམ་ལྟ་བུའི་དོན་ཁོང་དུ་ཆུད་པ་ལ་བསླབ་པར་བྱའོ། །གསུམ་པ་སྒྲིབ་སྦྱོང་ནི། སྟོབས་བཞིའི་དམིགས་འདུན་བཅས། ཨཿ བདག་ཉིད་ཐ་མལ་ལུས་ཀྱི་དབུས། །རྩ་གསུམ་འཁོར་ལོ་བཞི་དང་བཅས། །དྭངས་གསལ་འོད་ཀྱི་རང་བཞིན་གྱི། །མར་སྣེ་ལྟེ་འོག་སོར་བཞིའི་སྦུབས། །བླ་མ་དཔལ་ལྡན་རྡོ་རྗེ་སེམས། །དམར་གསལ་ཞལ་གཅིག་ཕྱག་གཉིས་པ། །རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས། །རང་འོད་རིག་མའི་བདེ་བས་དགྱེས། །རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས། །པདྨ་ཟླ་བའི་གདན་གྱི་སྟེང་། །དྭངས་མ་འོད་ལྔའི་ཀློང་ན་བཞུགས། །བླ་མ་རྡོ་རྗེ་སེམས་དཔའ་ལ། །མི་ཕྱེད་གུས་པས་གསོལ་བ་འདེབས། །བདག་གི་སྡིག་སྒྲིབ་ཉེས་ལྟུང་ཀུན། །བྱང་ཞིང་དག་པར་བྱིན་གྱིས་རློབས། །རྩེ་གཅིག་གསོལ་བ་བཏབ་པ་ལས། །ཡེ་ཤེས་མེ་འབར་རྩ་འཁོར་ཁྱབ། །སྒོ་གསུམ་ཆ་མཉམ་སྡིག་སྒྲིབ་ཀུན། །བསྲེགས་སྦྱངས་རང་ལུས་འོད་ཀྱི་སྐུ། །རྡོ་རྗེ་སེམས་དཔའི་གསང་གསུམ་དང་། །དབྱེར་མེད་མ་བཅོས་ལྷུག་པར་ཤར། །ཞེས་རང་ཐ་མལ་དུ་གནས་པའི་ལུས་དབུས་དྲང་པོར་རྩ་གསུམ་འཁོར་ལོ་བཞི་ལྡན་གསལ་བའི་རྩ་གསུམ་པོའི་ཡར་སྣེ་ཚངས་བུག་དང་སྣ་གཉིས་སུ་ཧ་རེར་ཡོད་པ། མར་སྣེ་ལྟེ་འོག་སོར་བཞིའི་ཐད་དུ་ཡི་གེ་ཆ་ཡི་དབྱིབས་རྩ་གསུམ་སྦུབས་གཅིག་ཏུ་སོང་བའི་འདུས་མདོར། པད་ཟླའི་གདན་ལ་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དམར་པོ་ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད་དེ་འཛིན་པ། གཡོན་དྲིལ་བུ་དཀུར་བརྟེན་པའི་པང་དུ་ཡུམ་སྙེམ་མ་དམར་སྐྱ་གྲི་ཐོད་འཛིན་པ། ཡབ་རྡོ་རྗེའི་སྐྱིལ་ཀྲུང་དང་ཡུམ་པདྨའི་སྐྱིལ་ཀྲུང་གི་ཚུལ་གྱིས་མཉམ་པར་སྦྱོར་པ། ལོངས་སྐུའི་ཆས་དང་རུས་པའི་རྒྱན་གྱིས་སྦྲས་པ། སྣང་ལ་རང་བཞིན་མེད་པ་ཡེ་ཤེས་ལྔ་ཡི་རང་འོད་འཕྲོ་བའི་ཀློང་དུ་བདེ་ཆེན་དགྱེས་པའི་རྣམ་རོལ་དུ་བཞུགས་པར་མོས་ལ། བདག་གི་ཤེས་རྒྱུད་ཀྱི་སྡིག་ལྟུང་དག་པ་ཞིག་བླ་མ་རྡོ་རྗེ་སེམས་དཔའ་ཁྱེད་མཁྱེན་ནོ་སྙམ་པ་དང་ཆབ་ཅིག་འཇམ་རླུང་ཁ་སྦྱར་ལ་ཡི་གེ་བརྒྱ་པ་ཡིད་བཟླས་བྱ། དམིགས་པ་རོ་རྐྱང་གི་རླུང་དབུ་མར་ཞུགས་པས་ཐུགས་རྒྱུད་བསྐུལ་ཏེ་སྐུ་ལས་ཡེ་ཤེས་ཀྱི་མེ་རྟ་རྔ་བརྒྱར་གཤགས་པ་ཙམ་དམར་ཉུག་ཉུག་ཏུ་འབར་ཏེ་རིམ་པར་ལྟེ་བའི་རྩ་འཁོར་དྲུག་ཅུ་རྩ་བཞིའི་ནང་ཁེངས། སྙོམས་འཇུག་གི་སྒྲིབ་པ་དང་དེས་བསྐྱེད་པའི་སྡིག་ལྟུང་སྤྱི་དང་ཡོན་ཏན་ཕྲིན་ལས་དང་བཅས་པའི་དམ་ཚིག་ཉམས་ཆག་ཐམས་ཅད་བསྲེགས། དེས་འགྲེས། སྙིང་གའི་རྩ་འཁོར་བརྒྱད་གང་གཉིད་འཐུག་གི་དང་། ཐུགས་ཀྱི་དམ་ཚིག་ཉམས་ཆག །མགྲིན་པའི་རྩ་འཁོར་བཅུ་དྲུག་གང་རྨི་ལམ་གྱི་དང་། གསུང་གི་དམ་ཚིག་ཉམས་ཆག །སྤྱི་བོའི་རྩ་འཁོར་སུམ་ཅུ་སོ་གཉིས་གང་སད་པའི་སྒྲིབ་པ་དང་དེས་བསྐྱེད་པའི་སྡིག་ལྟུང་སྤྱི་དང་སྐུའི་དམ་ཚིག་ཉམས་ཆག་སོ་སོའི་ཁམས་སྙིགས་མ་དང་བཅས་པ་བསྲེགས་ཤིང་ལྷག་མེད་དུ་དག་པར་མོས་ལ་ཡི་གེ་བརྒྱ་པ་ཅི་ནུས་དང་། ཨོཾ་བཛྲ་སཏྭ་ཨཱཿ ཞེས་ཡིད་བཟླས་ཁོ་ན་བྱ། སྐྱོ་ན་ངག་བཟླས་སྐྱོན་དྲུག་སྤངས་ལ་ཇི་ལྟར་རིགས་པར་བཟླ། མཐར་བཤགས་རྒྱུད་ལས་འབྱུང་བའི་རཱུ་དྲའི་སྨྲེ་བཤགས་བྱ། མི་ནུས་ན། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་སྡིག་ལྟུང་ཉམས་ཆག་ཐམས་ཅད་སངས་ཀྱིས་དག་སྟེ་རྡོ་རྗེ་སེམས་དཔའི་གསང་བ་གསུམ་དང་དབྱེར་མེད་དུ་གྱུར་པར་མོས་ལ་སྤང་བླང་བསལ་གཞག་མེད་པའི་ངང་དུ་སེམས་ཅི་གནས་སུ་གཞག་གོ །བཞི་པ་ཚོགས་གསོག་པ་ལ་སྤྱི་དང་ཁྱད་པར་རོ། །དང་པོ་མཎྜལ་རྒྱས་པ་ཚོགས་གཉིས་སྤྲིན་ཚོགས་ལྟར་རམ། མ་ནུས་ན་ཀློང་ཆེན་སྙིང་ཐིག་གི་སྐུ་གསུམ་མཎྜལ་དངོས་སམ་ཡིད་ཀྱིས་འབུལ་བར་བྱ། རང་ལུགས་ལྟར་ན། མཐར་ནི་ཡེ་ཤེས་མེ་ལྕེ་ཡིས། །སྤྱི་བོའི་ཧྃ་ལས་བདུད་རྩི་དྲངས། །འཁོར་ལོའི་གནས་བཞིར་སོན་པ་ལས། །བླ་མ་སྐུ་བཞིའི་དཀྱིལ་འཁོར་པ། །དགའ་མཆོག་ཁྱད་པར་ལྷན་སྐྱེས་ཀྱི། །ཡེ་ཤེས་ཆེན་པོས་རབ་མཉེས་ནས། །བདེ་ཆེན་འབྲས་བུའི་ཚོགས་ཆེན་རྫོགས། །རྡོ་རྗེ་བཞི་དང་དབྱེར་མེད་གྱུར། །ཅེས་བརྗོད་པ་དང་ཆབས་ཅིག་རྩ་འཁོར་སོགས་སྔར་ལྟར་ལས། ཁྱད་པར་ནི་དབུ་མའི་ཡར་སྣར་ཐབས་བདེ་བ་ཆེན་པོའི་རང་བཞིན་ཧྃ་ཡིག་དཀར་པོ་མགོ་ཐུར་བསྟན་ན་དཱ་སུམ་འཁྱོག་ཅན་བདེ་བའི་བདུད་རྩི་དངུལ་ཆུའི་ཐིགས་པ་ལྟར་འཛག་ལ་ཁད་པ་ཞིག་གསལ་བཏབ། འཇམ་རླུང་ཁ་སྦྱར་བས་སྔར་ལྟར་མེ་ཉུག་ཉུག་ཏུ་འབར་ཏེ་ཧྃ་ཡིག་ལ་ཕོག་ལ་ཁད་ཀྱིས་བདུད་རྩིའི་རྒྱུན་དྲངས་ཏེ་མེས་བྲོས་དེད་ཀྱི་ཚུལ་དུ་རིམ་པར། སྤྱི་བོའི་རྩ་འཁོར་ན་བཞུགས་པའི་བླ་མ་སྐུ་རྡོ་རྗེ་རྣམ་སྣང་ཡབ་ཡུམ་དང་། རྩ་འདབ་ཀྱི་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་སུམ་ཅུ་རྩ་གཉིས་ཀྱི་མཚོན་དཔའ་པོ་མཁའ་འགྲོའི་ཚོགས་བསམ་གྱིས་མི་ཁྱབ་པ་ལ་བདེ་ཆེན་དགའ་བའི་ཡེ་ཤེས་ཀྱི་མཆོད་པ་འབུལ། སྣང་སྟོང་ཟུང་འཇུག་གི་ཚོགས་རྫོགྃས། དཀར། བུམ་དབང་ཐོབ། ལུས་ཀྱི་ལས་དང་སྐུའི་ཉམས་ཆག་སྦྱངྃས། བསྐྱེད་རིམ་ཀྱི་ཡེ་ཤེས་སྨིནྃ། སྐུ་རྡོ་རྗེ་སྤྲུལ་སྐུ་མངོན་དུ་གྱུར་པའི་སྐལ་པ་རྒྱུད་ལ་བཞག་པར་བསམ། དེས་འགྲེས། མགྲིན་པར་བླ་མ་གསུང་རྡོ་རྗེ་སྣང་མཐའ་ཡབ་ཡུམ་དང་། པདྨ་མཁའ་འགྲོ་ཡབ་ཡུམ་བཅུ་དྲུག་དམར་སོགས་ལ་བདེ་ཆེན་མཆོག་ཏུ་དགའ་བའི་ཡེ་ཤེས་ཀྱི་མཆོད་པ་འབུལ། གསལ་སྟོང་ཟུང་འཇུག་གི་ཚོགས་རྫོགྃས། གསང་དབང་ཐོབ། ངག་གི་ལས་དང་གསུང་གི་ཉམས་ཆག