ལྔ་བསྡུས་བཟའ་ལྔའི་རྩིས་་་

From Rangjung Yeshe Wiki Texts
Jump to navigation Jump to search
{{{1}}}

༄༅། །ལྔ་བསྡུས་བཟའ་ལྔའི་རྩིས། དྷྲུ་བ་འཕོ་བ་ཕྱི་ནང་གི་རྩིས། ཉི་ཁྱིམ་འཕོ་བ་དྷྲུ་བ་སྒྲ་གཅན་འཕོ་བ་དང་བཟའ་བསྡུས་པ་བཅས་བཞུགས་སོ། །[1]

༄༅། །འདས་ལོར་ཉིས་འགྱུར་དཔྱིད་འབྲིང་པོ། །བྱིན་ལ་འོག་མར་རྒྱུ་སྐར་བསྲེ། །མིག་གིས་བསྒྱུར་ལ་མདའ་རོས་བགོ །ཐོབ་པ་སྟེང་གཞུག་ཟླ་དག་གོ །གནས་གསུམ་བར་མ་སོ་ཡིས་བསྒྱུར། །འོག་མ་རོས་ཐོབ་བར་མ་སྦྱང་། །ལྷག་མ་མཁའ་བྱིན་བར་ནས་ཅིག །འོག་ཕབ་སྦྱངས་པས་ཆུ་སྲང་ངོ་། །དབུས་སུ་མེ་ཆུ་བསྲེས་བྱས་ལ། །དྲུག་ཅུས་བགོས་ལྷག་ཆུ་ཚོད་དོ། །ནོར་ལ་བཞི་བསྣན་སྟེང་ལ་གཞུག །ཐུབ་པས་སྟེང་བགོས་ལྷག་མ་གཟའ། །ཟླ་དག་དུས་བུག་ཟླ་བ་བསྲེ། །གནས་གཉིས་འོག་མར་དུས་ཉིས་བགོ །ལྷག་མ་ཆ་ཤས་ཐོབ་པ་ལ། །དུས་མིག་བསྲེས་ལ་སྟེང་བསྒྱུར་གཞུག །ཀླུ་ལྷག་བགོས་ལྷག་རིལ་པོའོ། །གནས་གསུམ་བར་མ་དྲག་པོས་བསྒྱུར། །འོག་མར་རི་དང་བསྲེ་བ་སྟེ། །དགུ་ཡོན་གྱིས་ཐོབ་བར་མ་སྦྱང་། །ལྷག་མ་དྲུག་ཅུའི་བསྒྱུར་ཐོབ་པས། །བར་ནས་ཅིག་ཕབ་སྦྱངས་པའི་ལྷག །ཆུ་སྲང་ཡིན་ཏེ་ཅིག་ཕབ་པ། །དགུ་མེས་ཐོབ་པ་སྦྱངས་པ་དབུགས། །དབུ་མར་ཐུབ་པ་ཡོན་ཏན་སྦྱིན། །དྲུག་ཅུས་བགོས་ལྷག་ཆུ་ཚོད་དོ། །ནོར་ལ་མདའ་དང་མིག་བསྲེས་ཏེ། །སྟེང་མ་ལག་པས་བསྒྱུར་ལ་གཞུག །དེ་ལ་སྐར་བསྒོས་ལྷག་སྐར་གནས། །གཟའ་ལ་ཚེས་བྱིན་དབྱུག་གུར་ཕྲི། །རིལ་པོ་བྱིན་ཏེ་ཆུ་ཟླ་ཡིས། །བགོས་པའི་ལྷག་མས་རྐང་པ་བཟུང་། །འབྱུང་མདའ་འདོད་ཟུང་མེ་མིག་ཟླ། །ཕྱི་མ་ཟློག་པ་ཟླ་རྐང་ངོ་། །རྐང་བཟུང་སྔོན་མས་ཆ་ཤས་བསྒྱུར། །མ་ཟིན་དང་པོས་བསྒྱུར་བར་བྱ། །དུས་ཉིས་བགོས་ཐོབ་ཆུ་ཚོད་ཡིན། །ལྷག་མ་དྲུག་གི་བསྒྱུར་ཐོབ་པ། །ཆུ་སྲང་དྲུག་གིས་བསྒྱུར་ཐོབ་དབུགས། །དེ་ལྟར་ཐོབ་པ་རྣམས་ཀྱིས་ནི། །སྔར་ཟིན་སྡོམ་ཞིང་ཕྱི་ཟིན་དབྲི། །སྔར་གྱི་ཆུ་ཟླས་ཐོབ་པའི་ནོར། །མཉམ་ན་སྦྱིན་ཞིང་མི་མཉམ་དོར། །ཚེས་གྲངས་གནས་གཉིས་སྟེང་ཆུས་བསྒྱུར། །འོག་མ་ཉི་ཤུ་གཉིས་ཀྱིས་བསྒྱུར། །དྲུག་ཅུས་བགོས་ཐོབ་སྟེང་ལ་སྦྱིན། །གོང་མར་ཐོབ་སྟེ་སྐར་གནས་སྦྱིན། །ལྷག་མ་ཆུ་ཚོད་ཆུ་སྲང་གཞུག །གནས་གཉིས་ལ་ནི་སྐར་མ་ནས། །དྲུག་དང་ཆུ་ཚོད་གནས་ཞེ་ལྔ། །མེད་ན་འཁོར་བསྲེ་ཕྱེད་ལྷག་དོར། །དོར་བའི་ལྷག་མ་དྲུག་ཅུས་བསྒྱུར། །ཆུ་ཚོད་བསྲེས་ལ་མདའ་ཡོན་བཟླས། །ཐོབ་པས་ཉི་མའི་རྐང་བ་བཟུང་། །རོ་ཟུང་ཟླ་བ་དེ་བཟློག་པའོ། །རྐང་ཟུང་སྔོན་མས་ལྷག་མ་བསྒྱུར། །མདའ་ཡོན་བཟླས་ཐོབ་ཆུ་ཚོད་ཡིན། །ལྷག་མ་དྲུག་ཅུའི་བསྒྱུར་བ་ལ། །ཆུ་སྲང་བསྲེས་ལ་ཐོབ་ཆུ་སྲང་། །ཡང་ལྷག་དྲུག་བསྒྱུར་དབུགས་དང་བསྲེ། །བགོས་ཐོབ་དབུགས་ཡིན་དེ་རྣམས་ཀྱི། །སྔ་རྐང་བསྡམ་ཞིང་ཕྱི་རྐང་ཕྲི། །གཟའ་དང་ཉི་མའི་ལོངས་སྤྱོད་དུང་། །ལྷོར་བསྒྲོད་དོར་ཞིང་བྱང་བསྒྲོད་སྦྱིན། །དེས་ནི་གཟའ་དང་ཉི་སྐར་དག །ཉི་སྐར་ཅིག་ལ་ཚེས་གྲངས་སྦྱིན། །འོག་ཏུ་ཚེས་ལ་རོ་ཡིས་བསྒྱུར། །དེ་ལ་གཟའ་ཡི་ལོངས་སྤྱོད་བསྲེ། །དྲུག་ཅུས་བགོས་ཐོབ་ཉི་སྐར་སྦྱང་། །ལྷག་མ་ཆུ་ཚོད་ཆུ་སྲང་དབུགས། །སྦྱངས་པའི་ལྷག་མ་ཟླ་སྐར་ཡིན། །ཉི་ཟླ་བསྲེས་པས་སྦྱོར་བའོ། །ཚེས་གྲངས་ལག་བསྒྱུར་ཅིག་ཕྲི་ནས། །རིས་བགོས་ལྷག་མ་བྱེད་པའོ། །དེ་ལྟར་ཡན་ལག་རྣམ་པ་ལྔ། །སྔ་མར་གཉིས་འཕར་ཟླ་དག་ཏུ། །ཅིག་ཕྲི་ལྷག་མའི་གྲུ་བ་བྱ། །གཟའ་གནས་རིས་བགོས་ལྷག་མ་གཟའ། །སྐར་གནས་ཉི་ཤུ་རྩ་བདུན་ལ། །ཆུ་ཚོད་ཆུང་སྲང་དྲུག་ཅུ་ཡིན། །དབུགས་ལ་དྲུག་དང་ཆ་ཤས་ལ། །བརྒྱ་དང་ཉི་ཤུ་རྩ་དྲུག་དང་། །རིལ་པོར་ཉི་ཤུ་རྩ་བརྒྱད་ནས། །ལྷག་མ་མེད་ཕྱིར་དེ་དག་གིས། །བགོ་བའི་ངེས་པར་ཤེས་པར་བྱ། །སྒྲ་གཅན་དོན་དུ་ཟླ་དག་ལ། །མཁའ་བུག་མཁའ་ལ་བསྲེ་བྱས་ལ། །དེ་ལ་མིག་གིས་བསྒྱུར་བར་བྱ། །ཟླ་བ་ཅིག་སྦྱིན་ཉི་མར་གཉིས། །དེ་ལ་མཁའ་དུས་ཆུས་ཐོབ་དོར། །ལྷག་མ་སྐར་མས་བསྒྱུར་ཐོར་སྐར། །དྲུག་ཅུས་བསྒྱུར་ཐོབ་ཆུ་ཚོད་དེ། །ཆུང་སྲང་དབུགས་བྱས་ཕྱེད་དག་གོ །དེ་ཡིས་རྒྱུ་སྐར་སྦྱངས་པ་གདོང་། །ཕྱེད་བསྲེས་འཇུག་སྟེ་དེ་ཉིད་དང་། །ཉ་སྟོང་ཉི་ཟླའི་སྐར་གནས་གཉིས། །གང་མཉམ་དེ་ལ་འཇུག་པ་ཡིན། །ལྔ་བསྡུས་ཉི་ཟླ་གཟས་འཛིན་འདི། །རང་བྱུང་རྡོ་རྗེས་བསྡུས་པའོ། །རབ་སྐྱེས་ནས་བཟུང་ལོ་དག་ལ། །བུ་ག་དུས་དང་རི་ཕྱེད་བསྲེ། །དེ་ལ་བཞི་བརྒྱས་བསྒྱུར་བར་བྱ། །རི་དང་ཟླ་བ་མདའ་ཡིས་དབྲི། །དེ་ལ་རི་ཟླ་མེ་ཡིས་བགོས། །ཐོབ་པ་སྐར་མའི་གནས་ཡིན་ནོ། །ལྷག་མ་དྲུག་ཅུས་བསྒྱུར་ལ་ཐོབ། །ཆུ་ཚོད་ཡིན་ཏེ་བསྒྱུར་ཐོབ་པ། །ཆུ་སྲང་དྲུག་གིས་བསྒྱུར་ཐོབ་དབུགས། །སྐར་གནས་རིས་བགོས་ལྷག་མ་གཟའ། །གཟའ་ལ་གཉིས་དང་ཆུ་ཚོད་དུ། །མཁའ་མེ་བྱིན་པར་བྱས་པ་ཡིས། །ལོ་ཡི་ཟླ་བའི་འཕོ་བར་འགྱུར། །ཁྱིམ་གྱི་འཕོ་བ་བཟུང་བའི་ཕྱིར། །ལུག་སོགས་བཅུ་གཉིས་རིམ་པ་ལྟར། །གཟའ་ལ་ཅིག་དང་ཆུ་ཚོད་དུ། །རི་དང་འབྱུང་བ་སྦྱིན་པར་བྱ། །དེ་ནི་ལུག་གི་འཕོ་འཚམས་སོ། །གླང་དུ་རིགས་བྱེད་ཡོན་ཏན་མདའ། །འཁྲིག་པ་ཟླ་བ་རི་དང་ཟླ། །ཀར་ཀ་རིགས་བྱེད་མེ་དང་མདའ། །སེང་གེ་རི་བོང་མིག་དང་ལག །བུ་མོར་རིགས་བྱེད་ཟུང་མིག་སྦྱིན། །སྲང་དུ་དྲུག་དང་མདའ་ཟླ་སྦྱིན། །སྡིག་པར་ཟླ་བ་རི་ཟུང་ངོ་། །གཞུར་ནི་མེ་དང་དྲུག་དང་ཟླ། །ཆུ་སྲིན་རིགས་བྱེད་མི་དང་མེ། །བུམ་པར་དྲུག་དང་རིགས་བྱེད་དོ། །ཉ་ལ་སྟོང་པ་མིག་དང་མདའ། །བྱིན་པས་ཉི་མའི་ཁྱིམ་རྣམས་སུ། །འཕོ་བའི་ངེས་པ་བཟུང་བ་ཡིན། །མདོར་ན་ཉི་མ་རྒྱུ་བ་ལ། །ཆུ་སྲང་གསུམ་དང་དབུགས་བཞི་ཡི། །འཕེལ་འགྲིབ་ཉིན་མཚན་རིང་ཐུང་བྱེད། །བསྒྲོད་པ་མཐར་ཐུག་དུས་སུ་ནི། །ཚད་ཤིང་གྲིབ་མ་ལ་བརྟགས་ལ། །གསལ་བར་བྱི་དོར་བྱ་བ་ནི། །ཉི་མ་དག་པར་འགྱུར་བ་ཡིན། །གཞན་དུ་བྱེད་པས་དག་མི་འགྱུར། །དེ་ཕྱིར་བློ་ལྡན་ཤེས་པར་བྱ། །ཤིང་མོ་ཡོས་ལོ་དཔྱིད་འབྲིང་བཅོ་ལྔ་ལ་དགེའོ།། །། ༈ གཟའ་ལྔའི་རྩིས་བཞུགས་སོ། །ན་མ་ཤྲི་ཀ་ལ་ཙཀྲ། ཟླ་བ་དག་པ་སུམ་ཅུས་བསྒྱུར། །ད་ལྟའི་ཞག་བྱིན་གནས་གསུམ་བཞག །འོག་མར་རི་མཁའ་རིས་ཐོབ་པ། །དབུས་ཀྱི་ཕུང་པོར་བསྲེ་བར་བྱ། །དེ་ལ་དྲུག་ཅུ་རྩ་བཞིས་བགོ །ཐོབ་པ་སྟེང་ལ་དབྲི་བར་བྱ། །དེ་ནི་མི་གསལ་ཉིན་ཞག་རྣམས། །གཟའ་ལྔ་སྤྱི་ཡི་ཉི་མ་སྟེ། །ཅིག་ཕྲི་གསལ་བའི་ཉིན་ཞག་གོ །བཀྲ་ཤིས་གསལ་བར་བྱ་བའི་ཕྱིར། །དཔྱིད་ཉིར་རིང་ཐུང་ཟླ་བ་བསྲེ། །དེ་ལ་རི་ཀླུ་རོ་ཡིས་བགོ །ཐོབ་པ་དོར་ལྷག་སྐར་མས་བསྒྱུར། །རི་སོགས་བགོས་ཐོབ་སྐར་མའོ། །ལྷག་མ་མཁའ་རོས་བསྒྱུར་ཐོབ་པ། །དབྱུག་གུའོ་དེ་བཞིན་ཆུ་སྲང་དབུགས། །རིམ་བཞིན་བྱས་པས་ལོངས་སྤྱོད་དང་། །དལ་བར་དག་པར་བྱ་བའི་ཕྱིར། །གནས་གཉིས་གཅིག་ལ་སྐར་མ་ནས། །དགུ་དང་ཆུ་ཚོད་སུམ་ཅུ་སྦྱང་། །མ་འདང་འཁོར་ལོ་བསྲེས་ལ་སྦྱང་། །སྦྱངས་ཀྱང་འཁོར་ལོ་ཕྱེད་ལྷག་དོར། །མ་དོར་རིམ་པ་དོར་རིམ་ཡིན། །དོར་ལྷག་སྐར་གནས་དྲུག་ཅུས་བསྒྱུར། །འོག་གི་ཆུ་ཚོད་སྟེང་དུ་བསྲེ། །མདའ་ཡོན་བཟླས་ཐོབ་དལ་རྐང་བཟུང་། །དེ་བཞིན་བཅོ་བརྒྱད་རི་ལ་རྐང་། །ཕྱི་མ་ལ་ནི་དེ་ལས་བཟློག །རྐང་ཟོས་སྔོན་མས་ལྷག་མ་བསྒྱུར། །མདའ་ཡོན་ཟླས་ཐོབ་ཆུ་ཚོད་དང་། །ལྷག་མ་དྲུག་ཅུས་བསྒྱུར་ལས་ཐོབ། །ཆུ་སྲང་དྲུག་གིས་བསྒྱུར་ཐོག་དབུགས། །དེ་ལྟར་ཐོབ་པ་དེ་རྣམས་ཀྱིས། །སྔ་རྐང་སྡོམ་ཞིང་ཕྱི་རྐང་དབྲི། །སྔར་གྱི་ལོངས་སྤྱོད་གནས་རྣམས་སུ། །རིམ་མིན་སྦྱིན་ཞིང་རིམ་པས་དོར། །དལ་བའི་ལོངས་སྤྱོད་དག་པའོ། །དལ་དག་གནས་གཉིས་ཅིག་ལ་ནི། །ཉི་མ་དག་པས་སྦྱང་བར་བྱ། །མེད་ན་འཁོར་བསྲེ་ཕྱེད་ལྷག་དོར། །མ་དོར་རིམ་པ་དོར་རིམ་མིན། །སྦྱང་ལྷག་སྐར་གནས་ཀྱི་རྐང་བཟུང་། །རྒྱལ་བ་དང་པོ་གསུམ་མེ་མིག །ལྔ་དང་དྲུག་པར་ཉི་ཤུ་ཅིག །བཅོ་བརྒྱད་ཚེས་དང་དྲག་པོ་ནི། །མི་རྣམས་རྔ་རྐང་རིམ་པས་སོ། །དྲག་པོ་སོ་བརྒྱད་བརྒྱ་བཅུ་དང་། །ལྔ་བཅུ་རྩ་གསུམ་ཕྱི་རྐང་ཡིན། །རྐང་ཟོས་སྔོན་མས་ཆུ་ཚོད་བསྒྱུར། །དྲུག་ཅུས་ཐོབ་པ་རྐང་པའི་ནོར། །ཆུ་ཚོད་ཡིན་ཏེ་ལྷག་དྲུག་ཅུས། །བསྒྱུར་ཐོབ་ཆུ་སྲང་དྲུག་གིས་ནི། །བསྒྱུར་བ་ཐོབ་པ་དབུགས་ཡིན་ནོ། །རྐང་པ་སྔོན་མར་ཟིན་ན་སྡོམ། །ཕྱི་མར་ཟིན་ན་དབྲི་བར་བྱ། །རྐང་གནས་དྲུག་ཅུས་ལྷས་གྱུར་ན། །དྲུག་ཅུས་བགོས་པ་སྐར་མ་ཡིན། །དེ་ལྟར་སྐར་མ་ལ་སོགས་ཀྱིས། །སྔར་གྱི་དལ་བ་དག་པ་ལ། །རིམ་མིན་དོར་ཞིང་རིམ་པས་སྦྱིན། །མིག་དམར་འགྱུར་བ་དག་པའོ། །ཕུར་བུ་སྤེན་པ་ཉིད་ཀྱང་མཚུངས། །དེ་ནས་གཟའ་ལག་གསལ་བརྗོད་བྱ། །སྤྱི་ཡི་ཉི་མ་བརྒྱ་ཡིས་བསྒྱུར། །མེ་དང་ཉི་མ་རི་རྣམས་དབྲི། །རི་ཕུག་རི་ཀླུས་བགོས་ཐོབ་དོར། །ལྷག་མ་སྐར་མས་བསྒྱུར་ཐོབ་སྐར། །ཆུ་ཚོད་ཆུ་སྲང་དབུགས་རྣམས་ནི། །རིམ་བཞིན་བྱས་པས་ལོངས་སྤྱོད་དོ་། །དལ་བ་དག་པར་བྱ་བའི་ཕྱིར། །ཉི་མ་ཕྱེད་དག་གནས་གཉིས་བགོད། །ཅིག་ལ་སྐར་མར་བཅུ་དྲུག་དང་། །ཆུ་ཚོད་ནས་ནི་སུམ་ཅུ་སྦྱང་། །མ་འདང་འཁོར་བསྲེ་ཕྱེད་ལྷག་དོར། །མ་དོར་རིམ་པ་དོར་རིམ་མིན། །དོར་ལྷག་རྐང་གནས་དྲུག་བཅུས་བསྒྱུར། །འོག་གི་ཆུ་ཚོད་སྟེང་དུ་གཞུག །མདའ་ཡོན་བཟླས་ཐོབ་དལ་རྐང་བཟུང་། །ཕྱོགས་རི་མེ་ཡི་ཕྱིར་རྐང་བཟློག །རྐང་ཟོས་སྔོན་མས་ལྷག་མ་བསྒྱུར། །ཆུ་ཚོད་ཆུ་སྲང་དབུགས་རིམས་བཞིན། །སྔ་རྐང་བསྡོམ་ཞིང་ཕྱི་རྐང་དབྲི། །སྔར་གྱི་ཉི་མ་ཕྱེད་དག་ལ། །རིམ་མིན་སྦྱིན་ཞིང་རིམ་པས་དོར། །གཟའ་ལྷག་དལ་བ་དག་པའོ། །དལ་རྐང་ཅིག་གིས་ལོངས་སྤྱོད་སྦྱང་། །མེད་ན་འཁོར་ལོ་ཕྱེད་ལྷག་དོར། །དོར་ལྷག་རྐང་གནས་ཀྱིས་རྐང་བཟུང་། །བཅུ་དྲུག་ལན་གཉིས་ཚེས་དང་ནི། །བཅུ་བཞི་བཅུ་གསུམ་དྲག་པོ་རི། །མ་བསད་ནམ་མཁའ་སྔ་མས་ཏེ། །རིགས་བྱེད་དྲག་པོ་མཁའ་མིག་དང་། །ཉེར་བརྒྱད་སོ་བཞི་ཕྱི་རྐང་ངོ་། །རྐང་ཟོས་སྔོན་མས་ཆུ་ཚོད་བསྒྱུར། །དྲུག་ཅུས་བགོས་པ་ཆུ་ཚོད་དེ། །ཆུ་སྲང་དབུགས་ཀྱང་རིམ་པས་བྱ། །སྔར་ཟིན་སྡོམ་ཞིང་ཕྱི་ཟིན་དབྲི། །སྔར་གྱི་དལ་བ་དག་པ་ལ། །རིམ་མིན་དོར་ཞིང་རིམ་པས་སྦྱིན། །གཟའ་ལག་མྱུར་བ་དག་པའོ། །ཕུར་བུ་སྤྱི་ཡི་ཉི་མ་ལ། །མཁའ་མཁའ་རོ་དང་མིག་གིས་ཕྲི། །སོ་མེ་རྒྱ་མཚོ་བགོས་ཐོབ་དོར། །ལྷག་མ་སྐར་མས་བསྒྱུར་ཐོབ་སྐོར། །སྐར་མའོ་ཆུ་ཚོད་ཆུ་སྲང་རྣམས། །རིམས་བཞིན་བྱས་པས་ལོངས་སྤྱོད་དོ། །གནས་གཉིས་ཅིག་ལ་སྐར་མ་ནས། །བཅུ་གཉིས་སྦྱངས་ལ་དེ་ཉིད་ཀྱིས། །མ་འདང་འཁོར་བསྲེ་ཕྱེད་ལྷག་དོར། །མ་དོར་རིམ་པ་དོར་རིམ་མིན། །དོར་ལྷག་སྐར་གནས་དྲུག་ཅུས་བསྒྱུར། །མདའ་ཡོན་བཟླས་ཐོབ་དལ་རྐང་བཟུང་། །འཕྲོག་བྱེད་དགུ་མེ་ཕྱིར་རྐང་བཟློག །རྐང་ཟོས་སྔོན་མས་ལྷག་མ་བསྒྱུར། །ཆུ་ཚོད་ལ་སོགས་རིམ་པས་བྱ། །སྔ་རྐང་སྡམ་ཞིང་ཕྱི་རྐང་ཕྲི། །སྔར་གྱི་ལོངས་སྤྱོད་གནས་ཅིག་ལ། །རིམ་མིན་སྦྱིན་ཞིང་རིམ་པས་དོར། །ཕུར་བུའི་དལ་བ་དག་པའོ། །དལ་དག་གནས་གཉིས་ཅིག་ལ་ནི། །ཉི་མ་དག་པས་སྦྱང་བར་བྱ། །མ་འདང་འཁོར་བསྲེ་ཕྱེད་ལྷག་དོར། །མ་དོར་རིམ་པ་དོར་རིམ་མིན། །སྦྱངས་ལྷག་སྐར་གནས་ཀྱིས་རྐང་བཟུང་། །ཕྱོགས་ཕྱོགས་དགུ་བརྒྱད་དྲུག་རོ་དང་། །ལག་པ་ཟླ་བའི་ཕྱི་མར་ནི། །མེ་རོ་བུག་པ་དྲག་པོ་དང་། །བཅུ་དྲུག་ཐུབ་པ་རིམ་པས་སོ། །རྐང་ཟོས་སྔོན་མས་ཆུ་ཚོད་བསྒྱུར། །དྲུག་ཅུས་ཐོབ་ནོར་ཆུ་ཚོད་དང་། །ཆུ་སྲང་དབུགས་རྣམས་རིམ་བཞིན་བྱ། །སྔ་རྐང་སྡོམ་ཞིང་ཕྱི་རྐང་ཕྲི། །རིམ་མིན་དོར་ཞིང་རིམ་པས་སྦྱིན། །བླ་མའི་མྱུར་བ་དག་པའོ། །སྤ་སངས་སྤྱི་ཉིར་ཕྱོགས་ཀྱིས་བསྒྱུར། །ཆུ་གཏེར་དང་ནི་ནོར་གྱིས་ཕྲི། །རི་དང་རྒྱལ་བ་མིག་གིས་བགོ །ཐོབ་པ་དང་པོ་དོར་བའི་ལྷག །སྐར་མས་བསྒྱུར་ཐོབ་སྐར་གནས་ཡིན། །ཆུ་ཚོད་སོགས་བྱས་ལོངས་སྤྱོད་དོ། །དལ་བ་དག་པར་བྱ་བའི་ཕྱིར། །ཉི་མ་ཕྱེད་དམ་གནས་གཉིས་བགོད། །ཅིག་ལ་སྐར་མར་དྲུག་སྦྱང་བྱ། །མེད་ན་འཁོར་བསྲེ་ཕྱེད་ལྷག་དོར། །མ་དོར་རིམ་པས་དོར་རིམ་ཡིན། །དོར་ལྷག་སྐར་གནས་དྲུག་ཅུས་བསྒྱུར། །འོག་གི་ཆུ་ཚོད་སྟེང་དུ་གཞུག །མདའ་ཡོན་ཟླ་ཐོབ་དལ་རྐང་བཟུང་། །མདའ་བཟུང་ཟླ་བ་དེ་བཟློག་ཕྱིར། །རྐང་ཟོས་སྔོན་མས་ལྷག་མ་བསྒྱུར། །མདའ་ཡོན་ཟླས་ཐོབ་ཆུ་ཚོད་དོ། །ཆུ་སྲང་དབུགས་རྣམས་རིམ་པས་བྱ། །སྔ་རྐང་སྡོམ་ཞིང་ཕྱི་རྐང་ཕྲི། །སྔར་གྱི་ཉི་མ་ཕྱེད་དག་ལ། །རིམ་མིན་སྦྱིན་ཞིང་རིམ་པས་དོར། །དེ་ནི་དལ་བ་དག་པའོ། །དལ་དག་ཅིག་གིས་ལོངས་སྤྱོད་སྦྱང་། །མེད་ན་འཁོར་བསྲེ་ཕྱེད་ལྷག་དོར། །དོར་ལྷག་སྐར་གནས་ཀྱིས་རྐང་བཟུང་། །ཉི་ཤུ་རྩ་ལྔ་གནས་གསུམ་དང་། །རྒྱལ་བ་གནས་གཉིས་ཉེར་གཉིས་གཉིས། །བཅོ་བརྒྱད་ཚེས་ནོར་རྩ་བའོ། །དུས་དང་མཁའ་མེ་གོ་དགུ་དང་། །ཡོན་ཏན་རི་རྣམས་ཕྱི་མའོ། །རྐང་ཟོས་སྔོན་མས་ཆུ་ཚོད་བསྒྱུར། །དྲུག་ཅུས་བགོས་ཐོབ་ཆུ་ཚོད་དོ། །ཆུ་སྲང་དབུགས་དག་རིམ་པས་བྱ། །སྔ་རྐང་སྡོམ་ཞིང་ཕྱི་རྐང་ཕྲི། །སྔར་གྱི་དལ་བ་དག་པ་ལ། །རིམ་མིན་དོར་ཞིང་རིམ་པས་སྦྱིན། །སྤ་སངས་མྱུར་བ་དག་པའོ། །སྤེན་པ་སྤྱི་ཡི་ཉི་མ་ལ། །མཁའ་མིག་བརྒྱད་དང་རིགས་བྱེད་དབྲི། །དྲུག་རོ་རི་མཁའ་ཟླ་བས་བགོ །ཐོབ་པ་དང་པོ་དོར་བའི་ལྷག །སྐར་མ་བསྒྱུར་ཐོབ་སྐར་གནས་སོ། །ཆུ་ཚོད་སོགས་བྱས་ལོངས་སྤྱོད་ཡིན། །དེ་ཉིད་གནས་གཉིས་གཅིག་ལ་ནི། །སྐར་མའམ་གནས་ནས་བཅོ་བརྒྱད་དོར། །མེད་ན་འཁོར་བསྲེ་ཕྱེད་ལྷག་དོར། །མ་དོར་རིམ་པ་དོར་རིམ་མིན། །དོར་ལྷག་སྐར་གནས་དྲུག་ཅུས་བསྒྱུར། །འོག་གི་ཆུ་ཚོད་སྟེང་དུ་གཞུག །མདའ་ཡོན་བཟླས་ཐོབ་དལ་རྐང་བཟུང་། །ཉེར་གཉིས་ཚེས་དུས་ཕྱི་རྐང་བཟློག །རྐང་ཟོས་སྔོན་མས་ལྷག་མས་བསྒྱུར། །མདའ་ཡོན་ཟླས་ཐོབ་ཆུ་ཚོད་དོ། །ཆུ་སྲང་དབུགས་དག་རིམ་པས་བྱ། །སྔར་ཟིན་སྡོམ་ཞིང་ཕྱི་ཟིན་ཕྲི། །སྔར་གྱི་ལོངས་སྤྱོད་གནས་དེ་ལ། །རིམ་མིན་སྦྱིན་ཞིང་རིམ་པས་དོར། །དལ་བ་དག་པ་དེ་གཉིས་ལས། །ཅིག་ནི་ཉི་མ་དག་པས་སྦྱང་། །མ་འདང་འཁོར་བསྲེ་ཕྱེད་ལྷག་དོར། །དོར་ལྷག་སྐར་མས་མྱུང་རྐང་བཟུང་། །དྲུག་དང་འབྱུང་མདའ་རིགས་བྱེད་ཆུ། །མིག་དང་ཟླ་བ་མཁའ་ལྔ་རྐང་། །མིག་ཆུ་འབྱུང་བ་རོ་དང་ནོར། །མེ་རྣམས་རིམ་པས་ཕྱི་རྐང་ངོ་། །རྐང་ཟོས་སྔོན་མས་ཆུ་ཚོད་བསྒྱུར། །དྲུག་ཅུས་ཐོབ་པ་ཆུ་ཚོད་ཡིན། །ཆུ་སྲང་དབུགས་རྣམས་རིམ་པས་བྱང་། །སྔ་རྐང་བསྡོམ་ཞིང་ཕྱི་རྐང་ཕྲི། །སྔར་གྱི་དལ་བ་དག་པ་ལ། །རིམ་མིན་དོར་ཞིང་རིམ་པས་སྦྱིན། །སྤེན་པའི་མྱུར་བ་དག་པའོ། །གཟའ་རྣམས་རྒྱུ་བའི་རིམ་པ་ནི། །མྱུར་བའི་ལས་ཀྱི་དུས་སུ་ནི། །མ་རྒལ་མ་དོར་མྱུར་འགྲོས་ཤར། །རྒལ་ལ་མ་དོར་དལ་འགྲོས་ལྷོ། །དོར་ལ་མ་རྒལ་འཁྱོག་འགྲོས་ནུབ། །རྒལ་དོར་འབྱུང་འགྲོས་བྱང་དུའོ། །གཟའ་ལྔ་རྒྱུ་བ་གསལ་བྱེད་ཡིན། །ད་ནི་སྐྱེས་ཁྱིམ་བརྗོད་པར་བྱ། །མིག་དམར་སྐྱེས་ཁྱིམ་སེང་གེ་ཁྱིམ། །རྟ་བའི་སྐར་མ་ལ་སྐྱེས་པའོ། །ཞིང་ནི་ལུག་དང་སྡིག་པ་སྟེ། །དགུག་དང་དྲག་པོའི་ལས་ལ་ཤིས། །གཟའ་ལག་སྐྱེས་ཁྱིམ་ལྷ་འཚམས་ལ་ནི་སྐྱེས་པའོ། །ཞིང་ནི་འཁྲིག་མ་བུ་མོས་ཏེ། །རྒྱས་པའི་ལས་ལ་བསྔགས་པའོ། །ཕུར་བུའི་སྐྱེས་སྐར་བུ་མོ་སྟེ། །མེ་བཞི་ལ་ནི་སྐྱེས་པའོ། །ཞིང་ནི་གཞུ་དང་ཉ་ཡིན་ཏེ། །བསྐྲད་པའི་ལས་ནི་འགྲུབ་བྱེད་པའོ། །སྤ་སངས་འཁྲིག་པའི་ཁྱིམ་སྐྱེས་ཏེ། །ལག་གི་སྐར་མ་ཡིན་པར་ངེས། །ཞིང་ནི་ཁྱུ་མཆོག་སྲང་ཡིན་ནོ། །དབང་གི་ལས་ལ་རབ་ཏུ་བསྔགས། །སྤེན་པའི་ཁྱིམ་སྐྱེས་གཞུ་ཡིན་ཏེ། །སྣུབས་ཀྱི་སྐར་མར་ཤེས་པར་བྱ། །ཞིང་ནི་ཆུ་སྲིན་བུམ་པ་སྟེ། །བསད་པའི་ལས་ལ་རབ་ཏུ་བསྔགས། །དེ་དག་འཐབ་པར་བྱེད་པ་ནི། །མིག་དམར་དང་ནི་གཟའ་ལྷག་གཉིས། །ཕུར་བུ་སྤ་སངས་དེ་བཞིན་ཏེ། །སྤེན་པ་འཇུག་རིངས་དེ་གཉིས་ནི། །ཞི་ཁྱིམ་ལ་བརྩོད་ཞེས་སུ་གྲགས། །འཇུག་རིངས་ཀར་ཀ་ཏར་སྐྱེས་ཏེ། །ཆུ་སྨད་ཀྱིས་ནི་སྐར་མར་བརྗོད། །འདི་ནི་ཉི་མའི་ལོངས་སྤྱོད་དང་། །ལྷན་ཅིག་ཆུ་སྲང་ཕྱེད་དང་གསུམ། །ལྷག་པས་ལོ་གསུམ་གྱུར་པའི་ཚེ། །རིམ་པ་ཉི་མའི་མདུན་དུའམ། །རིམ་མིན་རྒྱབ་ཏུ་འབྱུང་བར་བྱེད། །མཐོན་ནས་དབྱུག་གུ་གཉིས་གཉིས་ཏེ། །ཟླ་ཅིག་སྐར་མའི་གཟུགས་སུ་སྟེ། །ཟླ་ཕྱེད་དུ་བ་དང་བཅས་སྣང་། །སླར་ཡང་ཉི་མར་ལྷན་ཅིག་རྒྱུ། །ལན་ཅིག་འཆར་བའི་ཚུལ་ཤེས་པས། །དུས་རྣམས་ཀུན་དུ་དེ་ཤེས་འགྱུར། །གཟའ་རྣམས་འབྲས་རྩིས་གཞན་དུ་ལྟོས། །འདིར་ནི་དུས་འཁོར་རྒྱུད་འགྲེལ་གྱི། །རྩ་བ་ཅུང་ཟད་མི་གསལ་བ། །འཇུག་པ་བདེ་བར་བྱ་བའི་ཕྱིར། །རང་བྱུང་རྡོ་རྗེས་བསྡུས་པ་ཡིན།། །། ༈ དྷུ་བ་འཕོ་བའི་རྩིས་བཞུགས། །དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །གྲངས་རྣམས་ཀུན་གྱི་དང་པོ་ལ། །རབ་སྐྱེ་སོགས་བྱིན་ལོ་དག་གོ །གཉིས་བསྒྱུར་དཔྱིད་འབྲིང་ལ་སོགས་བསྲེ། །གནས་གཉིས་འོག་མར་གཉིས་ཀྱིས་བསྒྱུར། །མདའ་རོས་ཐོབ་པ་དཔྱིད་ཟླ་དག །གནས་གསུམ་བར་མར་སོ་ཡིས་བསྒྱུར། །འོག་མར་དྲུག་གིས་རྙེད་པ་ལ། །གཉིས་ཕྲི་བར་སྦྱངས་ལྷག་མ་མཁའ། །བྱིན་ནས་བར་ནས་ཅིག་ཕབ་སྦྱངས། །ཆུ་སྲང་ཡིན་ནོ་བར་མ་ནི། །དྲུག་ཅུས་བགོས་ལྷག་ཆུ་ཚོད་དེ། །ཐོབ་ལ་གཉིས་ཕྲི་སྟེང་ལ་གཞུག །བདུན་གྱིས་བགོས་པའི་ལྷག་མ་གཟའ། །ཟླ་དག་བརྒྱད་ཕྲི་གནས་གཉིས་བྱ། །འོག་མར་དུས་དང་ཉི་མ་ཡིས། །བགོས་ལྷག་ཆ་ཤས་ཐོབ་པ་ལས། །ཅིག་བསྲེས་སྟེང་དུ་ལག་བསྒྱུར་གཞུག །ཀླུ་ལག་བགོས་ལྷག་རིལ་པོ་ཡིན། །གནས་གསུམ་བར་མར་དྲག་པོས་བསྒྱུར། །འོག་ཏུ་གསུམ་ཕྲི་དགུ་མེས་བགོ །ཐོབ་པས་མ་སྦྱངས་ལྷག་དྲུག་ཅུས། །བསྒྱུར་ཐོབ་ཡང་ལྷག་དྲུག་བསྒྱུར་ཐོབ། །གཅིག་ཕབ་རིམས་སྦྱངས་ཆུ་སྲང་དབུགས། །དབུས་མར་ཉི་ཤུ་རྩ་ལྔ་བསྲེས། །དྲུག་ཅུས་བགོས་ལྷག་ཆུ་ཚོད་དེ། །ཐོབ་པ་སྟེང་མིག་བསྒྱུར་ལ་གཞུག །དེ་ལ་སྐར་བགོས་ལྷག་སྐར་གནས། །གཟའ་ལ་ཚེས་སྦྱིན་དབྱུག་གུར་ཕྲི། །རིལ་པོར་ཚེས་བྱིན་བཅུ་བཞིས་བགོ །ལྷག་མས་ཟླ་བའི་རྐང་བ་བཟུང་། །འབྱུང་མདའ་འདོད་ཟུང་མེ་མིག་ཟླ། །ཕྱི་མ་ལ་ནི་དེ་ཉིད་ཟློག །སྟོང་བས་སྟོང་པ་རྣམ་དག་ཅིང་། །བཅུ་གསུམ་ཟླ་བའི་རྐང་པར་ལྔ། །གཉིས་དང་བཅུ་གཉིས་ཕྱོགས་ཡིན་ལ། །བཅུ་ཅིག་མེར་ནི་བཅོ་ལྔའོ། །བཅུ་དང་བཞིར་ནི་བཅུ་དགུ་སྟེ། །དགུ་དང་ལྔ་པར་ཉི་ཤུ་གཉིས། །བརྒྱད་དང་དྲུག་པར་ཉི་ཤུ་བཞི། །བདུན་པར་ཉི་ཤུ་རྩ་ལྔ་ཡིན། །རྐང་ཟིན་སྔོན་མས་ཆ་ཤས་བསྒྱུར། །དུས་གཉིས་བགོས་ཐོབ་ཆུ་ཚོད་ཟིན། །ལྷག་མ་དྲུག་ཅུས་བསྒྱུར་ཐོབ་པ། །ཆུ་སྲང་དྲུག་གིས་བསྒྱུར་ཐོབ་དབུགས། །སྔར་ཟིན་སྡོམ་ཞིང་ཕྱི་ཟིན་ཕྲི། །ཐོབ་མཉམ་སྦྱིན་དང་མི་མཉམ་དོར། །ཚེས་གྲངས་གནས་གཉིས་སྟེང་ཆུས་བསྒྱུར། །འོག་མར་ཉི་ཤུ་གཉིས་ཀྱིས་བསྒྱུར། །དྲུག་ཅུས་བགོས་ཐོབ་སྟེང་དུ་སྦྱིན། །དེ་བགོས་ཐོབ་པ་སྐར་གནས་སྦྱིན། །ལྷག་མ་ཆུ་ཚོད་ཆུ་སྲང་གཞུག །ཉི་མ་ཕྱེད་ནི་དག་པའོ། །གནས་གཉིས་ཅིག་ལ་སྐར་མ་ནས། །དྲུག་དང་ཆུ་ཚོད་ཞེ་ལྔ་སྦྱར། །མེད་ན་འཁོར་བསྲེ་ཕྱེད་ལྷག་དོར། །ལྷག་མ་དྲུག་ཅུས་བསྒྱུར་བ་ལ། །ཆུ་ཚོད་བསྲེས་ལ་མདའ་ཡོན་བཟླས། །བགོས་པས་ཐོབ་པས་རྐང་བ་བཟུང་། །དྲུག་བཞི་ཟླ་བ་ཕྱི་མར་བཟློག །གཅིག་དང་ལྔ་ལ་དྲུག་ཡིན་ཏེ། །གཉིས་དང་ཆུ་བོ་དག་ལ་ཕྱོགས། །གསུམ་པ་དྲག་པོ་སྟོང་བར་དག །རྐང་བཟུང་སྔོན་མས་ལྷག་མ་བསྒྱུར། །མདའ་ཡོན་བཟླས་ཐོབ་ཆུ་ཚོད་དེ། །མཁའ་རོས་བསྒྱུར་ལ་ཆུ་སྲང་གཞུག །ཐོབ་པས་ཆུ་སྲང་ལྷག་དྲུག་གིས། །བསྒྱུར་ཐོབ་དབུགས་སུ་ཤེས་པར་བྱ། །སྔར་ཟིན་སྡོམ་ཞིང་ཕྱིར་ཟིན་ཕྲི། །གཟའ་དང་ཉི་མའི་ལོངས་སྤྱོད་དུ། །ལྷོར་བསྒྲོད་དོར་ཞིང་བྱང་བསྒྲོད་སྦྱིན། །ཉི་སྐར་གཅིག་ལ་ཚེས་གྲངས་བྱིན། །འོག་ཏུ་ཚེས་ལ་ལོ་ཡིས་བསྒྱུར། །དེ་ལ་གཟའ་ཡི་ལོངས་སྤྱོད་བསྲེ། །དྲུག་ཅུས་བགོས་ཐོབ་སྐར་གནས་སྦྱང་། །ལྷག་མས་ཆུ་ཚོད་ལ་སོགས་སྦྱང་། །སྦྱངས་པའི་ལྷག་མ་ཟློས་སྐར་ཡིན། །ཉི་ཟླ་གཉིས་བསྲེས་སྦྱོར་བ་ཡིན། །ཚེས་ལ་མིག་གིས་བསྒྱུར་བ་ལ། །གཅིག་ཕྲི་རིས་བགོས་བྱེད་པའོ། །ཟླ་དག་ཆུ་བོ་དྲག་པོ་བསྲེ། །མིག་གིས་བསྒྱུར་ལ་ཟླ་བ་གཅིག །ཉི་མར་གཉིས་སྦྱིན་མཁའ་དུས་ཆུ། །བགོས་ཐོབ་དོར་ཞིང་མ་ཐོབ་ལྷག །སྐར་བསྒྱུར་བགོས་ཐོབ་སྐར་གནས་ཏེ། །ཆུ་ཚོད་ཆུ་སྲང་དབུགས་རྣམས་བྱ། །སྒྲ་གཅན་ཕྱེད་དག་ཉིད་ཡིན་ནོ། །དེ་ཡིས་རྒྱུ་སྐར་ལ་སྦྱངས་གདོང་། །རྒྱུ་སྐར་ཕྱེད་བསྲེས་འཇུག་མའོ། །ཟླ་དག་མིག་དང་ལག་པ་བསྲེས། །སུམ་ཅུས་བསྒྱུར་ལ་ཆུ་བོ་ཕྲི། །གནས་གསུམ་འོག་མར་རི་མཁའ་རིས། །ཐོབ་པ་དབུས་བསྲེ་རེ་བཞིས་བགོས། །ཐོབ་ལ་གཅིག་ཕྲི་གཏེར་ལ་ཕྲོག །རིས་བགོས་ཚེས་གཟར་མཚུངས་ན་དག །མ་མཚུངས་གཅིག་གིས་སྣོན་འབྲིད་བྱ། །བཀྲ་ཤིས་སྤྱི་ཉེར་མཁའ་ཀླུ་ཟླ། །ཕྲི་ལ་རི་ཀླུ་དྲུག་གིས་བགོས། །ཐོབ་པ་དོར་ལ་ལོངས་སྤྱོད་བྱའོ། །གཟའ་ལྷག་སྤྱི་ཉིར་བརྒྱ་ཡིས་བསྒྱུར། །རི་མེ་རི་རོ་བུ་ཁ་ཕྲི། །རི་ཕུག་རི་ཀླུས་བགོས་ཐོབ་དོར། །ཕུར་བུ་སྤྱི་ཡི་ཉི་མ་ལ། །བུ་ག་ཟླ་བ་རིགས་ཕྱེད་བསྲེས། །སོ་མེ་རྒྱ་མཚོས་ས་ཐོབ་དོར། །པ་སངས་སྤྱི་ཉིར་ཕྱོགས་ཀྱིས་བསྒྱུར། །དྲུག་དགུ་མཁའ་དང་ཀླུ་ཡིས་ཕྲི། །རི་དང་རྒྱལ་བ་མིག་བགོས་དོར། སྤེན་པ་སྤྱི་ཡི་ཉི་མ་ལ། །མེ་མདའ་ཆུ་བོ་ཟླ་བ་བསྲེས། །དྲུག་རོ་རི་མཁའ་ཟླས་ཐོབ་དོར། །ལྷག་མ་ཐམས་ཅད་སྐར་མས་བསྒྱུར། །རང་རང་དཀྱིལ་འཁོར་གྱིས་བགོས་ཐོབ། །སྐར་མའི་ལྷག་མ་དྲུག་ཅུས་བསྒྱུར། །ཐོབ་པ་ཆུ་ཚོད་ལྷག་དྲུག་ཅུས། །བསྒྱུར་ཐོབ་ཆུ་སྲང་དྲུག་གིས་ནི། །བསྒྱུར་ཐོབ་དབུགས་ཏེ་ལོངས་སྤྱོད་ཡིན། །དེ་ནས་དལ་བ་བྱ་བའི་ཕྱིར། །མིག་དམར་ཕུར་བུ་སྤེན་པ་གསུམ། །ལོངས་སྤྱོད་གནས་གཉིས་གཅིག་ལ་སྦྱང་། །ལག་སངས་ཉི་མ་ཕྱེད་དག་ལ། །རང་རང་སྐྱེས་ཁྱིམ་བཟུང་བའི་ཕྱིར། །མིག་དམར་སྐར་མ་དགུ་དང་ནི། །ཆུ་ཚོད་སུམ་ཅུ་སྦྱང་བར་བྱ། །གཟའ་ལྷག་སྐར་མ་བཅུ་དྲུག་དང་། །ཆུ་ཚོད་ནས་ནི་སུམ་ཅུ་སྦྱང་། །ཕུར་བུ་སྐར་མ་བཅུ་གཉིས་སྦྱང་། །པ་སངས་སྐར་མ་དྲུག་སྦྱང་བྱ། །སྤེན་པ་སྐར་མ་བཅོ་བརྒྱད་དོར། །མ་ལྡང་འཁོར་བསྲེ་ཕྱེད་ལྷག་དོར། །མ་དོར་རིམ་པ་དོར་རིམ་མིན། །དོར་ལྷག་སྐར་གནས་དྲུག་ཅུས་བསྒྱུར། །ཆུ་ཚོད་བསྲེས་ལ་མདའ་ཡོན་ཟླས། །བགོས་ཐོབ་ལ་རྐང་བཟུང་བར་བྱ། །བཀྲ་ཤིས་དེ་ཉིད་བཅོ་བརྒྱད་རི། །སྔ་མའི་ཕྱི་རྐང་དེ་བཟློག་པའོ། །གཟའ་ལྷག་ཕྱོགས་རེ་མེ་ཟློག་ཆི། །ཕུར་བུ་དྲག་པོ་དགུ་མེ་བཟློག །པ་སངས་མདའ་ཟུང་ཟླ་ཟློག་ཕྱི། །སྤེན་པ་ཉེར་གཉིས་ཚེས་རོ་ཟློག །རྐང་བཟུང་སྔོན་མས་ལྷག་མ་བསྒྱུར། །མ་ཟིན་དང་པོས་བསྒྱུར་བར་བྱ། །མདའ་ཡོན་བཟླས་ཐོབ་ཆུ་ཚོད་དེ། །ལྷག་མ་དྲུག་ཅུས་བསྒྱུར་ཐོབ་པ། །ཆུ་སྲང་དྲུག་གིས་བསྒྱུར་ཐོབ་དབུགས། །སྔ་རྐང་བསྡོམས་ཞིང་ཕྱིས་ཟིན་དབྲི། །མིག་དམར་ཕུར་སྤེན་ལོངས་སྤྱོད་ལ། །ལག་སངས་ཉི་མ་ཕྱེད་དག་ལ། །རིམ་པས་དོར་ཞིང་རིམ་མིན་སྦྱིན། །དེ་ནི་དལ་བ་དག་པའོ། །མྱུར་བའི་ངེས་པ་བཟུང་བ་ཞི་། །བཀྲ་ཤིས་ཕུར་བུ་སྤེན་པ་གསུམ། །ཉི་མ་དག་པ་སྦྱང་བར་བྱ། །ལག་དང་པ་སངས་ལོངས་སྤྱོད་སྦྱོང་། །མེད་ན་འཁོར་བསྲེ་ཕྱེད་ལྷག་དོར། །མ་དོར་རིམ་པ་དོར་རིམ་མིན། །སྦྱངས་ལྷག་སྐར་གནས་ཀྱི་རྐང་བཟུང་། །རྒྱལ་བ་དང་པོ་གསུམ་མེ་མིག །ལྔ་དང་དྲུག་པར་ཉི་ཤུ་གཅིག །བཅོ་བརྒྱད་ཚེས་དང་དྲག་པོ་མེ། །སྔ་རྐང་དྲག་པོ་སོ་བརྒྱད་དང་། །བརྒྱད་ཅུ་ང་གསུམ་ཕྱི་བཀྲ་ཤིས། །བཅུ་དྲུག་ལན་གཉིས་ཚེས་དང་ནི། །བཅུ་བཞི་བཅུ་གསུམ་དྲག་པོ་རི། །མདའ་དང་ནམ་མཁའ་སྔ་མ་སྟེ། །རིགས་བྱེད་དྲག་པོ་ཉི་ཤུ་དང་། །ཉེར་བརྒྱད་སོ་བཞི་ཕྱི་གཟའ་ལག །ཕྱོགས་ཕྱོགས་དགུ་བརྒྱད་དྲུག་རོ་དང་། །ལག་ཟླ་ཕྱི་རྐང་མེ་རོ་བུག །དྲག་པོ་བཅུ་དྲུག་རི་བླ་མ། །ཉེར་ལྔ་གནས་སུམ་ཉེར་བཞི་གཉིས། །ཉེར་གཉིས་ལན་གཉིས་བཅོ་བརྒྱད་དང་། །ཚེས་ནོར་སྔ་མའོ་དྲུག་སུམ་ཅུ། །གོ་དགུ་དོན་གསུམ་སྤ་བ་སངས། །དྲུག་དང་འབྱུང་མདའ་རིགས་བྱེད་ཆུ། །མིག་དང་ལག་པ་མཁའ་སྔ་རྐང་། །མིག་ཆུ་འབྱུང་བ་རོ་དང་ནོར། །མེ་རྣམས་སྤེན་པ་མྱུར་རྐང་ཡིན། །རྐང་ཟོས་སྔོན་མས་ཆུ་ཚོད་བསྒྱུར། །མཁའ་རོས་ཐོབ་པ་ཆུ་ཚོད་དེ། །ལྷག་བསྒྱུར་ཆུ་སྲང་བཅུ་ཐོབ་པ། །ཆུ་སྲང་དྲུག་གིས་བསྒྱུར་ཐོབ་དབུགས། །སྔ་རྐང་བསྡོམ་ཞིང་ཕྱི་ཟིན་ཕྲི། །སོ་སོ་ད ལ་བ་དག་པ་ལ། །རིམ་མིན་དོར་ཞིང་རིམ་པས་སྦྱིན། །གཟའ་ལྔའི་མྱུར་བ་དག་པའོ། །གཟའ་རྣམས་རྒྱུ་བའི་རིམ་པ་ནི། །མ་སྐལ་མ་དོར་མྱུར་འགྲོས་ཤར། །རྒལ་ལ་མ་དོར་དལ་འགྲོས་ལྷོ། །དོར་ལ་མ་རྒལ་འཁྱོག་འགྲོས་ནུབ། །རྒལ་དོར་འབྱུང་འགྲོས་བྱང་དུའོ། །མྱུར་བ་གལ་ཏེ་མ་ངེས་ན། །སྦྱིན་དོར་བཟློག་པས་གསལ་བར་འགྱུར། །ལྔ་བསྡུས་སྒྲ་གཅན་གཟའ་ལྔར་བཅས། །ཉུང་བསྡུས་ཤིན་དུ་གསལ་བར་བཀོད། །གཞན་ཡང་དྷུ་བ་འཕོ་བ་ནི། །གཟའ་ལ་ཅིག་དང་ཆུ་ཚོད་དུ། །སོ་གཉིས་བྱིན་ལ་ཆུ་སྲང་ནས། །བཅུ་ཕྲི་རིལ་ཆར་གཉིས་དང་གཅིག །སྐར་མར་གཉིས་དང་ཆུ་ཚོད་དུ། །དྲག་པོ་བྱིན་ལ་ཆུ་སྲང་ནས། །གཅིག་ཕྲི་དབུགས་གསུམ་དོར་བ་ན། །ཟླ་བ་ཕྱི་མའི་དྷུ་བར་འགྱུར། །གཟའ་ལ་དགུ་དང་ཆུ་ཚོད་དྲག །རིལ་པོར་བཅུ་གཉིས་ཆ་ཤས་དྲུག །སྐར་མར་བཅུ་གསུམ་ཆུ་ཚོད་ལྔ། །ཆུ་སྲང་ང་ཅིག་ཟླ་དྲུག་འཕོ། །སྒྲ་གཅན་དབུགས་གཉིས་ཆུ་སྲང་དུ། །སུམ་ཅུ་གཅིག་དང་ཆུ་ཚོད་གསུམ། །ཟླ་ཕྱེད་འཕོས་ཏེ་ཕྱེད་དག་གཞུག །དབུགས་གསུམ་ཆུ་སྲང་བཅོ་ལྔ་དང་། །ཆུ་ཚོད་ཞི་གཉིས་ཟླ་དྲུག་འཕོ། །རྒྱུ་སྐར་ལ་ནི་སྔར་བཞིན་སྦྱང་། །ཉི་མའི་རྐང་པ་མ་ཟིན་ནས། །ཞག་ལྔ་རེ་ལ་ཆུ་ཚོད་རེ། །ཟླ་ཅིག་མ་ཡིན་གཉིས་པ་ལ། །ཞག་ཕྱེད་བརྒྱད་ལ་ཆུ་ཚོད་རེ། །དེ་ནས་ཟླ་ཕྱེད་ཆུ་ཚོད་ཅིག །དེ་ནས་ཟླ་ཅིག་འཕེལ་འགྲིབ་མེད། །ཡང་ནི་སྔར་བཞིན་འབྲི་བས་ན། །ཉི་མར་དུས་དང་རོ་དང་ཀླུ། །བཅུ་དང་འཕྲོག་བྱེད་འཕྲོག་བྱེད་དང་། །དྲག་པོ་ཕྱོགས་དང་ཀླུ་དང་དྲུག །མེ་དང་ནམ་མཁའ་ཞེས་བྱ་བ། །ཟླ་ཕྱེད་བཅུ་གཉིས་རིམ་པ་ལྟར། །ལྷོར་བསྒྲོད་དོར་ཞིང་བྱང་བསྒྲོད་སྦྱིན། །ཉི་རྐང་ལེ་ལོ་ཅན་ཡིན་ནོ། །ཁྱིམ་གྱི་འཕོ་བའི་ངེས་པ་ནི། །འདི་དག་སྐར་མ་དྲུག་ཅུས་བསྒྱུར། །འོག་གི་ཆུ་ཚོད་སྟེང་དུ་གཞུག །མདའ་ཡོན་བཟླས་ཐོབ་འདས་པའི་ཁྱིམ། །ལྷག་མ་སུམ་ཅུར་བསྒྱུར་བ་ལ། །ཆུ་སྲང་གསུམ་གྱི་བགོས་ཐོབ་གཞུག །མདའ་ཡོན་ཟླས་ཐོབ་ཁྱིམ་དེའི་ཞག །ལྷག་མ་དྲུག་ཅུས་བསྒྱུར་ཐོབ་པ། །ཆུ་ཚོད་དེ་བཞིན་ཆུ་སྲང་དབུགས། །ཉི་མ་འཕོ་བའི་ངེས་པའོ། །བརྩི་སླ་བའི་ཕྱིར་རང་བྱུང་རྡོ་རྗེས་སྦྱར་བའོ། །འགྲོ་བ་ལ་ཕན་པར་གྱུར་ཅིག ། ༈ ཕྱི་ནང་གི་རྩིས་བཞུགས། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཕྱི་ནང་རྩིས་ཀྱིས་རྟེན་འབྲེལ་ཅིག །འདིར་ནི་བརྗོད་ན་འགལ་བ་མེད། །སྐྱེས་བུ་ཞག་གཅིག་དུས་ནི་གང་། །ཐབས་དང་ཤེས་རབ་དབྱེ་བ་ལ། །འབྱུང་བའི་དཀྱིལ་འཁོར་ལྔ་ལྔ་བཅུ། །ཟླ་ཉི་སྒྲ་གཅན་གསུམ་གསུམ་གྱིས། །ཡུད་ཙམ་སུམ་ཅུ་ཡིན་པར་བརྗོད། །དཀྱིལ་འཁོར་རེ་རེར་ཐབས་ཤེས་རླུང་། །བཅུ་སྟེ་ཞག་ཅིག་དབྱུག་ཚོད་བརྒྱ། །དབྱུག་གུ་ཅིག་ལ་རིགས་ལྡན་དྲུག །རིགས་ལྡན་རེ་ལ་དབུགས་དྲུག་སྟེ། །ཆུ་སྲང་ཞེས་ཀྱང་བརྗོད་པར་བྱ། །ནང་དུ་ཇི་ལྟར་འཁོར་བ་བཞིན། །ཕྱི་རོལ་ལོ་གཅིག་དུས་སྦྱོར་ལ། །སུམ་བརྒྱ་དྲུག་ཅུའི་ཞག་ཡོད་ཀྱང་། །སོ་དྲུག་ཞག་གི་ཚན་པ་བཅུ། །ཞག་རེ་ཡུད་ཙམ་སུམ་ཅུ་སྟེ། །གསུམ་གསུམ་བཅུ་ཆར་ཤེས་པར་བྱ། །ཉིས་སྟོང་བརྒྱ་དང་དྲུག་ཅུ་ཡི། །དབུགས་དབྱུང་དེ་ཡི་སུམ་ཆ་ཡི། །ཡུད་ཙམ་བདུན་བརྒྱ་ཉི་ཤུའོ། །དབུགས་ཚོད་བརྒྱ་ཡི་རེ་རེ་ལ། །དབུགས་ནི་ཉི་བརྒྱ་བཅུ་དྲུག་གོ །དབྱུགས་ཚོད་རེ་ལ་རིགས་ལྡན་དྲུག །རེ་རེ་དབུགས་ནི་སུམ་ཅུ་དྲུག །དེ་ལ་ཆུ་སྲང་དྲུག་ཡོད་དེ། །དེ་ནི་དབུགས་དྲུག་རང་བཞིན་ཡིན། །ཕྱི་ཡི་ལོ་ཅིག་ཆུ་ཚོད་དང་། །ནང་གི་དབུགས་དྲངས་མཐུན་པ་ཡིན། །དེ་ལ་ཡེ་ཤེས་རླུང་བཤད་པ། །དྲུག་བརྒྱ་བདུན་ཅུ་རྩ་ལྔ་པོ། །དཀྱིལ་འཁོར་བཅུ་ཡི་རེ་རེ་ལ། །དྲུག་ཅུ་རྩ་བདུན་ཕྱེད་དང་བཅས། །ཡུད་ཙམ་ཉེར་གཉིས་ཕྱེད་བཅས་ཡིན། །དབྱུག་ཚོད་དྲུག་དང་བཞི་གསུམ་ཡོད། །རིགས་ལྡན་དབུགས་གཅིག་དང་བརྒྱད་ཆའོ། །བསྡུས་ན་དབུགས་ཀྱི་སོ་གཉིས་ཆ། །འདིར་ནི་ཞག་ལྷག་ཤེས་པར་བྱ། །ཞག་དྲུག་བཞི་གསུམ་ཆ་དང་དམན། །རང་བྱུང་རྡོ་རྗེས་བྲིས་པའོ།། །། ༈ ཉི་ཁྱིམ་འཕོ་བ་དྷུ་བ་སྒྲ་གཅན་འཕོ་བ་དང་གཟའ་ལྔ་བསྡུས་པའོ། །ཁྱིམ་གྱི་འཕོ་བའི་ངེས་པ་ནི། །ཉི་དག་སྐར་མ་དྲུག་བཅུས་བསྒྱུར། །འོག་གི་ཆུ་ཚོད་སྟེང་དུ་ཞུགས། །མདའ་ཡོན་ཟླས་ཐོབ་བཟླས་པས་ཁྱིམ། །ལྷག་མ་སུམ་ཅུས་བསྒྱུར་བ་ལ། །ཆུ་སྲང་སུམ་གྱིས་བསྒོས་ཐོབ་ཞུགས། །མདའ་ཡོན་ཟླས་ཐོབ་ཁྱིམ་དེའི་ཞག །ལྷག་མ་དྲུག་ཅུས་བསྒྱུར་ཐོབ་པ། །ཆུ་ཚོད་དེ་བཞིན་ཆུ་སྲང་དབུགས། །ཉི་མ་འཕོ་བའི་ངེས་པ་ཡིན། །ཉི་མའི་ལོངས་སྤྱོད་བཤད་པར་བྱ། །དབུགས་ཟླ་ཆུ་སྲང་ཉི་ཤུ་དྲུག །ཆུ་ཚོད་རིགས་བྱེད་རྟག་པ་ཡི། །ཉི་མ་ཉིན་རེའི་ལོངས་སྤྱོད་ཡིན། །ཆུ་སྲང་གསུམ་དང་དབུགས་བཞི་ཡི། །ཉིན་མཚན་རིང་ཐུང་བྱེད་པ་ཡིན། །གཞན་ཡང་དྷུ་བ་འཕོ་བ་ནི། །གཟའ་ལ་གཅིག་བྱིན་ཆུ་ཚོད་དུ། །སོ་སྦྱིན་ཆུ་སྲང་བཅུ་དོར་ལ། །རིལ་པོ་གཉིས་དང་འོག་ཏུ་ཅིག །སྐར་མར་གཉིས་དང་ཆུ་ཚོད་དུ། །དྲག་པོ་སྦྱིན་ཞིང་ཆུ་སྲང་ནས། །ཅིག་ཕྲི་དབུགས་གསུམ་དོར་བ་ནི། །ཟླ་བ་ཕྱི་མའི་དྷཱུ་བར་འགྱུར། །སྒྲ་གཅན་དབུགས་གཉིས་ཆུ་སྲང་དུ། །སུམ་ཅུ་གཅིག་དང་ཆུ་ཚོད་གསུམ། །ཟླ་ཕྱེད་འཕོ་སྟེ་ཆོ་ག་གཞུག །རྡོང་གཞུག་སྔོན་བཞིན་ཤེས་པར་བྱ།། ཱ།། །།ཟླ་བ་དག་པ་སུམ་བཅུས་བསྒྱུར། །གནས་གསུམ་འོག་མར་མིག་སོ་ཕྲི། །དོ་ལ་རོ་མཁའ་རིབ་ཐོབ་ལ། །བླ་མ་སྲོས་ལ་དབུགས་མར་སྦྱིན། །དྲུག་ཅུ་རྩ་བཞིས་ཐོབ་པ་ཡིས། །སྟེང་ཕྲི་སྤྱི་ཡི་ཉི་མ་ཡིན། །དེ་ལ་རེ་བགོས་ཚེས་གཟའ་མཚུངས། །བགོ་མི་མཚུངས་ལ་སྣོན་འབྲིད་བྱ། །བཀྲ་ཤིས་གསལ་བར་བྱ་བའི་ཕྱིར། །སྤྱི་ཉིར་རི་དུས་ཟླ་བ་བསྲེ། །རི་ཀླུ་རོ་ཡིས་བགོས་ཐོབ་དོར། །གཟའ་ལག་སྤྱི་ཉི་བརྒྱ་ཡིས་བསྒྱུར། །མེ་དང་ལག་པ་བྱུང་བ་ཕྲི། །རི་ཕུག་རི་ཀླུས་བགོས་ཐོབ་དོར། །ཕུར་བུ་སྤྱི་ཡི་ཉི་མ་ལ། །བུ་ག་བྱུང་བ་མིག་གིས་བསྲེ། །སོ་མེ་རྒྱ་མཚོས་བགོས་ཐོབ་དོར། །པ་སངས་སྤྱི་ཉི་ཕྱོགས་ཀྱིས་བསྒྱུར། །མདའ་ཡོན་མེ་དང་ཟླ་བ་ཕྲི། །རི་དང་རྒྱལ་བ་མིག་བགོས་དོར། །སྤེན་པ་སྤྱི་ཡི་ཉི་མ་ལ། །རྒྱུ་སྐར་རི་དང་ཐུབ་པས་བསྲེ། །དྲུག་མོ་རི་མཁའ་ཟླ་ཐོབ་དོར། །ལྷག་མ་ཐམས་ཅད་སྐར་མས་བསྒྱུར། །རང་དང་དཀྱིལ་འཁོར་གྱིས་བགོས་ཐོབ། །སྐར་མའོ་ལྷག་མ་དྲུག་ཅུས་བསྒྱུར། །ཐོབ་པ་ཆུ་ཚོད་ལྷག་དྲུག་ཅུས། །བསྒྱུར་ཐོབ་ཆུ་སྲང་དྲུག་གིས་ནི། །བསྒྱུར་ཐོབ་དབུགས་ཏེ་ལོངས་སྤྱོད་ཡིན། །དེ་ནས་དལ་བ་བྱ་བའི་ཕྱིར། །མིག་དམར་ཕུར་བུ་སྤེན་པ་གསུམ། །ལོངས་སྤྱོད་གནས་གཉིས་ཅིག་ལ་སྦྱངས། །ལག་ཡང་ཉི་མ་ཕྱེད་དག་ལ། །རང་རང་སྐྱེས་ཁྱིམ་བཟུང་བའི་ཕྱིར། །མིག་དམར་སྐར་མ་དགུ་དང་ནི། །ཆུ་ཚོད་སུམ་ཅུ་སྦྱང་བར་བྱ། །གཟའ་ལྷག་སྐར་མ་བཅུ་དྲུག་དང་། །ཆུ་ཚོད་ནས་ནི་སུམ་ཅུ་སྦྱང་། །ཕུར་བུ་སྐར་མ་བཅུ་གཉིས་སྦྱང་། །པ་སངས་སྐར་མ་དྲུག་སྦྱངས་ལ། །སྤེན་པ་སྐར་མ་བཅོ་བརྒྱད་དོར། །མ་ལྡང་འཁོར་ལོ་བསྲེས་ལ་སྦྱང་། །སྦྱངས་ཀྱང་འཁོར་ལོ་ཕྱེད་ལྷག་དོར། །མ་དོར་རིམ་པ་དོར་རིམ་མིན། །དོར་གནས་སྐར་གནས་དྲུག་ཅུས་བསྒྱུར། །ཆུ་ཚོད་བསྲེལ་ལ་མདའ་ཡོན་བཟླས། །བགོས་ཐོབ་དལ་རྐང་བཟུང་བྱ་བ། །བཀྲ་ཤིས་དེ་ཉིད་བཅོ་བརྒྱད་རི། །སྔ་མའོ་ཕྱི་སྐས་དེ་ལས་བཟློག །གཟའ་ལག་ཕྱོགས་རིས་མོ་སྔ་རྐང་། །ཕྱི་མ་བཟློག་པར་ཤེས་པར་བྱ། །ཕུར་བུ་དྲག་པོ་དགུ་དང་མེ། །ཕྱི་རྐང་དེ་ཉིད་བཟློག་པ་ཡིན། །པ་སངས་མདའ་བཟུང་ཟླ་བཟློག་ཕྱིར། །སྤེན་པ་ཉེར་གཉིས་ཚེས་རོ་ཟློག །རྐང་བཟུང་སྔོན་མས་ལྷག་མ་བསྒྱུར། །མ་ཟིན་དང་པོས་བསྒྱུར་བར་བྱ། །ཟླ་ཡོན་ཟླ་ཐོབ་ཆུ་ཚོད་དེ། །ལྷག་མ་དྲུག་ཅུས་བསྒྱུར་ཐོབ་པ། །ཆུ་ཚོད་ཡང་བསྒྱུར་ཐོབ་ཆུ་སྲང་། །དྲུག་གིས་བསྒྱུར་ཐོབ་དབུགས་ཡིན་ནོ། །སྔ་རྐང་བསྡོམ་ཞིང་ཕྱི་ཟིན་དབྲི། །མིག་དམར་ཕུར་སྤེན་སྔ་མ་ཡི། །ལོངས་སྤྱོད་ཅིག་ལ་བྱིན་དོར་བྱ། །ལག་པ་པ་སངས་ཉི་ཕྱེད་ལ། །རི་མིན་སྦྱིན་ཞིང་རིམ་པས་དོར། །དེས་ནི་དལ་བ་དག་པའོ། །མྱུར་བའི་ངེས་པ་བཟུང་བ་ནི། །བཀྲ་ཤིས་ཕུར་བུ་སྤེན་པ་གསུམ། །ཉི་མ་དག་པ་སྦྱང་བར་བྱ། །ལག་དང་པ་སངས་ལོངས་སྤྱོད་སྦྱང་། །མེད་ནས་འཁོར་བསྲེ་ཕྱེད་ལྷག་དོར། །མ་དོར་རིམ་པ་དོར་རིམ་མིན། །སྦྱང་ལྷག་དཀར་གནས་ཀྱིས་རྐང་བཟུང་། །རྒྱལ་བ་དང་པོ་གསུམ་མོ་མིག །ལྔ་དང་དྲུག་པར་ཉི་ཤུ་གཅིག །བཅོ་བརྒྱད་ཚེས་དང་དྲག་པོ་མེ། །སྔ་རྐང་དྲག་པོ་སོ་བརྒྱད་དང་། །བརྒྱ་བཅུ་ང་གསུམ་ཕྱི་བཀྲ་ཤིས། །བཅུ་དྲུག་ལན་གཉིས་ཚེས་དང་ནི། །བཅུ་བཞི་བཅུ་གསུམ་དྲག་པོ་རི། །ས་དང་ནམ་མཁའ་སྔ་མས་ཏེ། །རིག་བྱེད་དྲག་པོ་ཉི་ཤུ་དང་། །ཉེར་བརྒྱད་སོ་བཞི་གཟའ་ལྷག་གོ །ཕྱོགས་ཕྱོགས་དགུ་བརྒྱད་དྲུག་རོ་དང་། །ལག་ཟླ་ཕྱི་རྐང་མི་རི་ཕུག །དྲག་པོ་བཅུ་དྲུག་རི་བླ་མ། །ཉེར་ལྔ་གནས་གསུམ་ཉེར་བཞི་གཉིས། །ཉེར་གཉིས་ལན་གཉིས་བཅོ་བརྒྱད་དང་། །ཚེས་ནོར་སྔ་རྐང་དྲུག་གསུམ་བཅུ། །གོ་དགུ་དོན་གསུམ་པ་སངས་ཡིན། །དྲུག་དང་འབྱུང་མདའ་རིགས་བྱེད་ཆུ། །མིག་དང་ལག་པ་མཁའ་སྔ་རྐང་། །མིག་ཆུ་འབྱུང་བར་རོ་དང་ནོར། །མོ་རྣམས་སྤེན་པའི་མྱུར་རྐང་ཡིན། །རྐང་ཟོས་སྔོན་མས་ཆུ་ཚོད་བསྒྱུར། །མཁའ་རོས་ཐོབ་པ་ཆུ་ཚོད་དེ། །ལྷག་བསྒྱུར་བཅོ་ལྔ་བཅུ་ཐོབ་པ། །ཆུ་སྲང་དྲུག་གིས་བསྒྱུར་ཐོབ་དབུགས། །སྔ་རྐང་བསྡམ་ཞིང་ཕྱི་ཟིན་དབྲི། །སོ་སོ་དལ་བ་དག་པ་ལ། །རིམ་མིན་དོར་ཞིང་རིམ་པས་སྦྱིན། །གཟའ་ལྔའི་བསྒྱུར་བ་དག་པའོ། །གཟའ་རྣམས་རྒྱུ་བའི་རིམ་པ་ནི། །མ་རྒལ་མ་དོར་མྱུར་འགྲོ་ཤར། །རྒལ་ལ་མ་དོར་དལ་འགྲོས་ལྷོ། །དལ་ལ་རྒལ་འཁྱོག་འགྲོ་བ་ནུབ། །རྒལ་དོར་འབྱུང་འགྲོས་བྱང་དུའོ། །ཞིང་དང་སྟོབས་དང་བརྩོད་པ་དང་། །འབྲས་བུ་གཞན་དུ་ཤེས་པར་བྱ། །ཞི་བ་གལ་ཏེ་མ་ངེས་ན། །མྱུར་བའི་སྦྱིན་དོར་བཟློག་པས་ཤེས། །གཟའ་ལྔ་ཉུང་བསྡུས་གསལ་བྱེད་འདི། །རང་བྱུང་རྡོ་རྗེས་བྲིས་པ་ཡིན། །དགེ་བས་ཐམས་ཅད་མཁྱེན་ཐོབ་ཤོག །མེ་མཁའ་དང་མཐུན་པར་དག་པར་བྱས་སོ། །གྱི་བ་ཅན་གྱི་དེ་དང་ཅིག །གཟའ་ལྔ་ལ་ཉི་ཟླའི་འགྲོས་ཀྱི་ལུགས་ཀྱིས་རིམ་པ་དང་རིམ་མིན་བདུན་ག །སྦྱིན་པ་བཞི་ཆ་ཅིག །རིམ་པ་རིམ་གཉིས་ཀ་དོར་བ་བཞི་ཆ་གཅིག །དེ་གཉིས་བཟློག་ནས་ཡོང་བ་བཞི་ཆ་ཅིག །མྱུར་བའི་སྦྱིན་ནོར་གོ་བཟློག་དགོས་པ་བཞི་ཆ་གཅིག །ཡོད་དགོས་པར་འདུག །འདི་མ་བྱས་ན་ལུགས་འབྱུང་དུ་རྩིས་ཀྱང་། བཞི་ཆ་ཅིག་དམིགས་སྐར་དང་མི་འགྲིག་པར་འདུག ལུགས་བཞི་པོ་དེ་ནས་མི་འཆུག་པར་སྣང་ངོ་། །དལ་མྱུར་རྐང་བ་མགྱོགས་བརྒྱད་དུ། །སྐར་ཁོངས་གཉིས་གཉིས་ཚུན་ཆད་དུ། །གལ་ཏེ་གཟའ་དེ་མ་རྙེད་ན། །དེ་ཚེ་ལྟས་སྟོན་འགྲོས་ཞེས་བྱ། །ཚུལ་དེ་སེང་གེ་རྒྱལ་མཚན་འདོད། །ཞེས་བྱ་བ་འདི་ཡང་། གནད་འདི་མ་ཤེས་པས་ལན་འདུག་གོ །ཁ་ཅིག་རྐང་པ་བཟློག་ན་ཡོང་ཟེར་ཏེ། དེ་ཡང་མི་བདེན་ཏེ་བརྫུན་ནོ།། །། ༈ རྒྱུ་སྐར་དུས་ཀྱི་ཕོ་ཉ་རྩོགས་འདུས་བཞུགས། ན་མ་ཤྲི་ཀ་ལ་ཙཀྲ་ཡེ། དུས་ཀྱི་ཕོ་ཉ་རྩོགས་འདུས་ལོ། །ཁྱིམ་བསྒྱུར་དཔྱིད་ཟླ་འབྲིང་སོགས་བསྲེ། །གནས་གཉིས་འོག་མར་གཉིས་ཀྱིས་བསྒྱུར། །དེ་ལ་གསུམ་སྦྱིན་མདའ་རོས་བགོ །རྙེད་པ་སྟེང་སྦྱིན་ཟླ་དག་གོ །གནས་གསུམ་བཞག་པའི་བར་མ་ལ། །སོ་ཡིས་བསྒྱུར་ལ་ཉེར་དགུ་སྦྱིན། །འགོ་ལ་དགུ་ཕྲི་དྲུག་གིས་བགོད། །རོས་ཐོབ་བར་སྦྱང་ལྷག་མཁའ་བྱིན། །བར་ནས་ཅིག་ཕབ་སྦྱང་ཆུ་སྲང་། །བར་མ་དྲུག་ཅུས་བགོ་ལྷ་དབྱུག །སྙེད་པ་སྟེང་བཅུག་བདུན་གྱིས་བགོ །ལྷག་མ་ཚེས་གཟའི་ངེས་པ་ཡིན། །ཟླ་བ་དག་པར་བཅུ་དགུ་བསྲེ། །གནས་གཉིས་འོག་མར་དུས་གཉིས་བགོ །ལྷག་མ་ཆ་ཤས་ཐོབ་པ་དེ། །སྟེང་མ་གཉིས་ཀྱིས་བསྒྱུར་བ་གཞུག །ཀླུ་ལྷག་བགོས་ལྷག་རིལ་པོའོ། །ཟླ་བ་དག་པར་ཉེར་ལྔ་བསྲེ། །གནས་གསུམ་བར་མར་དྲག་པོས་བསྒྱུར། །འོག་ཏུ་དགུ་མེས་ཐོབ་པ་ལ། །བཅུ་དྲུག་བསྲེས་ལ་བར་མ་སྦྱང་། །ལྷག་མ་དྲུག་ཅུ་དང་དྲུག་གིས། །བསྒྱུར་ཐོབ་སྟེང་ནས་ཅིག་ཕབ་སྦྱང་། །ཆུ་སྲང་དབུགས་ཡིན་བར་མ་དེ། །དྲུག་ཅུས་བགོས་ལྷག་ཆུ་ཚོད་དེ། །སྟེང་མ་གཉིས་བསྒྱུར་ཐོབ་ནོར་སྦྱིན། །དེ་ལ་སྐར་བགོས་ལྷག་སྐར་གནས། །གཞན་དག་སྤྱི་དང་འདྲ་བ་ཡིན། །ཱ། །ཟླ་དག་ཚེས་བསྲེ་གཉིས་ཀྱིས་བསྒྱུར། །ཟླ་བར་ཅིག་བྱིན་ཉི་མར་གཉིས། །ཐུབ་ལག་གིས་བསྒྱུར་མཁའ་དུས་ཆུ། །བགོས་ཐོབ་སྐར་གནས་ལྷག་དྲུག་ཅུས། །བསྒྱུར་སོགས་བྱས་པ་ཕྱེ་དག་ཡིན། །དེ་ཡིས་རྒྱུ་སྐར་ལ་སྦྱངས་གཏོང་། །རྒྱུ་སྐར་ཕྱེད་བསྲེས་འཇུག་མའོ། །ཱ ༈ དཔལ་དུས་ཀྱིས་འཁོར་ལོ་ལ་ཕྱག་འཚལ་ལོ། །རབ་ཏུ་སྐྱེ་བ་ནས་བཟུང་ནས། །ཐིག་ལེར་འདས་པ་བྱིན་པ་ལོ། །ཟླ་བའི་དོན་དུ་ཉི་མས་བསྒྱུར། །དཔྱིད་ཟླ་འབྲིང་སོགས་འདས་པ་སྦྱིན། །གནས་གཉིས་འོག་མར་ཐུབ་པ་བསྲེ། །མིག་གིས་བསྒྱུར་ལ་མདའ་རོལ་བགོ །ཐོབ་པ་སྟེང་གཞུག་ཟླ་དག་གོ །གནས་གསུམ་བར་མ་སོ་ཡིས་བསྒྱུར། །འོག་མར་ཕྱོགས་ཕྲི་རོས་དག་པས། །དབུ་མའི་ཕུང་པོ་སྦྱར་བར་བྱ། །ལྷག་མ་མཁའ་བྱིན་སྟེང་ནས་བྱིན། །འོག་ཏུ་ཕབ་པས་དྲུག་ཅུར་འགྱུར། །མལ་བྱིན་གཉིས་ཕྲི་ལྷག་ཆུ་སྲང་། །དབུས་མར་མིག་དང་རྒྱ་མཚོ་སྦྱིན། །དྲུག་ཅུ་ཐོབ་པ་སྟེངས་སུ་སྦྱིན། །ལྷག་མ་གཟའ་ཡི་ཆུ་ཚོད་ཡིན། །ཐུབ་པས་སྟེང་བགོས་ལྷག་མ་གཟའ། །ཟླ་དག་གནས་ཉིད་འོག་མ་ལ། །ཀླུ་ཟླ་བྱིན་ལ་དུས་ཉིད་ཀྱིས། །བགོས་པའི་ལྷག་མ་ཆ་ཤས་ཡིན། །ཐོབ་པའི་ཆ་ལ་གསུམ་བསྲེས་ཏེ། །སྟེང་མ་ལག་པས་བསྒྱུར་ལ་གཞུག །ཀླུ་ལྷག་བགོས་ལྷག་རིམ་པའོ། །ཟླ་དག་གནས་གསུམ་བཞག་དབུས་མ། །དྲག་པོ་བསྒྱུར་ཏེ་མཚོན་མདའ་བསྲེ། །འོག་ཏུ་ཀླུ་བསྲེ་གོང་མེ་ཡིས། །ཐོབ་པའི་ནོར་གྱིས་བར་མ་སྦྱང་། །འོག་གི་ལྷག་མ་དྲུག་ཅུས་བསྒྱུར། །དགུ་མེས་ཐོབ་པའི་ནོར་གྱིས་ནི། །བར་ནས་ཅིག་ཕབ་སྦྱངས་པའི་ལྷག །ཆུ་སྲང་ཡིན་ཏེ་གཅིག་ཕབ་པ། །དབུ་མེས་ཐོབ་པས་སྦྱངས་པ་དགུགས། །དབུས་མ་དྲུག་བཅུས་ཐོབ་པ་ཡི། །ལྷག་མ་སྐར་མའི་ཆུ་ཚོད་ཡིན། །ཐོབ་པའི་ནོར་ལ་གཅིག་ཕྲི་ནས། །སྟེང་མ་མིག་གིས་བསྒྱུར་ལ་གཞུག །དེ་ལ་སྐར་བསྒོས་ལྷག་སྐར་གནས། །གཟའ་ལ་ཅིག་ནི་རབ་སྦྱིན་ཅིང་། །ཆུ་ཚོད་དུ་ནི་སོ་གཉིས་སྦྱིན། །ཆུ་སྲང་ནས་ནི་ཕྱོགས་དོར་བྱ། །རིལ་པོར་གཉིས་སྦྱིན་འོག་ཏུ་གཅིག །སྐར་མར་གཉིས་དང་སྐར་མ་ཡི། །ཆུ་ཚོད་དུ་ནི་བཅུ་གཅིག་སྦྱིན། །ཆུ་སྲང་ནས་ནི་གཅིག་དོར་ཞིང་། །དེ་བཞིན་དབུགས་ནས་གསུམ་ཕྲི་བས། །ཟླ་བ་ཕྱི་མའི་བརྩིས་བཞིར་འགྱུར། །གཟའ་ལ་ཚེས་སྦྱིན་དབྱུག་གུར་ཕྲི། །རིལ་རིལ་པོར་བྱིན་ཆུ་ཟླ་ཡིས། །བགོས་ལས་ལྷག་མས་རྐང་པ་བཟུང་། །བགོར་མེད་ནས་ནི་དེ་ཉིད་བཟུང་། །ཐོབ་མཉམ་སྦྱིན་དང་མི་མཉམ་དོར། །འབྱུང་དང་འབྱུང་པ་མདའ་རིག་བྱེད། །མེ་དང་ལག་པ་རི་བོང་ཅན། །ཕྱི་མ་ལ་ནི་དེ་ལས་བཟློག །ཟླ་བའི་རྐང་པར་ཤེས་པར་བྱ། །སྟོང་བས་སྟོང་པ་རྣམ་དག་ཅིང་། །བཅུ་གསུམ་ཟླ་བས་རྐང་བ་ལྔ། །མིག་དང་ཉི་མར་ཕྱོགས་ཡིན་ལ། །བཅུ་གཅིག་མེར་ནི་ཚེས་ཞེས་བྱ། །བཅུ་དང་ཆུ་བོ་རྐང་པར་ནི། །ཉི་ཤུར་ཅིག་གིས་མ་ལོངས་པ། །ལྔ་དང་ཕུག་པར་ཉི་ཤུ་གཉིས། །དུས་དང་ཀླུར་ནི་ཉི་ཤུ་བཞི། །བདུན་པར་ཉི་ཤུ་རྩ་ལྔ་ཡིན། །རྐང་ཆུང་སྔོན་ནས་ཆ་ཤས་བསྒྱུར། །མ་ཟིན་དང་པོ་བསྒྱུར་བར་བྱ། །དུས་གཉིས་བགོས་ཐོབ་ཆུ་ཚོད་ཡིན། །ལྷག་མ་དྲུག་ཅུས་བསྒྱུར་བ་ལ། །བགོས་པས་ཐོབ་པས་ཆུ་སྲང་ངོ་། དྲུག་གིས་བསྒྱུར་ལ་བགོས་ཐོབ་དབུགས། །དེ་ལྟར་ཐོབ་པ་དེ་རྣམས་ཀྱིས། །སྔར་གྱི་རྐང་པའི་གནས་དེ་ལ། །རྐང་པ་སྔོན་མར་ཟིན་ནས་སྡོམ། །ཕྱི་མར་ཟིན་ན་དབྲི་བྱས་ལ། །གཟའ་ཡི་ལོངས་སྤྱོད་གནས་སུ་ནི། །སྔར་གྱི་ཆུ་བཟླས་ཐོབ་པའི་ནོར། །མཉམ་ན་སྦྱིན་ཞིང་མི་མཉམ་དོར། །ཚེས་གྲངས་གནས་གཉིས་སྟེང་ཆུས་བསྒྱུར། །འོག་མ་མིག་དང་ལག་པས་བསྒྱུར། །དེ་ལ་དྲུག་ཅུས་ཐོབ་པ་ཡིས། །སྟེང་གི་ཕུང་པོར་བསྲེ་བར་བྱ། །དེ་ལ་དྲུག་ཅུས་ཐོབ་པ་རྣམས། །སྐར་མའི་གནས་སུ་སྦྱིན་པར་བྱ། །ལྷག་མ་ཆུ་ཚོད་བགོས་ལ་བསྲེ། །དེ་ཉིད་གནས་གཉིས་གཅིག་ལ་ནི། །སྐར་མའི་གནས་ནས་དྲུག་དང་ནི། །ཆུ་ཚོད་གནས་ནས་ཞེ་ལྔ་དོར། །མེད་ན་འཁོར་ལོ་ཕྱེད་བསྲེས་དོར། །འཁོར་ཕྱེད་ལྷག་ནའང་དེ་ཉིད་དོར། །དོར་བའི་ལྷག་མ་དྲུག་ཅུས་བསྒྱུར། །དེ་ལ་འོག་གི་ཆུ་ཚོད་བསྲེ། །ཟླ་ཡོན་ཟླས་ཐོབ་ཉི་རྐང་བཟུང་། །རོས་བཟུང་ཟླ་བ་དེ་བཟློག་ཕྱི། །ཉི་མའི་རྐང་པར་ཤེས་པར་བྱ། །ཉི་མའི་རྐང་པ་མ་ཟིན་ནས། །ཞག་ནི་ཕྱེད་དང་བཅུ་གསུམ་གྱིས། །གོང་དུ་ཉི་མ་བཟློག་པ་ཡིན། །སྟོང་བས་སྟོང་བ་རྣམ་པར་དག །གཅིག་དང་སྔ་མ་དྲུག་ཡིན་ཏེ། །གཉིས་དང་ཆུ་བོ་དག་ལ་ཕྱོགས། །མེར་ནི་བཅུ་གཅིག་དག་ཏུ་ཤེས། །རྐང་བཟུང་སྔོན་མས་སྐར་མས་བསྒྱུར། །ཟླ་ཡོན་ཟླས་ཐོབ་ཆུ་ཚོད་ཡིན། །ལྷག་མ་དྲུག་ཅུས་བསྒྱུར་བ་ལ། །འོག་གི་ཆུ་སྲང་ཡར་ལ་བླང་། །དེ་ལས་ཐོབ་པས་ཆུ་སྲང་ཡིན། །ལྷག་མ་རོས་བསྒྱུར་དབུགས་དང་བསྲེ། །དེ་ནས་ཐོབ་པ་དབུགས་ཡིན་ནོ། །དེ་ལྟར་ཐོབ་པ་དེ་རྣམས་ཀྱིས། །ཉི་རྐང་སྔོན་མ་ཟོས་དང་སྡོམས། །ཕྱི་མ་ཟོས་ལ་ཕྲི་བ་ལ། །གཟའ་དང་ཉི་མའི་ལོངས་སྤྱོད་དུ། །ལྷོར་བསྒྲོད་དོར་ཞིང་བྱང་བསྒྲོད་སྦྱིན། །དེ་ཉིད་གཟའ་དང་ཉི་སྐར་ཡིན། །ཉི་མར་དུས་དང་རོ་དང་ཀླུ། །བཅུ་དང་འཕྲོག་བྱེད་འཕྲོག་བྱེད་དང་། །དྲག་པོ་ཕྱོགས་དང་རླུང་དང་དུས། །ཆེ་དང་ནམ་མཁའ་ཞེས་བྱ་བ། །ལྷོར་བསྒྲོད་དབྲི་ཞིང་བྱང་བསྒྲོད་བསྣན། །ཟླ་བ་དྲུག་ལ་ཟླ་ཕྱེད་ནི། །བཅུ་གཉིས་དག་ཏུ་བྱས་པས་སོ། །ཉི་མ་དག་པ་གནས་ཉིད་བཞག །ཟླ་བའི་སྐར་མར་ཚེས་གྲངས་སྦྱིན། །འོག་ཏུ་ཚེས་ལ་རོ་ཡིས་བསྒྱུར། །དེ་ལ་གཟའ་ཡི་ལོངས་སྤྱོད་བསྲེ། །དྲུག་ཅུས་བགོས་ཐོབ་ཉི་སྐར་སྦྱང་། །ལྷག་མ་ཆུ་ཚོད་ལ་སོགས་སྦྱང་། །སྦྱངས་པའི་ལྷག་མ་ཟླ་སྐར་ཡིན། །ཉི་ཟླ་གཉིས་བསྲེས་སྦྱོར་བར་འགྱུར། །ཚེས་ལ་མིག་གིས་བསྒྱུར་བ་ལ། །གཅིག་ཕྲི་རིས་བགོས་ལྷག་མ་ནི། །བྱེད་པའོ་བགོར་མེད་དེ་ཉིད་ཡིན། །གཟའ་ལ་རིས་བགོས་ལྷག་མ་གཟའ། །བགོར་མེད་ན་ནི་དེ་ཉིད་ཡིན། །སྐར་མ་ཉི་ཤུ་རྩ་བདུན་གྱིས། །བགོས་པའི་ལྷག་མ་མདའ་སྐར་ཡིན། །སྦྱོར་བ་ཡང་ནི་དེ་བཞིན་ནོ། །གཟའ་ནི་ཆུ་ཚོད་ཆུ་སྲང་དབུགས། །ཚེས་དེའི་མ་འོངས་བར་ཤེས་བྱ། །གཟའ་ཅིག་ལན་གཉིས་བྱུང་བ་ན། །ཞག་ཅིག་ཚེས་གྲངས་གཉིས་ངོར་འགྲོ། །གལ་ཏེ་གཟའ་དེ་འཆོངས་བྱུང་ན། །ཚེས་གྲངས་དེ་ཉིད་ལན་གཉིས་འོང་། །སྐར་མ་དང་ནི་སྦྱོར་བ་དང་། །དེ་ཡི་ཆུ་ཚོད་ཆུ་སྲང་དབུགས། །འདས་པར་ཁོང་དུ་ཆུད་པར་བྱ། །གཟའ་དང་ཚེས་གྲངས་སྐར་མ་དང་། །སྦྱོར་བ་བྱེད་པས་ཡན་ལག་ལྔའོ། །ཟླ་བ་དག་པར་མཚོ་རི་སྦྱིན། །དེ་ལ་མིག་གིས་བསྒྱུར་བར་བྱ། །ཟླ་བ་ལ་ནི་གཅིག་སྦྱིན་ཏེ། །ཉི་མ་ལ་ནི་གཉིས་སྦྱིན་ནོ། །དེ་ལ་མཁའ་དུས་ཆུས་ཐོབ་དོར། །དོར་རྒྱུ་མེད་ན་དེ་ཉིད་དམ། །ལྷག་མ་སྐར་མས་བསྒྱུར་བ་ལ། །མཁས་དུས་ཆུ་བོས་བགོས་ཐོབ་པ། །སྐར་མའི་གནས་སུ་བཞག་པར་བྱ། །ལྷག་མ་དྲུག་ཅུས་བསྒྱུར་ལ་ཐོབ། །ཆུ་ཚོད་དག་ཏུ་ཤེས་པར་བྱ། །ཆུ་སྲང་དབུགས་དག་རིམ་པས་ཤེས། །དེ་ལྟར་ཐོབ་པ་དེ་རྣམས་ཀྱིས། །རྒྱུ་སྐར་རྣམས་ལ་སྦྱངས་པའི་ལྷག །སྒྲ་གཅན་གདོང་གི་སྐར་མ་ཡིན། །རྒྱུ་སྐར་ཕྱེད་བསྲེས་འཇུག་མ་ཡིན། །ཉི་ཟླ་གཟའ་འཛིན་ངེས་པ་ནི། །ཉི་དག་གནས་གཉིས་དག་ལ་ནི། །སྒྲ་གཅན་འདས་པ་སྦྱིན་པར་བྱ། །གཅིག་དང་གདོང་འཇུག་གང་མང་ལ། །ཉུང་གིས་སྦྱངས་པས་སྐར་གནས་སྟོངས། །ཆུ་ཚོད་གནས་སུ་བཞི་བཅུ་ལྔས། །ཉུང་བ་ཤར་ནས་འཛིན་པ་ཡིན། །ལྷག་མ་རྣམས་ནི་ཕན་ཚུན་དུ། །གདོང་ལ་དབྲི་ཞིང་འཇུག་ལ་སྦྱིན། །ཟླ་བ་ལ་ནི་ཚེས་གཟའ་ཡི། །ཆུ་ཚོད་མན་ཆད་སྦྱིན་བྱས་ནས། །སྒྲ་གཅན་གདོང་འཇུག་གང་མཉམ་གྱིས། །མང་ལ་ཉུང་གིས་སྦྱངས་པ་ལས། །སྟོངས་ན་ཐམས་ཅད་འཛིན་པ་ཡིན། །ཞེ་ལྔས་གང་རུང་མང་གྱུར་ན། །མཉམ་པོར་འགྲོགས་ཀྱང་འཛིན་མི་འགྱུར། །འདི་ལས་གཞན་དུ་ལ་ཐལ་བ། །གོ་བཟློག་གཞན་དུ་འཛིན་ཡང་སྲིད། །དུས་ནི་ཚེས་གཟའི་ཆུ་ཚོད་ལ། །ལྷོ་བྱང་མཐར་ཐུག་བཅུ་དང་ནི། །མཉམ་པར་ལྔ་སྦྱིན་དེ་ཟད་པ། །ནམ་ལངས་ནས་ཟད་དུ་འཇུག་གོ །ཕྱོགས་ནི་ལྷོ་བྱང་བསྒྲོད་པ་དང་། །སྐར་མའི་ཕྱོགས་ལས་དཔག་པར་བྱ། །ཡུན་ནི་ཆ་ཡི་རིམ་པས་ཤེས། །ལྔ་བསྡུས་ཉི་ཟླའི་གཟའ་འཛིན་འདི། །རང་བྱུང་རྡོ་རྗེའི་མིང་ཅན་གྱིས། །གཞན་གྱི་དོན་དུ་སྦྱར་བ་ཡིན།། ཱ།། །།ཟླ་བ་དག་པ་སུམ་ཅུས་འགྱུར། །གནས་གསུམ་འོག་མར་ཆུ་མེ་ཕྲི། །དེ་ལ་མཁའ་རིས་ཐོབ་པ་ལ། །ཀླུ་མེ་བྱིན་ལ་དབུས་མར་བསྲེ། །དྲུག་ཅུ་རྩ་བཞིས་ཐོབ་པའི་ནོར། །སྟེང་ཕྲི་སྤྱི་ཡི་ཉི་མ་ཡིན། །དེ་ཉིད་གནས་གཉིས་ཅིག་ལ་ནི། །བཀྲ་ཤིས་དུས་མེ་ལག་པ་བསྲེ། །དེ་ལ་རི་ལུ་དུས་ཀྱི་བགོ །ཐོབ་པ་དང་པོ་དོར་བའི་ལྷག །སྐར་མས་བསྒྱུར་ལ་རི་སོགས་བགོ །ཐོབ་པའི་སྐར་མའི་གནས་ཡིན་ནོ། །ལྷག་མ་དྲུག་ཅུས་བསྒྱུར་བ་ལ། །ཐོབ་པས་ཆུ་ཚོད་ལྷག་མ་ལ། །དྲུག་ཅུས་བསྒྱུར་ཐོབ་ཆུ་སྲང་ངོ་། །དྲུག་གི་བསྒྱུར་ལ་ཐོབ་པ་དབུགས། །དེ་རྣམས་མིག་དམར་ལོངས་སྤྱོད་དོ། །དེ་ཉིད་གནས་གཉིས་ཅིག་ལ་ནི། །སྐར་མ་དགུ་དང་ཆ་དང་ཆུ་ཚོད་ནས། །སུམ་ཅུ་ཐམས་པ་སྦྱང་བར་བྱ། །སྦྱངས་ཀྱང་འཁོར་ལོ་ཕྱེད་ལྷག་དོར། །མེད་ན་འཁོར་ལོ་བསྲེས་ལ་སྦྱང་། །མ་དོར་རིམ་པ་དོར་རིམ་མིན། །དོར་བའི་ལྷག་མ་སྐར་མའི་གནས། །མཁའ་རོས་བསྒྱུར་བ་ཆུ་ཚོད་བསྲེ། །མདའ་ཡོན་ཟླས་ཐོབ་དལ་རྐང་བཟུང་། །དེ་ཉིད་བཅོ་བརྒྱད་རི་ལྔ་རྐང་། །ཕྱི་མ་ལ་ནི་དེ་ལས་བཟློག །རྐང་ཟོས་ལྷག་མས་སྔོན་མ་བསྒྱུར། །མདའ་ཡོན་ཟླས་ཐོབ་ཆུ་ཚོད་ཡིན། །ལྷག་མ་དྲུག་ཅུས་བསྒྱུར་ལ་ཐོབ། །ཆུ་སྲང་དྲུག་གིས་བསྒྱུར་ཐོབ་དབུགས། །དེ་ལྟར་ཐོབ་པ་དེ་རྣམས་ཀྱིས། །སྔ་རྐང་བསྡམ་ཞིང་ཕྱི་རྐང་དོར། །སྔར་གྱི་ལོངས་སྤྱོད་གནས་རྣམས་སུ། །རིས་མིན་སྦྱིན་ཞིང་རིམ་པ་དོར། །མ་དག་དལ་བ་དག་པའོ། །དལ་དག་གནས་གཉིས་ཅིག་གིས་ནི། །ཉི་མ་དག་པ་སྦྱང་བར་བྱ། །མེད་ན་འཁོར་ལོ་བསྲེས་ལ་སྦྱང་། །སྦྱངས་ཀྱང་འཁོར་ལོ་ཕྱེད་ལྷག་དོར། །སྦྱངས་ལྷག་སྐར་གནས་གཉིས་རྐང་བཟུང་། །རྒྱལ་བ་དང་པོ་གསུམ་མེ་མིག །ལྔ་དང་དྲུག་པར་ཉི་ཤུ་ཅིག །བཅོ་བརྒྱད་ཚེས་དང་དྲག་པོ་ནི། །མེ་ནི་སྔ་རྐང་རིམ་པས་སོ། །དྲག་པོ་སུམ་ཅུ་བརྒྱད་བརྒྱ་བཅུ། །ལྔ་བཅུ་རྩ་གསུམ་ཚད་ཕྱི། །རྐང་ཟོས་སྔོན་མས་ཆུ་ཚོད་བསྒྱུར། །དྲུག་ཅུས་ཐོབ་པ་རྐང་པའི་ནོར། །ཆུ་ཚོད་ཡིན་ཏེ་ལྷག་མ་བཅུས། །བསྒྱུར་ཐོབ་ཆུ་སྲང་དྲུག་གིས་ནི། །བསྒྱུར་ལས་ཐོབ་པ་དབུགས་ཡིན་ནོ། །རྐང་པ་སྔོན་མར་ཟིན་ནས་སྡོམ། །ཕྱིར་མར་ཟིན་ན་དོར་བར་བྱ། །རྐང་གནས་དྲུག་ཅུས་ལྷག་གྱུར་ན། །དྲུག་ཅུས་བགོས་ཐོབ་སྐར་མ་ཡིན། །དེ་ལྟར་སྐར་མ་ལ་སོགས་ཀྱི། །སྔར་གྱི་དལ་བ་དག་པ་ལ། །རིམ་མིན་དོར་ཞིང་རིམ་པ་སྦྱིན། །བཀྲ་ཤིས་མྱུར་བ་དག་པའོ། །དེ་ནས་གཟའ་ལག་གསལ་བརྗོད་བྱ། །སྤྱི་ཡི་ཉི་མར་བརྒྱ་ཡིས་བསྒྱུར། །དེ་ལ་དུས་ཟླ་དུས་མིག་བསྲེ། །རི་བུག་རི་ཀླུས་བགོས་ཐོབ་པ། །དོར་ལྷག་འཁོར་ལོས་བསྒྱུར་ཐོབ་སྐར། །ལྷག་མ་མིག་དམར་ཇི་བཞིན་བྱ། །དེ་ནི་གཟའ་ལྷག་ལོངས་སྤྱོད་དོ། །དལ་བ་དག་པར་བྱ་བའི་ཕྱིར། །ཉི་མ་ཕྱེད་དག་གནས་ཉིད་བགོད། །གཅིག་ལ་སྐར་མར་བཅུ་དྲུག་དང་། །ཆུ་ཚོད་ནས་ནི་སུམ་ཅུ་དོར། །མ་ལྡང་འཁོར་ལོ་བསྲེས་ལ་དོར། །སྦྱངས་ཀྱང་འཁོར་ལོ་ཕྱེད་ལྷག་དོར། །མ་དོར་རིམ་པ་དོར་རིམ་མིན །དོར་ལྷག་སྐར་གནས་དྲུག་ཅུས་བསྒྱུར། །འོག་གི་ཆུ་ཚོད་ཡར་ལ་བླང་། །མདའ་ཡོན་ཟླས་ཐོབ་དལ་རྐང་བཟུང་། །ཕྱོགས་རི་མེ་ཡི་ཕྱི་རྐང་ཟློག །རྐང་ཟོས་སྔོན་མས་ལྷག་མ་བསྒྱུར། །ཆུ་ཚོད་ཆུ་སྲང་དབུགས་རིམ་བཞིན། །སྔ་རྐང་སྡོམ་ཞིང་ཕྱི་རྐང་དབྲི། །སྔར་གྱི་ཉི་མ་ཕྱེད་དག་ལ། །རིམ་མིན་སྦྱིན་ཞིང་རིམ་པ་དོར། །དེ་ནི་དལ་བ་དག་པའོ། །དལ་དག་གནས་གཉིས་ཅིག་གིས་ནི། །སྔར་མ་དག་པ་ལོངས་སྤྱོད་སྦྱང་། མེད་ན་འཁོར་ལོ་བསྲེས་ལ་སྦྱངས། །སྦྱངས་ཀྱང་འཁོར་ལོ་ཕྱེད་ལྷག་དོར། །དེ་ལྷག་སྐར་མས་རྐང་བ་བཟུང་། །བཅུ་དྲུག་ལན་གཉིས་ཚེས་དང་ནི། །བཅུ་བཞི་བཅུ་གསུམ་དྲག་པོ་རི། །མདའ་དང་ནམ་མཁའ་སྔ་མ་སྟེ། །རིགས་བྱེད་དྲག་པོ་མཁའ་མིག་དང་། །ཉེར་བརྒྱད་སོར་བཞི་ཕྱི་རྐང་ངོ་། །རྐང་ཟོས་སྔོན་མས་ཆུ་ཚོད་བསྒྱུར། །གཞན་དག་མིག་དམར་ཇི་བཞིན་ཏེ། །གཟའ་ལག་མྱུར་བ་དག་པའོ། །ཕུར་བུ་སྤྱི་ཡི་ཉི་མ་ལ། །མཚོ་དུས་ཟླ་བ་མེ་ཡིས་ཕྲི། །སོ་མེ་རྒྱ་མཚོས་བགོས་ཐོབ་དོར། །ལྷག་མ་སྐར་མས་བསྒྱུར་བ་ལ། །ཐོབ་སྐར་འོ་མ་ཆུ་ཚོད་སོགས། །རིམ་བཞིན་བྱས་པ་ལོངས་སྤྱོད་དོ། །དེ་ཉིད་གནས་གཉིས་གཅིག་ལ་ནི། །སྐར་མའི་གནས་ནས་བཅུ་གཉིས་སྦྱང་། །མ་ལྡང་འཁོར་ལོ་བསྲེས་ལ་སྦྱང་། །སྦྱངས་ཀྱང་འཁོར་ལོ་ཕྱེད་ལྷག་དོར། །མ་དོར་རིམ་པ་དོར་རིམ་མིན། །དོར་ལྷག་སྐར་གནས་དྲུག་ཅུས་བསྒྱུར། །འོག་གི་ཆུ་ཚོད་སྟེང་དུ་བསྲེ། །མདའ་ཡོན་ཟླས་ཐོབ་དལ་རྐང་བཟུང་། །འཕྲོག་བྱེད་དགུ་མེ་ཕྱི་རྐང་བཟློག །རྐང་ཟོས་སྔོན་མས་ལྷག་མ་བསྒྱུར། །མདའ་ཡོན་ཟླས་ཐོབ་ཆུ་ཚོད་ཡིན། །ཆུ་སྲང་དབུགས་དག་རིམ་པས་བྱ། །སྔར་ཟིན་སྡོམ་ཞིང་ཕྱི་ཟིན་དོར། །སྔར་གྱི་ལོངས་སྤྱོད་གནས་ཅིག་ལ། །རིམ་མིན་སྦྱིན་ཞིང་རིམ་པ་དོར། །ཕུར་བུའི་དལ་བ་དག་པའོ། །དལ་དག་གནས་གཉིས་གཅིག་གིས་ནི། །ཉི་མ་དག་པ་ལ་སྦྱང་བྱ། །མ་ལྡང་འཁོར་སྡེ་ཕྱེད་ལྷག་དོར། །དོར་ལྷག་སྐར་གནས་གཉིས་རྐང་བཟུང་། །ཕྱོགས་ཕྱོགས་དགུ་བརྒྱ་དུས་རོ་དང་། །ལག་པ་ཟླ་བར་ཕྱི་མར་ནི། །མེ་རོ་བུག་པོ་དྲག་པོ་དང་། །བཅུ་དྲུག་ཐོབ་པ་རིམ་པས་སོ། །རྐང་ཟོས་སྔོན་མ་ཆུ་ཚོད་བསྒྱུར། །དྲུག་ཅུ་ཐོབ་ནོར་ཆུ་ཚོད་ཡིན། །ཆུ་སྲང་དབུགས་རྣམས་རིམས་བཞིན་བྱ། །སྔ་རྐང་བསྡམ་ཞིང་ཕྱི་རྐང་དོར། །རིམ་མིན་དོར་ཞིང་རིམ་པ་སྦྱིན། །བླ་མའི་མྱུར་བ་དག་པའོ། །སྤ་སངས་སྤྱི་ཉིར་ཕྱོགས་ཀྱིས་བསྒྱུར། །དེ་ལ་ཆུ་བུག་ཆུ་ཟླ་དོར། །རི་དང་རྒྱལ་བ་མིག་གིས་དབྱེ། །ཐོབ་པ་དང་པོ་དོར་བའི་ལྷག །སྐར་མར་བསྒྱུར་ཐོབ་སྐར་གནས་ཡིན། །ཆུ་ཚོད་སྔ་མ་རིམས་བཞིན་བྱ། །པ་སངས་ལོངས་སྤྱོད་དག་པའོ། །དལ་བ་དག་པར་བྱ་བའི་ཕྱིར། །ཉི་མ་ཕྱེད་དག་གནས་གཉིས་བགོད། །གཅིག་ལ་སྐར་མ་དྲུག་སྦྱར་བྱ། །མེད་ལ་འཁོར་ལོ་བསྲེས་ལ་དོར། །འཁོར་ཕྱེད་ལྷག་ནའང་དེ་ཉིད་དོར། །མ་དོར་རིམ་པ་དོར་རིམ་མིན། །དོར་ལྷག་སྐར་གནས་དྲུག་བཅུས་བསྒྱུར། །འོག་གི་ཆུ་ཚོད་སྟེང་དུ་བཞག །མདའ་ཡོན་ཟླས་ཐོབ་དས་རྐང་བཟུང་། །མདའ་བཟུང་ཟླ་བ་དེ་བཟློག་ཕྱི། །རྐང་ཟོས་སྔོན་མས་ལྷག་མ་བསྒྱུར། །མདའ་ཡོན་ཟླས་ཐོབ་ཆུ་ཚོད་དེ། །ཆུ་སྲང་དབུགས་ཀྱང་རིམ་པས་བྱ། །སྔ་རྐང་བསྡམ་ཞིང་ཕྱི་རྐང་དོར། །སྔར་གྱི་ཉི་མ་ཕྱེད་དག་ལ། །རིམ་མིན་སྦྱིན་ཞིང་རིམ་པ་དོར། །དལ་བ་དག་པའོ་དེ་གནས་གཉིས། །གཅིག་གིས་སྔར་གྱི་ལོངས་སྤྱོད་སྦྱངས། །མེད་ན་འཁོར་ལོ་ཕྱེད་ལྷག་དོར། །དོར་ལྷག་སྐར་མས་རྐང་བ་བཟུང་། །ཉི་ཤུ་རྩ་ལྔ་གནས་གསུམ་དང་། །རྒྱལ་བ་གནས་གཉིས་ཉེར་གཉིས་གཉིས། །བཅོ་བརྒྱད་ཚེས་ནོར་རྩ་བའོ། །དུས་དང་མཁའ་མ་གོ་དགུ་དང་། །ཡོན་ཏན་རི་རྣམས་ཕྱི་མའོ། །རྐང་ཟོས་སྔོན་མས་ཆུ་ཚོད་བསྒྱུར། །དྲུག་ཅུས་ཐོབ་པ་ཆུ་ཚོད་དོ། །ཆུ་སྲང་དབུགས་དག་རིམ་པས་བྱ། །སྔ་ཚར་དར་ཞིང་ཕྱི་ཚར་དོར། །སྔར་གྱི་དལ་བ་དག་པ་ལ། །རིམ་མིན་དོར་ཞིང་རིམ་པས་སྦྱིན། །པ་སངས་མྱུར་བ་དག་པའོ། །སྤེན་པ་སྤྱི་ཡི་ཉི་མ་ལ། །ཆུ་རི་མཁའ་དུང་མིག་གིས་བསྲེ། །དུས་རོ་རི་མཁའ་ཟླ་བས་བགོ །ཐོབ་པ་དང་པོ་དོར་བའི་ལྷག །སྐར་མས་བསྒྱུར་ཐོབ་སྐར་གནས་སོ། །ཆུ་ཚོད་སོགས་བྱས་ལོངས་སྤྱོད་ཡིན། །དེ་ཉིད་གནས་གཉིས་གཅིག་ལ་ནི། །སྐར་མའི་གནས་ནས་བཅོ་བརྒྱད་དོར། །མིན་ན་འཁོར་ལོ་བསྲེས་ལྷ་དོར། །དོར་ནའང་འཁོར་ཕྱེད་ལྷག་ན་དོར། །མ་ནོར་རིམ་པ་དོར་རིམ་མིན། །དོར་ལྷག་སྐར་གནས་དྲུག་ཅུས་བསྒྱུར། །འོག་གི་ཆུ་ཚོད་ཡར་ལ་བླང་། །མདའ་ཡོན་ཟླས་ཐོབ་དལ་རྐང་བཟུང་། །ཉེར་གཉིས་ཚེས་དུས་ཕྱི་རྐང་བཟློག །རྐང་ཟོས་སྔོན་མས་ལྷག་མ་བསྒྱུར། །མདའ་ཡོན་ཟླས་ཐོབ་ཆུ་ཚོད་ཡིན། །ཆུ་སྲང་དབུགས་དག་རིམ་པས་ཤེས། །རྐང་པ་ཟོས་སྡོམ་མ་ཟོས་ཕྲི། །སྔར་གྱི་ལོངས་སྤྱོད་གནས་དེ་ལ། །རིམ་མིན་སྦྱིན་ཞིང་རིམ་པས་དོར། །དལ་བ་དག་པ་དེ་གནས་གཉིས། །གཅིག་གི་ཉི་མ་དག་པ་སྦྱང་། །མིན་ན་འཁོར་བསྲེ་ཕྱེད་ལ་དོར། །དོར་ལྷག་སྐར་མས་མྱུར་རྐང་བཟུང་། །དྲུག་དང་འབྱུང་མདའ་རིགས་བྱེད་ཆུ། །མིག་དང་ལག་པ་མཁའ་སྔ་རྐང་། །མིག་ཆུ་འབྱུང་བ་རོ་དངོ་ནོར། །མེ་རྣམས་རིམ་པར་ཕྱི་རྐང་ངོ་། །རྐང་ཟོས་སྔོན་མས་ཆུ་ཚོད་བསྒྱུར། །དྲུག་ཅུས་ཐོབ་པ་ཆུ་ཚོད་ཡིན། །ལྷག་མ་ཆུ་སྲང་དབུགས་བྱའོ། །སྔ་རྐང་བསྡམ་ཞིང་ཕྱི་རྐང་དོར། །སྔར་གྱི་དལ་བ་དག་པ་ལ། །རིམ་མིན་དོར་ཞིང་རིམ་པ་སྦྱིན། །སྤེན་པའི་མྱུར་བ་དག་པའོ། །གཟའ་རྣམས་རྒྱུ་བའི་རིམ་པ་ལ། །མྱུར་བའི་ལས་ཀྱིས་དུས་སུ་ནི། །མ་རྒལ་མ་དོར་མྱུར་འགྲོས་ཤར། །རྒལ་ལ་མ་དོར་དལ་འགྲོས་ལྷོ། །དོར་ལ་མ་རྒལ་འཁྱོག་འགྲོས་ནུབ། །རྒལ་དོར་འབྱུང་འགྲོས་བྱང་དུའོ། །དེ་ལྟར་དུས་རྣམས་ཐམས་ཅད་དུ། །མཁས་པས་རིམས་བཞིན་བརྟག་པར་བྱ། །ཱ། །།

Notes[edit]

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net