རྗེ་བཙུན་མཐུ་སྟོབས་ཞབས་ཀྱི་རྣམ་པར་ཐར་པ་་་།

From Rangjung Yeshe Wiki Texts
Jump to navigation Jump to search
{{{1}}}

༼༡ན༡༽༄༅། །རྗེ་བཙུན་མཐུ་སྟོབས་ཞབས་ཀྱི་རྣམ་པར་ཐར་པ་ངོ་མཚར་གྱི་རྨ་བྱ་རྣམ་པར་རྩེ་བ་ཞེས་བྱ་བ་བཞུགས་སོ། །[1]

༼༡བ༢༽བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །མགྲིན་སྔོན་རལ་པའི་ཐལ་བ་སྣུམ་པོས་སེན་མོར་སྐྱེས་པ་ཡི། བ་སྤུ་ཉེར་མཆོད་རྡོ་རྗེ་འཆང་བ་ཀུན་གྱི་རྗེ་བོ་ནི། རྒྱལ་བ་ཀུན་གྱི་ཞལ་གྱི་པདྨོ་ལ་ཆགས་གསུང་གི་སྦྲང་། མ་ལུས་སྡུད་པ་བུང་བར་མཚུངས་དེས་སྤྲུལ་པའི་སྐུ། ཡོན་ཏན་རྒྱ་ཆེའི་གཤོག་རླབས་བསྐྱོད་པ་ལས་སྐྱེས་ཐུགས་རྗེའི་འཐོར་རླུང་གིས། སྲིད་པའི་རི་བོ་དུམ་བུར་འཐོར་ཞིང་ཡེ་ཤེས་སྦར་ཁྱིམ་ལ་ཆགས་པའི། མཐུ་སྟོབས་སྡེར་མོ་རྣོན་པོ་བཏབ་པས་བགེགས་ཀྱི་ལྟོ་འཕྱེ་མཐར་བྱེད་པ། དད་པའི་ཆུ་ངོགས་རོལ་མཛད་བླ་མ་མཁའ་འགྲོའི་དབང་དེར་ཕྱག་འཚལ་ལོ། །གང་ཡང་སྙིགས་དུས་ཉི་མ་ཡིས། ཀུན་རྨོངས་བྱས་པ་ཞི་བགྱིད་པ། དམ་པའི་མཛད་པ་འདི་འདྲ་བ། སྒྲ་དབྱངས་སྒྲོགས་པའི་སྤྲིན་གྱིའང་མིན། དད་པའི་སྤྲིན་རུམ་གྱིས་བསྒྲགས་པའི། རྟོགས་བརྗོད་དབྱར་སྐྱེས་རྔ་སྒྲ་ཡིས། སྐལ་བཟང་རྨ་བྱ་གཞོན་ནུའི་སྙིང་། ཀུན་དགའི་བཏུང་བས་མྱོས་པར་བྱ། དེ་ཡང་རོ་ལྡན་གྱི་གནས་ཀྱི་གསང་བ་པའི་ཚོགས་ཀྱི་གཙོ་བོ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བསྣམས་པ་དེས་འཇིག་རྟེན་ཐམས་ཅད་ལ་ཐུགས་རྗེར་མཛད་པའི་སྒྱུ་མ་ལས་སྤྲུལ་པའི་གཏམ་ཉན་པར་འོས་པ་འདི་ལྟ་བུ་ཐོས་ཏེ། ནོར་ཅན་གྱིས་གང་བས་སློང་བའི་སྐྱེ་བོ་རྣམས་རྙེད་པ་དང་ལྡན་པས་བདེ་བར་རྒྱུ་བ། གླུ་དང་བྲོ་དང་སྒྱུ་རྩལ་དག་གི་འབྱུང་ཁུངས་འདོད་པ་དང་ལྡན་པའི་ཡིད་ངལ་བསོ་བའི་གནས་སུ་གྱུར་པ། ཤར་དྭགས་པོའི་ལྗོངས་ཀྱི་བཟའ་ཤིང་གི་རབས་ཉམས་དགའ་བར་བྱས་པའི་གྲོང་ཁྱེར་རམ་བྱེ་སྙི་༼༢ན༣༽ཞེས་བྱ་བར་རིགས་དང་ལྡན་པའི་ཁྱིམ་བདག་མོ་ཞིག་གི་ལྷུམས་སུ་མཐིང་ཤུན་དྲི་མ་མེད་པའི་མདོག་ཏུ་སྣང་བའི་རྡོ་རྗེ་རྩེ་ལྔ་པ་འཇའ་འོད་ཀྱི་གུར་ཁྱིམ་དང་ལྡན་པ་ཞིག་ཞུགས་པར་རྨིས་པ་ལས་མངལ་བཟུང་བ་ཞེས་གྲག་ཅིང་། ཟླ་བ་རྫོགས་པ་ན་དགེ་མཚན་གྱི་སྣང་བ་དུ་མ་དང་ལྡན་པར་བཙས་པ་ཀུན་གྱི་ཡིད་ལ་ཤིན་ཏུ་གསིལ་བའི་བདུད་རྩི་སྟེར་བར་ནུས་པ་ཞིག་གོ། །རྫོགས་ལྡན་དྲི་བཞོན་གྱིས་བོས་པའི། སྐྱེ་བོའི་སྦྲང་རྩི་བྱེད་པ་རྣམས། རྩེ་དགས་རོལ་པ་དྭགས་པོའི་ལྗོངས། འདམ་རྫ་བ་མེད་པའི་འདམ་སྐྱེས་བཞིན། ནམ་ཞིག་དེ་ཡི་གྲོང་ཁྱེར་དུ། བསོད་ནམས་དྲི་བཟང་གིས་བཅུས་པའི། དགེ་མཚན་པདྨོ་བྱ་བ་ལས། ཀུན་དགའི་བཞིན་ལས་བྱིས་པ་བཙས། དེ་ཡང་། དགེ་བའི་རྩ་བ་རྒྱ་ཆེན་པོ་བསྐྲུན་པའི་ཐབས་དང་ལྡན་པས་ལས་སྣ་ཚོགས་པའི་ཚོན་གྱིས་མྱོང་བྱ་རི་མོར་བྲིས་པའི་འཁོར་བའི་གཟུགས་བརྙན་ཤིན་ཏུ་བཀྲ་བ་ལ་ཡིད་འབྱུང་ཞིང་། སེམས་ཅན་ཐམས་ཅད་ལ་རྒྱུ་མེད་པར་བྱམས་པའི་དབང་དུ་སོང་བས། དེ་དག་ལ་ཕན་པ་དོན་དུ་གཉེར་བའི་བསམ་པས་ཕ་མ་ལ་ཞེ་སར་བཅས་པའི་ཚིག་སྙན་ཞིང་འཇེབས་པས་གསོལ་ཏེ། བདེ་བར་གཤེགས་པའི་བསྟན་པ་ལ་མངོན་པར་དད་པས་ཁྱིམ་ལས་བྱུང་ནས། དྲང་སྲོང་སྨེ་བདུན་གྱི་སྐར་མ་རང་གི་འོད་གསེར་གྱི་དྲ་བས། གཡོགས་པ་ལྟ་བུར་རྒྱུ་ཞིང་སྦ་མོ་ཆོས་སྡིངས་ཀྱི་གཙུག་ལག་ཁང་ཞེས་བྱ་བར་ཕྱིན་ནས། སྨད་འབྲུག་གི་མཁན་པོ་ཡེ་ཤེས་དབང་ཕྱུག་གི་དྲུང་དུ་རབ་ཏུ་བྱུང་ཞིང་ཡོན་ཏན་ཡེ་ཤེས་ཞེས་མཚན་གསོལ། ཞི་བ་དང་དུལ་བའི་སྤྱོད་ལམ་དང་ལྡན་པར་གྱུར་ཏོ། ཟས་གཙང་སྲས་ཀྱི་ཉི་མ་ཡིས