སྦྱངྃས། རླུང་དང་གཏུམ་མོའི་ཡེ་ཤེས་སྨིནྃ། གསུང་རྡོ་རྗེ་ལོངས་སྐུ་མངོན་དུ་གྱུར་པའི་སྐལ་པ་རྒྱུད་ལ་བཞག་པར་བསམ། སྙིང་གར་བླ་མ་ཐུགས་རྡོ་རྗེ་མི་བསྐྱོད་པ་ཡབ་ཡུམ་དང་། རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་བརྒྱད་མཐིང་ག་སོགས་ལ་བདེ་ཆེན་ཁྱད་དགའི་ཡེ་ཤེས་ཀྱི་མཆོད་པ་འབུལ། བདེ་སྟོང་ཟུང་འཇུག་གི་ཚོགས་རྫོགྃས། ཤེར་དབང་ཐོབ། ཡིད་ཀྱི་ལས་དང་ཐུགས་ཀྱི་ཉམས་ཆག་སྦྱངྃས། མཚོན་བྱེད་དཔེའི་ཡེ་ཤེས་སྨིནྃ། ཐུགས་རྡོ་རྗེ་ཆོས་སྐུ་མངོན་དུ་གྱུར་པའི་སྐལ་པ་རྒྱུད་ལ་བཞག་པར་བསམ། ལྟེ་བར་བླ་མ་ཡེ་ཤེས་རྡོ་རྗེ་རིན་འབྱུང་ཡབ་ཡུམ་དང་། རིན་ཆེན་མཁའ་འགྲོ་ཡབ་ཡུམ་དྲུག་ཅུ་རྩ་བཞི་སེར་སོགས་ལ་བདེ་ཆེན་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཀྱི་མཆོད་པ་འབུལ། རིག་སྟོང་ཟུང་འཇུག་གི་ཚོགས་རྫོགྃས། ཚིག་དབང་ཐོབ། ཀུན་གཞིའི་ལས་དང་ཡོན་ཏན་དང་ཕྲིན་ལས་ཀྱི་དམ་ཚིག་ཉམས་ཆག་ཐམས་ཅད་སྦྱངྃས། དབྱིངས་རིག་ཟུང་འཇུག་གི་ཡེ་ཤེས་སྨིནྃ། ངོ་བོ་ཉིད་སྐུ་མངོན་དུ་གྱུར་པའི་སྐལ་པ་རྒྱུད་ལ་བཞག་པར་བསམ་མོ། །མཐར་བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་གང་། སྦྱོར་མཚམས་ནས་བྱུང་། རང་གི་ལུས་ཀྱི་ནང་ཐམས་ཅད་གང་། བདེ་སྟོང་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་བསམས་ལ། མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་ཧྃ༔ ཞེས་བརྗོད་པའི་རྐྱེན་གྱིས་རང་ཉིད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུ་འཇའ་ཚོན་ལྟ་བུར་གྱུར་པར་མོས་ལ། སྔགས་དོན་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ངའོ་ཞེས་པས་ང་རྒྱལ་བཟུང་། ལྷ་ཡི་གསལ་སྣང་ལ་མཉམ་པར་གཞག་བཞིན་རྐྱེན་སྔགས་བཟླ། མཐར་དེ་ཡང་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟར་ཀ་དག་དམིགས་བསམ་བྲལ་བའི་ངང་དུ་གཞག་གོ །ལྔ་པ་ལམ་གྱི་རྩ་བ་བྱིན་རླབས་བླ་མའི་རྣལ་འབྱོར་གྱི་རིམ་པ་ནི། ངག་འདོན་ཞལ་གསལ་བས་དམིགས་ཁྲིད་གཞན་མི་དགོས་པས་དེ་ལྟར་ན། ཀ་དག་གི་ངང་ལས་སེང་གེ་དང་པདྨ་ཉི་མའི་ཁྲིའི་སྟེང་དུ་རང་ཉིད་གཉུག་མའི་ལྷ་དང་བླ་མ་དབྱེར་མེད་པའི་ངོ་བོ་སིཾ་ཧེ་ཤྭ་ར་རྣལ་འབྱོར་སྤྱོད་པ་ཁྲོ་འཛུམ་སྒེག་པའི་ཉམས་ཅན་ཁ་དོག་དམར་སྨུག་མཉམ་གཞག་དང་སྐྱིལ་ཀྲུང་ཅན། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། སྐུ་ལུས་ཀྱི་ཆ་ཐམས་ཅད་རྩ་གསུམ་རྒྱལ་བ་རབ་འབྱམས་ཏིལ་གོང་ཁ་ཕྱེས་པ་ལྟ་བུས་གང་བ། བ་སྤུའི་ཁུང་བུ་ཐམས་ཅད་ནས་རྡོ་རྗེ་ཡེ་ཤེས་ཀྱི་མེ་ཁྲོ་ཆུང་གི་ཚོགས་དང་བཅས་པ་འཕྲོ་བས་བདུད་དང་བར་དུ་གཅོད་པ་ཐམས་ཅད་སྲེག་པར་མཛད་པ། འཁོར་དུ་བརྒྱུད་གསུམ་གྱི་བླ་མ་དང་དཔའ་བོ་དང་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ། སྨིན་མཚམས་སུ་ཆོས་འབྱུང་དཀར་པོ་རྩ་བ་ཕྲ་བ་དབུ་མ་ལ་ཟུག་ཅིང་། ཁ་གདེངས་གཡེལ་བའི་ཟུར་གཅིག་གྱེན་ལ་བསྟན་པའི་ནང་དུ་བདེ་ཆེན་ཐིག་ལེ་དགའ་བ་འཁྱིལ་བ་དཀར་པོ་འོད་འབར་བ་གཡོན་བསྐོར་དུ་དྲག་ཏུ་འཁོར་བ། དེའི་ཐད་ཀའི་ནམ་མཁར་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་བི་མ་ལ་མི་ཏྲ་དཀར་གསལ་ཤངས་རྩེར་སྐྱེ་མེད་ཡི་གེ་ཨ་དཀར་པོས་མཚན་པ། ཕྱག་མཉམ་གཞག་བདུད་རྩིའི་ཐོད་ཞལ་བསྣམས་པ། དར་སྔོན་པོའི་སྟོད་གཡོགས་དང་ཆོས་གོས་གསོལ་ཞིང་། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་དགྱེས་ཡེ་རེ་བཞུགས་པ། སྣང་སྲིད་ཐམས་ཅད་འཇའ་ཟེར་ཐིག་ལེར་མེར་མེར་ཤིག་ཤིག་གཡོ་བ། སླར་ཡང་རང་གི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། སྐུ་གསུམ་གྱི་ཞིང་རབ་འབྱམས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་བདག་མདུན་རྣམས་ལ་སིབ་སིབ་ཐིམ་པར་མོས་ལ། ཨ༔ ངོ་བོ་ཆོས་སྐུའི་གཞལ་ཡས་ནས༔ ཀ་དག་བླ་མ་གཤེགས་སུ་གསོལ༔ རང་གྲོལ་ཆེན་པོར་བྱིན་ཕོབས་ལ༔ འཁྲུལ་པ་དག་པའི་དབང་མཆོག་སྐུར༔ རང་བཞིན་ལོངས་སྐུའི་ཞིང་ཁམས་ནས༔ ལྷུན་གྲུབ་བླ་མ་གཤེགས་སུ་གསོལ༔ རིག་རྩལ་ཆེན་པོར་བྱིན་ཕོབས་ལ༔ ཡེ་ཤེས་རྒྱས་པའི་དབང་མཆོག་སྐུར༔ ཐུགས་རྗེ་སྤྲུལ་སྐུའི་དཀྱིལ་འཁོར་ནས༔ དབྱེར་མེད་བླ་མ་གཤེགས་སུ་གསོལ༔ སྣང་སྲིད་གཞིར་བཞེངས་བྱིན་ཕོབས་ལ༔ འཇའ་ལུས་རྡོ་རྗེའི་དབང་མཆོག་སྐུར༔ ཧཱུྃ་ཧཱུྃ༔ ཡུལ་གྱི་མིང་ནི་བདེ་བ་ཆེ༔ མཁའ་འགྲོ་གསང་བའི་གནས་མཆོག་ནས༔ གདོད་མའི་མགོན་པོ་ཧེ་རུ་ཀ༔ སིཾ་ཧེ་ཤྭ་ར་གཤེགས་སུ་གསོལ༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ན༔ བྱིན་གྱིས་བརླབ་ཕྱིར་གནས་འདིར་དགོངས༔ གློ་བུར་འཁྲུལ་པའི་བར་ཆད་སོལ༔ འདུ་འབྲལ་མེད་པར་དབང་སྐུར་ཅིག༔ ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧཱུྃ་ཧཱུྃ༔ ཞེས་སྤྱན་དྲངས། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པས་ལྕགས་ཁམས་ལ་གསེར་འགྱུར་གྱི་རྩི་ཐེབ་པ་ལྟར་ཐ་མལ་བའི་ཕུང་ཁམས་སྐྱེ་མཆེད་དག་པ་ཡེ་ཤེས་པར་དངོས་སུ་གྱུར་པའི་ངེས་ཤེས་བརྟན་པོ་བྱ། དེ་ནས་ཡན་ལག་བདུན་གྱི་སྒོ་ནས་ཚོགས་གསག་པ་ལ་གཉིས། དོན་དམ་པར་འཁྲུལ་སྣང་བདེན་ཞེན་གྱི་མཚན་མ་ཀ་ནས་དག་པའི་དོན་ཁོང་དུ་ཆུད་པས་ཟུང་འཇུག་ལྷུན་གྲུབ་བདེ་བ་ཆེན་པོའི་དབྱིངས་སུ་བྱ་བྱེད་ཆོས་ཉིད་ཀྱི་རོལ་པར་ཤེས་པའི་རྣལ་འབྱོར་པས་རྩ་བའི་ཚིག་རིས་ལྟར་ངེས་པར་བྱས་ན་མཆོག་དང་ཕུལ་དང་བླ་ན་མེད་པའི་གསག་སྦྱང་སྟེ། ལས་དང་པོ་བའི་དབང་དུ་ཐུན་མོང་ཀུན་རྫོབ་ཀྱི་རྣམ་པས་ཡུལ་དེ་དག་གི་སྤྱན་སྔར། རང་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ་ཕྱག་འཚལ་བ་དང་། དངོས་སུ་འབྱོར་པའི་མཆོད་པ་ཏིང་ངེ་འཛིན་གྱིས་སྤེལ་ཏེ་ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་ཆེ་ཞིང་རྒྱུན་མི་ཆད་པ་ཀུན་ཏུ་བཟང་པོའི་མཆོད་སྦྲིན་ལྟར་འབུལ་བ་དང་། སྡིག་ལྟུང་སྟོབས་བཞིའི་སྒོ་ནས་བཤགས་པ་དང་། བདེན་པ་གཉིས་ཀྱིས་བསྡུས་པའི་སྐྱེ་འཕགས་ཀྱི་དགེ་བ་ལ་ཕྲག་དོག་མེད་པས་རྗེས་སུ་ཡི་རང་བ་དང་། གདུལ་བྱའི་བློ་དང་འཚམས་པར་ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་བསྐུལ་བ་དང་། ཡུལ་དམ་པ་རྣམས་སྐུ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་གདབ་པ་དང་། དེ་ལྟ་བུའི་མཚོན་དགེ་ཚོགས་འཁོར་གསུམ་མི་དམིགས་པའི་ཚུལ་གྱིས་བསྔོ་བ་རྣམས་ཀྱི་དོན་དྲན་བཞིན་པས། ཨ༔ སྣང་བཞི་མཐར་ཕྱིན་བླ་མ་ལ༔ འདུ་འབྲལ་མེད་པར་ཕྱག་འཚལ་ལོ༔ རླུང་སེམས་དག་པའི་མཆོད་སྤྲིན་འབུལ༔ སྡིག་ལྟུང་འདུས་མ་བྱས་པར་བཤགས༔ གཉིས་འཛིན་བྲལ་བས་རྗེས་ཡི་རང༔ བརྗོད་མེད་ཆོས་འཁོར་བསྐོར་བཞིན་དུ༔ ཡོངས་གྲུབ་ཆེན་པོར་བཞུགས་གསོལ་འདེབས༔ དགེ་ཚོགས་འོད་གསལ་དབྱིངས་སུ་བསྔོ༔ ཞེས་ལན་གསུམ་མམ་བདུན་གྱིས་འབུལ་ལོ། །རྩ་བའི་གསུམ་པ་རྗེས་ཀྱི་རིམ་པ་ལ། གསོལ་བ་གདབ་པ་དང་དབང་བཞི་བླང་བ་གཉིས་ཀྱི། དང་པོ་གསོལ་བ་གདབ་པའི་ཚུལ་ནི། མཐར་ཐུག་གི་སངས་རྒྱས་རང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པ་ནི་བླ་མ་ལ་རག་ལས། དེ་ཡང་ཡུལ་ལ་མི་ལྟོས། བྱིན་རླབས་འཇུག་པ་རང་གི་མོས་གུས་ཁོ་ན་ལ་རག་ལས། བླ་མ་ལ་དུས་གསུམ་གྱི་སྐྱབས་ཡུལ་ཐམས་ཅད་འདུ་བས་ན་ཡོན་ཏན་གྱི་ངོས་ནས་སངས་རྒྱས་དང་མཉམ། བཀའ་དྲིན་གྱི་ངོས་ནས་སངས་རྒྱས་སྟོང་ལས་ལྷག་པར་ཐག་བཅད། ངེས་ཤེས་བསྐྱེད། མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་ཕུར་ཚུགས་སུ་གདབ་པ་ནི། །འོད་གསལ་སྣང་བཞི་མཐར་ཕྱིན་ནས༔ རིག་པ་མི་འགྱུར་སྐུ་ལྔར་བཞེངས༔ འཇའ་ལུས་འཕོ་ཆེན་དྭངས་མའི་གཟུགས༔ འཆི་མེད་བི་མ་མི་ཏྲ་ཀྱེ༔ བདག་ལ་ཐུགས་རྗེས་བརྩེར་དགོངས་ནས༔ མངོན་སུམ་བྱིན་རླབས་དེང་སྩོལ་ཅིག༔ ཅེས་བྱིན་རླབས་ཞུགས་པའི་རྟགས་ལུས་ཀྱི་བ་སྤུ་གཡོ་བ། མིག་ནས་མཆི་མ་འཁྲུགས་པ། ལུས་སེམས་ཚུགས་མི་ཐུབ་པ་ལྟ་བུ་མ་བྱུང་གི་བར་དུ་ཡང་ཡང་གསོལ་བ་གདབ་བོ། །སྙིང་པོ་ནི། ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧཱུྃ་ཧཱུྃ༔ ཞེས་ཐུགས་དམ་རྒྱུད་བསྐུལ་གྱི་སྔགས་བརྒྱ་རེའི་མཚམས་གསོལ་འདེབས་ཚར་རེ་སྦྱར་ཏེ་སྣང་གྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་ཤེས་པས་བཟླས་པ་བྱ། མཐར་ཡོན་ཏན་དང་བཀའ་དྲིན་དྲན་པའི་སྒོ་ནས་བརྒྱུད་པའི་གསོལ་འདེབས་ནི། ཨོཾ་ཨཱཿཧཱུྃ། གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །རང་བྱུང་སེམས་ཉིད་འོད་གསལ་སྙིང་པོའི་དོན། །ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །ལྷུན་གྲུབ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །རང་གསལ་ཡེ་ཤེས་སྒྲོན་མེ་འོད་པོ་ཆེ། །ད་ལྟ་ཉིད་དུ་མཐོང་བར་བྱིན་གྱིས་རློབས། །བདེ་ཆེན་རྒྱལ་པོ་རྡོ་རྗེ་འཆང་ཆེན་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འཁོར་འདས་གཞི་གྲོལ་སེམས་ཉིད་ཆོས་སྐུའི་དོན། །ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །ཡེ་ཤེས་སྒྱུ་མ་རྡོ་རྗེ་སེམས་དཔའ་ལ། །གསོལ་བ་འདེབས་སོྎ མི་འགྱུར་ལྷུན་གྲུབ་བདེ་ཆེན་འོག་མིན་དུ། །ད་ལྟ་ཉིད་དུ་གྲོལ་བར་བྱིན་གྱིསྎ དཀྱིལ་འཁོར་མངའ་བདག་ཕྱག་ན་རྡོ་རྗེ་ལ། །གསོལ་བ་འདེབས་སོྎ གསང་སྔགས་རྒྱལ་པོ་ཚེ་གཅིག་སངས་རྒྱས་ལམ། །ད་ལྟ་ཉིད་དུ་བགྲོད་པར་བྱིན་གྱིསྎ རྒྱལ་བའི་རྣམ་འཕྲུལ་དགའ་རབ་རྡོ་རྗེ་ལ། །གསོལ་བ་འདེབས་སོྎ གདོས་བཅས་ཕུང་པོ་ཡེ་ཤེས་འོད་ལུས་སུ། །ད་ལྟ་ཉིད་དུ་གྲོལ་བར་བྱིན་གྱིསྎ མཁྱེན་རབ་སྤྲུལ་པ་འཇམ་དཔལ་བཤེས་གཉེན་ལ། །གསོལ་བ་འདེབས་སོྎ ལས་དང་ཉོན་མོངས་སྡུག་བསྔལ་རྒྱ་མཚོ་ལས། །ད་ལྟ་ཉིད་དུ་སྒྲོལ་བར་བྱིན་གྱིསྎ བློ་མཆོག་མངའ་བ་ཤྲཱི་སེང་ཧ་ལ། །གསོལ་བ་འདེབས་སོྎ ཆོས་ཚུལ་རྒྱ་མཚོ་གསུང་རབ་ནོར་བུའི་གླིང་། །ད་ལྟ་ཉིད་དུ་བགྲོད་བར་བྱིན་གྱིསྎ དངོས་གྲུབ་མཆོག་བརྙེས་ཛྙཱ་ན་སཱུ་ཏྲ་ལ། །གསོལ་བ་འདེབས་སོྎ མཆོག་དང་ཐུན་མོང་དངོས་གྲུབ་ཡིད་བཞིན་སྤྲིན། །ད་ལྟ་ཉིད་དུ་འགྲུབ་པར་བྱིན་གྱིས་རློབས། །མཁས་པ་ཆེན་པོ་བི་མ་མི་ཏྲ་ལ། །གསོལ་བ་འདེབས་སོྎ མངོན་སུམ་འོད་གསལ་སྣང་བ་རྣམ་པ་བཞི། །ད་ལྟ་ཉིད་དུ་འབྱོངས་པརྎ འོད་གསལ་ལུས་གྲུབ་སེང་གེ་དབང་ཕྱུག་ལ། །གསོལ་བ་འདེབས་སོྎ འཁྲུལ་སྣང་རང་ཟད་གདོད་མའི་གཞི་དབྱིངས་སུ། །ད་ལྟ་ཉིད་དུ་འཇུག་པརྎ ཀུན་གཟིགས་འོད་གསལ་སྤྲུལ་པའི་རྡོ་རྗེ་ལ། །གསོལ་བ་འདེབས་སོྎ ཟག་མེད་འཇའ་ལུས་འཕོ་བ་ཆེན་པོའི་སྐུར། །ད་ལྟ་ཉིད་དུ་འགྲུབ་པརྎ བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ལ། གསོལ་བ་འདེབས་སོྎ དགོངས་བརྒྱུད་བྱིན་རླབས་འཕོ་བའི་དབང་མཆོག་ནི། །ད་ལྟ་ཉིད་དུ་སྐུར་ཐོབ་མཛད་དུ་གསོལ། །གསང་ཆེན་གཉེར་འཛིན་བཀའ་སྲུང་ཆོས་སྐྱོང་ལ། །གསོལ་བ་འདེབས་སོྎ སྙིང་པོའི་བསྟན་དང་བསྟན་འཛིན་གཡེལ་མེད་སྐྱོངས། །འདོད་དོན་ཕྲིན་ལས་ད་ལྟ་ཉིད་དུ་སྒྲུབས། །བདག་དང་མཁའ་ཁྱབ་འགྲོ་བ་མ་ལུས་ཀུན། །འོད་གསལ་རྫོགས་ཆེན་ལམ་མཆོག་མཐར་ཕྱིན་ཏེ། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོ་རུ། །ད་ལྟ་ཉིད་དུ་འགོད་པར་མཛད་དུ་གསོལ། །ཞེས་བླ་མ་ཡང་ཏིག་གི་གསོལ་འདེབས་བདུད་རྩིའི་སྤྲིན་ཚོགས་ཉེ་བརྒྱུད་ལྟར་ཁ་བསྐངས་ཏེ་བཀོད་པའོ། །དེ་ནས་ལམ་དབང་བླང་བ་ནི། བླ་མའི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་ཟླ་བ་ཤར་བ་ལྟ་བུ་དང་རང་འདྲའི་སྐུ་དཔག་ཏུ་མེད་པ་བྱུང་། རང་གི་དཔྲལ་བར་ཐིམ། ལུས་རྩའི་སྒྲིབ་པ་དག །སྤྲོས་བཅས་བུམ་པའི་དབང་ཐོབ། སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་བསྒོམ་པ་ལ་དབང་། ས་བརྒྱད་པ་ནོན། འབྲས་བུ་སྐུ་ལྔ་ཐོབ་པའི་སྐལ་བ་ཅན་དུ་བྱས། བླ་མའི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཆར་ཁའི་ཟེར་ཐག་ལྟ་བུ་དང་། ཨཱ་ལི་ཀཱ་ལིའི་ཕྲེང་བ་དཔག་ཏུ་མེད་པ་བྱུང་། རང་གི་མགྲིན་པར་ཐིམ། ངག་རླུང་གི་སྒྲིབ་པ་དག །སྤྲོས་མེད་གསང་བའི་དབང་ཐོབ། སྐྱེ་མེད་རང་བྱུང་རྡོ་རྗེའི་བཟླས་པ་ལ་དབང་། ས་བཅུ་གཅིག་པ་ནོན། འབྲས་བུ་གསུང་ལྔ་ཐོབ་པའི་སྐལ་བ་ཅན་དུ་བྱས། བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་མཐིང་ཞུན་གྱི་དྭངས་མ་ལྟ་བུ་དང་། ཨ་ཡིག་མཐིང་གསལ་དཔག་ཏུ་མེད་པ་བྱུང་། རང་གི་སྙིང་གར་ཐིམ། ཡིད་ཐིག་ལེའི་སྒྲིབ་པ་དག །ཤིན་ཏུ་སྤྲོས་མེད་ཤེར་དབང་ཐོབ། བདེ་ཆེན་འོད་གསལ་གྱི་ཡེ་ཤེས་བསྒོམ་པ་ལ་དབང་། ས་བཅུ་གསུམ་པ་ནོན། འབྲས་བུ་ཐུགས་ལྔ་ཐོབ་པའི་སྐལ་པ་ཅན་དུ་བྱས། བླ་མའི་གནས་གསུམ་ཀ་ནས་འོད་ཟེར་འཇའ་ཚོན་ཤར་པ་ལྟ་བུ་དང་། ཙིཏྟ་རིན་པོ་ཆེའི་སྦུབས་ནས་འོད་ལྔའི་གོང་བུ་ཚོན་གང་བ་བྱུང་། རང་གི་གནས་གསུམ་དང་། སྙིང་དབུས་སུ་ཐིམ། ཆ་མཉམ་ཡེ་ཤེས་ཀྱི་སྒྲིབ་པ་དག །རབ་ཏུ་སྤྲོས་མེད་བཞི་པ་ཐོབ། ཀ་དག་ལྷུན་གྲུབ་ཟུང་འཇུག་བསྒོམ་པ་ལ་དབང་། ཡེ་ཤེས་བླ་མའི་ས་ནོན། འབྲས་བུ་ཡོན་ཏན་དང་ཕྲིན་ལས་རྣམ་ལྔ་འགྲུབ་པའི་སྐལ་བ་ཅན་དུ་བྱས་སོ། །ཞེས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་པའི་ངང་དུ་སྙིང་པོ་ཅི་རིགས་བཟླ། མཐར་བླ་མ་ཉིད་དགྱེས་པས་འོད་དུ་ཞུ་ནས་སྨིན་མཚམས་ཀྱི་དགའ་བ་འཁྱིལ་བའི་དབུས་སུ་ཐིམ་པས་ཐིག་ལེ་དཀར་པོ་ཨ་ཡིག་གིས་མཚན་པ་སྲན་མ་ཙམ་དྭངས་གསལ་གཡོ་མེད་དུ་གྱུར་པར་བསམས་ལ་ཡིད་ཀྱིས་མཆོད་བསྟོད་བྱ། རང་ལུགས་ཀྱི་གསལ་དག་བརྟན་གསུམ་དང་ལྡན་པའི་ངང་ནས། ལྷ་ཡི་གསལ་སྣང་འཇའ་ཚོན་ལྟ་བུ་ལ་ཡུན་རིང་དུ་མཉམ་པར་འཇོག༔ མཐར་ཐིག་ལེ་ལ་སེམས་བཟུང༔ སྤྲོ་ན༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སིཾ་ཧེ་ཤྭ་ར་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དབྱངས་དང་བཅས་པའམ༔ ཇི་ལྟར་རིགས་པས་བཟླ༔ མཐར་རྡོ་རྗེའི་བཟླས་པ་དལ་བུ་ལ་སེམས་འཛིན༔ སྐྱོ་ན་སྨིན་མཚམས་ཀྱི་ཐིག་ལེ་ལས་འོད་ཟེར་འཕྲོས། དག་པའི་ཞིང་རབ་འབྱམས་ཐམས་ཅད་དུ་ཁྱབ༔ དེ་དག་ན་གནས་པའི་སྐྱབས་གནས་དཀོན་མཆོག་རྒྱ་མཚོ་ཐམས་ཅད་དང༔ ཁྱད་པར་དུ་འོད་གསལ་སྙིང་ཏིག་གི་བརྒྱུད་པའི་བླ་མ་རྣམས་ཀྱི་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་བར་ཆར་དྲག་ཏུ་བབས་པ་ཙམ་དུ་སྤྱན་དྲངས་ནས་ཐིག་ལེ་ལ་ཐིམ་པས་ལུས་ཐམས་ཅད་ཁྱབ་པར་བསམ༔ ཡང་འཕྲོས་མ་དག་པའི་ཞིང་ཁམས་རབ་འབྱམས་ཐམས་ཅད་ལ་ཁྱབ༔ བརྟན་གཡོ་སྣོད་བཅུད་ཐམས་ཅད་དག་པའི་ཞིང་ཁམས་རབ་འབྱམས་སུ་བསྒྱུར་བར་བསམ་མོ༔ དེ་ནས་སྣོད་བཅུད་ཐམས་ཅད་རིམ་གྱིས་བསྡུས་ཏེ་རང་གི་ལུས་ལ་གཞུག༔ དེ་ཡང་བསྡུས་ཏེ་སྨིན་མཚམས་ཀྱི་ཐིག་ལེ་ལ་ཐིམ་པས་ཤིན་ཏུ་འོད་གསལ་བར་བསམས་ལ་སེམས་ཡུན་རིང་དུ་འཇོག་པས་རྣམ་རྟོག་གི་རྦ་རླབས་ཞི་བའི་ཏིང་ངེ་འཛིན་མུ་མཐའ་མེད་པར་སྐྱེའོ༔ མཐར་དེ་ཡང་འཇའ་ཚོན་མཁའ་ལ་ཡལ་བ་ལྟར་དམིགས་སུ་མེད་པའི་ངང་དུ་མཉམ་པར་འཇོག་གོ༔ དེ་ལས་ལྡང་བ་ན་གཞི་ལུས་ཞིང་ཁམས་ཀྱི་བཀོད་པ་དང་བཅས་སྔར་བཞིན་གསལ་བཏབ་ལ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །སྐྱེ་བ་ཀུན་དུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །གང་དུ་སྐྱེ་བའི་སྐྱེ་བ་ཐམས་ཅད་དུ། །མཐོ་རིས་ཡོན་ཏན་བདུན་ལྡན་ཐོབ་པར་ཤོག །སྐྱེས་མ་ཐག་ཏུ་ཆོས་དང་འཕྲད་གྱུར་ཅིང་། །ཚུལ་བཞིན་བསྒྲུབ་པའི་རང་དབང་ཡོད་པར་ཤོག །དེར་ཡང་བླ་མ་དམ་པ་མཉེས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །ཆོས་རྟོགས་ནས་ནི་སྙིང་པོའི་དོན་བསྒྲུབས་ཏེ། །ཚེ་འདིར་སྲིད་པའི་རྒྱ་མཚོ་བརྒལ་བར་ཤོག །སྲིད་པར་དམ་པའི་ཆོས་རབ་སྟོན་བྱེད་ཅིང་། །གཞན་ཕན་སྒྲུབ་ལ་སྐྱོ་ངལ་མེད་པར་ཤོག །རླབས་ཆེན་གཞན་དོན་ཕྱོགས་རིས་མེད་པ་ཡིས། །ཐམས་ཅད་ཕྱམས་གཅིག་སངས་རྒྱས་ཐོབ་པར་ཤོག །ཟག་བ་རང་ཟད་འབྱུང་བ་རང་སར་དེངས༔ དྲན་པ་རང་གྲོལ་ཟང་ཐལ་འོད་ཀྱི་ལུས༔ སེང་གེ་དབང་ཕྱུག་ཉིད་དང་མཉམ་པར་ཤོག༔ ཅེས་སོགས་སྨོན་ལམ་གདབ། དུས་རྟག་ཏུ་དྲན་ཤེས་བག་ཡོད་ཀྱི་སྒོ་ནས་བླ་མ་སྐད་ཅིག་ཀྱང་མི་བརྗེད་པར་སྤྱོད་ལམ་ཀུན་དུ་སྣང་བ་ཐམས་ཅད་ཕྱི་ཡི་ཡུལ་མེད་པ་ལ་ནང་གི་བློས་འཁྲུལ་པར་བཟུང་བ་ཙམ་ལས་མེད་པར་ཐག་བཅད་དེ་སྒྱུ་མ་དང་རྨི་ལམ་ལྟ་བུར་ལམ་དུ་ཁྱེར། བྱུང་ཚོར་གྱི་རྟོག་པའི་བློ་ནི་མེད་པ་གསལ་བར་སྣང༔ དེའི་དབྱིངས་ནི་བསམ་པའི་ཡུལ་ལས་འདས༔ སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རྟེན་མེད་པར་མཐོང་བ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡེ་གདོད་མ་ནས་དག་བའི་གཏིང་གསལ་འདུས་མ་བྱས་པའོ༔ དེ་ལྟར་ཁོང་དུ་ཆུད་པས་ནམ་མཁའ་རྣལ་འབྱོར་དུ་བྱ་སྟེ༔ མི་བསྒོམ་པའི་ཚུལ་གྱིས་དོན་དང་མི་འབྲལ་བ་ལ་བསླབ་བོ༔ ཚོགས་དྲུག་གི་སྣང་བ་བཀྲ་ལམ་གྱིས་ཤར་ན་དེ་ལ་མི་དཔྱོད་པར་ཆོས་ཉིད་རང་གི་ངོ་བོའི་ངང་དུ་རྩོལ་བ་ཀློད་ལ་ལས་ཟིན་པའི་སྐྱེས་བུ་ལྟར་སྤྱོད་དོ༔ དེའི་ཚེ་རླུང་སེམས་ཟིན་པའི་རྟགས་རྣམས་ཀྱང་རྩོལ་མེད་དུ་འབྱུང་ཞིང་འོད་གསལ་བའི་ལྷག་མཐོང་གྲུབ་པས་ཞི་བར་གནས་པ་ཉིད་དོ༔ ཞིབ་ཏུ་ལྷག་མཐོང་གི་གནད་ཁྱད་པར་གྱི་ཁྲིད་བླ་མའི་གདམས་ངག་ཁོ་ན་ལ་བརྟེན་དགོས་སོ། །གང་ལྟར་མཚན་མོའི་རྣལ་འབྱོར་དུ་ཉལ་ཁར་བླ་མ་སྤྱི་བོར་བསྒོམས་ལ་སྤྲོ་ཞིང་ནུས་ན་ཀུན་མཁྱེན་འཇིགས་མེད་གླིང་པའི་ཞལ་གསུང་སྐུ་གསུམ་ཞིང་སྦྱོང་གི་སྨོན་ལམ་དང་། ཀྱེ་ཀྱེ་བླ་མ་རིན་པོ་ཆེ། །བདག་ལ་རེ་ས་གཞན་ན་མེད། ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ། །མ་རིག་འཁྲུལ་པས་བདག་ནོན་ཏེ། །སྒོ་གསུམ་ཉེས་པ་ཅི་མཆིས་པ། །རབ་ཏུ་འགྱོད་པས་བཤགས་པར་བགྱི། །སྡོམ་པ་གསུམ་དང་འགལ་གྱུར་ཅིང་། །ཉེས་པའི་དྲི་མས་སེམས་གོས་པ། །དེ་ཀུན་ཁྱོད་ཀྱི་ཐུགས་རྗེ་ཡིས། །སྐད་ཅིག་ཉིད་ལ་བྱང་བར་མཛོད། །བདག་ནི་མི་ཤེས་རྨོངས་པ་ཡིས། །མ་འཚལ་བཞིན་དུ་སྡིག་བགྱིས་པས། །སྔར་ཡང་འཁོར་བར་རབ་ཏུ་འཁྱམས། །ད་ནི་བླ་མ་ཐུགས་རྗེ་ཅན། ཁྱོད་ཀྱིས་བདག་གི་སྒྲིབ་པ་ཀུན། །སྐད་ཅིག་ཉིད་ལ་བསལ་བར་མཛོད། །འདི་ལྟར་མི་ཤེས་བྱིས་པ་ལ། །སྐྱོན་གྱུར་མཐོང་ཚེ་ལྷག་པར་ཡང་། །ཐུགས་རྗེའི་གཟིགས་པ་མི་འཇུག་ན། །དེ་ལས་གཞན་ལ་ཅིར་འགྱུར་དགོངས། །བུ་ཡི་ཉེས་པ་གང་ལགས་པ། །མ་ཡིས་སེལ་ཞིང་སྐྱོང་བ་ལྟར། །བདག་ཅག་འགྲོ་དྲུག་སེམས་ཅན་ལ། ཁྱོད་ཀྱིས་དང་པོར་ཐུགས་བསྐྱེད་ནས། །ཕན་པ་མཛད་ཅེས་དམ་བཅས་ན། །དུས་འདིར་བདག་ལ་ཅིས་མི་དགོངས། །བདག་ཅག་འཁྲུལ་པའི་སེམས་ཅན་རྣམས། །གཟིགས་ནས་ཐུགས་རྗེས་མི་འཛིན་ན། ཁྱོད་ཀྱི་ཕྲིན་ལས་གདུལ་བྱ་ལ། །ཕན་པ་དེ་ཡང་ཇི་ལྟར་དགོངས། །སྔོན་གྱི་རྒྱལ་བ་གྲངས་མེད་ཀྱང་། །བདག་ཅག་སྤངས་ནས་ཐར་པར་གཤེགས། །དེ་ནི་ཕྱོགས་བཅུའི་རྒྱལ་བ་ཡིས། ཁྱོད་ལ་བསྐུལ་ནས་བདག་ཅག་གི །དོན་དུ་བླ་མར་རྣམ་སྤྲུལ་ན། ཁྱོད་ཀྱིས་བདག་ཅག་འདོར་ཕོད་དམ། །འཇིགས་སར་སྐྱེལ་མས་བསླུས་པ་བཞིན། ཁྱོད་ཀྱིས་དེ་རིང་སླུ་མཛད་དམ། །ཡིད་བཞིན་ནོར་བུ་རིན་ཆེན་ཡང་། །གསོལ་བ་བཏབ་ན་འདོད་དགུ་འབྱིན། ཁྱོད་ནི་བརྩེ་ཆེན་ཐབས་ལ་མཁས། །ཅི་ཕྱིར་བདག་ལ་རྗེས་མི་གཟིགས། །ཤ་ཟ་རྣམས་ཀྱང་མཆོད་སྦྱིན་དང་། །བདེན་པའི་ཚིག་ནི་བརྗོད་མ་ཐག །སྔོན་གྱི་ཁྲོ་བའང་འདོར་བགྱིད་ན། ཁྱོད་ནི་ཐུགས་རྗེ་འགྲོ་བའི་ཡབ། །གུས་མཆོད་གདུང་བས་སེམས་གདུངས་ཤིང་། །ཉེས་པ་བཤགས་ན་ཅིས་མི་གཟིགས། །བདག་གི་སྡིག་ཀུན་མ་བྱང་བར། །སྐྱེ་བ་གཞན་དུ་སོང་གྱུར་ན། །དམྱལ་མེས་བསྲེག་པ་ཁོ་ནར་ཟད། །དེ་ལ་ཁྱོད་ཀྱིས་མི་གཟིགས་ན། །ཐུགས་རྗེའི་བདག་ཉིད་ཇི་ལྟར་ལགས། །ཀྱེ་མ་ཀྱི་ཧུད་བདག་གི་སྡིག །མ་ལུས་བྱང་བར་མཛད་དུ་གསོལ། །སྐད་ཅིག་ཉིད་ལ་ཐུགས་རྗེས་དགོངས། །བདག་ལ་དབང་སྐུར་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བགེགས་དང་ལོག་འདྲེན་བར་ཆད་སོལ། །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །འཆི་ཁར་གནད་གཅོད་སྡུག་བསྔལ་མེད། །བར་དོའི་འཇིགས་པ་ཀུན་ལས་སྒྲོལ། །འོག་མིན་གནས་སུ་འཁྲིད་པར་མཛོད། །ཅེས་ཉིན་མཚན་ཐུན་བཞིར་གསོལ་བ་ལན་བདུན་བདུན་གདབ་པོ། །དེས་ནི་ཉམས་ཆག་ཐམས་ཅད་དག་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་འཐོབ་བོ། །ཞེས་རྫོགས་ཆེན་སེམས་ཉིད་ངལ་བསོ་ལས་ཁོལ་དུ་ཕྱུང་བའི་གསོལ་འདེབས་འདི་ཉིད་སྤྱིར་ཕྱག་འཚལ་བ་སོགས་དུས་ཀུན་དུ་གཅེས་སོ། །དེ་ནས་ཉལ་བའི་དུས་སུ་སྤྱི་བོའི་བླ་མ་ཚངས་པའི་བུ་ག་ནས་མར་བྱོན་སྙིང་པདྨ་འདབ་བརྒྱད་ཀྱི་རྣམ་པར་གྱུར་པའི་དབུས་སུ་ཞལ་འཛུམ་མོལ་ལེ། སྤྱན་ཁྲ་ཡེ་རེ་ཐུགས་དགྱེས་པའི་ཚུལ་དུ་བཞུགས་པའི་ཞལ་རས་སོགས་ལ་ཤེས་པ་གཏད་ལ་སྐུའི་འོད་ཀྱིས་ལུས་ཀྱི་ནང་ཐམས་ཅད་གང་བར་མོས་པས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་པའི་ངང་སྐྱོང་། གཉིད་ལོག་ཁར་འོད་དེ་ལུས་ཀྱིས་མ་ཐུབ་པའི་ཚུལ་གྱིས་སྣོད་བཅུད་ཐམས་ཅད་ལ་ཕོག་པས་འོད་དུ་ཞུ་ནས་རང་ལ་ཐིམ། རང་སྙིང་གའི་བླ་མ་ལ། དེ་ཡང་འོད་གསལ་གྱི་དབྱིངས་སུ་ཐིམ་པར་མོས་ལ་རིག་པ་འཛིན་མེད་ངང་དུ་གཉིད་ལོག །སད་ན་འཁྲུལ་འབྱམས་སུ་མི་གཏོང་བར་གནས་ལུགས་ཀྱི་ངང་དུ་གཉིད་ལོག་གོ །དེ་ལྟར་ཡུན་དུ་གོམས་ན་རྨི་ལམ་ཟིན་པར་འགྱུར། སླར་ཐོ་རངས་ལྡང་བའི་རྣལ་འབྱོར་ནི་གོང་དུ་ཇི་སྐད་བཤད་པ་ལྟར་རོ། །མོས་གུས་དང་དམ་ཚིག་རྣམ་པར་དག་བའི་སྒོ་ནས་སྔོན་འགྲོའི་ལམ་འདི་ཁོ་ན་རྩལ་དུ་བཏོན་ནས་བསྒོམས་པའི་ཡོན་ཏན་ནི། རྣལ་འབྱོར་འདི་བདུན་ཕྲག་གཅིག་ཏུ་གཡེང་བ་ཐམས་ཅད་སྤངས་ཏེ་བསྒོམས་པས་ཀྱང་དངོས་སམ་ཉམས་དང་རྨི་ལམ་དུ་གྲུབ་པ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་བརྙེས་པ་བི་མ་མུ་ཏྲ་དང༔ བདག་ཉིད་སིཾ་ཧེ་ཤྭ་རས་ངེས་པར་བྱིན་གྱིས་བརླབ་སྟེ༔ དེའི་ཚེ་སྔར་མ་ཤེས་པའི་ཟབ་མོའི་ཚིག་དོན་མང་དུ་ཤེས་པ་དང༔ ཏིང་ངེ་འཛིན་གྱི་སྒོ་རྙེད་པར་གདོན་མི་འཚལ་ལོ༔ ཞེས་རྡོ་རྗེའི་གསུང་གིས་ནམ་ཡང་བསླུ་བར་མི་འགྱུར་ལ་ཁོ་བོས་ཀྱང་ཞག་ཁ་ཤས་ཙམ་དུ་ཉམས་སུ་ལེན་ལོ་བྱས་སྐབས་རང་སྐལ་དང་མཐུན་པའི་བྱིན་རླབས་ཀྱི་མཚན་མ་མཐོང་བ་ནི་མྱོང་བས་གྲུབ་པའོ། །རིམ་པར་སྔོན་འགྲོའི་ཚུལ་ལ་ཉམས་མྱོང་སྐྱེ་ན་དངོས་གཞི་ཁྱད་པར་གྱི་ཁྲིད་ལ་ཞུགས་ཏེ་ཉམས་སུ་བླང་པས་ཚེ་འདིར་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་བརྙེས་པ་ནི་ངེས་པའོ། །དེ་ལྟར་ལྕེ་བཙུན་ཆེན་པོའི་བི་མའི་ཟབ་ཏིག་གི་སྔོན་འགྲོའི་ངག་འདོན་རྩ་བ་གཏེར་ཆེན་ཉིད་ཀྱི་ལྗགས་སྒྲིག་སོར་བཞག །ཡིག་ཆུང་ཕལ་ཆེར་གཏེར་གཞུང་ཇི་ལྟ་བ་བཞིན་ལ་སྐབས་བབས་ཀྱི་དམིགས་ཁྲིད་སོགས་ཁ་སྐོང་ཕྲན་བུས་ཟུར་བརྒྱན་ཏེ། ཟབ་ཆོས་འདིའི་བདག་པོར་སྐལ་བཟང་དུ་རྗེས་སུ་བཟུང་པའི་མིང་གི་ཅོད་པཎ་བྱིན་པ་ཀུན་བཟང་བདེ་ཆེན་རྒྱལ་པོའམ་རིག་འཛིན་སྣ་ཚོགས་རང་གྲོལ་དུ་འབོད་པའི་དུས་ཞབས་ཀྱི་སྔགས་མིང་གཟུགས་བརྙན་པས། ལམ་འདིར་འཇུག་པའི་དང་པོའི་ལས་ཅན་རང་འདྲའི་མཁོས་ཆུང་འགའ་ལ་ཕན་དུ་རེ་ནས་སྤྱར་བའི་དགེ་བས་སྐལ་ལྡན་གདུལ་བྱར་གྱུར་པ་རྣམས་ཀྱིས་ཚེ་གཅིག་གིས་ངེས་གསང་རྫོགས་པ་ཆེན་པོའི་ལམ་མཆོག་མཐར་ཕྱིན་ཏེ་སྙིང་པོའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་ཏེ་འགྲོ་ཀུན་ཡེ་ཤེས་བླ་མའི་ས་མཆོག་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག ༈ ལྕེ་བཙུན་སྙིང་ཏིག་གི་འཕོ་བ་མཁའ་སྤྱོད་བདེ་ལམ་བཞུགས།། །། འདིར་ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་རྩ་བ་རྡོ་རྗེའི་ཚིག་ལས་འཕྲོས་པའི་ཟབ་ལམ་འཕོ་བའི་རིམ་པ་ལ་གཉིས། སྦྱང་བ་དང་། ལས་ལ་སྦྱར་བའོ། །དང་པོ་ནི། སྐྱབས་སེམས་ནས་བླ་མའི་རྣལ་འབྱོར་དབང་བཞི་བཅས་སྔོན་དུ་འགྲོ་བས། དངོས་གཞིའི་དམིགས་པ་ནི། ཨ། བདག་ལུས་སྣང་སྟོང་འོད་ཀྱི་རྣམ་པ་ཡི། །ལུས་དབུས་དྲང་པོར་དབུ་མ་མདའ་སྨྱུག་ཙམ། །ཡར་སྣེ་ཚངས་བུག་རྒྱ་མཐོངས་ཁ་ཕྱེས་ལྟར། །མར་སྣེ་གསང་བར་ཟུག་པའི་སྙིང་གི་ཐད། །འོད་ལྔའི་ར་བ་ཟླུམ་འཁྱིལ་དབུས་སུ་ཨ། །མཐིང་གསལ་འཚེར་བ་སྲན་མའི་གའུ་ཙམ། །སྤྱི་བོར་པདྨ་ཉི་ཟླའི་གདན་གྱི་སྟེང་། །བཀའ་དྲིན་མཚངས་མེད་དཔལ་མགོན་བླ་མ་ནི། །རྣམ་པ་འཁོར་འདས་སྤྱི་དཔལ་བཅོམ་ལྡན་འདས། །གཞོན་ནུ་དཔའ་བོ་སྟོབས་ལྡན་ཁྲོ་ཆགས་བརྗིད། །མཐིང་ནག་ཐབས་ཤེས་རྡོ་རྗེ་དུང་ཁྲག་བསྣམས། །ཞབས་གཉིས་དོར་སྟབས་རང་འདྲའི་ཡུམ་དང་སྦྱོར། །དུར་ཁྲོད་ཆས་རྫོགས་ཡེ་ཤེས་མེ་དཔུང་ཀློང་། །སྐུ་དང་ཡེ་ཤེས་དབྱེར་མེད་ཚུལ་དུ་བཞུགས་པར་མོས་ལ། བརྒྱུད་པའི་གསོལ་འདེབས་གདུང་བའི་དབྱངས་དང་བཅས། ཨེ་མ་ཧོ། ཀ་དག་སྤྲོས་བྲལ་ཆོས་སྐུའི་གཞལ་ཡས་ན། །ཀུན་བཟང་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །ལྷུན་གྲུབ་བདེ་ཆེན་ལོངས་སྐུའི་ཞིང་ཁམས་ན། །རིག་མཆོག་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས། །ཟུང་འཇུག་དུར་ཁྲོད་མེ་རི་འབར་བ་ན། །སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལྎ དུར་ཁྲོད་སོ་ས་གླིང་གི་གནས་མཆོག་ཏུ། །སློབ་དཔོན་འཇམ་དཔལ་བཤེས་གཉེན་ལྎ བསིལ་ཚལ་འཇིགས་སུ་རུང་བའི་གནས་མཆོག་ཏུ། །རིག་འཛིན་ཤྲཱི་སེང་ཧ་ལ་གསོལ་བ་འདེབས། །རྒྱ་གར་བྷ་སེང་དུར་ཁྲོད་ཆེན་པོ་ན། །མཁས་པ་ཛྙཱ་ན་སཱུ་ཏྲ་ལྎ རྒྱ་ནག་རི་བོ་རྩེ་ལྔའི་ཕོ་བྲང་དུ། །པཎ་ཆེན་བི་མ་མི་ཏྲ་ལྎ འོ་ཡུག་ཕྱི་གོང་རྫ་ཡི་རྭ་བ་ན། །རིག་འཛིན་སིཾ་ཧེ་ཤྭ་ར་ལྎ སྣང་སྲིད་བདེ་བ་ཆེན་པོའི་ཞིང་ཁམས་ན། །འོད་གསལ་སྤྲུལ་པའི་རྡོ་རྗེ་ལྎ སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་ན། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །དེ་ལྟར་བརྒྱུད་གསུམ་བླ་མར་གསོལ་བཏབ་མཐུས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པ་དང་། །འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབས། །ཞེས་མོས་གུས་གཏིང་ཚུགས་པའི་གསོལ་འདེབས་ཡང་ཡང་བྱས་མཐར་བར་རླུང་འཇམ་པོ་བསྐྱིལ་ལ་ཨ་ཡིག་ཐིག་ལེ་དང་བཅས་པ་ལ་སེམས་རྩེ་གཅིག་ཏུ་གཏད། དམིགས་པ་ཟིན་པ་དང་། ཨ་ཨ་ཨ། ཞེས་དབྱངས་དང་བཅས་བརྒྱ་རྩ་བརྗོད་པས་ཐིག་ལེ་ཨ་དང་བཅས་ཇེ་མཐོར་སོང་། ཚངས་བུག་ནས་ཐོན། བླ་མ་ཧེ་རུ་ཀ་ཡབ་ཡུམ་གྱི་ཐུགས་དང་དབྱེར་མེད་དུ་བསྲེས། ཚངས་བུག་སྦྱང་བའི་དམིགས་པ་ཡང་ཡང་བྱ། མཐར་ཞིང་ཁམས་དེ་ཡང་ཇེ་མཐོ་ཇེ་མཐོར་སོང་ནས་དམིགས་བསམ་སྤྲོས་པ་ལས་འདས་པའི་དབྱིངས་སུ་ཐིམ་པར་བསམས་ལ་ཨ་གྲངས་མེད་བརྗོད་དེ་ངལ་གསོ། དེ་ལས་ལྡང་བ་ན་བསྔོ་བ་དང་སྨོན་ལམ་བཟང་པོ་གདབ་པར་བྱའོ། །སྤྲོ་ན། རང་སྐད་ཅིག་གིས་ཚེ་དཔག་མེད་ཡབ་ཡུམ་དཀར་པོ་བསྒོམས་པའི་སྙིང་དབུས་སུ་བླ་མ་རྡོ་རྗེ་སེམས་དཔའ་ཚེ་དཔག་མེད་ཡབ་ཡུམ་ཚོན་གང་བར་གྱུར་ནས་བཞུགས་པར་མོས་པའི་ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་གྱི་ནང་དུ་བྷྲཱུྃ་སྨུག་པོའི་ཁོག་པར་ནྲྀ་ཡིག་ཨ་དཀར་པོས་མཚན་པ་ལ་འཁོར་འདས་ཀྱི་ཚེ་བཅུད་སིབ་སིབ་ཐིམ་པར་དམིགས་ལ། ཨོཾ་བཛྲ་སཏྭ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨ། ཞེས་དང་ཚེ་གཟུངས་སོགས་བརྗོད་དོ། ལས་དང་པོ་བ་རྟོག་པ་རག་པ་རྣམས་ཀྱི་དོན་དུའོ། །གང་ལྟར་ཡང་ནང་གསལ་ཐིམ་ལ་མ་རྨུགས་པའི་འཆི་མེད་རང་བྱུང་རིག་པའི་ངང་མདངས་སྐྱོང་བ་ནི་གནད་དོ། ། ༈ ཤིན་ཏུ་ཉེ་བརྒྱུད་ལྟར་གསོལ་བ་འདེབས་པ་ནི། ཨེ་མ་ཧོ། །གནས་རང་སྣང་བདེ་ཆེན་འཁོར་ལོ་རུ། །སྐྱབས་ཀུན་འདུས་བླ་མ་ཧེ་རུ་ཀ །མདངས་འཇའ་ཟེར་ཡེ་ཤེས་མེ་དཔུང་ཀློང་། །སྐུ་ཁྲོ་ཆགས་གར་དགུའི་ཚུལ་གྱིས་རོལ། །བུས་མོས་གུས་གདུང་བས་གསོལ་བ་འདེབས། །ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །གནས་འོག་མིན་བགྲོད་པར་བྱིན་གྱིས་རློབས། །དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག །ཨ་མང་དུ་བརྗོད་མཐར་ཕཊ་སྒྲ་དྲག་པོས་རྟོག་ཚོགས་འཕྲོ་བཅད་ལ་བཞག་གོ །དེ་ལྟར་དམིགས་གནད་མཚན་བཅས་མཚན་མེད་རང་ཉམས་དང་སྦྱར་བས་ཞག་བདུན་ཕྲག་སོགས་ཉམས་སུ་བླངས་ན། དངོས་རྟགས་ཐུན་མོང་དང་མཐུན་པར་འབྱུང་བ་ནི་ངེས་པའོ། །རྣམ་པ་ཀུན་དུ་བླ་མ་ལ་མོས་གུས་དང་རང་རིག་སྐད་ཅིག་མའི་ངང་མདངས་སྐྱོང་བ་ནི་ལམ་གྱི་སྲོག་ཏུ་གཟུང་བར་གཅེས་སོ། །གཉིས་པ་ལས་ལ་སྦྱར་བ་ནི། རང་འཆི་ལྟས་བྱུང་ཚེ་བརྟགས་བསླུ་སོགས་རྒྱུད་ནས་གསུངས་པས་དེ་ལྟར་གྲུབ་ན་ལེགས། ཅིས་ཀྱང་མི་ཕན་པའི་འཆི་ལྟས་བྱུང་དུས། འབྲིང་མན་ཆད་ཀྱི་འཕོ་ལུགས་ནི། གཞུང་རྩ་བ་ལས། ཚེ་འདི་ཉིད་ལ་གོ་འཕང་མཆོག་མ་འགྲུབ་ན་ནམ་མཁའ་སུམ་ཕྲུགས་ཀྱི་སྦྱོར་བས་མྱ་ངན་ལས་འདའ་བར་བྱའོ༔ ཞེས་གསུངས་པས། དང་པོ་རང་གི་ཞེན་པའི་དངོས་པོ་གང་ཡོད་བླ་མ་དང་གྲོགས་མཆེད་དངོས་སུ་བཞུགས་པ་ན་དེར་ཕྱོགས་སྤོང་དག་བགྱིད། མིན་ཡང་ཕངས་པ་མེད་པའི་ཡིད་ཀྱིས་དངོས་སུ་ཕུལ་པའི་མོས་པ་བྱ། ཚེ་འདི་ཡི་ཆགས་ཞེན་གྱི་འཁྲི་བ་རྦད་ཀྱིས་གཅད། ནུས་ན་སྐྱབས་སེམས་དང་བླ་མའི་རྣལ་འབྱོར་སོགས་སྦྱང་བའི་སྐབས་ལྟར་རམ། ཡང་ན་བླ་མ་ལ་སྙིང་ནས་དད་པ་དྲག་པོས་གསོལ་བ་འདེབས་ཤིང་འཕོ་དམིགས་ཚུལ་བཞིན་བྱ། གང་ལྟར་ཞིང་ཁམས་ཇེ་མཐོར་སོང་ནས་དབྱིངས་ཡེ་གཉིས་སུ་མེད་པའི་ངང་དུ་བཞག་བཞིན་འཕོ་ནུས་ན་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་ཅེས་འཕོ་བ་ཐམས་ཅད་ཀྱི་རྒྱལ་པོ་ལྟ་བུའོ། །སུམ་ཕྲུགས་ཀྱི་ཐ་སྙད་ནི། རང་གི་སྙིང་མཆོང་གུར་སྨུག་པོའི་ནང་ཁོང་སྟོང་སེང་ངེ་ཡོད་པ་ལ་ནང་གི་ནམ་མཁའ་དང་། དེ་ལ་བརྟེན་བྱའི་ཚུལ་སེམས་ཉིད་སྟོང་གསལ་དུ་གནས་པ་གསང་བའི་ནམ་མཁའ། རྩ་ཀ་ཏི་ཤེལ་སྦུག་ཅན་ཞེས་སྙིང་དང་མིག་ཏུ་འབྲེལ་བའི་ལམ་སྟོང་པར་བརྒྱུད་དེ་ཕྱིའི་ནམ་མཁའ་དང་དབྱེར་མེད་དུ་བསྲེས་ཏེ་མ་བཅོས་གཉུག་མའི་ངང་དུ་བཞག་པ་ལ་ནམ་མཁའ་སུམ་ཕྲུགས་ཞེས་གྲགས་སོ། །ཞིབ་ཏུ་བླ་མའི་མན་ངག་ལ་བརྟེན་པ་གལ་ཆེ། ཕལ་པོ་ཆེའི་མདོ་ལས། དཔེར་ན་རྐྱལ་མཁན་ཆུ་ཡིས་ཁྱེར་བ་བཞིན། །རྐྱལ་བའི་ལོ་རྒྱུས་སེམས་ལ་ཡོད་གྱུར་ཀྱང་། །མ་བརྐྱལ་བར་དུ་ཐར་བར་མི་འགྱུར་བ། །ཤེས་ནས་མ་བསྒོམ་ཆོས་ཀྱང་དེ་དང་མཚུངས། །ཞེས་གསུངས་པ་ལྟར། ད་ལྟ་རྟེན་འབྲེལ་ཕུན་སུམ་འཚོགས་པའི་དུས་འདི་ལ། ལམ་མཐར་ཕྱིན་པའི་ཐབས་ལ་འབད་དགོས། གལ་ཏེ་འཆི་བ་གློ་བུར་དུ་བྱུང་ན་ཉེ་ལམ་འཕོ་བའི་གདམས་པ་འདི་ལ་ཉམས་མྱོང་ཐོན་ངེས་གལ་ཆེ་བས་ཀུན་གྱིས་ཐུགས་ལ་གཞག་པར་ཞུ། དེ་ལྟར་གཏེར་གཞུང་རྩ་བར་ཚིག་ཟིན་ཙམ་ལས་མི་བཞུགས་པས། དམིགས་བསལ་རྗེ་ཉིད་ཀྱིས་ཞལ་གསུང་ཞིག་གནང་ཐུབ་པར་དངོས་བརྒྱུད་ནས་ཡང་ཡང་ཞུས་ཚེ། དམིགས་ཁྲིད་ཅིག་གནང་སྟེ་འཕོ་བའི་དམིགས་རྐང་དང་ངག་འདོན་མདོར་བསྡུས་ཙམ་ལ་དཀའ་ལས་མི་འདུག་མོད་ཀྱང་ཉིད་ཀྱིས་འབྲི་བར་འོས་པས་དེ་ལྟར་གྱིས་ཤིག་ཅེས་བཀའ་གནང་ཕེབས་པ་ཡིད་ལ་བཅག་བཞིན་ལོ་ཤས་ལྷག་སོང་། ཕྱིས་རྗེ་དགོངས་པ་ཆོས་ཀྱི་དབྱིངས་སུ་བསྡུ་བའི་ཚུལ་བསྟན་པའི་དགའ་བ་ཆུ་འབྲུག་གི་ལོར་ལམ་འདིའི་དབང་ཁྲིད་སྐབས་སྙིང་ཏིག་མ་བུའི་གཞུང་དང་། བླ་མའི་ཞལ་གསུངས་ཚད་མ་གཞིར་བཞག་དམིགས་བསལ་ཕྲན་བུ་བཅས་རིག་འཛིན་སྣ་ཚོགས་རང་གྲོལ་པས་བྲིས་པའི་དགེ་བས་སེམས་ཅན་ཐམས་ཅད་འཆི་མེད་ཞི་བ་དམ་པ་གདོད་མའི་མགོན་པོའི་གཞི་དབྱིངས་སུ་གྲོལ་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལམ། དགེའོ། །དགེའོ། །དགེའོ།། །། ༈ རྩ་བའི་དམ་ཚིག་གི་རིམ་པ་བཞུགས་སོ། །ན་མོ་གུ་ར་ཝེ། ཁེ་ཉེན་ཚད་མེད་དངོས་གྲུབ་རྒྱ་མཚོའི་མཛོད། །བླ་མ་རྡོ་རྗེ་འཛིན་པ་ལ་བཏུད་དེ། །རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བ་ནི། །འདའ་ཀ་རྡོ་རྗེ་གསུམ་གྱི་དམ་ཚིག་ལས། །གྱེས་པའི་དབྱེ་བ་ཉི་ཤུ་རྩ་བདུན་ནི། །རྒྱུད་ནས་གསུངས་བཞིན་འདི་རུ་བཤད་པར་བྱ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་ནང་གསེས་དབྱེ་བ་དགུ་རེ་ཡོད་པས་རིམ་པར། མ་བྱིན་ལེན་པ་སྐུ་ཕྱིའི་ཕྱི་མི་ཚངས་སྤྱོད་ཕྱིའི་ནང་སྲོག་གཅོད་པ་ཕྱིའི་གསང་བ། །ཕ་མ་དང་རྡོ་རྗེའི་སྤུན་སྲིང་དང་རང་ལུས་ལ་སྨོད་པ་ནང་གི་ཕྱི། །ཆོས་དང་གང་ཟག་ལ་སྨོད་པ་ནང་གི་ནང་རང་གི་ལུས་ལ། །དཀའ་ཐུབ་དང་བརྡེག་སོགས་ནང་གི་གསང་བ་རྡོ་རྗེའི་སྤུན་སྲིང་གི །ལུས་ལ་བརྡེག་པ་གཟས་པ་རྒྱན་ལ་སྨོད་པ་གསང་བའི་ཕྱི་དངོས་སུ་བརྡེག་པ། །བླ་མའི་ཡུམ་ལ་གཙེས་པ་གྲོགས་ཀྱི་ཡུམ་ལ་སྤྱད་པ་ལ་སོགས་གསང་བའི་ནང་། །སྐུ་ཡི་གྲིབ་མ་འགོམས་པ་དང་སྤྱན་སྔར་རུ། །མ་གུས་པ་དང་བག་མེད་པའི་སྤྱོད་ལམ་མི་མཛེས་པ། །རྐང་ལག་བསྐྱང་ནས་འདུག་པ་བབ་ཅོལ་དུ་སྨྲ་རྒོད་དང་། །གསུང་ལ་རྒོལ་བ་དང་སྒེག་ཆོས་ལ་སོགས་པ་གསང་བའི་གསང་བ། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །རྫུན་དང་གསུང་ཕྱིའི་ཕྱི་ཕྲ་མ་ཕྱིའི་ནང་ཚིག་རྩུབ་སྨྲ་བ་ཕྱིའི་གསང་བ་དང་། ཆོས་ཀྱི་ཚིག་སྨྲ་ནང་གི་ཕྱི་དང་དེ་དོན་ཡིད་ལ་སེམས་པ་ནང་གི་ནང་དང་། །གནས་ལུགས་རྣལ་འབྱོར་དུ་བྱེད་པ་རྣམས་ལ་གཤེ་ཞིང་སྐུར་བ་ནང་གི་གསང་བ། །རྡོ་རྗེའི་སྤུན་སྲིང་དང་གསང་བའི་ཕྱི་བླ་མའི་ཕྱག་རྒྱ་དང་། །ཉེ་འཁོར་ཚིག་བརྙས་པ་གསང་བའི་ནང་བླ་མས་ཇི་སྐད་གསུངས། །བརྙས་ཤིང་མ་བསྒྲུབ་བཀའ་ལས་འདས་པ་གསང་བའི་གསང་བ་སོགས། །གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །གཞན་གྱི་ནོར་དང་བྱེ་བྲག་ཏུ་བླ་མའི་དཀོར་ལ་བརྣབ་པ་ཐུགས་ཕྱིའི་ཕྱི། །སེམས་ཅན་སྤྱི་དང་རྡོ་རྗེའི་མཆེད་ལྕམ་ལ། །གནོད་སེམས་འཆང་དང་ཕྱིའི་ནང་ཆོས་དང་གང་ཟག་དང་། །བླ་མ་དང་ནི་ཆོས་ལ་ལོག་པར་ལྟ་ཕྱིའི་གསང་བ། །སྤྱོད་པ་ལོག་བག་མེད་ཐོ་ཅོ། ནང་གི་ཕྱི་དང་སྒོམ་པ་བྱིང་རྒོད་དང་གོལ་སྒྲིབ། ནང་གི་ནང་དང་ལྟ་བ་ལོག་རྟག་ཆད་དང་མཐར་འཛིན། ནང་གི་གསང་བ། །ལྟ་བ་སྒོམ་པ་སྤྱོད་པ་གསང་བའི་བྱི་ཡི་དམ་གྱི་ལྷ་གསང་བའི་ནང་དང་ནི། །བླ་མའི་རྣལ་འབྱོར་རྡོ་རྗེའི་མཆེད་ལྕམ་ལའང་། །བརྩེ་གདུང་ཡིད་ལ་མ་བསྒོམས་ཉིན་ཞག་གི །ཐུན་ལས་འདས་སོགས་གསང་བའི་གསང་བ་ཐུགས་ཀྱི་དམ་ཚིག་རྣམས། །ཉམས་པར་གྱུར་པ་ཐམས་ཅད་མཐོལ་ལོ་བཤགས། །གཞན་ཡང་གསང་བར་འོངས་དང་གཉེར་གཏད་པ། །གསང་བར་ཁས་བླངས་བསྒྲགས་ཤིང་དམ་ལས་འདས། །འདི་དག་རྩ་བའི་དམ་ཚིག་ཆེན་པོ་སྟེ། །འགལ་ཉམས་འདས་རལ་གྱུར་པ་མཐོལ་ལོ་བཤགས། །རྣལ་འབྱོར་བློ་རྟོགས་རིམ་པའི་གནང་བཀག་རྣམས། །དུས་དང་འབྲེལ་ཏེ་རྒྱུད་ལས་གསུངས་པའི་དོན། །ཇི་བཞིན་མ་ཤེས་བག་མེད་ལེ་ལོ་དང་། །ཉོན་མོངས་ཤུགས་དྲགས་གཉེན་པོ་སྟོབས་ཞན་པས། །དངོས་གྲུབ་གཡེལ་ཞིང་མནར་མེད་རྒྱུར་གྱུར་གང་། །མཐོལ་ལོ་བཤགས་སོ་བྱང་ཞིང་དག་པར་མཛོད། །དངོས་གྲུབ་རྣམ་གཉིས་ཚེ་འདིར་ཐོབ་པར་ཤོག །ཅེས་ཡི་གེ་བརྒྱ་པ་བརྗོད། དེ་ལྟའི་རིམ་པར་རྒྱབ་བརྟེན་ལུང་གིས་དཔང་པོར་བྱས་ན། དམ་ཚིག་གསུམ་བཀོད་ལས། འགྲོ་བའི་སྨིན་སོ་གསུམ་དག་ལས། །སྔགས་ཀྱི་དམ་ཚིག་གསུམ་དུ་བཤད། །སྐུ་དང་གསུང་དང་ཐུགས་དག་ལས། །རེ་རེ་ལ་ཡང་དགུ་དགུ་སྟེ། །ཉི་ཤུ་བདུན་དུ་རྣམ་པར་དབྱེ། །ཞེས་དང་། དམ་ཚིག་བཀོད་པ་མཆོག་གི་རྒྱུད་ལས། སྤྱིར་ཡང་རྩ་བའི་དམ་ཚིག་ལས། །གསང་བར་འོས་དང་གཉེར་གཏད་དང་། །གསང་བར་ཁས་བླངས་བསྟན་པ་དང་། །སྨྲས་དང་ཡིད་ཀྱིས་ལོག་སྤྱད་ན། །འདི་ཡང་མནར་མེད་རྒྱུར་འགྱུར་རོ། །ཞེས་དང་། དམ་ཚིག་ཉམས་པའི་རྐྱེན་ནི། ཤེལ་གྱི་ཁང་བུ་བརྩེགས་པའི་རྒྱུད་ལས། སྔགས་འཆང་རྣལ་འབྱོར་བརྩོན་པ་ན། །བདུད་རྣམས་མོས་པ་བསྒྱུར་བ་ཡིས། །དམ་ཚིག་ཉེས་པ་རྣམ་པར་བརྩམ། །དེ་བས་རབ་ཏུ་ཤེས་པར་བྱ། །བླ་མའི་ཐུགས་ནི་སྐད་ཅིག་ཀྱང་། །དཀྲུགས་པར་བྱ་བ་མ་ཡིན་ནོ། །དེ་བཞིན་རྡོ་རྗེའི་སྤུན་སྲིང་ལ། །སྨོད་ཅིང་རྩུབ་པའི་འདུ་ཤེས་སྤོངས། །ཞེས་སོ། །བསྲུང་བའི་ཚུལ་ནི། དེ་ཉིད་ལས། དེས་ན་སྔགས་པས་འབད་པར་ཡང་། །ཤེས་བཞིན་གྱིས་ནི་ཟིན་པར་བྱ། །ཞེས་སོ། །ཉམས་པའི་ཉེས་དམིགས་ནི། འཁོར་ལོ་རིན་པོ་ཆེ་རྣམ་པར་བརྩེགས་པའི་རྒྱུད་ལས། སྐུ་ཡི་དམ་ཚིག་ལས་འདས་ན། །སངས་རྒྱས་སྐུ་ཞེས་ཚིག་དང་བྲལ། །འདི་ལྟར་ཁམས་གསུམ་སེམས་ཅན་རྣམས། །སྲོག་ནི་དུས་གཅིག་བཅད་པ་བས། །ཕས་ཕམ་པ་ནི་སྡིག་མཐའ་ཡས། །དེ་བཞིན་གསུང་ནི་ཞིག་པ་ན། །སངས་རྒྱས་གསུང་གི་ཚིག་མི་གནས། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །ལྕེ་ཡི་དབང་པོ་དུས་གཅིག་ལ། །བཅད་པའི་སྡིག་བས་འདི་མཐའ་ཡས། །གལ་ཏེ་ཐུགས་ཉམས་གྱུར་པ་ན། ཁམས་གསུམ་གང་བའི་བསམ་གཏན་པའི། །དོན་ལ་གནས་པའི་དགེ་སློང་རྣམས། །དུས་གཅིག་སེམས་དཀྲུགས་སེམས་སུན་བྱུང་། །སྡིག་པ་འདི་ནི་ཕ་མཐའ་ཡས། །ཞེས་སོ། །དེ་ལྟར་དངོས་སུ་ཉམས་པ་ལྟ་ཅི། རྨི་ལམ་དུ་བྱུང་བ་ཡང་ཕྲལ་དུ་བཤགས་དགོས་པ་ནི། བཀོད་པ་ཆེན་པོ་ལས། བླ་མ་དང་ནི་ཉེ་བའི་འཁོར། །དེ་བཞིན་རྡོ་རྗེ་སྤུན་སྲིང་ལ། །ངན་སྨྲས་ཚིག་གི་ཟུར་ཙམ་ཡང་། །བརྡ་འམ་དངོས་པོར་བརྗོད་མི་བྱ། །གལ་ཏེ་རྨི་ལམ་དག་ཏུ་ཡང་། །བྱུང་ན་ཡིད་ཀྱིས་བཤགས་པར་བྱ། །དངོས་དང་ཡིད་ཀྱིས་བྱས་པ་དག །གལ་ཏེ་དྲན་པས་མ་ཟིན་པར། །ཐལ་བར་གྱུར་ཀྱང་མ་བཤགས་ན། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ །ཞེས་སོ། །བསྲུངས་པའི་ཕན་ཡོན་སྤྱི་དང་བྱེ་བྲག་གཉིས་ལས་དང་པོ། ཤེལ་གྱི་ཁང་བུ་བརྩེགས་པའི་རྒྱུད་ལས། དམ་ཚིག་མཆོག་དང་ལྡན་གྱུར་ན། །ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ། །མཁའ་འགྲོས་སྟོངས་གྲོགས་བྱེད་པ་དང་། །གྲུབ་པ་བརྒྱད་རྣམས་དབང་བསྒྱུར་ཞིང་། །ཐར་པའི་བདག་པོ་མཆོག་ལ་རེག །ཅེས་དང་། །གཉིས་པ་ལའང་། དམ་ཚིག་མཆོག་གི་རྒྱུད་ལས། རྩ་བ་གསུམ་ལ་ངེས་དབྱེ་བ། །དགུ་ཡིས་རྣམ་པར་ཕྱེ་བ་ལས། །ཉི་ཤུ་བདུན་གྱི་དབྱེ་བ་ཡིས། །སྔགས་ལས་ཁྱད་པར་ནང་པ་ཡི། །དམ་ཚིག་རྣམ་པར་བསྡུས་ཏེ་ཕྱེ། །འདི་ལས་འགལ་བར་མ་བྱས་ན། །རྡོ་རྗེ་འཛིན་པ་རྫོགས་སངས་རྒྱས། །ཚེ་འདི་ཉིད་ལ་འཐོབ་པར་ངེས། །ཞེས་དང་། སྔ་མ་ལས། རྣལ་འབྱོར་དམ་ཚིག་ལྡན་པ་ཡིས། །དངོས་གྲུབ་ཡ་མཚན་ཆེན་པོ་འགྲུབ། །ཕྲིན་ལས་བཞི་པོ་ཐོགས་མེད་ཅིང་། །རྟོགས་པ་མཆོག་ནི་གོང་དུ་འཕེལ། །ཞེས་སོ། །མཆོག་གི་དངོས་གྲུབ་ཀྱང་བླ་མའི་ཕྱོགས་ཀྱི་དམ་ཚིག་ལ་རག་ལས་ཚུལ་ནི། རྡོ་རྗེ་སྙིང་པོ་སྲ་བ་འབྱུང་གནས་ཀྱི་རྒྱུད་ལས། དམ་ཚིག་སྡོམ་པ་རྣམ་བཤད་པ། །ཀུན་ཀྱང་རང་གི་སེམས་ལས་སོ། །དེ་ཡི་ཕན་པ་བླ་མས་ཤེས། །དེ་ཕྱིར་སེམས་ལ་འདྲིས་པའི་མིས། །སངས་རྒྱས་ཞིང་ཁམས་མཐོང་བ་དང་། །སྐུ་གསུམ་ཚད་དུ་འབྱོངས་པ་དང་། །སངས་རྒྱས་ཡོན་ཏན་མངོན་པར་འགྲུབ། །བླ་མ་རྟག་ཏུ་བསྟེན་པའི་མིས། །མཁའ་འགྲོའི་གཟུགས་རྣམས་མཐོང་བ་དང་། །དེ་ཡི་བྱིན་རླབས་འཇུག་པ་དང་། །དུས་གསུམ་ལུང་ཡང་སྟོན་པ་དང་། །སྐྱེ་ཤི་གཉིས་ལ་དབང་ཐོབ་འགྱུར། །གྲོགས་ལ་བརྩེ་གདུང་ལྡན་པའི་མིས། །འགྲོ་བ་ཐམས་ཅད་འདུ་བ་དང་། །ཀུན་ཀྱང་སྙན་པར་གྲགས་པ་དང་། །གཟུགས་ཅན་ཀུན་ཀྱང་བྱམས་པ་དང་། །མཁའ་འགྲོ་མ་རྣམས་འདུ་བ་དང་། །མ་བསྒྲུབ་དངོས་གྲུབ་འབྱུང་བ་དང་། །ངག་ལ་ནུས་པ་འབར་བ་དང་། །དེ་བཞིན་མཆོག་དང་ཐུན་མོང་གི །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །ཞེས་སོ། །དུས་དང་གསོ་ཚུལ་ནི། རྡོ་རྗེ་ཉི་མ་ལས། སྤྱིར་ནི་དམ་ཚིག་ཁྱད་པར་ལས། །དུས་ལས་ཁྱད་པར་ངེས་ཕྱེ་བ། །དམ་ལས་འགལ་ཞེས་ཉེས་བྱས་གང་། །ཞག་གིས་བར་མ་ཆོད་པ་ནི། །དམིགས་པའི་ཡུལ་ལས་བཤགས་བྱས་ན། །དེས་ནི་སོར་ཡང་ཆུད་པ་འོ། །ཉམས་ཞེས་ཟླ་བས་མ་ཆོད་པར། །འགྱོད་པ་དྲགས་པོས་བཤགས་པས་སོས། །དམ་ལས་འདས་ནི་ལོ་དག་གིས། །བར་དུ་མ་ཆོད་བཤགས་པས་སོས། །ལོ་ནི་གཉིས་དང་གསུམ་དག་ལ། །དམ་ཚིག་རལ་པ་ཞེས་བྱ་བ། །མཆོག་ཏུ་དྲགས་ན་གསོ་རུ་རུང་། །ལོ་གསུམ་དག་ལས་འདས་པ་ནི། །ནམ་ཡང་གསོ་བར་མི་རུང་སྟེ། །གལ་ཏེ་བླངས་ན་གཉིས་ཀ་འཚིག །ངེས་པར་ས་སྤྱོད་སྡུག་བསྔལ་ལས། །རྒྱུན་དུ་སྤྱོད་པ་ཁོ་ན་འོ། །འགལ་ན་ཚོགས་ཀྱི་འཁོར་ལོས་བཤགས། །ཉམས་ན་རང་གི་བདོག་པས་བསྐང་། །འདས་ན་བུ་དང་ཆུང་མ་དང་། །ཉེ་འཁོར་ལུས་དང་ངག་དག་དང་། །ཡིད་དང་བདོག་པར་བཅས་པས་བསྐང་། །རལ་བ་རང་གི་སྲོག་གིས་བསྐང་། །ཞེས་སོ། །དེ་ལྟར་ཉམས་པ་དག་གིས་སྔར་བྱས་ལ་འགྱོད་པ་དྲགས་པོ་ཕྱིན་ཆད་སྡོམ་སེམས་དང་བཅས་ལོ་ཟླས་མ་ཆོད་པར་ཕྲལ་དུ་བླ་མ་རྡོ་རྗེའི་སྤུན་སྲིང་དངོས་སུ་བཞུགས་ན་མདུན་དུ་ཚོགས་དང་ཡོ་བྱད་ཀྱིས་མཉེས་པར་བྱས་ལ་བཤགས། མེད་ན་སྐུ་གཟུགས་ལ་སོགས་པའི་མདུན་དུ་ཚོགས་དང་ཡི་གེ་བརྒྱ་པ་སོགས་འབད་དེ་བཤགས་ན་དག་པར་འགྱུར་རོ། །རང་བཞིན་རྫོགས་པ་ཆེན་པོའི་བསྲུང་མཚམས་ལས་འདས་པའི་དམ་ཚིག་འདའ་ཉམས་མེད་པ་ཡིན་ཡང་། ལམ་ཉམས་སུ་ལེན་པའི་རྣལ་འབྱོར་པ་རྣམས་ཀྱིས་དམ་ཚིག་ལ་གནས་དགོས་པར་གསུངས་པ་དང་རང་འདྲའི་ལྷོད་པོ་འགའ་ལ་དྲན་པའི་གསོས་སུ་དམིགས་སྟེ། དམ་ཚིག་གི་རིམ་པ་རྣམ་གྲོལ་རྒྱ་མཚོ་ཇི་ལྟ་བ་ལས། ངག་འདོན་ཚིགས་བཅད་དུ་བྱས་ནས་ལྕེ་བཙུན་སྙིང་ཏིག་གི་ཆ་ལག་ཏུ་སྔགས་མིང་གཟུགས་བརྙན་པ་རིག་འཛིན་སྣ་ཚོགས་རང་གྲོལ་བས་སྤེལ་བའི་དགེ་བས་རང་གཞན་གྱི་དམ་ཚིག་ཉམས་ཆག་ཐམས་ཅད་སོར་ཆུད་དེ་དངོས་གྲུབ་རྣམ་གཉིས་ཚེ་འདིར་ཐོབ་པའི་རྒྱུ་གྱུར་ཅིག །མངྒ་ལཾ། །དགེའོ། །དགེའོ། །དགེའོ།། །།

View PDF Chetsun 4

Notes

  1. Sechen