ཡིད་བཞིན་མཛོད་ཀྱི་གྲུབ་མཐའ་བསྡུས་པ་བཞུགས་སོ།

From Rangjung Yeshe Wiki Texts
Jump to navigationJump to search

༄༅། །ཡིད་བཞིན་མཛོད་ཀྱི་གྲུབ་མཐའ་བསྡུས་པ་བཞུགས་སོ། །[1]

༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། འདིར་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་ལེའུ་བཅུ་གཉིས་པ་གྲུབ་མཐའི་རིག་མཛོད་ཆེན་མོའི་དོན་མདོ་ཙམ་བསྡུ་ན། ཤེས་བྱའི་ཆོས་སྤང་བླང་གཉིས་སུ་གནས་པ་ལས། དང་པོ་སྤང་བྱ་ཕྱིར་རོལ་མུ་སྟེགས་པ་ལ་སྟོན་པ་དྲུག་ནི། འོད་སྲུངས་རྫོགས་བྱེད་འཇིག་རྟེན་སྔ་ཕྱི་ལས་རྒྱུ་འབྲས་དགྲ་བཅོམ་པ་དང་བརྫུས་སྐྱེས་མེད་པར་འདོད། ཀུན་ཏུ་རྒྱུ་གནས་ལྷས་ཀྱི་བུས་འཆིང་གྲོལ་མེད་དེ་ངོ་བོས་བྱུང་བར་འདོད། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་གྱིས་དགེ་སྡིག་གི་འབྲས་བུ་མེད་པར་འདོད་པར་འདོད་པ་ནི་འོག་ཏུ་ཕུར་བུ་བ་བཀག་པས་ཁེགས་སོ། །མི་ཕམ་སྐྲའི་ལྭ་བ་ཅན་གྱིས་ཐམས་ཅད་དུས་ཀྱིས་བྱས་པར་འདོད༌། དེ་ལ་ཕྲད་པ་བརྟགས་པའི་རིགས་པས་དུས་བདེན་གྲུབ་ཁེགས་ལ། དུས་ཡོད་ཀྱང་ལམ་མ་བསྒོམས་ན་ཀུན་དཀྲིས་མི་ཞི་བས་དུས་ཀྱིས་གྲོལ་བ་ཁེགས། དུས་ཆེན་ལ་ནི་སངས་རྒྱས་ཀྱི་བྱིན་རླབས་དང་རྗེས་འཇུག་གི་མོས་པ་གཉིས་ལས་འགྱུར་ཁྱད་འབྱུང་བས་དེ་དང་མི་འདྲའོ། །ཀ་ཏྱཱའི་བུ་ནོག་ཅན་གྱིས་གང་དུའང་ཁས་མི་ལེན་པ་ངན་གཡོའི་ལྟ་བ་འཛིན་ཏེ། འཇིག་རྟེན་ཡོད་མེད་རྟག་མི་རྟག་སོགས་གང་དྲིས་ཀྱང་དྲིས་པ་ལྟར་ལུང་བསྟན་པར་མི་བྱའོ་ཟེར་བ་ནི་འགལ་ཏེ། དཔེར་ན་ཀ་བ་ལྟ་བུ་གང་རུང་གཅིག་ཏུ་བརྗོད་དུ་མེད་ན་དངོས་མེད་དུ་ཐལ་བ་བཞིན་དུ་གང་དུ་ཁས་མི་ལེན་པ་དེ་ཡང་དེ་དང་འདྲའོ། །གཅེར་བུ་པ་གཉེན་ཀྱི་བུས་ཐམས་ཅད་སྔོན་གྱི་ལས་ལས་བྱུང༌། ད་ལྟའི་ལས་ཀྱིས་ད་ལྟ་འབྲས་བུ་འབྱིན་པར་མ་མཐོང་བས་ལས་སྔོན་སོང་གི་ནུས་པ་ཟད་པར་བྱས་ནས་གྲོལ་བར་འདོད། དེ་ལ་ལུས་སེམས་དང་ལས་གཅིག་ཐ་དད། ལས་དེ་བྱེད་པོ་འདས་ད་མ་འོངས་གང་གིས་བྱས། བྱེད་པོ་ཡིན་པས་བྱེད་པ་སོགས་མུ་བཞི་རྣམ་སྨིན་མྱོང་མཁན་རྟག་མི་རྟག་གང་ཡིན་སོགས་བརྟགས་པས་རང་བཞིན་གྱིས་གྲུབ་པ་ཁེགས་ལ། ཐ་སྙད་དུའང་ལས་ཁོ་ན་རྒྱུ་ཡིན་ན། གཞན་བསད་པ་དང་སྦྱིན་པ་གཏོང་བ་ལའང་དེ་ཡི་ཡུལ་དེའི་ལས་ཁོ་ན་རྒྱུ་ཡིན་པས་བྱེད་པོ་ལ་འབྲས་བུ་སྨིན་པ་མི་འཐད་པ་དང༌། ལས་སུ་འདྲ་ཞིང་ལས་ཁོ་ན་རྒྱུ་ཡིན་པས་ད་ལྟའི་ལས་ཀྱིས་ཀྱང་ད་ལྟ་འབྲས་བུ་འབྱིན་པ་ལ་གེགས་མེད་པ་དང༌། ལས་རྙིང་པའང་ངོ་བོས་མ་གྲུབ་སྟེ་ལས་ལ་ཐོག་མ་མེད་པ་སོགས་ཀྱི་རིགས་པས་ཁེགས་སོ། །འཇིག་ལྟ་ཉི་ཤུ་ནི། གཟུགས་སོགས་རེ་རེ་ནས་བདག་ཡིན་པ་ལྔ་ནི། བདག་ཕུང་གཅིག་ན་བདག་མི་རྟག་པ་དང་དུ་མར་ཐལ་བས་འགོག བདག་དེར་གནས། བདག་ལས་དེ་བྱུང༌། དེ་ལ་བདག་གིས་དབང་བསྒྱུར་བ་ལྔ་ཕྲག་གསུམ་སྟེ་བཅོ་ལྔ་ནི་བདག་དང་ཕུང་པོ་ཐ་དད་དུ་མ་དམིགས་པས་ཁེགས་སོ། །ལྟ་བ་དྲུག་ཅུ་རེ་གཉིས་ལ། །སྔོན་མཐའ་ལ་བརྟེན་པ་བཅོ་བརྒྱད། ཕྱི་མཐའ་ལ་བརྟེན་པ་བཞི་བཅུ་ཞེ་བཞི་ཡོད་པའི། དང་པོ་ནི །ཐམས་ཅད་རྟག་པར་སྨྲ་བ་བཞི། །ཁ་ཅིག་ཆད་པར་སྨྲ་བ་བཞི། །མཐའ་ཡོད་མེད་དུ་སྨྲ་བ་བཞི། །ལྷ་མི་སྤོང་བར་སྨྲ་བ་བཞི། །རྒྱུ་མེད་པར་སྨྲ་བ་གཉིས་ཏེ་བཅོ་བརྒྱད་དོ། །དེ་ལ་དང་པོ་བཞི་ནི་སྔོན་གྱི་བསམ་གཏན་པ་དག་གིས་བསྐལ་པ་སུམ་ཅུ་དང་དགུ་བཅུའི་བར་དང་ཁྱིམ་ནས་ཁྱིམ་དུ་བརྒྱུད་མར་སྐྱེ་བ་མཐོང་ནས་སྔ་ཕྱིའི་མཐའ་ཐུག་མེད་དུ་ཡོད་དོ་སྙམ་ནས་འཇིག་རྟེན་ཐམས་ཅད་རྟག་པར་སྨྲ་བ་སྟེ། ཁས་ལེན་འདྲ་ཡང་སློབ་དཔོན་སོ་སོ་བས་ཕྱེ་བས་བཞིའོ། །གཉིས་པ་ཚངས་ཆེན་རྟག་ལ་ལྷ་གཞན་མི་རྟག་པར་འདོད་པ་དང༌། ལྷ་སུན་འབྱིན་པ་མི་རྟག་པ་ལྷ་གཞན་རྟག་པ་དང༌། ལྷ་རྩེ་དགས་བསླུ་བ་མི་རྟག་ལ་གཞན་རྟག་པ་དང༌། གཟུགས་ཀྱི་ལྷ་མི་རྟག་ལ་གཟུགས་མེད་ཀྱི་ལྷ་རྟག་པར་འདོད་པ་བཞིའོ། །གསུམ་པ་འཇིག་རྟེན་མཐའ་ཡོད། མཐའ་མེད། གཉིས་ཀ་ཡིན། གཉིས་ཀ་མིན་ཟེར་བ་བཞི། བཞི་པ་སྔོན་ཕྱི་རོལ་པའི་གནས་འགའ་ཞིག་ཏུ་རྩོད་པ་བྱུང་ཚེ་ལྷ་མི་སྤོང་བ་ཡིན་ནོ་ཞེས་བརྗོད་ཅིག་ཅེས་དམ་བཅས་པ་ལ་བརྟེན། ཤེས་རབ་ཆུང་བ། གྲུབ་མཐར་མ་སྦྱངས་པ། སྦྱངས་ཀྱང་ངེས་པོ་མེད་པ། རྟོགས་པ་མངོན་པའི་ང་རྒྱལ་ཅན་བཞི་ལ། ལྟ་བ་ཅི་ཡིན་དྲིས་པ་ན་ལྷ་མི་སྤོང་བའོ་ཙམ་དུ་སྨྲས་པ་ལས་བྱུང་བ་བཞིའོ། །འདིའང་ལྟ་གྲུབ་དངོས་སུ་སྨྲས་ན་མི་འགྲུབ་པར་དོགས་ནས་ལྷ་མི་སྤོང་བ་ཙམ་ལ་བརྒལ་བརྟག་དེ་ཙམ་མི་ཡོང་བར་སེམས་ནས་བརྗོད་ཅི་བདེར་བྱས་པ་ཙམ་ལ་ཁྱད་མེད་ཀྱང་བློ་རིགས་བཞིའི་དབང་གིས་དང་པོར་ཕྱུངས་ནས་བཞིར་ཕྱེ་བའོ། །རྒྱུ་མེད་ནི་བསམ་གཏན་དང་རིགས་པ་ལ་བརྟེན་པ་གཉིས་དང་པོ་སྔོན་འདུ་ཤེས་མེད་པ་ནས་འཕོས་པ་ཁ་ཅིག་གིས་བསམ་གཏན་གྱིས་བརྟགས་ཚེ། འདུ་ཤེས་མེད་པའི་ཕྲ་བའི་ཀུན་གཞི་མ་རྟོགས་པ་དང༌། སྣོད་ཀྱི་རྒྱུ་རྡུལ་ཕྲ་བ་ནི་མ་རྟོགས་པར་སྣོད་བཅུད་རྒྱུ་མེད་བྱུང་ངོ་སྙམ་དུ་དེ་ལྟར་སྨྲ་བའོ། །གཉིས་པ། ནམ་མཁའ་ལ་སྤྲིན་གློ་བུར་དུ་བྱུང་བ་ལ་བརྟེན་ནས་དེ་ལྟར་འཇིག་རྟེན་ཀུན་རྒྱུ་མེད་གློ་བུར་བར་སྨྲ་བའོ། །དེ་རྣམས་ཀྱིས་འཇིག་རྟེན་དང་ལྷ་སོགས་རྟག་པར་འདོད་པ་ལ། རྟག་ན་མི་འགྱུར་བའི་ཕྱིར་དོན་བྱེད་མི་སྲིད་པ་དང༌། དོན་བྱེད་ནུས་ན་མི་རྟག་པས་ཁྱབ་པས་རྟགས་དངོས་འགོག་པའི་རིགས་པས་ཁེགས། རྒྱུ་མེད་ནི། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །ཞེས་པས་ཁེགས། གདགས་གཞི་མ་གྲུབ་པ་ལ་གཅིག་ཐ་དད་ཆེ་ཆུང་སོགས་ཁྱད་ཆོས་མི་འཐད་པས་ཁེགས། །དུས་དང་ཆ་ལ་བརྟགས་ན་སྐད་ཅིག་ཆ་མེད་དང་རྡུལ་ཕྲན་ཆ་མེད་མི་གྲུབ་ལ། བདག་མེད་པས་ལྷ་མི་སྤོང་བའང་ཁེགས། འཇིག་རྟེན་མཐའ་མེད་མི་འགྲུབ་སྟེ། མཐའ་མེད་རྒྱུའི་འཇིག་རྟེན་རིལ་བོ་གཅིག་མི་སྲིད་ལ། མཐའ་ཡོད་པའང་མི་སྲིད་དེ་ནམ་མཁའ་གང་ཡོད་དུ་སེམས་ཅན་སྐྱེ་བ་ལ་གེགས་མེད་པས་སོ། །གཉིས་ཀ་ཡིན་པའི་ཕྱོགས་ཐམས་ཅད་ནི་འགལ་བ་གཞི་གཅིག་ལ་མི་འདུ་བས་ཁེགས་ལ། གཉིས་མིན་ནི་མི་སྲིད་པས་ཁེགས་སོ། །ཕྱི་མཐའ་ལ་བརྟེན་པ་བཞི་ལ། འདུ་ཤེས་ཡོད་པར་སྨྲ་བ་བཅུ་དྲུག མེད་སྨྲ་བརྒྱད། ཡོད་མེད་གཉིས་ཀ་མིན་པའི་འདུ་ཤེས་ཅན་བརྒྱད། ཆད་སྨྲ་བདུན། ཚེ་འདིར་མྱ་ངན་ལས་འདས་པར་སྨྲ་བ་ལྔའོ། །དང་པོ། བདག་གཟུགས་ཀྱི་འདུ་ཤེས་ཅན་དང༌། གཟུགས་ཅན་མིན་པའི་འདུ་ཤེས་ཅན་དང༌། གཉིས་ཡིན་དང༌། གཉིས་མིན་གྱི་འདུ་ཤེས་ཅན་བཞི། དེ་བཞིན་བདག་མཐའ་ལྡན་མི་ལྡན་སོགས་བཞི། བདག་བདེ་བ་སྡུག་བསྔལ་སོགས་བཞི། བདག་གཅིག་པུ། ཐ་དད། ཆུང་ངུ། ཆེན་པོའི་འདུ་ཤེས་ཅན་ཏེ་བཅུ་དྲུག་གོ །གཉིས་པ་འདུ་ཤེས་མེད་པར་སྨྲ་བ་ལ། བདག་གཟུགས་ཅན་འདུ་ཤེས་མེད་པར་སྐྲ་སེན་ལྟ་བུ། གཟུགས་ཅན་མིན་པའི་འདུ་ཤེས་མེད་པ་ནམ་མཁའ་ལྟ་བུ། དེ་གཉིས་ཀ་ཡིན་པ། གཉིས་ཀ་མིན་པར་སྨྲ་བ་བཞི། བདག་མཐའ་དང་ལྡན་ལ་འདུ་ཤེས་མེད་པ་སོགས་བཞི་སྟེ་བརྒྱད་དོ། །གསུམ་པ་འདུ་ཤེས་ཡོད་མེད་གཉིས་མིན་དུ་སྨྲ་བ་བརྒྱད་ནི། བདག་གཟུགས་ཅན་དུ་འདུ་ཤེས་ཡོད་པའང་མིན་མེད་པའང་མིན་སོགས་བཞི་དང༌། བདག་མཐའ་ཡོད་འདུ་ཤེས་ཡོད་མིན་མེད་མིན་སོགས་བཞི་སྟེ་བརྒྱད་དོ། བཞི་པ་ཆད་སྨྲ་བདུན་ནི། འདོད་པའི་མི་དང༌། ལྷ་དང༌། གཟུགས་ཁམས་སྟེ་གསུམ་དང་གཟུགས་མེད་བཞི་སྟེ་བདུན་པོ་ཤི་ནས་སྐྱེ་བ་རྒྱུན་ཆད་པར་འདོད་པའོ། །ལྔ་པ་འདི་ལ་མྱང་འདས་ལྔ་ནི། འདོད་ཁམས་ཀྱི་ལྷ་མིས་འདོད་ཡོན་དང༌། བསམ་གཏན་བཞི་པོས་ཚེ་དེར་རང་རང་གིས་བསམ་གཏན་ཆེར་གོམས་ན་ཚེ་འདི་ལ་མྱ་ངན་ལས་འདའ་བར་སྨྲ་བའོ། །དེ་ལ། བདག་དང་མཐའ་ལྡན་སོགས་འགོག་པ་གོང་དང་དོན་གཅིག་ལ། བདག་མེད་པས་དེ་འདུ་ཤེས་ཅན་སོགས་སུ་མ་གྲུབ་པ་དང༌། འདུ་ཤེས་མེད་པ་བདག་ཏུ་ཐལ་ན་བདེ་སྡུག་གི་རྟེན་དུ་མི་རུང་བ་སོགས་དང༌། འདུ་ཤེས་ཡོད་མེད་སོགས་འགལ་བས་གཉིས་ཡིན་དང་གཉིས་མིན་མ་གྲུབ་པ་དང༌། ཆད་པའང་སྐད་ཅིག་ལ་མེད་ཅིང་རྒྱུན་རྫས་སུ་མ་གྲུབ་པས་ཁེགས་ལ་འདོད་ལྷ་སོགས་སུ་སྐྱེས་པ་ལ་སྐྱེ་བ་རྒྱུན་ཆད་པའི་རྒྱུ་མཚན་མི་གྲུབ་པ་དང༌། འདོད་ཡོན་དང་བསམ་གཏན་ཙམ་ལ་ཆེར་གོམས་པས་མྱང་འདས་མི་ཐོབ་སྟེ་དེ་དག་འཁོར་བའི་རང་བཞིན་ལས་མ་འདས་ཤིང༌། གཏན་དུ་ཐར་པའི་ཐབས་མིན་པས་སོ། །ལོ་མ་ཅན་སོགས་བརྒྱ་ཉི་ཤུ་ནི། ལོ་མ་ཅན། རྒྱལ་དཔོགས་པ། འཇིག་རྟེན་མེད་པ། འཚོ་བ་པ། དབྱུ་གུ་གསུམ་པ་སོགས་བརྒྱ་དང་ཉི་ཤུ་ཐམ་པ་དེའི་ལུགས་ནི། སྔར་བྱུང་བ། ད་ལྟ་ཡོད་པ། ཕྱིས་འབྱུང་བའི་ཆ་ནས་ཕྱེ་ན་སུམ་བརྒྱ་དྲུག་ཅུ་སྟེ། ཐམས་ཅད་རྟག་ཆད་དུ་སྨྲ་བས་ལམ་མིན་དུ་འཁོར་མོ་ཡུག་ཏུ་འཕྱན་པ་ཤ་སྟག་གོ །སྡེ་ཚན་བཅུ་གཅིག་གི་དང་པོ། །མགོ་སྙོམས་པ་བཅུ་ནི། ཉན་ཐོས་ལ་མགོ་སྙོམས་པ་ཐ་སྙད་པ། རང་རྒྱལ་ལ་འགོ་སྙོམས་པ་ཕྲ་བ་ལ། དེ་བཞིན་སེམས་ཙམ་ལ་ཕྲ་བ་པ། དབུ་མར་ཕྲ་བ་ཆེན་པོ། བྱ་བ་ལ་རིག་བྱེད་པ། སྤྱོད་པར་རིག་སྤྱོད་པ། རྣལ་འབྱོར་རྒྱུད་ལ་རིག་སྦྱོར་བ། ཕ་རྒྱུད་ལ་བརྟུལ་ཞུགས་ཆེར་སྤྱོད་པ། མ་རྒྱུད་ལ་རྒྱལ་དཔོགས་པ། གཉིས་མེད་ལ་མགོ་སྙོམས་པ་བརྒྱལ་ཐོབ་པ་སྟེ། དེ་དག་ལ་འབྱུང་བ་ལྔ་དང་ཆེན་པོ་ལྔའི་ཁམས་ལས་ཕྱེ་བའི་བརྒྱ་ཐམ་པའོ། འདི་འདྲའི་དབྱེ་བ་རྣམས་གྲུབ་མཐའ་ཟུར་པ་རེ་མིན་ཀྱང་རྣམ་གྲངས་ཙམ་མོ། །རྟག་པ་ཐེར་ཟུག་དགུ་ནི། སྤྱི་རྟག་པར་འདོད་པ་དང༌། བྱེ་བྲག་ཕྱྭ་དང་དབང་ཕྱུག་བྱེད་པོ་རྟག་པ། རིག་བྱེད་ཀྱི་ཚིག་རྟག་པ། བརྗོད་མེད་ཀྱི་བདག་རྟག་པ། རིག་བྱ་རྟག་པ། ཡོན་ཏན་རྟག་པ། གཙོ་བོ་དང་བདག་རྟག་པ། ཚིག་གི་དོན་དགུ་རྟག་པ། རིག་པའི་གནས་རྟག་པར་འདོད་པ་སྟེ། འདི་ལ་རྟག་པའི་རང་བཞིན་བདག་དང་གཙོ་བོ་རྣམ་འགྱུར་གསུམ། རིག་བྱ་རིག་བྱེད་རིག་དུས་སྤྱོད་ཚུལ་ལས། སྤྱི། འབྲེལ་བ། འབད་འདུའི་ཤུགས་ཏེ་བཅུ་གཅིག་རེས་གཞལ་བས་བརྒྱ་རྩ་གཅིག་ཏུ་གནས་སོ། །འདི་ལ་ཁ་ཅིག་རྩ་བ་དགུ་ལ་བཅུ་གཅིག་རེས་གཞལ་ན་དགུ་བཅུ་གོ་གཅིག་འོང་ལ། དེ་སྟེང་སྤྱི་བྱེ་བྲག་རྟག་པ་གཉིས་བསྣན་པའོ་ཞེས་སོགས་ཟེར་ཀྱང་ཁུངས་བཞིན་བརྟག་པར་བྱའོ། །བསྙོན་སྨྲ་དྲུག་ནི། རྒྱལ་དཔོགས་པས་སྐྱེས་བུ་ཐམས་ཅད་མཁྱེན་པར་བསྒྲུབ་པ་ལ་མི་སྨྲ་བ་གཏན་ཚིགས་སུ་འགོད། རིག་པ་ཅན་པས་བདག་ཀུན་ལ་ཡོད་པའི་སྒྲུབ་བྱེད་དུ་བདག་གི་ཡོན་ཏན་བདེ་སྡུག་དམིགས་བརྟགས་སུ་འགོད། སྤྱོད་པ་བས་སྒྲ་རྟག་པར་བསྒྲུབ་པ་ལ་མ་བྱས་པ་རྟགས་སུ་འགོད། ནམ་མཁའི་གོས་ཅན་པས་ཤིང་སེམས་ལྡན་དུ་བསྒྲུབ་པ་ལ་ལོ་མ་འཁུམས་པ་དང་ལྤགས་པ་བཤུས་ནས་སྐམ་པ་རྟགས་སུ་འགོད། གྲངས་ཅན་པས་བེམ་པོ་སྲོག་ཅན་དུ་བསྒྲུབ་པ་ལ་ཤུན་པགས་བཤུས་ན་འཆི་བ་གཏན་ཚིགས་སུ་འགོད། བྱེ་བྲག་པས་གསོན་པོའི་ལུས་བདག་བཅས་སུ་བསྒྲུབ་པ་ལ་སྲོག་དང་བཅས་པ་འགོད་པར་བྱེད་དོ། །འདི་དག་ལ་མཐུན་ཕྱོགས་རྟོག་ངོར་མཐོང་བའི་དམ་བཅའ། གཏན་ཚིགས། དཔེ་གསུམ་གྱིས་བསྒྲུབས་པས་བཅོ་བརྒྱད་དུ་བཞག་གོ །བསམ་གཏན་དད་པ་བདུན་ནི། ཕུར་བུ་པས་ཀུན་རྫོབ་ཀྱང་མེད་པར་སྒོམ། གྲངས་ཅན་པས་རྣམ་འགྱུར་འཆད་པའི་སྟོང་པ་སྒོམ། ཉི་མ་པས་སྣང་བ་སྤང་བའི་སྟོང་པ་སྒོམ། ཛཱ་ཡ་དྷ་ར་པས་ཚོགས་དྲུག་ཡུལ་དང་བཅས་པ་སྐྱོན་དུ་བལྟས་ནས་མི་རྟོག་པ་རྩེ་གཅིག་ཏུ་སྒོམ། བྱེ་བྲག་པས་དྲན་པ་སྐྱོན་དུ་བལྟས་ནས་དྲན་མེད་རྩེ་གཅིག་སྒོམ། ཞི་བ་པས་ཐམས་ཅད་སེམས་སུ་བལྟས་ནས་སེམས་དེ་ལས་མ་ཡེངས་པར་སྒོམ། རིག་བྱེད་པས་བདེ་སྡུག་རྣམ་རྟོགས་གང་ཡང་སྤངས་ནས་ནམ་མཁའ་ལྟར་སྒོམ་པའོ། །དེ་དག་གི་ཏིང་འཛིན་ལ་དམིགས་པའི་ངོ་བོ། རྣམ་གྲང། ཉམས། རང་རང་གི་འབྲས་བུ་བཞི་རེར་དབྱེ་བས་ཉེར་བརྒྱད་དོ། །སྟོན་པ་དྲུག་ནི་སྔར་གྱི་འོད་སྲུངས་རྫོགས་བྱེད་ལ་སོགས་པའོ། །དེ་དྲུག་ཕལ་ཆེ་བའི་ལྟ་བ་ནི་ཆད་ལྟ་སྟེ། དེ་ཡང་སྒོག་ཅིག དཔེ་གསུམ་ཚུལ་བཞིས་སྒྲུབ་སྟེ། བསྒྲུབ་བྱ་རྒྱུ་འབྲས་མེད་པ་ཚེ་སྔ་ཕྱི་མེད་པས་ཐར་གྲོལ་མེད་པ་མ་མཐོང་བའི་འགྲོ་བ་མེད་པ་བཞིའོ། །སྒོ་གཅིག་ནི་རང་གི་དབང་པོའི་སྤྱོད་ཡུལ་དུ་མ་མཐོང་བའི་ཕྱིར་ཞེས་པའོ། །དཔེ་གསུམ་ནི། རྒྱུ་མེད་པའི་དཔེ་སྤང་ལ་ཤ་མོ་རྡོལ་བ། འབྲས་བུ་མེད་པའི་དཔེ་ཐལ་བ་རླུང་ལ་གཏོར་བ། ངོ་བོ་ཉིད་ཀྱིས་བྱུང་བའི་དཔེ་ཉི་མ་འཆར་བ་དང༌། ཆུ་བོ་ཐུར་དུ་འབབ་པ་སོགས་སོ། །ཚུལ་བཞི་ནི། སྔ་ཕྱིའི་སྲིད་པ་མེད་ཀྱང་ད་ལྟའི་འཇིག་རྟེན་ཡོད་པའི་ཚུལ། གཙོ་བདག་སོགས་འཕོ་བ་མེད་ཀྱང་ལུས་གྲུབ་ཚེ་རང་ཆས་ཡོད་ཚུལ། ས་སོགས་འབྱུང་བར་ཤེས་པ་སྐྱེད་ནུས་ཀྱི་རྒྱུ་ཡོད་པས་ཆན་ལས་མྱོས་པའི་ནུས་པ་བཞིན་གློ་བུར་གྲུབ་ཚུལ་ལམ་མ་སྦྱངས་ཀྱང་ཤི་ནས་རང་བཞིན་གྱིས་རྒྱུན་ཆད་པས་གྲོལ་ཞིང༌། དེ་ལྟར་ཤེས་ན་ལམ་སྦྱང་དཀའ་ཐུབ་ཀྱི་ངལ་བ་མི་དགོས་པས་རྒྱང་ཕན་པའི་གཞུང་བསྟན་པ་དོན་མེད་མིན་ཚུལ་བཞིའོ། །སྒྲུབ་བྱེད་བརྒྱད་པོ་དེ་དག་གི་སྒོ་ནས། བསྒྲུབ་བྱ་བཞི་བསྒྲུབ་པའི་ཆ་ནས་སུམ་ཅུ་རྩ་གཉིས་སུ་ཕྱེ་བའོ། །བློན་པོ་དྲུག་ནི། འཇིགས་མེད་ཐོབ། ཉི་ཟླ་གྲགས། བདེན་པ་ཐོབ། ཤིས་པར་སྨྲ། བཀྲ་ཤིས་ཐོབ་བོ། །དེ་རྣམས་ཀྱིས་ཚེ་འདིར་གང་ཕན་ཁོ་ན་སྤྱོད་ཀྱི། ཕྱི་ནང་གཉིས་ཀའི་འདོད་པ་ལྟར་མིན་ཏེ་མ་མཐོང་བའི་འགྲོ་བ་སོགས་དོན་མེད་ལ། ད་ལྟའི་འཇིག་རྟེན་ན་གང་མངོན་སུམ་སྤྱོད་པ་འདི་བདེན་པས་འདི་ལ་ཕན་པའི་ལེགས་ཉེས་རྟོག་པ་འབའ་ཞིག་གཙོ་བོར་འཛིན་ཏོ། །དེས་ན་གཟའ་དང༌། སྐར་མ་དང༌། དུས་ཚིགས་དང༌། ལྷའི་ཆོས་ལུགས་ཏེ་རྒྱལ་པོའི་ལུགས་དང༌། གླང་པོ་སོགས་བརྟག་པ། སྲིད་སྲུང་བ་སྟེ་རིག་པའི་མཛོད་དྲུག་སློབ་ཅིང༌། དེ་ཡང་རྒྱལ་པོ་དང༌། བློན་པོ་དང༌། རིག་པ་ཤེས་པ་དང༌། ཚོང་དཔོན་དང༌། འབངས་ལྔས་ཤེས་པར་བྱ་བའི་ཆ་ནས་སུམ་ཅུ། རྩ་བའི་རིག་པ་ཐུན་མོང་གི་ཤེས་བྱ་དྲུག་སྟེ་སོ་དྲུག་ཏུ་བཞག་གོ །ཞར་བྱུང་བཞི་ནི། མོས་པ། ཆགས་པ། ཡེངས་པ། གཡེང་བའི་འདུ་ཤེས་ཅན་བཞི་ནི། ཚེ་འདིའི་བདེ་བ་ལ་མོས་པ་དང་ཆགས་ཤིང་ཡེངས་ལ་ཤིན་ཏུ་གཡེང་བར་སྤྱད་ན་གྲོལ་བར་འདོད་པའོ། །ཏརྐཱ་སྡེ་དྲུག་ནི། སེར་བུ་བོང་དེད་ཀྱི་སྡེ། རྩིག་ལྤགས་ཤ་ཟན་གྱི་སྡེ། ཝ་མགོ་རེ་ཐོད་ཀྱི་སྡེ། འཇིག་རྟེན་རྒྱང་ཕན་པའི་སྡེ། རྒྱུ་འབྲས་གཏན་མེད་ཀྱི་སྡེ། ཕྱལ་བ་དོན་མེད་ཀྱི་སྡེའོ། །འདི་དག་རྒྱུ་མེད་དུ་སྨྲ་བ་ལས་ཕྱེ་བའོ། །རྒྱུན་ལྟ་བཞི་ནི། རང་བཞིན་དང་བྱེད་པོ་དང་དབང་ཕྱུག་དང་དུས་རྒྱུན་ལྟ་བ་སྟེ་འདི་བཞི་རྟག་ལྟ་ལས་ཕྱེ་བའོ། །མཁན་པོ་གཉིས་ནི་རྟག་པའི་སློབ་དཔོན་ཤང་ཀ་དུང་འཛིན་ཆད་པའི་སློབ་དཔོན་བྷི་བ་ཧ་ཏི་དང་གཉིས་ནི་རྩ་བའི་རྟག་ཆད་དོ། །རིག་བྱེད་ཀྱི་མཐར་གསང་བར་སྨྲ་བའི་སྤྱོད་པ་པའི་བྱེད་བྲག་སྟེ་འོག་ཏུ་སྟོན་ནོ། །དེ་ལྟར་ན་མགོ་སྙོམས་པ་ནས། གསང་བ་པའི་བར་གྱི་དབྱེ་བ་སུམ་བརྒྱ་ནི་ད་ལྟར་གྱི་མཐའ་ལ་བརྟེན་པའོ། །སྔོན་མཐར་བརྟེན་པ་བཅོ་བརྒྱད་དང༌། ཕྱི་མཐར་བརྟེན་པ་ཞེ་བཞི་ནི་སྔར་བསྟན་པ་བཞིན་ཏེ་བསྡོམས་པས་སུམ་བརྒྱ་དྲུག་བཅུ་རྩ་གཉིས་སོ། །དེ་དག་བསྡུ་ན་རྟག་ཆད་གཉིས་ལས་མ་འདས་ལ། རྟག་པ་ཡིན་ན་དངོས་པོ་རྣམས་རགས་པ་དང་ཕྲ་བའི་འགྱུར་བ་དང་མི་ལྡན་པར་ཐལ་བའི་ཕྱིར་དང༌། རྟག་པ་ལ་དོན་བྱེད་པའི་དོན་དང་མི་ལྡན་པར་འགྱུར་བའི་ཕྱིར་རྟག་པ་མེད་ལ། དེ་ལྟར་དུ་ཆད་པའང་མེད་དེ་དངོས་པོ་ཡོད་པ་རྣམས་རང་གི་རྒྱུ་རྐྱེན་ལ་ལྟོས་པ་དང༌། མེད་པ་མཁའ་སོགས་ཆད་པའི་རྒྱུར་མ་གྲུབ་བོ། །གཞན་ཡང་འདི་དག་ཐམས་ཅད་བདག་ལྟ་ལ་གནས་པས་ན་ལྟ་གཞི་བདག་མེད་པར་བསྟན་པའི་རིགས་པ་དང༌། རྟག་ཆད་འགོག་པའི་རིག་པ་ཅི་རིགས་སྔར་བསྟན་ལ་ཕྱིས་ཀྱང་འཆད་པར་འགྱུར་རོ། །དེ་ལ་ཏརྐ་སྡེ་ལྔའི་དང་པོ་གྲངས་ཅན་པ་ནི་དྲང་སྲོང་སེར་སྐྱ་ཞེས་བྱ་བ་བསམ་གཏན་གྲུབ་པ་ཞིག་གིས་བྱས་པ་སྟེ། འདི་དག་གིས་དབང་ཕྱུག་ནག་པོ་རྒྱུད་དྲུག་ཅུ་པ་སོགས་ཀྱི་རྗེས་སུ་འབྲངས་ནས་ཤེས་བྱ་ཐམས་ཅད་དེ་ཉིད་ཉེར་ལྔར་རྩི་སྟེ། བདག་ཤེས་རིག་གི་སྐྱེས་བུ་རྟག་པ་དང༌། རྡུལ་མུན་སྙིང་སྟོབས་གསུམ་ཆ་མཉམ་པའི་གཙོ་བོ་ཞེས་བྱ་བ་ལས། ཆེན་པོ་ཞེས་པ་མེ་ལོང་དངས་པ་ལྟ་བུ་ཕྱི་ནང་མཚམས་སྦྱོར་བ་བྱུང༌། དེ་ལས་ང་རྒྱལ་གསུམ་བྱུང་ཞིང་ང་རྒྱལ་ལས་དེ་ཙམ་ལྔ་དང་དབང་པོ་བཅུ་གཅིག་བྱུང༌། དེ་ཙམ་ལས་འབྱུང་བ་ལྔ་བྱུང་ངོ༌། །དེ་ཡང་བདག་ཡུལ་ལ་ཆགས་པས་བསླུས་པར་ཤེས་ནས་བསམ་གཏན་བསྒོམས་པས་ལྷའི་མིག་ཐོབ་ནས་བལྟས་ཚེ་རྣམ་འགྱུར་རྣམས་གཙོ་བོའི་ཀློང་དུ་ཐིམ་ནས་བདག་ཡན་གར་དུ་གནས་པ་ནི་གྲོལ་བའོ་ཞེས་འདོད། དེ་འདྲའི་གཞུང་ལུགས་ཆོས་ཅན། རྫུན་པ་ཡིན་ཏེ། ཐར་པའི་རང་བཞིན་ནམ། གཙོ་བོའི་རང་བཞིན་དང་ཐ་དད་པའི་འགལ་བ་མང་པོ་ཉེ་བར་སྡུད་པའི་སྐྱོན་ཡོད་པའི་ཕྱིར། རྟགས་གྲུབ་སྟེ་གཙོ་བོ་རྟག་པ་ལས་འབྲས་བུ་སྐྱེ་བ་མི་རུང་བ་དང༌། བདག་རྟག་པ་ཡུལ་ལ་ལོངས་སྤྱོད་པར་མི་རུང་བ་དང༌། བདག་ལ་ཆགས་བཞིན་པ་ལ་ཆགས་བྲལ་མི་སྲིད་པ་དང༌། ཡོན་ཏན་གསུམ་གྱི་ཆ་དང་ལྡན་པས་ན་གཙོ་བོ་གཅིག་པུ་མི་སྲིད་པ་དང༌། རྒྱུ་འབྲས་ངོ་བོ་གཅིག་ན་ཐ་སྙད་ཀྱི་རྣམ་གཞག་ཀུན་དང་འགལ་བ་ལ་སོགས་པའི་རིགས་པས་ཁེགས་སོ། །གཉིས་པ་བྱེ་བྲག་པ་ཤེས་བྱའི་དོན་དྲུག་འདོད་པ་ནི། དྲང་སྲོང་གཟེགས་ཟན་པས་དབང་ཕྱུག་བསྒྲུབས་ཚེ། རྟེན་རྡོའི་ཕོ་མཚན་གྱི་སྟེང་དུ་འུག་པ་བྱུང་བ་ལ་དབང་ཕྱུག་ཏུ་བཟུང་བས། དེ་ལ་རྫས་ཡོད་དམ་ཞེས་སོགས་དྲིས་པའི་ཚིག་དྲུག་གི་མཐར་འཕུར་སོང་བ་ལ་བརྟེན་ནས་ཤེས་བྱ་ཐམས་ཅད་ཚིག་གི་དོན་དྲུག་ཏུ་སྨྲ་སྟེ། རྫས་དང་ཡོན་ཏན་དང་ལས་དང་སྤྱི་དང་བྱེ་བྲག་དང་འདུ་བ་དྲུག་གོ །དེ་ཡང་རྫས་དགུ་སྟེ། བདག་དུས་རྡུལ་ཕྲན་ཕྱོགས་ནམ་མཁའ་ལྔ་རྟག་པའི་རྫས། ས་ཆུ་མེ་རླུང་བཞི་མི་རྟག་པའི་རྫས་སོ། །ཡོན་ཏན་ནི་ཉེར་བཞི་སྟེ། གྲངས༌། ཚད། འཕྲད་པ། ཕྱེ་བ། གཞན། གཞན་མིན་དྲུག་ནི་ཐུན་མོང་གི་ཡོན་ཏན་དང༌། མིག་གི་ཤེས་པ་སོགས་ལྔ་དང༌། བདེ་སྡུག འདོད་སྡང༌། ཆོས་ཆོས་མིན། འབད་པ། འདུ་བྱེད་པའི་ཤུགས་ཏེ་བཅུ་གསུམ་བདག་གི་ཡོན་ཏན་དང་སྒྲ་ནམ་མཁའི་ཡོན་ཏན། དེ་བཞིན་དུ་རེག་བྱ་རླུང་གི དྲི་སའི། རོ་ཆུའི། གཟུགས་མེའི་ཡོན་ཏན་ནོ། །ལས་བརྐྱང་བསྐུམ་འདེགས་འཇོག་འགྲོ་བ་ལྔ། སྤྱི་ལ་ཆེན་པོ་དང་ཆུང་ངུ་གཉིས། བྱེ་བྲག་ནི་གསལ་བ་ཐ་དད་པའི་རྫས འདུ་བ་ལ་དད་དུ་འདུ་བ་ལ་མགོ་ལ་རྭ་ལྟ་བུ་དང༌། ཐ་མི་དད་དུ་འདུ་བ་དུང་ལ་དཀར་ཟླུམ་ལྟ་བུ་གཉིས་སུ་འདོད། །བདག་ནི་ཤེས་པ་མེད་པ་ནམ་མཁའ་ལྟ་བུ་ཡིན་ཅིང༌། སྒྲ་ནམ་མཁའི་ཁྲོད་ན་རྟག་ཏུ་གནས་ཀྱང་རླུང་རློན་པས་བསྒྲིབས་ནས་མི་ཐོས་པ་ལ། སྐྱེས་བུའི་བྱེད་རྩོལ་གྱིས་རླུང་བསལ་ཚེ་ཐོས་པར་འདོད་དོ། །འདི་ལྟར་ཤེས་བྱའི་དོན་དྲུག་ཤེས་པ་དག་གི་སྒོ་ནས་རྣམ་གྲོལ་བསྒྲུབ་པ་དེ་ཆོས་ཅན། ཡང་དག་པ་མ་ཡིན་པ་ཉིད་དེ། །རིགས་པས་བརྟགས་ན་འགལ་བའི་ཕྱིར་རོ། །དེ་ཡང་ཕྱོགས་དང་དུས་སོགས་བཏགས་པ་ཙམ་སྟེ་དོན་ལ་རྫས་སུ་མ་གྲུབ་ཅིང༌། རྡུལ་དང་འབྱུང་བཞི་ཕྱོགས་ཆ་བརྟགས་པས་ཁེགས། བདག་དང་དབང་ཕྱུག་རྟག་པ་གཞི་མ་གྲུབ་ལ། བདག་ཤེས་མེད་ལ་བདེ་སྡུག་འཆིང་གྲོལ་མི་འཐད་ཅིང་བདེ་སོགས་ཀྱི་ཡོན་ཏན་ཀྱང་མི་གྲུབ་པ་སོགས་ཀྱིས་རྣམ་གཞག་འགལ་བ་ཁོ་ནར་སྣང་བས་ཁེགས་སོ། །གསུམ་པ་རིག་བྱེད་པའམ་སྤྱོད་པ་པ་ནི་བྲམ་ཟེ་རྒྱལ་དཔོགས་ལ་སྟོན་པར་འཛིན་ཅིང་རིག་བྱེད་ཚད་མར་འདོད་པ་རྣམས་ཀྱིས་རྟོག་པ་ལ་ཕན་པའི་ཡལ་ག་སོགས་གཞུང་ལ་བརྟེན་ནས་ཁྱབ་འཇུག་ལྷར་འཛིན་ཅིང་དམ་བཅའ་བཅུ་ཁས་ལེན་པ་སྟེ། འཇུག་པ་བཅུ་ལྡན་གྱི་ཁྱབ་འཇུག སྐྱེས་བུས་མ་བྱས་པའི་རིག་བྱེད། དངོས་པོ་རྒྱུ་མེད་དུ་བྱུང་བ། ཤེས་པ་རང་གིས་རང་མི་རིག་པ། གངྒཱའི་ཁྲུས་ཀྱིས་འདགས་པ། ཡུལ་ཀུ་རུར་སྐྱེས་སམ་དེའི་རྡུལ་གྱིས་བཏབ་པས་ཀྱང་དག་པ་སོགས་ཡུལ་གྱིས་དག་པ། གཡུལ་དུ་ཞུགས་པ་བསད་པས་དག་པ། བུ་བསྐྱེད་པས་མཐོ་རིས་སྐྱེ་བ། བརྐུ་སོགས་ཀྱིས་སྲོག་བསྲུང་བས་དག་པ། བླ་མ་དང་བྲམ་ཟེ་རིག་བྱེད་ལ་གནོད་པ་བསད་ནས་ཆོས་སྲུང་བས་དག་པར་འདོད་དོ། །དེ་ལྟ་བུའི་ལུགས་དེའང་ཆོས་ཅན་ཕྱིན་ཅི་ལོག་གི་གཞུང་དོར་བར་བྱ་བ་ཡིན་ཏེ། རྣམ་པར་གྲོལ་བ་ལ་ཕན་པའི་དོན་མེད་པའི་ལམ་ལྟར་སྣང་ཡིན་པའི་ཕྱིར་ཏེ། ཁྱབ་འཇུག་སོགས་གང་ཡིན་ཀྱང་སྐྱེས་ན་མི་རྟག་པས་ཁྱབ་ལ། མ་སྐྱེས་ན་མོ་གཤམ་གྱི་བུ་བཞིན་མེད་པས་ཁྱབ་སྟེ་བདེན་གྲུབ་ཏུ་ཡོད་ལ་མ་སྐྱེས་པ་ཞིག་མི་སྲིད་རྟག་དངོས་འགོག་པའི་རིགས་པས་ཀྱང་ཁེགས་སོ། །རིག་བྱེད་སྐྱེས་བུས་མ་བྱས་པ་ལ་སྒྲུབ་བྱེད་མེད་དེ། ངག་གཞན་དང་མཚུངས་པའི་ཕྱིར་དང༌། དངོས་པོ་རྒྱུ་མེད་འབྱུང་ན་རྟག་ཏུ་ཡོད་མེད་དུ་ཐལ་བ་དང༌། ཤེས་པས་རང་མི་རིག་ན་གསལ་པོར་ཉམས་སུ་མྱོང་བ་མི་སྲིད་པས་མཐར་ཐམས་ཅད་མུན་པ་ལྟ་བུར་ཐལ་བ་དང༌། ཁྲུས་སོགས་ཙམ་གྱིས་སྒྲིབ་པ་མི་འདག་སྟེ་ཆོས་མིན་གྱི་རྒྱུ་དང་མི་འགལ་བའི་ཕྱིར་དང༌། གཡུལ་སོགས་ཆགས་སྡང་གི་ལས་ཀྱིས་མི་འདག་སྟེ་དེ་དག་ངོ་བོ་མི་དགེ་བས་སོ། །དེས་ན་ལམ་དེ་ལྟ་བུ་རྣམ་གྲོལ་ལ་ཕན་པའི་དོན་མེད་པའོ། །སྤྱོད་པ་པའི་ནང་ཚན་རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བ་ནི། དྲན་པར་བྱེད་པ་བསླབ་པའི་འཁོར་ལོ་ལ་སོགས་པའི་གཞུང་ལ་བརྟེན་ནས། སྣོད་བཅུད་ཐམས་ཅད་བདག་གཅིག་གི་ངོ་བོར་བློས་རྣམ་པར་བརྟག་པ་སྟེ། དེ་ཡང་ཕྱོགས་ཐམས་ཅད་སྐྱེས་བུའི་མགོ འོག་ཕྱོགས་ཐམས་ཅད་སྐྱེས་བུའི་རྐང་པ། ནམ་མཁའ་ལྟོ་བ། ཕྱོགས་བཞི་ལག་པ། ཉི་ཟླ་མིག་སོགས་སུ་རྣམ་པར་བཞག །དེ་ཡང་བདག་ཆེན་པོ་དེ་ཁྱད་པར་དགུ་ལྡན་ཏེ། ངོ་བོ་སེམས་ཅན་ཡིན་པ། ལུས་ཡོད་པ། ཁྱབ་པ། རྟག་པ། གཅིག་པུ། འབྱུང་འཇིག་རྟེན་གི་རྟེན་དུ་གྱུར་པ། ལུས་ཅན་གྱི་སྐྱོན་ཡོན་གྱིས་མ་གོས་པ། བློའི་སྤྱོད་ཡུལ་དུ་མ་གྱུར་པ། ངག་གིས་བརྗོད་པ་ཙམ་དུ་མེད་པའོ། །འཇིག་མེད་སྟོང་ཉིད་ཀྱི་བདག་ཆེན་པོའི་དེའི་ངང་དུ་བློ་བཞག་ན་གཉིས་འཛིན་གྱི་ཡིད་མེད་པར་གྱུར་ནས་ཤི་བའི་ཚེ་བུམ་པ་ཆག་ན་བུམ་ནང་གི་ནམ་མཁའ་ནམ་མཁའ་ཆེན་པོར་འདྲེ་བ་བཞིན་བདག་ཆེན་པོའི་ངང་དུ་ཐིམ་ནས་གྲོལ་བར་འདོད་དོ། །ཚུལ་འདི་ལྟ་བུ་ནི་རང་གི་ཡང་དག་པ་མིན་པའི་ཀུན་རྟོག་རྒྱ་མཚོའི་རླབས་ཅན་གྱི་རང་བཞིན་ཤིན་ཏུ་བརྒལ་དཀའ་བ་སྲིད་པའི་ཆུ་གཏེར་གསར་དུ་བྱེད་པ་ནི་མཚར་བའི་གནས་ཏེ། བརྟགས་ན་བཞད་གད་ཀྱི་གནས་སུ་འོས་པའི་ཕྱིར་རོ། །དེ་ཡང་ཐམས་ཅད་བདག་གཅིག་གི་རང་བཞིན་མིན་ཏེ། སྣ་ཚོགས་པའི་དངོས་པོར་སྣང་ཞིང་མི་རྟག་པའི་ཕྱིར། གལ་ཏེ་རྟག་པ་ཡིན་ན་ནི་འབྱུང་འཇིག་གི་རྟེན་དུ་གྱུར་པའི་ཁྱད་པར་མི་འཐད་ཅིང༌། སྐྱེས་བུའི་ལུས་ཀྱི་ཐ་སྙད་དུ་བློས་བཀོད་པ་དག་ཀྱང་རིམ་པ་འཁྲུགས་པ་སོགས་ཀྱིས་མི་འཐད་ཅིང༌། བསམ་བརྗོད་མེད་པའི་བདག་དེ་འདྲ་ཡོད་པར་ཤེས་བྱེད་ཀྱི་ཚད་མ་མེད་པས་དམ་བཅའ་ཙམ་དུ་ཐལ་བ་སོགས་ཀྱིས་ཁེགས་སོ། །བཞི་པ་གཅེར་བུ་པའམ་ནམ་མཁའི་གོས་ཅན་པ་རྣམས་ནི། བྲམ་ཟེ་རྒྱལ་བ་དམ་པའི་རྗེས་སུ་འབྲངས་ནས་གཞུང་རྒྱལ་བྱེད་སོགས་ལ་ཚད་མར་འདོད་ཅིང༌། ཤེས་བྱ་ཚིག་གི་དོན་བདུན་གྱིས་གཞུང་དེ་སྨྲ་སྟེ། དཀའ་ཐུབ། སྡོམ་པ། ཉོན་མོངས། བཅིངས་པ། གྲོལ་བ། སྲོག་ཡོད། སྲོག་མེད་བདུན་ནོ། །དེ་ལ་དཀའ་ཐུབ་ནི་མེ་ལྔ་བརྟེན། པ། གཅེར་བུར་རྒྱུ་བ། ཟས་མི་ཟ་བ། སློང་མོའི་བརྟུལ་ཞུགས་དང་སྐྲ་འབལ་བ་སོགས་སོ། །སྡོམ་པ་ནི་དགེ་བཅུ་སྟེ་སྲོག་ཆགས་བསད་པར་དོགས་ནས་རྐང་པ་ལ་དྲིལ་གཡེར་འདོགས་པ། བྱིན་མཁན་མེད་པར་ཆུ་ཡང་མི་འཐུང་བ། རྫུན་གྱིས་དོགས་ནས་གཏམ་གང་ཡང་མི་སྨྲ་བ་སོགས་སོ། །ཉོན་མོངས་ནི་འདོད་ཆགས་སོགས་དུག་གསུམ་མོ། །བཅིང་བ་ནི་འཁོར་བར་འཁོར་བའོ། །ཐར་པ་ནི་དཀའ་ཐུབ་ཀྱི་སྟོབས་ཀྱིས་ལས་མཐའ་དག་ཟད་ནས་ཐར་པ་ཐོབ་པའོ། །དེ་ཡང་ཐར་པའི་ཚེ་ན་སྟོང་གསུམ་གྱི་སྟེང་དུ་གདུགས་དཀར་པོ་བསྐན་པ་ལྟ་བུའི་གཟུགས་སུ་འགྱུར་བར་འདོད། སྲོག་ནི་སེམས་ཏེ་དེ་ཡང་སྲོག་དང་ལུས་དབང་ལྡན་པ་འབྱུང་བ་བཞི། རྣ་བ་སོགས་དབང་པོ་སོ་སོ་དང་ལྡན་པའི་ཞིང་ཡོད་ཅིང༌། དུང་ཉ་ཕྱིས་སོགས་ལ་ལུས་ལྕེ་གཉིས་ཡོད་ཀྱི་དབང་པོ་གཞན་མེད། དེ་བཞིན་མེ་ཁྱེར་གྲོག་མ་སོགས་ལ་ལུས་ལྕེ་སྣ་གསུམ། སྦྲང་བུ་མཆུ་རིང་སོགས་ལ་མིག་མ་གཏོགས་གཞན་ཡོད། མི་རྟ་སོགས་ལ་དབང་པོ་ལྔ་ཀ་ཡོད་དེ་འདི་རྣམས་སྲོག་ལྡན་ནོ། །སྲོག་མེད་པ་ནི་སྒྲ་དྲི་རོ་འོད་ནམ་མཁའ་གྲིབ་མ་འཇའ་གཟུགས་བརྙན་སོགས་སོ། །སྤྱིར་ཤེས་བྱ་ཐམས་ཅད་ཡུལ་དུས་གྲངས་ཀྱིས་ཐ་དད་ལ་རང་བཞིན་གཅིག་པ་ཞེས་འདོད་དོ། །དེ་ལྟ་བུའི་ལུགས་དེ་ནི་དངོས་པོའི་གནས་ཚུལ་ལེགས་པར་མ་རྟོགས་པས་དམ་པའི་དོན་ཉིད་སྤང་བས་ན། སྲིད་པའི་ནགས་ཁྲོད་འཐུག་པོར་གནས་པ་ཡིན་གྱི་ཡང་དག་པའི་ལམ་མ་ཡིན་ཏེ། དཀའ་ཐུབ་སོགས་དོན་དམ་པར་མ་གྲུབ་ལ། ཀུན་རྫོབ་ཏུ་དེས་ལས་ཟད་པར་བྱས་པས་མི་གྲོལ་ཏེ། ཉོན་མོངས་མ་སྤངས་ན་ལས་སྤོང་མི་ནུས་པ་དང༌། སྲོག་དང་སེམས་གཅིག་མིན་ཏེ་རྒན་གཞོན་གྱི་ཤེས་པ་དུས་གཅིག་ཏུ་མ་ཚོགས་ལ་མི་ནས་ཁྱིར་སྐྱེས་པའི་ཚེ་སྲོག་གཅིག་ཏུ་ཐལ་བ་སོགས་ཀྱིས་གནོད་པ་དང༌། ཤིང་སོགས་ལ་སེམས་ཡོད་པ་སྣང་རུང་མ་དམིགས་པས་ཁེགས། ཡུལ་དུས་གྲངས་ཀྱི་དུ་མ་ལ་རང་བཞིན་གཅིག་པ་མི་སྲིད་དེ་སྤྱི་བཞིན་ནོ། །བཅིང་གྲོལ་གྱི་བདག་རྟག་པ་ཡོད་ན་ཐར་པ་མི་རུང་བ་སོགས་ཀྱིས་ལུགས་དེ་དོན་མེད་པར་ཤེས་སོ། །ལྔ་པ་ཕུར་བུ་པའམ་རྒྱང་འཕེན་པ་དག་ནི་ལྟ་ཕུར་བུའི་རྗེས་སུ་འབྲངས་ནས་ལྟ་བའི་སྙིང་པོ་དང་ཕུར་བུའི་རྒྱུད་དྲུག་སོགས་ལ་བརྟེན་ནས་ཚེ་སྔ་ཕྱི་མེད་པར་འདོད་པ་ཡིན་ལ། ཆད་ཀྱང་སྨྲ་བ་ནམ་མཁའི་རྗེས་སུ་འགྲོ་བས་ན་ལམ་དེས་རང་གཞན་གཉིས་ཀ་བསླུ་བའི་ཕྱིར་འཇིག་རྟེན་ཀུན་ལ་གནོད་པ་ཡིན་པས་དགག་པར་བྱ་དགོས་སོ། །དེ་ཡང་ཚེ་སྔ་མ་ཡོད་དེ་སྐྱེ་སེམས་སྐད་ཅིག་དང་པོ་རང་གི་རིགས་འདྲ་སྔ་མ་སྔོན་དུ་མ་སོང་བར་མི་འབྱུང་བར་གྲུབ་ཅིང༌། དེའི་ཉེར་ལེན་ནི་ཤེས་པ་ལས་ས་སོགས་ཡིན་པ་མི་འཐད་པའི་ཕྱིར། ཕྱི་མར་སྐྱེ་བ་ལ་རྒྱུ་ཚོགས་པ་ཚང་ཞིང་གེགས་མེད་པའི་ཕྱིར་དང༌། ད་ལྟ་མ་མཐོང་བ་ཀུན་མེད་ན་སང་ཕན་ཆད་ཀྱི་རང་གཞན་ཀྱང་མི་མཐོང་བས་དེ་དག་གི་ཆེད་དུ་ཟས་སོགས་སྟ་གོན་མི་རིག་པ་དང༌། རང་གི་དོན་སྣོད་ཀྱང་མེད་པར་ཐལ་ལོ། །དེ་དག་ཡུལ་དུས་གཞན་དུ་དུ་མཐོང་བས་ན་མེད་པར་མི་སྒྲུབ་བོ་ཞེ་ན། འཇིག་རྟེན་སྔ་ཕྱི་ཡང་ཡུལ་དུས་གཞན་དུ་མཐོང་བ་ལ། གནོད་བྱེད་མེད་ཅིང་སྒྲུབ་བྱེད་ཡོད་པས་སོ། །རྗེས་དཔག་ཚད་མ་མིན་ཟེར་བའང་མི་འཐད་དེ། ཚུལ་གསུམ་ལྟར་སྣང་མིན་པར་ཡང་དག་པར་ཚང་པ་ལ་འཁྲུལ་པ་མི་སྲིད་ཅིང༌། དོན་སྤྱི་དངོས་ཡུལ་དུ་བྱས་ཀྱང་རང་མཚན་ལ་མི་བསླུ་བའི་ཕྱིར་དང༌། རྗེས་དཔག་ཚད་མ་མིན་ན་རྒྱང་འཕེན་པའི་ཚིག་ལས་འཇིག་རྟེན་ཕ་རོལ་མེད་པར་རྗེས་སུ་མི་དཔོག་པའི་ཕྱིར་རོ། །གཞན་ཡང་ཁྱོད་མངོན་སུམ་ཁོ་ནས་གཞལ་བྱ་བསྒྲུབ་ན་འཇིག་རྟེན་ཕ་རོལ་མེད་པར་མངོན་སུམ་གྱིས་མ་མཐོང་ན་དེ་ཅི་ལྟར་གཞལ། མངོན་སུམ་མ་ཞུགས་པ་ཙམ་གྱིས་དེ་འགྲུབ་ན་འགལ་ཏེ། མངོན་སུམ་ཞུགས་པ་སྒྲུབ་བྱེད་མིན་པར་འགྱུར་ཞིང༌། སྒྲུབ་བྱེད་ཚད་མ་ལྡོག་པས་བསྒྲུབ་བྱ་འགྲུབ་པ་ནི་བཞད་གད་ཀྱི་གནས་སོ། །ད་ནི་བླང་བྱ་ནང་པའི་གྲུབ་མཐའ་ལའང་ཐེག་པ་དམན་པ་དང་ཐེག་པ་ཆེན་པོ་གཉིས་སུ་ཡོད་ཅིང༌། དམན་པ་ལའང་དབང་པོའི་རིམ་པ་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་གཉིས་སུ་ཡོད་པ་ལས། དང་པོ་ཉན་ཐོས་པ་ལ་སྡེ་ཚན་དང༌། རང་བཞིན་དང༌། གྲུབ་པའི་མཐའ་སྟེ་རྣམ་པ་གསུམ་དུ་བཞག་པ་ལས་དང་པོ་སྡེ་པ་བཅོ་བརྒྱད་དེ། ཐོག་མར་རྩ་བའི་སྡེ་པ་ཕལ་ཆེན་པ་དང༌། གནས་བརྟན་པ་གཉིས། ཕལ་ཆེན་པ་ལས་ནི། གྱེས་པའི་ཕལ་ཆེན་པ། ཐ་སྙད་གཅིག་པ། འཇིག་རྟེན་ལས་འདས་པར་སྨྲ་བ། མང་དུ་ཐོས་པ། རྟག་པར་སྨྲ་བ། མཆོད་རྟེན་པ། ཤར་གྱི་རི་བོའི་སྡེ། ནུབ་ཀྱི་རི་བོའི་སྡེ་དང་བརྒྱད་གྱེས་ལ། གནས་བརྟན་པ་ལས། གངས་རི་པ། ཐམས་ཅད་ཡོད་པར་སྨྲ་བ། རྒྱུར་སྨྲ་བ། གནས་པ་བུ་མ། ཆོས་མཆོག་པ། བཟང་པོའི་ལམ་པ། ཀུན་གྱིས་བཀུར་བ། མངས་སྟོན་པ། ཆོས་སྟོན་པ། ཆར་བཟང་འབེབས་པ་སྟེ་བཅུར་གྱེས་པས་བཅོ་བརྒྱད་དོ། །འདི་དག་སོ་སོར་འདོད་པའི་འདྲ་བ་ཡོད་ཅིང༌། དེ་དག་དགག་པའི་ཚུལ་གཞུང་དུ་ཤེས་པར་བྱའོ། །གཉིས་པ་རང་བཞིན་བསྟན་པ་ལ། ཉན་ཐོས་པ་འདི་དག་རྟེན་ཚུལ་ཁྲིམས་རྣམ་དག་ལ་གནས་ནས། ཤེས་བྱ་ཕུང་ཁམས་སྐྱེ་མཆེད་ཀྱི་གཞི་ལ། བདེན་བཞིའི་འཇུག་ལྡོག་མ་ནོར་བའི་ཚུལ་གྱིས་ཐོས་པ་དང་བསམ་པས་སྒྲོ་འདོགས་ཆོད་པར་བྱས་ནས། གཤེ་ཡང་སླར་མི་གཤེ། ཁྲོས་ཀྱང་སླར་མི་ཁྲོ། བརྡེགས་ཀྱང་སླར་མི་བརྡེག