། ཕྱེ་བའི་ལམ་ནི་ཟབ་མོ་ལ། དད་པའི་གོམ་པ་འདོར་བྱེད་པ། ལང་ཚོའི་ཟླ་བ་དེ་མཚུངས་སུ། གང་གི་བློ་གྲོས་དཔུང་པ་ན། བྱ་བའི་ཁུར་ཆེན་ཁྱེར་རོ་ཞེས། དེ་ཚེ་ནོར་འཛིན་མ་འདི་ཡང་། ངལ་བསོ་བསྐྲུན་པའི་སྟེགས་བུ་བཞིན། མཁན་པོ་དེ་ཉིད་དང་། རྗེ་བཙུན་དབང་ཕྱུག་རྒྱལ་མཚན་གཉིས་ཀྱི་དྲུང་དུ་ཡང་དག་པའི་ལམ་གདམ་ངག་ཏུ་གསན་ནས། ཐོས་༼༢བ༤༽པ་དོན་དུ་གཉེར་ནས་གཉལ་དྲེའུ་ལྷས་སུ་བྱོན། ཆེན་པོ་རྩེ་ཉག་པ་ལ་ཕ་རོལ་ཏུ་ཕྱིན་པ་དང་། གཞུང་སྤྲེ་ཞིང་དུ་རྡོག་རིན་པོ་ཆེ་བྱང་ཆུབ་དཔལ་གྲུབ་པ་ལ་མཧཱ་མཱ་ཡ་དང་། སྙེ་མོ་རུ་སྨོན་གྲུབ་ཆོས་སྡིངས་སུ་དུས་འཁོར་ཞབས་པ་ཤཱཀྱ་དབང་ཕྱུག་པ་རྡོ་རྗེ་དབྱིངས་ལ་སོགས་པའི་ཡོ་གེ་དང་། དུས་ཀྱི་འཁོར་ལོ། བསང་བ་འདུས་པ་རྣམས་ཀྱི་དབང་བསྐྱེད་རྫོགས། རྒྱུད་ཀྱི་བཤད་པ་དང་བཅས་པ་ལ་སློབ་གཉེར་མཐིལ་ཕྱིན་པ་མཛད། ཚིག་དོན་ཇི་ལྟ་བ་ཁོང་དུ་ཆུག་པ་དང་། འབེལ་བའི་གཏམ་གྱིས་གཏན་ལ་འབེབས་པ་ལ་མཁས་པའི་འདུན་ས་དག་ཏུ་སྨྲ་བའི་དབང་ཕྱུག་ཆེན་པོའི་གནས་ཐོབ་པར་གྱུར་ཏོ། དེའི་དུས་ཤིག་ཏུ་སློབ་དཔོན་པདྨ་སམ་བྷ་ཝ་རབ་ཏུ་བྱུང་བ་མཛེས་སྡུག་གི་ཕུལ་དུ་བྱོན་པ་པད་ཞྭ་ཅན་དུ་སྤྲུལ་པ་དང་མངོན་སུམ་དུ་མཇལ་ཏེ། ཕྱག་མཚན་གྱི་ཀ་པཱ་ལ་བདུད་རྩིས་བཀུར་བ་ཞིག་གནང་བ་རྫོགས་པར་བཞེས་པས་དབང་པོ་འཇམ་པའི་དབྱངས་ཆོས་ཀྱི་གྲགས་པའི་སྙན་པ་གསན་ནས་མི་ཕྱེད་པའི་དད་པ་ཐོབ་པས། ཆོས་ཀྱི་རྒྱལ་པོའི་མདུན་ས་ཆེན་པོ་ཆོས་རྒྱལ་ལྷུན་པོ་ཞེས་བྱ་བར་མཛད་དུ་བྱོན། ཐུག་མ་ཡིད་གཅིག་ཏུ་འདྲེས་པར་གྱུར་ཏེ། དྲུང་དུ་བདེ་མཆོག་མཻ་ཏྲི་ལུགས་ཀྱི་ཆོས་སྐོར། རྩ་རྒྱུད་མར་ངོ་ལུགས་ཀྱི་བཤད་བཀའ། དགྱེས་རྡོར་རྔོག་ལུགས་རྒྱུད་གསུམ་མན་ངག་དང་བཅས་པས་སྣ་དྲངས་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་སྡེ་མཐའ་ཡས་པ་གསན་ཞིང་། འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱལ་པོའི་ཞབས་དང་། མཐུ་ཆེན་རྒྱལ་མཚན་ལྷུན་གྲུབ་ལ་སོགས་པའི་བླ་མ་མང་པོ་བསྟེན་ནས་གསང་སྔགས་གསར་རྙིང་གི་དབང་། རྒྱུད་མན་ངག་ཕལ་མོ་ཆེ་ཐོས་པར་མཛད་ཅིང་། ཆོས་འཁོར་ལྷུན་པོ་ཞེས་བྱ་བར་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབ་པ་མཛད་ནས། བསླབ་༼༣ན༥༽པར་བྱ་བའི་གནས་ཕྲ་མོ་རྣམས་ལ་ཡང་མིག་གི་འབྲས་བུ་ལས་གཅེས་པར་གཟུང་བས་བཙུན་པའི་ཕ་རོལ་ཏུ་བྱོན་ཏེ། དགེ་སློང་རྡོ་རྗེ་འཛིན་པ་ཞེས་ལྗོངས་དེ་ན་ཉི་ཟླ་ལྟ་བུར་གྲགས་པ་ཡིན་ནོ། །གང་ཐུགས་སྡོམ་གསུམ་གྱིས་དཀར་བ། མཐོ་རིས་མཛེས་མའི་འོ་མ་ཡི། མཚོ་ཆེན་ལྦུ་བ་འཁྲིགས་པའི་འཛུམ། ཀུན་དགའ་ཟིལ་གྱིས་རྒོད་པ་བཞིན། རྒྱལ་བའི་ཆོས་ཚུལ་བདུད་རྩིའི་རྒྱུན། ཐོས་པའི་སྙིམ་པར་གསོལ་བ་ཡིས། ཡོན་ཏན་ཡེ་ཤེས་ཟླ་བ་བཞིན། ལེགས་བཤད་འོད་བརྒྱའི་འཕྲེང་བ་འཛིན། དེ་ནས་དཔལ་ལྷ་རྩེའི་སྔགས་ཀྱི་ཟུར་འཆད་མཛད། རེ་ཞིག་ནས་དུས་འཁོར་ཞབས་གཙང་དུ་ཐེགས་ནས་འཆད་ཉན་གྱི་གདན་ས་བཟུང་། ཡོངས་བསྒྲིལ་བློ་གསལ་གྱི་འདུས་པ་རྣམས་ལ་ལོ་བཅུ་བདུན་ཙམ་གྱི་བར་དུ་རྒྱུད་ཀྱི་བཤད་པ་དང་། བྲིས། གར་དབྱངས་ལ་སོགས་པའི་ཕྱག་ལེན་དང་། དེ་དག་གི་དོན་འབེལ་བའི་གཏམ་གྱིས་ཞིབ་མོ་ཞིབ་མོར་བསྙད་པས་གདུལ་བྱ་རྣམས་མཁས་པའི་གོ་འཕང་དུ་བཀྲི་བར་མཛད་པས་ཆོས་ཀྱི་གྲྭ་དེ་ཉིད་འོག་མིན་གྱི་ཞིང་ས་ལ་འཕོས་པ་ལྟ་བུར་གྱུར་པ་ཡིན་ནོ། །དེ་ནས་བཀྲ་ཤིས་མཐོང་སྨོན་ཞེས་བྱ་བའི་ཆོས་ཀྱི་སྡེ་བཏབ་ནས་ལོ་གཅིག་ཙམ་དུ་ཚུལ་དེ་ཉིད་ཀྱིས་འདའ་བར་མཛད་དོ། །རྡོ་རྗེ་ཐེག་པར་མཁས་པའི་རི། གང་གི་འདུན་སར་གཞན་གྱི་བློ། ཕྱེ་མ་ལེབ་ཀྱི་གཤོག་རྩེ་ཡིས། རླུང་གི་འཕྲེང་བ་ཉེ་བར་མཚོན། ལུས་ཅན་གདུང་བའི་ཁྱད་པར་རྣམས། ཞི་བྱེད་ལེགས་བཤད་ག་བུར་རྒྱུན། གང་གི་ཞལ་གྱི་བུམ་བཟང་ནས། རྣ་བའི་སྙིམ་པར་འཇོ་བར་མཛད། དེ་ནས་ད་ནི་འདོད་པའི་དངོས་གྲུབ་ཆེན་པོ་བསྒྲུབ་པར་བྱའོ་སྙམ་དུ་དགོངས་ནས། འཆད་ཉན་གྱི་འདུན་ས་ལས་བྲོས་ཐབས་ཀྱིས་གཤེགས་ནས། རྡོ་རྗེ་སེམས་དཔའ་རང་བྱུང་གི་ལྷ་ཁང་གི་དྲུང་། ཙན་དན་གྱི་ནགས་ཁྲོད་དུ་སྤྱིལ་པོ་བཏབ་སྟེ། ལོ་བཞི་བཅུ་ཞེ་གཅིག་ཙམ་བཞུགས་པས་རྡོ་རྗེ་གླེང་པ་ཞེས་གྲགས། རང་བྱོན་དེ་ཉིད་རིན་པོ་ཆེའི་མཆོད་སྡོང་གི་དབུས་སུ་བཞུགས་པའང་འདིས་མཛད་ཅིང་། གཞན་ཡང་མོག་པའི་རི་ཁྲོད་ལ་སོགས་པར་ཐོག་རེ་གདན་ཆགས་༼༣བ༦༽པས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དང་། འཁོར་ལོ་སྡོམ་པ་དང་། ཆེ་མཆོག་དང་། གུ་རུ་ཞི་དྲག་དང་། ནག་པོ་ཆེན་པོ་ཕྱག་བཞི་པ་དང་། ཞིང་སྐྱོང་སེང་གེའི་གདོང་པ་ཅན་ལ་སོགས་པའི་ཡི་དམ་དང་། ཆོས་སྐྱོང་མང་པོའི་བསྙེན་བསྒྲུབ་མཐར་ཕྱིན་མཛད། དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ་ཅན་བྱོན་ནས་རྫོགས་མའི་རིམ་པ་ལ་སོགས་པ་མན་ངག་ཏུ་སྩལ་བ་དང་། ཁྱད་པར་རྡོ་རྗེ་རྣམ་པར་འཇོམས་པ་ལྷག་པའི་ལྷར་བསྟེན་ནས་བསྙེན་པས་བཅོམ་ལྡན་འདས་དེ་ཉིད་ཀྱིས་མངོན་སུམ་དུ་རྗེས་སུ་བཟུང་སྟེ་དབང་བསྐུར། གདམས་ངག་གནང་། ཁྱོད་ནི་ལས་ཀྱི་རྡོ་རྗེ་གསུམ་པ་ཡིན་ནོ་ཞེས་ལུང་བསྟན་པ་དང་། རྡོ་རྗེ་འཛིན་པའི་གོ་འཕང་དངོས་གྲུབ་ཏུ་སྩལ་ཞིང་། དེ་ནས་གཟའ་རཱ་ཧུལ་དང་། རྒྱལ་པོ་ཆེན་པོ་པོ་ཧ་ར་ལ་སོགས་པ་ལྷ་མ་སྲིན་དྲེགས་པའི་ཚོགས་ཐམས་ཅད་བྲན་དུ་འཁོལ་ཞིང་ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་ཚེ་མི