རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར་མན་ངག་ཐམས་ཅད་ཀྱི་རྒྱལ་པོ་་་

From Rangjung Yeshe Wiki Texts
Jump to navigation Jump to search
{{{1}}}

༄༅། །རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར་མན་ངག་ཐམས་ཅད་ཀྱི་རྒྱལ་པོ་ཀློང་ལྔའི་ཡི་གེ་དུམ་བུ་གསུམ་པ་ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་བཤད་ཁྲིད་ཆུ་འབབས་སུ་བཀོད་པ་སྙིང་པོའི་བཅུད་དྲིལ་ཡེ་ཤེས་ཐིག་ལེ་ཞེས་བྱ་བ་བཞུགས་སོ།། །།[1]

ན་མོ་གུ་ར་ཝེ། འོད་གསལ་རྫོགས་པ་ཆེན་པོ་སེམས་ཀློང་མན་ངག་སྡེ་གསུམ་གྱི་ཆོས་ཚུལ་ཟབ་རྒྱས་མཐའ་ཡས་པ་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲའི་ཐུགས་ལ་མངའ་བའི་ནང་ནས། མན་ངག་སྡེ་ཡང་གསང་བླ་མེད་ཀྱི་བཅུད་ཕུར་མན་ངག་ཐམས་ཅད་ཀྱི་རྒྱལ་པོ་འདི་བི་མའི་ཟབ་སྒྲུབ་དང་འབྲེལ་བའི་དཔེ་རྒྱུན་གཏེར་དུ་བཞུགས་པ། དཔལ་སྔགས་ཀྱི་སྲུང་མས་ལྕེ་རིགས་ཀྱི་བཙུན་པ་སེང་གེ་དབང་ཕྱུག་ལ་གཏད། དེས་གསང་ཞིང་སྒྲུབ་པའི་དུས་ན་རྨི་ལམ་དང་ཉམས་སྣང་ལྟ་བུ་མ་ཡིན་པར། པཎ་ཆེན་བི་མའི་ཡེ་ཤེས་ཀྱི་སྐུ་དངོས་སུ་བྱོན་ནས་དཔོན་སློབ་ལྷན་ཅིག་ཏུ་ཡུན་རིང་པོར་བཞུགས་ཤིང་སྨིན་གྲོལ་ཡོངས་སུ་རྫོགས་པ་གནང་། བི་མའི་བཀའ་བཞིན་དུ་བསྒོམས་པས་ལྕེ་བཙུན་གྱིས་འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུ་མངོན་དུ་མཛད། དེའི་འདའ་ཀའི་རྡོ་རྗེའི་ཚིག་མན་ངག་གི་ཡི་གེ་དུམ་བུ་གསུམ་པ་འདི་མཁའ་འགྲོ་མ་རྣམས་ལ་གནང་བ། ཨོ་རྒྱན་གྱི་ཡུལ་ལ་སོགས་པ་དཔའ་བོ་མཁའ་འགྲོའི་ཞིང་ཁམས་རབ་འབྱམས་རྣམས་སུ་སྤྱན་དྲངས་ནས་རང་གཞན་གྱི་དོན་བསམ་གྱིས་མི་ཁྱབ་པ་མཛད་ཟིན་པ་དང་མཛད་བཞིན་པ་ཡིན་ལ། སླར་འོད་གསལ་སྤྲུལ་པའི་རྡོ་རྗེ་བདག་གིས་རྗེས་དྲན་གྱི་སྒོ་ནས་གཏན་ལ་ཕབ་པ་འདིས་གདུལ་བྱའི་སྐལ་པ་དང་འཚམས་པའི་འགྲོ་དོན་ཅི་རིགས་བྱུང་ཞིང་། ད་ལམ་ཁྱེད་རང་རྣམས་ལའང་ལེགས་པར་གདམ་པ་ལ་གསུམ། ཀླད་དོན་མཚན་ཁྱད་པར་ཅན་མཁའ་འགྲོའི་སྡུད་ཕྱག་དང་བཅས་པ། གཞུང་དོན་མན་ངག་ཟབ་མོ་དུམ་བུ་གསུམ་རྟོགས་བརྗོད་གཏད་རྒྱ་སྨོན་ལམ་དང་བཅས་པ། མཇུག་དོན་ཡེ་ཤེས་མཁའ་འགྲོའི་ཞལ་གདམ་རྡོ་རྗེའི་ཚིག་གིས་མཐའ་བརྒྱན་པའོ། །དང་པོ་ལ་གཉིས། མཚན་དོན་དང་ཕྱག་གོ །དང་པོ་ནི། མཚན་གྱི་ཁྱད་པར་གསུམ་གྱི་དང་པོ། རྫོགས་ཞེས་པ་གང་དུ་རྫོགས་ན། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་ཁྱབ་བརྡལ་ཀློང་ཡངས་ཆེན་པོའི་ངོ་བོར་དབྱེར་མེད་རོ་གཅིག་ཏུ་ཡེ་ནས་རྫོགས། གང་རྫོགས་ན་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་སྣང་སྲིད་ཀྱི་ཆོས་ཐམས་ཅད་ལྷག་མ་མེད་པར་རྫོགས། ཚུལ་ཇི་ལྟར་རྫོགས་ན་ཆོས་དབྱིངས་ཞེས་པ་སྣོད་སྟོང་ཆེན་པོ་འདྲ་བ་གཅིག་གི་ནང་དུ་ཆོས་ཅན་ཞེས་པ་དངོས་རྫས་བཟང་ངན་མང་པོ་ལྷན་ཅིག་ཏུ་བླུགས་པ་ལྟ་བུའམ། ཆོས་ཅན་ཞེས་པ་རྫས་སོ་སོ་བ་ལྟ་བུ་རྣམས་དེ་དང་དེར་འཚམས་པའི་ཆོས་ཉིད་ཅེས་སྣོད་སྟོང་ཁོལ་བུ་བ་རེ་རེའི་ཁོངས་སུ་ཚུད་པ་ལྟ་བུའི་མཚན་མ་རིས་ཆད་ཅན་དེ་འདྲ་ནི་ག་ལ་ཡིན། ཇི་ལྟར་ཡིན་ན། འཁོར་འདས་སོགས་བཟང་ངན་དང་། བདག་གཞན་དང་། སྣོད་བཅུད་དང་། བེམ་ཤེས་སོགས་ཐ་དད་རྣམ་པ་སྣ་ཚོགས་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་བ་འཇིག་རྟེན་མངོན་སུམ་དུ་སྣང་བ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད། གནས་ལུགས་དོན་དམ་པ་མཐར་ཐུག་གི་དབང་དུ་བྱས་ཏེ་བཤད་ན། སྤྲོས་བྲལ་ཆོས་ཀྱི་དབྱིངས་དང་རོ་གཅིག་པ་ཚུལ་གཅིག་པ་ཁོ་ནར་ཡེ་ནས་ཡིན་ཞིང་། དེ་ལྟར་ཡེ་ནས་གནས་པ་མ་གཏོགས་དབྱིངས་དེ་ལས་ཐ་དད་པའི་སྤུ་རིས་རྡུལ་ཕྲ་རབ་ཙམ་ཡང་སྔར་ཡོད་མ་མྱོང་། ད་ལྟ་ཡོད་མི་སྲིད། ཕྱིས་ནམ་ཡང་ཡོད་པར་འགྱུར་བའི་གནས་མེད་ཅིང་སྐབས་མེད་པ་ཡིན་ནོ། །པ་ཞེས་པ་དེ་ལྟར་ཆོས་དབྱིངས་རྒྱ་ཆད་ཕྱོགས་ལྷུང་ཀུན་བྲལ་ཁྱབ་ཅིང་རྟག་པ་དམ་པ་དེ་ཡང་གཞན་ག་ཤེད་ནས་བཙལ་མི་དགོས་ཏེ། རང་གི་སེམས་ཉིད་རིག་པ་རྗེན་པ་སྐད་ཅིག་མའི་ངོ་བོར་ཧྲིལ་གྱིས་འདུས་པས་ན་རིག་པ་ལས་ངོ་བོ་ཐ་དད་པའི་དབྱིངས་དང་ཡེ་ཤེས་གང་ཡང་རྙེད་མི་དགོས་སོ། །རྫོགས་པ་ཞེས་པའི་དོན་བཤད་ཚུལ་མང་ཡང་སྐབས་འདིར་ནི། སྣང་བ་དང་ཤེས་པ། སྐུ་དང་ཡེ་ཤེས་སོགས་རྣམ་པའི་བྱེ་བྲག་མཐའ་དག་དབྱིངས་ཀྱི་ངོ་བོར་རོ་གཅིག་ཏུ་དྲིལ་ཞིང་། དབྱིངས་དེ་ཡང་རིག་པ་ལས་ནམ་ཡང་མི་འདའ་བས་ན་གནད་ཐམས་ཅད་རིག་ཐོག་ཏུ་དྲིལ་ཏེ་བཤད་ལུགས་སོ། །ཆེན་པོ་ཞེས་པ། ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པ་དབྱིངས་རིག་དབྱེར་མེད་འདིའི་གོང་ན་རྟོགས་བྱ་དང་བསྟན་བྱ་གཞན་གང་ཡང་མེད་པས། ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པས་ཀྱང་འདི་ལས་ལྷག་པ་ཞིག་གཟིགས་སུ་མེད་ཅིང་བསྟན་དུའང་མེད་དོ་ཅེས་སོ། །དེ་ལྟར་མ་བཅོས་ཡེ་ནས་གནས་པ་གཞི། རང་རིག་བློ་བྲལ་མངོན་སུམ་དུ་རྟོགས་ཤིང་གོམས་པར་བྱེད་པ་ལམ། དྲི་མ་ཡོངས་སུ་དག་ནས་རང་གནས་ཀྱི་གཏན་སྲིད་ཟིན་པ་མཐར་ཐུག་གི་འབྲས་བུ། ཐམས་ཅད་དབྱིངས་རིག་གི་ངོ་བོར་རྫོགས་ཤིང་རང་ངོ་འཕེལ་འགྲིབ་དང་བྲལ་བ་དབྱེར་མེད་ཆེན་པོའོ། །ཚུལ་དེ་ལྟ་བུ་གདུལ་བྱ་དབང་རབ་སོགས་ཀྱིས་རྟོགས་ཤིང་མངོན་དུ་བྱེད་པའི་འཇུག་སྒོ་གཞན་ལས་ཁྱད་དུ་འཕགས་པ་ནི་རྫོགས་ཆེན་སྡེ་གསུམ་ཡིན། དེའི་ནང་ནས་ཀྱང་ཆེས་མཆོག་ཏུ་གྱུར་པ་གསང་བ་མན་ངག་གི་སྡེ་ལའང་ཕྱི་སྐོར་ནང་སྐོར་གསང་སྐོར་ཡང་གསང་བླ་མེད་ཀྱི་སྐོར་ཏེ་བཞི་ལས་འདི་ཡང་གསང་བླ་ན་མེད་པ་ཡིན་ཞིང་། དེ་ཡང་མན་ངག་ཅེས་པ། རྒྱུ་དང་ཚེགས་ཆུང་ངུ་ཞིག་གིས་དོན་ཆེན་པོ་བདེ་མྱུར་དུ་འགྲུབ་པའི་འཕྲུལ་ཐབས་ངོ་མཚར་ཅན་བློས་དཔག་སྟེ་ཚད་གཟུང་དཀའ་བ་ཞིག་གོ །སྡེ་ནི། ཉུང་ངུ་དང་ཆུང་བ་ལས་ལྷག་པའི་མང་ཞིང་རྒྱས་ལ་རིན་ཐང་ཆེ་བ་སྟེ། རྒྱལ་བསྟན་རིན་པོ་ཆེ་ཡོངས་སུ་རྫོགས་པའི་རྩེ་རྒྱལ་ཐེག་མཆོག་འོད་གསལ་སྙིང་པོའི་རྒྱུད་ཐམས་ཅད་ཀྱི། སྒོ་དང་ལྡེ་མིག་ལྟ་བུ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད། ཆུ་བོ་ལྟ་བུའི་རྒྱུད་རྫོགས་པ་རང་བྱུང་། རི་རྒྱལ་ལྟ་བུའི་རྒྱུད་ཡི་གེ་མེད་པ། རྒྱ་མཚོ་ལྟ་བུའི་རྒྱུད་རིག་པ་རང་ཤར། ཉི་མ་ལྟ་བུའི་རྒྱུད་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་། ཁྱུང་ཆེན་ལྟ་བུའི་རྒྱུད་ཀློང་དྲུག་པ། སེང་གེ་ལྟ་བུའི་རྒྱུད་སེང་གེ་རྩལ་རྫོགས། རྒྱལ་པོའི་ནོར་མཛོད་ལྟ་བུའི་རྒྱུད་རིན་པོ་ཆེ་སྤུངས་པ། འཁོར་ལོ་ལྟ་བུའི་རྒྱུད་བཀྲ་ཤིས་མཛེས་ལྡན། རལ་གྲི་ལྟ་བུའི་རྒྱུད་ཐུགས་ཀྱི་མེ་ལོང་། གསེར་ཞུན་ལྟ་བུའི་རྒྱུད་ནོར་བུ་ཕྲ་བཀོད། རྒྱན་ཕྲེང་ལྟ་བུའི་རྒྱུད་མུ་ཏིག་ཕྲེང་བ། སྒེག་མོ་ལ་མེ་ལོང་བསྟན་པ་ལྟ་བུའི་རྒྱུད་ངོ་སྤྲོད་སྤྲས་པ། རིན་ཆེན་འོད་འབར་ལྟ་བུའི་རྒྱུད་སྒྲོན་མ་འབར་བ། སྦྲུལ་མདུད་རང་གྲོལ་ལྟ་བུའི་རྒྱུད་རིག་པ་རང་གྲོལ། མ་པང་བུ་འཇུག་ལྟ་བུའི་རྒྱུད་ཉི་ཟླ་ཁ་སྦྱོར། རྒྱལ་པོ་ས་འཛིན་ལྟ་བུའི་རྒྱུད་སྐུ་གདུང་འབར་བ་སྟེ་བཅུ་བདུན། སྔགས་སྲུང་ཁྲོས་མའི་རྒྱུད་སྤུ་གྲི་ལྟ་བུ་དང་བཅོ་བརྒྱད། འདི་དག་ཚུལ་བཞིན་དུ་བཀྲལ་བའི་གཞུང་འགྲེལ་དང་མན་ངག་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བ། སློབ་དཔོན་དགའ་རབ་རྡོ་རྗེ་སོགས་རིག་འཛིན་ཆེན་པོ་དུ་མས་མཛད་པ་ད་ལྟ་མཁའ་འགྲོའི་ཞིང་རྣམས་སུ་མཐའ་ཡས་པ་བཞུགས་ལ། ཅི་རིགས་རེ་ཟབ་གཏེར་གྱི་ཚུལ་དུ་ཡང་ཡོད་དོ། །བོད་ཡུལ་དུའང་དཔལ་ཨོ་རྒྱན་ཆེན་པོ་དང་པཎ་ཆེན་བི་མའི་སྙིང་ཐིག་སྔར་ནས་བྱོན་པ་ད་ལྟ་ཡང་བཞུགས་ལ། དེ་འཛིན་པའི་སྐྱེས་མཆོག་སྙིང་པོའི་ལྟ་སྒོམ་ཕུན་སུམ་ཚོགས་པ་ཅན་ཆོས་པ་ཕལ་གྱིས་འགྲན་ཟླ་བྲལ་བ་དུ་མ་ཞིག་སྔར་ནས་རིམ་བཞིན་བྱུང་ཞིང་ད་ལྟ་ཡང་ཡོད་ལ་ཕྱིས་ཀྱང་འབྱོན་པར་འགྱུར་བ་དེ་དག་བླ་མའི་མན་ངག་ལས་སྐྱེས་པ་ཤ་སྟག་ཡིན་ལ། དེས་ན་རྒྱལ་ཀུན་སྤྱི་མེས་དཔལ་ཀུན་ཏུ་བཟང་པོ་ནས་བཟུང་སྟེ། སྟོན་པའི་དྲིན་གྱིས་བསྟན་པ་རིན་པོ་ཆེ་བྱུང་ཞིང་བསྟན་པའི་དྲིན་གྱིས་བསྟན་འཛིན་གྱི་སྡེ་རྣམས་བྱུང་པ་དང་དེ་ལྟར་འབྱུང་བར་འགྱུར་བ་ཁོ་ནའོ། །དེའི་བཅུད་ཕུར་ནི། བཤད་མ་ཐག་པའི་ཆོས་སྡེ་དེ་རྣམས་ཀྱི་ཡང་ཞུན་སྙིང་པོའི་བཅུད་ཐིག །སློབ་མའི་རྒྱུད་ལ་བདེ་མྱུར་གྱི་ཚུལ་དུ་འདེབས་སླ་བ་སོགས་ཟབ་ཁྱད་ཤིན་ཏུ་ཆེ་བས་ན་དེ་སྐད་ཅེས་བྱའོ། །མཚན་གཉིས་པའི་སྐབས་ཀྱི་མན་ངག་ཅེས་པ། སྒོ་ཡུལ་རླུང་རིག་གི་གནད་ཟབ་ཤིན་ཏུ་བྱ་སླ་ཞིང་འཇུག་བདེ་བའི་ཐབས་མཆོག་གིས་མཚོན་ཏེ། རང་གནས་སྐུ་དང་ཡེ་ཤེས་མངོན་སུམ་དུ་གཏན་ལ་འབེབས་ནུས་པ་རྟོག་གེའི་བློས་མི་དཔོག་པའོ། །ཐམས་ཅད་ཀྱི་རྒྱལ་པོ་ཞེས་པ། རྒྱུ་མཚན་ཉིད་ཀྱི་ཐེག་པ་ཆེ་ཆུང་དང་། འབྲས་བུ་གསང་སྔགས་ཕྱི་ནང་གི་རྒྱུད་ལུང་མན་ངག་ཐམས་ཅད་ཀྱང་དངོས་སམ་བརྒྱུད་ནས་རྣམ་མཁྱེན་ཁོ་ནར་གཞོལ་ཐབས་ལས་མ་འདས་པས་མན་ངག་ཁྱད་པར་ཅན་རེ་ཡིན་མོད། དེ་དག་ལས་འདི་ཉིད་ཁྱད་དུ་འཕགས་པ་ནི། དཔེར་ན་རྒྱལ་ཕྲན་སོགས་སྐྱེ་བོ་ཡ་རབས་གྲངས་མང་ཞིང་སྟོབས་དཔུང་མངའ་ཐང་ཅི་ཙམ་ཆེ་བ་སུས་ཀྱང་། འཁོར་ལོས་སྒྱུར་རྒྱལ་གྱི་སྐུ་གཅིག་པུ་ལ་སྒོ་ཀུན་ནས་འགྲན་མི་ནུས་པ་དེ་བཞིན་དུ། འདི་མན་ཆད་ཀྱི་རིམ་གཉིས་ཟབ་མོ་སོགས་ཆོས་ཚུལ་གང་གིས་ཀྱང་། ཐེག་མཆོག་རྫོགས་པ་ཆེན་པོའི་མན་ངག་གི་དུམ་བུ་འདི་ཙམ་ལའང་འགྲན་མི་ནུས་ཏེ། རྣམ་མཁྱེན་གྱི་ལམ་བདེ་མྱུར་འདི་དང་མཚུངས་པ་མེད་པའི་ཕྱིར་རོ། །ཀློང་ལྔ་ནི། མཚན་ཉིད་འཛིན་པའི་ཡེ་ཤེས་ལྔའི་ངོས་ནས་དབྱིངས་ཀྱི་རྣམ་དབྱེ་མཛད་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་དབྱིངས་སོགས་སོ། །དེའི་ཡི་གེ་ནི། ལྕེ་བཙུན་གྱི་རྡོ་རྗེའི་ཞལ་ཆེམས་ཌཱ་ཀིས་བསྡུ་བ་མཛད་ཚུལ་རིགས་དྲུག་ཀློང་གྲོལ་གྱི་ཡི་གེ་འབྲུ་དྲུག་པོ་འ་ཆུང་ཨ་ལ་བསྡུས་ཏེ། ཨ་མེ་ལོང་། ཤ་ཆོས་དབྱིངས། ས་མཉམ་ཉིད། མ་སོར་རྟོག །ཧ་བྱ་གྲུབ་ཡེ་ཤེས་ཀྱི་ཀློང་ལྔའི་དབྱིངས་སུ་བཟུང་བ་ཉིད། སླད་ནས་བདག་ཉིད་རང་ལོ་གནས་ཉེར་བཞིའི་གྲངས་མཉམ་སོན་པའི་ཚེ་གནས་དུས་དགེ་བའི་རྟེན་འབྲེལ་དུས་ལ་བབས་པ་ན། རྗེ་མོ་དཔལ་གྱི་བློ་གྲོས་མའི་སྤྲུལ་འཁོར་གྱི་ཚུལ་འཛིན་ཌཱ་ཀི་འབུམ་ཕྲག་བྱེ་བའི་དགྱེས་ཞལ་མངོན་སུམ་དུ་བསྟན་ཅིང་། མི་ཤིགས་ནཱ་དའི་རང་སྒྲ་རྡོ་རྗེའི་འབྲུ་དྲུག་པའི་དབྱངས་སྙན་གྱི་འགྱུར་བ་ཡིད་འཕྲོག་པས་རྗེས་སུ་བསྐུལ་བའི་རྐྱེན་གྱིས། སྔོན་གནས་ཇི་བཞིན་པ་རྗེས་དྲན་གྱི་ཚུལ་དུ་རང་ཤར་བ་ཡིན་པས་ན་རྡོ་རྗེའི་འབྲུ་དྲུག་པོ་བརྡ་ཡིག་གི་གཟུགས་སུ་ཀླད་དུ་བཀོད་ཀྱང་ཆོག་མོད་དགོས་པའི་དབང་གིས་བོད་ཡིག་བྱས་ཏེ་དུམ་བུ་དང་པོའི་མཚམས་ཅི་རིགས་སུ་བྲིས་སོ། །ཀློང་ལྔར་དབྱེ་བའི་རྒྱུ་མཚན་ཅུང་ཟད་བཤད་ན། གཞི་དང་ལམ་གྱི་དུས་སུ་སྣོད་འབྱུང་བ་ལྔ། བཅུད་ཕུང་པོ་ལྔ། ཡུལ་འདོད་ཡོན་སོགས་ལྔ་ཚན་དུ་མ་དང་། འབྲས་དུས་སུ། རིགས་ལྔ། སྐུ་ལྔ། ཡེ་ཤེས་ལྔ། ཞིང་ཁམས་ལྔ་སོགས་སོ་སོའི་མཚན་ཉིད་དང་བྱེད་ལས་ཐ་དད་པ་ལྟར་ཕྱོགས་དང་རིས་སུ་མ་ཆད་པར་སྣང་ཞིང་། སྣང་བའི་དུས་ཉིད་ནས་འཕོ་མེད་རྣམ་ཀུན་མཆོག་ལྡན་ཆོས་ཀྱི་དབྱིངས་བདེ་ཀློང་ཡངས་པ་ཆེན་པོའི་རང་བཞིན་ལས་མི་འདའ་བས། འཁོར་འདས་ཀྱི་ཆོས་སྣ་ཚོགས་མ་འདྲེས་ཇི་ལྟར་སྣང་ཚུལ་དང་རྗེས་མཐུན་གྱི་སྒོ་ནས་ཀློང་ལྔའི་རྣམ་དབྱེ་བྱུང་བའོ། །དེའི་ཡི་གེ་ནི་འདི་ལྟར་ཡི་གེའི་གཟུགས་སྒྲ་སོགས་གསང་སྔགས་ཐབས་ཀྱི་ཆོ་འཕྲུལ་ཕལ་ཆེར་འཕྲལ་གྱི་རྒྱུ་རྐྱེན་ཁོ་ན་ལས་བྱུང་བ་ལྟར་དུ་སྣང་མོད། དོན་དུ་ནི་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་ཉིད་དེ་དང་དེར་རྣམ་པར་འཕྲུལ་པའི་བྱེ་བྲག་ཙམ་ཡིན་པས། དུམ་བུ་གསུམ་གྱིས་བསྡུས་པའི་ཡི་གེའི་ཕྲེང་བ་ཡིད་ངོར་དྲན་པ་དང་། གཟུགས་སུ་བཀོད་པ་དང་། བརྗོད་པའི་སྒྲ་ཚིག་མཐའ་དག་གི་ངོ་བོ། དབྱིངས་དང་ཡེ་ཤེས་དབྱེར་མེད་ཆེན་པོ་ཉིད་རྣམ་པ་དེ་དང་དེར་ཤར་བ་ལས་མི་འདའ་བས་དེ་སྐད་ཅེས་བྱའོ། །དུམ་བུ་གསུམ་པ་ཞེས་བྱ་བ་ནི། བར་མཚམས་ཀྱི་རྣམ་དབྱེའོ། །མཚན་གསུམ་པའི་དོན་ནི། འཕོ་ཆེན་རྡོ་རྗེའི་སྐུ་བརྙེས་ལྕེ་བཙུན་ཆེན་པོ་སེང་གེ་དབང་ཕྱུག་གི་འདའ་ཀའི་ཞལ་གདམ་ཁྱད་པར་ཅན་འདི་ཡང་ཐོལ་བྱུང་རང་རྡོལ་ཁོ་ན་ལྟ་བུ་མ་ཡིན་པར། ཆོས་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་པོ་ནས་རྡོ་རྗེའི་ཚིག་དོན་བར་མ་ཆད་དུ་བྱུང་བ། པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲས་ལེགས་པར་བཀྲལ་པའི་མན་ངག་ཟབ་མོ་བརྒྱ་དང་བཅུ་དགུ་སོགས་ཀྱི་བཅུད་དྲིལ་ཡང་ཟབ་སྙིང་གི་ཏི་ལ་ཀ་མཐར་ཐུག་པ་ཡིན་ནོ། །ཞེས་སོ། །གཉིས་པ་ཕྱག་ནི། འདས་རྗེས་འདི་ཐོག་མར་བཀའ་བསྡུ་མཛད་དུས་ཡེ་ཤེས་ཀྱི་མཁའ་འགྲོ་མས་གུས་ཕྱག་མཛད་པ་སྟེ། དེའི་དོན་ནི། ཕྱོགས་དུས་ནམ་མཁའི་མཐས་གཏུག་པའི་སྐྱེ་འགྲོ་མཆོག་དམན་བར་མ་ཐམས་ཅད་ཀྱི་སེམས་ཉིད་ནི། རྒྱུ་རྐྱེན་གཞན་གང་ལའང་མ་ལྟོས་པར་ཡེ་ནས་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་པའི་རང་བཞིན་ལྷན་སྐྱེས་ཀྱི་འོད་གསལ་རང་བྱུང་ཁྱབ་བརྡལ་ཆེན་པོ། སྐུ་གསུམ་རྒྱལ་བ་རབ་འབྱམས་ཇི་སྙེད་ཅིག་བཞུགས་པའི་ངོ་བོ་ལས་ནམ་ཡང་མི་གཡོ་བར། སྣང་སྲིད་གཞིར་བཞེངས་དག་པ་རབ་འབྱམས་ཡེ་ཤེས་ལྷའི་དཀྱིལ་འཁོར་གྱི་འཁོར་ལོ་འབྱམས་ཀླས་པའི་ཚུལ་དུ་རང་ཆས་སུ་བཞུགས་པ་དེ་དག །རང་རིག་པ་སྐད་ཅིག་མའི་ངོ་བོར་དབྱེར་མེད་ཐིག་ལེ་ཉག་གཅིག་གི་ཚུལ་དུ་འུབ་ཆུབ་པ་ཉིད། རྟོགས་བྱའི་ཡུལ་དང་རྟོགས་བྱེད་ཀྱི་ཡུལ་ཅན་ཐ་དད་པའི་མཚན་མ་རྡུལ་ཙམ་ཡང་མི་དམིགས་ཤིང་། གནས་ལུགས་ཀྱི་རང་ཞལ་མ་ནོར་བ་ཇི་བཞིན་པ་མངོན་སུམ་དུ་རིག་པའི་ཚུལ་གྱིས་འདུད་པའོ། །གཉིས་པ་གཞུང་དོན་མན་ངག་ཟབ་མོ་ཁྲིད་ཀྱི་ལུགས་སུ་བཤད་པ་ལ་གསུམ། བརྒྱུད་པའི་ལོ་རྒྱུས་ཀྱི་སྒོ་ནས་ཆོས་དང་བླ་མ་ལ་ཡིད་ཆེས་ཀྱི་ངེས་ཤེས་བསྐྱེད་པ། མཆོག་དབང་ཟབ་མོའི་སྒོ་ནས་སྣོད་ལྡན་གྱི་སློབ་མའི་རྒྱུད་མ་སྨིན་པ་སྨིན་པར་བྱེད་པ། ཐུན་མོང་མ་ཡིན་པའི་གདམ་ངག་ཁྱད་པར་ཅན་གྱི་སྒོ་ནས་སྨིན་ཟིན་གྲོལ་བར་བྱེད་པའོ། །དང་པོ་ལ་གཉིས། སྔོན་ཇི་ལྟར་བྱུང་ཚུལ་དང་། ཕྱིས་ཇི་ལྟར་འབྱུང་ཚུལ་ལུང་བསྟན་པའོ། །དང་པོ་ཆོས་སྐུའི་སྟོན་པ་གདོད་མའི་སངས་རྒྱས་དཔལ་ཀུན་ཏུ་བཟང་པོ་ནི། གནས་འོག་མིན་ཆེན་པོ་ཆོས་དབྱིངས་མུ་མཐའ་བྲལ་བ་ན། ཐུགས་ཀ་དག་གཏིང་གསལ་མི་རྟོག་ནམ་མཁའི་རྡོ་རྗེ་དེ་བཞིན་ཉིད་ཆེན་པོ་ལས་རང་སྣང་ཡེ་ཤེས་ཀྱི་རླུང་རིག་དྲི་མ་མེད་པ་རང་ཤར་བ་ཉིད་ཡེ་ཤེས་རིག་པ་ཉིད་ཀྱིས་མངོན་དུ་མཛད་པས། གློ་བུར་གྱི་དྲི་མ་ཞེས་བྱ་བ་སླར་གཏན་ནས་མི་སྐྱེ་བའི་ཆོས་ཅན་དུ་མ་སྤང་ཡེ་ནས་རྣམ་པར་དག་སྟེ། ངོ་བོ་སྟོང་པ་ཆོས་སྐུའི་ཡེ་ཤེས་རིགས་ཐམས་ཅད་ཀྱི་ཁྱབ་བདག་ཆེན་པོར་མངའ་དབང་རྫོགས་པ་ལས་ནམ་ཡང་མ་གཡོས་བཞིན་དུ། རང་བཞིན་གསལ་བ་ལོངས་སྐུའི་ཡེ་ཤེས་རང་སྣང་རང་གསལ་གྱི་སྐུ་དང་ཞིང་ཁམས་རྒྱ་མཚོ་མཐའ་ཡས་པ་དང་། དེ་ལས་ས་བཅུའི་བྱང་སེམས་རྣམས་ཀྱི་ངོར་སྐུ་དང་ཞིང་ཁམས་ཀྱི་བཀོད་པ་མུ་མཐའ་མེད་པ་ཡང་རྟག་པ་རྒྱུན་གྱི་འཁོར་ལོར་ངང་གིས་སྣང་ཞིང་། ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུའི་ཡེ་ཤེས་ཞིང་དག་པ་དང་མ་དག་པའི་ཚུལ་མཐའ་ཡས་པ་རྣམས་སུ། གང་ལ་གང་འདུལ་གྱི་སྤྲུལ་པའི་སྐུ་གྲངས་མེད་དཔག་ཏུ་མེད་པ་རྒྱ་ཆེ་རྒྱུན་མི་ཆད་དུ། མ་ངེས་ཅིར་ཡང་སྟོན་པས་གདུལ་བྱ་སྣ་ཚོགས་པའི་དོན་རྟག་ཁྱབ་ལྷུན་གྲུབ་ཀྱི་ཚུལ་དུ་མཛད་པ་ཉིད་དོ། །ལོངས་སྐུའི་སྟོན་པ་ཐུགས་རྡོ་རྗེའི་རིགས་མཆོག་དཔལ་རྡོ་རྗེ་སེམས་དཔའ་ལ་སྟོན་པ་ཀུན་བཟང་ཉིད་ཀྱིས་འོག་མིན་རྣམ་པར་དག་པའི་གནས་སུ། ཆོས་རྫོགས་པ་ཆེན་པོ་བསམ་གྱིས་མི་ཁྱབ་པ་མངོན་སུམ་དུ་བསྟན་པའི་ཚུལ་གྱིས་སྟོན་འཁོར་དགོངས་སྤྱོད་དབྱེར་མེད་པར་མཛད། རྡོར་སེམས་ཀྱིས་སྤྲུལ་པའི་སྐུ་མཆོག་རིག་འཛིན་དགའ་རབ་རྡོ་རྗེ་ལ་གནང་། དེའི་འཁྲུང་ཡུལ་ནུབ་ཕྱོགས་ཨོ་རྒྱན་གྱི་ཞིང་། མིའི་ཡབ་མེད་པར་ཕྱག་རྡོར་ཉིད་བྱ་ངང་སེར་གྱི་གཟུགས་སུ་བྱོན་ཏེ་ལྷའི་བུ་སེམས་ལྷག་ཅན་གྱི་རིག་པ་ཧཱུྃ་ཡིག་དཀར་དམར་མདངས་ལྡན་གྱི་རྣམ་པས་ཡུམ་གྱི་ཐུགས་དབུས་སུ་བཞག་པ་ལས་འཁྲུངས་པས་ན་དཔལ་གསང་བའི་བདག་པོའི་སྲས་སུ་གཏོགས། དེས་སིང་ག་ལའི་བྲམ་ཟེའི་རིགས་སྲས་སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་ངེས་གསང་རྫོགས་པ་ཆེན་པོའི་སྨིན་གྲོལ་ཡོངས་རྫོགས་དང་འདས་རྗེས་ཀྱི་གདམ་ངག་ཚིག་གསུམ་གནད་བརྡེག་བཅས་གནང་། དེས་རྒྱ་ནག་ཁྱིམ་བདག་གི་རིགས་སྲས་རིག་འཛིན་ཤྲཱི་སིང་ཧ་ལ་ཐེག་མཆོག་རྒྱལ་པོའི་སྨིན་གྲོལ་ཡོངས་རྫོགས་དང་འདས་རྗེས་ཀྱི་མན་ངག་སྒོམ་ཉམས་དྲུག་པ་བཅས་གནང་། དེས་རྒྱ་ནག་གདོལ་པའི་རིགས་སྲས་ཛྙཱ་ན་སུ་ཏྲ་དང་། ཁ་ཆེའི་ཁྱིམ་བདག་གི་རིགས་སྲས་པཎ་ཆེན་བི་མ་ལྷན་ཅིག་ལ་རྫོགས་ཆེན་གསང་སྐོར་མན་ཆད་གནང་མཚམས་བི་མ་ཡུལ་གཞན་དུ་བྱོན་རྗེས། ཛྙཱ་ན་སུ་ཏྲ་ལ་ཡང་གསང་བླ་མེད་ཀྱི་སྨིན་གྲོལ་ཡོངས་རྫོགས་དང་འདས་རྗེས་མན་ངག་གཟེར་བུ་བདུན་པ་བཅས་གནང་། སླར་ཛྙཱ་ན་སུ་ཏྲ་ལས་བི་མས་ཡང་གསང་བླ་མེད་ཡོངས་རྫོགས་དང་འདས་རྗེས་གཞག་ཐབས་བཞི་པ་བཅས་གསན་པ་གསུངས་པས། དེ་ལྟར་ན་བརྒྱུད་པ་འདིར་ཡེ་ཤེས་མདོ་ཡོད་དགོས། བི་མའི་འཇའ་ལུས་རྡོ་རྗེའི་སྐུ་ད་ལྟ་ཡང་བཞུགས་པས་འདས་རྗེས་མ་བྱུང་། འདིས་རྫོགས་པ་ཆེན་པོའི་ཆོས་གཏེར་བོད་ཡུལ་དུ་མང་པོ་སྦས་པ། ཉང་བཀའ་གདམ་པ་ཏིང་འཛིན་བཟང་པོ། གནས་བརྟན་ལྡང་མ་ལྷུན་རྒྱལ། སྤྲུལ་སྐུ་རྒྱལ་བ་ཞང་སྟོན་སོགས་ཀྱིས་ཅི་རིགས་བཏོན་ཟིན་པའི་བརྒྱུད་པ་འདིར་འདྲེན་མི་དགོས་ཏེ། བི་མས་ལྕེ་བཙུན་ལ་དངོས་སུ་གནང་བས་སོ། སྟོན་པ་ཀུན་བཟང་རྡོར་སེམས་གཉིས་རྒྱལ་བ་དགོངས་བརྒྱུད་དངོས། རྡོར་སེམས་ཀྱིས་དགའ་རབ་རྡོ་རྗེ་དགོངས་པས་བྱིན་གྱིས་བརླབས་པའི་དོན་བརྒྱུད། དེ་ནས་བི་མ་ཡན་རིག་འཛིན་བརྡ་བརྒྱུད། དེས་ལྕེ་བཙུན་ལ་གནང་ཚུལ་སྔར་བཤད་པ་ལྟར་ལ། ལྕེ་བཙུན་གྱི་འདས་རྗེས་མན་ངག་མཁའ་འགྲོས་སྤྱན་དྲངས་པ་ནི་སྙིང་ཐིག་ཆེན་མོ་ལས་ཀྱང་གསལ་བས་སྐལ་ལྡན་ཡིད་ཆེས་པའི་གནས་སོ། །ཡང་དུས་གཞན་དུ་སློབ་དཔོན་པདྨ་དང་བི་མས་ཤྲཱི་སིང་ཧ་དངོས་ལས་ཡང་གསང་བླ་མེད་གསན་པའི་ལོ་རྒྱུས་ཚད་ལྡན་བཞུགས་པས་དེའི་དབང་དུ་མཛད་ན། རྗེ་འཇམ་མགོན་བླ་མས་གནང་བའི་བརྒྱུད་འདེབས་ལྟར་རོ། །དེར་མ་ཟད་ཐིག་ལེ་གསང་རྫོགས་སུ་ཡང་ཀུན་བཟང་ནས་བི་མའི་བར་གྱི་བླ་བརྒྱུད་གཞན་གང་ཡང་མ་གསུངས་པའི་རྒྱུ་མཚན་ནི། སྐུ་གསུམ་གྱིས་བསྡུས་པའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་རྒྱལ་པོ་རྣམ་སྣང་། ཚོར་བའི་རྒྱལ་པོ་རིན་འབྱུང་། འདུ་ཤེས་ཀྱི་རྒྱལ་པོ་སྣང་མཐའ། འདུ་བྱེད་ཀྱི་རྒྱལ་པོ་དོན་གྲུབ། རྣམ་པར་ཤེས་པའི་རྒྱལ་པོ་རྡོ་རྗེ་མི་བསྐྱོད་པ། དེ་དག་རྣམ་འགྱུར་གྱི་སྒོ་ནས་ཁྲོ་ཚུལ་ཅན་དང་། ཡུམ་དང་འཁོར་གྱི་རྣམ་རོལ་གྲངས་ལས་འདས་པ་རྣམས། གཅིག་ཏུ་བསྡུས་པའི་ཡེ་ཤེས་ཀྱི་སྐུ་ནི་ཁྱབ་བདག་རིགས་དྲུག་པ་དཔལ་ཀུན་ཏུ་བཟང་པོ་དངོས་ཡིན་ལ། དེའི་གོ་འཕང་དམ་པ་མངོན་དུ་བརྙེས་ཟིན་པའི་སྤྱི་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ཉིད། རྣལ་འབྱོར་གྱི་དབང་ཕྱུག་སིང་ཧེ་ཤྭ་རའི་སྐུར་བཞེངས་པའི་གོང་ན་བླ་མ་གཞན་ཞིག་མ་བཞག་ཀྱང་ཆོག་དགོས་པའི་དབང་དུ་མཛད་པའོ། །གཉིས་པ་ཕྱིས་ཇི་ལྟར་འབྱུང་ཚུལ་ལུང་བསྟན་པ་ནི། དུམ་བུ་དང་པོའི་མཐར་ལུང་ཇི་ལྟར་བསྟན་པ་ཐོག་ཏུ་བབས་ཏེ། སྙིགས་མ་ལས་ཀྱང་ཆེར་སྙིགས་མའི་དུས་འདིར་ཐ་མལ་པ་ལས་ཆེས་ཐ་མལ་པའི་གང་ཟག་མངོན་སུམ་ཚད་གྲུབ། སྐྱོན་གྱི་ཆ་ནི་སྒོ་ཀུན་ནས་ཆེར་རྒྱས་ཤིང་ཡོན་ཏན་གྱི་ཆ་ནི་སྒོ་ཀུན་ནས་ཉག་ཕྲ་བ་བདག་ལྟ་བུ་ལ་ཡང་། རྒྱལ་བའི་མཛད་ཕྲིན་དུས་ལས་མི་ཡོལ་བ་ཤིན་ཏུ་དབང་བཙན་པས། མཁའ་འགྲོའི་བརྡ་ཚིག་གིས་སེམས་རྒྱུད་གཏིང་ནས་བསྐུལ་བའི་དུས་དེར་ནི། ཐ་མའི་སྣང་སེམས་འདི་དག་གནས་དག་གནས་འགྱུར་ཅིར་བྱས་ཀྱང་རྗེས་ཤུལ་ཙམ་ཡང་མ་ལུས་པ་གར་སོང་ཆ་མེད་རང་ཡལ་དུ་སོང་བའི་རང་མལ་དུ། ཡེ་ཤེས་རིན་པོ་ཆེའི་འོད་ཁྱིམ་བལྟ་བས་ཆོག་མི་ཤེས་པ་ཞིག་ཏུ་ད་ལྟའི་རིག་པ་སྐད་ཅིག་མ་འདི་ལྕེ་བཙུན་ཆེན་པོའི་སྐུ་གསུང་ཐུགས་རྡོ་རྗེར་ཧྲིལ་གྱིས་སོང་ནས། ཡེ་ཤེས་དང་། ལས་དང་། འཇིག་རྟེན་གྱི་མཁའ་འགྲོ་འདུས་པ་རྒྱ་མཚོ་རྣམས་ལ། སྨིན་གྲོལ་ཡོངས་སུ་རྫོགས་པ་དོན་ནོར་འཁྲུལ་དང་ཚིག་ལྷག་ཆད་གང་གིས་ཀྱང་བསླད་མེད་པ་ཡུད་ཙམ་གྱིས་ཤིན་ཏུ་གསལ་བར་བསྟན་པའི་གོ་སྐབས་བཟང་པོ་བྱུང་། དེའི་རྗེས་ཐོབ་ཏུ་སྒྱུ་མ་ལྟ་བུའི་ཡི་གེར་བྲིས་པ་མི་ལོ་བཅུ་གསུམ་བཅུ་བཞི་ཙམ་ལ་རང་གར་བཞག །དེ་ནས་རྒྱལ་བས་ལུང་ཟིན་བློ་གྲོས་མཐའ་ཡས་པའི་སྡེ་ལ་ཆོས་སྒོ་ཐོག་མར་ཕྱེས་པ་ཡིན། དེ་ལྟར་ན་བདག་ཁོ་ན་མ་གཏོགས་པའི་རིག་འཛིན་ཆེན་པོ་གོང་མ་རྣམས་ནི་གྲུབ་ཐོབ་ལས་ཀྱང་གྲུབ་ཐོབ་ཆེན་པོ་ཟག་མེད་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པ་ཤ་སྟག་ཡིན་ལ། དེ་རྣམས་ཀྱིས་ཡང་ཡང་བྱིན་གྱིས་བརླབས་པའི་ཆོས་འདི་ནི། བཤད་ན་བཤད་རིན་དང་བསྒོམ་ན་སྒོམ་རིན་ཆོག་པ་ཞིག་ཡིན་པར་སེམས་སོ། །ཞེས་གསུངས། གཉིས་པ་མཆོག་དབང་ཟབ་མོའི་སྒོ་ནས་སྣོད་ལྡན་གྱི་སློབ་མའི་རྒྱུད་མ་སྨིན་པ་སྨིན་པར་བྱེད་པ་ནི། སྟོན་པ་རྡོ་རྗེ་རྒྱལ་པོ་མཚན་ཉིད་དང་ལྡན་པས། ཆོས་ལ་མོས་ཤིང་ལམ་འོག་མས་རྒྱུད་སྦྱངས་སྟོབས་ཀྱིས་ཐེག་མཆོག་རྒྱལ་པོའི་སྣོད་དུ་རུང་བའམ། དང་པོ་ཉིད་ནས་དབང་རྣོན་གྱི་སྐལ་ལྡན་ཁ་ཅིག །ཚེ་འདིའི་ཞེན་པ་ཆུང་ཞིང་སྙིང་པོའི་ཆོས་དང་བླ་མ་ལ་ཁ་ཙམ་མིན་པའི་དད་འདུན་ཆེ་བ། དམ་ཚིག་སྲུང་བ་ལ་ངོ་ལྐོག་མེད་པ། ལྟ་སྒོམ་གཟུགས་བརྙན་ཙམ་རེ་ཁ་ནས་སྒྲོག་ཅིང་ལས་འབྲས་བསླུ་མེད་ཁྱད་གསོད་བྱེད་པའི་ཟོག་པོ་བདུད་ཀྱིས་བསླུས་པ་ལྟ་བུ་མ་ཡིན་པར། བླ་མའི་བཀའ་བཞིན་དུ་བསྒྲུབ་ལ་གཞོལ་ནུས་པའི་སློབ་མ་ལ། གནས་དུས་ཡོ་བྱད་སོགས་ཆོ་གའི་ཡན་ལག་གཞུང་བཞིན་དུ་ཚང་བའི་སྒོ་ནས། རིག་པ་རྩལ་གྱི་དབང་དང་སྙིང་པོའི་ཟབ་ཁྲིད་ཟུང་འཇུག་གི་ཐབས་མཆོག་ངོ་མཚར་བས་རྗེས་སུ་བཟུང་སྟེ་སྨིན་གྲོལ་གཉིས་ཀའི་ས་བོན་དུས་གཅིག་ལ་ལེགས་པར་འདེབས་ཤིང་། མཐར་ཐུག་གི་འབྲས་བུ་མངོན་དུ་འགྱུར་ཐབས་ཟབ་མོ་ཉིད་བརྒྱུད་ལྡན་བླ་མའི་ཕྱག་བཞེས་ལྟར་གནད་སྨིན་རེ་བྱ་བ་ཤིན་ཏུ་གལ་ཆེ། དབང་གཞན་ལས་ལྷག་པའི་སོ་སོའི་སྐབས་དོན་ཡང་འདི་ལྟར། སྤྲོས་བཅས་བུམ་ཆུས་བསྐུལ་ཏེ། རང་ལུས་དང་ཡུལ་སྣང་གདོས་བཅས་ཀྱི་སྣང་ཞེན་ཐམས་ཅད་རང་སར་ཡལ། དྭངས་མ་འོད་ཕུང་གི་རྩ་འཁོར་ཡི་གེ་དང་བཅས་མངོན་དུ་སད། དེའི་དབང་གིས་འཛིན་སེམས་ལས་རླུང་དང་བཅས་པ་མ་སྤང་རང་གྲོལ་ལྷན་སྐྱེས་བདེ་ཆེན་གྱི་ངོ་བོར་མངོན་སུམ་དུ་སྨིན་པའམ། སྨིན་རུང་གི་ནུས་པ་ཁྱད་པར་ཅན་རྒྱུད་ལ་བཞག །སྤྲོས་མེད་བླ་མའི་བྱང་སེམས་དྭངས་མ་མི་ཤིགས་པའི་བདུད་རྩིའི་ཟེག་བཅུད། རང་གི་འོད་ལུས་དེའི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་རང་གནས་ཀྱི་ཐིག་ལེ་སྟོང་སྒྲོན་ལ་སིམ། རང་དང་བླ་མ་དབྱེར་མི་ཕྱེད་པའི་རྡོ་རྗེའི་ཡེ་ཤེས་ཀྱི་དྭངས་བཅུད་ཆེར་འཕེལ་བས་འོད་རྩའི་འཁོར་ལོ་རྣམས་དང་བ་སྤུའི་རྩེ་མོ་ཚུན་ཆད་ཁྲིག་གེར་གང་། རིག་པ་ཡེ་ཤེས་ཀྱི་རང་བཞིན་བདེ་གསལ་རྣམ་པར་མི་རྟོག་པའི་ཉམས་སྣང་བསམ་གྱིས་མི་ཁྱབ་པའི་ངོ་བོར་ཡེ་ནས་རྫོགས་པ་ཉིད་མངོན་དུ་སད་པར་བྱས། དེའི་ངང་དུ་རང་རྩལ་ཡེ་ཤེས་ཀྱི་རླུང་སྦྱོར་དང་བཅས་ཏེ་དྲག་ཏུ་གཅུན་པས། དྭངས་མའི་འོད་ལུས་རྩ་ཡིག་རྣམས་དང་བཅས་པ་འོད་གསལ་རྣམ་པར་མི་རྟོག་པའི་དབྱིངས་ཆེན་པོར་རོ་གཅིག་ཏུ་ངང་གིས་ཞུགས་ཤིང་ཐིམ་པས། མཚན་རྟོག་བཟང་ངན་གྱི་རྒྱུ་བ་ཕྲ་རགས་ཐམས་ཅད་ལྷག་མེད་དབྱིངས་སུ་ནུབ། མ་བཅོས་ཡེ་གནས་ཀྱི་སྤྲོས་བྲལ་རྗེན་པ་ཉག་གཅིག་ཏུ་སྨིན་ཅིང་གཏན་སྲིད་ཟིན་པའི་སྐལ་པ་ཅན་དུ་བྱས། ཤིན་ཏུ་སྤྲོས་མེད་ཀྱི་སྔོན་འགྲོ་རྡོ་རྗེའི་ལུས་སྦྱོང་། ཧཱུཾ་གི་ངག་སྦྱོང་། དམིགས་མེད་ཀྱི་ངང་དུ་བཞག་ཅིང་དེ་ལས་ལྡང་བ་སེམས་སྦྱོང་། འགྲོ་དྲུག་གི་རྣམ་པ་བློས་བླང་ཞིང་སྟོང་པའི་དབྱིངས་སུ་མཐར་སྐྱེལ་ཏེ་ངལ་གསོ་བ། དེ་རྣམས་སོ་སོའི་གཞི་རྩ་གཅོད་ཐབས་དང་། གཙོ་བོར་སེམས་ཀྱི་གཞི་རྩ་གཅོད་ཐབས་ཀྱི་བྱེ་བྲག་ཡིན་ལ། ཐབས་དེས་སྒོ་གསུམ་བཟང་ངན་ཐམས་ཅད་གཞི་མེད་རྩ་བྲལ་དུ་ཁོ་ཐག་ཆོད་ཚེ་གང་ལ་ཡང་རེ་དོགས་མི་བྱ་བར་གཏད་མེད་ཟང་ཐལ་གྱི་ངང་དུ་མ་བཅོས་རང་གར་བཞག །དངོས་གཞི་འཇའ་ཤེལ་བསྟན་ཅིང་དབང་ཚིག་བརྗོད་པ་ནི། རིག་པའི་ངོ་བོ་ཀ་དག་དང་རང་བཞིན་ལྷུན་གྲུབ་མཚོན་བྱེད་ཀྱི་བརྡ་ཐབས་ཁྱད་པར་ཅན་ཡིན་ལ། དེས་མཚོན་ཏེ་བླ་མས་དགོངས་པ་གཏད་པའི་མཐུས། མཚོན་བྱའམ་རྟོགས་བྱའི་དོན་གྱི་ངོ་བོ་ནི་སེམས་ཉིད་ངོ་བོ་སྟོང་ཞིང་བདག་མེད་སྤྲོས་བྲལ་ཆེན་པོ། རང་བཞིན་ཡེ་ནས་ངང་གིས་གསལ་ཁྱབ་ཆེན་པོ། སྟོང་གསལ་དེ་གཉིས་ནམ་ཡང་དབྱེར་མེད་ཟུང་འཇུག་ཆེན་པོ། དེ་དག་རང་རིག་པའི་བདག་ཉིད་ལས་མ་འདས་པའི་ཚུལ། རབ་རིག་པས་སྐད་ཅིག་གིས་རྟོགས་པ། འབྲིང་རང་ཐོག་ཏུ་ཉམས་མྱོང་བཟང་པོ་སྐྱེ་བ། ཐ་མས་ཀྱང་ལེགས་པར་གོ་བ་ནི་དབང་དོན་གྱི་ཡེ་ཤེས་མེད་དུ་མི་རུང་བ་ཡིན། དེ་ནས་ལུས་གནད། མིག་གནད། རླུང་སེམས་ཀྱི་གནད་གཟིར་ཞིང་། བླ་མས་ཧཱུཾ་གིས་རྒྱས་བཏབ་པས། ལྟ་དོན་དེར་མ་བཅོས་ངང་བསྒོམ་གྱི་གཟེར་ཐེབས་ཏེ་ལམ་ལས་ཕྱིར་མི་ལྡོག་པའི་ཚུལ་གྱིས་སྐུ་གསུམ་མྱུར་དུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན། རབ་ཏུ་སྤྲོས་མེད་ཀྱི་སྔོན་འགྲོ་ལུས་གཅེར་བུར་ཕྱུང་བ་ནི། སེམས་ཉིད་སྒྲིབ་གཡོགས་ཀྱི་ཤུན་པ་དང་ཕྲལ་ཏེ་དབྱིངས་རིག་རྗེན་ལ་ཕུད་པའི་རྟེན་འབྲེལ་གྱི་སྒོ་དང་བརྡ་ཐབས་བསྟན་པ་ཡིན། སློབ་དཔོན་སྐྱིལ་ཀྲུང་མཉམ་གཞག་དྲང་པོར་བཞུགས་པ་ནི། དུས་ནམ་ཡང་ལྟ་སྒོམ་ལམ་བྱེད་ཀྱི་སྐབས་སུ་ལུས་གནད་དྲང་པོ་དང་མ་བྲལ་ན་ཉམས་རྟོགས་ཁྱད་པར་ཅན་ངང་གིས་སྐྱེའོ་ཞེས་བརྡ་ཐབས་བསྟན་པ་ཡིན། བླ་མའི་ཐུགས་ཀར་ཨ་ཡིག་སྔོན་པོ་ལ་སློབ་མས་སེམས་གཏད་པ་ནི། བླ་མའི་ཐུགས་རྡོ་རྗེ་མ་སྐྱེས་མི་འགྱུར་བ་དང་སློབ་མའི་སྒོ་གསུམ་དབྱེར་མེད་རོ་གཅིག་ཏུ་འདྲེས་པའི་ཐབས་ཀྱི་སྒོ་བསྟན་པ་དང་རྟེན་འབྲེལ་མངོན་སུམ་དུ་སྒྲིག་པ་ཡིན། བླ་མས་ཧཱུྃ་གསུམ་བརྗོད་པས་སློབ་མའི་རྒྱུད་ལ་ཡེ་ཤེས་གསུམ་ལྡན་གྱི་ངོ་བོ་རྡོ་རྗེ་གསུམ་གྱི་གཟི་བྱིན་བཙན་ཐབས་སུ་དབབ་ཅིང་། སློབ་མའི་སྒོ་གསུམ་ཕྲ་རགས་ཐམས་ཅད་ཧཱུྃ་ཡིག་མཐིང་གའི་རྣམ་པར་ཧྲིལ་གྱིས་བསྡུས་ཏེ་ཕཊ་སྒྲ་དྲག་པོས་རང་གནས་སྐུ་གསུམ་གྱི་དབྱིངས་སུ་སྐད་ཅིག་གིས་གཞུག་པའམ། དེ་ཙམ་མ་བྱུང་ན་སློབ་མའི་སེམས་གཟུང་འཛིན་གྱི་འཁྲུལ་མདུད་ཐད་ཀར་བཅད་དེ། དེའི་མཐུས་ལུས་སེམས་ཁམས་གསུམ་གྱི་སྐྱེ་གནས་ངན་པར་དབང་མེད་དུ་རྒྱུ་བའི་སྒྲིབ་སྐྱོན་བསལ་ཏེ། སྐུ་གསུམ་གྱི་ཞིང་ཁམས་རྣམ་པར་དག་པར་གནས་སྤར་བའི་ཐབས་དང་རྟེན་འབྲེལ་ཡིན། དེའི་ཚེ་སློབ་མའི་སེམས་སྟོང་གསལ་རིག་པའི་བདག་ཉིད་ཅན་དུ་མཐོང་བ་ན། དེའི་ངང་མ་བོར་བར་སྟོང་པའི་ཡེ་ཤེས་ཁྲེགས་ཆོད། གསལ་བའི་ཡེ་ཤེས་ཐོད་རྒལ། གཉིས་ཀའང་རང་རིག་པའི་སྙིང་པོ་ཅན་གྱི་རྟོགས་གོམས་བར་མ་ཆད་པ་ལ་བརྟེན་ནས་ཚེ་འདིར་ནང་རང་གནས་གདོད་མའི་སྐུ་གསུམ་གྱི་ངོ་བོར་བཙན་ས་ཟིན་པའམ། འཆི་སྲིད་ཆོས་སྐུ། བར་དོ་ལོངས་སྐུ། སྐྱེ་སྲིད་སྤྲུལ་སྐུ་གང་རུང་རང་སྣང་དུ་ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་པའི་ཚུལ་གྱིས་སོ་སོའི་རང་གནས་ཟིན་པའམ། དེ་ལྟར་མ་བྱུང་ན་འབྲས་བུ་མངོན་གྱུར་དུ་བཞུགས་པའི། སྐུ་གསུམ་ཞིང་ཁམས་རྒྱ་མཚོའི་བཀོད་པ་མུ་དང་མཐའ་མེད་པའི་རྣམ་རོལ་དུ་མ་རོ་གཅིག་གི་ཚུལ་དུ་ད་ལྟ་ཕྱི་རོལ་ན་ཡོད་པ་དག་དང་། སློབ་མ་སོགས་འགྲོ་བ་མཐའ་དག་གི་སེམས་ཉིད་སྟོང་གསལ་རིག་པའི་ངོ་བོར་གནས་པ་རྣམས། ཡེ་ནས་ཤོག་འདྲེས་པའི་ཚུལ་ལས་མི་འདའ་བས་ཆོས་ཉིད་རོ་གཅིག་པའི་བདེན་པ་དང་། གསང་སྔགས་ཟབ་མོའི་ཆོས་དང་བླ་མའི་བྱིན་རླབས་དང་ལྡན་པའི་ཐབས་ཁྱད་པར་ཅན་གྱིས་མཚམས་སྦྱར་བའི་རྟེན་འབྲེལ་གྱི་བདེན་པ་བསླུ་བ་མེད་པའི་མཐུས། སྐྱེ་བ་འདིའི་འོག་གམ་གཞན་དུ་ཡང་རུང་སྟེ་རྣམ་པར་དག་པའི་ཞིང་དེ་དག་ཏུ་ངེས་པར་སྐྱེ་བའི་སྒོར་བཅུག་པ་ཡིན། དངོས་གཞི་ལུས་བཞུགས་སྟངས་གསུམ། ངག་རླུང་འབྱུང་འཇུག་དལ་བ། རྒྱང་ཞགས་གཟིགས་སྟངས་གསུམ། སེམས་ཕྱི་ནང་གི་དབྱིངས་རིག་དབྱེར་མེད་ཀྱི་ངང་དུ་མཉམ་པར་འཇོག་སྐབས་དེར། བླ་མས་རྡོ་རྗེའི་ཚིག་གིས་ངོ་སྤྲད་ཅིང་ལུང་བསྟན་རྒྱས་གདབ་དང་བཅས་པ་གནང་བའི་མཐུས། རླུང་སེམས་ཀྱི་དྲི་མས་མ་བསླད་པའི་སེམས་ཉིད་གཉུག་མའི་སྐུ་དང་ཡེ་ཤེས་ཀྱི་རང་ཞལ་རྗེན་ཅེར་གྱི་ཚུལ་དུ། རང་བྱུང་རིག་པའི་ཡེ་ཤེས་དང་དྭངས་མའི་དབང་ཡུལ་དུའང་མ་ནོར་མངོན་སུམ་དུ་མཐོང་བ་སོགས། སྣང་བཞིའི་ལམ་གྱི་རིམ་པ་གང་ཟག་སོ་སོའི་བློ་རིམ་དང་རྗེས་སུ་མཐུན་པའི་སྒོ་ནས་བགྲོད་པ་མཐར་ཕྱིན་ཏེ། ནང་གསལ་གདོད་མའི་དབྱིངས་སུ་གཏན་སྲིད་ཟིན་བྱེད་ཀྱི་ཐབས་མཆོག་བླ་ན་མེད་པ་བསྟན་པ་ཡིན། མཐའ་བརྟན་བླ་མའི་སྐུ་དང་། དབྱངས་གསལ་དཀར་དམར་གྱི་ཕྲེང་བ། ཨ་ཡིག་མཐིང་ག །འོད་ལྔའི་གོང་བུ་རྣམས་སྐུའི་གནས་སོ་སོ་ནས་ཐོན་ཏེ་སློབ་མའི་གནས་སོ་སོར་བསྟིམ་པ་ནི། རྒྱལ་བ་རྣམས་དང་བླ་མའི་མི་ཕྱེད་རྡོ་རྗེ་གསུམ་དབྱེར་མེད་ཡེ་ཤེས་རྡོ་རྗེ་དང་བཅས་པའི་ཕྱག་རྒྱས་ཐེབ་པས། གདོན་མི་ཟ་བར་འཚང་རྒྱ་བའི་སྐལ་པ་ཅན་དུ་བྱས་པ་ཡིན། སྤྱིར་རིག་རྩལ་དབང་མཆོག་རྒྱལ་པོའི་ཁྱད་ཆོས་མཐའ་ཡས་པའི་སྙིང་པོ་སྐབས་འདིར་ཡང་དེ་ཙམ་རེ་ངེས་པར་ཤེས་དགོས་སོ། །གསུམ་པ་ཐུན་མོང་མ་ཡིན་པའི་གདམ་ངག་ཁྱད་པར་ཅན་གྱི་སྒོ་ནས་སྨིན་ཟིན་གྲོལ་བར་བྱེད་པ་ལ་གསུམ། གདམ་པ་ཟབ་མོའི་སྔོན་འགྲོ་དངོས་གཞི་རྗེས་ཀྱི་ཁྲིད་རིམ་མོ། །སྔོན་འགྲོ་ལའང་གསུམ། རྒྱུད་སྣོད་རུང་དུ་བྱ་བ་ཐུན་གྱི་སྔོན་འགྲོ །ཐུན་མོང་གི་སྔོན་འགྲོ་བློ་སྦྱོང་རྣམ་པ་བདུན། ཁྱད་པར་གྱི་སྔོན་འགྲོ་གསག་སྦྱོང་ཐུན་མོང་མ་ཡིན་པ་ལྔའོ། །དང་པོ་ཐུན་གྱི་སྔོན་འགྲོ་ལའང་གསུམ། དབེན་གནས་བརྟེན་ཚུལ། སྒོ་གསུམ་རྣལ་དབབ། བླ་མ་ལ་གསོལ་འདེབས་སོ། དང་པོ་ནི། སྟོན་མཆོག་ཤཱཀྱའི་རྒྱལ་པོའི་གདུལ་ཞིང་འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་མཆོག །དཔའ་བོ་མཁའ་འགྲོ་ངང་གིས་འདུ་བའི་གནས་ཉི་ཤུ་རྩ་བཞི་པོ་ནང་རྡོ་རྗེའི་ལུས་ཀྱི་བཀོད་པ་དང་སྦྱར་ཏེ་མཚོན་ན། གསང་གནས་བདེ་སྐྱོང་གི་འཁོར་ལོ་ཞེས་ཟག་བཅས་ཟག་མེད་ཀྱི་བདེ་ཆེན་བཙན་ཐབས་སུ་འདྲེན་ནུས་པའི་གནས་ཁྱད་པར་ཅན། བོད་ཁམས་མཐའ་དབུས་ཐམས་ཅད་ཡིན་པ་ལ་ཡིན་པར་ཤེས་པའི་དག་སྣང་དང་བཅས་ཏེ་སྒྲུབ་པའི་འགལ་རྐྱེན་ཆུང་ཞིང་མཐུན་རྐྱེན་འབྱོར་པའི་ས་ཕྱོགས། དུར་ཁྲོད། རི་རྩེ། གངས་ལྟོང་། མཚོ་གླིང་། ནགས་འདབས་སོགས། དགྲ་རྐུན་སོགས་མི་ཡི་རྒྱུ་འགྲུལ་མེད་ཅིང་ཉམས་ལེན་འཕེལ་བའི་གནས་ངེས་མེད་དམ། ཆོས་མཐུན་གྱི་གནས་གཅིག་ཏུའང་རུང་སྟེ་རྣམ་གཡེང་གི་རྐྱེན་དང་བྲལ་བ་གཙོ་བོར་གཟུང་ཞིང་། དེར་གཅིག་པུའམ་གྲོགས་ཆོས་མཐུན་དང་བཅས་ཏེ་ཇི་སྲིད་འཚོ་བའི་བར་དུ་བརྟེན་དགོས་སོ། །གཉིས་པ་སྒོ་གསུམ་རྣལ་དབབ་ནི། གནས་ཅི་ཙམ་དབེན་རུང་སྒོ་གསུམ་བག་མེད་ཀྱི་ལེ་ལོ་རྣམ་གཡེང་ཉི་ཚེ་བ་རྒྱུན་ཆགས་རེས་དུས་འདའ་བ་དང་། ལྐོག་ཏུ་བསམ་སྤྱོད་ངན་པ་བྱས་ན་རང་ཞེ་རང་ལ་ཁྲེལ་ཞིང་ཉེས་དམིགས་ལྷག་པར་ཆེ་བས། དུས་རྟག་ཏུ་དྲན་ཤེས་བག་ཡོད་བརྟན་པོས་སྒྲུབ་ཚུགས་དོན་ལྡན་རེ་ཟིན་ཐབས་སུ་ཐ་མལ་གྱི་བསམ་སྤྱོད་ལྟར་སྣང་གི་ཆོས་ཚུལ་དང་བཅས་པའི་མཚམས་དམ་དུ་བཅད། ལྟོ་གོས་དང་གཉིད་ཚད་ལ་ཕབ། རིག་པ་ཧུར་བཏོན་ཏེ། སྟན་བདེ་བ་ལ་བསམ་གཏན་གྱི་སྤྱོད་ལམ་ཁྱད་པར་ཅན་དང་ལྡན་པས་རྟག་ཏུ་འདུག་ཚུགས་པར་བྱས་ཏེ་ལུས་རྣལ་དུ་དབབ། རང་གཞན་གྱིས་ཚེ་རབས་ཐོག་མེད་ནས་བསགས་པའི་ཉེས་ལྟུང་ཐམས་ཅད་དང་། ཁྱད་པར་དུ་ལམ་ཟབ་མོ་ཉམས་སུ་ལེན་པའི་གེགས་དང་བར་དུ་གཅོད་པའི་རྐྱེན་བཟང་ངན་ཐམས་ཅད་ལྷག་མེད་རང་སར་དག་པར་བསྒོམས་ལ། རླུང་རོ་ལན་གསུམ་མམ་དགུ་ཕྲུགས་སུ་བསལ་ནས་དབུགས་ཕྱི་ནང་གི་རྒྱུ་བ་མི་ཚོར་ཙམ་དུ་དལ་བ་ལ་བསླབས་པས་ངག་རྣལ་དུ་དབབ། རྣམ་རྟོག་བཟང་ངན་བར་མ་གཞན་ཐམས་ཅད་བློས་བཏང་སྟེ། རང་གཞན་མཁའ་མཉམ་གྱི་ལུས་ཅན་མ་ལུས་པའི་སེམས་ཀྱི་རང་བཞིན་ཡེ་སངས་རྒྱས་པ་ཡིན་གསུངས་ནའང་། མ་རྟོགས་རང་འཁྲུལ་ཁོ་ནའི་གཞན་དབང་གིས་མེད་སྣང་རྨི་ལམ་ལྟ་བུའི་སྡུག་བསྔལ་གསུམ་གྱི་རྒྱུ་འབྲས་དུ་མ་ཞིག་ལ་རྟག་ཏུ་ལོངས་སྤྱོད་པ་འདི་ཀྱེ་མའོ། ད་ནི་འདི་ལས་ཐར་པའི་ཐབས་མྱུར་དུ་འབད་དགོས་སོ་སྙམ་དུ་ཐར་འདོད་ཀྱི་བློ་ཡང་ཡང་བསྒོམ། བདག་དྲིན་གྱིས་དུས་གསུམ་དུ་སྐྱོང་མཁན་མར་གྱུར་སེམས་ཅན་རྣམས་སྡུག་བསྔལ་རྒྱུ་འབྲས་རྒྱ་ཆེ་ཞིང་མུ་མེད་པས་དབང་མེད་རྟག་ཏུ་མནར་པ་འདི་དག་ལྷག་པར་སྙིང་རེ་རྗེ་སྙམ་པའི་བློ་དྲགས་པོ་ཤས་མི་བཟོད་པ་ལྟ་བུ་ཡང་ཡང་བསྒོམ། སྙིང་རྗེའོ་བསམས་པ་ཁོ་ནས་མི་ཆོག་པས་སྡུག་བསྔལ་རྒྱུ་འབྲས་ལྷག་མེད་དུ་བསལ་ནས། རང་གནས་སྐུ་དང་ཡེ་ཤེས་ཆེན་པོ་ལ་བདག་ཁོ་ནས་དགོད་པར་བྱའོ་སྙམ་དུ་གཞན་ཕན་ལྷག་པའི་བསམ་པ་བྱང་ཆུབ་མཆོག་གི་སེམས་རིན་པོ་ཆེ་རྩེ་གཅིག་ཏུ་ཡང་ཡང་བསྒོམ། གཞན་དོན་རྣམ་མཁྱེན་གྱི་གོ་འཕང་དེའང་རྒྱུ་མེད་རྐྱེན་མེད་ལས་འབྱུང་མི་སྲིད་མོད། རྒྱུ་རྐྱེན་བླ་ན་མེད་པའི་མྱུར་ལམ་མཐར་ཐུག་པ་འོད་གསལ་རྫོགས་པ་ཆེན་པོའི་མན་ངག་གི་སྙིང་པོ་ཆོས་པ་ཕལ་གྱིས་རྙེད་དཀའ་བ་འདི་ལྟ་བུ། བླ་མའི་བཀའ་དང་མན་ངག་གི་གཞུང་བཞིན་དུ་ཉམས་སུ་བླང་ཞིང་ཉམས་ལེན་མཐར་དབྱུང་བར་བགྱིའོ་སྙམ་དུ་བསྒྲུབ་བྱ་སྐབས་སུ་བབ་པའི་ཆོས་དང་། ཆོས་སྟོན་པའི་བླ་མ་ལ་ཡིད་ཆེས་ཀྱི་དད་མོས་ཁ་ཙམ་མིན་པ་རེ་སྙིང་ཁོང་རུས་པའི་གཏིང་ནས་བསྒོམས་པས་སེམས་རྣལ་དུ་དབབ་པར་བྱའོ། །གསུམ་པ་བླ་མ་ལ་གསོལ་བ་འདེབས་པ་ནི། སྐད་ཅིག་གིས་སྣང་སྲིད་རྣམ་དག་འོག་མིན་གྱི་ཞིང་ཁམས་ཆེན་པོ་ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་དང་བཅས་པ་འབྱམས་ཀླས་པའི་དབུས་སུ། དྲིན་ཆེན་རྩ་བའི་བླ་མ་ཉིད་སྐུ་རྡོ་རྗེ་མཚན་དཔེའི་གཟི་བྱིན་གྱིས་སྣང་སྲིད་ཐམས་ཅད་ཟིལ་གྱིས་ནོན་པ། གསུང་རྡོ་རྗེ་ཚངས་པའི་དབྱངས་ཀྱིས་ཟབ་རྒྱས་ཆོས་ཀྱི་སྒོ་མཐའ་ཡས་པ་བསྟན་པ། ཐུགས་རྡོ་རྗེ་མཁྱེན་བརྩེ་ནུས་སྟོབས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་གཟིགས་པས་བདག་སོགས་སེམས་ཅན་ཐམས་ཅད་ནམ་ཡང་འབྲལ་མེད་རྗེས་སུ་འཛིན་པ། སྐུ་གསུམ་གྱི་རྒྱལ་བ་རབ་འབྱམས་གཅིག་ཏུ་འདུས་པའི་ངོ་བོར་མངོན་སུམ་བཞིན་དུ་བཀྲ་ལམ་མེར་བཞུགས་པ་ཉིད་ལ། བདག་སོགས་བྱང་ཆུབ་སྙིང་པོའི་བར་དུ་ཅི་མཛད་ཁྱེད་ཁོ་ནས་མཁྱེན་ནོ། །སྐྱབས་དང་རེ་ལྟོས་གཞན་ནི་ཐ་ན་རྨི་ལམ་ཙམ་དུའང་མེད་དོ་སྙམ་དུ། བློ་སྣ་གཞན་རང་འགགས་སུ་འགྲོ་བ་ཙམ་གྱི་མོས་གུས་གདུང་ཤུགས་དྲགས་པོའི་སྒོ་ནས་བསྒོམ་ཐབས་དང་གསོལ་འདེབས་ངག་འདོན་ལྟར་བརྗོད་ཅིང་གསོལ་བ་ཕུར་ཚུགས་སུ་བཏབ་མཐར། དགྱེས་ཤིང་བརྩེ་བ་ཆེན་པོས་རང་ལ་ཐིམ་པས་བླ་མའི་རྡོ་རྗེ་གསུམ་དང་རང་གི་སྒོ་གསུམ་རོ་གཅིག་ཏུ་འདྲེས་པར་བསམས་ལ་རང་སེམས་བཟོ་བཅོས་མེད་པར་ཅི་གནས་སུ་གཞག །འདི་དག་ཉམས་ལེན་ཕྱི་མ་ཐམས་ཅད་ཀྱི་གཞི་འཛིན་ནམ་ཡང་གལ་ཆེ་བའོ། །གཉིས་པ་སྐབས་འདི་ཙམ་ཁོ་ནར་མ་ཚད་ཆོས་པ་ཐམས་ཅད་ཀྱི་སྤྱི་ནོར་མེད་དུ་མི་རུང་བའི་བློ་སྦྱོང་གི་ཐབས་ཟབ་མོ་བདུན་གྱི། དང་པོ་མི་རྟག་པ་བསྒོམ་པ་ནི། འདི་ལྟར་སོ་སོའི་རྒྱུ་རྐྱེན་སྣ་ཚོགས་གློ་བུར་དུ་འདུས་པའི་དབང་གིས་སྔར་མེད་གསར་དུ་ཡོད་པར་བྱས་པའི་སྣོད་བཅུད་གཉིས་བསྡུས་ཀྱི་ཆོས་ཇི་ལྟར་སྣང་ཞིང་སྲིད་ཚད་ཐམས་ཅད། རང་གྲུབ་ཟིན་པའི་དུས་སྐད་ཅིག་གཉིས་པ་ཕན་ཆོད་འདུག་དབང་མེད་པར་འཇིག་ཅིང་། སླར་ཡང་རིགས་འདྲ་ཕྱི་མ་རེ་རྒྱུན་ཆགས་སུ་སྐྱེ་བའི་སྔ་ཕྱི་སྐྱེ་འཇིག་གི་བར་མཚམས་རང་འདྲས་མི་མངོན་པ་ཙམ་དུ་འཕོ་འགྱུར་སླ་བས་དེ་ལ་རྟག་པ་དང་བརྟན་པ་ཅི་ཡོད། དེས་ན། གནས་ལུས། ལོངས་སྤྱོད། ཚེ་སྲོག་དང་བཅས་པ་སུ་ལ་ཅི་ཡོད་ཚད་ཐམས་ཅད་མི་རྟག་པའི་རང་བཞིན་ཁོ་ན་ལས་མ་འདས་ཤིང་། འཛམ་གླིང་གི་མི་རྣམས་ཚེ་ཚད་མ་ངེས་པ་དང་། སྙིགས་དུས་འདིར་ཚེ་ཐུང་ནད་མང་སོགས་ཀྱིས་ལྷག་པར་མནར་བས་མྱུར་དུ་འཆི་ངེས་ཡིན་ཏེ། དཔེར་ན་ཆུའི་ལྦུ་བ་རླུང་གིས་བཏབ་བཞིན་པ་དང་འདྲ་ཚུལ་སྙིང་ཐག་པ་ནས་ཡང་ཡང་བསྒོམས་ལ། རྟག་འཛིན་གྱི་བློ་ངན་སྨྱོན་པའི་སེམས་འདྲ་བ་འདི་ལས་གོ་ལྡོག་སྟེ་མི་རྟག་པ་ཡིན་པ་ལ་ཡིན་པར་ཤེས་པའི་བློ་བཅོས་མིན་རྒྱུན་ཆགས་རེ་མ་བྱུང་གི་བར་དུ་ཐུན་དང་ཐུན་མཚམས་སུ་ཀུན་ལ་འབྲལ་མེད་ཀྱི་ཚུལ་དུ་ཡང་ཡང་བསམ་ཞིང་། དམ་པའི་ཆོས་བསྒྲུབ་པ་ལ་ཕྱི་བཤོལ་དང་ལེ་ལོར་ཅུང་ཟད་ཙམ་ཡང་མི་འཆོར་བའི་ཐབས་ལ་སྒོ་ཀུན་ནས་འབད་པར་བྱའོ། །གཉིས་པ་འཁོར་བའི་བདེ་བ་ཡང་མི་བདེ་བ་འབྱུང་བའི་རྒྱུ་ཡིན་ཚུལ་བསྒོམ་པ་ནི། འདི་ལྟར་སྔོན་བསགས་ཟག་བཅས་ཀྱི་དགེ་འབྲས་མངོན་མཐོའི་བདེ་བ་ཡིད་དུ་འོང་འོང་ལྟར་སྣང་བ་རེ་ལ་ཞེན་ཅིང་ཆགས་པའི་དབང་གིས་ཚེ་འདི་བློས་མི་ཐོང་། བདེ་བ་དོན་གཉེར་གྱི་བསམ་སྤྱོད་ཁོ་ནས་གཡེངས་པས་དམ་པའི་ཆོས་གང་ཡང་མི་འགྲུབ། །དགྲ་འདུལ་གཉེན་སྐྱོང་སོགས་ལ་དུས་རྟག་ཏུ་འབད་པའི་ཞོར་འབྱུང་རེ་ཚུན་ཆད་དུ་སྡིག་པ་ངན་པ་དུ་མ་རེ་བསགས་པའི་འབྲས་བུ། ཚེ་འདིར་མི་བདེ་བའི་རྣམ་པ་མང་ཞིང་ཕྱི་མ་ངན་སོང་གི་སྡུག་བསྔལ་དྲགས་པོ་མི་འདོད་བཞིན་དུ་མྱོང་དགོས་པར་འགྱུར་བས་ན། འཁོར་བའི་བདེ་སྐྱིད་གློ་བུར་བ་འདི་ཅི་ཙམ་ཆེ་བ་དེ་ཙམ་དུ་ཆོས་པ་རྣམས་ཕུང་བྱེད་ཀྱི་བསླུ་བྲིད་ཤིན་ཏུ་མ་རུངས་པ་ཚབས་ཆེན་ཞིག་ཡིན་ཏེ། དཔེར་ན་ཁ་དོག་མཛེས་ཤིང་དྲི་རོ་བཟང་བའི་དུག་དང་། དུག་འདྲེས་པའི་བཟའ་བཏུང་ཞིམ་པོས་བསླུས་ཏེ་ཟོས་ན། དེའི་འབྲས་བུ་དུག་གི་གཟེར་ནད་ངན་པ་དབང་མེད་དུ་མྱོང་དགོས་པ་བྱུང་ཚེ་འགྱོད་ཀྱང་བཅོས་ཐབས་དཀའ་བ་ལྟ་བུ་ཡིན་པར་ཤེས་ནས། བསླུ་བྲིད་ཚེ་འདིའི་བདེ་བ་ལ་ཆགས་ཞེན་མ་ཆོད་ན་རང་དང་གང་འབྲེལ་ཚུན་ཆད་ལ་སྡུག་བསྔལ་བཟོད་དཀའ་བ་རེ་ངང་གིས་འབྱུང་ཚུལ་ལེགས་པར་བསྒོམ་ཞིང་། བློ་སྣ་ཚེ་འདིའི་འདོད་ཞེན་ལས་བཟློག་སྟེ་དམ་པའི་ཆོས་ཕྱོགས་སུ་བློ་རྩེ་གཏད་ཐབས་རེ་ལ་སྒོ་ཀུན་ནས་འབད་པར་བྱའོ། །གསུམ་པ་འཁོར་བའི་མཐུན་རྐྱེན་ལ་སུས་ཅི་ཙམ་འབད་ཀྱང་ཟིན་དུས་མེད་ཚུལ་བསྒོམ་པ་ནི། འདི་ལྟར་འཁོར་བའི་སྐྱེ་འགྲོ་མཆོག་དམན་ཐམས་ཅད་ཀྱིས་སོ་སོའི་ལུས་སེམས་བདེ་ཐབས་སུ་མཐུན་རྐྱེན་གྱི་ཡོ་བྱད་རྣམ་པ་སྣ་ཚོགས་རེ་འབད་པ་དུ་མའི་སྒོ་ནས་རྩོལ་སྒྲུབ་བྱེད་མོད། སྔོན་བསགས་དམན་ན་གང་ཡང་འབྱོར་དཀའ། ཟག་བཅས་ཀྱི་དགེ་འབྲས་ཕྲན་བུ་རེ་འབྱོར་ཞིང་ཅི་ཙམ་ལོངས་སྤྱོད་ན་ཡང་ཅུང་ཟད་སོང་རྗེས་རང་སར་ཡལ་བ་ལྟར་གྱུར་ཚེ། སླར་ཡང་འདོད་སྲེད་སྔར་བཞིན་ཆེས་ཆེར་འཕེལ་བས་ལུས་སེམས་གདུང་ཞིང་ངལ་བ་དུ་མས་ཡང་ཡང་འབད་རྩོལ་རྫོགས་དུས་མེད་པ་ཞིག་བྱེད་དགོས་རྒྱུ་མ་གཏོགས་ལེགས་པར་ཡོངས་སུ་ཟིན་དུས་ནི་ནམ་ཡང་མེད་པ་སྟེ། དཔེར་ན་རི་དྭགས་སྐོམ་པས་གདུང་ཚེ་སྨིག་རྒྱུ་ལ་ཆུར་འཁྲུལ་ནས་དེ་རྗེས་སྙོག་པ་དང་ངེས་པར་འདྲ་ཚུལ་ཞིབ་ཏུ་བསྒོམས་ནས་འཚོ་བ་ཆོས་མཐུན་རེས་ཆོག་ཤེས་པའི་ཐབས་ལ་སྙིང་ནས་འབད་པར་བྱའོ། །བཞི་པ་མི་ཆོས་ཀྱི་བྱ་བཞག་ལྟར་སྣང་བཟང་ངན་ཐམས་ཅད་དོན་མེད་ཚུལ་བསྒོམ་པ་ནི། འདི་ལྟར་ཚེ་འདིའི་བདེ་སྡུག །ལེགས་ཉེས། དར་རྒུད། མཐོ་དམན། ཕྱུག་དབུལ་སོགས་བཟང་ངན་གང་ཉམས་སུ་མྱོང་ཚད། གསོན་དུས་ནས་སྔ་མ་སྔ་མ་རྣམས་དྲན་པའི་ཡུལ་ཙམ་ལས་མེད། འཆི་དུས་སུ་ལས་དགེ་སྡིག་གི་རྣམ་སྨིན་ཁོ་ན་མ་གཏོགས་རྗེས་སུ་འབྲང་ཞིང་ཕན་གནོད་བྱེད་མཁན་སུ་ཡང་མེད་པས། སྐབས་རེའི་བདེ་སྡུག་གང་བྱུང་དེས་རྣམ་པ་ཀུན་དུ་ཕྱི་མཐར་འཁྱོལ་པའི་སྙིང་པོ་དང་དོན་འབྲས་ནི་རྡུལ་ཙམ་ཡང་མེད་པ་སྟེ། དཔེར་ན་གཉིད་ཐུན་རེའི་སྐབས་སུ་རྨི་ལམ་བཟང་ངན་རེ་གློ་བུར་དུ་བྱུང་བ་དང་འདྲ་ངེས་ཡིན་ཚུལ་ཡང་ཡང་བསྒོམས་ནས། ལྟར་སྣང་གི་བདེ་སྡུག་གང་ལའང་བླང་དོར་གྱི་འབད་རྩོལ་དང་རེ་དོགས་གི་ཉེར་ལེན་མི་བྱེད་པར་གང་བྱུང་དེས་ཆོག་གི་རོ་སྙོམ་རེ་ལ་བློ་གཞོལ་བ་ཤིན་ཏུ་གལ་ཆེ། མདོར་ན་འཁོར་བའི་བདེ་སྐྱིད་དང་། དེའི་ཡོ་བྱད་རྣམས་དང་། བཟང་ངན་གྱི་སྣང་བ་ཡུད་ཙམ་རེ་འདི་དག་ལ་ཞེན་ཆགས་ཤོར་བའི་ཉེས་དམིགས་རྣམས་ཡང་ཡང་བསྒོམས་ནས་རང་བློ་དེ་ལས་ལྡོག་ཐབས་དང་། གཞན་བློ་དེ་ལས་སྒྲོལ་འདོད་ཀྱི་བསམ་པ་རྣམ་པར་དག་པ་བཅོས་མིན་རེ་རྒྱུད་དང་འདྲེས་ངེས་བྱ་བ་ནི་དམ་པའི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པས་ཡང་ཡང་འབད་དགོས་སོ། །ལྔ་པ་ཐར་པའི་ཕན་ཡོན་བསྒོམ་པ་ནི། འདི་ལྟར་ཐར་པའི་ལམ་ཡང་དག་པ་མཐར་ཕྱིན་པའི་འབྲས་བུ་ཉན་རང་དགྲ་བཅོམ་པའི་གོ་འཕང་རིན་པོ་ཆེ་ཐོབ་ན། འཁོར་བའི་སྡུག་བསྔལ་རྒྱུ་དང་བཅས་པ་ལས་གཏན་དུ་གྲོལ་ནས་ཞི་བདེའི་ཡོན་ཏན་ཕུན་སུམ་ཚོགས་པ་མངོན་དུ་མཛད་ཟིན་པས་ན་སླར་སྡུག་བསྔལ་འཁོར་བའི་འདམ་འདིར་ནམ་ཡང་མི་ལྡོག་སྟེ། དཔེར་ན་འབྲུམ་ནད་བྱང་པའི་སྐྱེས་བུའི་ལུས་རྟེན་དེར་འབྲུམ་ནད་དེས་ན་མི་སྲིད་པ་བཞིན་ནོ། ཁྱད་པར་དུ་ཐེག་ཆེན་གྱི་ལམ་ཚུལ་བཞིན་དུ་བསྒོམས་པའི་འབྲས་བུ་མཐར་ཐུག་པ་ནི་ཞི་བདེ་དེ་ལས་ཀྱང་ཆེས་ཁྱད་དུ་འཕགས་པ་ཐར་པ་དམ་པའམ་ཐར་པའི་མཆོག་བླ་ན་མེད་པ་རྣམ་མཁྱེན་གྱི་གོ་འཕང་རིན་པོ་ཆེ་ཡིད་བཞིན་དབང་གི་རྒྱལ་པོའི་མཆོག་ལྟ་བུ་ཡིན་ལ། དེ་ནི་སྲིད་ཞིའི་མཐའ་གཉིས་ཀའི་རྒྱུ་དང་བཅས་པ་ལས་རབ་ཏུ་འདས་ཤིང་དོན་གཉིས་བླ་ན་མེད་པ་ལ་མངའ་དབང་འབྱོར་པ། རྟག་ཁྱབ་ལྷུན་གྲུབ་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལངས་པ་མཐའ་ཡས་མུ་མེད་པ་དང་ལྡན་པ་ཡིན་ལ། འདི་ལྟ་བུའི་གོ་འཕང་མཆོག་དེ་ཐོབ་ན་སྨོས་ཅི་དགོས། ཐོབ་འདོད་ཀྱི་ཡིད་སྨོན་ལན་གཅིག་ཙམ་བྱས་པའི་ཕན་ཡོན་ཡང་རྡོ་རྗེའི་ལྗགས་ཀྱིས་བགྲང་བར་མི་ནུས་པའི་ཡུལ་ཡིན་པས་ན། ཤེས་ལྡན་དག་གིས་ད་ལྟ་རང་དབང་ཡོད་དུས་འདིར་ཁ་ཙམ་ཚིག་ཙམ་མ་ཡིན་པར་སྙིང་ཐག་པ་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་འདོད་ཀྱི་བློ་བཅོས་མིན་སྟོབས་དང་ལྡན་པ་ཞིག་རྒྱུད་ལ་མ་སྐྱེས་ཀྱི་བར་དུ་འབད་པས་བསྒོམ་པ་དང་སྲོག་གི་ཕྱིར་ཡང་མི་སྤང་སྙམ་པའི་དམ་བཅའ་བརྟན་པོ་རེ་ཅི་ནས་ཀྱང་གལ་ཆེའོ། །དྲུག་པ་བླ་མའི་གདམ་ངག་གལ་ཆེ་ཚུལ་བསྒོམ་པ་ནི། དེ་ལྟར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་བྱེད་ཀྱི་ལམ་བཟང་ཁྱད་པར་ཅན་ནི། སྟོན་མཆོག་བདེ་བར་གཤེགས་པ་ཉག་གཅིག་གི་བཀའ་དྲིན་ཁོ་ན་ལས་བྱུང་བའི་དམ་པའི་ཆོས་ཀྱི་སྒོ་གྲངས་མེད་པ་རྣམས། སྒྲོན་མའི་ཞིང་གི་གདུལ་བྱ་བསོད་ནམས་ཅན་དག་ལ་ཕྱོགས་རིས་མེད་པའི་ཚུལ་དུ་སྣང་བ་ཐམས་ཅད་ཀྱང་གདམ་ངག་ཁྱད་པར་ཅན་རེ་ཡིན་ན་ཡང་ཕོ་ཚོད་དང་རང་བཟོ་ལྟ་བུས་ནི་སུས་ཀྱང་ཉམས་འོག་ཏུ་མི་ཆུད་ལ། ཆོས་དེར་མཁས་པའི་བླ་མ་མཚན་ལྡན་གྱི་གདམ་ངག་གནད་བསྡུས་ཐོག་མཐའ་ཚང་བ་རེ་ཐོབ་ན། ཉམས་སུ་བླང་བྱ་ཡང་དག་པ་རེ་བདེ་བླག་ཏུ་ཤེས་པར་འགྱུར་བས་བླ་མའི་གདམ་ངག་ཟབ་མོ་ནི་མེད་དུ་མི་རུང་སྟེ། དཔེར་ན་ཁང་བཟང་གི་རྩེར་སླེབ་ཐབས་ཐེམ་སྐས་བཟང་པོ་ལ་རག་ལས་པ་དང་འདྲ་བས། དང་པོ་མཚན་ལྡན་གྱི་བླ་མ་དམ་པ་བརྟག་ཅིང་བཙལ། རྙེད་པའི་ཚེ་མཉེས་པ་གསུམ་ལྡན་གྱི་སྒོ་ནས་བསྟེན་ཞིང་བཀའ་བཞིན་ཉམས་སུ་ལེན་པ་ལ་བློ་ཐག་ཆོད་ན་གཅིག་ཆོག་གི་ཉེ་ལམ་རྨད་དུ་བྱུང་བ་ཡིན་པས། ཉམས་འོག་ཏུ་མི་ཆུད་པའི་ཁ་བཤད་བརྒྱ་སྟོང་རེ་ལས་བླ་མའི་གདམ་ངག་སྣ་གཅིག་གི་གཙོ་ཆེ་བ་ནི་ཡོངས་སུ་གྲགས་ཤིང་མངོན་སུམ་ཚད་མས་ཀྱང་གྲུབ་པ་ཡིན་ནོ། །བདུན་པ་སེམས་རང་བབས་སུ་གནས་ཐབས་གལ་ཆེ་བས་ཇི་ལྟར་བསྒོམ་ཚུལ་ནི། བླ་མའི་གདམ་ངག་ཐོས་པ་ཙམ་དང་། བཤད་ཤེས་པ་ཙམ་གྱིས་རང་རྒྱུད་མི་གྲོལ་བས་བསྒོམ་དགོས། གླེན་སྒོམ་རེ་དང་། རྣམ་རྟོག་གིས་བསླད་ཞུགས་པ་དང་། འཕྲོ་སྐྱོང་མི་ནུས་པར་སྐེད་ཆད་མང་པོ་ཐུན་ནང་དུ་བྱུང་བའི་སྒོམ་གྱི་གཟུགས་བརྙན་རེས་མི་ཚེ་འདའ་ན་ཡང་ཉམས་རྟོགས་བཟང་པོ་མི་སྐྱེ་བས་ཐུན་རེ་ཡིན་ཡང་བླ་མའི་ཞལ་ཁྲིད་ལྟར་བསྒོམ་པ་གལ་ཆེ། དབེན་པའི་གནས་སུ་སྟན་བདེ་བ་ལ་ལུས་དྲང་པོར་འདུག །རླུང་རང་བབས་སུ་འཇོག་པའི་བར་རླུང་བུམ་པ་ཅན་འཇམ་པོ་བཟུང་། མིག་ཧ་རེ་གཞག །ལུས་སེམས་ཁོང་ལྷོད། ཤེས་པ་དྭངས་གསལ་སང་ངེ་བ་རང་སོ་མ་ཉམས་པར་བྱས་ཏེ་རང་བབས་སུ་ལྷང་ངེར་སྐྱོང་། རྟོག་དཔྱོད་ཀྱི་སྤུ་རིས་མང་པོས་མི་བསླད། སྒོམ་བློ་ངང་མི་ཐུང་ཞིང་འདི་ཡིན་འདི་མིན་གྱི་རེ་དོགས་མི་ཆེ་བར་ཐོག་མར་ཐུན་གྲངས་མང་ཞིང་ཐུན་ཡུན་ཐུང་ངུ་རེ་ལ་ལེགས་པར་འཇོག །ནམ་བསྒོམ་ཡང་རུང་ཡེངས་མེད་འཛིན་མེད་ཟེར་བ་དེ་དྲན་པར་བྱས་ལ་ལག་ལེན་དུ་བཏབ་དགོས། གོམས་རིམ་བཞིན་ཐུན་ཇེ་རིང་བྱ། ཉོབ་ན་རིག་པ་ཧུར་ཕྱུངས། འཕྲོ་རྒོད་ཆེ་ན་ལྷོད་ལ་གཞག །སེམས་གྲིམ་ལྷོད་དང་། ཁ་ཟས་སྤྱོད་ལམ་བཅས་རང་ཉམས་ལ་གང་འཕྲོད་རེས་ཚོད་འཛིན། སེམས་བཙོན་འཛིན་གྱིས་བསྡམ་ཆེ་བ་དང་། ཉ་རེ་ཉོ་རེས་དྭངས་ཆ་ཤོར་བའམ། ཁ་ཡེངས་མིག་ཡེངས་སོགས་ལྷོད་ཆེ་ན་སྐྱོན་ཡིན། མངོན་ཤེས་རྨི་ལམ་ཆལ་ཆོལ་དང་ལྷ་མཐོང་འདྲེ་མཐོང་ངས་ཤེས་ངས་རྟོགས་སོགས་བཤད་རྒྱུ་མང་ན་གེགས་ཡིན། གཡོ་ཉམས་སོགས་བདེ་མི་བདེ་ཅི་རིགས་ཡོད་མེད་ནི་གང་ཟག་སོ་སོའི་ཁམས་དབང་ཁྱད་ཆེ་བས་མཐའ་གཅིག་ཏུ་མ་ངེས། སེམས་རང་བབས་སུ་སྐྱོང་བས་ལུས་སེམས་བདེ་ཉམས་དང་། ཤེས་པ་གསལ་ཉམས་དང་། སྟོང་གཟུགས་ཤར་བ་དང་། རྣམ་རྟོག་འགགས་པའམ་མ་འགག་ཀྱང་སེམས་ལ་ཅི་ཡང་མི་གནོད་པ་མི་རྟོག་པའི་ཉམས་སོགས་ཉམས་སྣང་འཇམ་རྩུབ་ཕྲ་རགས་དང་། ཡུན་རིང་ཐུང་ཤུགས་ཆེ་ཆུང་བཟང་ངན་གྱི་རྣམ་པ་ཅི་བྱུང་ཡང་དེ་རྣམས་ལ་ངོ་བལྟ་དང་འདི་ཡིན་འདི་མིན་གྱི་རྩིས་གདབ་ཞེན་འཛིན་གང་ཡང་མི་བྱེད་པར། རང་བབས་ཀྱི་ཤེས་པ་དྭངས་སང་ངེ་བ་ཉིད་ལ་ཉམས་ལེན་གྱི་མཐིལ་བཅོལ་ཏེ་རང་གི་སློབ་དཔོན་རང་གིས་བྱེད་ནས་ཁབ་མིག་ཏུ་སྐུད་རྩེ་བཅུག་པ་ལྟར་གནད་སྨིན་རེ་ནུས་ན། རང་རྒྱུད་ཀྱི་ཉོན་མོངས་པ་མགོ་ནོན་ཅིང་དེའི་དབང་དུ་མི་འཆོར་བའི་རང་ཚུགས་ཟིན་པ་དང་། དུས་རྒྱུན་སེམས་ཞི་དུལ་ཅན་སྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ཐམས་ཅད་སྐྱེ་བའི་གཞི་རྟེན་དུ་རུང་བ། དཔེར་ན་ཞིང་ས་དུལ་བ་ལྟ་བུ་འབྱུང་བས། དང་པོ་ནས་ཆེ་སྐད་མཐོ་སྐད་དོན་མེད་མང་པོ་མི་སྒྲོག་པར་རང་སེམས་ཞིབ་ལ་ཕབ་ནས་ཉམས་ལེན་གྱི་རྐང་ཚུགས་ཐབས་འདི་ཅི་ནས་གལ་ཆེའོ། །དེ་ལྟར་བློ་སྦྱོང་བདུན་པོ་རེ་རེ་ནས་ཐོག་མར་སེམས་སྐྱེད་མཐར་བསྔོ་སྨོན་རྣམ་པར་དག་པ་རེ་བཅས་ཐུན་དུ་བཅད་དེ་བསྒོམ་པ་དང་། ཐུན་མཚམས་སུ་ཡང་སོ་སོའི་ཉམས་ལེན་གྱི་རྩི་དང་མ་བྲལ་བའི་སྒོ་ནས་རང་རྒྱུད་ལ་འབྱོར་ངེས་བྱའོ། །གསུམ་པ་ཁྱད་པར་ཐུན་མིན་གྱི་སྔོན་འགྲོ་ལ་ལྔ། ཁྱད་པར་ཅན་གྱི་སྐྱབས་འགྲོ །སེམས་སྐྱེད། སྒྲིབ་སྦྱོང་དང་ཚོགས་གསག །བླ་མའི་རྣལ་འབྱོར་རོ། །དང་པོ་ནི། སྐྱབས་ཡུལ་རང་མདུན་ནམ་མཁར་མཆོད་སྤྲིན་རྒྱ་མཚོའི་དབུས་སུ་སེང་ཁྲི་པདྨ་ཉི་ཟླའི་གདན་ལ། རྩ་བའི་བླ་མ་ཉིད་ཤྲཱི་ཧེ་རུ་ཀ་སིང་ཧེ་ཤྭ་ར་སྐུ་རྡོ་རྗེ་དམར་སྨུག་སྒེག་འཛུམ་བརྗིད་ཉམས་དང་ལྡན་པ་རིན་ཆེན་རུས་རྒྱན་སྣ་ཚོགས་ཀྱིས་མཛེས་ཤིང་། ཕྱག་མཉམ་གཞག་གི་ཕྱག་རྒྱ་ཅན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། གཟི་མདངས་ཉི་མ་བྱེ་བའི་འོད་ཕུང་ལྟ་བུ་དང་རྡོ་རྗེ་ཡེ་ཤེས་ཀྱི་མེ་འོད་ཕྱོགས་བཅུར་འཕྲོ་བ། གསུང་རྡོ་རྗེ་ཆོས་ཀྱི་སྒྲ་ཆེན་ཀུན་དུ་སྒྲོག་པ། ཐུགས་རྡོ་རྗེ་རིག་པ་གཏིང་གསལ་ཆོས་སྐུ། རིག་གདངས་རང་གསལ་ལོངས་སྐུ། རིག་རྩལ་ཕྱོགས་མེད་སྤྲུལ་སྐུའི་རང་བཞིན་གྱི་རབ་འབྱམས་སྐྱབས་གནས་རྒྱ་མཚོ་སྤྲོ་བསྡུའི་བདག་ཉིད་ཆེན་པོ། རྗེས་ཆགས་བརྩེ་བས་བདག་ལ་ལྷག་པར་དགོངས་ཤིང་ཡེ་ཤེས་སྤྱན་གྱིས་མངོན་སུམ་དུ་གཟིགས་ཏེ་དགྱེས་ཡེ་རེ་བཞུགས་པར་བསྒོམ། སྐྱབས་སུ་འགྲོ་བ་པོ་མཁའ་མཉམ་སེམས་ཅན་ཡོངས་ཀྱི་དོན་ཕྱིར་བདག་ཉིད་སྒོ་གསུམ་གུས་པའི་རྣམ་འགྱུར་དང་བཅས་ཏེ་བླ་མའི་སྤྱན་སྔར་འཁོད་པ། སྐྱབས་སུ་ཇི་ལྟར་འགྲོ་ཚུལ། བདག་སོགས་འགྲོ་བའི་སེམས་ཉིད་ཡེ་སྟོང་ཀ་དག་ཆོས་སྐུ། རང་གསལ་ལྷུན་གྲུབ་ལོངས་སྐུ། དབྱེར་མེད་ཆེན་པོའི་རྩལ་སྣང་སྤྲུལ་སྐུའི་ངོ་བོ་ནི་སྐྱབས་ཡུལ་དང་གཉིས་སུ་མེད་པ་ཡེ་སངས་རྒྱས་པའི་རང་བཞིན་ཅན་ཡིན་གསུངས་ནའང་། རང་ངོ་མ་ཤེས་པའམ་དེའི་དོན་མ་རིག་པའི་འཁྲུལ་རྟོག་གློ་བུར་བའི་དྲི་མ། འཇིགས་དང་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བར་གྱུར་པ་འདི་མྱུར་དུ་གྲོལ་ཕྱིར་ཡིད་ཆེས་ཕྱིར་མི་ལྡོག་པའི་དད་པས་དྲངས་ཏེ། གཏན་གྱི་སྐྱབས་མགོན་རེ་ལྟོས་མཐར་ཐུག་པ་ཁྱེད་ཁོ་ན་ལ་བཅོལ་བ་ཡིན་ལགས་ན། ཁྱེད་ཀྱི་ཡེ་ཤེས་མཆོག་གི་གཟི་བྱིན་ཚད་མེད་པའི་མཐུས། བདག་ཅག་རྣམས་ཀྱིས་རང་སེམས་གཉུག་མའི་རང་ངོ་སྐད་ཅིག་གིས་ཤེས་པའི་ངང་དུ་གཉིས་འཛིན་གྱི་དྲི་མ་མཐའ་དག་བཙན་ཐབས་སུ་རྣམ་པར་གྲོལ་ནས། ཐུགས་ཡིད་དབྱེར་མེད་དུ་འདྲེས་ཤིང་སངས་རྒྱས་པ་ཞིག་ད་ལྟ་སྟན་ཐོག་འདི་རུ་མཛད་དུ་གསོལ་སྙམ་དུ་མོས་གུས་གདུང་ཤུགས་དྲགས་པོའི་སྒོ་ནས་སྐྱབས་འགྲོ་ལན་བརྒྱ་སྟོང་ཅི་རིགས་གཞུང་བཞིན་དུ་བརྗོད་ཅིང་བསམས་པའི་མཐར། བླ་མ་རང་ལ་བསྡུ་ཞིང་ཐུགས་ཡིད་འདྲེས་པའི་ངང་ལ་རང་བབས་སུ་བཞག །སྤྱོད་ལམ་རྣམ་པ་བཞིའི་སྐབས་སུ་བླ་མའི་སྣང་བ་དང་མི་འབྲལ་བའི་ལམ་ཁྱེར་ལ་བསླབ། དུས་དང་རྣམ་པ་ཀུན་དུ་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེ་ཞིང་། ངོ་ལྐོག་མཚུངས་པའི་རང་སེམས་གཙང་མ་རེ་ནུས་ན་སྐྱབས་འགྲོའི་བསླབ་བྱ་སོགས་སྲུང་སྡོམ་གྱི་གནད་འདུས་པ་ཡང་ཡིན་ནོ། །གཉིས་པ་སེམས་སྐྱེད་ནི། སེམས་སྐྱེད་ཀྱི་སྡོམ་པ་དབང་དུས་སུ་ཁས་བླངས་པ་དེས་ཐོབ་པ་ཡིན་སྙམ་དུ་རྗེས་སུ་དྲན་པར་བྱས་ལ། འདི་ལྟར་རང་གཞན་ཞེས་པའི་སྐྱེ་འགྲོ་ཐ་དད་དུ་སྣང་བ་ཞིག་མངོན་སུམ་དུ་ཤར། སྣང་བ་དེ་ལྟར་བདེན་པར་བཟུང་བའི་བློ་དེ་ཇེ་བརྟན་ཇེ་འཕེལ་དུ་སོང་ནས་ཨ་འཐས་ཀྱི་ཕྱོགས་ཞེན་དྲགས་པོ་དང་བཅས་པའི་རང་ཕྱོགས་དང་གཞན་ཕྱོགས་ཞེས་སྡེ་ཚན་གཉིས་རིས་ཆད་ལྟར་སྣང་ཞིང་། སྣང་བ་ལྟར་བདེན་གྲུབ་ཏུ་བཟུང་སྟེ་རྩ་བ་རང་དང་ལྷག་པར་ཆགས་ཡུལ་རེ་ཁོལ་བུ་ཁོལ་བུར་བཅད་པའི་ཕྱི་ནང་གི་དབྱེ་བ་མང་པོ་ཞིག་བྱས་ཏེ། རང་ཕྱོགས་རྣམས་ལ་བདེ་བ་ཡོད་ཐབས་སྡུག་བསྔལ་མེད་ཐབས་ཅི་དྲག་རེ་ལ་ལུགས་གཉིས་ཀྱི་སྒོ་ནས་ནན་གྱིས་འབད། རང་འདོད་དེ་ལ་གནོད་བྱེད་ཀྱི་སྐྱེ་འགྲོ་རྣམས་བདག་གི་དགྲ་བོའོ་ཞེས་བཟུང་སྟེ་དེ་ལ་གནོད་གང་ཐུབ་ཐུབ་རེ་བྱེད། དེ་འདྲའི་ཕྱོགས་རིས་དང་ཆགས་སྡང་རྒྱུན་མ་ཆད་པའི་ཚུལ་དུ་སྐྱེ་བ་ཐོག་མེད་ནས་གང་བྱས་ཚད་དེ། རྣམ་མཁྱེན་ལ་རྒྱབ་ཀྱིས་ཕྱོགས་ཤིང་སྲིད་ཞི་གང་རུང་གི་མཐར་འཕེན་བྱེད་དང་ཐེག་ཆེན་གྱི་དགེ་རྩ་ཉམས་བྱེད། དཔེར་ན་ནོར་རྫས་ལ་དབུལ་འདྲེ་ཞུགས་པ་ལྟ་བུ་ཡིན་པས་བདག་གཅེས་འཛིན་གྱི་འགོང་པོ་ཞེས་བྱ། དེ་ལྟ་བུའི་བློ་ཉེས་སྤངས་ནས་གཞན་དོན་དུ་རྣམ་མཁྱེན་སྒྲུབ་བྱེད་ཀྱི་བསམ་སྦྱོར་ཁྱད་པར་ཅན་ལ་བརྩོན་དགོས་ཤིང་། སྐབས་འདིར་ཤིན་ཏུ་སྙིང་པོར་དྲིལ་ཏེ་ཇི་ལྟར་བསྒོམ་པ་ནི། མ་གྱུར་མཁའ་མཉམ་གྱི་སེམས་ཅན་དྲིན་མོ་ཆེ་མཐའ་དག་གི་སེམས་ཀྱི་ཆོས་དབྱིངས་གདོད་ནས་དག་པ་སྐུ་གསུམ་གྱི་རང་བཞིན་ལས་ནམ་ཡང་མི་འདའ་མོད། མ་རིག་འཁྲུལ་སྣང་གློ་བུར་བའི་གཞན་དབང་གིས་ཁམས་གསུམ་འཁོར་བའི་སྡུག་བསྔལ་མུ་མཐའ་མེད་པས་དབང་མེད་རྟག་ཏུ་མནར་བ་འདི་རྣམས་སྙིང་རེ་རྗེ། འདི་དག་གི་སེམས་ཉིད་རང་ཞལ་རང་གིས་མཐོང་གོམས་ལ་བརྟེན་ནས་འཁྲུལ་འཁོར་སྡུག་བསྔལ་རྒྱུ་འབྲས་ལས་ཡོངས་སུ་གྲོལ་ཞིང་། རང་གནས་སྐུ་དང་ཡེ་ཤེས་ཀྱི་ས་ལ་བདག་ཁོ་ནས་དགོད་པར་བྱ། དེའི་ཆེད་དུ་ཐེག་མཆོག་ཡང་གསང་བླ་ན་མེད་པའི་ཁྱད་ཆོས་དབྱིངས་རིག་དབྱེར་མེད་ཀྱི་གསང་ལམ་ལ་ཚུལ་བཞིན་དུ་འཇུག་ཅིང་། ལམ་མཐར་ཕྱིན་པའི་ཐབས་མཁས་ལ་ཅི་ནས་ཀྱང་འབད་པར་བགྱིའོ་སྙམ་དུ་སེམས་ཁྱད་པར་ཅན་བསྐྱེད་དེ་གཞུང་ཚིག་བརྗོད་ལ། གསལ་སྣང་འདོན་སྐྱོར་དང་བཅས་པས་རང་རྒྱུད་དང་འདྲེས་ངེས་སུ་བསྒོམ་པར་བྱའོ། །གསུམ་པ་སྒྲིབ་སྦྱོང་དང་བཞི་པ་ཚོགས་གསག་སྟབས་གཅིག་ཏུ་ཉམས་སུ་བླང་བ་ནི། རང་ཉིད་གཉུག་མའི་ལྷ་སྐུ་སྟོང་ར་སྒྲིབ་ཐོགས་ཀུན་བྲལ་དྭངས་གསལ་འོད་ཀྱི་རྣམ་པའི་ནང་དབུས་སུ། རྩ་དབུ་མ་སྦོམ་ཕྲ་སྲིན་མཛུབ་ཙམ་ཕྱི་དཀར་ནང་དམར་སྔོ་བའི་འོད་མདངས་ཅན་ཡར་སྣེ་སྤྱི་གཙུག་དང་མར་སྣེ་ལྟེ་འོག་སོར་བཞིའི་མཚམས་སུ་ཟུག་པའི། གཡས་སུ་རོ་མ་དམར་མོ་རྡུལ་གྱིས་བརླན་ཅིང་གཡོན་དུ་རྐྱང་མ་དཀར་མོ་ཁུ་བའི་གཤེར་བག་ཅན། གཉིས་ཀ་དབུ་མའི་སུམ་ཆ་ཙམ་རེའི་ཡར་སྣེ་དབུ་མ་ལས་སོར་ཚད་ཙམ་དམའ་མཚམས་ནས་སྣ་བུག་གཡས་གཡོན་ལ་ཟུག་ཅིང་མར་སྣེ་ཡི་གེ་ཆ་ཡི་དབྱིབས་སུ་དབུ་མར་ཚུད་པ། གཙོ་བོ་དེ་གསུམ་ལས་གྱེས་པའི་རྩ་ཕྲན། སྤྱི་བོ་བདེ་ཆེན་འཁོར་ལོའི་རྩ་འདབ་དཀར་པོ་སོ་གཉིས་ཐུར་བསྟན། མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་འདབ་དམར་པོ་བཅུ་དྲུག་གྱེན་བསྟན། སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་སྔོན་པོ་བརྒྱད་ཅུང་ཟད་ཐུར་བསྟན། ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབ་སེར་པོ་དྲུག་ཅུ་རྩ་བཞི་གྱེན་བསྟན་རྣམས་དྭངས་གསལ་འོད་ཀྱི་སྦུ་གུའི་རྣམ་པ་ཅན། དབུ་མའི་མར་སྣེ་རྩ་གསུམ་འདུ་མདོ་ལས་སོར་ཚད་ཙམ་མཐོ་བའི་སར་པདྨ་ཉི་ཟླའི་སྟེང་དུ། རྩ་བའི་བླ་མ་གསུང་པདྨའི་རིགས་ཀྱི་རྡོར་སེམས་དམར་གསལ་རུས་རྒྱན་ཅན་རྡོར་དྲིལ་འཛིན་ཅིང་རང་འོད་ཀྱི་ཡུམ་ལ་འཁྱུད་དེ་ཞབས་རྡོར་སྐྱིལ་དུ་བཞུགས་པ། རབ་འབྱམས་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་གཞིར་གནས་ཀྱི་གཏུམ་མོ་དང་དབྱེར་མེད་དུ་བསྒོམས་པ་རྟེན་གྱི་སྟོབས། རང་གཞན་སྒོ་གསུམ་གྱིས་ཚེ་རབས་ཐོག་མེད་ནས་བསགས་པའི་རང་བཞིན་གྱི་སྡིག་སྒྲིབ་དང་བཅས་པའི་ལྟུང་བ། སྡོམ་པ་གསུམ་དང་ཁྱད་པར་རྩ་བ་ཡན་ལག་གི་དམ་ཚིག་ཉམས་པའི་སྒྲིབ་སྐྱོན་ཅི་མཆིས་པ་ཐམས་ཅད། ཤིན་ཏུ་གནོང་འགྱོད་དྲགས་པོའི་སེམས་ཀྱིས་མཐོལ་ཞིང་བཤགས་སོ་བྱང་ཞིང་དག་པར་གྱུར་ཅིག་སྙམས་པ་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བགྱིད་དོ་སྙམ་དུ་དམ་བཅའ་བ་སོར་ཆུད་པའི་སྟོབས། བླ་མའི་ཐུགས་རྗེ་ཡེ་ཤེས་ཀྱི་གཟི་བྱིན་ཆེན་པོས། བདག་ཅག་གིས་སྔར་བྱས་ཀྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཡོངས་སུ་དག་ནས། ཕྱིས་ནམ་ཡང་རྒྱུད་ལ་མི་སྐྱེ་བར་མཛད་དུ་གསོལ་སྙམ་དུ་གསོལ་བ་བཏབ་ཅིང་ཡིག་བརྒྱ་ལན་ཉེར་གཅིག་ཙམ་བརྗོད་པས་ཐུགས་རྒྱུད་གནད་ནས་བསྐུལ། དེ་ནས་རླུང་རོ་བསལ། འོག་རླུང་བསྡམ། སྟེང་རླུང་དལ་བུས་མནན་པའི་རྐྱེན་གྱིས་བླ་མའི་སྐུ་ལས་ཡེ་ཤེས་ཀྱི་མེ་འབར་བ་ཡར་སོང་ནས་གཡས་འཁྱིལ་ཚུལ་གྱིས་ལྟེ་བའི་རྩ་འཁོར་གང་། སྙོམས་འཇུག་གི་གནས་སྐབས་དང་འདོད་ཆགས་ཀྱི་སྒྲིབ་པ་ཐམས་ཅད་བསྲེགས་སྦྱངས་དག་པར་བྱས། མེ་ལྕེས་སྙིང་གའི་རྩ་འཁོར་གང་། གཉིད་འཐུག་གི་གནས་སྐབས་དང་གཏི་མུག་གི་སྒྲིབ་པ་ཐམས་ཅད་བསྲེགས་སྦྱངས་དག །དེ་ནས་མགྲིན་པའི་རྩ་འཁོར་གང་། རྨི་ལམ་གྱི་གནས་སྐབས་དང་ཕྲག་དོག་གི་སྒྲིབ་པ་ཐམས་ཅད་བསྲེགས་སྦྱངས་དག །མཐར་སྤྱི་བོའི་རྩ་འཁོར་གང་། སད་པའི་གནས་སྐབས་དང་། ཞེ་སྡང་དང་ང་རྒྱལ་གྱི་སྒྲིབ་པ་ཐམས་ཅད་བསྲེགས་སྦྱངས་དག་པར་བྱས། དེ་རྣམས་དང་ཆབས་ཅིག་ཏུ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་མ་ལུས་པ་བསྲེགས་སྦྱངས་སྟོང་པར་བསམ། རླུང་མི་ཐུབ་དུས་སང་སང་འབུད་ཅིང་སླར་ཡང་གཟུང་ལ་དམིགས་པའི་འཕྲོ་སྐྱོང་། ཐུན་མཐར་རླུང་སྦྱོར་ལྷོད་དེ་དམིགས་འདུན་མ་བོར་བའི་ངང་ནས་ཡིག་བརྒྱ་ཅི་རིགས་བཟླ། བཤགས་རྒྱུད་ཀྱི་རུ་དྲའི་སྨྲེ་བཤགས་དང་། བདེ་མཆོག་མངོན་འབྱུང་གི་རྒྱུད་ཚིག །མགོན་པོ་བདག་ནི་སོགས་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པའི་གསུང་། སྐུ་གསུང་ཐུགས་རྩ་བ་དང་སོགས་ཀྱང་བརྗོད་ན་ལེགས་ཤིང་མེད་ཀྱང་ཆོག །རྩ་ཚིག་དང་འཇམ་མགོན་བླ་མའི་ཁྲིད་ཡིག་ཏུ་རླུང་སྦྱོར་ཆེར་མ་མངོན་པ་ལྟར་ན་དམིགས་པ་དང་བཟླས་གྲངས་གཙོར་འདོན་བྱ། འདི་ལྟར་མེ་སྦྱོར་ལ་རླུང་གནད་གལ་ཆེ་བའི་དབང་དུ་བྱས་ན་བཟླས་གྲངས་མང་མི་དགོས། གང་ལྟར་ཡང་། མཐར་བླ་མ་རྡོ་རྗེ་སེམས་དཔའ་ཐུགས་ཤིན་ཏུ་དགྱེས་ཤིང་ཞལ་འཛུམ་མདངས་དང་བཅས་ཏེ། ཀྱེ། རིགས་ཀྱི་བུ་ཁྱོད་ཀྱི་ཉེས་ལྟུང་ཐམས་ཅད་རྩ་བ་ནས་དག་པ་ཡིན་ནོ། །ཞེས་གནང་བ་བྱིན་པར་མོས་ལ་བླ་མ་དང་ཐུགས་ཡིད་བསྲེ་ཞིང་མཉམ་པར་གཞག་པ་རྣམས་གཉེན་པོ་ཀུན་སྤྱོད་ཀྱི་སྟོབས་སོ། །དེ་ནས་ཚོགས་གསག་ཀྱི་ཉམས་ལེན་ལ། ཚོགས་ཞིང་གི་ཁྱད་པར་རྩ་འཁོར་བཞིའི་ལྟེ་བར་དབུ་མའི་ནང་དུ་པདྨ་ཉི་ཟླའི་གདན་རེ་རེ་ལ། སྤྱི་བོར་བླ་མ་སྐུ་རྡོ་རྗེ་ཡབ་ཡུམ་དཀར་པོ། མགྲིན་པར་བླ་མ་གསུང་རྡོ་རྗེ་ཡབ་ཡུམ་དམར་པོ། སྙིང་གར་བླ་མ་ཐུགས་རྡོ་རྗེ་ཡབ་ཡུམ་མཐིང་ག །ལྟེ་བར་བླ་མ་ཡེ་ཤེས་རྡོ་རྗེ་ཡབ་ཡུམ་སེར་གསལ། ཀུན་ཀྱང་མཚན་དཔེའི་ཉམས་ལྡན་གཅེར་བུ་རུས་རྒྱན་ཅན་ཡབ་རྣམས་རྡོར་དྲིལ་འཛིན་ནས་ཡུམ་ལ་འཁྱུད་དེ་རྡོར་སྐྱིལ་གྱིས་བཞུགས་པ། ཡུམ་རྣམས་གཡས་གྲི་གུག་དང་གཡོན་བདུད་རྩིའི་བྷནྡྷ་བསྣམས་ནས་ཡབ་དང་སྦྱོར་བ། རྩ་འདབ་རྣམས་ཀྱི་ནང་དུ་པད་ཉིའི་གདན་རེ་རེ་ལ། བདེ་སྟོང་ལྷན་སྐྱེས་ཀྱི་ཡེ་ཤེས་བཙན་ཐབས་སུ་མངོན་དུ་བྱེད་པའི་རྟེན་འབྲེལ་གྱི་ཁྱད་པར། ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ་དཀར་དམར་མཐིང་སེར་གྲི་ཐོད་ཅན་བདེ་བའི་གར་གྱིས་བཞེངས་པའི་འཁོར་དང་བཅས་ཏེ་བྱིན་ཐིབས་སེ་བཞུགས་པར་བསྒོམ། མཆོད་རྫས་ཀྱི་ཁྱད་པར་སྤྱི་བོའི་རྩ་འཁོར་གྱི་སྟེང་གི་དབུ་མའི་ནང་དུ། གཞིར་གནས་ཀྱི་དཀར་ཆ་ཉིས་དྭངས་སུམ་དྭངས་ཀྱི་བཅུད་ཐིག་ཧྃ་ཡིག་དཀར་གསལ་མགོ་ཐུར་བསྟན་དྲན་པ་ཙམ་གྱིས་བདེ་བ་ཆེན་པོ་རྩོལ་མེད་དུ་སྐྱེད་བྱེད། སངས་རྒྱས་ཐམས་ཅད་འདུས་པའི་ཡེ་ཤེས་ཀྱི་བདུད་རྩི་ཟག་ལ་ཁད་པར་བསྒོམ། ལྟེ་འོག་གི་བླ་མ་རྡོར་སེམས་ཡབ་ཡུམ་ལ། བདག་གིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་མྱུར་དུ་རྫོགས་ཤིང་ཀུན་མཁྱེན་ཡེ་ཤེས་ཀྱི་གོ་འཕང་མངོན་དུ་འགྱུར་བར་མཛད་དུ་གསོལ་སྙམ་དུ་གསོལ་བ་སྙིང་ནས་བཏབ་ཅིང་། མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་ཧྃ༔ ཞེས་བརྒྱ་རྩ་སོགས་བཟླས་པས་ཐུགས་རྒྱུད་བསྐུལ། དེ་ནས་རླུང་སྔར་ལྟར་ལེགས་པར་བཟུང་པས་བསྐུལ་ཏེ། བླ་མའི་སྐུ་ལས་ཡེ་ཤེས་ཀྱི་མེ་འབར་བ་དབུ་མའི་ནང་བརྒྱུད་བླ་མ་རྣམས་ཀྱི་མདུན་ནས་ཡར་སོང་བ་ཧྃ་ལ་རེག་པ་ཙམ་གྱིས་བདུད་རྩིའི་རྒྱུན་བབས། སྤྱི་བོའི་བླ་མ་སྐུ་རྡོ་རྗེ་ཡབ་ཡུམ་འཁོར་བཅས་ལ་ཕོག་པས་དགའ་བའི་མཆོད་པས་མཉེས། བླ་མ་ཡབ་ཡུམ་རྣམས་ཀྱི་སྐུ་ལས་བབས་པའི་བདུད་རྩི་དང་བཅས་པས་སྤྱི་བོའི་རྩ་འཁོར་གང་། རགས་པ་ལུས་དང་ཕྲ་བ་རྩ་ཡི་སྒྲིབ་པ་དག་ཅིང་ཚོགས་ཆེན་རྫོགས། དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས། སྟོང་པའི་འོད་གསལ་མངོན་དུ་བྱས། སྣང་སྟོང་སྐུ་རྡོ་རྗེ་དང་དབྱེར་མེད་སྤྲུལ་པའི་སྐུར་གྱུར། བདུད་རྩི་མགྲིན་པར་བབས་པ་བླ་མ་གསུང་རྡོ་རྗེ་ཡབ་ཡུམ་འཁོར་བཅས་ལ་ཕོག་པས་མཆོག་དགའི་མཆོད་པས་མཉེས། སྐུ་ཡི་བདུད་རྩི་དང་བཅས་པས་མགྲིན་པའི་རྩ་འཁོར་གང་། རགས་པ་ངག་དང་ཕྲ་བ་རླུང་གི་སྒྲིབ་པ་དག་ཅིང་ཚོགས་ཆེན་རྫོགས། མཆོག་དགའི་ཡེ་ཤེས་རྒྱུད་ལ་སྐྱེས། ཤིན་ཏུ་སྟོང་པའི་འོད་གསལ་མངོན་དུ་བྱས། གྲགས་སྟོང་གསུང་རྡོ་རྗེ་དང་དབྱེར་མེད་ལོངས་སྤྱོད་རྫོགས་པའི་སྐུར་གྱུར། བདུད་རྩི་སྙིང་གར་བབས་པ་བླ་མ་ཐུགས་རྡོ་རྗེ་འཁོར་བཅས་ལ་ཕོག་པས་ཁྱད་པར་དགའ་བའི་མཆོད་པས་མཉེས། སྐུ་ཡི་བདུད་རྩི་དང་བཅས་པས་སྙིང་གའི་རྩ་འཁོར་གང་། རགས་པ་སེམས་དང་ཕྲ་བ་ཐིག་ལེའི་སྒྲིབ་པ་དག་ཅིང་ཚོགས་ཆེན་རྫོགས། ཁྱད་པར་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས། ཐམས་ཅད་སྟོང་པའི་འོད་གསལ་མངོན་དུ་བྱས། དྲན་སྟོང་ཐུགས་རྡོ་རྗེ་དང་དབྱེར་མེད་ཆོས་ཀྱི་སྐུར་གྱུར། བདུད་རྩི་ལྟེ་བར་བབས་པས་བླ་མ་ཡེ་ཤེས་རྡོ་རྗེ་ཡབ་ཡུམ་འཁོར་བཅས་ལ་ཕོག་པས་ལྷན་སྐྱེས་ཀྱི་དགའ་བའི་མཆོད་པས་མཉེས། སྐུ་ཡི་བདུད་རྩི་དང་བཅས་པས་ལྟེ་བའི་རྩ་འཁོར་གང་། ཟག་བཅས་ཀྱི་སྒོ་གསུམ་ཆ་མཉམ་ཕྲ་རགས་ཀྱི་འཕོ་བའི་སྒྲིབ་པ་དག་ཅིང་ཚོགས་ཆེན་རྫོགས། དགའ་བྲལ་ལྷན་སྐྱེས་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས། རབ་ཏུ་སྟོང་པའི་འོད་གསལ་མངོན་དུ་བྱས། མཆོག་ཏུ་མི་འགྱུར་བའི་བདེ་སྟོང་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུར་གྱུར་པར་བསམ། དེ་ལྟར་ཡང་ཡང་སྦྱང་། ཐུན་མཐར་རྩ་འདབ་དང་འཁོར་གྱི་མཁའ་འགྲོ་རྣམས་བླ་མ་སོ་སོའི་ཐུགས་ཀར་ཐིམ། རང་ལུས་སྐྲ་རྩེ་མན་ཆད་དང་རྩ་གསུམ་གྱི་སྟོད་ཆ། སྤྱི་མགྲིན་གྱི་བླ་མ་ཡབ་ཡུམ་དང་བཅས་པ་འོད་དཀར་པོའི་རྣམ་པས་མར་སྙིང་གའི་བླ་མ་ལ་ཐིམ། རྐང་པའི་སོར་རྩེ་ཡན་ཆད་ཀྱི་ལུས་དང་། རྩ་གསུམ་གྱི་སྨད་ཆ། ལྟེ་འོག་དང་ལྟེ་བའི་བླ་མ་བཅས་འོད་དམར་གྱི་རྣམ་པས་ཡར་འདུས་ཏེ་སྙིང་གའི་བླ་མ་ལ་ཐིམ། དེ་ནས་བླ་མ་ཡང་སྐད་ཅིག་གིས་ཆོས་ཀྱི་དབྱིངས་སུ་ཡལ་བས་གཞི་རྟེན་ཀུན་བྲལ་བསམ་མི་ཁྱབ་པའི་ངང་དུ་མཉམ་པར་གཞག །སླར་ལྡང་བ་ན་གཉུག་མ་རྡོ་རྗེའི་ལྷ་སྐུར་གསལ་ཞིང་བསྔོ་སྨོན་སོགས་རྒྱུན་སྤྱོད་ལ་འཇུག་གོ །ལྔ་པ་བླ་མའི་བྱིན་རླབས་ལམ་བྱེད་ཀྱི་རིམ་གཉིས་མདོར་བསྡུས་འདི་ནི། དངོས་གཞི་བླ་སྒྲུབ་ཀྱི་བསྙེན་པའི་ཚུལ་དང་རྫོགས་རིམ་དངོས་ཀྱི་གཞི་འཛིན་ལྟ་བུ་ཡིན། ཉམས་སུ་ལེན་དུས་རླུང་རོ་སངས་ཀྱིས་འབུད་ལ་ཤེས་པ་རང་སོར་གཞག་ཅིང་ལེགས་པར་བསྒོམ། སྒོམ་རིམ་ནི་གཞུང་དོན་ཇེ་གསལ་དུ་བཏང་བ་ངག་འདོན་གྱི་དཀྱུས་ལྟར་ཡིན་ལ། སྤྱན་འདྲེན་གྱི་མཐར་བི་མའི་སྔགས་དང་ཧཱུྃ་ལྔས་བསྐུལ་པས་རི་བོ་རྩེ་ལྔ་ནས་བི་མ་དང་། མཁའ་འགྲོའི་གནས་ནས་ལྕེ་བཙུན་གྱི་སྐུ་ཀློང་ལྔའི་ཡེ་ཤེས་ཀྱི་ངོ་བོ་མཐིང་དཀར་སེར་དམར་ལྗང་གུ་གྲངས་མེད་བྱོན་ནས་རང་དང་བླ་མའི་གནས་ལྔར་ཡང་ཡང་བསྟིམ། ཡན་ལག་བདུན་པའི་དོན་ནི། ཡེ་ནས་མ་སྐྱེས་པས་ནམ་ཡང་མི་འགག་པ་རང་གནས་སྐུ་གསུམ་གྱི་རྒྱལ་སྲིད་ཆེན་པོ། ལམ་སྣང་བཞི་མཐར་ཕྱིན་པའི་སྒོ་ནས་མངོན་དུ་མཛད་ཟིན་པའི་བླ་མ་དང་རང་སེམས་ཀྱི་ངོ་བོ་རང་བཞིན་ཐུགས་རྗེ་རྣམ་གསུམ་དབྱེར་མེད་ཀྱི་ཚུལ་དུ་གནས་པ་རྣམས། ད་ལྟ་གཉིས་སུ་སྣང་ཡང་དོན་ལ་ཡེ་ནས་འདུ་འབྲལ་མེད་པར་ཡིན་ལུགས་རང་ངོར་མཇལ་བའི་ཚུལ་གྱིས་ཕྱག་འཚལ་བ་དང་། རླུང་སེམས་རིག་པའི་དབྱིངས་སུ་ཐིམ་པ་ལས་རིག་རྩལ་རྣམ་པར་དག་པའི་མཆོད་སྤྲིན་རབ་འབྱམས་མ་བཀོད་རང་བྱུང་གི་ཚུལ་དུ་འབུལ་བ་དང་། གློ་བུར་གྱི་སྡིག་ལྟུང་ཅི་མཆིས་པ་ཐམས་ཅད་དབྱིངས་རིག་འདུས་མ་བྱས་པའི་ཀློང་དུ་མ་སྤང་རང་སར་གྲོལ་བའི་ཚུལ་གྱིས་བཤགས་པ་དང་། བདག་གཞན་དང་རྟོགས་མ་རྟོགས་སོགས་བཟང་ངན་གཉིས་འཛིན་ཀུན་བྲལ་གྱི་བློས་མཚན་མ་མེད་པའི་དོན་ལ་རྗེས་སུ་ཡི་རང་བ་དང་། བརྗོད་མེད་དོན་མཚོན་གྱི་ཆོས་འཁོར་ཆེན་པོ་རིག་རྩལ་ཡེ་ཤེས་ཀྱི་གཟི་བྱིན་ཐོགས་པ་མེད་པ་ཉིད་འགག་མེད་རྡོ་རྗེའི་གསུང་དབྱངས་ཟབ་མོ་དང་ཆབ་ཅིག་ཏུ་བསྐོར་བཞིན་པར། རྡོ་རྗེའི་གཟུགས་སྐུ་འཕོ་མེད་ཡོངས་གྲུབ་ཆེན་པོར་བཞུགས་གསོལ་འདེབས་པ་དང་། རྟེན་འབྲེལ་སྒྱུ་མའི་དགེ་ཚོགས་མཐའ་དག་འཁོར་གསུམ་དམིགས་མེད་འོད་གསལ་གྱི་དབྱིངས་སུ་བསྔོ་བ་རྣམས་རྩེ་གཅིག་ཏུ་བྱ། འདིར་བརྒྱུད་འདེབས་དཀྱུས་ལྟར་རམ། རིག་རྩལ་དབང་ཐོབ་ཤྲཱི་སེང་ཡེ་ཤེས་མདོ། །ཞེས་ཅུང་ཟད་བསྒྱུར་པ་གང་མོས་གཏང་། གསོལ་འདེབས་གཞུང་ཚིག་གི་དོན་ནི། སྟོང་པའི་འོད་གསལ་ཀ་དག་ཁྲེགས་ཆོད་དང་། སྣང་བའི་འོད་གསལ་ལྷུན་གྲུབ་ཐོད་རྒལ་གྱི་ལམ་སྣང་ཆོས་ཉིད་མངོན་སུམ་གོང་འཕེལ་ཚད་ཕེབས་ཆོས་ཟད་བཞི་ཀ་མཐར་ཕྱིན་ནས། མཐར་ཐུག་གི་དག་པ་གཉིས་ལྡན་མངོན་དུ་མཛད་པ་ལས་མཆོག་ཏུ་མི་འགྱུར་བའི་རིག་པ་ཉིད་སླར་ཡང་གདུལ་བྱའི་དཔལ་དུ་ཡེ་ཤེས་ཆེན་པོའི་སྐུ་ལྔ་རང་ཤར་གྱི་ཚུལ་དུ་བཞེངས་ཤིང་། དེ་ཡང་ལུགས་གཞན་ལ་ཡོངས་སུ་མ་གྲགས་པའི་ཟག་བྲལ་འཇའ་ལུས་འཕོ་ཆེན་རྡོ་རྗེ་ཞེས་མི་ཤིགས་དྭངས་མའི་རང་གཟུགས། ནམ་མཁའ་ཇི་སྲིད་དུ་བསྒྲེས་རྒུད་དང་འཆི་བ་མེད་པ་མངའ་བའི་བླ་མ་རིན་པོ་ཆེ་དྲི་མེད་བཤེས་གཉེན་ཁྱེད་མཁྱེན་ནོ་ཀྱེ་ཞེས་མཚན་ནས་བོས་ཏེ། རྗེས་འཇུག་བདག་ལ་སྒྲིབ་མེད་ཡེ་ཤེས་ཀྱི་ཐུགས་རྗེས་བརྩེ་བར་དགོངས་ནས། ཉམས་སོགས་ལྟ་སྣང་ཙམ་མ་ཡིན་པར་ཁྱེད་དང་དབྱེར་མེད་མངོན་སུམ་དུ་འགྱུར་བའི་བྱིན་རླབས་ཆེན་པོ་ཕྱི་དུས་སུ་མ་འགྱང་བར། དེང་འདིར་སྐད་ཅིག་གིས་སྩོལ་ཅིག་ཅེས་སྙིང་ནས་གསོལ་བ་ཕུར་ཚུགས་སུ་འདེབས་པ་དང་སྔགས་བཟླས་སྤེལ་ཏེ་རྩེ་གཅིག་ཏུ་འབད་མཐར་དབང་དོན་དུ་སླར་ཡང་གསོལ་བ་གདབ། དབང་ལེན་པའི་དམིགས་པ་ངག་འདོན་ལྟར་བྱ། གལ་ཏེ་སྤྲོས་པ་ལ་དགའ་བས་བི་མ་ལར་མཆོད་བསྟོད་དམིགས་གསལ་བྱེད་ན་ཡེ་ཤེས་པ་བསྟིམས་རྗེས་སུ། རང་གི་ཐུགས་ལས་མཆོད་ལྷ་དང་མཆོད་ཚོགས་སྤྲོས་ཏེ་མངོན་པར་མཆོད་པར་མོས་ལ་མཆོད་བསྟོད་དོན་ཕྲིན་ཉིད་སྦྱར། དེ་ནས་ཡན་ལག་བདུན་པ་གསོལ་འདེབས་དབང་ལེན་བླ་མ་རང་གི་སྨིན་མཚམས་ཀྱི་ཕྲ་ཐིག་ལ་བསྡུ་བ་རྣམས་བྱ། རང་གི་ལྷ་སྣང་ལེགས་པར་གསལ་ཞིང་ཁྱད་པར་སྨིན་མཚམས་ཀྱི་ཕྲ་ཐིག་ལ་རིག་པ་གཏད་དེ་སྔགས་བཟླ། འདིར་རྡོར་བཟླས་ཀྱང་རླུང་ངང་གིས་འཇུག་པ་ཨོཾ། གནས་པ་ཨཱཿ ལྡང་བ་ཧཱུྃ་གི་སྒྲར་བསམ་པའམ་འབྲུ་གསུམ་པོ་དཀར་དམར་མཐིང་གའི་གཟུགས་དང་སྒྲ་གཉིས་ཀ་སྔ་ཕྱིའམ་དུས་གཅིག་ལ་ལམ་བྱེད་དལ་བུས་བསླབ། སྐྱོ་བའམ་འཕྲོ་འདུ་བྱ་བར་སྤྲོ་ན་ཕྲ་ཐིག་ལས་འོད་ལྔ་འཕྲོ་འདུ་གཞུང་བཞིན་དང་། དག་པའི་སྣོད་བཅུད་རང་ལ་བསྡུ་བ་ཡང་། བསྡུ་རིམ་དཀྱུས་མའི་སྔ་རོལ་ནས་ཅི་རིགས་གཏང་བས་ཆོག །ཐུན་མཐར་རང་ལས་སྤྲོས་པའི་མཆོད་སྤྲིན་གྱིས་རང་ཉིད་མཆོད་ཚུལ་ཤེས་པས་མཆོད་བསྟོད་དོན་ཕྲིན་ལྟར་བྱ་བའམ་མ་བྱས་ཀྱང་ཆོག །འཆི་ཁ་དང་འཆི་སྲིད་ལམ་བྱེད་ཀྱི་ཁྱད་པར་བསྡུ་རིམ་གྱི་སྐབས་རྣམས་སུ་དག་པའི་སྣོད་བཅུད་རང་གི་ཐུགས་ཀར་བསྡུ། རང་གི་ལུས་སེམས་ལྟར་སྣང་བ་ཡང་སྨིན་མཚམས་ཀྱི་ཕྲ་ཐིག་ལ་དྲིལ། ཕྲ་ཐིག་དྭངས་གསལ་གཡོ་མེད་ལ་རིག་པ་རྩེ་གཅིག་ཏུ་དྲིལ་ཏེ་ཡུན་ཅི་གནས་སུ་འཇོག་པ་ནི་རང་ཉིད་འདའ་ཀའི་ལམ་གནད་ཡིན་ལ། དེ་ཡང་སྤྲོས་བྲལ་གྱི་དབྱིངས་སུ་ཨར་ལ་གཏད་དེ་རིག་པས་དབྱིངས་ལ་ངོ་བལྟ་མི་དགོས་པར་རྟོག་བྲལ་གྱི་རང་གཤིས་སུ་ངལ་གསོ་བ་ནི་འཆི་སྲིད་ཀྱི་རྣལ་འབྱོར་ལམ་དུ་བྱེད་ཐབས་སོ། །སླར་ཡང་གཉུག་མ་རྡོ་རྗེའི་ལྷ་སྐུར་བཀྲ་ལམ་གྱིས་ལྡང་ཞིང་ཚོགས་དྲུག་གི་སྣང་བ་བཟང་ངན་དབང་ཤེས་ཀྱི་ཡུལ་དུ་ལྷུག་པར་ཤར་བ་ན། དེ་དག་བདེན་མི་བདེན་སོགས་རྟོག་རྗེས་སུ་མི་འབྲང་བར། བསྒོམ་བྱའི་སྙིང་པོ་ལྷ་སྣང་དབྱིངས་སྣང་གང་གི་སྐབས་སུ་བབ་པ་དེའི་རང་ཐོག་ཏུ་རིག་པའི་བཙན་ས་གཟུང་དགོས། བླ་མའི་སྣང་བ་ཕྲ་ཐིག་དང་རྡོར་བཟླས་སྤྲོ་བསྡུའི་བྱེ་བྲག་འདི་དག་མེ་ཐོག་ཏུ་ཤིང་སྐམ་བསྣན་པ་ལྟར། གཅིག་གྲོགས་གཅིག་བྱེད་ཀྱི་ཚུལ་དུ་གསལ་བརྟན་ཐོབ་པ་རེ་ཉམས་སུ་བླང་ན་བསྐྱེད་རྫོགས་ཟུང་འཇུག་དོན་ལ་གནས་པ་ཉིད་དོ། །རྫོགས་རིམ་གྱི་མདོ་ཆིངས་ཡང་། ཐུན་ནང་སོགས་ཀྱི་ལྷ་སྣང་དབྱིངས་སྣང་དང་ཚོགས་དྲུག་གི་སྣང་བ་ཐམས་ཅད་བློས་བཀོད་པ་ཙམ་ལས་གང་ཡང་མ་གྲུབ། བཀོད་པ་པོ་བྱུང་ཚོར་ཅན་གྱི་བློ་ཉིད་ཀྱང་ཐ་སྙད་དུ་མེད་པ་གསལ་སྣང་ཙམ་ལས་གཞན་ཅི་ཡོད། བློ་དེའི་དོན་དམ་པའི་ངོ་བོ་ནི་ཆོས་ཀྱི་དབྱིངས་ཉིད་དེ། ཤེས་བྱ་དང་ཤེས་པ་ཐ་དད་པའི་བློ་གཉིས་སྣང་གིས་བསམ་པའི་ཡུལ་ལས་འདས་ཀྱང་། ཡུལ་དང་ཡུལ་ཅན་གཉིས་མེད་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རྟེན་མེད་པར་སྤྲོས་བྲལ་རྗེན་པའི་ཚུལ་དུ་མཐོང་བའི་ལྟ་བ་དང་། དེ་ལྟར་རྟོགས་པའི་རྣལ་འབྱོར་པས་སེམས་ཉིད་ནང་གི་ནམ་མཁའ་མི་རྟོག་རང་གསལ་མཐའ་བྲལ་ཆེན་པོ་ཉམས་སུ་བླངས་པས། གོམས་འདྲིས་རྣལ་དུ་འབྱོར་པའམ་གསལ་བརྟན་ཐོབ་པར་བྱ་བ་བསྒོམ་པ་དང་། ཡུལ་སེམས་བཟང་ངན་གྱི་རྗེས་སུ་མི་འབྲང་ཞིང་ཐམས་ཅད་རིག་པའི་རྒྱན་དུ་ཤར་བ་ལ་ངང་གིས་དབང་སྒྱུར་བའི་སྤྱོད་པ་རྣམས། ཉིན་ཞག་བདུན་ཙམ་ལ་ཉིན་མཚན་བར་མེད་དུ་བརྩོན་ནའང་ཞི་ལྷག་གི་རྣལ་འབྱོར་དུས་གཅིག་ལ་འགྲུབ་སྟེ། ལྷ་སྣང་གིས་དབྱིངས་ཀྱི་ངོ་བོ་མི་སྒྲིབ་པ་དང་། དབྱིངས་ལ་མཉམ་པར་བཞག་པ་ལས་ལྷ་སྣང་མ་བསྒོམ་ན་ཡང་ངང་གིས་ཤར་བ་འབྱུང་ཞིང་། རླུང་བཅུ་ཟིན་པའི་རྟགས་རྣམས་ཀྱང་ངང་གིས་འཆར་ལ། བླ་མས་རྗེས་སུ་འཛིན་ཅིང་བྱིན་གྱིས་བརླབ་པ་འབྱུང་བས་ན་ཐེ་ཚོམ་མེད་པའི་དད་མོས་རྩེ་གཅིག་གིས་བསྒོམ་པར་བྱའོ། །དེ་ལྟར་ཐུན་མོང་དང་ཁྱད་པར་ཅན་གྱི་སྔོན་འགྲོ་ཟབ་མོས་ཉམས་ལེན་གྱི་གཞི་སྲོག་རྐང་ཚུགས་པར་བྱས་ཏེ། དེ་ནས་འོད་གསལ་ཐེག་མཆོག་རྒྱལ་པོའི་དངོས་གཞིའི་ཉམས་ལེན་ལ་འཇུག་དགོས་པ་ཡིན་ནོ། །གཉིས་པ་གདམ་པ་ཟབ་མོའི་དངོས་གཞི་ལ་གཉིས། མོས་གུས་བླ་མའི་སྐྱེད་རིམ་དང་། ཐུན་མིན་སྙིང་པོའི་རྫོགས་རིམ་མོ། །དང་པོ་ནི། དབེན་ཞིང་ཉམས་དགའི་སྒྲུབ་གནས་སུ་སྨན་རག་གཏོར་མཆོད་དང་ཚོགས་རྫས་སྲུང་མའི་མཆོད་གཏོར་རང་འབྱོར་དང་མཐུན་པར་བཤམ། མཚམས་དམ་དུ་བཅད་ལ་སྔོན་འགྲོའི་རྒྱུད་སྦྱོང་སྐབས་དང་བསྟུན་ཏེ་ཅི་རིགས་གཏང་། དེ་རྗེས་སྲོད་ཐུན་ནས་འཇུག་ཚེ་བརྒྱུད་འདེབས་དང་དོན་ཕྲིན་གྱི་སྐྱབས་སེམས་ཚོགས་གསག་གྲུབ་ནས། རང་ཉིད་དཔལ་སིཾ་ཧེ་ཤྭ་ར་རྟ་མཆོག་ཧེ་རུ་ཀ་དམར་པོ་སྐྲ་གསེབ་རྟ་གདོང་ལྗང་ཞུར་དང་སྐུ་ལ་ཁྲོ་ཆས་ཅན་གྲི་ཐོད་འཛིན་པའི་རྣམ་པར་བཞེངས་ལ་འབྱུང་གཏོར་སྤྱི་འགྲེ་གཏང་། རྟ་མགྲིན་བསྒོམ་པ་དང་འབྱུང་གཏོར་བཅས་ཉིན་དང་པོ་འདིས་ཆོག །རྒྱལ་ཆེན་ཐོ་འཛུག་མི་དགོས། དོན་ཕྲིན་མཚམས་གཅོད་ནས་གཟུང་བསྟོད་པ་བཅས་གྲུབ་ནས་བླ་མའི་གསོལ་འདེབས་དང་སྔགས་ནན་ཏན་དབང་བླང་བ་བཅས་བྱ། དེ་ནས་རང་གི་ལྷ་སྣང་གཙོར་འདོན་གྱི་ཚུལ་དུ་ལེགས་པར་བསྒོམ། བླ་སྐུ་གཉིས་ལས་བསྒོམ་བྱ་མི་མང་བས་སྟབས་ཤིན་ཏུ་བདེ་བ་ཡིན། སྔགས་དོན་གསལ་འདེབས་ཀྱི་ཚིགས་བཅད་དོན་ཕྲིན་ལྟར་བརྗོད་ཅིང་བསམས་ལ་རྩ་བའི་སྔགས་དང་རྡོར་བཟླས་སྤྲོ་བསྡུས་དམིགས་པ་དང་བཅས། རྩ་སྔགས་བཟླ་བ་རྣམས་རིམ་བཞིན་ནན་ཏན་གྱིས་འབད་མཐར་དབྱངས་གསལ་དང་ཡིག་བརྒྱ་རྟེན་འབྲེལ་སྙིང་པོ་རྣམས་བརྗོད། མཐར་བླ་མ་རང་དང་བཅས་ལ་དམིགས་པའི་མཆོད་བསྟོད་དོན་ཕྲིན་ལྟར་བྱ། དེ་ནས་བཤགས་རྒྱུད་ལྟར་བརྗོད་མེད་དོན་བཤགས་གཏང་། ཚོགས་མཆོད་དང་སྲུང་མའི་གསོལ་ཕྲིན་དཀྱུས་ལྟར་བྱ། དངོས་གྲུབ་ལེན་པ་ཚར་ཉིན་མ་གཏོགས་མི་དགོས། སླར་ཡང་མཆོད་བསྟོད་སྔར་ལྟར་དང་ནོངས་བཤགས་བྱ། དེ་ནས་བླ་མ་ལ་དབང་དོན་དུ་གསོལ་བ་ལན་གསུམ་སོགས་བཏབ་ནས་དབང་བླང་བའི་དམིགས་པ་བྱ་ཞིང་ཐུགས་ཡིད་བསྲེ་ལ་མཉམ་པར་གཞག །དེ་ནས་རང་ཉིད་ཀྱི་ལྷ་སྣང་བསྡུ་ལྡང་སྔར་བཤད་པ་ལྟར་དང་བསྔོ་སྨོན་ཤིས་བརྗོད་དཀྱུས་ལྟར་བྱ། རྫོགས་རིམ་མདོར་བསྡུས་བསྒོམས་ནས་ཉལ་བའི་རྣལ་འབྱོར་ལ་འཇུག །ཐོར་ཐུན་ལ་སྔོན་འགྲོའི་ངག་འདོན་གྱི་རྗེས་འབྲེལ་དུ་བདག་བསྐྱེད་ཀྱི་དམིགས་བཟླས་སོགས་སྔར་བཤད་པ་ལྟར་གཏང་། ཐུན་དྲུག་སྤྲོ་ན་སྔ་ཐུན་ཕྱི་ཐུན་ཉིན་མཚན་གྱི་གུང་གི་ཐུན་རེ་བྱ། ཐུན་བཞི་བདེ་ན་གུང་ཐུན་གཉིས་མི་དགོས། གང་ལྟར་ཡང་ཐོར་ཐུན་མ་གཏོགས་པ་ལ་དོན་ཕྲིན་དཀྱུས་ལྟར་གྱི་བཟླས་པའི་མཐར་མཆོད་བསྟོད་ནོང་བཤགས་བླ་མ་ལ་དབང་དོན་དུ་གསོལ་འདེབས་ནས་གཟུང་ཤིས་བརྗོད་བཅས་ཁ་ཚང་རེ་བྱ། ཚོགས་དང་སྲུང་མའི་གསོལ་མཆོད་ཉིན་རེར་ཚར་རེས་ཆོག་པས་ཕྱི་ཐུན་ནམ་སྲོད་ཐུན་དང་འབྲེལ་བར་གཏང་། བཟླས་གྲངས་ཉར་ཉོར་སོགས་མཚམས་བལྟ་སྣང་ཙམ་རེ་ཡུན་རིང་པོར་བྱས་ཀྱང་བསྐྱེད་རྫོགས་མ་གསལ་ན། རང་བློ་སུན་ཅིང་ཆོས་ལ་ཡིད་ཆད་སོགས་ཆོས་མིན་གྱི་རྒྱུར་འགྲོ་ཉན་ཡོད་པས་སེམས་གསལ་དག་རེ་གལ་ཆེ། ལེགས་པར་འབད་ན་ཞག་ཉེར་གཅིག་གིས་རྟགས་ཐོན་འབྱུང་། ཚར་ཉིན་སྔར་བཤམས་པའི་གཏོར་མ་དེ་གཏོར་རྫས་ཀྱིས་གསོས་ཏེ་ཐོར་ཐུན་ལ་དོན་ཕྲིན་གཏང་། བཟླས་པའི་མཐར་མཆོད་བསྟོད་ནོངས་བཤགས་བླ་མ་ལ་དབང་དོན་དུ་གསོལ་འདེབས་དབང་བླང་ཞིང་སྨིན་མཚམས་ཀྱི་ཐིག་ལེར་བསྟིམ་པ་བཅས་བྱ། དེ་ནས་སྐད་ཅིག་གིས་གཏོར་མ་ལྕེ་བཙུན་དངོས་སུ་བསྒོམས་ལ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བློ་ཐག་བཅད་དེ་དངོས་གྲུབ་བླང་བའི་ཚིག་བརྗོད་མཐར་རང་གི་སྤྱི་བོར་བླང་ཞིང་གནས་གསུམ་དུ་གཏུག །གཏོར་རྫས་ཅུང་ཟད་རོལ་པས། གཏོར་ལྷ་ལྕེ་བཙུན་ཉིད་རང་གི་སྙིང་དབུས་སུ་ཐིམ་པས་རང་ཉིད་ལམ་སྣང་བ་བཞིའི་བགྲོད་པ་སྐད་ཅིག་གིས་མཐར་ཕྱིན་ཏེ། འཕོ་ཆེན་རྡོ་རྗེའི་སྐུ་རུ་སངས་རྒྱས་པ་ལྕེ་བཙུན་དངོས་དང་དབྱེར་མེད་པའི་དངོས་གྲུབ་ཆེན་པོ་ཐོབ་པ་ཡིན་སྙམ་དུ་ངེས་ཤེས་བསྐྱེད་ལ་མཉམ་པར་གཞག །འདིར་བསྡུ་ལྡང་མི་དགོས་པས་བསྔོ་སྨོན་ཤིས་བརྗོད་དཀྱུས་ལྟར་བྱས་ལ་ཐོར་ཐུན་གྲོལ། སྔ་ཐུན་ལ་སྔོན་འགྲོའི་ངག་འདོན་ལྟར་གཞན་རྣམས་གནད་བསྡུས་རེ་དང་། ཁ་སྐོང་སྦྱིན་སྲེག་གི་མལ་དུ་སྒྲིབ་སྦྱོང་ཚོགས་གསག་གཉིས་རླུང་སྦྱོར་བཅས་གནད་སྨིན་རེ་བྱ། ཕྱི་ཐུན་སྐབས་སུ་ཚོགས་གཏོར་ཅི་འབྱོར་བཤམས་ནས་དོན་ཕྲིན་གྱི་བཟླས་པ་གནད་བསྡུས་དང་། དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ལན་བདུན་རེ་ཙམ་གྱི་མཐར་མཆོད་བསྟོད་བྱ། བརྗོད་མེད་དོན་བཤགས་གཏང་། ཚོགས་མཆོད་བརྒྱ་རྩ་སོགས་དང་། སྲུང་མའི་གསོལ་མཆོད་ནན་ཏན་མཐར་མཆོད་བསྟོད་ནོངས་བཤགས་ནས་བཀྲ་ཤིས་བར་དང་གཞན་ཡང་བསྔོ་སྨོན་ཤིས་བརྗོད་གང་རྒྱས་གཏང་། དེ་ནས་མཚམས་རིམ་བཞིན་གྲོལ་བར་བྱའོ། །རྗེས་གསུང་བཤད་གནང་དུས་དོན་ཕྲིན་གྱི་ཐུན་བཅད་ལུགས་རྣམས་ལེགས་པར་མ་ཟིན་ནས་སླར་ཞུ་དགོས་བྱུང་བ་སྐུ་མདུན་དུ་ཐོ་བཀོད་བྱས་པ་ཡིན་ནོ། །གཉིས་པ་ཐུན་མིན་སྙིང་པོའི་རྫོགས་རིམ་ལ་གསུམ། དབང་པོ་རབ་ཚེ་འདིར་གྲོལ་བྱེད། དབང་པོ་འབྲིང་བར་དོར་གྲོལ་བྱེད། དབང་པོ་ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་གྲོལ་བྱེད་ཀྱི་གདམ་ངག་གོ །འདིར་དབང་པོ་ནི། ཟབ་ལམ་འདིའི་ཁོག་སྙིང་ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་ཡིན་པས་མིག་དབང་སྐྱོན་མེད་ཅིག་དགོས་མོད། དད་བརྩོན་དྲན་པ་ཏིང་འཛིན་ཤེས་རབ་རྣམས་ཡིན་པ་གཞིར་བཅས་ཁྱད་པར་དུ་སྙིང་པོའི་ཆོས་དང་དེ་སྟོན་པའི་བླ་མ་ལ་ཡིད་ཆེས་མི་ལྡོག་པའི་དད་མོས་རབ་འབྲིང་ཐ་མའི་སྒོ་ནས་དབྱེ་བ་ཡིན། དབང་པོ་རབ་ཚེ་འདིར་གྲོལ་བྱེད་ལ་གཉིས། སྔོན་འགྲོ་འཁྲུལ་གཞི་རྩད་ནས་གཅོད་ཐབས། དངོས་གཞི་འཁྲུལ་པ་རང་གྲོལ་དུ་གཏོང་ཐབས་དང་དེའི་རྗེས་འབྲེལ་དུ་འཁྲུལ་སྣང་ཡེ་ཤེས་སུ་རང་འཆར་ཐབས་སོ། །དང་པོ་ནི། འཁྲུལ་གཞི་ཞེས་པ་ལམ་བདེན་གྱིས་སྤང་བྱ་རྒྱུ་ཀུན་འབྱུང་བདེན་པ་དང་འབྲས་བུ་སྡུག་བདེན་གྱི་གཞི་དང་རྩ་བར་གྱུར་པའི་ཀུན་རྟོག་ཕྱིན་ཅི་ལོག་པ་ཞིག་སྟེ། གནས་ལུགས་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་ཡེ་ནས་ཡིན་པ་ལ། དེ་ལྟར་མ་ཤེས་ནས་མཚན་མར་འཛིན་པའི་བློ་ངན་རྣམས་ཡིན་ལ། དེ་ཡང་ཡར་ཐོག་གི་མཐའ་མི་མངོན་པའི་དུས་ནས་འགྲོ་རྒྱུད་ལ་གློ་བུར་དུ་བྱུང་ཞིང་རྒྱུན་ཆགས་ལྟར་གནས་པ་དང་། ལམ་བདེན་གྱིས་མ་སྤང་ན་རང་ལྡོག་ཏུ་ནམ་ཡང་འགྲོ་མི་སྲིད་པས་མཐའ་མེད་པ་ལྟ་བུ་འདི་ལ་རང་ཅག་སེམས་ཅན་རྣམས་ཀྱི་བློ་ངན་གོམས་ཡུན་ཤིན་ཏུ་རིང་པོར་སོང་བའི་དབང་གིས་བདེན་བདེན་ཡིན་ཡིན་ལྟར་འདུག་མོད། བློ་ངན་འདི་ཡང་དོན་དམ་སྤྲོས་བྲལ་གྱི་རང་གནས་ལས་འདས་ཏེ་གཞན་ཐག་རིང་ག་ཤེད་ན་སླེབ་ཚར་བས། ད་ནི་ཕྱིར་ལམ་གཏན་ནས་མི་རྙེད་པའམ་གལ་ཏེ་ལམ་རྙེད་ནའང་ཡུན་རིང་པོའི་བར་དུ་སྔར་གྱི་རང་གནས་དེར་སླེབ་ཐབས་གཏན་ནས་མེད་པ་ལྟ་བུའི་རྒྱང་ཆད་ཅན་དེ་འདྲ་ནི་ག་ལ་ཡིན། མན་ངག་གི་ཐབས་ཟབ་མོ་སྣ་རེ་ཙམ་གྱིས་ལེགས་པར་ཟིན་པ་ན། ངན་གོམས་ཚབས་པོ་ཆེ་ཡུན་རིང་སོང་སོང་བའི་རྟོག་ངན་དེ་སྐད་གཅིག་ཡུད་ཙམ་གྱིས། རང་གནས་སྤྲོས་བྲལ་བདེ་བ་ཆེན་པོར་སྐྱེལ་བ་ལས་སླ་སྟེ། དཔེར་ན་ལག་པའི་ལྟོ་རྒྱབ་བསྒྱུར་བའམ་གཉིད་སད་པ་ལྟར་འགྲོ་བ་ཡིན་པས་ན། དཔལ་དུས་ཀྱི་འཁོར་ལོ་ལས་མཚམས་མེད་ལྔ་ཚེ་འདིར་བྱས་པའི་སྡིག་ཅན་ཡང་ཚེ་འདི་ཉིད་ལ་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་པའི་ཐབས་ཅེས་དང་། རྫོགས་ཆེན་གྱི་གཞུང་ནས་ལས་ལ་བཟང་ངན་དང་དབང་པོ་ལ་རྣོ་རྟུལ་མེད་གསུངས་པའང་གསང་སྔགས་ཐབས་ཀྱིས་ཆེ་བ་དོན་ལ་གནས་པ་ཉིད་ཡིན་གྱི། ལོག་ལྟ་ཆེ་ན་ཉེས་དམིགས་མེད། དད་པ་ཆེ་ན་ཕན་ཡོན་མེད། ཟེར་བ་ལྟ་བུའི་ཆོས་ལོག་དེ་འདྲ་ནི་ཡིན་ག་ལ་སྲིད། ད་ལྟའི་དུས་ངན་པ་འདི་ལ་གྲུབ་ཐོབ་རྟོགས་ལྡན་སྒོམ་ཆེན་པ་ཟེར་བ་ནི་མང་ཆེ་ཞེད་རེ་འདུག་ནའང་། ཕལ་ཆེ་བས་རྣམ་རྟོག་མི་རྟག་ནས་ཡལ་སོང་བ་དེ་ངོ་ཤེས་ན་སེམས་ངོ་ཤེས་རློམ་བྱེད། ཡང་རྣམ་རྟོག་ཤར་ཚེ་འཁྲུལ་པ་དང་། ཅི་མ་ཤར་ན་དེའི་ཚེ་གྲོལ་བ་ཡིན་རློམ་བྱེད། ཐང་རེ་རྣམ་རྟོག་བཟང་ངན་ཐམས་ཅད་དགྲ་རུ་བཟུང་ནས་དགེ་སེམས་དང་བཅས་པ་ཅི་ཐུབ་ཐུབ་རེ་བཀག །ཐང་རེ་རྣམ་རྟོག་ཐམས་ཅད་ཡོན་ཏན་ཅན་ཤ་སྟག་ཏུ་བཟུང་ནས་སྡིག་སེམས་ལ་ཆེ་བརྗོད་བྱེད་ཅིང་། བཟང་ངན་ཐམས་ཅད་ཆོས་སྐུའི་ཡོ་ལང་ཡིན་རློམ་གྱིས་སྤྱོད་པ་འཆོལ་ཉོག་རེ་ལ་འབད། སྟོང་ཉིད་རྟོགས་པའི་ལྟ་སྒོམ་ཅི་ཡོད་ཚད་ཐམས་ཅད་ལས་འབྲས་བསླུ་མེད་ཀྱི་དགྲ་གཤེད་དུ་ཕབ་པ་སོགས་བསྟན་པའི་ཞབས་འདྲེན་ཆེན་པོ་དང་། དུས་ངན་ཐ་མའི་སེམས་ཅན་རྣམས་ལ་རོ་ཐོག་རྡོག་བརྫིས་ཀྱི་ལས་ཀ་ཚབས་ཆེན་སེམས་འདྲེ་སློང་བྱེད་ཀྱི་འཁོར་ལོ་བསྐོར་མཁན་རེ་མ་གཏོགས་སེམས་ངོ་ཤེས་མཁན་དང་བསྒོམ་མཁན་ཕར་བསྐྱུར། འཁྲུལ་པ་ཟེར་བ་དེ་ཅི་འདྲ་ཡིན་རྩད་ཆོད་མཁན་ཡང་ཉིན་སྐར་བས་དཀོན་པ་འདྲའོ། །མདོར་ན་སྐྱེ་འགྲོའི་རྒྱུད་ཀྱི་ཤེས་པའི་ཆ་ཙམ་ལ་ཐོག་མཐའ་གཉིས་ཀ་མེད་པས་མ་ཚད། དེ་བསླད་བྱེད་ཀྱི་དྲི་མ་ཡང་ཤེས་ཆ་ཉིད་དང་ཐ་མི་དད་པའི་རྣམ་པས། སྔར་ནས་མཉམ་པོར་འོང་བའི་བདུད་ཟེར་བ་ལྟར་མཉམ་འགྲོགས་ཀྱི་ཚུལ་དུ་བྱུང་བ་ཞིག་ཡིན་པས་ན་བདག་ཉིད་གཅིག་པ་དང་ལྷན་སྐྱེས་ཀྱི་མ་རིག་པ་སོགས་སུ་གྲགས་མོད། དོན་ལ་ནམ་ཡང་འདུ་འབྲལ་མེད་པའི་ལྷན་སྐྱེས་ཀྱི་བདེ་ཆེན་ལྟར་དུས་རྟག་ཏུ་གཉུག་མར་གནས་པའི་འཁྲུལ་སེམས་ཤིག་སུ་ལའང་མེད་པས། དེའི་གཞི་རྩ་ལྷག་མེད་ཀུན་རྫོབ་ཏུའང་སླར་གཏན་ནས་མི་སྐྱེ་བར་མཐའ་ཆོད་ངེས་ཤིག་བཅད་ནུས་ཤིང་། དེ་ལྟར་གཅོད་བྱེད་ནི་དེའི་དངོས་གཉེན་གྱི་ལམ་བདེན་ཁྱད་འཕགས་ཤིག་མ་གཏོགས་ཅི་ཡོད། ལམ་བདེན་དེ་གང་ཡིན་སྙམ་ན་ཤེས་རབ་ཕུལ་དུ་བྱུང་བ་ཞིག་ཡིན་པས་ན། ཐོས་བསམ་བསྒོམས་པ་ལས་བྱུང་བའི་ཟབ་རྒྱས་ཀྱི་ཤེས་རབ་བདེ་མྱུར་དུ་སྐྱེ་ཐབས་སུ་ལྷག་པའི་ལྷ་བསྙེན་ཞིང་སྒྲུབ་པ་སོགས་གཅིག་ལས་གཅིག་ལྷག་ལྟ་བུ་མཐའ་ཡས་པ་ཞིག་བཞུགས་པ་ལས། སྐབས་འདིར་ནི་སེམས་ཉིད་ཀྱི་རང་ངོ་ཕྱོགས་རེ་ཙམ་མཐོང་ཞིང་གོམས་འདྲིས་བྱས་ན་རྩལ་གྱི་ཤེས་རབ་རྩོལ་མེད་དུ་འབྱུང་ལ། དེ་གཞན་སྐྱོན་བརྟག་བྱེད་སོགས་བདུད་ཀྱི་འཇུག་ཕྱོགས་རེའི་དབང་དུ་མི་གཏོང་བར་གནད་དུ་ཆུན་ན། ལམ་གྱི་གེགས་ཐེ་ཚོམ་སོགས་བློ་ཡི་མུན་པ་སེལ་ཞིང་། ལམ་ཡང་དག་པ་རེ་མ་ནོར་བར་ཤེས་པར་འགྱུར་བས་ཐོག་མ་ཉིད་ནས་སེམས་ཉིད་རང་ངོ་ཤེས་ཐབས་ལ་འབད་པ་ཡིན། འོན་ཀྱང་རླུང་སེམས་རགས་པས་རང་ངོར་ཁེབས་དུས་སུ། སྟོང་འདིང་གསལ་འདིང་མང་པོ་བཏང་ན་ཡང་སེམས་ཉིད་ཇི་བཞིན་པ་མཐོང་དཀའ་བ་དཔེར་ན། ཉི་མ་མཐོང་འདོད་པའི་མིས་བར་སྣང་སྤྲིན་འཐུག་པོས་ཁེབས་དུས་གནམ་བལྟས་མང་པོ་བྱས་པ་དང་འདྲ་བས། རླུང་སེམས་རགས་པའི་རྒྱུ་བ་མཚམས་བཅད་ཐབས་རྒྱལ་བའི་བཀའ་དང་མཐུན་པའི་མན་ངག་མྱོང་བས་གྲུབ་པ་རེ་ལ་བརྟེན་དགོས་པ་གཞིར་བཅས། དེ་འདྲའི་མན་ངག་ཕུན་སུམ་ཚོགས་པ་གསང་སྔགས་བླ་མེད་ལུགས་ཀྱི་སྐྱེད་རིམ་ཚད་ལྡན་རྒྱས་བསྡུས་ཅི་རིགས་ལ་བརྟེན་པའི་རྫོགས་རིམ་ཟབ་མོས། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་གྱི་མཐར་འོད་གསལ་མངོན་དུ་བྱེད་ལུགས་ཁྱད་དུ་འཕགས་པ་དུ་མ་ཞིག་བཞུགས་པ་རྣམས། འདིར་བྱེད་མི་དགོས་པར་འཁྲུལ་རྟོག་ཐད་ཀར་གཅོད་ཐབས་ཀྱི་མན་ངག་ཤིན་ཏུ་བྱ་སླ་ཞིང་ཆོད་ཆེ་བ་ཡོད་ལ། དེ་དོན་ཚུལ་བཞིན་དུ་ཉམས་སུ་བླང་ན་འཁྲུལ་རྟོག་ལས་རླུང་དང་བཅས་པ་རང་འགག་ཏུ་འགྲོ་ཞིང་། དེའི་ཚེ་ངོས་ཟིན་རུང་མ་ཟིན་རུང་མ་འཁྲུལ་པའི་སེམས་ཉིད་རྗེན་ལ་བུད་ན་མ་གཏོགས་འགྲོ་ས་མེད་པས་ཐབས་དེའི་སྒོར་གྱུར་པ་འཁྲུལ་གཞི་རྩད་གཅོད་ཀྱི་ལམ་གནད་འདི་ལ་བཞི། ལུས་སྦྱོང་། ངག་སྦྱོང་། སེམས་སྦྱོང་། དེ་ཐམས་ཅད་ལ་གཅེས་པའི་གནད་དོ། །འདིར་སྤྲོས་མེད་དབང་གི་སྔོན་འགྲོ་ལས་བྱུང་བའི་དབང་དོན་ཉམས་ལེན་བྱེད་པ་སྐབས་སུ་བབས་པས། ས་ཕྱོགས་ཤིན་ཏུ་དབེན་པར་ཕྱིན་ཏེ་གཞི་བདག་ལ་གཏོར་སྐྱེམས་བཏང་ནས་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྦྱོར་བའི་ཕྲིན་བཅོལ་བྱ། བླ་མེད་བྱང་ཆུབ་ཀྱི་སེམས་ཀྱི་ཀུན་སློང་དང་རྩ་བའི་བླ་མ་ལ་གསོལ་བ་ཤུགས་དྲགས་སུ་བཏབ་ཅིང་ཐུགས་ཡིད་བསྲེས་ཏེ་ཧར་གྱིས་ལངས་ལ། རྡོ་རྗེའི་འདུག་སྟངས་དང་བཅས་རང་ལུས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་ཞིང་འཁྱིལ་བ་ལས་མེ་སྟག་ཚ་ཚ་འཕྲོ་བས་ཅིས་ཀྱང་མི་ཚུགས་པར་ཡུན་ཐུང་ཙམ་བསྒོམ། སླར་ལུས་དྲང་པོར་འདུག་ལ་ངག་ཏུ་ཧཱུྃ་ཞེས་བརྗོད་པ་ཙམ་གྱིས་སྣང་སྲིད་ཐམས་ཅད་ཧཱུྃ་མཐིང་ནག་ཡེ་ཤེས་ཀྱི་འོད་ལྔ་འཕྲོ་ཞིང་མེ་འབར་བ་ཤ་སྟག་ཏུ་གྱུར་ཏེ། དེ་རྣམས་ཀྱི་རང་སྒྲ་འབྲུག་སྟོང་དུས་གཅིག་ལ་ལྡིར་བ་ཙམ་སྒྲོག་པར་བསྒོམས་ལ་ཧཱུྃ་དབྱངས་དྲག་པོ་ཐོལ་བྱུང་གི་ཚུལ་དུ་དར་གཅིག་བརྗོད། དེ་ནས་སེམས་ཀྱི་དྲན་རྟོག་བཟང་ངན་ཐམས་ཅད་བཅད་དེ་མི་རྟོག་པའི་ངང་དུ་མཉམ་པར་འཇོག །ཕཊ་སྒྲ་དྲག་པོ་བརྗོད་པས་དེ་ལས་སད་པ་ན་འགྲོ་དྲུག་གི་ལུས་ཀྱི་རྣམ་འགྱུར། ངག་གི་སྨྲ་བརྗོད། སེམས་ཀྱི་བྱུང་ཚོར་བདེ་སྡུག་བར་མ་ཐམས་ཅད་བློས་ཅི་ཁྱུད་རེ་ཝལ་གྱིས་གསལ་བཏབ། ཡིད་ངོར་གསལ་བདོ་བ་ན་ཕཊ་སྒྲ་བྱས་ཏེ་འཕྲོ་བཅད་ལ་རྣམ་པ་ཡིད་བྱེད་ཀྱི་སྤྲོས་པ་དང་བྲལ་བའི་ངང་དུ་ངལ་གསོ། ཡང་དེ་རྣམས་བསྐྱར། བར་སྐབས་སུ་འགྲོ་དྲུག་ལུས་ངག་གི་རྣམ་འགྱུར་ཤུགས་འབྱུང་རེ་དྲག་ཏུ་བྱས་ནའང་ཆོག །གཡེང་རྐྱེན་ཉར་ཉོར་དང་རྩེད་མཚར་ལྟ་བུ་མི་བྱ། དེ་ལྟར་ཉིན་གཅིག་གམ་གསུམ་ཙམ་སྔོན་དུ་བཏང་ནས་སླར་སྒོ་གསུམ་སྦྱོང་ཐབས་དངོས་ལ་འཇུག་དགོས། དང་པོ་ལུས་སྦྱོང་ནི། ལུས་བཟང་ངན་གང་ལས་ཀྱང་མ་སྐྱེས་མོད། གསོན་དུས་སྙིང་དབུས་སོགས་ལུས་གནས་ཀྱི་རིག་པ་འོད་གསལ་ཉིད། རང་ལུས་ལམ་གནད་ཀྱིས་རབ་ཏུ་གཅུན་ན་མངོན་པས་རྡོ་རྗེའི་འཁྲུལ་འཁོར་བྱ་བ་ལ། གནས་ཁང་སོགས་སྟབས་གང་བདེར་ལུས་འགྱེལ་ཡང་རྨ་སོགས་སྐྱོན་མི་འབྱུང་བའི་སྟན་ལ་འཁོད་དེ། ལུས་འཁོར་བ་ལ་མི་འཇུག་ཅིང་སངས་རྒྱས་ཀྱི་སྐུ་རྡོ་རྗེ་ཐོབ་ཕྱིར་ལམ་འདིར་འབད་དོ་སྙམ་དུ་དུང་ངེར་བསྒོམ། བླ་མ་ལ་གསོལ་བ་བཏབ་ཅིང་ཐུགས་ཡིད་བསྲེ། དེ་ནས་ལངས་ལ་རྐང་རྟིང་གཉིས་སྦྱར་རྐང་སོར་ཅུང་བཀྱེད་པ་སྟན་ལ་བཙུག །པུས་མོ་ཕྱིར་བཀྱེད། སྐེད་པ་དང་མགོ་རྐེ་དྲང་པོར་བསྲང་། གྲུ་མོ་བརྒྱངས་ནས་སྤྱི་བོར་མ་རེག་ཙམ་ན་ཐལ་མོ་ཁོང་སྟོང་མེད་པར་སྦྱར། མིག་གནད་ཧ་རེ་འཇོག །ཤེས་པ་རང་སོར་གཞག །ཤེད་རིམ་གྱིས་ཕྱུངས་ལ་ལུས་ཀྱི་ཆ་དང་ལྟོ་བའི་རླུང་བཅས་ཤུགས་ཀྱིས་གཅུན་ཅིང་འདར་ཆུང་ཐོན་པ་བྱ། མགོ་ཡུ་འཁོར་བ་དང་དྲན་པ་འགག་སྙམ་བྱུང་ན་རིག་པ་དེའི་རྗེས་སུ་མི་འབྲང་བར་ཧུར་ཕྱུངས། ཚུགས་མི་ཐུབ་པར་འགྱེལ་ན་དེར་བོར་ལ་གཏད་མེད་ཀྱི་ངང་དུ་ངལ་གསོ། ངལ་དུབ་ཀྱིས་ཐང་ཆད་ཀྱང་མི་སྐྱོ་བར་སྙིང་རུས་ཀྱིས་འབད། རླུང་སེམས་ཀྱི་རྒྱུ་བ་བཅད་ཐབས་ཡིན་པས་དུས་རྒྱུན་དམིགས་རྣམ་མང་པོ་མི་དགོས། སྲོད་དུས་སོགས་སྐབས་རེར་ལུས་རྡོ་རྗེ་རྩེ་ལྔ་སྔོན་པོ་ཡེ་ཤེས་ཀྱི་འོད་ལྔ་དང་མེ་འབར་བ་བསྒོམ་ན། གནས་སྐབས་སུ་བགེགས་ཀྱིས་མི་ཚུགས་ཤིང་རིག་རྩལ་འབར་བ་དང་མཐར་ཐུག་ཆོས་སྐུ་འགྱུར་མེད་ཡེ་ཤེས་ལྔ་ལྡན་ཐོབ་པའི་དགོས་པ་ཡོད། ཡང་རྡོ་རྗེ་སྔོན་པོ་རྩེ་གསུམ་པའི་ཡར་གྱི་དབུས་ར་ཆོས་སྐུ། གཡས་གཡོན་ལོངས་སྤྲུལ་ཏེ་གཟུགས་སྐུ། མར་གྱི་དབུས་ར་ངོ་བོ་སྟོང་པ། གཡས་རང་བཞིན་གསལ་བ། གཡོན་ཐུགས་རྗེ་ཀུན་ཁྱབ་སྟེ་ཡེ་ཤེས་གསུམ། རྡོ་རྗེའི་རྐེད་པ་གཅིག་དྲིལ་ནི་གཞིར་གནས་ཀྱི་ཡེ་ཤེས་གསུམ་པོ་འབྲས་བུ་སྐུ་གསུམ་གྱི་ངོ་བོར་རྫོགས་བྱེད་ལམ་བདེན་གྱི་རིག་པ་སོ་མས། ཁྲེགས་ཆོད་དང་ཐོད་རྒལ་གྱི་ལམ་གནད་གཅིག་དྲིལ་དུས་གཅིག་ལ་ཉམས་འོག་ཏུ་བཙུད་ནུས་པའི་མཚོན་དོན་ཤེས་པས་འཁོར་འདས་རྒྱང་ཆད་ཕྱོགས་འཛིན་གྱི་སྒྲོག་ལས་གྲོལ་བའི་དགོས་པ་ཡོད། དེ་གཉིས་གང་བསྒོམས་ཀྱང་ལུས་སེམས་ལྷག་མེད་རྡོ་རྗེ་དེར་ཧྲིལ་གྱིས་སོང་བར་བསམ་དགོས། ཚིག་ཕྱི་མའི་ཕྱི་མ་ལྟར་མི་འགྱུར་རྡོ་རྗེའི་འཁྲུལ་འཁོར་དགོས་གནད་ལག་ལེན་དང་བཅས་པ་ཁྲིད་ཡིག་ཡེ་ཤེས་བླ་མ་ལས་ཤིན་ཏུ་གསལ་བས་དེ་ལྟར་ལེགས་པར་བྱེད་དགོས། རྟེན་འབྲེལ་ཐུན་མོང་མ་ཡིན་པའི་ལུས་སྦྱོང་འདི་ནི་ཕྱག་བསྐོར་གར་དང་ཕྱག་རྒྱ་རྩ་རླུང་གི་འཁྲུལ་འཁོར་ལྟ་བུ་བྱེད་རྒྱུ་དགོས་རྒྱུ་ཆེ་ལ་དོན་འབྲས་ཆུང་བ་ཞིག་གཏན་ནས་མིན་ཏེ། རླུང་སེམས་འགག་ཅིང་སེམས་ཉིད་འོད་གསལ་ངོས་ཟིན་པ་དང་། ལུས་ཟག་མེད་འོད་སྐུར་གྲོལ་བའི་ཉེ་རྒྱུ་ཁྱད་པར་ཅན་ཡིན་ནོ། །གཉིས་པ་ངག་སྦྱོང་ནི། སྟན་བདེ་བ་ལ་དྲང་པོར་འདུག་ནས། ངག་འཁོར་བ་ལས་ལྡོག་ཅིང་སངས་རྒྱས་ཀྱི་གསུང་རྡོ་རྗེ་འགྲུབ་ཕྱིར་ལམ་འདི་ལ་འཇུག་གོ་སྙམ་དུ་དུང་ངེར་བསྒོམ། བླ་མ་ལ་མོས་གུས་དྲགས་པོས་ཐུགས་ཡིད་བསྲེ། དེ་ནས་རང་བླ་མའི་ངོ་བོར་གནས་པའི་ཐུགས་ཀར་ཧཱུྃ་སྔོན་ཕྲ་མོ་འོད་ལྔ་འབར་བ་གཞིར་གནས་ཡེ་ཤེས་ཀྱི་ངོ་བོར་གསལ་བཏབ། ཤེས་པ་ཁོད་སྙོམ་དུས་ཧཱུྃ་སྒྲ་ཆེ་ཆུང་སྤེལ་མ། ཉོབ་ན་ཇེ་དྲག་ངར་ལྡན། རྒོད་ན་ཇེ་ཆུང་ཇེ་དལ་ཁམས་དང་སྦྱར་བའི་ཧཱུྃ་དབྱངས་ཀྱིས་བསྐུལ་ཏེ། ཧཱུྃ་དེ་འདྲ་མང་པོ་བྱུང་བ་སྣ་བུག་གཡས་ནས་ཕྱིར་ཐོན་ཏེ་ཉེ་འཁོར་གྱི་ཡོ་བྱད་དང་སྐྱེ་འགྲོ་གནས་ཁང་སོགས་ལ་ཕོག་པ་ཙམ་གྱིས་ཐམས་ཅད་ཧཱུྃ་དུ་ཧྲིལ་གྱིས་སོང་ནས་རང་སྒྲ་འུ་རུ་རུ་སྒྲོག་པར་བསྒོམ། དེ་ནས་ཧཱུྃ་ཡིག་བློས་ཁྱུད་ཚད་སྤྲོ་ཞིང་དེས་སྣོད་བཅུད་བློས་ཁྱུད་ཚད་ཧཱུྃ་གི་གཟུགས་སྒྲ་འབའ་ཞིག་ཏུ་བསྒྱུར། དེ་དག་རང་སྒྲ་དང་བཅས་ཏེ་ཚུར་འདུས་པ། ལ་ལ་སྣ་བུག་གཡོན་ནས་ལུས་ཀྱི་ནང་དུ་ཞུགས། ལ་ལ་ལུས་ཀྱི་ཕྱི་ནས་ཚུར་ཐིམ་པས། རང་ལུས་སྐྲ་རྩེ་ཙམ་ཡང་མ་ལུས་པ་དང་རླུང་སེམས་བཅས་ཧཱུྃ་གི་གཟུགས་སྒྲ་ཁོ་ནར་གྱུར། དེ་ནས་ཧཱུྃ་རྣམས་རྩ་བའི་ཧཱུྃ་ལ་བསྡུ། དེ་ཡང་དབྱིངས་སུ་བསྡུས་ཏེ་ངལ་གསོ། རྗེས་ཤེས་གང་སྣང་ཧཱུྃ་དུ་འཆར་སྙམ་མ་བྱུང་བར་དུ་བྱ། དེས་སྔར་ཞེན་གྱི་དངོས་འཛིན་གང་ཡང་མ་ཆོད་པའམ། གལ་ཏེ་ཧཱུྃ་སྣང་ལ་ཞེན་ན་རང་ཐ་མལ་པའི་སྙིང་ག་ནས་ཧཱུྃ་མཐིང་མེ་འབར་བ་ཆེ་ཆུང་ངེས་མེད་མང་པོ་འཕྲོས་པ་ཀུན་ཀྱང་གནམ་ལྕགས་རྡོ་རྗེའི་ཐོག་ཆེན་ལས་ཀྱང་སྟོབས་ཤུགས་ཆེ་བར་གྱུར་པ་དེ་རྣམས་ཀྱིས། རང་གཞན་གྱི་ལུས་རླུང་སེམས་བག་ཆགས་དང་བཅས་པ་ལྷག་མེད་དུ་གཏོར། ཕྱི་སྣོད་ཐམས་ཅད་ཀྱང་དེ་བཞིན་དུ་གཏོར། མཐར་ཧཱུྃ་རྣམས་ཀྱང་རང་སར་ཡལ་བས་ཆོས་ཐམས་ཅད་སྟོང་ཆེན་ཆོས་ཀྱི་དབྱིངས་དང་རོ་གཅིག་ཏུ་གྱུར་པར་བསམས་ལ་རིག་པ་འཛིན་མེད་ཀྱི་ངང་དུ་མཉམ་པར་གཞག །རྗེས་སྣང་ཐམས་ཅད་སྟོང་སེང་གི་རྣམ་པའམ་དུམ་ཆོད་ཁྲལ་ཁྲོལ་གྱི་ཉམས་མ་བྱུང་གི་བར་དུ་འབད་དགོས། ཐུན་མིན་གྱི་ངག་སྦྱོང་འདི་ཡང་ཁ་འདོན་བཟླས་བརྗོད་གཞན་དང་། རྡོར་བཟླས་བུམ་ཆེན་སོགས་རླུང་སྦྱོར་གཞན་ལས་མྱུར་བའི་ཡུལ་སེམས་ཀྱི་ཁྲི་བ་བཙན་ཐབས་སུ་གཅོད་བྱེད་མཆོག་ཏུ་གྱུར་པ་ཡིན་པས་ལུས་སེམས་ན་བུན་ལྟར་འདེང་བའི་ཉེ་རྒྱུ་ཡིན་པར་ཤེས་དགོས་སོ། །གསུམ་པ་སེམས་སྦྱོང་ནི། སྟན་བདེ་བ་ལ་ལུས་དྲང་པོར་འཁོད་དེ། ཡིད་འཁོར་བ་ལས་ལྡོག་ནས་སངས་རྒྱས་ཀྱི་ཐུགས་རྡོ་རྗེ་འགྲུབ་པར་བྱ་ཕྱིར་སེམས་ཉིད་གཏན་ལ་འབེབ་པར་བགྱིའོ་སྙམ་དུ་དུང་ངེར་བསྒོམ། བླ་མ་ལ་མོས་གུས་གདུང་ཤུགས་དྲགས་པོས་གསོལ་བ་རྩེ་གཅིག་ཏུ་བཏབ་ཅིང་ཐུགས་ཡིད་བསྲེ། ལུས་སེམས་ཁོང་ལྷོད་པའི་ངང་ནས་ཡིད་གཞན་དུ་མ་ཡེངས་པར་འདི་ལྟར་བསམ་དགོས་ཏེ། སོ་སོའི་རྒྱུ་རྐྱེན་སྣ་ཚོགས་པ་གློ་བུར་དུ་ཚོགས་ཤིང་ཕན་ཚུན་རྟེན་ཅིང་འབྲེལ་པ་ཙམ་གྱི་རྐྱེན་དབང་གིས། འཁོར་འདས་ཀྱི་ཆོས་ངན་པ་དང་བཟང་པོའི་བྱེ་བྲག་མཐའ་ཀླས་པ་རྒྱུ་དང་འབྲས་བུའི་ཚུལ་དུ་ཐ་དད་རྣམ་པ་སྣ་ཚོགས་ཇི་ལྟར་སྣང་ཞིང་སྲིད་པ་ཐམས་ཅད། བློས་བཀོད་པའམ་བློས་བཞག་པ་ཙམ་མ་གཏོགས་དོན་ལ་གྲུབ་པ་ནི་ཅུང་ཟད་ཀྱང་མེད། བློ་དེ་ཡང་བློས་བཏགས་ཙམ་ལས་གང་ཡང་མེད་བཞིན་དུ་ཡོད་ཡོད་ལྟར་གསལ་ཞིང་མ་འདྲེས་པའི་ཚུལ་གྱིས། བཟང་ངན་བར་མ་གང་རུང་གི་རྣམ་རྟོག་སྔར་མེད་རེ་གསར་དུ་བྱུང་ཞིང་གནས་ལ་འགག་འགྲོ་བ་དང་། ཡང་གསར་པ་རེ་སྐྱེ་བ་སོགས་རྒྱུན་མི་ཆད་པ་འདི་དང་པོ་ཇི་ལྟར་བྱུང་སྙམ་ན། ཡུལ་ཉེ་བར་གནས་ཤིང་དབང་པོ་སྐྱོན་མེད་པ་དང་ཤེས་པ་འཆར་རུང་གོ་མ་འགག་ཙམ་ཚོགས་པའི་རྐྱེན་དབང་གིས་མངོན་སུམ་དུ་བྱུང་ནའང་། མེད་པ་གསལ་སྣང་སྒྱུ་མའི་མི་སོགས་དང་འདྲ་བ་མ་གཏོགས་རྒྱུ་ཁེར་ཚུགས་ཅན་འདི་ཁོ་ནས་བྱུང་ངོ་ཞེས་པའི་ཁུངས་གཏན་ནས་མི་སྲིད་པས་རྒྱུས་སྟོང་། བར་དུ་ཇི་ལྟར་གནས་སྙམ་ན། མེད་སྣང་ཙམ་པོ་དེ་ཡུན་རིང་ཐུང་ཅི་ཙམ་གནས་པ་ལྟར་སྣང་ཡང་རུང་། སྒྱུ་མའི་མི་སོགས་ཀྱི་རྣམ་འགྱུར་དང་འདྲ་བ་མ་གཏོགས་དོན་ལ་གང་ཡང་མི་གནས་པས་རྣམ་རྟོག་རང་གི་ངོ་བོས་སྟོང་། ཐ་མ་ཇི་ལྟར་འགྲོ་བར་འདུག་སྙམ་ན། དེ་ལྟར་མ་སྐྱེས་ཤིང་མི་གནས་པའི་ཀུན་རྟོག་གློ་བུར་བ་དེ་འཇིག་རྐྱེན་གྱི་དབང་གིས་འགྲོ་བ་ལྟར་སྣང་ནའང་། སྒྱུ་མའི་རྟ་གླང་སོགས་ཡལ་ཟིན་པ་དེ་སླར་མི་སྐྱེ་བ་ལྟར། རིགས་འདྲ་ཕྱི་མའི་ཀུན་རྟོག་རྣམས་སྔར་ཡལ་ཚར་བ་དེའི་རང་འབྲས་གཏན་ནས་མིན་པས་འབྲས་བུས་སྟོང་། དེས་ན་རྒྱུ་འབྲས་ངོ་བོ་གསུམ་གྱིས་སྟོང་པའི་སྣང་ཙམ་ཀུན་རྫོབ་ཀྱི་སེམས་སྐྱེ་འགག་གནས་གསུམ་མམ་བྱུང་གནས་འགྲོ་གསུམ་གྱི་རྣམ་པ་ཅི་ཙམ་ཞིག་ཤར་ནའང་། ཤར་བའི་དུས་ཉིད་ནས་དོན་དམ་པར་འཕོ་འགྱུར་དེ་འདྲ་གདོད་ནས་ཡོད་མ་མྱོང་བའི་ཚུལ་ངོ་ཤེས་པ་ལ་སེམས་ཉིད་རྟོགས་ཞེས་བྱ། དེ་ལ་ཅི་ཙམ་གོམས་པ་དེ་ཙམ་དུ་ཆོས་པ་རྣམས་ཀྱི་དགག་བྱ་རྨོངས་པ་དང་ཆགས་སྡང་སོགས་རྟོག་ངན་དྲི་མ་ཅན་རྣམས་དག་ཅིང་། བསྒྲུབ་བྱ་དད་བརྩོན་སྙིང་རྗེ་ཤེས་རབ་སོགས་དྲི་མ་མེད་པ་རྣམས་གོང་ནས་གོང་འཕེལ་གྱི་ཚུལ་དུ་ངང་གིས་འབྱུང་བ་མི་བསླུ་བས། དོན་དམ་ཚུལ་བཞིན་དུ་ཤེས་ན་དེས་ཀུན་རྫོབ་ཀྱི་རྟེན་འབྲེལ་ཁྱད་གསོད་མི་མཛད་པར་མ་ཟད་སྤང་བླང་མི་ནོར་བའི་ལག་ལེན་ཚུལ་བཞིན་དུ་ཐུབ་ངེས་རེ་ཡིན་དགོས་པས་ན། སེམས་སྦྱོང་གི་མན་ངག་འདི་སྦྱོང་བརྩོན་གཞན་ལས་ཆེས་ཟབ་པ་རྣམ་གྲོལ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་བཟང་མ་ནོར་བའི་གཞུང་ཤིང་ཆེན་པོ་ཡིན་པ་དང་། རྫོགས་པ་ཆེན་པོའི་རིག་པ་ཀ་དག་ཉིད་མངོན་དུ་བྱེད་ཐབས་མེད་དུ་མི་རུང་བ་ལྟ་བུའང་ཡིན་པས་ན། ཆོས་འདི་ལས་ཕྱི་རོལ་དུ་མ་གྱུར་པའི་སྐལ་ལྡན་རྣམས་ཀྱིས་གུས་པ་ཆེན་པོས་ཉམས་སུ་བླང་བར་བྱའོ། །བཞི་པ་དེ་ཐམས་ཅད་ལ་གཅེས་པའི་གནད་ནི། སེམས་ཉིད་དོན་དམ་པའི་གནས་ལུགས་གཏན་ལ་འབེབ་པའི་སྐབས་འདིར་ནི། སྤང་བྱའི་ཀུན་རྟོག་ཞེན་ཡུལ་དང་བཅས་པ་གཞི་མེད་རྩ་བྲལ་དུ་གཏོང་དགོས་པའི་མ་ཚད། སྒོ་གསུམ་གྱི་སྦྱངས་པ་བྱས་མ་ཐག་པས་མཚོན་པའི་སྐྱེད་རྫོགས་སོགས་ཟག་བཅས་དང་ཟག་མེད་ཀྱི་ལམ་གང་ལ་བརྩོན་པ་ཐ་དག །གནས་ལུགས་ཆོས་ཀྱི་དབྱིངས་སུ་གང་ཡང་མ་གྲུབ་པས་ཅིར་ཡང་མི་དམིགས་པའི་ངང་དུ་ལ་བཟླ་བ་དང་། དེ་ལྟར་མ་རྟོགས་ཏེ་འཁྲུལ་པའི་སེམས་ཅན་གྱི་རྒྱུད་རྣམ་པར་གྲོལ་བའི་ཐབས་སུ་གྱུར་པ། སྣང་ཚུལ་སྒྱུ་མ་ཙམ་གྱི་སྤང་གཉེན་དགག་སྒྲུབ་ཀྱི་བྱ་བྱེད་ཐམས་ཅད། ངོ་མཚར་སྒྱུ་མའི་རོལ་རྩེད་བཞིན་དུ་སྣང་ཆ་རྡུལ་ཙམ་མ་འགག་པའི་དུས་ཉིད་ནས་ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་འོད་གསལ་བའི་རོལ་གར་ཙམ་དུ་རོ་སྙོམས་ཤེས་ཤིང་། དྲན་རིག་ཆོས་ཀྱི་དབྱིངས་ལས་མི་གཡོ་བའི་བཙན་ས་རང་བབས་ཀྱི་ཚུལ་དུ་འཛིན་པ་ནི་རྫོགས་པ་ཆེན་པོའི་ལམ་གནད་མཐར་ཐུག་པའི་སྲོག་རྩ་ལྟ་བུ་ཡིན་པས་ན། གྲུབ་མཐའ་གཞན་དང་མི་བསྲེ་བར་རང་ལམ་ཚུལ་བཞིན་དུ་ཉམས་སུ་བླང་བ་ལ་སྒོ་ཀུན་ནས་འབད་པར་བྱའོ། །དེ་ལྟར་ལུས་ངག་སེམས་སྦྱོང་འདྲ་མི་འདྲ་མང་པོ་བྱེད་མཁན་གྱི་ཤེས་པ་ཁོ་རང་གཞི་མེད་རྩ་བྲལ་དུ་ཐག་ཆོད་པ་ཞིག་མ་བྱུང་གི་བར་དུ་འབད་དགོས། ཐུན་གྱི་མཇུག་རྣམས་སུ་བསྔོ་སྨོན་རྣམ་པར་དག་པ་རེ་བྱ་བ་དང་། ཐུན་མཚམས་སུའང་སོ་སོའི་ཉམས་ལེན་གྱི་རྩིས་ཟིན་པ་རེ་ལ་དྲན་ཤེས་བག་ཡོད་བརྟན་པོ་ཟོལ་མེད་རེས་རྒྱུན་དུ་བསླབ་པར་བྱའོ། །གཉིས་པ་དངོས་གཞི་འཁྲུལ་པ་རང་གྲོལ་དུ་གཏོང་ཐབས་ལ་གཉིས། ངོ་བོ་ཀ་དག་གི་ཉམས་ལེན་དང་དེའི་རྗེས་འབྲེལ་དུ་འཁྲུལ་སྣང་ཡེ་ཤེས་སུ་རང་འཆར་ཐབས་རང་སྣང་ལྷུན་གྲུབ་ཀྱི་ཉམས་ལེན་སྟེ། །དེ་ཡང་རྫོགས་ཆེན་གྱི་དངོས་གཞིའི་ཉམས་ལེན་རྣམས་མ་བཅོས་རིག་པ་རྗེན་པ་ཁོ་ན་ལམ་དུ་བྱེད་པ་ཡིན་ལ། མན་ངག་སྡེ་ཡང་གསང་བླ་མེད་ཀྱི་སྐབས་འདིར། གདོད་ནས་འཁྲུལ་མ་མྱོང་བས་ལམ་གྱིས་གསར་དུ་གྲོལ་བར་གང་ཡང་བྱར་མེད་ཡེ་གྲོལ་གྱི་རིག་པའི་ངོ་བོ་ལ་མཉམ་པར་གཞག་པའི་ངང་དུ། སྒྲིབ་བྱེད་ཀྱི་དྲི་མ་གློ་བུར་བས་བསླད་ནས་འཁྲུལ་ཆ་ཅན་དུ་སོང་བའི་རླུང་སེམས་རང་གྲོལ་དུ་གཏོང་ཐབས་ཁྲེགས་ཆོད་ཀྱི་ལམ་དང་། རིག་པའི་ངོ་བོ་དང་འབྲལ་མེད་རྗེས་སུ་འབྲེལ་བའི་རང་སྣང་དྲི་མ་མེད་པ་ཉིད་མངོན་དུ་བྱེད་ཐབས་ཐོད་རྒལ་གྱི་ལམ་གཉིས་ཀྱི། ཕྱི་མ་ནི་གསང་སྐོར་མན་ཆོད་ཀྱིས་ཇི་བཞིན་པར་གཏན་ལ་འབེབས་མི་ནུས་པའི་ཁྱད་ཆོས་ཀྱང་ཡིན་ལ། དེའི་དང་པོ་ཀ་དག་གི་ཉམས་ལེན་ལ་གསུམ། ལྟ་བས་ཐག་གཅད་པ། བསྒོམ་པས་ཉམས་སུ་བླང་བ། སྤྱོད་པས་བོགས་དབྱུང་བའོ། །དང་པོ་ནི། སེམས་ཀྱི་གསང་བ་རིག་པ་ཉིད་སུས་ཀྱང་མ་བཅོས་པར་ཡེ་ནས་གཞི་མེད་རྩ་བྲལ་དངོས་མཚན་ཐམས་ཅད་ལས་རབ་ཏུ་འདས་པའི་སྤྲོས་བྲལ་ཀློང་ཡངས་ཆེན་པོ་ཡིན་པས་ན་ངོ་བོ་སྟོང་པ་ཞེས་བྱ། རིག་པའི་རང་བཞིན་ནི་ཀུན་གཞི་ཞེས་ཀུན་གཞིའི་རྣམ་ཤེས་སོགས་གློ་བུར་བའི་བག་ཆགས་བཟང་ངན་སྣ་ཚོགས་པའི་རྟེན་དུ་གྲགས་པ་ལྟ་བུའམ། ཡིད་རྟོག་མེད་དང་སྒོ་ལྔའི་རྣམ་ཤེས་ལྟར་རྟོག་མེད་ལུང་མ་བསྟན་གྱི་ཤེས་པ་གཞན་ལས་ཆེས་འཕགས་པ། རྟོག་སྒྲིབ་ཀྱི་དྲི་མ་ཀུན་དང་ཡེ་ནས་བྲལ་བའི་རང་གསལ་འཕོ་འགྱུར་མེད་པ་ཉིད་མངོན་དུ་གྱུར་མ་ཐག་པ་ནས། མ་བཅོས་གདོད་མའི་ངོ་བོ་ནང་གསལ་ཚུལ་གྱི་མཁྱེན་ཆ་རང་ཆས་ལྷུན་གྱིས་གྲུབ་པའི་བདག་ཉིད་ཆེན་པོ་ཡིན་པས་ན་རང་བཞིན་གསལ་བ་ཞེས་བྱ། སྟོང་གསལ་གཉིས་ཕན་ཚུན་རྟེན་དང་བརྟེན་པའི་ཚུལ་དུ་གནས་པ་ཙམ་མ་ཡིན་པར། ཡེ་ནས་དབྱེར་མེད་རོ་གཅིག་པའི་ངོ་བོ་ལས་གཡོ་བ་ཕྲ་མོ་ཙམ་ཞིག་ནམ་ཡང་ཡོད་མི་སྲིད་པའི་ཁྱབ་ཅིང་། རྟག་པ་དམ་པ་རིག་སྟོང་ཟུང་འཇུག་ཆེན་པོའི་རང་རྩལ་ཕྱིར་གསལ་གྱི་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་ཀུན་བྲལ། རྟོགས་ན་སངས་རྒྱས་དང་མ་རྟོགས་ན་སེམས་ཅན་གྱི་བརྟེན་དང་གཡོ་བའི་ཆོས་ཐམས་ཅད་ཀྱི་རྣམ་པ་འཆར་རུང་མ་འགགས་ཤིང་། གཤིས་ལ་གང་ཡང་མི་གནས་པའི་ཚུལ་གྱིས་ཡེ་ནས་ཀུན་ཏུ་ཁྱབ་ཅིང་ཡོངས་སུ་བརྡལ་བ་ལ་ཐུགས་རྗེ་ཀུན་ཁྱབ་ཅེས་བྱ། རྩལ་སྣང་གི་ཆོས་ཐམས་ཅད་ཐ་དད་མ་འདྲེས་པའི་ཚུལ་ཅན་ཡིན་མོད། དེ་དག་ཀྱང་གནས་ལུགས་རིག་སྟོང་ཟུང་འཇུག་ཉིད་ལས་མི་གཞན་པས་རྣམ་གསུམ་དབྱེར་མེད་ཆེན་པོ་ཞེས་བྱ། དེ་ཡང་བདེན་འཛིན་བཤིགས་ཤུལ་གྱི་སྟོང་པ་ཉིད་དང་། དེ་ཤེས་བྱེད་ཀྱི་བློ་གསལ་བ་དང་། སྔ་མ་ཡུལ་དང་ཕྱི་མ་ཡུལ་ཅན་ཙམ་གྱི་ཟུང་འབྲེལ་ལྟ་བུ་ཁོལ་བུ་པ་མ་ཡིན་ལ། རིག་པ་སྤྲོས་བྲལ་ཅིས་ཀྱང་མི་ཕྱེད་པའི་ངོ་བོ་ཡེ་སྟོང་དང་། རང་བཞིན་སུས་ཀྱང་མ་བཀོད་པའི་བློ་བྲལ་རང་བྱུང་རང་གསལ་དང་། སྔ་མ་ཡུལ་དང་ཕྱི་མ་ཡུལ་ཅན་ལྟ་བུའི་ཐ་དད་དབྱེར་མེད་ཡེ་ནས་ཡིན་པ་མ་གཏོགས། སངས་རྒྱས་སེམས་ཅན་སུས་ཀྱང་དེ་ལྟར་སྟོང་ཐབས་གསལ་ཐབས་དེ་གཉིས་ཁ་སྦྱོར་བྱེད་ཐབས་རྡུལ་ཙམ་ཡང་བྱེད་མི་དགོས་པའི་མ་བཅོས་ཟུང་འཇུག་འཕོ་འགྱུར་མེད་པ་དེ་ལ། བདེན་འཛིན་གྱི་བློས་ལྟ་ཅི་བདེན་མེད་ཙམ་འཛིན་བྱེད་ལྟ་བུའི་བློ་གློ་བུར་པ་གང་གིས་ཀྱང་ངོ་བལྟ་བྱེད་མི་ནུས་ཤིང་བྱེད་ཀྱང་ཅི་དགོས་པས། རྟོགས་བྱ་རྟོགས་བྱེད་ཀྱི་མཚན་མ་རྡུལ་ཙམ་ཡང་མེད་ནའང་། རང་ཐོག་ཏུ་ངོ་འཕྲོད་ཅིང་ཡིན་ནམ་མིན་སྙམ་པའི་རྟོག་དཔྱོད་སོགས་སྐྱོན་ཐམས་ཅད་ཀྱང་རང་ཐོག་དེར་ངང་གིས་ཆོད་ནས་ཡིད་གཉིས་ཐེ་ཚོམ་གྱི་གནས་མེད་པ་ཞིག་མ་བྱུང་ན། ཀ་དག་རྟོག་པའི་མིང་བཏགས་པ་ཙམ་རེ་ལ་ནི་དོན་ཅི་ཞིག་ཡོད་པས་རབ་ཇི་བཞིན་དུ་རྟོགས་པ་དང་། འབྲིང་རང་ཐོག་ཏུ་ཉམས་མྱོང་བཟང་པོ་ཐོན་པ་དང་། ཐ་ནའང་བློས་བྱས་མཚན་མའི་གྲུབ་མཐའ་གཞན་གང་དང་ཡང་མི་འདྲ་བའི་གནད་གསང་ཕུ་ཐག་ཆོད་པ་རེ་གོ་བ་ནི་མེད་དུ་མི་རུང་བ་ཡིན་ལ། དེ་ཡང་བླ་སློབ་ཚད་ལྡན་འཛོམས་ན་དབང་དུས་སོགས་ཞར་བྱུང་དུ་ངོ་འཕྲོད་པ་ཡང་སྔར་ནས་ད་བར་དུ་བྱུང་ཞིང་། དེ་ཙམ་མིན་ནའང་མན་ངག་གི་དུམ་བུ་འདིས་བསྟན་པའི་སྔོན་འགྲོའི་ཐོག་མ་ནས་ད་བར་དུ་བཤད་ཅིང་ཉན་པ་དེ་རྣམས་ཁ་ཙམ་མིན་པར་ཉམས་སུ་བླང་ན་ཐབས་དེས་ལོས་རྟོགས། ཁྱད་པར་དུ་བློ་སྦྱོང་གཞན་ཡུན་རིང་པོར་བྱས་པ་བས་བླ་མའི་མོས་གུས་བཟང་པོ་ཐུན་ཆུང་གཅིག་གི་དགའ་བས། བློ་སྣ་མི་མང་བར་སེམས་ཉིད་རྟོགས་ཐབས་བླ་མའི་མོས་གུས་གཅིག་ཆོག་ཡིན་ཐག་བཅད་དེ། དུས་དང་རྣམ་པ་ཀུན་དུ་བརྩོན་ན་ཁེ་ཤིན་ཏུ་ཆེ་ཞིང་ཉེས་འགལ་རྡུལ་ཙམ་ཡང་མེད་པ་ཡིན་གྱི། གཞན་ལྷ་ཁ་འདྲེ་ཁ་དང་ཕོ་ཁ་མོ་རྐུབ་སོགས་ལ་རེ་བ་བྱས་ན་ཅིར་འགྱུར་མི་ཤེས། བལྟ་ས་དང་བལྟ་རྒྱུ་གང་ཡང་མེད་ཅེས་ཁ་ལ་ཁྱེར་ན་ཆོས་དང་གང་ཟག་ཡ་བྲལ་བས་རྟོགས་རྒྱུ་ཡང་ཅི་ཡོད། དེ་འདྲའི་མི་རྣམས་ཆོས་དང་རྒྱབ་འགལ་དུ་འགྲོ་ངེས་ཡིན། དེ་བས་ན་སེམས་ཉིད་ཚུལ་བཞིན་དུ་རྟོགས་པའི་སྨོན་ལམ་བཟང་པོ་རེ་ཚུན་ཆད་ལ་ཇི་སྲིད་འཚོ་བའི་བར་དུ་འབད་པར་བྱའོ། །གཉིས་པ་སྒོམ་པས་ཉམས་སུ་བླང་བ་ནི། རིག་ངོ་དང་པོ་ཤེས་པ་ནས་ནང་གསལ་གདོད་མའི་དབྱིངས་སུ་སངས་མ་རྒྱས་ཀྱི་བར་དུ་བསམ་སྦྱོར་གཞན་གྱིས་རིག་པ་བཅོས་བསླད་མི་བྱེད་པར་བསྒོམ་པ་གནད་དུ་འགྲོ་བ་རེ་ལ་ཉིན་མཚན་འཁོར་ཡུག་ཏུ་བསླབ་དགོས་པས། འགྲོ་གྲངས་མང་བ་སོགས་ལུས་ཀྱི་སྤྱོད་ལམ་འགྱུར་ལྡོག་སྣ་ཚོགས་མི་བྱེད་པར། དཔེར་ན་རི་བོ་ལྟར་འདུག་ཚུགས་བརྟན་པོ་རེ་ཟིན་པ་ལ་བརྟེན་ནས་སྒོམ་གྱི་གཞི་གཟུང་ཕྱིར་ལུས་བག་ཕེབས་པར་བྱས་ལ་དྲང་པོར་འདུག་ཅིང་མིག་ཐད་ཀར་ཧ་རེར་བཞག །སྨྲ་བ་འཕྲོ་བཅད་ལ་རིག་པ་གཡོ་མེད་དུ་གནས་དུས་རླུང་རང་བབས་རྒྱ་ཡན་དུ་འཇོག །བྱིང་ཉམས་ཀྱིས་རིག་པ་བསླད་སྙམ་བྱུང་ན་རླུང་ཁ་ནས་ཕྱིར་འཛིན་གྱིས་ཨར་ལ་གཏད། རྒོད་ཉམས་ཤར་དུས་རླུང་བུམ་པ་ཅན་འཇམ་པོ་བཟུང་ནས་ནང་དུ་རླུང་སེམས་ཨར་ལ་གཏད། ཨར་གཏད་ཅེས་པ་རླུང་སེམས་དབྱིངས་སུ་གཅུན་པ་ལ་ཟེར། སྐབས་འདིར་རླུང་སེམས་རིག་ཐོག་ཏུ་གཅུན་བྱས་ན་ཆོག །རླུང་སེམས་འགྲོས་གཅིག་པས་རླུང་རྒོད་ན་སེམས་མཚོ་རླབས་ལྟར་གཡོ་ཞིང་འཁྲུག །རླུང་འཇམ་དུས་རྒྱ་མཚོ་རླབས་བྲལ་ལྟར་སེམས་མི་འཕྲོ། ལུས་སེམས་གཡོ་བྱེད་རླུང་ཡིན་པས་རླུང་གནད་གལ་ཆེ། ཅོག་གཞག་དང་པོས་གཞི་མ་ཟིན་པར་འགུལ་བསྐྱོད་བཟང་ངན་ཅི་ཙམ་ཤོར་བ་དེ་སྙེད་དུ་རླུང་གི་རྩལ་ཤུགས་འཕེལ་བས་ཅོག་གཞག་བར་མ་ལ་གནོད། རླུང་གིས་ལུས་སེམས་དཀྲུགས་པ་དེས་རིག་ངོ་བསྒྲིབས་ནས་རྟོགས་སུ་མི་སྟེར་ཞིང་སྒོམ་ཡང་མི་བདེ་བས་ཅོག་གཞག་ཕྱི་མ་ལ་གནོད། དེས་ན་སྒོ་གསུམ་རྩོལ་མེད་དུ་འཇོག་པ་གལ་ཆེ། དེ་ལས་ཀྱང་ཅོག་གཞག་ཕྱི་མ་འདི་ནི་ལམ་འདིའི་སྲོག་ཤིང་ཡིན་ལ། དེ་ཡང་དབྱིངས་རིག་དབྱེར་མེད་རང་གསལ་འཕོ་འགྱུར་དང་བྲལ་བ་ཡེ་ནས་ཡིན་ལུགས་གོ་མྱོང་རྟོགས་གསུམ་གང་རུང་གི་སྒོ་ནས་ངོ་ཤེས་པ་དེ། བློ་ཡིས་བཅོས་བསླད་ཐམས་ཅད་དང་བྲལ་བའི་རང་བབས་སོར་བཞག་གི་ངང་སྒོམ་ཁོ་ན་ལ་ཉམས་ལེན་གྱི་མཐིལ་བཅོལ་ཞིང་གཞི་རྩ་ཚུགས་ངེས་པ་ཞིག་བྱའོ། །རིག་པ་མ་བཅོས་སོ་མའི་རང་ཚུགས་ཐུན་ཆུང་གཅིག་ཟིན་ནའང་། དེའི་དུས་སུ་རྩལ་སྣང་བཟང་ངན་དང་ཕྲ་རགས་ཡུན་རིང་ཐུང་གི་རྣམ་པ་ཅི་ལྟར་ཤར་ན་ཡང་དེ་རྣམས་ལ་ཞེན་འཛིན་ལྟ་ཅི་རྟོག་དཔྱོད་ཙམ་ཡང་མི་བྱེད་པར་གཏད་མེད་རྒྱ་ཡན་དུ་བོར་ན་རེ་དོགས་བདག་འཛིན་སྐྱེ་བའི་གནས་མེད་ཅིང་། རྟེན་མེད་པར་ཐམས་ཅད་རང་སར་དག་པ་ལས་འདའ་མི་སྲིད་པས་གྲོལ་ལུགས་ཀྱི་རྩིས་གདབ་གང་ཡང་མ་བྱས་ཀྱང་ཆོག་གོ །རིག་པའི་རྩལ་ཤུགས་རྫོགས་ནས་གསལ་བརྟན་གོང་ནས་གོང་འཕེལ་གྱི་ཚུལ་དུ་ཐོབ་ཅིང་ཕྱིར་མི་ལྡོག་པའི་བརྟན་པ་མཐར་ཕྱིན་པ་འབྱུང་བའི་སླད་དུ། ཅོག་གཞག་གསུམ་དང་སྐད་ཅིག་ཀྱང་མི་འབྲལ་བར་བསྒོམ་ན་རིག་པ་ལ་གསལ་བརྟན་ཅི་ཙམ་ཐོབ་པ་དེ་ཙམ་དུ། རིག་རྩལ་གྱི་སེམས་འཁྲུལ་ཆས་བསླད་པ་ཐམས་ཅད་རྩོལ་མེད་དུ་དག་པ་དང་ཆབས་ཅིག་ཏུ་ལས་རླུང་རང་དག་ཏུ་འགྲོ་བ་དང་། དག་པའི་རླུང་སེམས་སྟོབས་སུ་གྱུར་ཅིང་གདོས་བཅས་ཀྱི་རྩ་མདུད་སོགས་ལུས་ཀྱི་ཟག་པ་རྣམས་ཀྱང་རིམ་པ་བཞིན་དུ་གྲོལ་ཞིང་ཡོངས་སུ་དག་པ་ན་ལུས་ལ་གནོད་པས་མི་ཚུགས་པ་འབྱུང་བ་སོགས། མདོར་ན་སྣང་སེམས་ཐམས་ཅད་རིག་པའི་འོག་ཏུ་ངང་གིས་ཚུད་པས་ཅི་བྱས་ཚད་ལམ་ཡང་དག་པར་ལོངས་ཤིང་རང་སྣང་རང་དབང་དུ་འབྱོར་བ་ཞིག་མ་འབད་བཞིན་དུ་འབྱུང་བ་ཡིན་ནོ། །ཡང་ཐུགས་རྗེ་ཀུན་ཁྱབ་དང་རྣམ་གསུམ་དབྱེར་མེད་ཡིན་པའི་རྒྱུ་མཚན་གྱིས། རྩལ་སྣང་ཤར་བ་ལ་ཕྱིར་བལྟས་ཏེ་དེའི་གཞི་རྩ་བཅད་པ་སོགས་ཀྱིས་ལམ་དུ་བྱས་ནའང་ཁྱད་མེད་སྙམ་ན། དེའང་རྩ་བ་བོར་ནས་ཡལ་ག་ཚོལ་བ་དང་གླང་པོ་ནང་ན་ཡོད་པ་མ་ཤེས་པའམ་ཤེས་ཀྱང་དེས་མ་ཆོག་པར་གླང་རྗེས་ཕར་ཕར་བཅད་ནས་དེར་རྙེད་རྒྱུ་ཞིག་ཡོད་དུ་རེ་བ་ལྟར། ལམ་གྱི་དངོས་གཞི་ཉིད་ལས་ཇེ་རིང་དུ་འགྲོའོ། །མདོར་ན་རིག་པ་ཅོག་གཞག་ཁོ་ནས་ས་མ་ཟིན་ཚེ་ཁྲེགས་ཆོད་རང་ལམ་གྱི་དངོས་གཞི་སེམས་གཞན་སུ་ཞིག་གིས་ཟིན། གལ་ཏེ་ཡིད་དཔྱོད་དང་། རླུང་བཅིང་བ་དང་། ཞུ་བདེའི་ཐབས་ཀྱིས་ཟིན་པའི་བློ་རེས་སྟོང་པ་ཉིད་ལམ་དུ་བྱས་ན་འདྲ་འདྲ་ཡིན་སྙམ་ན། རྫོགས་ཆེན་ཡང་ལམ་གཞན་དང་ཅི་ཞིག་ཁྱད་པས། དེས་ནི་རིག་པ་ཅོག་གཞག་དང་མཉམ་པ་ལྟ་ཅི་ཕྱོགས་སུ་ཡང་མི་ཉེ། དེར་མ་ཟད་རིག་པ་རྩལ་ཐོག་ཏུ་གཡོ་བ་ན་རྩལ་གྱི་རླུང་སེམས་ཀྱང་སོ་སོའི་ཡུལ་ཐོག་ཏུ་ཕྱིར་འབྱམས་ཏེ། བག་ཆགས་རེའི་ངན་གཤིས་སུ་ཤོར་ཞིང་དེ་དང་དེར་ཞེན་པས་ཉོན་མོངས་པར་འགྱུར་བ་ལས་ཅི་ཡོད། རྩལ་གྱི་ཤེས་ཆ་རེས་རིག་པའི་ངོ་བོ་ལ་དཔྱད་པའི་སྤུ་རིས་ཕྱེས་ན། དེས་ཀྱང་རིག་པའི་རང་སོ་མ་བཅོས་པ་ཇི་བཞིན་དུ་མི་ཟིན་པས་རྟོག་བྲལ་གྱི་རིག་པ་སོ་མ་ཉིད་ཅོག་གེར་འཇོག་པར་བྱའོ། །རིག་པ་དང་སེམས་གནས་ཀྱི་ཉམས་གང་ཡིན་ཡང་རུང་། རླུང་ཁ་རེ་ལྡང་ལུགས་ཀྱིས་བདེ་གསལ་མི་རྟོག་དང་ཆགས་སྡང་ཤུགས་དྲགས་སོགས་ཤེས་ཉམས་བཟང་ངན་དང་། རྟགས་བཅུའི་སྟོང་གཟུག་དང་། ལྷ་སྣང་འདྲེ་སྣང་སོགས་སྣང་ཉམས་བཟང་ངན་མང་པོ་ཤར་བ་དང་མི་ཤར་བའི་གང་ཟག་ལོས་ཡོད་པས། གལ་ཏེ་ཤར་ཚེ་དེའི་རྗེས་བཅད་ན་བྱིས་པའི་འཇའ་རྗེས་འདེད་དུས་རྡོག་སྣ་རྡོ་དང་ཐུག་ནས་འགྱེལ་བ་ལྟར། ཆག་སྒོ་རེ་མ་གཏོགས་མི་ཡོང་བས་རེ་དོགས་ཀུན་བྲལ་གྱི་རིག་ཐོག་ཏུ་ཐམས་ཅད་རོ་སྙོམ་བྱེད་དགོས་པ་ཡིན། རྣལ་འབྱོར་པའི་ཉམས་ལ་ཅི་ཤར་ཚད་དེར་རང་གིས་རེ་དོགས་དགའ་སྡུག་མང་པོ་བྱེད་ཅིང་། གཞན་ལའང་ཅལ་སྒྲོག་བྱེད་མཁན་དེ་རྣམས་ཉམས་ལེན་ལ་ས་ཟིན་དང་འདོམ་ཕུག་མེད་པའི་སྤྲང་རྟགས་བསྟན་པ་ཡིན་པས་ཅི་མཁོ། རིག་རྒྱུ་མང་ཡང་བཤད་རྒྱུ་མ་མང་ན་སྐྱོན་ཆེན་པོ་ཡང་དེ་ཙམ་ཅི་ཡོད། རྫོགས་ཆེན་སོགས་ནས་བསྒོམ་མེད་གསུངས་པ་ནི་གནས་ལུགས་རྟོགས་ཚེ་དེ་ལ་མཉམ་པར་གཞག་ན་མཚན་མའི་བསྒོམ་པ་གཞན་བཙལ་དུ་མེད་པའམ། མཉམ་གཞག་གོམས་ཤིང་རྩལ་རྫོགས་དུས་སུ་ཆེད་དུ་མ་བསྒོམ་ན་ཡང་བསྒོམས་དོན་ངང་ངམ་ཤུགས་ཀྱིས་གོང་འཕེལ་དུ་འགྲོ་བའི་དོན་ཡིན་གྱི་ཉམས་ལེན་མ་བྱེད་གསུངས་པ་མིན། སྦྱངས་པ་སྔོན་སོང་གི་སྐལ་ལྡན་རྟོགས་གོམས་ཆིག་ཆོད་ལྟར་འགྲོ་བའང་སྲིད་གསུངས་མོད། དེ་འདྲས་ཆོས་མིན་གྱི་རྣམ་གཡེང་ག་ལ་བྱེད། གྲོལ་ཚད་གསུངས་པའང་ཆོས་དང་གང་ཟག་ཡ་མ་བྲལ་བ་ཞིག་གིས་ཚུལ་བཞིན་དུ་བརྩོན་ན་དེ་འདྲ་འབྱུང་བའི་དོན་ཡིན་གྱི། དེ་དུས་མ་གྲོལ་ན་གྲོལ་བའི་དུས་མེད་པའམ་དེ་ཕན་ཆོད་སྒྲུབ་གཏན་ནས་མི་དགོས་གསུངས་པ་མིན། དེས་ན་བསྒོམ་མེད་ཁ་ལ་ཁྱེར་ཞིང་རྣམ་གཡེང་ཁོ་ནས་མི་ཚེ་སྟོང་ཟད་མཁན་མདོ་ཤོར་དེ་འདྲ་མི་རུང་བས། དམ་པ་གོང་མ་རྣམས་ཀྱིས་དཀའ་སྤྱད་སྙིང་རུས་དྲགས་པོས་ཕུར་ཚུགས་སུ་བསྒོམས་པ་ལྟར་སྒོམ་རྒྱུ་དང་གོམས་རྒྱུ་གཉིས་ཀ་ལོས་ཡོད་པས། ད་ལྟར་གསོན་པོ་རང་དབང་ཡོད་དུས་སུ་ཉམས་རྟོགས་སྐྱེ་རུང་མ་སྐྱེ་རུང་སྒོམ་ཡུན་ཤི་དང་གཏུག་ཐུབ་པ་རེ་བྱེད་པ་དང་། བྱང་ཆུབ་མ་ཐོབ་བར་དུ་སྒོམ་པ་རྒྱུན་ཆགས་སུ་བྱེད་པའི་སྐལ་ལྡན་དུ་འགྱུར་བའི་སྨོན་ལམ་བཟང་པོ་རེ་སྙིང་ཐག་པ་ནས་འདེབས་དགོས་པ་ཡིན་ནོ། །གསུམ་པ་སྤྱོད་པས་བོགས་དབྱུང་བ་ནི། ཁྲེགས་ཆོད་ཀྱི་ལྟ་སྒོམ་ལ་ཕན་ཐབས་ཀྱི་སྤྱོད་པ་མང་ཡང་མདོར་བསྡུ་ན། མི་དགེ་བའི་བསམ་སྦྱོར་ཐམས་ཅད་སྤང་དགོས་པ་གཞིར་བཅས། དགེ་བའི་མཐར་ཐུག་དང་སྡིག་རྒྱུན་གཅོད་བྱེད་ཐུན་མོང་མ་ཡིན་པའི་ཉམས་ལེན་འདི་ལས་གཞན་པའི་སྒོ་གསུམ་རྩོལ་བ་ཅན་གྱི་རྣམ་དཀར་ལ་འབད་ན། རླུང་སེམས་དེ་དང་དེར་གཡོ་བའི་རྐྱེན་གྱིས་རིག་པ་བརྟན་ཅིང་འཕེལ་བའི་གེགས་སུ་འགྱུར་བས་ན། སྐབས་ཐོབ་དམིགས་གསལ་གྱི་དགོས་དབང་གིས་རླུང་སེམས་རགས་པའི་གཡོ་རྩོལ་བཟང་ངན་ཐམས་ཅད་གཉུག་མར་བཞག་སྟེ། དབྱིངས་རིག་གཡོ་མེད་རྒྱུན་ཆགས་སུ་སྤྱོད་པ་ལ་འཇུག་པ་འདི་ནི་རྒྱལ་པོ་ས་འཛིན་ལྟར་བག་ཡོད་ཀྱི་སྤྱོད་པ་དང་། སྣང་ཚུལ་བཟང་ངན་གྱི་ཆོས་ཀུན་རིག་ཐོག་ཏུ་དབྱེར་མེད་རོ་སྙོམ་གྱི་གསང་སྤྱོད་གཅིག་རྫོགས་ཀྱི་ཚུལ་དུ་བསླབ་པ་ཉིད། དངོས་གཞིའི་ཉམས་ལེན་རྩ་བའི་གྲོགས་སུ་མེད་དུ་མི་རུང་བས་ཐུན་དང་ཐུན་མཚམས་བཅས་ལ་རིམ་པ་བཞིན་དུ་བྱ་བ་དགུ་ཕྲུགས་སུ་གཏང་བར་བྱའོ། །དེ་ཡང་ཐེག་པ་ཐམས་ཅད་ནས་གསུངས་པའི་བླང་དོར་རྩོལ་བཅས་རྣམས་ལ་ཕན་ཡོན་དང་དགོས་ནུས་གང་ཡང་མི་འདུག་སྙམ་དུ་ཁྱད་གསོད་ཀྱི་སྒོ་ནས་སྤང་བ་ལྟ་བུ་ནི། སྐད་ཅིག་ཙམ་ཡང་བསམ་ཙམ་མི་རུང་ངོ་། །སྤྲོས་མེད་ཀྱི་ཉམས་ལེན་མཆོག་ཁོ་ནས་བློ་གཏན་ནས་མི་ཚིམ་པའི་གང་ཟག་གིས། ཐུན་མཚམས་སོགས་བར་སྐབས་སུ་རང་ཉིད་གང་ལ་ལྷག་པར་མོས་པའི་དགེ་སྦྱོར་རྣམ་དག་རེ་ཡང་བྱའོ། །གཉིས་པ་དེ་དང་རྗེས་འབྲེལ་འཁྲུལ་སྣང་ཡེ་ཤེས་ཀྱི་རང་སྣང་དུ་འཆར་བྱེད་ཐོད་རྒལ་གྱི་མྱུར་ལམ་ལའང་གསུམ། ལྷུན་གྲུབ་འོད་གསལ་གྱི་གནད་གསང་ཅུང་ཟད་བཀྲལ་བ་དང་། ལམ་དུ་ཇི་ལྟར་བྱེད་ཐབས། གེགས་སེལ་བོགས་འདོན་གྱི་མན་ངག་གོ །དང་པོ་ནི། བླ་མེད་རྡོ་རྗེ་ཐེག་པའི་ཉེ་ལམ་གྱི་གཞུང་ཤིང་ཐབས་སྐྱེད་པའི་རིམ་པ་ཐམས་ཅད་ལྷ་ཡེ་ཤེས་པའི་གཟུགས་སྐུའི་རྣམ་པ་ལམ་བྱེད་ཀྱི་སྒོ་ནས་གཙོ་བོ་ལུས་སྒྲིབ་སོགས་སྦྱོང་ཞིང་། ཚེ་འདིའམ་བར་སྲིད་དང་སྐྱེ་སྲིད་སོགས་སུ་གྲོལ་བྱེད་ལྷ་སོ་སོའི་སྔགས་བཟླ་ཐབས་སོགས་ཆ་ལག་དང་བཅས་ཏེ་བསྙེན་སྒྲུབ་ལས་གསུམ་གྱིས་བསྡུས་པ་དང་། དེ་ལ་བརྟེན་ནས་ཤེས་རབ་རྫོགས་རིམ་ཟབ་མོས་ཡི་དམ་ལྷའི་ཐུགས་ཆོས་སྐུ་ལམ་བྱེད་ཀྱིས་གཙོ་བོ་རླུང་སེམས་སྦྱོང་ཞིང་། ཚེ་འདིའམ་འཆི་སྲིད་ཀྱི་གནས་སྐབས་སུ་གྲོལ་བར་མཛད་ལུགས་ཚུལ་གཅིག་པ་ལྟ་བུ་ཡིན་ལ། ལམ་དུས་ཀྱི་གྲུབ་འབྲས་ཡང་དཔེ་དོན་གྱི་འོད་གསལ་རྟོགས་གོམས་དང་འབྲེལ་བའི། སྒྱུ་ལུས་དང་སློབ་པའི་ཟུང་འཇུག་ཡེ་ཤེས་ཀྱི་སྐུ་གོང་ནས་གོང་འཕེལ་གྱིས་མི་སློབ་པའི་ཟུང་འཇུག་ཆེན་པོར་སྦྱོར་ལུགས་དང་། རིག་འཛིན་རྣམ་པ་བཞི་ཐོབ་ལུགས་ཀྱི་རྣམ་དབྱེ་སོགས་དུ་མ་ཞིག་བཞུགས་པ་རྣམས་གཅིག་ལས་གཅིག་ཟབ་ལྟ་བུ་ཡིན་ལ། འདིར་ནི་དབང་དང་བླ་མའི་བྱིན་རླབས་ངོ་སྤྲོད་ཀྱི་ཐབས་ཁྱད་པར་ཅན། སློབ་མའི་མོས་གུས་སོགས་རྟེན་འབྲེལ་རྨད་དུ་བྱུང་བ་དུས་འཛོམ་པ་ལ་བརྟེན་ནས། བསོད་ནམས་ཀྱི་ངོ་སྐལ་དང་འཚམས་པའི་སེམས་ཀྱི་གསང་བ་དམ་པ་སེམས་ཉིད་ཆོས་ཀྱི་སྐུ་ངོ་འཕྲོད་ཅིང་རྒྱུན་བསྐྱངས་པ་དེས། རླུང་སེམས་མ་དག་པའི་ཆ་སྒོ་གསུམ་གྱི་དྲི་མ་སྦྱོང་ཞིང་། རབ་ཚེ་འདིར། དེ་འོག་འཆི་སྲིད་ཀྱི་སྟོང་པའི་འོད་གསལ་ཤར་དུས་སུ་ཡར་གྱི་ཟང་ཐལ་ཆེན་པོ་གདོད་མའི་ནང་དབྱིངས་སུ་མངོན་པར་བྱང་ཆུབ་པའི་གོ་འཕང་ལ་ཁྲེགས་ཆོད་ཁོ་ནས་ཀྱང་སྦྱོར་བས། ཐོད་རྒལ་མ་བསྒོམ་ནའང་ལམ་མཐར་ཕྱིན་པར་བསྒྲོད་ནུས་པ་དང་། སྟོང་པའི་ཡེ་ཤེས་ཀ་དག་ལ་གནས་བརྟན་གྲོལ་བ་ཅི་རིགས་ཐོབ་པའི་རྗེས་འབྲེལ་གྱི་ཚུལ་དུ་ཐོད་རྒལ་ལ་འཇུག་ལུགས་རྒྱུད་ཀྱི་དགོངས་པ་ཕྱོགས་གཅིག་དང་། ཡང་ངོ་བོ་ཀ་དག་གི་རང་བཞིན་ལྷུན་གྲུབ་དེ་ལ་གཞིར་གནས་ཀྱི་མཁྱེན་ཆའི་གོ་མ་འགག་པ་ཡེ་ཤེས་ཆོས་སྐུ་དང་། གཞིར་གནས་ཀྱི་སྣང་ཆའི་གོ་མ་འགག་པ་གཟུགས་སྐུའི་ངོ་བོ་ནང་གསལ་ཤིན་ཏུ་ཕྲ་བའི་ཚུལ་གྱིས་དབྱེར་མེད་རོ་གཅིག་ཏུ་བཞུགས་ཚུལ། ཚིག་ལ་བརྟེན་ནས་གོ་བརྡ་འཕྲོད་ཅིང་བརྡ་ཡིས་མཚོན་ཏེ་འོད་སྣང་ངོ་འཕྲོད་པའི་སྐལ་ལྡན་ལ། དང་པོ་ཉིད་ནས་ལྷུན་གྲུབ་དྲི་མ་མེད་པའི་སྣང་ཉམས་ཆེན་པོ་བཙན་ཐབས་སུ་མངོན་དུ་བྱེད་ཐབས་སྒོ་ཡུལ་རླུང་རིག་གི་གནད་བསྟུན་པ་ན་སྟོང་གཟུགས་ཀྱི་འོད་སྣང་མི་མཐོང་མི་སྲིད། དེ་ཡང་དུས་འཁོར་བའི་སྟོང་གཟུགས་དག་པ་དང་སྣང་ཚུལ་གཅིག་མ་གཏོགས་ཅི་ཡོད་ཀྱང་། རྡོ་རྗེ་ལུ་གུ་རྒྱུད་སྐུ་དང་ཐིག་ལེ་སྟོང་སྒྲོན་གཞལ་ཡས་ཁང་ཕྱི་ནང་གི་དབྱིངས་རྣམ་དག་གི་འོད་སྣང་ཞིང་གི་ངོ་བོ་ཡིན་པ་དུས་འཁོར་ནས་མ་གསུངས་ཤིང་། འོད་ཀྱི་ཕྱག་རྒྱ་མར་བདེ་རོལ་དགོས་པ་ལྟ་ཅི་ལྷ་མོའི་གཟུགས་མང་པོ་འཆར་ཚུལ་ཙམ་ཡང་རྫོགས་ཆེན་གྱི་རྒྱུད་རྣམས་ནས་མ་གསུངས་པས། རྩོལ་བཅས་རྩོལ་མེད་ཀྱི་ལམ་ཐ་དད་པ་དང་། ཐབས་ལམ་གྱི་བྱེད་བཅིང་གིས་རླུང་རྟགས་ཀྱི་སྟོང་གཟུགས་གློ་བུར་དུ་ཤར་བ་དང་གཉུག་མའི་རིག་གདངས་ཐབས་ལ་བརྟེན་ནས་ཕྱིར་གསལ་དུ་ཤར་བ་གཉིས་ངོ་བོ་ཐ་དད་པ་གཞིར་བཅས། དེ་བས་ན་ཐོད་རྒལ་གྱི་སྣང་ཉམས་མངོན་སུམ་དུ་མཐོང་བའི་སློབ་མ་དེས་བླ་མའི་བཀའ་བཞིན་དུ་ཐེ་ཚོམ་མེད་པར་བསྒོམས་ན། སྙིང་དབུས་གཞིར་གནས་ཀྱི་གཉུག་མའི་སྐུ་དང་ཞིང་བཀོད་འོད་ཀྱི་རྣམ་པར་གསལ་བ་དེར་ཙིཏྟ་ཤ་སྒྲོན་དུ་གྲགས་པ་དང་། ཕྱིར་རྒྱུ་བའམ་འཕྲོ་བའི་ལམ་རྩ་ཀ་ཏི་ཤེལ་སྦུག་ལྟ་བུའི་ཡལ་ག་ཕྲ་ལ་འཁྲིལ་དང་དར་དཀར་སྣལ་མ་ཞེས་མིག་ཏུ་ཟུག་པ་ལ་དཀར་འཇམ་རྩ་སྒྲོན་ཞེས་གྲགས་པ་དང་། ཕྱིར་ཐོན་པའི་སྒོ་འོད་རྩ་ཁ་ཕྱེས་པའི་རྣམ་པའམ་ཁ་ཟུམ་པ་ལྟར་གནས་ནའང་འོད་སྣང་མི་འགོག་པར་སྒྲིབ་མེད་ཟང་ཐལ་དུ་གནས་པ་ལ་རྒྱང་ཞགས་ཆུ་སྒྲོན་དུ་གྲགས་པ་དང་། འོད་རྩ་སྦུག་སྟོང་དྲང་པོར་གནས་པར་བྱེད་པ་དང་དེར་འོད་སྣང་འཕུལ་བྱེད་དམ་སྐྱོད་བྱེད་ཀྱི་གཉུག་མའི་རླུང་ལ་ཤེས་རབ་སྲོག་ཏུ་གྱུར་པའི་རླུང་དུ་གྲགས་པ་དེ་ཐམས་ཅད་རྣམ་པ་མ་འདྲེས་པ་ཡིན་མོད། ངོ་བོ་རིག་པའི་ཡེ་ཤེས་ཉིད་ལས་འདའ་མ་མྱོང་བས་ན་ཆོས་ཉིད་ཀྱི་བདེན་པ་བསླུ་བ་མེད་པའི་གནད་འདིས། སྔོན་ནས་ཀ་དག་སྟོང་ཆེན་མ་མཐོང་ན་ཡང་འོད་སྣང་ལམ་བྱེད་ཀྱི་སྐབས་འདིར་ཇི་བཞིན་པར་མཐོང་བ་ནི་རྒྱུད་ཀྱི་དགོངས་པ་ཕྱོགས་གཅིག་ཡིན་ནོ། །འོད་སྣང་ཤེས་རིག་དང་བཅས་པ་རྟོག་མེད་སྤྲོས་བྲལ་ཆོས་དབྱིངས་བློ་འདས་ཆེན་པོར་ཨར་ལ་གཏད་དེ་མཐར་ཐུག་ཟད་སར་སྐྱེལ་བ་ནི་ལམ་གནད་མཐར་ཐུག་པ་ཡིན་ལ། དེ་ཡང་རིག་པའི་ངོ་བོ་རང་བབས་སུ་འཇོག་པ་ཁོ་ནས་དབྱིངས་ལས་མི་གཡོ་བའི་བཙན་ས་ཟིན་པ་ནི་བློ་རབ་དང་གོམས་འདྲིས་བརྟན་པོ་མེད་ན་དཀའ་ཡང་། རིག་རྩལ་སོ་མའི་དྲན་ཤེས་ཀྱི་སྒོ་ནས་འོད་སྣང་ལ་ཞེན་པ་ལྟ་ཅི་རྟོག་དཔྱོད་ཙམ་ཡང་མི་བྱེད་པར་རིག་ཐོག་ཏུ་རང་བབས་སུ་འཇོག་པ་ནི་ལུགས་གཅིག་སྟེ་གཙོ་བོ་ཁྲེགས་ཆོད་ཀྱི་ལམ་གནད་དུ་བསྡུ་བ་ཡིན། ཡང་རིག་པ་རྒྱ་ཆད་ཕྱོགས་ལྷུང་བྲལ་བ་ལ་ལུས་ཀྱི་ཕྱི་ནང་སོགས་ཕྱོགས་འཛིན་དང་། འོད་སྣང་ཡེ་ཤེས་ཀྱི་སྐུའི་ངོ་བོ་ཡིན་པ་ལ་བེམ་ཆོས་སུ་བལྟ་ཅི་དགོས་པས། རིག་རྩལ་སོ་མའི་དྲན་ཤེས་ལུ་གུ་རྒྱུད་ཉིད་ལ་ཕར་གཏད་ཅིང་། དེ་ཉིད་ཐིག་ལེ་སྟོང་སྒྲོན་གྱི་ནང་ཁོང་གི་དབྱིངས་དྭངས་གསལ་ལས་མི་འགུལ་བའི་ཐབས་སུ། མིག་དང་རླུང་ཡང་དེར་ཐིམ་འགྲོ་བ་ལྟར་རྩེ་གཅིག་ཏུ་གཟིར་ཞིང་ཨར་ལ་གཏད་པ་ཉིད་གོམས་ན། ཅི་ཙམ་བརྟན་པ་ཐོབ་པ་དེ་ཙམ་དུ་ནང་གི་རིག་ངོ་ཡང་བརྟན་ཆ་ངང་གིས་ཐོབ་པ་འབྱུང་བ་ཡིན་ལ། འདི་ནི་གཙོ་བོ་ལྷུན་གྲུབ་ཀྱི་ལམ་གནད་དུ་དྲིལ་ལུགས་སོ། །གང་ལྟར་ཡང་ཀ་དག་གི་ངོ་བོ་ལམ་དུས་སུ་རྗེན་ལ་ཕུད་ཅིང་དེ་ཡང་གྲོལ་ས་མཐར་ཐུག་གི་དབྱིངས་སུ་འཁྱོལ་པ་ཞིག་རྩོལ་མེད་ཚུལ་གྱིས་མངོན་དུ་འགྱུར་དགོས་པ་ཡིན་ནོ། །ཐོད་རྒལ་བསྒོམས་པས་ཚེ་འདིར་སྣང་བཞི་མཐར་མ་ཕྱིན་ན། བར་དོར་སྣང་བའི་འོད་གསལ་ཤར་བ་ཉིད་དུས་དེར་ལམ་དུ་བྱེད་ཐབས་ལ་ད་ལྟ་ནས་བློ་སྦྱངས་ན་གྲོལ་ཤིན་ཏུ་སླ་སྟེ། རགས་ལུས་སྔ་ཕྱིའི་བར་མཚམས་ཡིན་པ་དང་བར་སྲིད་ཀྱི་ཡིད་ལུས་ཕྱི་མ་ཡང་མ་ཤར་བའི་གནས་སྐབས་གྲོལ་གཞི་ཀ་དག་ཉིད་དང་འབྲེལ་ཤིན་ཏུ་སླ་བའི་རང་དུས་ཡིན་པའི་ཕྱིར་རོ། །རྫོགས་ཆེན་གྱི་རྒྱུད་ནས་བསྟན་པའི་སངས་རྒྱས་རང་སྣང་གི་ལོངས་སྐུ་ནི། བོད་དུ་བྱོན་ཅིང་ད་ལྟ་ཡང་མཇལ་དུ་ཡོད་པའི་རྒྱུད་གཞན་ནས་བསྟན་པ་མ་མཐོང་ཡང་། སྔར་འཕགས་ཡུལ་སོགས་ཞིང་གཞན་དང་གཞན་དུ་བཞུགས་པའི་རྒྱུད་ཅི་འདྲ་ཡོད་དང་། དེས་བསྟན་ཚོད་སུས་ཟིན་ན་རྣམ་མཁྱེན་གྱི་སྤྱོད་ཡུལ་ཙམ་དང་། ལམ་གཞན་ནས་སངས་རྒྱས་པ་རྣམས་ལ་རང་སྣང་ལོངས་སྐུ་མེད་དོ་བྱས་ན། རྒྱལ་བའི་ཞིང་གི་བཀོད་པ་མུ་མཐའ་མེད་པ་ཐམས་ཅད་དབྱེར་མེད་དུ་མ་རོ་གཅིག་ཡིན་པ་གཞིར་བཅས་པས་ཤིན་ཏུ་མི་བདེ་ཞིང་། འཕོ་ཆེན་རྡོ་རྗེའི་སྐུ་ནི་ཐོད་རྒལ་མཐར་ཕྱིན་པའི་ཁྱད་ཆོས་ཁོ་ནར་བཞེད་པ་འདྲའོ། །སངས་རྒྱས་ཀྱི་ཡུལ་ནི་གཞན་སུས་ཀྱང་ཚོད་མི་ཟིན་པ་ཉིད་དོ། །དེ་ལྟར་གསང་བ་ལས་ཀྱང་ཆེས་གསང་བ་རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་ཉིད། སྐུ་དང་ཞིང་ཁམས་ལྟར་རང་སྣང་བའི་འོད་གསལ་ཆེན་པོ་དྲི་མས་མ་བསླད་པ་ཕྱོགས་དང་རིས་སུ་མ་ཆད་པའི་གདུལ་བྱའི་ཁམས་ལ་རང་ཆས་སུ་བཞུགས་པ་ཉིད། ད་ལྟ་སྐད་གཅིག་གིས་ཐོད་རྒལ་གྱི་ཚུལ་དུ་མངོན་སུམ་ལམ་དུ་བྱེད་ཐབས་ཀྱི་མྱུར་ལམ་མཐར་ཐུག་པ་འདི་ནི་གཞན་དུ་མ་དམིགས་ཤིང་བླ་ན་མ་མཆིས་པ་ཞིག་ཡིན་པར་འདུག་པས་ན། ཡིན་པ་ལ་ཡིན་པར་ངོ་ཤེས་པའི་དད་གུས་ཀྱི་སྒོ་ནས་ཉམས་ལེན་ལ་འཇུག་པར་བྱའོ། །གཉིས་པ་ལམ་དངོས་ཉམས་སུ་བླང་ཐབས་ལ། སྒོ་གསུམ་གྱི་གནད་གཟིར་ཞིང་གནད་གསུམ་གྱི་སྒོ་ནས་རང་གནས་འོད་གསལ་བའི་སྐུ་དང་ཡེ་ཤེས་ཀྱི་ངོ་བོ་མངོན་སུམ་ལམ་སྣང་དུ་བྱེད་ཅིང་གདོད་མའི་ཟད་སར་སྐྱེལ་བའོ། །དེ་ལ་ལུས་ཀྱི་གནད་ཆོས་སྐུའི་བཞུགས་སྟངས་སེངྒེ་འགྱིང་བ་ལྟ་བུ། ལོངས་སྐུའི་བཞུགས་སྟངས་གླང་ཆེན་ཉལ་སྟབས་ལྟ་བུ། སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་བསམ་གཏན་བསྒོམ་པའི་ལུས་གནད་ཙོག་པུར་གནས་པ་ལྟ་བུ་སྟེ། དེ་དག་སྙིང་ཏིག་གི་རྒྱུད་དོན་མ་ནོར་བའི་ལག་ཁྲིད་ཞིབ་ཏུ་བསླབས་ལ། བཞུགས་སྟངས་གསུམ་གང་རུང་ཞིག་ལས་མི་འདའ་ཞིང་ལུས་བསྒུལ་སྐྱོད་ཅུང་ཟད་ཀྱང་མི་ཤོར་བར་ཉིན་མཚན་རྒྱུན་ཆགས་སུ་བརྩོན་པར་བྱ། ངག་གནད་སྨྲ་བརྗོད་ཐམས་ཅད་རྒྱུན་བཅད་དེ་འོག་རླུང་གྱེན་དུ་དྲངས་ཤིང་རན་པར་བསྡམ། སྟེང་རླུང་ཁ་ནས་ཕྱིར་ནར་གྱིས་འབུད་ཅིང་དལ་གྱིས་འཇོག །སླར་ནང་དུ་འཇུག་དུས་ཤིན་ཏུ་དལ་བ་དང་ཕྱིར་དབྱུང་དུས་ཅུང་ཟད་ཤུགས་བསྐྱེད་པ་ལ་དུས་དང་རྒྱུན་དུ་མ་ཡེངས་པར་བསླབ། སེམས་གནད་རང་རིག་པའི་ཡེ་ཤེས་ངོ་འཕྲོད་པ་དེའི་རང་འོད་རང་སྣང་ཉག་གཅིག་ཏུ་ངོ་ཤེས་ཤིང་ཐག་བཅད་དེ། དེར་མི་དཔྱོད་པར་རང་གནས་ཀྱི་རིག་སྟོང་ཀ་དག་གི་དབྱིངས་སུ་མཐར་སྐྱེལ་ལ་མ་བཅོས་པར་འཇོག །སྔར་རིག་པའི་ངོ་བོ་མ་རྟོགས་ནའང་འོད་སྣང་སྤྱི་དང་། ཁྱད་པར་རྡོ་རྗེ་ལུ་གུ་རྒྱུད་ཀྱི་དཀྱིལ་དུའམ་སྦུབས་སུ་སེམས་ཞུགས་པ་བཞིན་ཆེར་གྱིས་བལྟས་ཏེ། འོད་སྣང་ལ་རེ་དོགས་དགག་སྒྲུབ་སོགས་རྟོག་དཔྱོད་ཀྱི་མཚན་འཛིན་ཕྲ་མོ་ཙམ་ཡང་མི་བྱ་བར། ཤེས་པ་ཉིད་དེར་ཐིམ་པའི་ཚུལ་གྱིས་བསྲེ་ཞིང་ལུག་རྒྱུད་དབྱིངས་སུ་གཅུན་པའི་ཐབས་ལ་རིམ་བཞིན་བསླབ་པ་ནི་གནད་དམ་པའོ། །འཆར་གཞི་ཡུལ་གྱི་གནད་ནི། སྤྱིར་བསླད་རྐྱེན་མེད་པའི་ནམ་མཁའ་གཡའ་དག་པ། བྱེ་བྲག་ཏུ་ཉིན་མོར་ཆོས་སྐུའི་རྟེན་ཉི་མ་སྤྲིན་བྲལ་གྱི་འོག་ཏུ་མཐོ་གང་ངམ་ཁྲུ་གང་ངམ་མདའ་གང་ཙམ་ན་གཏད། མཚན་མོར་ལོངས་སྐུའི་རྟེན་ཟླ་བ་སྤྲིན་བྲལ་དང་། སྤྲུལ་སྐུའི་རྟེན་མར་མེ་གསལ་བ་རླུང་དང་བྲལ་བ་གང་རུང་གི་དཀྱིལ་དུ་གཏད། ཡུལ་རྐྱེན་དང་མ་སྦྱར་ནའང་སྣང་ཉམས་ངང་གིས་མ་ཤར་གྱི་བར་དུ་ཡུལ་གནད་འབྲལ་མེད་དུ་བརྟེན་པ་གལ་ཆེ། དེའང་རང་གི་མིག་སོགས་ཁམས་དང་འཕྲོད་ཅིང་འོད་ལྔ་འཆར་སླ་ལ་འཕེལ་བརྟན་གང་ཆེ་བའི་ཡུལ་དེ་གཙོ་བོར་གཟུང་། གཞན་ཡང་གསལ་ཁུང་ཅུང་ཟད་ཅན་དང་མུན་ཁང་དུ་སྒོམ་ལུགས་ཀྱང་འདུག །འཆར་བྱེད་སྒོ་ཡི་གནད་ནི། ཤེས་པས་གཟུགས་མཐོང་བའི་སྒོ་མིག་འབྲས་སྐྱོན་མེད་ཡིན་ལ། དྲི་མ་གློ་བུར་བས་བསླད་པའི་མིག་དབང་གདོས་བཅས་དེས་ཐ་མལ་གྱི་ཡུལ་རགས་པའང་ཁོལ་བུ་བ་གང་ཉེ་རེ་ལས་མི་མངོན་ན་སྣང་ཉམས་ག་ལ་མཐོང་། བསམ་གཏན་གྲུབ་པའི་མིག་ཡིན་རུང་དབང་ཤེས་གློ་བུར་བའི་ཡུལ་ལས་འདས་པའི་སྣང་ཉམས་མཐོང་མི་ནུས་ནའང་། ཕལ་པ་ལ་སྣང་ཉམས་མཐོང་བའི་སྒོ་མེད་མི་དགོས་ཏེ། སྙིང་དབུས་མི་ཤིགས་པའི་ཐིག་ལེ་རིག་པའི་རང་གདངས་ཡེ་ཤེས་ཀྱི་རྩ་ཆེན་མིག་ལ་ཟུག་པ་དེས་དྲི་མ་མེད་པའི་འོད་སྣང་མངོན་སུམ་དུ་མཐོང་བས་ན། མིག་གཉིས་ཅུང་ཟད་གྱེན་དུ་བལྟ་བ་ཆོས་སྐུའི་གཟིགས་སྟངས་ལ་གོམས་པས་རྡོ་རྗེ་ལུ་གུ་རྒྱུད་རིག་པ་གར་གཏད་དེར་སྡོད་པར་བྱེད་ཅིང་སྐུ་གསུམ་ལམ་སྣང་དུ་རྫོགས་པའི་ཚད་མཐོང་བར་འགྱུར། མིག་གཉིས་ཐད་ཀར་བལྟ་ཞིང་ཅུང་ཟད་མནན་པའི་ཚུལ་གྱིས་ཟུར་དུ་དལ་བུས་ཁྲིད་པ་ལོངས་སྐུའི་གཟིགས་སྟངས་ཉིད་ལ་གོམས་པས། ཆོས་ཉིད་གཉུག་མའི་རང་སྣང་དངོས་སུ་མཐོང་ཞིང་ལས་རླུང་རང་འགག་ཏུ་འགྲོ་བ་དང་ཡེ་ཤེས་ཀྱི་ངོ་བོ་མཆེད་པའི་ཚུལ་གྱིས་ཐིག་ལེ་དང་ཐིག་ཕྲན་མང་པོ་མངོན་སུམ་དུ་འཆར། བལྟ་སྟངས་ཅུང་ཟད་ཐུར་དུ་ཕབ་ནས་ཟིམ་བུས་བལྟ་བ་སྤྲུལ་སྐུའི་གཟིགས་སྟངས་ལ་གོམས་པས། ཡུལ་ཐ་དད་རིས་ཆད་ཀྱི་འཁྲུལ་སྣང་འགག་ཅིང་རིག་པའི་རང་གནས་ཆོས་ཉིད་ཀྱི་སྣང་བ་དང་མི་འབྲལ་བར་འགྱུར། དེ་ལྟར་གཟིགས་སྟངས་གསུམ་གང་ལའང་མིག་ཆེར་མི་བསྒྲིམ། རྫི་མ་འཐབ་རྡེབ་མི་བྱེད། མིག་འབྲས་གཡོ་འགུལ་མེད་པར་རང་བབས་སུ་བལྟ་བ་ལ་གཟིགས་སྟངས་མ་བྱས་ཀྱང་འོད་སྣང་ངང་གིས་ཤར་བ་མ་བྱུང་གི་བར་དུ་ཉིན་མཚན་རྒྱུན་ཆགས་སུ་འབད་པར་བྱ། འོད་སྣང་ཆེ་ཆུང་གང་ཡང་རུང་མངོན་སུམ་གྱི་སྣང་བ་དེ་ཁ་དོག་ལྔ་ལྡན་དུ་ཤར་ན་བལྟ་སྟངས་དེ་ལས་མི་འགུལ། དཀར་ཤས་ཆེ་ན་མིག་གཡས་སུ་ཅུང་ཟད་ལྡོག་ཅིང་མནན། སེར་ཤས་ཆེ་ན་གྱེན་དུ་ལྡོག །དམར་ཤས་ཆེ་ན་ཐུར་དུ་ལྡོག །ལྗང་ཤས་ཆེ་ན་གཡོན་དུ་ལྡོག །མཐིང་ཤས་ཆེ་ན་དཀྱིལ་དུ་གཏད་ལ་མནན། འོད་དབྱིབས་གྱེན་འགྲེང་དུ་ཤར་ན་མིག་ཐུར་དུ་ལྡོག །རྩིབས་ཤར་ཉིད་རང་གི་མདུན་ཕྱོགས་སུ་ཚུར་དྲང་། ཟླུམ་པོ་ལ་གཡོན་དུ་ལྡོག །གྲུ་བཞི་ལ་གཡས་སུ་ལྡོག །ཟླ་གམ་ལ་སྟེང་དུ་ལྡོག །གྲུ་གསུམ་ལའང་ཐུར་དུ་ལྡོག །ཐིག་ཚོམ་དང་། པདྨ་དང་། གུར་ཁྱིམ་དང་། མཁར་ཐབས་དང་། མུ་ཁྱུད་རིམ་པ་ཅན་དང་། དགའ་འཁྱིལ་གྱི་དབྱིབས་འདྲ་བ་ཤར་ན་མིག་དེ་ལས་མི་གཡོ་བར་གཏད། སྣང་ཉམས་བརྟན་པོར་འབྱུང་ཕྱིར་ཤེས་པ་དང་མིག་འབྲས་ལུ་གུ་རྒྱུད་ཁོ་ན་ལ་རྩེ་གཅིག་ཏུ་གཏད་ཅིང་། ལུག་རྒྱུད་འོད་སྣང་གི་དཀྱིལ་དུ་བཙུད་ནས་དེ་ལས་མི་གཡོ་བའི་ཐབས་ལ་ནན་གྱིས་འབད་པ་གནད་དམ་པ་ཡིན། འོད་སྣང་འཕེལ་ཐབས་སུ་སྟེང་འོག་དང་གཡས་གཡོན་མཚམས་རྣམས་སུ་དལ་བུས་འཁྲིད་ཅིང་། སྔ་དྲོ་ལ་ཤར་ནས་ལྷོ་ཕྱོགས་དང་། དགུང་མོར་ནུབ་ནས་བྱང་ཕྱོགས་སུ་དྲང་། བུད་མེད་ཀྱིས་སྔ་དྲོ་ཤར་ནས་བྱང་དང་། ཕྱི་དྲོ་ནུབ་ནས་ལྷོ་ཕྱོགས་སུ་འཁྲིད། མི་གསལ་ན་སླར་ཡང་ཡུལ་གནད་ལ་གཏད་དེ་གསལ་སྣང་མ་ཉམས་པར་རིམ་བཞིན་འཁྲིད་ཤེས་པར་བྱ། ཐིག་ལེ་སྟོང་སྒྲོན་འཆར་སླ་ཐབས་སུ་མིག་གཉིས་སྒྲིམ་ལྷོད་སྙོམས་ཤིང་ལྟ་སྟངས་མཉམ་པར་བྱ། སྣང་ཉམས་དབང་པོའི་མངོན་སུམ་གྱི་ཡུལ་ཡིན་པས་འཆར་བྱེད་སྒོ་ཡི་གནད་གཟིར་བ་ཤིན་ཏུ་གལ་ཆེའོ། །རང་རེ་མོས་པ་ལམ་བྱེད་མཁན་དག་གིས་ཀྱང་བར་སྐབས་སུ་སླར་ཡང་རུ་ཤན་དབྱེ་བ་འདྲ་བསྐྱར་དུས་མ་གཏོགས། འོད་གསལ་ཐོད་རྒལ་མཆོག་ཏུ་གསང་བ་ཆེན་པོ་དངོས་ཅི་ཙམ་སྒོམ་པ་དེ་སྲིད་ཀྱི་ཐུན་ནང་ཀུན་དུ། ལུས་བཞུགས་སྟངས་དང་མིག་གཟིགས་སྟངས་ཁོ་ན་ལ་དལ་གྱིས་གནས་པ་ལས་ཅུང་ཟད་ཀྱང་མི་འགུལ་བ་དང་། ངག་སྒྲ་རྒྱུན་ཐམས་ཅད་བཅད་དེ་ལྐུག་པ་ལྟར་བྱ་བ་དང་། སེམས་ཕྱི་ནང་གི་དབྱིངས་རིག་ལ་རྟོག་དཔྱོད་ཙམ་ཡང་མི་བྱེད་པར་རང་སོར་འཇོག་པའི་སྒོ་ནས་ཉམས་ལེན་གྱི་གཞི་གཟུང་། ཐུན་མཚམས་རྣམས་སུའང་ལུས་བསྒུལ་སྐྱོད་ཉུང་ཞིང་དེ་ཡང་དལ་ལ་ལྷོད་ཆགས་པར་བྱ། ངག་སྨྲ་བརྗོད་ཀྱི་སྤྲོས་པ་གཅོད། སེམས་རྟོག་དཔྱོད་ལུ་གུ་རྒྱུད་དུ་མི་གཡེང་བར་ཐད་ཀར་འཇོག་པ་ལ་བསླབ། གནས་ཀྱི་ཁྱད་པར་ས་ཕྱོགས་དམའ་བས་ནམ་མཁའ་མཐོང་རྒྱ་ཆུང་བ་དང་། ཤར་ནུབ་ཀྱི་མཐོང་ཡུལ་རྒྱང་ཐག་ཐུང་ཞིང་ཤར་ནུབ་ཀྱི་རི་མཐོ་བས་ཉི་ཟེར་ལ་གྱེན་དུ་བལྟ་དགོས་པ་ཐ་མ། ས་ཕྱོགས་ཅུང་མཐོ་བས་ནམ་མཁའ་ཆེ་ཙམ་མཐོང་བ་དང་། ཤར་ནུབ་མཐོང་རྒྱ་དང་རི་མཐོ་དམན་འོས་འཚམས་ཉི་མ་ལ་ཅུང་ཟད་གྱེན་དུ་བལྟ་དགོས་པ་འབྲིང་། རང་གནས་པའི་ས་ཕྱོགས་རི་རྩེ་ལྟ་བུ་ནམ་མཁའ་མཐོང་རྒྱ་ཆེ་བ་དང་། ཤར་ནུབ་མཐོང་རྒྱ་རིང་ཞིང་དེའི་ཕྱོགས་ཀྱི་རི་དམའ་བས་ཉི་ཟེར་ལ་ཐད་ཀར་བལྟ་ཆོག་པ་རབ་ཡིན། རང་གི་ལུས་ཁམས་ཚ་ཤས་ཆེ་བ་དང་ཤེས་པ་བྱིང་ཉམས་ཆེ་ན་ཆོས་སྐུའི་བཞུགས་སྟངས་དང་གཟིགས་སྟང་རྩལ་དུ་འདོན། ཚ་གྲང་འདྲེས་མའམ་སྙོམ་ཞིང་བྱིང་རྒོད་རེས་འཇོག་ཅན་ཡིན་ན་ལོངས་སྐུའི་བཞུགས་སྟངས་དང་གཟིགས་སྟངས་ལ་འབད། གྲང་ཤས་ཆེ་བ་དང་རྒོད་ཉམས་ཆེ་ན་སྤྲུལ་སྐུའི་བཞུགས་སྟངས་དང་གཟིགས་སྟངས་ལ་གཙོ་བོར་བྱའོ། །ཇི་ལྟར་འཆར་བ་དབྱིངས་རིག་གི་གནད་ནི། རྩ་བ་ནང་དབྱིངས་སེམས་ཉིད་ཀྱི་ངོ་བོ་ཀ་དག་གདོད་མའི་ཡེ་ཤེས་སྟོང་ཆེན་སྤྲོས་བྲལ་ཡེ་གནས་ཁྱབ་བརྡལ་ཆེན་པོ་དང་། ནང་གསལ་གྱི་རིག་པ་རང་བཞིན་ལྷུན་གྲུབ་འདུས་མ་བྱས་པའི་ཡེ་ཤེས་ཐིམ་ལ་མ་རྨུགས་པ་དང་། ཐུགས་རྗེའི་འཆར་གཞི་མ་འགག་པའི་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་ཐམས་ཅད་ལས་འདས་པའི་རིག་པ་ཀུན་ཁྱབ་བྱང་ཆུབ་སེམས་ཀྱི་ངོ་བོར་ཡེ་ནས་རང་ཆས་སུ་གནས་ཤིང་། དེ་ལྟར་ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་ཅན་གྱི་རང་རིག་པ་སྐད་གཅིག་མ་ཟང་ཐལ་རྗེན་པ་འདི་ནི། འགྲོ་དྲུག་གི་སེམས་ཅན་མཆོག་དམན་བར་མ་མཐའ་དག་དང་། ས་ལམ་ལ་གནས་པའི་རྣལ་འབྱོར་པ་རྣམས་དང་། དག་པ་གཉིས་ལྡན་གྱི་སངས་རྒྱས་ཐམས་ཅད་ལ། ངོ་བོ་བཟང་ངན་དང་འཕེལ་འགྲིབ་ཀྱི་ཁྱད་པར་རྡུལ་ཙམ་ཡང་མེད་ལ། འདུ་འབྲལ་སྐད་ཅིག་ཙམ་ཡང་མེད་པར་ཡོངས་སུ་ཁྱབ་ཅིང་མི་འགྱུར་རྟག་པ་དམ་པའི་ཚུལ་དུ་ཡེ་ནས་ལྷན་སྐྱེས་སུ་བཞུགས་པ་ཉིད། ལམ་པའི་གང་ཟག་སུས་རྟོགས་ཤིང་གོམས་པ་ན་མྱུར་དུ་རྣམ་པར་གྲོལ་བར་འགྱུར་ལ། མ་རྟོགས་ཤིང་མ་གོམས་པའི་ཕལ་བ་རྣམས་གློ་བུར་འཁྲུལ་པ་མུ་མཐའ་མེད་པའི་གཞན་དབང་དུ་འགྲོ་བ་ལས་མི་འདའ་བས། གྲོལ་འཁྲུལ་གཉིས་ཀའི་གཞི་རྩ་ལྟ་བུ་ནང་གི་དབྱིངས་རིག་ཉིད་དང་། དེ་ལས་དྭངས་གསལ་འོད་ཀྱི་དབྱིབས་དང་ཁ་དོག་གི་རྣམ་པ་ཅན་ཕྱིར་གསལ་གྱི་དབྱིངས་རིག་དྭངས་མའི་དབང་ཡུལ་དུ་མངོན་སུམ་ལྷུག་པར་ཤར་བ། རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་རྟ་རྔའམ་གསེར་སྐུད་བསྒྲིམས་པ་ལྟ་བུ་ཐིག་ཕྲན་དུ་མས་སྤྲས་པ་དེ་ཡང་སྟོང་གཟུགས་སྣང་ཙམ་མ་གཏོགས་གང་ཡང་མ་གྲུབ་པས་དབྱིངས་ལས་མི་འདའ་མོད། ཐིག་ལེ་སྟོང་སྒྲོན་དང་དབྱིངས་རྣམ་དག་གི་སྒྲོན་མ་ལ་ཕྱི་ནང་གཉིས་སུ་དབྱེ་བ་དེ་རྣམས། རྣམ་པ་མ་འདྲེས་གསལ་རྫོགས་སུ་རང་ཤར་བ་རྣམས་ཚུལ་བཞིན་ལམ་དུ་བྱས་ན། སྔར་མ་རྟོགས་པའི་ངོར་གློ་བུར་དུ་ཤར་བའི་འཁྲུལ་སྣང་གི་ཡུལ་དང་ཡུལ་ཅན་ཐ་དག །སྤང་བསྒྱུར་ལམ་བྱེད་ཀྱི་ཐབས་གཞན་གང་ལའང་ལྟོས་མི་དགོས་པར་རང་ཡལ་རང་འགག་གི་ཚུལ་དུ་དག་ནས། གདོད་མ་རང་གནས་ཀྱི་སྐུ་དང་ཡེ་ཤེས་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ངོ་བོར་མངའ་དབང་རྫོགས་པ་ལས་འདའ་མི་སྲིད་པ་ནི་ཆོས་ཉིད་ཀྱི་བདེན་པ་བསླུ་བ་མེད་པ་ཡིན་པས་ན། ཕྱི་ནང་གི་དབྱིངས་རིག་ངོ་ཤེས་ཤིང་རྩ་བ་ནང་གི་རིག་པ་གསལ་དག་ངར་དང་ལྡན་པ་ཉིད་སྟོང་ཆེན་ཀ་དག་གི་དབྱིངས་སུ་གཉིས་མེད་རོ་གཅིག་ཏུ་གཅུན། ཕྱིར་གསལ་གྱི་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཉིད་དབྱིངས་ཐིག་གི་ར་བར་གཡོ་འགུལ་དང་བྲལ་བར་གཅུན་པ་ལ་ཉམས་ལེན་གྱི་མཐིལ་བཅོལ་ཏེ་གོམས་འདྲིས་རྩེ་གཅིག་ཏུ་བྱ། ཕྱི་ནང་གི་དབྱིངས་རིག་གང་ལའང་བློས་དཔྱད་མཚན་འཛིན་གྱིས་བཅོས་བསླད་མ་ཞུགས་པར་རང་བབས་སོར་གཞག་ཁོ་ནར་ཉམས་ལེན་རྣལ་མ་བགྱིས་པ་ལ་བརྟེན་ནས། ཕྱི་ནང་གི་དབྱིངས་རིག་དེ་དག་གཅིག་གྲོགས་གཅིག་གིས་བྱེད་དེ་གསལ་བརྟན་མཐར་ཕྱིན་ཅིང་མྱུར་དུ་གདོད་མའི་ཟད་ས་ཆེན་པོར་རྣམ་པར་གྲོལ་བས་མཐར་ཐུག་གི་སྐུ་དང་ཡེ་ཤེས་མངོན་དུ་འགྱུར་བ་གདོན་མི་ཟའོ། །དེ་དག་ཀྱང་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། མངོན་སུམ་གནད་ནི་ལུས་ངག་སེམས། །སོ་སོའི་གནད་རྣམས་ངེས་པར་བསྟུན། །དེ་ཡང་ལུས་ནི་སྐུ་གསུམ་ལས། །རྒྱུན་དུ་འདའ་བར་མི་བྱ་འོ། །ངག་ནི་བསླབ་དང་གནས་པ་དང་། །ལ་བཟླ་བརྟན་པར་བྱ་བ་འོ། །སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་དང་། གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་དང་། །རླུང་དང་རིག་པའི་གནད་ཀྱིས་བརྟེན། །སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཡུལ་ནི་སྒྲིབ་བྱེད་བྲལ་བ་འོ། །རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་སོ། །ཕན་ཡོན་དང་བཅས་པ་ཡང་། བཏགས་གྲོལ་སངས་རྒྱས་སྲས་གཅིག་གི་རྒྱུད་ལས། ལུས་ནི་སེང་གེ་ལྟ་བུ་དང་། །དྲང་སྲོང་དང་ནི་གླང་ཆེན་ཚུལ། །འདི་ལས་གཡོ་བར་མ་བྱས་ན། །སངས་རྒྱས་སུམ་སྟོང་ཉིད་དང་ཡང་། །སྐལ་བ་དག་ནི་མཉམ་པ་ཡིན། །ཞེས་དང་། ངག་ནི་ཇི་ལྟར་ལྐུག་པ་བཞིན། །སུ་དང་བརྡ་ཙམ་ཉིད་མི་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །སེམས་ཀྱི་འཕྲོ་འདུ་རང་ཆོད་དོ། །ཅེས་དང་། དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །མཉམ་པར་བཞག་ཅིང་འབྲལ་མི་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་བ་ཉིད་ནི་མཉམ་པ་ཡིན། །ཞེས་སོ། ཁྱད་པར་དུའང་ནང་དབྱིངས་ཀ་དག་སྤྲོས་བྲལ་སྟོང་ཆེན་གདོད་མའི་གྲོལ་ས་ཀློང་ཡངས་ཆེན་པོའི་ངང་དེར། རང་བྱུང་གི་རིག་པ་འོད་གསལ་ཐིག་ལེ་ཉག་གཅིག་ཉིད། དབྱེར་མེད་རོ་གཅིག་ཡེ་ནས་ཡིན་པ་ལ་ཡིན་པར་ཤེས་པའི་སྒོ་ནས་རང་བབས་དྭངས་གསལ་གཡོ་མེད་ཀྱི་ཚུལ་ལས་ནམ་ཡང་མི་འདའ་བ་དང་། རིག་རྩལ་རྩོལ་མེད་ཤུགས་འབྱུང་གི་ཤེས་རབ་ཁྱད་པར་ཅན་འབད་མེད་ཀློང་རྡོལ་བའི་ཚུལ་དུ་ངང་གིས་ཤར་ཞིང་རྒྱས་པ་ན། དེས་ང་རྒྱལ་ཏེ་ཆོས་དང་གང་ཟག་གཞན་སུན་འབྱིན་ལྷུར་ལེན་བྱེད་པ་དང་། ལྷ་མཐོང་འདྲེ་མཐོང་མངོན་ཤེས་ཅལ་སྒྲོག་སོགས་ཟོག་པོའི་རྒྱུ་རྐྱེན་དུ་འགྲོ་བའི་བདུད་ཀྱི་འཇུག་ཕྱོགས་སུ་མ་ཤོར་བར། ཕྱོགས་དང་རིས་སུ་མ་ཆད་པའི་ཆོས་དང་གང་ཟག་དམ་པ་རྣམས་ལ་དད་གུས་དག་སྣང་ཕུན་སུམ་ཚོགས་པ་གོང་ནས་གོང་འཕེལ་གྱི་ཚུལ་དུ་བྱ་ཞིང་། རང་ལམ་ཁྱད་པར་ཅན་ལ་ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་དེ་ཡིད་ཆེས་མི་ལྡོག་པའི་ངེས་པ་གཏིང་ཚུགས་པ་རེ་རྙེད་པའི་སྒོ་ནས་རང་ཉིད་ཚེ་དང་སྒྲུབ་པ་མཉམ་པའི་ཐབས་ལ་རྩེ་གཅིག་ཏུ་གཞོལ་བ་དང་། དེ་ལས་གཞན་པའི་མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་ཅན་ལྟར་སྣང་བའི་སྐྱེ་འགྲོ་ཐ་དག་ལ་སྙིང་རྗེ་ཆེན་པོའི་སྒོ་ནས་ཕན་ཅི་ཐོགས་རེ་བྱེད་པས་མཚོན། རིག་འཛིན་གོང་མ་དག་གི་རྣམ་ཐར་རྨ་མེད་པའི་རྗེས་ཤུལ་ཟིན་པའི་ཐབས་ཁོ་ནར་ཅི་ནས་ཀྱང་འབད་དགོས། དྲི་མས་གོས་མ་མྱོང་པའི་རིག་གདངས་ཕྱིར་གསལ་དབྱིངས་ཐིག་གི་དཀྱིལ་དུ་གཟུགས་མེད་གཟུགས་ལྟར་སྣང་བ་ཡེ་ཤེས་སྙིང་པོའི་སྲོག་ཅན་གྱི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དེ་ལ། རྟོག་དཔྱོད་གློ་བུར་བས་བསླད་མ་ཞུགས་པ་དྭངས་གསལ་གཡོ་མེད་བརྟན་པོར་འབྱུང་བའི་སླད་དུ་ཧྲིལ་གྱིས་གཅུན་པ་ཁོ་ནར་རྒྱུན་ཆགས་སུ་འབད་ན། ཐེག་རྩེ་སྙིང་པོའི་ཉམས་ལེན་གྱི་ངོ་བོ་ཐམས་ཅད་འུབ་ཀྱིས་འདུས་པ་ཡིན་མོད། འདི་འདྲའི་གནད་དང་བྲལ་རུང་ད་དུས་ཀྱི་རྫོགས་ཆེན་སྙིང་ཐིག་པར་ཁས་ཆེ་བ་ལ་ལས་གླེན་སྒོམ་ལོ་གྲངས་བགྲང་ཞིང་རང་རྩིས་ཆེན་པོ་རེ་བྱེད། ལ་ལས་བླུན་གཏམ་རྟོག་གེའི་ཁ་འཆལ་ལྟ་བུ་ཤ་སྣ་སྤུ་བསྡུས་རེ་འུར་སྒྲོག་བྱེད། དེ་འདྲས་སྐུ་ཚེ་འདའ་ངང་རྨོངས་པའི་སྐྱེ་འགྲོ་མང་པོ་ལམ་མིན་གྱི་གཡང་སར་ཁྱུ་དེད་ཐུབ་པ་ལ་ཕོ་རྒོད་གོ་ཆོད་ཡིན་རློམ་བྱེད་མཁན་མངོན་སུམ་ཚད་གྲུབ་ཧ་ཅང་མང་དྲགས་པས་གཏན་ནས་མ་བཟོད་དེ། ད་དུང་ཡང་རྒྱལ་བའི་མཐུ་དང་སོ་སོའི་ལས་འཕྲོ་བཟང་པོ་ཟོལ་མེད་རེ་འཛོམ་ཞིང་ཕྲག་དོག་ཕྱོགས་རིས་ཀྱི་བདུད་དབང་དུ་མ་སོང་བའི་སྐལ་ལྡན་རེ་སྲིད་ན། དེ་དག་གི་དོན་དུ་བསམས་ཏེ་ཡང་ནས་ཡང་དུ་བཤད་ཅིང་ཤིན་ཏུ་གསལ་བར་བསྟན་པ་ཡིན་པས་ན་སྙིང་པོའི་དོན་ཟབ་མཐར་ཐུག་པ་འདི་རྣམས་སྙིང་གི་དཀྱིལ་དུ་འཆང་ཐུབ་ཅི་ནས་ཀྱང་ཞུའོ། །ཞེས་གསུངས། འདི་ལྟར་ཡང་ཐལ་འགྱུར་ལས། ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་པ་ཡི་སངས་རྒྱས་སོ། །ཞེས་དང་། མངོན་སུམ་རྙེད་པའི་སྐལ་ལྡན་ལ། ཁམས་གསུམ་འཁོར་བའི་མིང་མེད་དེ། །སྲིད་གསུམ་གདར་ཤ་ཆོད་པ་འོ། །ཞེས་རིག་གདངས་ཀྱི་ཡིན་ལུགས་དང་མཐོང་བའི་ཕན་ཡོན་བཅས་ཤིན་ཏུ་གསལ་བའོ། །དེ་ལྟར་ཕྱི་ནང་གི་དབྱིངས་རིག་ལ་རྟོགས་གོམས་ཚུལ་བཞིན་བྱས་ན་སྣང་བཞིའི་འཆར་ཚུལ་ངང་གིས་འབྱུང་བ་གཞིར་བཅས། དེ་ཡང་རྟེན་གྱི་གང་ཟག་གི་ཁམས་དབང་མི་འདྲ་བ་དང་། ཁྲེགས་ཆོད་ཀྱི་རྟོགས་གོམས་རབ་འབྲིང་ཐ་མའི་དབང་གིས་འཕེལ་ཆ་གོ་རིམ་ཡོད་མེད་ཀྱི་ཁྱད་པར་གསུངས་ཤིང་། བརྩོན་པ་རབ་ཀྱིས་མྱུར་དུ་ལམ་བགྲོད་ནུས་ལ་ལེ་ལོ་ཅན་དེ་ལས་འགྱང་བ་ཡིན་མོད། རིམ་བཞིན་ཇི་ལྟར་འཆར་ཚུལ་བཤད་ན། དང་པོ་ཆོས་ཉིད་མངོན་སུམ་ནི། ནང་གི་རིག་པ་བློ་བྲལ་མངོན་སུམ་དུ་རྟོགས་ཤིང་སྐྱོང་བདེ་བ་དང་། དབྱིངས་རིག་ཕྱིར་གསལ་གྱི་སྣང་བ་ཡང་། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ནས་ངེས་ཐོན་ཏེ། །སྤྲིན་མེད་པ་ཡི་མཁའ་ལ་གསལ། །ཞེས་པ་ལྟར་སྙིང་དབུས་མི་ཤིགས་པའི་རིག་གདངས་འོད་རྩའི་གསང་ལམ་རྒྱུད་དེ་རྒྱང་ཞགས་སྒྲོན་མའི་སྒོར་ཐོན་ནས། འཆར་གཞིའི་མདངས་མཚུངས་ལྟ་བུའི་འོད་སྣང་འལ་འོལ་མཐོང་བ་ཕྱི་དབྱིངས་དང་། དེ་མཆེད་པའི་ཚུལ་གྱིས་འོད་སྣང་བཀྲག་མདངས་ཅན་ཐིག་ཞིབ་མང་པོ་ཡོད་པ་མཐོང་བ་ནང་དབྱིངས་ཏེ། རྣམ་དག་དབྱིངས་སྒྲོན་ལོངས་སྐུའི་ཞིང་ཁམས་ཀྱི་ངོ་བོ་དང་། མུ་ཁྱུད་རིམ་པ་ཅན་གྱི་ཐིག་ལེ་དམར་ཟླུམ་དམར་སེར་སེར་སྐྱ་མཐིང་ནག་སོགས་མཐེ་བོང་ཙམ་པ། རེས་མངོན་རེས་མི་མངོན་པ་གཉིས་རེ་ཙམ་དུས་མཉམ་གྱི་ཚུལ་དུ་མཐོང་བ་ཐིག་ལེ་སྟོང་སྒྲོན་གཞལ་ཡས་ཁང་གི་ངོ་བོ་དང་། འོད་སྣང་རྟ་རྔ་འདྲ་བ། ཤེལ་ཕྲེང་དང་གསེར་རྐུད་འདྲ་བ། བར་ཚམས་སུ་ཐིག་ཆུང་ཡོད་པ་ཐིག་ཆུང་འཕྲོ་བ། འགྲོ་འོང་དང་གཡོ་འགུལ་མྱུར་བ་དུ་མ་དབྱིངས་ཐིག་གི་ནང་དང་བར་མཚམས་ཅི་རིགས་སུ་མཐོང་བ་དེ་དག་རྡོ་རྗེ་ལུ་གུ་རྒྱུད་དེ་སྐུ་ཡི་ངོ་བོ་ཡིན་ལ། དེ་རྣམས་གསལ་དག་མ་འདྲེས་པའི་རྣམ་པ་ཅན་དངས་མའི་དབང་ཡུལ་དུ་མངོན་སུམ་འཆར་བ་ན། དེས་གར་ཁྱབ་ཙམ་དུ་ཐ་མལ་གྱི་ཡུལ་སྣང་སྒྲིབ་པར་འགྱུར་ཞིང་འོད་སྣང་གང་དུ་འཁྲིད་པ་དེར་འཆར་བ་དང་། ཐིག་ལེ་སྟོང་སྒྲོན་སུམ་འབྲེལ་ཅན་ལ་རྡོ་རྗེ་ལུ་གུ་རྒྱུད་ཅུང་ཟད་གནས་པ་ཚུན་ཆད་ལམ་སྣང་དང་པོའི་དུས་ཡིན་ལ། ཆོས་ཉིད་ཀྱི་རང་སྣང་རྗེན་པ་དཔེ་དང་བརྡ་རྟགས་ཚིག་དང་ཡིད་དཔྱོད་ལས་འདས་པ་མངོན་སུམ་དུ་མཐོང་བས་ན་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་བྱ་སྟེ། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ཚིག་ལས་འདས། །ཞེས་སོ། །སྔོན་ཆད་སྡིག་པོ་ཆེ་ཡིན་རུང་ལམ་འདིའི་རྣལ་འབྱོར་བ་འདི་སྐབས་སུ་ཤི་ན། ལམ་རྐྱེན་གཞན་མེད་ཀྱང་ངན་སོང་དུ་རྡོག་པས་འཕུལ་ཡང་མི་འགྲོ་ཞིང་མངོན་མཐོའི་རྟེན་བཟང་རྙེད་ནས་ལམ་གྱི་འཕྲོ་མཐུད་ནུས་པར་འགྱུར་རོ། །གཉིས་པ་ཉམས་གོང་འཕེལ་ནི། འོད་སྣང་གོང་ནས་གོང་དུ་འཕེལ་ཞིང་རང་གི་སྨིན་མཚམས་སོར་བཞི་ཙམ་ནས་འོད་སྣང་རྒྱ་རལ་ཏེ། མཐོང་ཡུལ་གྱི་མཁའ་དབྱིངས་སུ་འཇའ་འོད་ཟེར་ཐིག་ཁ་དོག་ལྔ་ལྡན་གྱེན་འགྲེང་རྩིབས་ཤར་དྲ་ཕད་ལྟ་བུ། འོད་ཁྱིམ། པད་སྡོང་། མཁར་ཐབས་མཆོད་རྟེན་གྱི་རྣམ་པ། མིག་མང་རིས་སོགས་འོད་ཕུང་སྣ་ཚོགས་ཀྱི་ཀློང་ན་ཐིག་ལེ་སྟོང་སྒྲོན་ལྔ་ཚོམ་སོགས་རྒྱུན་དུ་གནས་ཤིང་། དེ་ཡང་མེ་ལོང་ཙམ་དང་ཁམ་ཕོར་ཙམ་དང་སྦ་ཕུབ་ཙམ་དུ་ཆེར་འཕེལ་ཞིང་འཐུག་པོའི་རྣམ་པ་ཅན་གྱི་དབུས་སུ། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱང་ཇེ་བརྟན་ཇེ་སྦོམ་ཚུལ་གྱིས་རྩལ་རྫོགས་ཏེ་ལྷ་སྐུའི་གཙུག་ཏོར་ནས་སྐུ་ཕྱེད་སྐུ་རྐྱང་གཅིག་ནས་དུ་མའི་བར་དུ་ཤར་ཞིང་། དེ་དག་གཡོ་འགུལ་མེད་པར་གནས་པས་ཐ་མལ་པའི་འཁྲུལ་སྣང་རིམ་བཞིན་ནུབ་ནས་ཡེ་ཤེས་ཀྱི་རང་སྣང་འཕེལ་རྒྱས་སུ་འགྱུར་བའི་དུས་ན། ཕྱི་སྣང་ཡུལ་རགས་པ་སྐྱེད་སྡུད་བྱེད་པའི་ལས་རླུང་དང་། ནང་ཕུང་ཁམས་བསྒུལ་སྐྱོད་བྱེད་པའི་རླུང་དང་། གསང་བ་ཀུན་རྟོག་ཡུལ་ལ་གཡོ་བྱེད་ཀྱི་རླུང་གི་སྟོབས་ཤུགས་ཟད་པས། ཕྱིའི་རྐྱེན་སྣང་བཟང་ངན་ཐམས་ཅད་རྣལ་འབྱོར་པའི་ལམ་གྱི་གྲོགས་སུ་འཆར། ནང་འཁྲུལ་པ་ཉོན་མོངས་པའི་བསམ་སྤྱོད་ལ་ཞེན་རྩོལ་མི་འབྱུང་། གསང་བ་རིག་པ་འཕོ་མེད་རྟོག་བྲལ་གྱི་དབྱིངས་སུ་ངང་གིས་གནས་པར་འགྱུར་བས་འདི་དུས་ཤི་ན་ཆོས་ཉིད་ཀྱི་བར་དོར་འཚང་རྒྱ་བ་ལས་ཕྱི་ནས་སྲིད་པའི་འཁྲུལ་སྣང་རང་རྒྱུད་པ་མི་འབྱུང་བ་ཡིན་ཏེ། ཐལ་འགྱུར་ལས། གོང་དུ་འཕེལ་བའི་ཉམས་སྣང་གིས། །འཁྲུལ་པའི་སྣང་བ་ནུབ་པར་བྱེད། །ཅེས་གསུངས་སོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། ད་ལྟའི་མ་དག་ཐ་མལ་གྱི་དངོས་སྣང་ས་རྡོ་རི་བྲག་སོགས་གདོས་བཅས་སུ་ཤར་ཚད་ནུབ་ནས། ལྷུན་གྲུབ་འོད་གསལ་གྱི་ཞིང་སྣང་ཆེན་པོས་ཡོངས་སུ་ཁྱབ་སྟེ་གང་སྣང་འོད་ཀྱི་རང་བཞིན་ལས་མི་འདའ། ལྔ་ལྡན་གྱི་ཐིག་ལེ་ལྔ་ཚོམ་མང་པོ་བཀོད་ལེགས་པ་རེ་རེའི་ནང་ནའང་ཞི་ཁྲོ་ཡབ་ཡུམ་འཁྲིལ་སྦྱོར་གྱི་སྐུ་ཚོམ་བུ་དང་བཅས་པ་མཁའ་དབྱིངས་གང་བ་ཙམ་དུ་འཆར་ཞིང་། དེ་དག་གི་ཐུགས་ཀ་ནས་ཤིན་ཏུ་ཕྲ་བའི་འོད་ཟེར་རང་གི་སྙིང་གར་འབྲེལ་བ་འབྱུང་། དེ་ཚེ་ཕྱིའི་ཡུལ་སྣང་ལོངས་སྐུའི་ཞིང་ལྟར་འཆར། ནང་རང་ལུས་གདོས་བཅས་ལྟར་རང་ངོར་མི་སྣང་ཞིང་སྟོང་གཟུགས་ཀྱི་རྣམ་པར་ཤར། གསང་བ་མ་དག་པའི་རླུང་སེམས་ཀྱི་འགྱུ་བ་རང་སར་འགག་ཅིང་དག་པའི་རླུང་སེམས་ཚད་ལ་ཕེབས་ཏེ་ཁྱད་པར་ཅན་གྱི་སྤྱན་དང་མངོན་ཤེས་སོགས་ཡོན་ཏན་དཔག་ཏུ་མེད་པ་ལ་རང་དབང་འབྱོར་ཞིང་། གལ་ཏེ་འདི་དུས་ཤི་ན་རང་གི་ལུས་སེམས་འོད་ཀྱི་ཟེར་ཐག་ལ་འདུས་ཏེ་ཡེ་ཤེས་ཀྱི་འོད་སྐུའི་ཐུགས་ཀར་ཞུགས་པའམ། འོད་སྐུ་རྣམས་ཚུར་རང་གི་སྙིང་གར་འདུས་པ་གང་རུང་གི་སྒོ་ནས་འཕོས་ཏེ་བར་དོར་གཞིའི་འོད་གསལ་དང་འདྲེས་ཤིང་། དེ་ཚེ་རགས་ལུས་ཟག་པ་བག་ཆགས་དང་བཅས་པ་སླར་མི་སྐྱེ་བའི་ཆོས་ཅན་དུ་དག་ཅིང་ཡེ་ཤེས་རིན་པོ་ཆེའི་འོད་ཕུང་དུ་དེངས། རིག་པ་སྒྲིབ་སྐྱོན་ཐམས་ཅད་ལས་རྣམ་པར་གྲོལ་ཏེ་ནང་དབྱིངས་ཀ་དག་ཆེན་པོའི་ཀློང་དུ་འཚང་རྒྱ་བ་ཡིན་ནོ། །དེ་ལྟར་ཡང་རྒྱུད་ལས། རིག་པ་ཚད་ཕེབས་སྣང་བ་ཡིས། །ཕྱི་ནང་གཟུང་འཛིན་གདོས་བཅས་གྲོལ། །ཞེས་པ་ལྟར་རོ། །བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། མ་དག་པའི་ཕྱིའི་ཡུལ་སྣང་། ནང་རང་ལུས། གསང་བ་ཉོན་མོངས་པའི་རྟོག་ཚོགས་དང་དེ་དག་གཡོ་བྱེད་ཀྱི་ལས་རླུང་རྣམས་རིག་ཐོག་ཏུ་རང་སར་དག་ནས་སླར་སྐྱེ་བའི་གནས་མེད་པར་ཟད་སར་འཁྱོལ་བ་ཡིན་ཏེ། ཐལ་འགྱུར་ལས། ཆོས་ཉིད་ཟད་པའི་སྣང་བ་ཡིས། ཁམས་གསུམ་འཁོར་བའི་རྒྱུན་ཐག་གཅོད། །ཅེས་སོ། །ཡེ་ནས་དྲི་མ་མེད་པའི་ཕྱིར་གསལ་ལྷུན་གྲུབ་ཀྱི་ལམ་སྣང་ཆེན་པོ་དེ་དག་ཀྱང་། དཔེར་ན་ཆུ་རླབས་སླར་འདུས་པ་ལྟར་གྲོལ་གཞི་ཀ་དག་གཏིང་གསལ་གཞོན་ནུ་བུམ་སྐུ་ཆེན་པོར་ངང་གིས་འཇུག་པ་ལ་ཉེ་བ་ན་སྐྱེ་བ་གང་ལའང་རང་དབང་འབྱོར་པ་ཆོས་ཉིད་ཡིན་པས། ཟག་བྲལ་འཕོ་ཆེན་རྡོ་རྗེའི་སྐུར་བཞེང་པར་སྤྲོ་ན་རང་ལུས་འོད་ཕུང་དུ་དེངས་པའི་འོད་ལྔའི་ལག་སོར་རྣམས་ཁྲ་ལམ་མེར་རིག་ངོར་སྣང་བ་ཙམ་ལས་ལུས་དབྱིབས་གཞན་གང་ཡང་མི་མངོན་པའི་མཚམས་འདིར། འོད་ཀྱི་སོར་མོ་ལ་རིག་པ་གཅུན་མ་ཐག་ཏུ་སྐད་ཅིག་གིས་དྭངས་མ་མི་ཤིགས་པའི་འཇའ་ལུས་འཕོ་ཆེན་རྡོ་རྗེ་ཟག་པ་མེད་པའི་ཡེ་ཤེས་ཀྱི་སྐུ་མངོན་དུ་འགྱུར་བ་ཡིན་ལ། གང་ལྟར་ཡང་ལམ་སྣང་ལྷག་མ་མེད་པ་རང་གི་སེམས་ཉིད་གདོད་མའི་གྲོལ་ས་མཐར་ཐུག་ཀ་དག་ཀློང་ཆེན་ཡངས་པ་མཚན་མའི་སྤྲོས་པ་ཐམས་ཅད་ལས་རབ་ཏུ་འདས་ཤིང་། ནང་གསལ་ཤིན་ཏུ་ཕྲ་བའི་ཡེ་ཤེས་ཆེན་པོ་ཐིམ་ལ་མ་རྨོངས་པ་རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་ངོ་བོར་འུབ་ཀྱིས་འདྲེས་ཏེ་དབྱེར་མེད་རོ་གཅིག་ཏུ་གྱུར་པས་དག་པ་གཉིས་ལྡན་མཐར་ཐུག་པའི་གཏན་སྲིད་ཚེ་འདིར་ཟིན་པ་ཡིན་ནོ། །དེ་ལྟར་ཡང་ཐལ་འགྱུར་ལས། ཆོས་ཟད་པ་ཡི་སྣང་བ་ནི། །ཉམས་ཀྱི་སྣང་བ་ཀུན་སྟོངས་ནས། །ལུས་ཟད་དབང་པོའི་ཡུལ་ཡང་ཟད། །རྟོག་ཚོགས་འཁྲུལ་པ་རང་གྲོལ་ནས། །བརྗོད་གཞི་ཚིག་དང་བྲལ་བ་འོ། །ཞེས་དང་། དེ་ལྟར་ལུས་འབྱུང་རྒྱུན་ཆད་ནས། །ཟག་བཅས་ཕུང་པོ་མི་སྣང་བར། །ཚེ་འདི་ཉིད་ལ་འཚང་རྒྱ་འོ། །ཞེས་སོ། །ཚིག་རྐང་ཕྱི་མ་གསུམ་པོ་འདིས་བི་མ་སོགས་འཕོ་ཆེན་རྡོ་རྗེའི་སྐུར་བཞུགས་པ་རྣམས་རྫོགས་པའི་སངས་རྒྱས་དངོས་ཡིན་ལུགས་གསལ་བར་བསྟན་པའང་ཡིན་ནོ། །དེ་ལྟར་ལམ་སྣང་སོ་སོའི་མཐའ་བརྟེན་གྱི་མན་ངག་གསུམ་མཚན་རེ་དང་། དེའི་ཁོངས་སུ་རྨི་ལམ་གྱི་ཚད། སྒོ་གསུམ་གྱི་དངོས་རྟགས་བཅས་མདོར་བསྡུས་བཤད་ན། མི་འགུལ་བ་གསུམ་ལ་གཞི་བཅའ་བ་ནི། ལུས་བཞུགས་སྟངས་དང་མིག་གཟིགས་སྟངས་གསུམ་གང་རུང་། རླུང་སེམས་དབྱིངས་རིག་ལ་གཏད་དེ་གཞན་དུ་མི་འགུལ་བ་བྱས་ན་དབྱིངས་རིག་འཕེལ་བརྟན་འབྱུང་བའི་མན་ངག་སྟེ་ཆོས་ཉིད་མངོན་སུམ་གྱི་དུས་སུ་གཅེས། སྡོད་པ་གསུམ་གྱི་ཚད་ནི། ཕྱི་སྣང་བ་རང་སོར་སྡོད་པས་དེས་སེམས་མི་འཕྲོག་སྟེ་རྐྱེན་སྣང་ལམ་གྲོགས་སུ་འཆར། ནང་ཕུང་པོ་སྡོད་པས་འཁྲུལ་པའི་བྱ་བ་མི་འཕེལ། གསང་བ་རླུང་སེམས་སྡོད་པས་འཁྲུལ་སེམས་འགག་པའི་མན་ངག་སྟེ་ཉམས་གོང་འཕེལ་གྱི་དུས་སུ་འབྱུང་། འདི་དུས་སོགས་སུ་ཚད་རྨི་ལམ་གྱིས་གཟུང་བ་ནི། དང་པོར་བཟང་པོ་ཤ་སྟག་རྨི། བར་དུ་ངོས་ཟིན་ཅིང་སྤྲུལ་བསྒྱུར་ནུས། མཐར་འོད་གསལ་གྱི་ངང་དུ་དག་ནས་རྒྱུན་ཆད་པ་འབྱུང་། རྟགས་སྒོ་གསུམ་ལ་ཤར་བ་ནི། མངོན་སུམ་གྱི་དུས་ན་ལུས་གཡོ་འགུལ་དང་བྲལ། ངག་སྨྲ་བརྗོད་དང་བྲལ། སེམས་འཁྲུལ་རྟོག་འཕྲལ་དུ་དག །གོང་འཕེལ་གྱི་དུས་སུ་ལུས་མཛེས་ཆོས་དང་བྲལ། ངག་བྱུང་རྒྱལ་དུ་སྨྲ། སེམས་རྟོག་མེད་ཀྱི་ངང་ལ་གནས། ཚད་ཕེབས་ཀྱི་དུས་ན་ལུས་འབྱུང་བཞིས་མི་ནོན། ངག་ཆོས་ཀྱི་དབྱངས་སྙན་ངང་གིས་འབྱུང་། སེམས་ཡ་ང་བག་ཚ་དང་བྲལ། ཆོས་ཟད་ཀྱི་དུས་སུ་ལུས་འཇའམ་ན་བུན་ལྟ་བུ། ངག་བྲག་ཆའི་སྒྲ་དང་། སེམས་རྟོག་གློག་འགྱུ་བ་ཙམ་ལས་མེད་པ་རྣམས་འབྱུང་ངོ་། །ཐོབ་པ་གསུམ་གྱི་གཟེར་ནི། ཕྱི་ཡུལ་སྣང་ཞིང་ཁམས་སུ་རང་སྣང་བའི་དབང་ཐོབ། ནང་རང་ལུས་འོད་སྣང་དུ་རང་ཤར། གསང་བ་རླུང་སེམས་ཉོན་མོངས་པ་སངས་ནས་ཡེ་ཤེས་སུ་དབང་། འདི་རྣམས་ཚད་ཕེབས་ཀྱི་སྐབས་སུ་འབྱུང་། གདེང་བཞིའི་གྲོལ་ཚད་ནི། སངས་རྒྱས་གཞན་ནས་ཐོབ་འདོད་ཀྱི་རེ་བ་དང་རང་གནས་མངོན་དུ་མི་འགྱུར་བའི་དོགས་པ། འཁོར་བ་གཞི་མེད་དུ་གྲོལ་བས་རང་ཉིད་སླར་འཁོར་མི་འཁོར་གྱི་དགག་སྒྲུབ་རེ་དོགས་ངང་གིས་ཟད་པ་ནི་ལམ་སྣང་བཞིའི་སྐབས་སུ་འབྱུང་། རྨི་ལམ་ཟིན་པ་སོགས་ལམ་རྐྱེན་གཞན་ལ་མི་ལྟོས་ཏེ་ཐོད་རྒལ་གོམས་པ་ན་ངང་གིས་འབྱུང་བར་ཤེས་དགོས་སོ། །ཐོད་རྒལ་གྱི་མན་ངག་འདི་ནི་ཐེ་ཚོམ་མེད་ལ་བརྩོན་འགྲུས་ཆེ་བའི་གང་ཟག་གི་སྤྱོད་ཡུལ་ཡིན་པས། རྩེ་གཅིག་ཏུ་འབད་ནུས་ན་ཤེས་རབ་རྣོ་རྟུལ་དང་ལས་བཟང་ངན་ལ་མི་ལྟོས་པས་ཤེས་ལྡན་དག་གིས་ཅིས་ཀྱང་ནན་ཏན་བྱ་བའི་གསང་ལམ་མཆོག་དམ་པ་ཉིད་དོ། །གསུམ་པ་གེགས་སེལ་བོགས་འདོན་མན་ངག་མདོར་བསྡུས་ནི། མིག་སྐྱོན་བསལ་ཞིང་དྭངས་གསལ་བརྟན་པོ་འབྱུང་ཐབས་དང་། སྒྲོན་མ་འཕེལ་བྱེད་ཀྱི་སྔགས་དང་རྫས་དང་རྟེན་འབྲེལ་གྱི་ཁྱད་པར་རྣམས་སྙིང་ཐིག་བཀའ་གཏེར་སོགས་གཞན་ལས་ཤེས་པར་བྱ། གེགས་སེལ་བོགས་འདོན་གཅིག་ཆོག་མཐར་ཐུག་པ་བླ་མའི་མོས་གུས་རྩལ་དུ་འདོན། གེགས་མེད་ཅིང་ལམ་མཐར་སྐྱེལ་ཐབས་ཀྱི་རྩ་བ་གསང་སྤྱོད་ཡིན་པས་བརྟུལ་ཞུགས་རླུང་འཛིན་གྱི་སྤྱོད་པ་བདུན་པོ་འདི་དག་ལ་རྩལ་ཅི་ཡོད་ཀྱི་སྒོ་ནས་འབད་དགོས་ཤིང་། དང་པོ་བུང་བ་བཅུད་ཚོལ་གྱིས། སྤྱིར་ལམ་གྱི་སྤང་གཉེན་ངོས་འཛིན་དགོས་མོད། སྐབས་འདིར་ནི་སྤང་བྱའི་རྩ་བ་ཕྱོགས་རིས་མེད་པའི་འགྲོ་རྒྱུད་ཀྱི་ཤེས་ཆ། གྲོལ་འཁྲུལ་གཉིས་ཀའི་སྔ་རོལ་གྱི་སྤྱི་གཞི་ལུང་མ་བསྟན། རྟོགས་ན་སངས་རྒྱས་ཀྱི་སྐུ་དང་ཞིང་བཀོད། མ་རྟོགས་ན་འགྲོ་དྲུག་གི་གནས་དོན་ལུས་ཀྱི་བྱེ་བྲག་འབྱམས་ཀླས་པ་འབྱུང་ངེས། དེ་གཉིས་གཅིག་གིས་གཅིག་མ་སྒྲིབ་པ། རྒྱུ་རྐྱེན་གང་འཛོམ་པ་ན་མེད་སྣང་སྒྱུ་མ་ལྟ་བུ་མངོན་སུམ་དུ་འབྱུང་རུང་གོ་མ་འགག་ཅིང་བྱེ་བྲག་ཕྱེད་མ་རག་པ་ཡོད་མཉམ་དང་། སྣང་བའི་དུས་ཉིད་ནས་དོན་ལ་ཅི་ཡང་མ་གྲུབ་པའི་སྤྲོས་བྲལ་ཡིན་མཉམ། དེ་ལྟ་བུ་དེ་ལ་སྲོག་གི་རླུང་ཞེས་བྱ་བའང་གནས་པས་དེས་བསྐུལ་ཏེ་སྣང་ཆ་ཕྱིར་བསྐྱོད་པ་འོད་ལྟར་མངོན་པའི་ཚེ། དེ་ལ་བརྟེན་ནས་ཐོག་མར་འཁྲུལ་ལུགས་ནི་རྐྱེན་བཞིའི་དབང་གིས་ཡིན་ཏེ། རྒྱུའི་རྐྱེན་རང་སྣང་ཡིན་པར་ངོ་མ་ཤེས་པ། བདག་པོའི་རྐྱེན་དེ་ལས་གཞན་དུ་གཟུང་བ། དམིགས་པའི་རྐྱེན་དེ་ལས་འཁྲུལ་སྣང་དུ་མ་མཆེད་པ། དེ་མ་ཐག་པའི་རྐྱེན་ཤེས་དང་ཤེས་བྱ་དེ་དག་དུས་མཚུངས་པའི་དབང་གིས་ཡེ་ཤེས་ཀྱི་སྐུ་ཟག་བཅས་ཀྱི་ལུས་སུ་འཁྲུལ། དབྱིངས་སྣང་ཡུལ་དུ་འཁྲུལ། རིག་པ་སེམས་སུ་འཁྲུལ་པ་ཡིན་མོད། དེ་ལྟར་ཐོག་མར་འཁྲུལ་པའི་དུས་ཉིད་ནས་བཟུང་སྟེ་རང་རེ་ད་ལྟ་འཁྲུལ་འབྱམས་ཀྱི་ངང་དུ་གནས་བཞིན་པའི་དུས་འདིར་ཡང་སྐུ་དང་ཡེ་ཤེས་ལས་རྒྱང་ཆད་དུ་སོང་བ་ནི་ཅུང་ཟད་ཀྱང་མེད་དེ། དཔེར་ན་ཆུ་ཉིད་གྲང་ལྷགས་ཀྱི་རྐྱེན་གློ་བུར་བའི་དབང་གིས་ཆབ་རོམ་ཞེས་སྲ་མཁྲེགས་རྡོ་ལྟ་བུའི་རྣམ་པར་མངོན་སུམ་དུ་སྨིན་ཟིན་པའི་དུས་དེར་ཡང་རང་བཞིན་ནི་ཆུ་ལས་འདའ་མ་མྱོང་བ་བཞིན་ནོ། །དེས་ན་རྣམ་འགྱུར་བཟང་ངན་ཤིན་ཏུ་ཐ་དད་པ་ཙམ་རྒྱུ་མཚན་དུ་བྱས་ཏེ་རང་བཞིན་རྣམ་དག་ལ་ཐེ་ཚོམ་ཟ་བ་ནི་ནམ་ཡང་མི་རུང་ངོ་། །དེ་ལྟར་གློ་བུར་དུ་འཁྲུལ་ལུགས་ཇི་བཞིན་པ་ཤེས་ན་དེའི་དངོས་གཉེན་ལམ་བདེན་ཡང་རིག་པ་དང་དེའི་རང་སྣང་ངོ་འཕྲོད་པ་ཉིད་ལྟ་བའི་མཐར་ཐུག་ཡིན་ལུགས་ལ་ངེས་པ་མི་རྙེད་མི་སྲིད་དོ། །གྲོལ་ནའང་རྐྱེན་བཞིས་གྲོལ་ཏེ། རྒྱུའི་རྐྱེན་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་ཡེ་ཐོག་གདོད་མའི་སེམས་ཉིད་ཀ་དག་སྟོང་ཆེན། བདག་པོའི་རྐྱེན་མ་བཅོས་རང་བྱུང་གི་རིག་པ་རྗེན་པ། དམིགས་པའི་རྐྱེན་དབྱིངས་རིག་དབྱེར་མེད་ཆེན་པོའི་རང་ངོ་ཤེས་པ། དེ་མ་ཐག་པའམ་མཚུངས་པའི་རྐྱེན་དབྱིངས་རིག་དྲི་མ་མེད་པ་ངོ་ཤེས་རྩལ་རྫོགས་བརྟན་པ་མཐར་ཕྱིན་པ་ཐོབ་མ་ཐག་ཏུ། ཕྱོགས་དུས་མུ་མཐའ་མེད་པའི་དག་པ་གཉིས་ལྡན་གྱི་སངས་རྒྱས་མ་ལུས་པའི་ངོ་བོ་སྐད་ཅིག་གིས་མངོན་དུ་འགྱུར་བ་ལས་འདའ་མི་སྲིད་པ་ཡིན་ནོ། །དེ་འདྲ་མ་བྱུང་བར་དུ་འཁྲུལ་ཆ་ལ་མིང་བཟང་པོ་ཅི་ཙམ་བཏགས་ཀྱང་གཉེན་པོ་མེད་ན་རང་གྲོལ་དུ་འགྲོ་བ་ནི་གནས་མེད་ཅིང་སྐབས་མེད་དོ། །ཐོས་རྒྱ་གཞན་ཆེ་རུང་ཆུང་རུང་སྙིང་ཐིག་པ་རྣམས་ནས་འདི་ཙམ་རེ་མ་ཤེས་ན་དགེ་མེད་སྡིག་མེད་ལྟ་མེད་སྒོམ་མེད་ཉིན་མཚན་བར་མེད་ཡིན་རབས་སོགས་སྨྲ་ཁམ་ཅི་ཙམ་ཆེ་ཡང་དོན་ལ་མགོ་རྨོངས་རེ་ཡིན་པར་འདྲའོ། །ཞེས་གསུངས། གཉིས་པ་ཐི་བྱ་ཚང་འཇུག་ནི། སྙིང་ཐིག་སྙིང་པོའི་ལམ་གནད་ལ་ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་ངེས་བྱུང་ན། དེ་ཚེ་ཉམས་ལེན་ལ་འཇུག་དགོས་ཀྱི་ཐེ་ཚོམ་ཅན་གྱིས་ལམ་གོ་ཆོད་དཀའ། འོན་ཀྱང་བླ་མའི་མོས་གུས་བཟང་པོ་དང་འབྲེལ་བའི་ཉམས་ལེན་བྱས་ན་ཐེ་ཚོམ་རང་ཐོག་ཏུ་ཆོད་པའང་འབྱུང་བ་ཡིན་པས། ཁང་ཕུག་ཏུ་རོ་ཉལ་མི་བྱེད་པར་དབྱིངས་རིག་མངོན་སུམ་གྱི་དོན་ལ་བསམས་པས་ཉོན་མོངས་པའི་མགོ་ནོན། གནད་སྨིན་རེ་བསམ་ཚེ་སྲིད་པ་ཧྲུལ་པོར་འགྲོ། བསྒོམ་ཞིང་རྩལ་རྫོགས་པ་ན་ཉོན་མོངས་པ་རང་མཚན་དྲུང་ནས་འབྱིན་པ་འབྱུང་བ་ནི་མི་བསླུའོ། །གསུམ་པ་རི་དྭགས་ལྟ་བུ་ནི། ཉམས་ལེན་གྱི་གྲོགས་སུ་དཔེར་ན་རི་དྭགས་རྨས་མ་བཞིན་དུ་གཅིག་པུ་དབེན་པར་ཇི་སྲིད་འཚོ་བའི་བར་དུ་གནས་དགོས་སོ། །བཞི་པ་ལྐུག་པ་ལྟ་བུ་ནི། རི་ཁྲོད་དུ་ངག་འཆལ་ལས་ཐུ་བ་མེད་པས་ཅི་ཡང་མི་སྨྲ་བ་ལ་བསླབ། སྐབས་རེར་ཚོགས་སུ་ཡང་ལྐུག་པ་བཞིན་དུ་འདུག །ལྔ་པ་ནི། དེ་ལྟར་བྱས་ན་ངེས་མེད་འབྲེལ་མེད་ཀྱི་ཚིག་རེ་དོགས་དང་བྲལ་བ་རང་རྡོལ་དུ་བྱུང་ཚེ་ཆེད་དུ་མི་སྤང་བ་ལ་སྨྱོནྃ་པྃ་ལྟརྃ་སྨྲྃ་བྃ་ཞེས་གྲགས། དྲུག་པ་ནི། ཟས་གོས་གནས་མལ་ལ་བཟང་ངན་བླང་དོར་མེད་པར་ཁྱི་ཕག་ལྟར་གང་བྱུང་དེས་ཆོག་བྱུང་ན་བཟྃང་ངྃན་རོྃ་སྙོམྃ་གྱིྃ་སྤྱོདྃ་པྃ་ཞེས་བྱ། དེ་དྲུག་མཐར་ཆགས་སམ་ཅི་རིགས་རྫོགས་ནས་རང་རིག་པའི་ཡེ་ཤེས་ལ་རང་དབང་བརྟན་པོ་ཐོབ་པ་ན་སྣང་བ་རྒྱས་ཐེབས་ནི་ངང་གིས་འབྱུང་སྟེ། དེ་ཡང་སྣང་རྐྱེན་གྱིས་རིག་པ་ཚུར་མི་ནོན་ཅིང་རིག་པ་རང་སོར་གནས་པ་ཁོ་ནས་ཆོག་གི །སེམས་སྡེ་སོགས་ལྟར་རིག་པས་སྣང་ཐོག་ཏུ་ལྷན་པ་སྦྱར་འདུག་ག་ལ་དགོས། རིག་པའི་རང་སོ་ཅི་ཙམ་ཟིན་པ་དེ་སྲིད་དུ། དེས་ནི་བཟང་རྐྱེན་ལ་ཕར་མི་རེ་བས་འདོད་ཞེན་ཐམས་ཅད་དང་བྲལ། ངན་རྐྱེན་གྱིས་ཚུར་མི་ནོན་པས་ཁོང་ཁྲོ་བ་དང་ཞེ་སྡང་གི་གནས་མེད། ཡུལ་དང་ཡུལ་ཅན་གྱི་རྣམ་པ་ཐམས་ཅད་རིག་པའི་ཡོ་ལང་ཁོ་ན་ལས་མི་འདའ་བ་བྱུང་ན་དེ་ལ་སེང་གེ་ལྟ་བུའམ་སྣངྃ་སྲིདྃ་དབྃང་བསྒྱུརྃ་གྱིྃ་སྤྱོདྃ་པྃ་ཞེས་བྱ་སྟེ་བདུན་པ་ཡིན་ལ། འདི་དག་རང་ཉམས་དང་ལེགས་པར་སྦྱར་ཞིང་ཟོལ་དང་མ་འདྲེས་པར་དུས་ཚོད་དང་འབྲེལ་བའི་སྒོ་ནས་རྣམ་པར་དག་པ་རེ་སྤྱད་པར་བྱའོ། །ཉམས་ལེན་གྱི་བོགས་ཉམས་ལེན་ཉིད་ཀྱིས་འདོན་དགོས་པ་གཞིར་བཅས་པས། དངོས་གཞིའི་ཁྲིད་ཀྱི་ཁོངས་འདིར་དགེ་སྦྱོར་སྲང་དུ་གཞུག་པའི་མན་ངག་དུས་བཞི་སངས་རྒྱས་མཉམ་སྦྱོར་བཤད་ན། དང་པོ་ཉིན་པར་དབྱིངས་རིག་རང་ཞལ་བ༹ལྟ་བ་ནི། ཀ་དག་གི་རིག་སྟོང་དང་དེའི་རང་གདངས་ལྷུན་གྲུབ་ཀྱི་འོད་སྣང་གང་ཡང་སྔར་བཤད་པ་ལྟར་ཚུལ་བཞིན་དུ་ཉམས་སུ་བླང་། གཞུང་གི་དངོས་བསྟན་ལྟར་ན་ཐོད་རྒལ་གནད་སྨིན་བསྒོམ་པས་ཉིན་སྣང་འདའ་ཐུབ་པ་བྱུང་ན་བཟང་། སྲོད་འཁོར་སོགས་ནམ་སྟོད་ལའང་ཟླ་བ་གསལ་ན་དེ་དང་མིན་ན་མར་མེ་ལ་བརྟེན་ཏེ་རླུང་སེམས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་སྒྱུ་མ་རྡོ་རྗེ་བཙན་པོ་དེའི་དྲ་བར་བཙུད་ན་ལེགས། གཉིས་པ་སྲོད་ལ་དབང་པོ་གནད་དུ་བསྡུ་བ་ནི། ཆགས་ཅན་ཡིན་ན་རང་ལུས་ཐབས་ལྡན་ལས་རུང་གི་དུས་སུ་ལས་རྒྱ་ཚུལ་བཞིན་དུ་བསྟེན་པ་ལས་བྱུང་བའི་བདེ་སྟོང་གི་ངང་དུ་རླུང་སེམས་དབང་ཡུལ་གནད་དུ་བསྡུ་བ་བྱས་ནའང་གཞུང་འདིར་ཡུལ་གྱི་བདུད་རྩི་བརྟེན་ཅེས་སྤྱིར་བཏང་ཙམ་མངོན་པས་ཆོག །ཡང་ན་རང་ལུས་ཐབས་ལྡན་གྱི་འབར་འཛག་སྔོན་འགྲོའི་སྐབས་ནས་བྱུང་བ་དེ་ལྟར་བྱས་ཀྱང་འཐུས། གསུམ་པ་ནམ་གུང་ཤེས་བྱ་བུམ་འཇུག་ནི། གཉིད་ལ་ཉེ་བ་ན་བླ་མ་དང་རང་རིག་པ་དབྱེར་མེད་ཀྱི་ངོ་བོ་ཐིག་ལེ་དཀར་པོ་སྲན་མ་ཙམ་གྱི་དཀྱིལ་དུ་ཨ་དཀར་སྤུ་ཤད་ཙམ་ཡོད་པ་རེ། རང་གི་སྙིང་དབུས་དང་སྨིན་མཚམས་སུ་གསལ་ལེགས་པར་བཏབ་ཅིང་བླ་མ་ལ་འོད་གསལ་ཟིན་པའི་འདོད་དོན་ཡང་རྩེ་གཅིག་ཏུ་གསོལ་ཏེ་ཕྲ་ཐིག་ལ་སེམས་གཟུང་། གསལ་བར་ཟིན་པ་ན་དེའི་འོད་ཀྱིས་སྣང་སྲིད་ཐམས་ཅད་འོད་ལྔས་ཁྱབ་པར་བསམ། མཐར་དེ་ཡང་ཐིག་ལེ་ལ་བསྡུས་ཏེ་སེམས་གཞན་དུ་མ་ཡེངས་པར་གཉིད་ལོག །ཐིག་ལེ་གཉིས་དུས་གཅིག་ལ་སྒོམ་མ་བདེ་ན་རེས་མོའམ་གཙོ་བོ་སྙིང་ཁར་བྱ། ཐིག་ལེ་ལེབ་མོའི་དཀྱིལ་དུ་ཨ་ཡོད་པ་མིན་པས་ཟླུམ་པོའི་སྦུབས་སུ་ཨ་རང་དོད་གསལ་སྒྲིབ་བྲལ་བ་བསྒོམ་མོ། །ཐབས་དེས་ཀྱང་འོད་གསལ་དང་རྨི་ལམ་ཟིན་པར་འགྱུར། བཞི་པ་ཐོ་རངས་རིག་པ་རང་གསལ་གདབ་པ་ནི། ཐོ་རངས་ལུས་གནད་སེང་གེའི་འདུག་སྟངས་དང་བཅས་ཧ་སྤྲུགས་ཀྱིས་རླུང་བསངས་ནས། མདུན་གྱི་ནམ་མཁའ་མདའ་གང་ངམ་ཁྲུ་གང་ཙམ་ན་རྩ་བའི་བླ་མ་དང་བི་མ་ལ་དབྱེར་མེད་པའི་ངོ་བོ་ཨ་དཀར་པོ་དྭངས་གསལ་འོད་ལྔ་འབར་བ་གསལ་བཏབ་ལ་མིག་ཀྱང་དེར་གཏད། བླ་མའི་ཐུགས་སྐྱེ་མེད་ཀྱི་ངང་དུ་རང་གི་ལུས་སེམས་ཁྲུག་གེར་འདྲེས་པར་བསམས་ལ་རླུང་རིག་རྩེ་གཅིག་ཏུ་གཅུན་ཏེ་ཨ་ལ་གཏད། རིག་པ་བསླད་ཆ་དང་བྲལ་ནས་དྭངས་སང་ངེར་བྱུང་ཚེ་རང་སེམས་སྐྱེ་མེད་ལས་གུད་ན་བླ་མ་མེད་པར་ཁོ་ཐག་བཅད་དེ་རིག་པ་རང་བབས་བདེ་ལུགས་སུ་བསྐྱངས་ན་ཀུན་རྟོག་ཐམས་ཅད་དེའི་རོལ་པར་འཆར་ཞིང་རང་གྲོལ་དུ་འགྲོ་བ་ཡིན། དུས་དང་རྣམ་པ་ཀུན་དུ་གཅེས་པའི་གནད་གཅིག་ཆོག་ནི། ཉམས་ལེན་གང་བྱེད་དང་དེ་ལས་གཞན་པའི་སྒོ་གསུམ་གྱི་བྱ་བ་ཐམས་ཅད་ཀྱང་རིག་པ་གསལ་དག་གི་ངང་ནས་བྱས་ན། སྣང་སེམས་ཐམས་ཅད་རྒྱ་མཚོ་ལ་གཟའ་སྐར་ཤར་བ་ལྟར་རིག་པའི་རྒྱན་དུ་སྣང་བ་དང་ཆུ་རླབས་ཆུར་ཐིམ་པ་ལྟར་རིག་པ་དང་རོ་གཅིག་ཏུ་རྫོགས་པ་ཡིན་ནོ། །གཉིས་པ་དབང་པོ་འབྲིང་བར་དོར་གྲོལ་བྱེད་ཀྱི་གདམ་ངག་ལ་གཉིས། འཆི་ཁ་བར་དོའི་མན་ངག་མ་པང་དུ་བུ་འཇུག་ལྟ་བུ་དང་། ཆོས་ཉིད་བར་དོའི་མན་ངག་མི་འགྱུར་བ་གསེར་ཐུར་ལྟ་བུའོ། །དང་པོ་ལའང་གཉིས་ཏེ། དབྱིངས་རིག་བསྲེ་བ་དང་། འཕོ་བའི་གདམ་ངག་གོ །དབྱིངས་རིག་བསྲེ་བ་ནི། ད་ལྟ་ནས་ནམ་མཁའ་སུམ་ཕྲུགས་གཅིག་ཏུ་བསྲེ་བ་ལ་ཉམས་ལེན་གནད་དུ་འགྲོ་བར་བྱ་སྟེ། ཕྱི་དབྱིངས་མཚོན་བྱེད་བར་སྣང་སྟོང་སེང་བློ་ཡུལ་སྒྲིབ་ཐོགས་བྲལ་བ་འདི་འམ། རྒྱན་གྱི་ནམ་མཁའ་གཡའ་དག་ལ་ངོས་བཟུང་བའང་འདུག །གང་ལྟར་ཡང་མཚོན་བྱ་དངོས་ནི་ཆོས་རྣམས་ཀྱི་ཆོས་ཉིད་ཀ་དག་ཀློང་ཡངས་ཆེན་པོ། ཕྱི་དང་ནང་མེད་པ་ཀུན་དུ་ཡང་ནང་དུ་གྱུར་པའི་དབྱིངས་འཕོ་འགྱུར་དང་བྲལ་བ་དེས་ད་ལྟ་ཕྱི་རོལ་ན་ཡང་ཁྱབ་དགོས་ཀྱི་རྒྱ་ཆད་ཕྱོགས་ལྷུང་ཅན་དུ་གང་ནའང་མི་གནས་པ་དེའོ། །དེ་བཞིན་དུ་ནང་དབྱིངས་ཀྱང་ལུས་ནང་གི་རྩ་སྦུག་སྟོང་སེང་ངེ་བ་ཉིད་དོ། །གསང་དབྱིངས་ཉིད་ནི་སེམས་ཉིད་སྟོང་ཆེན་རིག་པའི་སྙིང་པོ་ཅན་འདི་ཁོ་ནའོ། །དེ་རྣམས་ཡེ་ནས་རོ་གཅིག་ཡིན་པ་ལ་རང་རེ་སེམས་ཅན་གྱི་བློ་ངོར་གུད་ཆད་ལྟར་སྣང་བ་ཉིད། གསང་མཆོག་རྒྱལ་པོའི་མན་ངག་གི་འཕྲུལ་ཐབས་ཁྱད་པར་ཅན་གྱིས་དབྱེར་མེད་རོ་གཅིག་ཏུ་བསྲེ་བ། ཡིན་ལུགས་ཀྱི་ལམ་གནད་ཤེས་པའི་སྒོ་ནས་དབྱིངས་རིག་བསྲེ་བའམ་ནམ་མཁའ་སུམ་ཕྲུགས་བསྒོམ་པ་ལ་རྩེ་གཅིག་ཏུ་འབད། བར་སྐབས་སུ་ང་ཤི་ཚར་བ་ཡིན། ནམ་མཁའ་ལྟ་བུའི་སྟོང་ཆེན་གྱི་དབྱིངས་འདི་འཆི་སྲིད་ཆོས་སྐུའི་འོད་གསལ་ཡིན། སེམས་ཉིད་རིག་སྟོང་ངོ་ཤེས་པ་འདི་ཆུ་ཕྲན་ནམ་བུ་ལྟར་སྣང་ཞིང་། གཞིར་གནས་གཉུག་མའི་སྟོང་ཆེན་གྱི་འོད་གསལ་ཉིད་རྒྱ་མཚོའམ་མ་ལྟར་སྣང་བ་འདི་ཡང་། བློ་ངོར་གཉིས་སྣང་ཙམ་ལས་དོན་དུ་རང་གནས་སུ་བསླེབས་པ་ན་མ་བུ་ལྟར་ཕོ་མོ་ཐ་དད་ཙམ་ཡང་གདོད་ནས་ཡོད་མ་མྱོང་པས། ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་རོ་གཅིག་ཏུ་རྟོགས་པར་བྱའོ་སྙམ་དུ་ཁོ་ཐག་ཆོད་པའི་བློའི་འཕེན་པ་དྲགས་པོ་རེ་གཏང་། དེ་ལྟར་གོམས་ན་འཆི་ཁར་སྟབས་བདེ་བ་འབྱུང་། དེ་ནས་འཆི་ཁའི་དུས་དེར་སྔར་གོམས་པ་ལྟར་དབྱིངས་རིག་བཙན་ཐབས་སུ་བསྲེ་བར་བྱའོ། གཉིས་པ་འཕོ་བ་དེ་དུས་སྦྱོང་ལུགས་ནི། བསམ་གཏན་གྱི་སྤྱོད་ལམ་ལ་གནས་པས་སྔོན་འགྲོ་ཚང་བའམ་སྐྱབ་སེམས་ལེགས་པར་སོང་བའི་རྗེས་སུ། ནམ་མཁའི་དབྱིངས་ཐམས་ཅད་རང་བཞིན་སྤྲུལ་པའི་ཞིང་མཆོག་ལྔ་དུར་ཁྲོད་ཆེན་པོ་མེ་རི་འབར་བ་དང་བཅས་པས་ཡོངས་སུ་ཁྱབ་པར་མོས། རང་ལུས་འོད་སྣང་ཁོང་སྟོང་གི་དབུས་ན་རྩ་དབུ་མ་བྱང་ཆུབ་ཆེན་པོའི་རྒྱུ་ལམ་མདའ་སྨྱུག་ཙམ་གསང་གནས་ནས་སྤྱི་བོའི་བར་དུ་དྲང་ཐལ་ལེར་ཤེལ་སྔོན་གྱི་སྦུག་གུ་བཞིན་དུ་ཡོད་པར་བསྒོམ། སྙིང་གའི་ཐད་ཀྱི་དབུ་མའི་ནང་ན་རང་གི་རླུང་སེམས་ཐམས་ཅད་ལྷག་མ་མེད་པར་འདུས་པའི་ངོ་བོ་ཐིག་ལེ་འོད་ལྔའི་མདངས་ཅན་གྱི་སྦུབས་སུ་ཨ་དཀར་གྱིས་མཚན་པ་ཆུང་ངུ་ཞིག་རྩེ་གཅིག་ཏུ་བསྒོམ། རང་གི་སྤྱི་བོར་དབུ་མའི་སྟེང་ན་འཇའ་གོར་གྱི་ནང་དུ་དཔལ་དྲིན་ཆེན་རྩ་བའི་བླ་མ་ཉིད་དགྱེས་ཡེ་རེ། བར་དོའི་ལམ་སྣ་འདྲེན་པའི་དེད་དཔོན་ཆེན་པོར་འོད་སྐུའི་རྣམ་པས་མངོན་སུམ་དུ་བཞུགས་པ་ལ། བདག་ཀྱང་བླ་མའི་ཐུགས་བདེ་ཆེན་འོད་གསལ་གྱི་ཀློང་དུ་སྐད་ཅིག་གིས་དྲང་དུ་གསོལ་སྙམ་དུ་མོས་གུས་གདུང་ཤུགས་དྲགས་པོས་གསོལ་བ་ཕུར་ཚུགས་སུ་བཏབ་ཅིང་། འཕོ་བྱ་རླུང་སེམས་ཀྱི་ཐིག་ལེར་སེམས་གཏད་མ་ཐག་ཏུ་འཕར་ལིང་ལིང་ཇེ་མཐོར་སོང་བ་དབུ་མའི་ཡར་སྣེར་སླེབ་མཚམས་སུ། ཧིག་གམ་ཕཊ་དྲག་པོ་གཉིས་ཀའམ་གང་རུང་བརྗོད་པས་ཐིག་ལེ་ཉིད་བླ་མའི་ཐུགས་ཀར་སིབ་ཀྱིས་ཐིམ་ནས་རོ་གཅིག་ཏུ་འདྲེས་པ་ཡང་ཡང་བསྒོམ། ཐུན་བསྡུ་བ་ན། བླ་མ་དབུ་མའི་ལམ་ནས་སྙིང་དབུས་སུ་ཐིམ་པས་རང་བླ་མའི་ངོ་བོར་སངས་རྒྱས་པར་བསམས་ལ་སེམས་ཁོང་ལྷོད་དེ་རང་བབས་སུ་གཞག །ཞིང་ཁམས་རྣམས་མི་དམིགས་པའི་ངང་ནས་དགེ་བ་བསྔོ་ཞིང་། སྐྱེ་བ་ཀུན་དུ་ཡང་དག་བླ་མ་དང་། །ཞེས་སོགས་ཀྱི་སྨོན་ལམ་གདབ། འཆི་ངེས་པའི་ཚེ་འདི་སྣང་གི་ཞེན་ཕྱིར་གཏན་ནས་མི་འབྲང་བར་འཕོ་བའི་ཉམས་ལེན་སྔར་སྦྱངས་པ་ལྟར་ལ། ཐུན་མཐར་རྩ་བའི་བླ་མ་ཉིད་དུར་ཁྲོད་མེ་རི་འབར་བ་སོགས་རང་བཞིན་སྤྲུལ་པའི་ཞིང་མཆོག་གང་མོས་དེར་དངོས་སུ་བཞུད་པར་སྒོམ་པ་ཙམ་ཁྱད་པར་དུ་བྱས་ཏེ། རྩེ་གཅིག་ཏུ་སྒོམ་བཞིན་པའི་ངང་ནས་དབུགས་ཆད་པའམ་ཅི་ལྕོགས་ཀྱི་བར་དུ་སྒོམ་ནུས་ན་སྡིག་པས་མི་གོས་ཏེ་དག་པའི་ཞིང་དུ་སྐྱེ་བར་འགྱུར་རོ། །བར་དོར་གྲོལ་ཚད་ཅན་ཡིན་རུང་འཕོ་བ་བྱས་པས་ཐུར་དུ་ལྷུང་བར་མི་འགྱུར་བ་ཡང་ཤེས་དགོས་སོ། །གཉིས་པ་ཆོས་ཉིད་བར་དོའི་མན་ངག་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུ་ནི། འཆི་དུས་ཀྱི་ཐིམ་རིམ་རགས་པ་རྣམས་རྫོགས་ནས། སྣང་མཆེད་ཐོབ་གསུམ་གྱི་སྣང་བ་ཡང་ངོས་ཟིན་ལོང་ཡོད་མེད་གང་རུང་གི་མཐར་རླུང་སེམས་གློ་བུར་པའི་རྒྱུ་བ་མ་ལུས་པ་རང་འགག་ཏུ་སོང་བ་ན། འཆི་སྲིད་དུས་ཀྱི་གཞི་ཡི་འོད་གསལ་སེམས་ཉིད་གཉུག་མའི་ངོ་བོ་སྟོན་གནམ་གཡའ་དག་པ་ལྟ་བུ་ངང་གིས་ཤར་བ་ཡིན་མོད། ལམ་གནད་མི་ཤེས་པ་རྣམས་བརྒྱལ་ཏེ་སེམས་མེད་པའི་གནས་སྐབས་ཀྱི་ངང་རེ་ཞིག་འཐུམ་པར་འགྱུར་ལ། སླར་ཡང་སེམས་ཉིད་འོད་གསལ་གྱི་རྩལ་ལས་རླུང་རིག་གི་རང་སྣང་ཤར་ནའང་ངོས་ཟིན་ལོང་མེད་པར་རང་ངོར་བག་ལ་ཞ་སྟེ་སྲིད་པ་བར་དོའི་འཁྲུལ་སྣང་འཆར་བ་རྩོམ་པ་ལས་མི་འདའ། འདི་དུས་སྐྱེ་སྲིད་ལམ་བྱེད་ཀྱི་མན་ངག་མེད་པ་རྣམས་ནི་བར་དོའི་ཡིད་ལུས་གྲུབ་པ་ལས་ཅི་ཡོད། རྡོ་རྗེ་ཐེག་པའི་ལམ་གནད་གོམས་པ་རྣམས་ནི་བཤད་མ་ཐག་པ་ལྟར་སེམས་གཞན་འགག་ཟིན་དུས་སུ་དྲན་མེད་རང་གར་མི་འཐུམ་པར་རབ་ཏུ་སྟོང་པ་དཔེ་ཡི་འོད་གསལ་གྱི་ཚུལ་དུ་རྟོགས་ན། དེའི་རྗེས་ཐོབ་ཏུ་སྲིད་པ་བར་དོའི་ཡིད་ལུས་མེད་པར་དག་པའི་སྒྱུ་ལུས་འགྲུབ་པ་ཡང་ཡོད་མོད། རྫོགས་ཆེན་སྙིང་ཐིག་པའི་ཁྱད་ཆོས་རང་སྣང་ཆོས་ཉིད་བར་དོར་ཤར་བའི་ལམ་སྣང་གི་ལྷ་སྐུ་དང་མི་འདྲ་སྟེ། ཀློང་དྲུག་པ་ལས། ཆོས་ཉིད་དག་པའི་བར་དོ་དང་། །ཡི་དམ་ལྷ་ཡི་སྒྱུ་ལུས་གཉིས། །འདྲ་འོ་འདྲ་འོ་ནོར་ར་རེ། །ཞེས་པ་ལྟར་འོད་གསལ་གྱི་རྩལ་སྣང་ཕྲ་རགས་དང་དྲི་བཅས་རླུང་སེམས་ཕྲ་མོས་བསླད་པ་ཡོད་མེད་ཀྱི་ཁྱད་ཤིན་ཏུ་ཆེ། བསྐྱེད་རྫོགས་ཀྱི་ཉམས་ལེན་དེ་ལས་ལྷག་པ་རྣམས་ནི་རབ་ཏུ་སྟོང་པ་དོན་གྱི་འོད་གསལ་མངོན་སུམ་དུ་རྟོགས་རྗེས་སློབ་པའི་ཟུང་འཇུག་མ་བཅོས་པའི་ལྷ་སྐུ་མངོན་དུ་འགྱུར་བ་ལས་མི་འདའ་མོད། དེ་ཡང་སློབ་ལམ་ལྷག་བཅས་ཡིན་ལ། སྔར་བཤད་པའི་འཕོ་ཆེན་རྡོ་རྗེའི་སྐུ་ནི་དག་པ་གཉིས་ལྡན་གྱི་གཟུགས་སྐུའི་རྣམ་འགྱུར་མི་འདྲ་བ་ལས་ལམ་གྱི་ལྷག་མ་གང་ཡང་མེད་པའི་ཁྱད་པར་ཡང་ཤེས་དགོས། སྐབས་འདིར་ནི་སྣང་མཆེད་ཐོབ་གསུམ་བཅས་འགགས་པ་དེ་ལ་རྣམ་ཤེས་ནམ་མཁའ་ལ་ཐིམ་པ་ཞེས་བྱ། དེའི་ཚེ་སེམས་ཉིད་གདོད་མའི་སྟོང་ཆེན་རང་གནས་གཉུག་མའི་འོད་གསལ་ངང་གིས་ཤར་ཞིང་། དེའི་ངང་ལས་ཟེར་མདངས་ཕྱིར་མ་མཆེད་པའི་རང་དུས་དེར་འཆི་སྲིད་ཆོས་སྐུའི་འོད་གསལ་ཞེས་གཞི་དབྱིངས་ཀ་དག་གི་གྲོལ་ས་ཆེན་པོ་དཔེར་མ་ལྟ་བུ་ཡིན་ལ། ཚེ་འདིར་སེམས་ཉིད་ཀ་དག་གི་ཉམས་ལེན་བརྟན་པོ་ཡོད་པ་ཉིད་བུ་ལྟ་བུ་ཡིན་ཏེ། དེ་གཉིས་གོང་འཛོམ་པ་ན། སྔར་འདྲིས་པ་ཉིད་རང་ངོ་ཤེས་ཤིང་དེ་ལས་མི་འགྱུར་བ་ལ་འོད་གསལ་མ་བུ་འཕྲོད་པ་ཞེས་བྱ། དེ་ལས་སླར་མི་ལྡོག་པའི་བཙན་ས་ཟིན་པ་ལ་ཡར་གྱི་ཟང་ཐལ་དུ་བར་དོ་མེད་པར་གྲོལ་བ་ཞེས་བྱ་སྟེ། སྤང་བྱ་ལྷག་མེད་སླར་མི་སྐྱེ་བའི་ཆོས་ཅན་དུ་ཡོངས་སུ་གྲོལ་ནས་མཐར་ཐུག་འབྲས་དུས་ཀྱི་ཆོས་སྐུ་མངོན་དུ་གྱུར་པ་ཡིན་ནོ། །དེ་ལྟར་ཆོས་སྐུའི་གཏན་སྲིད་མ་ཟིན་ན། རིག་རྩལ་ཤེས་རབ་སྲོག་ཏུ་གྱུར་པའི་རླུང་གིས་བསྐུལ་ཏེ་བར་དོ་ལྷུན་གྲུབ་ཀྱི་འོད་གསལ་ལམ་སྣང་གི་ལོངས་སྐུའི་ངོ་བོ་ཕྱིར་གསལ་གྱི་ཚུལ་དུ་ཤར་བ་ཡིན་མོད། དེ་ཡང་ཀ་དག་གི་ངང་དུ་ཤར་བ་ཡིན་གྱི་རང་ས་དེ་ལས་འདས་ཏེ་གཞན་ཞིག་ཏུ་སླེབ་ཚར་བ་ལྟ་བུ་ནི་མིན་ནོ། །ཇི་ལྟར་ཤར་ན། འོད་གསལ་ཟུང་འཇུག་ལ་ཐིམ་པ་ཞེས་འོད་ཐིག་གི་སྣང་བ་སྣ་ཚོགས་སྐུར་སྨིན་ཏེ་རིགས་ལྔ་སོགས་ཞི་ཁྲོ་ཡབ་ཡུམ་གྱི་ཚོམ་བུ་གྲངས་མེད་པ། རིག་པ་ཚད་ཕེབས་ཀྱི་སྐབས་སུ་ཤར་བ་ལས་ཀྱང་ལྷག་པར་གསལ་འཚེར་ཅན་སྒྲ་འོད་ཟེར་གསུམ་དང་བཅས་ཏེ་རང་ཤར་ཞིང་ཇི་སྲིད་གནས་པའི་བར་དེ་ནི་བར་དོ་སྣང་བའི་འོད་གསལ་གྱི་བྱེ་བྲག་ཟུང་འཇུག་གི་རང་དུས་ཡིན་ལ། འདིར་མ་གྲོལ་ན་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཞེས་འོད་ཀྱི་སྣམ་བུ་ཐིག་ལེ་ཆེ་བ་རེས་བརྒྱན་པ་བཞི་ཤར། དེར་མ་གྲོལ་ན་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་ཞེས། ཐུགས་རྗེ་ལྟར་ཤར་བ། ཡེ་ཤེས་ལྟར་ཤར་བ། འོད་ལྟར་ཤར་བ། སྐུ་ལྟར་ཤར་བ། གཉིས་མེད་ལྟར་ཤར་བ། མཐའ་གྲོལ་ལྟར་ཤར་བ། མ་དག་པ་འཁོར་བའི་སྒོ་ལྟར་ཤར་བ། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བ་དང་བརྒྱད་པོ་དུས་གཅིག་ལ་ཤར། དེ་དུས་ཀྱང་མ་གྲོལ་ན་ནི་ཆོས་ཉིད་ཀྱི་བར་དོ་ལས་འདས་ཏེ་སྲིད་པ་བར་དོར་འཁྱམས་པར་འགྱུར། དེ་ལྟར་ཆོས་ཉིད་བར་དོའི་རང་སྣང་ཟུང་འཇུག་ནས་ལྷུན་གྲུབ་བར་གྱི་སྣང་བ་གང་ཤར་ཡང་དེ་དང་དེར་གྲོལ་བྱེད་ཀྱི་ལམ་གནད་ནི། གང་ཤར་གྱི་སྣང་བ་ཉིད་ཀ་དག་གི་རང་སྣང་ཡིན་པར་ངོ་ཤེས་ཤིང་དེ་ལས་མི་འགྱུར་བར་རང་བབས་སུ་གནས། ཡིད་གཉིས་ཐེ་ཚོམ་མེད་པར་ཁོ་ཐག་ཆོད་ཅིང་དེ་ལས་གཉིས་སྣང་གིས་མི་གཡོ་བར་རྩལ་རྫོགས་ཤིང་བརྟན་པ་ཐོབ་པ་ན་འོད་ཀྱི་སྣང་ཆ་ཡུལ་ཅན་གྱི་ཤེས་རབ་དང་བཅས་པ། ནང་དབྱིངས་ཀ་དག་ཀློང་ཡངས་ཆེན་པོར་རོ་གཅིག་ཏུ་གྱུར་ཏེ་གྲོལ་ས་མཐར་ཐུག་གི་ངང་ལས་ནམ་ཡང་མི་གཡོ་བར་དག་པ་གཉིས་ལྡན་གྱི་རྒྱལ་ས་ཟིན་པ་ལ་བར་དོ་ལོངས་སྐུ་ནས་འཚང་རྒྱ་བ་ཞེས་བྱ། འདི་དག་ཤར་ལུགས་ཀྱི་ཁྱད་པར་དང་། གྲོལ་ཚད་དང་། བསམ་གཏན་གྱི་ཞག་དང་སྐད་ཅིག་མའི་རྣམ་དབྱེ་སོགས་ཞིབ་ཏུ་བཤད་ན་མང་ཆེ་ཞིང་ཕྱོགས་ཙམ་གྱིས་གོ་དཀའ་བས་རྒྱལ་བའི་དབང་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གསུང་གི་གསང་མཛོད་ཆེན་པོ་རྣམས་ལས་ཤེས་པར་གྱིས་ཤིག །ཅེས་གསུངས། གསུམ་པ་དབང་པོ་ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་གྲོལ་བྱེད་ཀྱི་གདམ་ངག་ནི། གོང་གི་གྲོལ་ས་ཆེན་པོ་དེ་རྣམས་སུ་གྲོལ་མ་ནུས་ཏེ་སྲིད་པ་བར་དོའི་ཡིད་ལུས་དབང་མེད་དུ་རྨི་ལམ་ལྟར་ཤར་བ་ན། དེར་ནི་རི་ཉིལ་བའི་སྒྲ། མཚོ་དང་ཆུ་ཆེན་གཡོ་འཁྲུག་གི་སྒྲ། རླུང་ཆེན་དྲག་ཏུ་གཡོ་བའི་སྒྲ་འབྲུག་སྟོང་དུས་གཅིག་ལ་གྲགས་པ་ཙམ་མི་བཟོད་པ་དང་། ཡུལ་གྲོང་ཁང་ཁྱིམ་གྲོགས་ཤི་གསོན་སོགས་ངོ་ཤེས་པ་དང་མི་ཤེས་པ་དུ་མ། རང་ལུས་ཀྱི་རྣམ་འགྱུར་དང་སྤྱོད་ལམ་ཟས་སྐོམ་གོས་སོགས་དང་བདེ་སྡུག་གི་སྣང་བ་སྣ་ཚོགས་གཅིག་ཏུ་མ་ངེས་པ། མེ་ཆེན། ཆུ་ཆེན། ས་རྡོའི་གཡང་ས་ཤིན་ཏུ་ཡ་ང་བ་སོགས་འཇིགས་སྐྲག་གི་འཁྲུལ་སྣང་དུ་མས་མནར་ཞིང་བྱ་སྤུ་རླུང་ཁྱེར་ལྟར་གར་འགྲོ་ཙམ་ཡང་རང་དབང་མེད་པ། སྐྱབས་མེད་མགོན་མེད་དུ་གྱུར་པ་ཡིན་ན་ཡང་དྲི་ལ་ཟ་བའི་ལུས་སེམས་དེ་མངོན་ཤེས་རྫུ་འཕྲུལ་ཉི་ཚེ་བ་རེ་དང་ལྡན་ཞིང་། གསོན་པའི་དུས་ཀྱི་བསམ་སྤྱོད་ཕལ་ཆེར་དྲན་པ་དང་ལུས་ཚོལ་བ་ལ་དགའ་སྣང་ཆེན་པོ་རྒྱུན་ཆགས་སུ་ཤར་བ་ཡིན། དེ་འདྲའི་དུས་སུ་བར་དོའི་སྣང་བ་ངོས་བཟུང་སྟེ། སྐྱབས་ཀྱི་མཐར་ཐུག་རྩ་བའི་བླ་མ་ཉིད་དང་དེའི་གདམ་ངག་གི་སྙིང་པོ་བྱ་སླ་ལ་ཆོད་ཆེ་བ་དགོས་ངེས་པའི་དུས་དེར་སྐྱེལ་མ་དཔའ་བོ་ལྟ་བུ་རང་སྣང་དག་པའི་ཞིང་མཆོག་ཡིད་ལ་བྱས་ཏེ། དེར་འགྲོ་བའི་འདུན་པ་ཤུགས་དྲགས་སྐད་ཅིག་མ་ཙམ་གྱིས་ཆོག་པ་འདི་རྗེས་སུ་དྲན་ཏེ། ལུས་སེམས་ལམ་དུ་འཇོག་ཤེས་པ་ནི་ཅི་ནས་ཀྱང་གལ་ཆེ་ཞིང་། དེ་ཡང་གང་དུ་འགྲོ་བའི་ཞིང་ནི་དབུས་སྟུག་པོ་བཀོད་པ་ན་ཐུགས་རྡོ་རྗེ་རྣམ་སྣང་། ཤར་མངོན་དགའ་ན་སྐུ་རྡོ་རྗེ་མི་བསྐྱོད་རྒྱལ་པོ། ལྷོ་དཔལ་ལྡན་བརྩེགས་པ་ན་ཡོན་ཏན་རྡོ་རྗེ་རིན་འབྱུང་། ནུབ་པདྨོ་བཀོད་པ་ན་གསུང་རྡོ་རྗེ་འོད་དཔག་མེད། བྱང་ལས་རབ་གྲུབ་པ་ན་ཕྲིན་ལས་རྡོ་རྗེ་དོན་གྲུབ་ཡབ་ཡུམ་གྱིས་རང་རང་གི་འཁོར་ཚོགས་ལ་རྡོ་རྗེ་ཐེག་པ་ལ་སོགས་པའི་ཆོས་ཆར་འབེབ་པ། བདེ་སྐྱིད་ངོ་མཚར་ནི་སྤྲུལ་སྐུའི་དག་པའི་ཞིང་མཆོག་བདེ་བ་ཅན་ལྟ་བུ་གྲངས་མེད་པས་མཚོན་མི་ནུས་པའི་ཁྱད་པར་ཅན་དེ་ལྟ་བུ་མངོན་སུམ་དུ་བཞུགས་པ་ཡིན་ལ། དེར་འགྲོ་ཐབས་ནི། རིགས་གང་ལ་རང་ཉིད་ལྷག་པར་མོས་ཤིང་དད་པ་དེ་ལ་ལས་འཕྲོ་བཟང་པོ་ཡོད་པའི་རྟགས་ཡིན་ཕྱིར་དེའམ། རྒྱལ་བ་རྣམས་ཀྱི་སྐུ་དང་ཞིང་བཀོད་ཐམས་ཅད་དབྱེར་མེད་དུ་མ་རོ་གཅིག་ཏུ་ཐག་ཆོད་པའི་ངེས་ཤེས་ཡོད་ན་ཁྱད་པར་མེད་པས། ད་ནི་བདག་རང་སྣང་དག་པའི་ཞིང་དེར་མདའ་འཕང་པ་བཞིན་འགྲོ་བར་བྱ་ཡི། རྒྱལ་བ་རིགས་ལྔའི་ངོ་བོ་རྩ་བའི་བླ་མ་རིན་པོ་ཆེས་ཉེ་རིང་དང་སྒྲིབ་ཐོགས་མེད་པའི་ཐུགས་རྗེའི་ལྕགས་ཀྱུས་ད་ལྟ་ཉིད་དུ་དྲང་དུ་གསོལ་སྙམ་དུ་མོས་གུས་གདུང་ཤུགས་དྲགས་པོ་བྱས་པ་ཙམ་གྱིས་རྨི་ལམ་སད་པ་ལྟར་དག་པའི་ཞིང་དུ་སླེབ་ཚར་པ་ན། རྫུས་སྐྱེས་ཡེ་ཤེས་ཀྱི་ལུས་མཚན་དཔེ་ཡོད་པར་གྱུར་ཏེ་སྟོན་འཁོར་དེ་དག་གི་ཞལ་མཇལ། ཆོས་ཐོས། དབང་ཐོབ། ལུང་བསྟན། དབུགས་དབྱུང་གཟེངས་བསྟོད་དང་བཅས་ཏེ་རྟེན་དེ་ལས་ནང་དབྱིངས་གདོད་མའི་ཀློང་དུ་འཚང་རྒྱ་བ་ཡིན་ལ། ཡང་ན་རིགས་ལྔའི་ཞི་དཀྱིལ་གྱི་སྟེང་དུ་རབ་འཇིགས་དུར་ཁྲོད་ཆེན་པོ་མེ་རི་འབར་བ་ན། ཁྱབ་བདག་རིགས་དྲུག་པ་ཁྲོ་བོའི་སྐུར་བཞེངས་པ་སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་ཞེས་ཡེ་ཤེས་འཇིགས་བྱེད་ཆེན་པོ་འཁོར་རིག་འཛིན་དཔའ་བོ་མཁའ་འགྲོའི་ཁྲོ་ཚོགས་དང་བཅས་ཏེ། སྦྱོར་སྒྲོལ་གྱི་ཐབས་ཆེན་གཙོ་བོར་གྱུར་པའི་རྡོ་རྗེ་ཐེག་པ་བསམ་གྱིས་མི་ཁྱབ་པའི་ཆོས་ཆར་རབ་ཏུ་འབེབས་བཞིན་པ་དེར་ད་ལྟ་འགྲོ་བར་བྱ་ཡི། བླ་མ་ཧེ་རུ་ཀ་དཔལ་མཆོག་གིས་བདག་མྱུར་དུ་དྲོངས་ཤིག་ཅེས་མོས་འདུན་དྲགས་པོ་བྱས་པ་དང་ཆབས་ཅིག་ཏུ་ཡིད་ལུས་ཉིད་འོད་དམར་གྱི་ཆོས་འབྱུང་གི་ནང་རླུང་སེམས་ཨ་ཡིག་དཀར་པོའི་རྣམ་པ་བཀྲ་ལམ་གྱིས་གསལ་བཏབ་ལ། དེ་ཉིད་གློག་འཁྱུག་པ་ལྟར་སྐད་ཅིག་གིས་བླ་མ་དཔལ་ཆེན་པོའི་ཐུགས་ཀར་སིབ་ཀྱིས་ཐིམ་ནས་དབྱེར་མེད་རོ་གཅིག་ཏུ་སངས་རྒྱས་པར་བསམས་ན་རྣམ་གྲོལ་མྱུར་དུ་ཐོབ་པ་ཡིན་ལ། དེ་དག་ཀྱང་ཆོས་དང་བླ་མའི་བྱིན་རླབས་ཚད་མེད་པའི་མཐུ་དང་ཆོས་ཉིད་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་བདེན་པ་ཆེན་པོའི་སྟོབས་ཀྱིས་བསླུ་མེད་དུ་འགྲུབ་པ་ཁོ་ནའོ། །གསུམ་པ་གཞུང་དོན་གདམ་ངག་ཟབ་མོའི་རྗེས་རིམ་གྱི་ཁྲིད་ལ་གཉིས་ལས། དང་པོ་ནི། སྐབས་འདི་ཙམ་དུ་མ་ཟད་རྡོ་རྗེ་ཐེག་པའི་ལམ་གང་ཉམས་སུ་བླང་ཡང་མེད་དུ་མི་རུང་བ་ལྟ་བུའི་ཆ་རྐྱེན་རྣམས་ཡིན་ཏེ། དེ་ཡང་བླ་མ་ལ་དད་མོས་ཆུང་ན་བལྟ་སྣང་གི་ལམ་གཞན་གང་འབད་ཚད་དོན་དུ་འགྱུར་དཀའ་བས། རང་རང་གི་དྲིན་ཅན་རྩ་བའི་བླ་མ་ལ་ཐེ་ཚོམ་གྱིས་སྐྱོན་རྟོག་དང་མཉམ་འགྲོག་གིས་ཁྱད་གསོད་མི་བྱེད་པར། སངས་རྒྱས་དངོས་མཐོང་གི་དག་སྣང་དང་ཡིད་ཆེས་རྐྱེན་གྱིས་མི་ལྡོག་པའི་དད་མོས་དྲགས་པོ་ངོ་ལྐོག་མེད་པ་རེ་བྱས་ན། སྔགས་ཀྱི་དངོས་གྲུབ་སོགས་ཇི་ལྟར་འདོད་པའི་དོན་ཐམས་ཅད་གེགས་མེད་ལག་མཐིལ་དུ་ངང་གིས་མཆིས་པ་ཡིན་པས། སྔར་ནས་ད་བར་ཡང་ཡང་བཤད་པ་བཞིན་དུ་ཉམས་སུ་བླང་ཞིང་གསོལ་བ་ཕུར་ཚུགས་སུ་འདེབས། སྡུག་བསྔལ་སྣ་ཚོགས་དང་དེའི་རྒྱུ་སྡིག་པ་མི་བཟད་པ་རྣམས་གང་ལས་འབྱུང་གཞི་ལྟ་བུ། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་པོ་འདིས་ནོན་ཏེ་འདི་དང་འབྲེལ་ཐག་མ་ཆོད་ན་སྡུག་བསྔལ་རྫོགས་ཤིང་ཟད་པའི་དུས་མེད་པས། འཁོར་བ་འདིའི་རང་མཚང་ངན་པ་ལ་ཡང་ཡང་བསམ་སྟེ་རང་གཞན་ཐར་འདོད་ངེས་འབྱུང་གི་བློ་ཁྱད་པར་ཅན་ཡང་ནས་ཡང་དུ་བསྒོམ། རང་དྲིན་གྱིས་བསྐྱངས་པའི་མར་གྱུར་མཁའ་མཉམ་གྱི་སེམས་ཅན་ལས་ངན་པ་འདི་རྣམས། སྡུག་བསྔལ་ལ་འཇིགས་ནས་རྒྱབ་ཀྱིས་ཕྱོགས་ཤིང་ཡང་དག་པའི་ལམ་དུ་འགྲོ་ཤེས་པ་ཕར་ཞོག །ཅེ་རེ་བལྟས་བཞིན་དུ་ལོང་བ་མགོ་རྨོངས་པ་ཐ་ཆད་པ་འདི་རྣམས། སྡུག་བསྔལ་རྒྱུ་འབྲས་ལས་འགྲོལ་འདོད་ཀྱི་སྙིང་རྗེ་དྲགས་པོ་ཤས་མི་བཟོད་པ་ཙམ་ཡང་ཡང་བསྒོམ་པ་ཉིད་ལམ་གྱི་རྩ་བར་གཟུང་། ངའི་བླ་མ་དང་ཆོས་འདི་མ་གཏོགས་གཞན་རྣམས་དམན་ཏེ་མ་དག་པའོ་སྙམ་དུ་ལོག་རྟོག་ངན་པ་མི་གསོག་པར། ཀུན་ལ་དད་གུས་དག་སྣང་ཁ་ཞེ་མེད་པའི་སྒོ་ནས་བླ་མ་དཀོན་མཆོག་སྤྱི་ལ་མོས་གུས་ཀྱི་བློ་རྩལ་དུ་འདོན། བལྟ་སྣང་གི་ཆོས་དང་འཇིག་རྟེན་ཚེ་འདིའི་རྣམ་གཡེང་སྙིང་པོ་མེད་ལ་གནོད་ཚབས་ཤིན་ཏུ་ཆེ་བ་རྣམས་ཆེ་བཞག་ཆུང་བསྐྱུར་བྱས་ཏེ་སྤྲོས་པ་བཅད། དེ་ཡང་དང་པོ་འདི་བྱ་འདི་བྱེད་ཀྱི་བློ་ངན་ཤར་བ་ཉིད་ནང་དུ་བསྡུས་ཏེ་མ་མཐའ་ཡང་ཅི་མི་སྙམ་པའི་ངང་ལ་ཁ་རོག་བསྡད་ན་སྤྲོས་པ་ཆལ་ཆོལ་ཤུགས་ཀྱིས་ཆོད་པ་ཡིན། ཚོགས་དྲུག་གི་ཡུལ་སྣང་གཟུགས་སྒྲ་སོགས་བཟང་ངན་གང་ཤར་ཡང་། དེར་ཞེན་མེད་རང་གྲོལ་དུ་སྤྱོད་ཤེས་པའི་སྒོ་ནས་ཡུལ་དྲུག་གི་བདུད་རྩི་མི་སྤང་ཞིང་ལམ་གྲོགས་སུ་བརྟེན། སྣ་ནས་རྒྱུ་བའི་རླུང་རང་བབས་རྒྱ་ཡན་ནམ་བཏང་སྙོམས་སུ་འཇོག་ལ་སོ་མཆུ་མི་བསྡམ་ཁ་ཧ་ཅང་མི་གདང་བའི་བར་ནས་འཇམ་རླུང་ཡུད་ཙམ་ཕྱིར་འཛིན་པ་ལ་བསླབ། བར་རླུང་བུམ་པ་ཅན་འཇམ་པོས་ལྟོ་བ་རན་ཙམ་ཐད་དཀར་བརྒྱངས་པ་ཡོན་ཏན་རིན་པོ་ཆེ་སྐྱེ་བའི་རླུང་སྦྱོར་ཅི་ནུས་སུ་འབད། ཕྱི་ནང་འོད་གསལ་གྱི་འཆར་སྒོའམ་འཆར་ནུབ་ཀྱི་རྐྱེན་དབང་པོ་གཞན་ལས་གཙོ་ཆེ་བ་མིག་མི་འགུལ་རྫི་མ་འཐབ་རྡེབ་མི་བྱེད་པར་སྟོང་པའི་དབྱིངས་སུ་ཅེ་རེ་འཇོག །འདི་དུས་ནམ་མཁའ་སུམ་ཕྲུགས་ཀྱི་གནད་ཀྱང་ནམ་དྲན་གྱི་དུས་སུ་བྱ། དེ་དག་གི་རྩ་བ་རིག་པ་རྗེན་སངས་བཅོས་མིན་གྱི་ངོ་བོ་འདི་སྒྲིམ་ལྷོད་ཚོད་ཟིན་གྱིས་མ་ཡེངས་མི་འཛིན་པར་དུས་དང་རྒྱུན་དུ་འབྲལ་མེད་ཚུལ་གྱིས་སྐྱོང་། ཡར་མར་གྱི་ཚེས་བཅུ་དང་ཉ་སྟོང་བརྒྱད་གསུམ་སོགས་ལ་ཅི་འབྱོར་བའི་སྒོ་ནས་ཚོགས་མཆོད་ཅི་ནུས་སུ་བྱ། དགེ་རྩ་གང་བྱས་བཏང་སྙོམས་སུ་མ་ཤོར་པར་བསྟན་འགྲོའི་དོན་དུ་ཡོངས་སུ་བསྔོ་ཞིང་སྨོན་ལམ་རྣམ་དག་རེས་མཚམས་སྦྱོར་བ་རྣམས། གཅིག་ལས་གཅིག་ལྷག་ལྟ་བུ་ཤིན་ཏུ་གལ་པོ་ཆེ་ཡིན་པས་ན་བདག་གཞན་ལེགས་སུ་འདོད་པའི་སྐལ་ལྡན་དག་གིས་དེ་བཞིན་དུ་འབད་པར་བྱའོ། །སྙིང་ཐིག་གསང་མཆོག་རྒྱལ་པོའི་ཁྱད་ཆོས་དང་མན་ངག་གི་བྱེ་བྲག་ཟབ་ཅིང་རྒྱ་ཆེ་མུ་མེད་པ་རྣམས་ལ་ཐོས་བསམ་དང་བལྟ་རྟོག་ལན་རེ་ཙམ་བྱེད་རྒྱུ་བྱུང་ནའང་དེ་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ་བའི་སྐལ་པ་བཟང་པོ་ཡིན་པས། རང་ཉིད་ཆེ་འདོད་རྙེད་ཚོལ་དང་མཁས་པར་གྲགས་འདོད་སོགས་རྟོག་ངན་གྱིས་མ་བསླད་པའི་སྒོ་ནས། བཀའ་གཏེར་གྱི་གཞུང་བཟང་སྤྱི་དང་ཁྱད་པར་གོང་དུ་བཤད་ཟིན་པ་ལྟར་མཛོད་ཆེན་བདུན་དང་སྙིང་ཐིག་མ་བུ་མཁའ་འགྲོའི་གསང་མཛོད་མཚུངས་མཐའ་བྲལ་བ་དག་ལ་བློ་རྩལ་ཅི་ཡོད་ཕྱུང་ནས་བལྟ་རྟོག་ཞིབ་མོ་ཡང་ཡང་བྱེད་ཅིང་། ད་དུས་ཀྱི་ཁ་ཅིག་ལྟར་རང་གིས་གོ་ལོང་ཤེས་ལོང་མ་བྱུང་བར་ཆལ་ཆོལ་རེ་ཐོས་ཚད་དེ་མ་ཐག་ནས་འུར་སྒྲོག་བྱས་ཏེ་རླུང་ལ་མི་བསྐུར་བར་ཟབ་དོན་སྙིང་ལ་བཅང་། བཤད་ཚོད་རང་གིས་གཟུང་ན་ཉེན་ཆུང་ཞིང་ཁེ་ཆེ་བ་ཡིན་མོད། བླུན་པོ་གྲགས་རྗེས་སུ་མི་འབྲང་བར་མཁས་གྲུབ་ཚད་མའི་བླ་མ་དམ་པ་ཆོས་རྒྱུས་དང་ཕན་སེམས་ཅན་གང་ན་སུ་བཞུགས་པའི་ཞལ་ནས་མཉན་པ་རྣམས་ཀྱང་ཅི་སྲིད་འཚོ་བའི་བར་དུ་ཡལ་བར་མི་འདོར་བ་ཞིག་མ་བྱས་ན། ཕྱོགས་ཞེན་རང་བཟོ་རེས་ནི་གསང་བ་ཟབ་མོའི་གཏིང་རྙེད་པ་མིན་པས། ཆོས་གང་ལ་ཡང་སྐུར་པ་མི་འདེབས་ཤིང་རང་ལུགས་ལ་ནན་གྱིས་སྦྱོང་བརྩོན་བྱ་བ་ནི་སྲིད་ཞིའི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་ཡིན་ནོ། གཉིས་པ་མཐར་འབྲས་མངོན་གྱུར་གྱི་དུས་མཚམས་དང་འབྲེལ་བར་རྟོགས་བརྗོད་རྡོ་རྗེའི་གླུ་དང་གཏད་རྒྱ་སྨོན་ལམ་མཛད་ཚུལ་ནི། །ད་ནི་ལམ་དེ་ལྟར་ཉམས་འོག་ཏུ་ཆུད་པ་རྣམས་མཐར་ཐུག་གི་འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཆེན་པོ་རང་གནས་མངོན་དུ་གྱུར་པའི་དུས་མཚམས་བཤད་པར་བྱ་ཏེ། སྤྱིར་ཉེ་ལམ་རྡོ་རྗེ་ཐེག་པས་མི་ཚེ་གཅིག་གིས་འགྲུབ་པ་སོགས་ལས་ཁྱད་པར་དུ་གྱུར་པ། ཐ་ན་མི་ལོ་བཅུ་གཉིས། འབྲིང་ན་མི་ལོ་གསུམ། རབ་ཀྱིས་ཟླ་བ་དྲུག་གིས་འཚང་རྒྱ་བ་བསྟན་ལ། དེ་ཡང་ཚེ་སྔོན་དང་ད་ལྟའི་སྦྱོང་བརྩོན་རབ་འབྲིང་ལ་རག་ལས་པ་ཡིན་ཞིང་། དངོས་འབྲས་ནི་རྫོགས་པའི་སངས་རྒྱས་ཀྱི་སྐུ་གཉིས་མཆོག་དམ་པའོ། །དེ་རྣམས་ཀྱིས་དུམ་བུ་གསུམ་གྱིས་བསྡུས་པའི་སྨིན་གྲོལ་གྱི་མྱུར་ལམ་ཚང་ལ་མ་ནོར་བ་བཤད་ཟིན་ཏེ་རྟོགས་བརྗོད་རྡོ་རྗེའི་གླུ་ནི་ལྕེ་བཙུན་གྱིས་ཆེད་དུ་བརྗོད་པ་སྟེ། ཨེ་མ་སྨྱོན་པ་སེང་དབང་ང་༔ ཞེས་སོགས་དང་། སྐལ་ལྡན་རྣམས་ལ་གཏད་རྒྱ་མཛད་པ་ཡང་། འདའ་ཀའི་རྡོ་རྗེའི་ཚིག་རྫོགས་ཆེན་གྱི་ཁོག་སྙིང་ལིང་གིས་ཕྱུང་སྟེ་ལག་མཐིལ་དུ་དངོས་སུ་བཞག་པ་འདིའི་ཚིག་གི་ཐ་མ་དུས་ཀྱི་མཐའ་ནས་མཐར་སྣོད་ལྡན་གྱི་ངོ་སྐལ་དུ་སྣང་བ་དང་། དེའི་མཐུས་འདི་དང་སུ་འཕྲད་རྣམས་རིང་པོར་མི་ཐོགས་ཏེ་མྱུར་དུ་འཕོ་ཆེན་ཡེ་ཤེས་རྡོ་རྗེའི་སྐུ་བླ་མ་དང་མཉམ་པར་འབྱུང་བའི་སྨོན་ལམ་བཟང་པོ་རྡོ་རྗེའི་བདེན་ཚིག་དངོས་སུ་གནང་བའོ། །རྩ་བའི་ས་བཅད་གསུམ་པ་མཇུག་གི་དོན་ཡེ་ཤེས་ཀྱི་མཁའ་འགྲོའི་རྗེ་མོ་དཔལ་གྱི་བློ་གྲོས་མའི་ཞལ་གདམ་རྡོ་རྗེའི་ཚིག་གིས་མཐའ་བརྒྱན་པ་ནི། དབང་དུས་སུ་ངོ་སྤྲོད་ཀྱི་ཚུལ་དུ་གདམས་པ་དང་། ཁྲིད་ཀྱི་དུས་སུ་ས་བཅད་མདོ་ཆིངས་བྱས་ཏེ་མ་ནོར་བར་བཀྲལ་བ་དང་། ཉམས་སུ་བླང་དུས་འཆང་བས་བཏགས་གྲོལ་མཆོག་ཏུ་གྱུར་པ་དང་། དཔེ་རྒྱུན་མཐོང་ན་ཡང་ཉམས་ཀྱི་བབ་འབྱུང་བས་མཐོང་གྲོལ་ཆེན་མོ་དངོས་དང་། ཚིག་དོན་སྣ་རེ་ཡིད་ལ་འཆང་བ་དང་དཔེ་ཆ་ལག་ཏུ་འཆང་ནའང་དེས་མྱུར་དུ་གྲོལ་བས་དྲན་གྲོལ་དང་རེག་གྲོལ་དུ་དོན་གྱིས་གྲུབ་ལ། ཚུལ་བཞིན་དུ་སུས་བསྒོམས་ཀྱང་དེ་ནི་སྔ་མ་དག་ལས་ཀྱང་ཆེས་མྱུར་དུ་གྲོལ་བ་སྨོས་ཅི་དགོས་པས། ཡོན་ཏན་བླ་ན་མེད་པ་དེ་ལྟ་བུ་དང་ལྡན་པ་ཡིན་པའི་ཕྱིར་ན་ཉུང་ཟབ་གནད་འདྲིལ་གྱི་ཆོས་འདི་ནི། སྙིང་ཐིག་ཉམས་སུ་ལེན་ཚུལ་གཞན་ལས་སྟབས་བདེ་ཞིང་ཚིག་དོན་ཤིན་ཏུ་གསལ་བ། ཆོས་ཚུལ་གཞན་དང་མ་འདྲེས་ཤིང་ཡོད་དགོས་ཚད་ཁ་ཚང་ལ། ཉམས་འོག་ཏུ་མི་ཆུད་པའི་ཚིག་གི་སྤྲོས་པ་དང་བྲལ་བ་སོགས་ཁྱད་འཕགས་ཤིག་ཡིན་པ་ནི་མཁས་གྲུབ་བྱེ་བ་དུ་མས་གཟིགས་ཕེར་པ་ལྟ་བུ་དོན་ལ་གནས་པ་ཉིད་དོ། །དེ་ཡང་དམ་པ་གོང་མ་གཞན་དག་གིས་ནི་ཆོས་ཟབ་མོ་ཐུགས་རྩིས་ཧ་ཅང་ཆེ་བས་ལོས་ཡིན། འདི་ལ་བཟོ་བཅོས་འཕྲི་སྣོན་གྱིས་བསླད་མཁན་རྣམས་དང་། བལྟ་རྟོག་རང་གར་བྱེད་མཁན་ཚུན་ཆོད་ཀྱི་ཚེ་སྲོག་མྱུར་དུ་ཆོད་སོགས་དམོད་ངན་སྐྲག་ཐུབ་པ་རེ་མཛད་པ་དང་། ལྷ་སྲུང་བཙན་པ་རེ་ལ་གཉེར་གཏད་དམ་བཞག་མཛད་འདུག་པ་མཐོང་མོད། དེ་འདྲ་ཞིག་ཡིན་ན་མ་བྲིས་ཀྱང་ལོས་ཆོག་སྙམ། ངས་ནི་སྤེལ་ཆོག་ནས་བྲིས་པ་ཡིན་པས་ན་རང་རང་གིས་ཉམས་ལེན་རེ་མཛད་པ་དང་། གཞན་དག་མོས་ལྡན་ལ་སྤེལ་ཞིང་འབྲེལ་འཇོག་ཅི་ནུས་རེ་བྱས་ན། ད་ལྟ་དུས་བབས་ཀྱི་ཆོས་རེད་པས་ངན་འབྲེལ་ཚུན་ཆོད་ལའང་དོན་འབྲས་གཏན་ནས་མེད་པ་ནི་ག་ལ་ཡིན། ཕན་མ་ཐོགས་རུང་གནོད་ནི་གང་ཡང་མི་སྐྱེལ་ཐག་ཆོད་ཡིན་པས་དེ་བཞིན་དུ་ཐུགས་བཞག་མཛད་པ་ཅི་ནས་ཀྱང་ཞུའོ། །ཞེས་བསླུ་མེད་རྡོ་རྗེའི་བཀའ་གསང་བདེན་ཚིག་བཙན་པོ་སྐྱེ་འགྲོ་ཡོངས་ལ་ལྷུག་པར་གནང་བ་ལྟ་བུའི་བཀའ་དྲིན་ཆེན་པོ་གཞན་འགྲན་བྲལ་བའང་ལེགས་པར་ཐོབ་བྱུང་བ་ལགས་སོ། །འདི་ལྟར་ཐེག་དགུའི་རྩེ་རྒྱལ་རྫོགས་ཆེན་ཡང་གསང་བླ་མེད་ཀྱི་དགོངས་དོན་ལྷ་ལམ་ཡངས་པོར། རྗེ་ཀུན་མཁྱེན་བླ་མ་རྡོ་རྗེ་འཆང་ཆེན་པོའི་རིག་རྩལ་ཁྱུང་ཆེན་རྒྱལ་པོས་གཤོགས་འགྲོས་ཟུར་བསྟན་ཙམ་བསྒྱུར་པའི་ཤུལ་ལམ་ཆེན་པོར། རང་འདྲའི་བློ་མིག་ཕྱེ་མ་ལེབ་ལྟ་བུས་གཤོགས་ལྷབ་ཅི་ཙམ་བྱས་ཀྱང་ཕྱོགས་ཙམ་ཡང་མཚོན་མི་ནུས་པ་གཞིར་བཅས་པས། ཉེས་ཚོགས་ཅི་མཆིས་བརྩེ་ཆེན་ཐུགས་ཀྱིས་དགོངས་ཏེ་བཟོད་པར་བཞེས་ཤིང་། དགེ་བས་འདི་གཟུང་བྱང་ཆུབ་བར་དུ་ནམ་ཡང་འབྲལ་མེད་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་པ་འདི་ཡང་རྗེའི་བཀའ་སློབ་མཁས་དབང་དུ་མའི་གྲལ་མཐའ་པ་གཏེར་མིང་ལས་རབ་གླིང་པས་གསུང་ཟབ་སྔ་ཕྱིའི་འགག་དོན་གང་ཤེས་ཟིན་བྲིས་སུ་བཏབ་པ་ཡོངས་སུ་དགེ་བར་གྱུར་ཅིག། །།

View PDF Chetsun 18

Notes[edit]

  1. Sechen