མཚང་བྲུས་ཀྱང་སླར་མཚང་མི་འབྲུ་སྟེ། དགེ་སྦྱོང་གི་ཆོས་བཞི་དང་ལྡན་པར་བྱས་ནས་ལམ་ལ་འཇུག་པ་ཡིན་ཏེ། གཞན་ཡང་འདོད་ཆུང་ཆོག་ཤེས་ལ་གནས་པས་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལེན་པ་དང༌། ཟས་ཀྱི་ཚོད་ཤེས་པ་དང༌། ནམ་གྱི་ཆ་སྟོད་སྨད་ལ་མི་ཉལ་བར་བརྩོན་པ་དང༌། དུག་གསུམ་གྱི་གཉེན་པོར་མི་སྡུག་པ་སོགས་དང༌། བདེན་བཞི་དང་རྟེན་འབྲེལ་གྱི་དོན་ཚུལ་བཞིན་སྒོམ་པའི་བྱང་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལམ་ལྔར་སྦྱངས་པས། འབྲས་བུ་ཁམས་གསུམ་ལས་ཐར་པ་ཐོབ་པ་ཡིན་ཏེ། དེ་དག་གི་ལམ་དང་ཐར་པ་ནི་ཡང་དག་པ་ཡིན་པས་དགག་པར་བྱར་མེད་ཅིང༌། ཐེག་པ་ཆེན་པོ་ལའང་ལམ་དང་ཐར་པ་དེ་དག་ཡར་ལྡན་དུ་ཚང་དགོས་པས་ཐུན་མོང་གི་ཆར་གྱུར་པ་རྣམས་ནི་དགག་པ་མ་ཡིན་ཀྱང༌། རང་དོན་ཉི་ཚེ་བའི་བློ་དང༌། གཞི་ལམ་འབྲས་བུའི་ཕྱོགས་ལ་བདེན་པར་ཞེན་པའི་གྲུབ་མཐའི་སྐྱོན་ནི་སྐབས་འདིར་དགག་པར་བྱ་དགོས་སོ། །གསུམ་པ་གྲུབ་པའི་མཐའ་ལ་དབྱེ་ན་རྣམ་པ་གཉིས་ཏེ། ཐུན་མོང་གི་འདོད་པ་དང༌། སོ་སོའི་འདོད་པ་བཤད་པའོ། །དང་པོ་ཉན་ཐོས་པ་དག་གི་ཐུན་མོང་གི་འདོད་པ་བདུན་སྟེ། ལམ་དམན་པ་དགག་དགོས་པས་ན་ཐེག་ཆེན་གྱི་སྐབས་འདིར་དེ་ཤེས་པར་བྱ་དགོས་ཏེ། ཤེས་མཐོང་གིས་བལྟས་ནས་འདའ་བར་བྱ་བའི་ལམ་དུ་གསུངས་པས་སོ། །དེ་ལ་འདོད་པ་བདུན་ནི། ཡུལ་བདེན་པ་བཞི། རྩོམ་བྱེད་དོན་དམ་པ དགྲ་བཅོམ་པ་མཐར་ཐུག་པ། ཀུན་གཞི་མེད་པ། ཐེག་ཆེན་མེད་པ། ས་བཅུ་མེད་པ། སངས་རྒྱས་རང་རྒྱུད་པར་འདོད་པའོ། །དེ་ཡང་ཡུལ་བདེན་བཞི་ནི། སྡུག་བསྔལ། ཀུན་འབྱུང༌། འགོག་པ། ལམ་གྱི་བདེན་པ་བཞི་ལས། དང་པོ་ཟག་བཅས་འབྲས་བུའི་ཕུང་པོའི་ཆ་སྟེ། འགྲོ་བ་རིགས་དྲུག་ཏུ་སྐྱེ་བའི་སེམས་ཅན་དང་སྐྱེ་བའི་གནས་ཕྱི་སྣོད་ཀྱི་འཇིག་རྟེན་དང་བཅས་པའོ། །དེ་དག་ནི་སྡུག་བསྔལ་གྱི་ངོ་བོ་དང་གནས་སམ་རྟེན་དུ་གྱུར་པའི་ཕྱིར་ཏེ། སྡུག་བསྔལ་གསུམ་པོ་ཅི་རིགས་དང་འབྲེལ་བའི་ཕྱིར་རོ། །ཀུན་འབྱུང་ནི་སྡུག་བསྔལ་དེའི་རྒྱུའི་ཆ་སྟེ་ལས་དང་ཉོན་མོངས་པ་གཉིས་སོ། །ལས་ནི་སེམས་པ་ཡིད་ཀྱི་ལས་དང༌། བསམ་པ་ལུས་ངག་གི་ལས་སྟེ་དེ་རེ་རེར་ཡང་དགེ་མི་དགེ་ལུང་མ་བསྟན་གསུམ་དུ་ཡོད་དོ། །ཉོན་མོངས་ནི་འདོད་ཆགས་ལ་སོགས་པའོ། །འགོག་པ་ནི་སྡུག་བསྔལ་རྒྱུ་དང་བཅས་པ་གཏན་ནས་ཞི་བ་སྟེ་དེ་ལ་ལྷག་བཅས་མེད་གཉིས་སོ། །ལམ་ནི་སྡུག་བསྔལ་ཤེས་ནས། དེའི་རྒྱུ་ཀུན་འབྱུང་སྤོང་ཞིང་འགོག་པ་མངོན་དུ་བྱེད་པའི་དོན་དུ། ལམ་ལྔ་པོ་རང་རྒྱུད་ལ་བརྟེན་པ་གང་ཡིན་པའོ། །རྩོམ་བྱེད་དོན་དམ་ནི། གཟུགས་རགས་པ་རྣམས་ཀྱི་རྩོམ་གཞི་མཐར་ཐུག་པ་རྡུལ་ཕྲན་ཆ་མེད་དང༌། ཤེས་པའི་རྩོམ་གཞི་དུས་མཐའི་སྐད་ཅིག་ཆ་མེད་གཉིས་ནི་དོན་དམ་དུ་ཡོད་ལ། དེ་ལས་རགས་པ་རྣམས་རྩོམ་མོ་ཞེས་འདོད། །དགྲ་བཅོམ་པ་མཐར་ཐུག་ཏུ་འདོད་པ་ནི། དགྲ་བཅོམ་པ་ལྷག་མེད་དུ་འདས་པ་དེ་འཁོར་བར་མི་ལྷུང་སྟེ་ཁམས་གསུམ་དུ་སྐྱེ་བའི་རྒྱུ་ཟད་པའི་ཕྱིར་དང༌། སངས་མི་རྒྱ་སྟེ་ཉན་ཐོས་སུ་རིགས་ངེས་པའི་ཕྱིར་ཏེ། སྣུམ་ཟད་པའི་མར་མེ་བཞིན་ངེས་པར་མྱ་ངན་ལས་འདའ་འོ་ཞེས་འདོད་དོ། །ཀུན་གཞི་མེད་པ་ནི། ཚོགས་དྲུག་གི་ཤེས་པ་རེས་མོས་སུ་ཡོད་ཀྱི་དེ་ལས་གཞན་ཀུན་གཞི་མེད་དེ་མ་དམིགས་པའི་ཕྱིར། ཐམས་ཅད་ཀྱི་གཞིར་གྱུར་པ་བརྟན་པའི་སེམས་ཞིག་ཡོད་ན་དེ་གང་ཟག་གི་བདག་ཡིན་པར་འགྱུར་བའི་ཕྱིར་མི་འཐད་ཅེས་སོ། །ཐེག་ཆེན་མེད་པ་ནི། འདུལ་ལུང་སྡེ་བཞི་ལ་སོགས་པ་ཐེག་དམན་གྱི་བཀའ་འདི་སངས་རྒྱས་ཀྱི་གསུང་ཡིན་གྱི། ཤེར་ཕྱིན་འབུམ་པ་སོགས་སངས་རྒྱས་ཀྱི་བཀའ་མིན་སྟེ་བསྟན་པ་ལ་ཐོ་བརྩམ་ཕྱིར་བདུད་དང་མུ་སྟེགས་ཀྱིས་བྱས་པ་སྟེ། སྡེ་སྣོད་གསུམ་དང་ཕྱག་རྒྱ་བཞི་ལ་སོགས་པ་དང་འགལ་བར་སྣང་བའི་ཕྱིར་ཞེས་འདོད། ས་བཅུ་མེད་པ་ནི། བདེན་པ་མཐོང་ནས་བསྐལ་པ་མང་པོར་འཁོར་བར་གནས་མི་སྲིད་དེ། སོ་སྐྱེའི་ས་ལ་གྲངས་མེད་གསུམ་གྱི་ཚོགས་བསགས་ནུས་པའི་སྐྱེས་བུ་རབ་སངས་རྒྱས་པར་ནུས་པ་དེ། ངེས་འབྱེད་ཡན་ཆད་སྟན་གཅིག་ལ་ནུབ་གཅིག་གི་ཚེ་མངོན་དུ་བྱེད་ཅེས་འདོད། སངས་རྒྱས་རང་རྒྱུད་པ་ནི། སྐྱེས་བུ་རབ་གྲངས་མེད་ཀྱི་བསྐལ་པར་འཁོར་བར་བསྲན་ནུས་པ་འགའ་ཞིག་གིས་ཉན་ཐོས་ཀྱིས་ལམ་འདིས་བསླབ་ཅིང་ཚོགས་བསྐལ་མང་དུ་བསགས་པས་སངས་རྒྱ་ལ། གཞན་ཕལ་གྱིས་དེ་མི་ནུས་ཏེ་འཁོར་བ་ན་སྡུག་བསྔལ་ཆེ་ཞིང་དམུ་རྒོད་སེམས་ཅན་གྱི་དོན་བྱ་བར་མི་ནུས་པས་སོ། །དེས་ན་སངས་རྒྱས་ཞེས་པ་གང་ཟག་དམ་པ་རང་རྒྱུད་པ་ཞིག་ཡིན་གྱི། སྤྲུལ་པའི་སྐུ་མ་ཡིན་སྟེ་ཁྲག་ཟག་པ་དང༌། རྒྱབ་བསྙུན་པ་ལ་སོགས་པ་ཡོད་པས་རྣམ་སྨིན་གྱི་ཆ་ལྷག་མ་དང་བཅས་པའོ། །རྟག་ཏུ་མཉམ་པར་གཞག་པའང་མིན་ཏེ། ཏིང་འཛིན་ལས་བཞེངས་ཏེ་བསོད་སྙོམས་ལ་གཤེགས་སོ་ཞེས་ལུང་ལས་འབྱུང་བ་དང༌། མྱ་ངན་ལས་འདས་ནས་འགྲོ་དོན་རྒྱུན་ཆད་པའོ་ཞེས་འདོད་དོ། །དེ་དགག་པ་ལ། བདེན་བཞི་ནི་དོན་དམ་པར་མ་གྲུབ་སྟེ། གཞི་སྣོད་བཅུད་ཕུང་ཁམས་ཐམས་ཅད་ལ་དཔྱད་ན་གང་དུའང་མ་གྲུབ་པའི་ཕྱིར་དང༌། སྤང་གཉེན་བྲལ་ཐོབ་ཐམས་ཅད་བཏགས་པ་ཙམ་ལས་དོན་དུ་མ་གྲུབ་པས་སོ། །རྩོམ་བྱེད་ལ་གཟུགས་ཅན་རྡུལ་ཕྲན་མེད་དེ། རགས་པ་རྩོམ་ཚེ་རྡུལ་རྣམས་ཕྲད་ན་ཕྱོགས་གཅིག་གམ་ཐམས་ཅད་ཀྱིས་ཕྲད་དགོས་ནའང༌། གཅིག་གིས་ཕྲད་ན་ཆ་བཅས་སུ་ཐལ་ལ། ཐམས་ཅད་ཀྱིས་ཕྲད་ན་གོང་བུ་ཉིད་ཀྱང་རྡུལ་ཕྲན་ཙམ་དུ་ཐལ་བས་ཕྲད་ནས་རྩོམ་པ་མི་སྲིད་ལ། མ་ཕྲད་པ་རྩོམ་ན་བར་དུ་སྣང་མུན་གྱི་རྡུལ་གཞན་འཇུག་ཅིང་དེའི་བར་དུ་ཡང་གཞན་འཇུག་པའི་གོ་ཡོད་པས་ན་ཡུངས་འབྲུའི་ནང་དུ་སྟོང་གསུམ་ཤོང་བ་ཐལ་པ་སོགས་ཀྱི་རིགས་པས་མི་འཐད་དོ། །གཞན་ཡང་ཉི་གྲིབ་ཀྱི་ཕྱོགས་དང༌། རིང་ཐུང་དང༌། མདའ་འཕོ་བ་ལ་སོགས་པས་བརྟགས་ན་རྡུལ་ཕྲ་རབ་ཏུ་བདེན་པར་གྲུབ་པ་མེད་དོ། །དུས་ཅན་སྐད་ཅིག་མའང་བདེན་པར་མེད་དེ་དབུས་ཀྱི་སྐད་ཅིག་དེ་སྔ་ཕྱིའི་སྐད་ཅིག་དང་ཕྲད་དམ་མ་ཕྲད། ཕྲད་ན་རིམ་གྱིས་སམ་གཅིག་ཆར་ཕྲད། དང་པོ་ལྟར་ན་ཆ་བཅས་དང༌། ཕྱི་མ་ལྟར་ན་བསྐལ་པ་སྐད་ཅིག་ཏུ་ཐལ་ཞིང༌། མ་ཕྲད་ན་བར་དུ་དུས་གཞན་གྱིས་ཆད་པར་ཐལ་བ་དང༌། གཞན་ཡང་སྐད་ཅིག་བར་མ་དེས་ཐོག་མཐའི་སྐད་ཅིག་གཉིས་ཀྱི་བར་དུ་ཆོད་དམ་མ་ཆོད། མ་ཆོད་ན་དུ་མ་མཐུད་པས་རིང་མི་ཤེས་ལ། ཆོད་ན་བར་ན་གནས་པའི་ཕྱིར་སྔ་ཕྱི་ལ་ཕྱོགས་པའི་ཆ་གཉིས་སུ་ཐལ་བར་འགྱུར་རོ། །དགྲ་བཅོམ་པ་མྱང་འདས་མཐར་ཐུག་མིན་ཏེ། རིགས་ཀྱི་སྒྲིབ་པ་བླང་བྱ་མཐའ་དག་མ་ཟད་པའི་ཕྱིར་དང༌། སེམས་ཀྱི་རང་བཞིན་འོད་གསལ་སངས་རྒྱས་ཀྱི་སྙིང་པོའི་རིགས་ཅན་ཡིན་པའི་ཕྱིར་དང༌། དྲི་མ་གློ་བུར་བ་ཡིན་པའི་ཕྱིར་དང༌། དྲི་མ་མཐའ་དག་མ་ཟད་བཞིན་དུ་སེམས་རྒྱུན་ཆད་པ་ནི་སྲིད་པ་དེ་ཡིད་ཀྱི་ལུས་སོགས་འཕེན་པའི་རྒྱུ་ཚང་བའི་ཕྱིར་དང༌། སྤང་རྟོགས་མཐར་ཕྱིན་པའི་