་མ་ཡིན་མངོན་སུམ་དུ་གཏོར་མ་ལེན་པ་དང་། གཏོར་མ་བར་སྣང་ལ་འཕར་བ་དང་། ཡུན་རིང་པོར་མི་བརྙིངས་པ་དང་། སྒྲུབ་པ་ཆེན་པོ་བཀའ་བརྒྱད་ལ་སོགས་པའི་དབང་གནང་བའི་ཚེ། མྱུལ་ལེམ་དག་གིས་སྐལ་བ་མེད་པ་ཚར་གཅོད་པ་དང་། གྲུབ་པའི་རྫས་ཡིད་ཆེས་པ་དངོས་སུ་ཐོགས་ཏེ་འོང་པ་དང་། དུས་གསུམ་མ་བསྒྲིབས་པ་ཨུ་རུར་ལག་མཐིལ་དུ་བཞག་པ་ལྟ་བུར་གཟིགས་པས་ལུང་བསྟན་པ་ཐམས་ཅད་ཐོག་ཏུ་འབབ་པ་དང་། ཁྱད་པར་མཚན་མ་མེད་པ་རྫོགས་པའི་རིམ་པ་ལ་ནན་ཏན་དུ་མཛད་པས་དཀར་དམར་གྱི་འཕོ་བདག་པའི་ཡེ་ཤེས་ཀྱི་སྐུ་བརྙེས་པའི་རྟགས། སྔར་དབུ་སྐྲ་ཞལ་ཚོགས་སྤྱན་སྨིན་ཐམས་ཅད་དཀར་པོར་ཡོད་པ་ནག་པོར་ལོག་པ་དང་། ཚེམས་སེའུ་མུ་ཏིག་གི་མདོག་དང་མཚུངས་པ་སྔར་གྱི་གྲངས་ཚང་བ་སླར་འཁྲུངས་པ་དང་། གཅི་བ་གུར་གུམ་གྱི་གེ་སར་ཞུ་བའི་རྒྱུན་ཉིད་དུ་འབྱུང་བ་སྦྲང་མ་སེར་པོ་ཐིབ་ཐིབ་འདུ་བ་དང་། བཤང་བ་སི་འི་གོང་བུ་སྟར་ཀའི་སྙིང་པོ་ཙམ་ལན་རེ་ལས་མི་འཛག་པ་དང་། གཟིམས་ཁང་ཐམས་ཅད་མེའི་སྤོས་ལས་འདས་པའི་དྲི་ཞིམ་པོས་རྒྱུན་དུ་ཁེངས་པ་དང་། གང་དུ་བཞུགས་ས་དེར་རྟག་ཏུ་ལྷ་རྫས་ཀྱི་མེ་ཏོག་གི་ཆར་འབབ་པ་རྣམས་༼༤ན༧༽ནི་ཀུན་ལ་མངོན་སུམ་དུ་སྣང་བ་ཡིན་ནོ། །ཡོན་ཏན་རྒྱུ་ཚོགས་གྲངས་ཚང་ཡང་། སྒོམ་པའི་ཆུ་ཡིས་མ་བྲན་ན། སེམས་ཀྱི་ནོར་འཛིན་མ་འདི་ལས། བྱང་ཆུབ་མྱུ་གུ་འཁྲུངས་མ་ཡིན། དེ་ལྟར་བསམ་པའི་ཆུ་འཛིན་འཕྲེང་། བསམ་གཏན་ངང་པའི་འགྲོས་ཀྱིས་ནི། གྲུབ་པ་འབིགས་བྱེད་རི་བོ་ཡི། རྩེ་མོར་སོན་པ་ཉིད་དུ་གྱུར། དེ་ནས་ལྔ་རིག་པའི་པཎྜྻཱི་ཏ་ཆེན་པོ་བཀྲ་ཤིས་རྣམ་པར་རྒྱལ་བ་དང་། གྲུབ་པ་ཐོབ་པའི་དབང་པོ་བླ་མ་དམ་པ་སྒྱུ་མའི་གར་མཁན་གཉིས་དང་། མིའི་དབང་པོ་བསྟན་འཛིན་ནོར་བུ་དང་། མཚོ་སྐྱེས་རྡོ་རྗེ་མཆེད་བཙུན་མོ། བློན་འབངས་དང་བཅས་པ་ཐམས་ཅད་ཀྱིས་བླ་མར་བཟུང་ནས། བླ་མ་རིན་པོ་ཆེ་ཞེས་གྲགས་ཤིང་སྐལ་བ་དང་ལྡན་པ་རྣམས་རྗེས་སུ་འཛིན་པར་མཛད་པས་སྐྱེ་དགུ་ཐམས་ཅད་ཀྱི་ཕྱག་དང་མཆོད་པའི་ཡུལ་གཅིག་པུར་གྱུར་ཅིང་། བདག་ལ་ཡང་མཆོག་གི་བླ་མ་དམ་པ་འདིའི་ཞལ་སྔ་ནས་དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པའི་གསང་སྔགས་གསར་རྙིང་གི་དཀྱིལ་འཁོར་ཆེན་པོ་དུ་མར་འཛུག་པ་དང་། ཤིན་ཏུ་ཟབ་པའི་མན་ངག་མང་དུ་སྩལ་བ་དང་། ཆོས་སྐྱོང་བའི་བསྲུང་མ་བཀའ་བབས་སུ་གཏད་པས། བཀའ་དྲིན་ལན་བླ་ན་དུ་མེད་པ་ཐོབ་པ་ཡིན་ནོ། །གང་ཐུགས་ཞི་བའི་ཆུ་སྐྱེས་འཕྲེང་། ཡོན་ཏན་དྲི་བཟང་འཛིན་པ་ལ། ངོ་མཚར་རྣམ་ཐར་རྐང་དྲུག་པ། རྣམ་པར་ཙན་པ་སུ་ཡིས་ལྷོགས། ཚུལ་དེས་ཕྱོགས་ཀྱི་བུ་མོ་ཡི། རྣ་བའི་བཅུད་ལེན་མཛད་པའི་མང་། དམར་བའི་ཞབས་སེན་ནོར་བུའི་འོད། ཆེན་པོའི་ཟུར་ཕུད་དག་དང་འགྲོགས། གཞན་ཡང་ཡི་དམ་གྱི་ལྷ་གང་དང་གང་བསྐྱེད་པར་མཛད་པ་དེ་དང་དེའི་སྐུ་མདོག་གི་ཆ་ཤས་སུ་འགྱུར་བར་སོ་སོ་སྐྱེ་བོ་ཐ་མལ་པས་ཀྱང་རྗེན་ཆེར་ཤེས་ཤིང་འགའ་ཞིག་གིས་ལྷ་དེ་ཉིད་ཇི་ལྟ་བར་མཐོར་བ་ཡང་བྱུང་། དགོན་གནས་དེར་དང་པོ་ཆུ་ཆུང་ངུ་ལས་མེད་པ། ཐུགས་གཏད་པས་འབབ་ཆུ་ཤིན་ཏུ་ཆེ་བ་གྱུར་པ་དང་། གཟིམས་ཁང་གི་འཁྲིས་ཀྱི་ཤུག་པའི་རྩེ་མོ་ཐོག་སོ་གཅིག་ཡན་ཆད་བསྐམ་པོ་ཤ་བའི་རྭ་རྩེ་ལྟ་བུའི་མདོག་ཏུ་སྣང་བ་མི་མཛེས་སོ་གསུང་ནས་ཕྱག་གིས་བུམ་ཆུའི་ཐོར་བས་ཡལ་འདབ་ཕུན་སུམ་ཚོགས་པ་རྨ་བྱའི་མགྲིན་པའི་སྤུ་ལྟ་བུ་སླར་༼༤བ༨༽སྐྱེས་པ་དང་། སྐྱེ་བོ་ས་ནད་དང་སྟེང་གདོན་གྱིས་ཟིན་པ་རྣམ་འཇོམས་ཀྱི་བྱ་བ་ཁྲུས་མཛད་པས་ནད་ལ་གྲོལ་བ་དང་། སྨྱོ་འབོག་ཅན་ཕྱག་གིས་རེག་པས་སོས་པ་དང་། གདོན་གྱིས་གནོད་པ་སྤྱིན་གྱིས་གཟིགས་པ་ཙམ་དང་། གཞན་དུ་མཚན་རྣ་བར་བསྒྲགས་པས་སེལ་བར་ནུས་པ་དང་། བདུད་རྩི་སྨན་གྱི་སྒྲུབ་པ་མཛད་པ་ན་ལུང་པ་སྨན་གྱི་དྲིས་གང་བ་ལ་སོགས་པ་ངོ་མཚར་བའི་གཏམ་ཅིང་ཡང་མངའ་བས་མཐུ་སྟོབས་ཞབས་ཞེས་ལྷ་དང་བཅས་པའི་འཇིག་རྟེན་རྣམས་ཀྱིས་བསྟོད་པར་བྱས་སོ། །དེ་ལྟར་མི་ཡུལ་དུ་དགུང་ལོ་བདུན་ཅུ་ལྷག་ཙམ་གྱིས་འགྲོ་བའི་དོན་མཛད་ཅེས་སྨྲ་བ་ནི་རྗེ་བཙུན་འདི་དགུང་ལོ་གསང་བར་སྣང་བས། དེའི་དབང་དུ་བྱས་པ་ཡིན་ལ། ཁོ་བོས་གསུང་གིས་ཟུར་ལས་དགུ་བཅུ་རྩ་ལྔའི་བར་དུ་བཞུགས་པར་རིག་ཅིང་། དེ་ནས་ལྕང་ལོ་ཅན་དུ་དཔའ་བོ་དང་དཔའ་མོ་ནམ་མཁའ་གང་བས་བསུས་ཏེ་གཤེགས་སོ། །སྐུ་གདུད་ནི་རིམ་པའི་་་་གྱིས་བྲིས་པ་ཡི། ངོ་མཚར་གཟུགས་བརྙན་སུབས་མ་གྱུར། ད་ཚེ་ཕྱི་མའི་མཚོར་གནས་པའི། །འདྲེན་བྱེད་དུར་བའི་འཕྲེང་བ་རྣམས། མི་བཟད་སྡུག་བསྔལ་རྙིས་ཟིན་ནས། དྲན་པ་མེད་པར་བརྒྱལ་བའི་ཚེ། གང་ལ་དད་པའི་ཙན་དན་གྱི། ཕྱེ་མར་འཐུལ་བས་སེམས་རྙེད་བསམ། རྣམ་ཐར་མཱ་ལ་ཡའི་རི་བོ། དྲི་བཟང་གཞན་ལ་འཐོར་འདི་སྦྱར། ཞེས་རྗེ་བཙུན་མཐུ་སྟོབས་ཞབས་ཀྱི་རྣམ་པར་ཐར་པ། ཡུལ་ལྷོ་ཕྱོགས་ཀྱི་ལྗོངས་ན་ཀུན་ལ་མཐུན་སྣང་དུ་གྲུབ་པ་རྣམས་གཅིག་ཏུ་བསྡུས་པ་ངོ་མཚར་གྱི་རྨ་བྱ་རྣམ་པར་རྩེ་བཞེས་བྱ་བ། གང་གི་སློབ་མ་དམ་དཀར་པོས་རང་གཞན་གྱི་མོས་པའི་གསོས་སུ་སྦྱར་བའོ།། །།སརྦ་མངྒ་ལཾ། ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆོད། པར་བཞེངས་གླེགས་བུ་རེ་རེ་ལ། དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། །ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།

Notes[edit]

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net