རྒྱུ་ཚོགས་གཉིས་ལ་གདོད་སློབ་དགོས་པར་གྲུབ་པའི་ཕྱིར་རོ། །ཀུན་གཞི་མེད་པའང་མི་འཐད་དེ། རྟེན་ཀུན་གཞི་མེད་ན་རྒྱུན་ཆགས་སུ་འཇུག་པ་མེད་པའི་ཕྱིར། འཁོར་བར་ལུས་ལེན་པ་དང༌། འཁོར་བ་ལས་ལྡོག་པ་མི་རུང་སྟེ། བག་ཆགས་ཀྱི་རྟེན་མེད་ལ་སོགས་ཀྱི་ཕྱིར་དང༌། ཚོགས་དྲུག་འགགས་པའི་སེམས་མེད་ཀྱི་རྗེས་པས་ཡང་སེམས་འབྱུང་བར་མི་རིགས་ཏེ། རྒྱུན་ཆད་ཅིང་ཉེར་ལེན་མེད་པའི་ཕྱིར་དང༌། གཞན་ཡང་སྣང་བ་ཐམས་ཅད་སེམས་སུ་དངོས་སྟོབས་ཀྱི་རིགས་པས་འགྲུབ་པ་ན། བག་ཆགས་ཀྱི་རྟེན་ནི་ཉི་ཚེ་བའི་ཤེས་པས་མི་རུང་བས། ཐུན་མོང་གི་རྟེན་ཀུན་གཞི་ཡོད་པར་ཤེས་པར་བྱའོ། །ཐེག་ཆེན་མེད་པའང་མི་འཐད་དེ། སྡེ་སྣོད་གསུམ་དང་ཕྱག་རྒྱ་བཞིའི་སོགས་དང་འགལ་བ་མེད་པར་མ་ཟད། འོག་མའི་བསྟན་དོན་ལ་ཕུལ་དུ་བྱུང་བར་གྲུབ་པ་དང༌། ཐེག་དམན་ལས་སངས་རྒྱ་བའི་ལམ་གྱི་རྣམ་པ་མ་ཚང་བའི་ཕྱིར་དང༌། ཐེག་ཆེན་ན་ཚང་ཞིང་ལམ་འབྲས་མཆོག་ཏུ་གྱུར་པར་རིག་པས་གྲུབ་པའི་ཕྱིར་ཐེག་པ་ཆེན་པོ་ཡོད་པར་འགྲུབ་བོ། །ས་བཅུ་ཡོད་དེ་སོ་སྐྱེའི་སར་དབང་རྣམས་མ་ཐོབ་པས་ཚོགས་མཐའ་དག་རྫོགས་མི་ནུས་ལ། ཉོན་མོངས་དང་བཅས་པས་ལམ་ལ་བར་ཆད་མང་བས་ན། འཕགས་ལམ་ཐོབ་ནས་ཀྱང་ཚོགས་བསགས་པར་འཐད་ཅིང༌། སྤང་བྱ་སྒྲིབ་པ་བཅུའི་གཉེན་པོ་ས་བཅུའི་ཡེ་ཤེས་རིམ་གྱིས་སྐྱེ་བ་ལ་འགལ་བ་མེད་ཅིང་སྒྲུབ་བྱེད་ཡོད་པའི་ཕྱིར་རོ། །སངས་རྒྱས་རྣམ་སྨིན་དང་བཅས་པའི་གང་ཟག་རང་རྒྱུད་པ་ཡིན་ན། སྒྲིབ་པ་དང་མ་རིག་མ་སྤངས་ཤིང་འདས་ནས་འགྲོ་དོན་རྒྱུན་ཆད་ན། ཐུགས་རྗེ་མེད་པ་སོགས་ཉི་ཚེ་བའི་གང་ཟག་དེ་ལྟ་བུའི་ཐམས་ཅད་མཁྱེན་པ་ནི་མི་འཐད་ལ། འོད་གསལ་བའི་སྙིང་པོ་དྲི་མ་མཐའ་དག་གིས་དག་པ་མངོན་དུ་གྱུར་པའི་སངས་རྒྱས་པའི་ཚེ་སྤྲུལ་པའི་རྣམ་འཕྲུལ་གདུལ་བྱ་འདུལ་བའི་དབང་གིས་སྣ་ཚོགས་སུ་སྣང་ན་ཡང་རང་རྒྱུད་པའི་ཚུལ་དུ་མེད་པར་གྲུབ་བོ། །གཉིས་པ་སོ་སོའི་འདོད་པ་བརྗོད་པ་ལ། བྱེ་བྲག་སྨྲ་བ་དང༌། མདོ་སྡེ་པའི་འདོད་པ་གཉིས་སུ་ཡོད་པ་ལ། དང་པོ། བྱེ་བྲག་སྨྲ་བའི་འདོད་པ་གཙོ་ཆེ་བ་ཙམ་བརྗོད་ན་ཤེས་བྱ་གཞི་ལྔ། འཇིག་པ་དོན་གཞན། དུས་གསུམ་རྫས་གྲུབ། བརྗོད་མེད་ཀྱི་བདག ཤེས་པས་རང་ཡུལ་མི་རིག་པ། མཚན་མཚོན་ཐ་དད། ཆུད་མི་ཟ་བའི་རྫས་ཏེ། དེ་ལྟར་འདོད་པ་རྣམ་པ་བདུན་གྱི་གཞུང་གི་དོན་རིག་པའམ་ཤེས་པར་བྱེད་པ་དག་ཀྱང་ཡང་དག་པ་མིན་ཏེ་གྲུབ་མཐའི་ཞེ་འདོད་ཀྱིས་བསླད་པ་ཅི་རིགས་དང་འདྲེས་པའི་ཕྱིར་རོ། །དེ་ལ་ཤེས་ཀྱི་བྱ་གཞི་ལྔ་ནི་གཟུགས་ཀྱི་གཞི་ནི་རྒྱུ་གཟུགས་འབྱུང་བ་ས་ཆུ་མེ་རླུང་བཞི། འབྲས་གཟུགས་མིག་རྣ་སྣ་ལྕེ་ལུས་དབང་ལྔ་དང༌། གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་ཡུལ་ལྔ། རྣམ་པར་རིག་བྱེད་མིན་པའི་གཟུགས་དང་བཅུ་གཅིག་གོ །གཙོ་བོ་སེམས་ཀྱི་གཞི་ནི་དོན་ཙམ་རིག་པ་སྟེ་མིག་ཤེས་སོགས་དྲུག་གོ །དེ་དག་གིས་ཡུལ་རང་ཉིད་རྗེན་ཅེར་དུ་འཛིན་པར་འདོད། འཁོར་སེམས་བྱུང་གི་གཞི་ནི་དོན་གྱི་ཁྱད་པར་འཛིན་པ་སྟེ། དབྱེ་ན་ལྔ་བཅུ་ང་གཅིག་ཡོད་པ་ནི། འདི་ལྟར་རེག་པ་དང༌། ཡིད་ལ་བྱེད་པ་དང༌། ཚོར་བ་དང༌། འདུ་ཤེས་དང༌། སེམས་པ་སྟེ་ཀུན་འགྲོ་ལྔ། འདུན་པ་དང༌། མོས་པ་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་སྟེ་ཡུལ་སོ་སོར་ངེས་པ་ལྔ་སྟེ་བཅུ་ནི་སེམས་ཐམས་ཅད་ལ་འབྱུང་བས་སེམས་ཀྱི་ས་མང་པོ་བཅུའོ། །དད་པ། བག་ཡོད། ཤིན་སྦྱངས། བཏང་སྙོམས། ངོ་ཚ་ཤེས་པ། ཁྲེལ་ཡོད། མ་ཆགས་པ། ཞེ་སྡང་མེད་པ། གཏི་མུག་མེད་པ། མི་འཚེ་བ། བརྩོན་འགྲུས་དང་བཅུ་གཅིག་ནི་དགེ་སེམས་ཀུན་གྱི་འཁོར་དུ་འབྱུང་བས་དགེ་བའི་སེམས་བྱུང་ངོ༌། །འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག ལྟ་བ། ཐེ་ཚོམ་སྟེ་རྩ་བའི་ཉོན་མོངས་པ་དྲུག ཁྲོ་བ། ཁོན་འཛིན། འཆབ་པ། འཚིག་པ། ཕྲག་དོག སེར་སྣ། སྒྱུ། གཡོ། རྒྱགས་པ། རྣམ་པར་འཚེ་བ། ངོ་ཚ་མེད་པ། ཁྲེལ་མེད་པ། རྨུག་པ། རྒོད་པ། མ་དད་པ། ལེ་ལོ། བག་མེད་པ། བརྗེད་ངས། རྣམ་པར་གཡེང་བ། ཤེས་བཞིན་མ་ཡིན་པ་སྟེ་ཉི་ཤུ་ནི་ཉེ་བའི་ཉོན་མོངས་པའོ། །གཉིད་འགྱོད་རྟོག་དཔྱོད་བཞི་ནི་གཞན་དུ་འགྱུར་བ་བཞི་སྟེ་དེ་ལྟར་ལྔ་བཅུ་རྩ་གཅིག་གོ སེམས་དང་སེམས་བྱུང་དེ་དག་ཀྱང་རྟེན་དང་དམིགས་པ་དང༌། རྣམ་པ་དང་དུས་དང་རྫས་ཏེ་མཚུངས་པ་ལྔས་མཚུངས་པར་འཇུག་གོ །མི་ལྡན་པའི་འདུ་བྱེད་ཀྱི་གཞི་ནི་ཉི་ཤུ་རྩ་གསུམ་སྟེ། ཐོབ་པ་དང༌། འགོག་པའི་སྙོམས་འཇུག་དང༌། འདུ་ཤེས་མེད་པའི་སྙོམས་འཇུག་དང༌། འདུ་ཤེས་མེད་པ་དང༌། སྲོག་གི་དབང་པོ་དང༌། རིས་མཐུན་པ་དང༌། སྐྱེ་བ་དང༌། རྒ་བ་དང༌། གནས་པ་དང༌། མི་རྟག་པ་དང༌། མིང་གི་ཚོགས་དང༌། ཚིག་གི་ཚོགས་དང༌། ཡི་གེའི་ཚོགས་དང༌། སོ་སོའི་སྐྱེ་བོ་དང༌། འཇུག་པ་དང༌། སོ་སོར་ངེས་པ་དང༌། འབྱོར་འབྲེལ་དང༌། མགྱོགས་པ་དང༌། གོམས་པ་དང༌། དུས་དང༌། ཡུལ་དང༌། གྲངས་དང༌། ཚོགས་པའོ། །དེ་དག་ཀྱང་གཟུགས་སེམས་ལས་རྫས་ཐ་དད་པར་འདོད་དོ། །འདུས་མ་བྱས་ཀྱི་གཞི་ནི་རྒྱུ་རྐྱེན་ལས་མ་སྐྱེས་པ་སྟེ། ནམ་མཁའ་དང༌། སོ་སོར་བརྟགས་འགོག་དང༌། བརྟགས་མིན་གྱི་འགོག་པ་གསུམ་མོ། །འཇིག་པ་དོན་གཞན་ནི། བུམ་པ་ལྟ་བུ་འདུས་བྱས་སུ་མཚོན་པའི་མཚན་ཉིད་བཞི་སྟེ། སྐྱེ་བ། རྒ་བ། གནས་པ། མི་རྟག་པའོ། །དེ་བཞི་འདུས་བྱས་སུ་མཚོན་པ་རྗེས་སུ་མཚོན་པའི་མཚན་པའི་མཚན་ཉིད་བཞི་སྟེ། སྐྱེ་བའི་སྐྱེ་བ། གནས་པའི་གནས་པ། རྒ་བའི་རྒ་བ། འཇིག་པའི་འཇིག་པའོ། །སྐྱེ་བའི་སྐྱེ་བ་ལ་རྩ་བའི་སྐྱེ་བ་བསྐྱེད་ལ། རྩ་བའི་སྐྱེ་བས་བུམ་པ་དང་མཚན་ཉིད་གཞན་བདུན་ཏེ་བརྒྱད་པོ་སྐྱེད་པ་སོགས། གནས་པ་སོགས་ལའང་དེ་བཞིན་དུ་སྦྱར་ཏེ་ཤེས་པར་བྱའོ། །དེ་ཡང་མཚོན་བྱ་དང་དེའི་མཚན་ཉིད་ཐ་དད་དེ་ཁང་པ་བྱ་རོག་གིས་མཚོན་པ་ལྟར་འདོད་པའོ། །དུས་གསུམ་རྫས་གྲུབ་ནི་འདས་དང་མ་འོངས་ཀྱང་རང་ས་ན་ཡོད་པས་དུས་གསུམ་པོ་ད་ལྟར་རྫས་ཡོད་ལ། དེ་ལྟར་ན་འདས་མ་འོངས་མཐོང་བར་ཐལ་ཟེར་ན་འགག་པ་དང་མ་སྐྱེས་པས་བསྐལ་ཏེ་མི་མཐོང་ཞེས་སོ། །གྲངས་ཅན་པའི་འདོད་པ་དང་མི་འདྲ་སྟེ་སྐད་ཅིག་མའི་རང་བཞིན་དུ་བརྒྱུད་མར་ཡོད་པའི་ཕྱིར་ཞེས་འདོད་དོ། །བརྗོད་མེད་ཀྱི་བདག་ནི། ལས་བྱེད་པོ་དང་འབྲས་བུ་མྱོང་བའི་བདག་གཅིག་ངེས་པར་འདོད་དགོས་ཏེ། གཞན་དུ་ལས་འབྲས་ཀྱི་འབྲེལ་བ་མི་འཐད་པའི་ཕྱིར། དེས་ན་བདག་དེ་ནི་ཕུང་པོ་དང་གཅིག་མ་ཡིན་ལ་དེ་ལས་ཐ་དད་དུ་མེད་ཅིང༌། རྟག་མི་རྟག་གང་དུ་ཡང་བརྗོད་དུ་མེད་པར་འདོད་དོ། །བརྗོད་མེད་བདག་འདི་གནས་མ་བ་བུའི་སྡེ་པ་སོགས་འགའ་ཞིག་གིས་འདོད་པ་ལས་བྱེད་བྲག་པ་ཡིན་ཚད་ཀྱི་འདོད་པ་མིན་ཀྱང༌། བྱེ་མདོ་གཉིས་ཀྱི་ནང་ནས་བྱེ་བྲག་པའི་ནང་ཚན་གཅིག་གིས་འདོད་པས་ན་འདིར་བཀོད་པའོ། །ཤེས་པས་རང་དང་ཡུལ་མི་རིག་པ་ནི། རང་གིས་རང་རིག་པར་མི་རུང་སྟེ་རིག་བྱ་རིག་བྱེད་དུ་མེད་པའི་ཕྱིར་དང༌། སེམས་དང་བཅས་པས་དབང་པོས་ཡུལ་རྗེན་ཅེར་དུ་རིག་གི་ཤེས་པ་ཤེལ་གོང་ལྟ་བུ་རྣམ་པ་མེད་པས་དེར་རྟོག་པ་ཙམ་དུ་འདོད་དོ། །མཚན་མཐོན་ཐ་དད་ནི་དཀར་ཟལ་ལ། ལྐོག་ཤལ་གྱིས་བ་ལང་དུ་མཚོན་པ་ན། དེ་གསུམ་རྫས་ཐ་དད་དུ་ཡོད་ཀྱི། རྫས་གཅིག་ན་ལས་དང་བྱེད་པོ་གཅིག་ཏུ་འགྱུར་བས་མི་འཐད་ཅེས་འདོད་དོ། །ཆུད་མི་ཟ་བའི་རྫས་ནི། ལྡན་པའི་འདུ་བྱེད་ཐོབ་པའི་བྱེ་བྲག ལས་བྱས་པ་ཆུད་མི་ཟ་བ་ཞེས་བུ་ལོན་གྱི་ཡི་གེ་ལྟ་བུ། ངོ་བོ་ལུང་མ་བསྟན་པ་དེ་ཡི་དབང་གིས་ལས་ཆུད་མི་ཟ་བར་འདོད་དོ། །འདོད་པ་དེ་དག་ལ་བརྟགས་ན། རྒྱུ་འབྲས་ཀྱི་གཟུགས་ཐམས་ཅད་རྡུལ་ཕྲན་བཀག་པས་ཁེགས་པ་དང༌། རྣམ་རིག་མིན་པའང་གཟུགས་མཚན་ཉིད་པ་མིན་ཏེ་ལུས་ངག་ལ་བརྟེན་པའི་ལས་དགེ་སོགས་རྒྱུན་ཆགས་པར་འཕེན་པའི་འདུ་བྱེད་ཙམ་ལ་བཏགས་པ་ལས་དོན་མ་གྲུབ་ལ། སེམས་དང་སེམས་བྱུང་དག་ཀྱང་དུ་མ་དང་སྐད་ཅིག་མའི་རང་བཞིན་ལ། སྐད་ཅིག་ཆ་མེད་དུ་ཡང་མ་གྲུབ་པ་དང༌། ཕྱི་ནང་གང་ནས་ཀྱང་མི་རྙེད་པ་དང༌། རིག་བྱ་རིག་བྱེད་དུ་མེད་པའི་ཕྱིར་དོན་དམ་པར་རང་རིག་པའང་མ་གྲུབ་ལ། རང་ལས་གཞན་རིག་པའང་མ་གྲུབ་སྟེ་འབྲེལ་བ་མེད་པ་དང༌། དུས་མཉམ་པ་དང་མི་མཉམ་པ་གང་ཡང་རིག་པར་མ་གྲུབ་པའི་ཕྱིར་རོ། །མི་ལྡན་པའི་འདུ་བྱེད་རྣམས་ཀྱང་གཟུགས་དང་སེམས་ཀྱི་གནས་སྐབས་ལ་བཏགས་པ་ཙམ་ལས་དེ་དག་དང་གཅིག་དང་ཐ་དད་དུ་མེད་པས་ན་རྫས་མ་གྲུབ་བོ། །འདུས་མ་བྱས་རྣམས་ཀྱང་དགག་བྱ་མེད་པའི་ཆ་ནས་དེར་བཏགས་པ་ཙམ་ལས་རྫས་སུ་གྲུབ་པ་ཅུང་ཟད་ཀྱང་མེད་དོ། །འཇིག་པ་ཞེས་པ་འཇིག་རྒྱུའི་བུམ་པ་ལྟ་བུ་དེ་རང་གྲུབ་པའི་དུས་སྐད་ཅིག་གཉིས་པར་མི་སྡོད་པ་ལ་བརྗོད་དེ། ཆུའི་གཤེར་བ་ལྟར་འདུས་བྱས་རང་གི་མཚན་ཉིད་དེ་ལྟར་གནས་པ་ཡིན་གྱི། དངོས་པོ་དེ་ལས་འཇིག་པ་ལོགས་སུ་ཡོད་ན་དངོས་པོ་རང་ཉིད་མི་འཇིག་པ་དང༌། འཇིག་པ་ཉིད་རྒྱུ་མེད་དུ་འགྱུར་ཏེ། འཇིག་པ་ལས་ཐ་དད་པའི་དངོས་པོ་དེ་འཇིག་པ་མ་ཡིན་པ་དང༌། འཇིག་པ་ཉིད་དངོས་པོ་ལས་ཐ་དད་པར་རང་དབང་གིས་གནས་པའི་ཕྱིར་རོ། །དངོས་པོ་ལས་ཐ་དད་པར་འཇིག་པ་ཡོད་ན་དེ་སུ་ཞིག་གི་འཇིག་པ་ཡིན། དེ་ལ་འཇིག་པ་རྒྱུ་གང་གིས་གདགས་ཏེ། དངོས་པོ་དང་དེའི་འཇིག་པ་དུས་མཉམ་ན་དེས་དེ་མི་འཇིག་ལ། མི་མཉམ་པར་སྔ་ཕྱིར་གྱུར་ན་ཡང་འཇིག་པ་དོན་མེད་དོ། །དུས་གསུམ་རྫས་སུ་མ་གྲུབ་སྟེ། འདས་པ་འགག་པ་དང༌། མ་འོངས་མ་སྐྱེས་པའི་དངོས་པོ་ད་ལྟ་ཡོད་ན་ཐམས་ཅད་ད་ལྟ་བར་ཐལ་ལ། འདས་པ་དང་འགགས་པའི་མཚན་ཉིད་ཙམ་དུ་ཡོད་དོ་ཟེར་ན་བཏགས་པ་ཙམ་ལས་དོན་ལ་རྫས་སུ་མ་གྲུབ་སྟེ། དུས་ཞེས་པ་དངོས་པོ་ལ་བརྟེན་ནས་ཐ་སྙད་བྱེད་པ་ཙམ་ལས་རང་རྐྱ་བའི་རྫས་སུ་ཅུང་ཟད་ཀྱང་མེད་དོ། །བརྗོད་མེད་ཀྱི་བདག་མེད་དུ་ཕུང་པོ་དང་གཅིག་ཐ་དད་དང་རྟག་མི་རྟག་དངོས་འགལ་གྱི་བར་ན་ཕུང་སུམ་མི་སྲིད་པས་ན་མཐའ་བཞིར་བརྗོད་དུ་མེད་པས་བདག་དེ་དངོས་པོ་མེད་པར་ཤེས་པར་བྱའོ། །ཤེས་པས་རང་མི་རིག་པ་མི་འཐད་དེ་རང་རྒྱུད་ཀྱི་བདེ་སོགས་གསལ་པོར་གཞན་ལ་ལྟོས་མེད་དུ་མྱོང་བ་འདི་ལ་ཐ་སྙད་ཙམ་དུ་རང་རིག་པ་ཞེས་བརྗོད་པ་ཡིན་ལ། དེ་མེད་ན་མངོན་སུམ་གྱི་ཐ་སྙད་ཀུན་ཀྱང་མི་འཐད་པས་ཚུར་མཐོང་གི་རྣམ་གཞག་ཀུན་ནུབ་པར་ཐལ་བ་དང༌། དབང་པོ་བེམ་པོ་ལ་ཡུལ་རིག་པའི་ནུས་པ་མེད་ལ། ཤེས་པ་ལ་ཡུལ་སྣང་གི་རྣམ་པ་སྣ་ཚོགས་མེད་ན་ཡུལ་མི་སྣང་བར་ཐལ་བ་ལ་སོགས་པས་ཁེགས་སོ། །མཚན་མཚོན་ནི་རྣམ་པར་བཞག་འཇོག་གི་ཚུལ་ལས་རྣམ་པར་ཕྱེ་བ་ཙམ་ལས་དོན་ལ་ཐ་དད་དུ་མེད་དེ། མེ་དྲོ་བ་ལས་ཐ་དད་ན་གསིལ་བར་ཐལ་བ་དང༌། མེ་མན་པའི་དྲོ་བ་གང་ནས་ཀྱང་མི་རྙེད་པས་ན་དེ་དག་ཐ་དད་མིན་ནོ། །ཆུད་མི་ཟ་བའི་རྫས་ཞེས་ལས་ཀྱི་འབྲས་བུ་བསྐྱེད་པ་གཞན་མེད་དེ། ལས་དང་འབྲས་བུ་ཕན་ཚུན་རྟེན་ཅིང་འབྲེལ་པ་ཙམ་ལས་ཆུད་མི་ཟ་བ་ཞེས་གཟུགས་དང་སེམས་ལས་ཐ་དད་པའི་དངོས་པོ་ཡོད་པ་ལ་སྒྲུབ་བྱེད་མེད་ཅིང༌། ཐོབ་པ་སྤྱིར་བཀག་པ་དང་བྱེ་བྲག་དེ་འདྲའི་རྫས་ལ་དགོས་ནུས་མེད་པ་སོགས་རིགས་པའི་གནོད་པ་ཡོད་པས་མི་འཐད་དོ། །གཉིས་པ་མདོ་སྡེ་སྤྱོད་པས་ནི། གྲུབ་མཐའ་སྤྱི་བྱེ་སྨྲ་དང་མཚུངས་པ་ལས། ཁྱད་པར་གྱི་འདོད་པ་སྐྱེད་བྱེད་རྐྱེན་བཞི། སྣང་བ་བློ། ཡུལ་ལྐོག་གྱུར། རྡུལ་བར་མེད། དབང་པོ་ནུས་པ །མི་ལྡན་པ་ཀུན་བཏགས། མྱང་འདས་དངོས་མེད་དེ། གྲུབ་པའི་མཐའ་རྣམ་པ་བདུན་གྱི་ཚུལ་དུ་སྨྲ་བ་དེ་ཡང༌། ཡང་དག་པའི་ལྟ་བ་མིན་ཏེ་དངོས་པོར་སྨྲ་བའི་སྐྱོན་དང་བཅས་པའི་ཕྱིར་རོ། །དེ་ལ་སྐྱེད་བྱེད་རྐྱེན་བཞི་ནི། རྒྱུ་རྐྱེན་འབྲས་བུ་ལ་ཕན་འདོགས་པར་ནུས་རུང་ཙམ་སྟེ་ངོ་བོ་སྐྱེད་པ། བདག་རྐྱེན་གེགས་མི་བྱེད་པ་ཙམ་སྟེ་འབྲས་བུའི་ཁྱད་པར་སྐྱེད་པ། དམིགས་རྐྱེན་ནི་ཤེས་པའི་ཡུལ་གང་ཡིན་པའོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་ཤེས་པ་སྔ་མ་འགགས་མ་ཐག་པ་དེ་རིགས་འདྲ་ཕྱི་མ་སྐྱེད་པའོ། །དེ་ལ་རྒྱུ་རྐྱེན་གྱི་ཁོངས་སུ་མཚུངས་ལྡན་ཀུན། འགྲོ། སྐལ་མཉམ། བྱེད་པ། ལྷན་ཅིག་བྱུང་བའི་རྒྱུ་སྟེ་རྒྱུ་ལྔ་འདུའོ། །དེ་ལ་སེམས་སེམས་བྱུང་རྣམས་རྐྱེན་བཞི་ལས་སྐྱེ། སེམས་མེད་ཀྱི་སྙོམས་འཇུག་གཉིས་ནི་དམིགས་རྐྱེན་མ་གཏོགས་པ་གསུམ་ལས་སྐྱེ། གཞན་ལྡན་མིན་འདུ་བྱེད་དང་གཟུགས་ཐམས་ཅད་རྒྱུ་རྐྱེན་བདག་རྐྱེན་གཉིས་ལས་སྐྱེའོ། །སྣང་བློ་ཡིན་པ་ནི། དོན་སྤྱི་དང༌། མེད་པ་གསལ་སྣང༌། དོན་རང་མཚན་ལྟ་བུའི་སྣང་བ་ཐམས་ཅད་རང་གི་ཤེས་པ་དངོས་པར་འདོད་དེ་རྣམ་བདེན་དང་འདོད་པ་མཚུངས་སོ། །ཡུལ་ལྐོག་གྱུར་ནི། དོན་སྤྱི་དང་མེད་པ་གསལ་སྣང་ཅི་སྣང་ཙམ་ལས་ལོགས་སུ་དོན་རང་མཚན་པ་མེད་ལ། དོན་རང་མཚན་རྣམས་དངོས་སུ་སྣང་བ་ལྟ་བུ་ནི་དོན་དེས་ཤེས་པ་ལ་རང་འདྲའི་རྣམ་པ་གཏད་པས་དོན་ལྟར་ཤེས་པའི་རྣམ་པ་ཡིན་གྱི། དོན་བུམ་པ་ལྟ་བུ་ནི་དངོས་སུ་ནམ་ཡང་མཐོང་སྟེ། བུམ་སྣང་དང་གོས་ཐ་མི་དད་པར་ལྐོག་ན་ཡོད་དེ། སྐད་ཅིག་དང་པོ་ལ་ཡུལ་དབང་ཤེས་པའི་རྐྱེན་གསུམ་ཚོགས་པའི་ཕྱི་ལོགས་སུ་ཡུལ་དེའི་རྣམ་པ་མེ་ལོང་ལ་གཟུགས་བརྙན་ལྟར་ཤར་བ་ལ། འདྲ་བ་ཉམས་སུ་མྱོང་བའི་ཕྱིར་ཤེས་པས་ཡུལ་མྱོང་ཞེས་ཐ་སྙད་བཏགས་པའོ། །རྡུལ་བར་མེད་ནི། རགས་པ་རྩོམ་ཚེ་རྡུལ་ཕྲ་རབ་རྣམ་པར་ཡོད་པ་དང་མེད་པ་གང་རུང་དུ་མི་འཐད་པས་ན་བར་ནི་མེད་ལ་འབྱར་ཀྱང་མ་འབྱར་བས་རེག་ལ་འབྱར་བའམ། བར་མེད་པས་འབྱར་ལ་ངོས་ཆས་མ་རེག་པའི་ཕྱིར། འབྱར་ལ་མ་རེག་པ་ཞེས་སུ་འདོད། དབང་པོ་ནུས་པར་འདོད་པ་ནི། དབང་པོའི་རྫས་ལྐོག་ན་མེད་ཀྱི་མིག་སོགས་ཀྱི་རང་གི་རྣམ་ཤེས་སྐྱེད་ནུས་པའི་ནུས་པ་ཞིག་སྟེ། དེ་ཡང་ཤེས་པ་སྔ་མའི་སྟོབས་ཀྱིས་བྱུང་བ་ཡིན་ལ། དེ་ལ་བརྟེན་ནས་མིག་ཤེས་སོགས་སྐྱེ་བས་རྗེས་སུ་འགྲོ་ལྡོག་གི་ངེས་པས་གྲུབ་བོ་ཞེས་འདོད། མི་ལྡན་པ་ཀུན་བཏགས་ནི། སྐྱེ་འཇིག་ལ་སོགས་པ་ལྡན་མིན་འདུ་བྱེད་རྣམས་ནི་གཟུགས་དང་སེམས་སེམས་བྱུང་ལས་དེ་ཉིད་དང་གཞན་དུ་མ་གྲུབ་པས་ཀུན་བཏགས་ཡིན་ཏེ་རི་རྭ་བཞིན་མིང་ཙམ་དུ་ཟད་པས་སོ། །ཞེས་འདོད། མྱང་འདས་དངོས་མེད་ནི། ཐེག་པ་གསུམ་གྱིས་མྱ་ངན་ལས་འདས་པ་ན་ཕུང་པོ་ས་བོན་དང་བཅས་པ་རྒྱུན་ཆད་ནས། མཁའ་ལ་སྤྲིན་དེངས་པ་ལྟར་ཡུལ་འགོག་པ་ཆོས་དབྱིངས་དང་དབྱེར་མེད་ཙམ་ལ་འདོད་དེ་ཅི་ཡང་མེད་པར་འདོད་པ་ནི་བྱེ་བྲག་པ་དང་མཐུན་ལ། འོན་ཀྱང་འདིས་བྲལ་བའི་རྫས་སོ་སོར་བར་ཡོད་པར་མི་འདོད་དོ། །ཚུལ་དེ་དག་ལ་དཔྱད་ན། རྒྱུ་འབྲས་ཕྲད་མ་ཕྲད་དང༌། དུས་མཉམ་མི་མཉམ་འབྲས་བུ་ཡོད་པའམ་མེད་པ་གང་སྐྱེད། རང་སྐྱེ་སོགས་མཐའ་བཞི་པོ་གང་གི་རྩལ་དུ་སྐྱེ་དཔྱད་ན་དོན་དམ་པར་རྐྱེན་ལས་སྐྱེ་བ་མ་གྲུབ་ཅིང༌། སྣང་བ་བློ་དང་ཡུལ་ལྐོག་གྱུར་ཡིན་ན། གཞལ་བྱ་མངོན་གྱུར་ལྐོག་གྱུར་གྱི་རྣམ་དབྱེ་འཐད་དཀའ་ལ། ཡུལ་ལྐོག་ན་མོ་མེད་པར་ཡང་སྣང་རིགས་པའི་ཕྱིར་ཕྱི་དོན་བདེན་པར་མི་འགྲུབ་བོ། །གཞན་ཡང་རྡུལ་ཕྲ་རབ་ལ་བར་མེད་ན་གཅིག་ཏུ་འབྱར་བར་ཐལ་ལ། མ་རེག་པའམ་མ་འབྱར་ན་ནི་བར་དང་བཅས་པར་ཐལ་བ་ལས་ཕུང་གསུམ་པ་མི་སྲིད་ལ། དབང་པོའི་ནུས་པའང་དོན་དམ་པར་དབང་པོར་བཀག་པས་ཁེགས་པ་དང༌། ཐ་སྙད་དུ་དབང་པོ་ཉིད་ཀྱིས་ཤེས་པ་སྐྱེ་བར་བྱེད་ཆོག་པའི་ཕྱིར་ནུས་པར་བཏགས་པ་ལ་དགོས་པ་མི་ཆེ་བ་དང༌། མི་ལྡན་པ་ཀུན་བཏགས་ཁོ་ན་ཡིན་ན། མི་རྟག་པ་ཤེས་བྱ་ལ་མི་གནས་པས་ན་རྟག་པར་སྨྲ་བ་གསང་བ་པའི་གྲུབ་མཐར་ཐལ་བའི་ཕྱིར་དང༌། མྱང་འདས་ནི་རྒྱུན་ཆད་པའི་དངོས་མེད་རྐྱང་པ་མིན་ཏེ། ཐེག་དམན་གྱི་མྱང་འདས་སྒྲིབ་པ་མ་ཟད་པས་མཐར་ཐུག་མིན་པ་དང༌། སངས་རྒྱས་ནི་འགྲོ་དོན་མ་རྫོགས་པ་དང་ཡེ་ཤེས་འགག་པའི་རྒྱུ་མེད་པའི་ཕྱིར་རྒྱུན་མི་འཆད་དོ། །གཉིས་པ་རང་སངས་རྒྱས་རྣམས་ནི། དབང་པོ་འབྲིང་རང་རྒྱལ་གྱི་རིགས་དང་ལྡན་པའི་གང་ཟག་གིས། སྔོན་གོམས་པའི་སྟོབས་ཀྱིས་སྲིད་པ་ཐ་མ་པའི་དུས་སུ། རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱི་སྒོ་ནས། ཡང་དག་པའི་དོན་དམིགས་པར་བྱས་ནས། གང་ཟག་གི་བདག་དང༌། གཟུང་བ་རང་བཞིན་མེད་པར་ཤེས་པས་བདག་མེད་ཕྱེད་གཉིས་རྟོགས་པ་དང༌། འབྲས་བུ་རང་རྒྱལ་དགྲ་བཅོམ་ཐོབ་པའང་ཐེག་པ་ཆེན་པོ་ལས་གཞན་དུ་དམན་པར་བཞག་གོ །དེ་ཡང་ཕྱི་ནང་གི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་གྱིས་སྐྱེ་སྟེ། ཕྱིའི་ས་བོན་ལ་བརྟེན་ནས་མྱུ་གུ་འབྱུང་བ་ལ་སོགས་པ་དང༌། ནང་གི་མ་རིག་པ་ནས་རྒ་ཤའི་བར་དུ་འབྱུང་བའོ། །དེ་ལ་ཚེ་སྔ་མར་ཡང་དག་པའི་དོན་མི་ཤེས་པའི་མ་རིག་པ་ཡོད་པ་ལས། ཚེ་འདི་འགྲུབ་པའི་ལས་བསགས་པ་ནི་འདུ་བྱེད་དོ། །དེ་ལས་སྲིད་པར་འཕེན་བྱེད་རྒྱུ་དང་འབྲས་ཀྱི་རྣམ་ཤེས་འགྲུབ་བོ། །རྣམ་ཤེས་ལས་མིང་བཞི་དང་གཟུགས་ཀྱིས་བསྡུས་པའི་ཕུང་པོ་མེར་མེར་པོ་ལ་སོགས་པ་འགྲུབ་བོ། །དེ་ལས་མིག་ལ་སོགས་པའི་སྐྱེ་མཆེད་དྲུག་འགྲུབ་ཅིང༌། སྐྱེ་མཆེད་ལས་ཡུལ་དབང་ཤེས་གསུམ་འདུས་པའི་རེག་པ་འབྱུང་ཞིང༌། དེ་ལས་ཚོར་བ་དང༌། ཚོར་བ་ལས་ཡུལ་འདོར་ལེན་གྱི་སྲེད་པ་དང༌། སྲེད་པ་ལས་ཡུལ་དང་ལེན་པའི་ལེན་པ་དང༌། དེ་ལས་སྲིད་པ་འགྲུབ་པའི་ལས་བསགས་པ་ལ་སྲིད་པ་ཞེས་དང༌། སྲིད་པ་ལས་འགྲོ་བ་དྲུག་ཏུ་སྐྱེ་བ་དང༌། སྐྱེ་བ་ལས་རྒ་ཤི་འབྱུང་ངོ༌། །བཅུ་གཉིས་པོ་དག་ཀྱང༌། མ་རིག་པ་དང་སྲེད་པ་དང་ལེན་པ་གསུམ་ཉོན་མོངས། འདུ་བྱེད་སྲིད་པ་གཉིས་ལས། ལྷག་མ་བདུན་སྡུག་བསྔལ་གྱི་ཕུང་པོ་སྟེ། དེ་ལྟར་ཉོན་མོངས་ལས་ལས་དང༌། ལས་ལས་སྡུག་བསྔལ་དང༌། སྡུག་བསྔལ་གྱི་གཞི་ལས་སླར་ཡང་ཉོན་མོངས་དང་ལས་འབྱུང་བས་མ་རིག་པ་མ་ལྡོག་གི་བར་དུ་སྲིད་པའི་རྟེན་འབྲེལ་གྱི་འཁོར་ལོ་བརྒྱུད་མར་འཇུག་གོ །ཚུལ་དེ་དག་རང་རྒྱལ་གྱིས་སྒོམ་ཚུལ་ནི། དུར་ཁྲོད་ཀྱི་རུས་པ་ལ་བལྟས་ཏེ་འདི་ཤི་བ་ལས་བྱུང་ཞིང༌། དེ་ཡང་སྐྱེ་བ་ལས་བྱུང་བ་སོགས་མ་རིག་པའི་བར་དུ་ཤེས་ཤིང་མ་རིག་པ་དེ་ནི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སྤང་བར་རིག་ནས་ལམ་རང་རྒྱུད་ལ་བརྟེན་པར་བྱེད་དོ། །འདི་ལྟར་རྒ་ཤི་སྡུག་བསྔལ་གྱི་ངོ་བོ་ཡིན་པས། དེ་སྐྱེ་བ་ལས་བྱུང་བ་སོགས་འབྱུང་རིམ་ལ་བསམས་པས་སྡུག་བསྔལ་བདེན་པ་རྟོགས་པ་དང༌། སྐྱེ་བ་འགགས་པས་རྒ་ཤིས་འགག་པ་སོགས་འགགས་རིམ་ལ་བསམས་པས་འགོག་པའི་བདེན་པ་ལ་འཇུག མ་རིག་པ་ཀུན་འབྱུང་གི་རྩ་བ་ཡིན་པས་དེ་ལས་འདུ་བྱེད་སོགས་འབྱུང་བའི་རིམ་པ་ལ་བསམས་ན་ཀུན་འབྱུང་བདེན་པ་རྟོགས། མ་རིག་་འགགས་པས་འདུ་བྱེད་འགག་པ་སོགས་འགགས་རིམ་ལ་བསམས་ན་ཀུན་འབྱུང་གི་གཉེན་པོ་བདག་མེད་བསྒོམ་པ་སོགས་ལམ་བདེན་གྱི་རང་བཞིན་ཤེས་པ་ཡིན་པས། ཚུལ་དེ་ལྟ་བུའི་སྒོ་ནས་ཚོགས་ན་སྤྱོད་པ་དང༌། བསེ་རུ་ལྟ་བུའི་རང་རྒྱལ་གྱིས་འབྲས་བུ་སྟན་གཅིག་ལ་མངོན་དུ་བྱེད་དོ། །དེ་ཡང་རང་རྒྱལ་གྱི་རིགས་སུ་མཐའ་གཅིག་ཏུ་ངེས་པ་མིན་ཏེ། མཐར་ཐུག་ཐེག་གཅིག་ཏུ་ངེས་པའི་རིགས་པ་དང་རྟེན་ཅིང་འབྲེལ་བའང་རང་བཞིན་མེད་དེ་ཕན་ཚུན་ཕྲད་ནས་སྐྱེ་བ་ལ་སོགས་པ་མ་གྲུབ་པའི་ཕྱིར་དང༌། གཟུང་བ་མེད་ན་དེ་འཛིན་ཡང་བདེན་པར་མེད་དེ་མགོ་མཉམ་པའི་ཕྱིར་དང༌། གཅིག་པུར་དབེན་པར་དགའ་བའང་མཆོག་གི་སྤྱོད་པ་མ་ཡིན་ཏེ། དོན་དམ་པར་དབེན་མི་དབེན་མེད་པའི་ཕྱིར་དང༌། གཅིག་པུར་ཞི་བར་ཞེན་པའི་བློ་དམ་པའི་ཚུལ་མིན་པ་དང༌། འབྲས་བུ་མཐར་ཐུག་པ་མིན་པའི་ཕྱིར་ཡང་ལམ་དམན་པ་ཡིན་ནོ། །ད་ནི་གཉིས་པ་ཐེག་པ་ཆེན་པོའི་ཚུལ་བཤད་པ་ལ། རྒྱ་མཚོ་ནི་ཤིན་ཏུ་ཚད་མེད་པའི་མིང་ཡིན་ལ། དེ་ལས་ཀྱང་ཆེས་ཚད་མེད་པའི་མིང་དུ་གང་ཆེན་མཚོ་ཞེས་གྲགས་པས་ན། གང་ཆེན་མཚོ་དང་འདྲ་བ་ཟབ་པ་དང་རྒྱ་ཆེ་བའི་ཡོན་ཏན་ཚད་མེད་པའི་སངས་རྒྱས་ཀྱི་ཐེག་པ་ཆེན་པོ་ནི་གོ་ཆ་ཆེན་པོ་སོགས་བདུན་གྱིས་འཕགས་པ་སྟེ། བརྩོན་འགྲུས་ཆེན་པོས་བསྐལ་པ་གྲངས་མེད་པར་སེམས་ཅན་གྱི་དོན་དུ་སྤྲོ་བའི་གོ་ཆ་ཐེག་ཆེན་ན་ཡོད་ཀྱི་ཐེག་དམན་ལ་མེད། དེ་བཞིན་དུ་དམིགས་པ་ཆེན་པོ་ཆོས་ཉིད་ནམ་མཁའ་དང་འདྲ་བ་ལ་དམིགས་པ་དང༌། སྒྲུབ་པ་ཆེན་པོ་རང་གཞན་གཉིས་ཀའི་དོན་སྒྲུབ་པ་དང༌། ཡེ་ཤེས་ཆེན་པོ་བདག་གཉིས་ཀྱིས་སྟོང་པའི་ཆོས་ཉིད་སྙིང་རྗེ་དང་ཟུང་དུ་འཇུག་པའི་ཡེ་ཤེས་དང༌། ཐབས་ལ་མཁས་པ་ཆེན་པོ་སྲིད་ཞིར་མི་གནས་པ་དང༌། གྲུབ་པ་ཆེན་པོ་སྟོབས་སོགས་སངས་རྒྱས་ཀྱི་ཡོན་ཏན་ཚད་མེད་པ་དང༌། ཕྲིན་ལས་ཆེན་པོ་འཁོར་བ་ཇི་སྲིད་པར་གཞན་དོན་ལྷུན་གྲུབ་ཏུ་འབྱུང་བ་རྣམས་ནི་ཐེག་དམན་ལ་མེད་ཅིང་ཐེག་ཆེན་ལ་ཡོད་པས་ཁྱད་པར་འཕགས་སོ། །དེ་ལྟར་འཕགས་པའི་ཐེག་མཆོག་ཙམ་གྱི་རང་བཞིན་ཡིན་པར་ཐ་དད་མེད་ཀྱང༌། ཐེག་ཆེན་གྱི་བཀའི་དགོངས་པ་འགྲེལ་ཚུལ་མི་འདྲ་བས། ཐོག་མའི་ཤིང་རྟ་འདྲེན་བྱེད་ཀྱི་ལྟ་བ་མི་འདྲ་བ་གསུམ་དུ་བྱུང་བ་ལ། སེམས་ཙམ་དང༌། རང་རྒྱུད་པ་དང༌། ཐལ་འགྱུར་བ་ཞེས་སུ་གྲགས་པ་ལས། དང་པོ་སེམས་ཙམ་པ་ནི་ཆོས་ཐམས་ཅད་སེམས་ཙམ་དུ་འདུ་ཞིང༌། གཟུང་འཛིན་གཉིས་སྟོང་གི་རྣམ་ཤེས་དོན་དམ་དུ་འདོད། དེ་ལའང་སེམས་ཙམ་སྤྱི་ཡི་འདོད་པ་དང༌། ཁྱད་པར་རྣམ་བདེན་རྫུན་གྱི་ཚུལ་གཉིས་སུ་ཡོད་པ་ལས། ཐུན་མོང་སྤྱིའི་འདོད་པ་ནི་གཟུང་འཛིན་གྱི་ཆར་མེད་པའི་ཤེས་པ་རང་རིག་རང་གསལ་དོན་དམ་དུ་འདོད་ལ། ཀུན་བཏགས་གཞན་དབང་ཡོངས་གྲུབ་སྟེ་མཚན་ཉིད་གསུམ་གྱི་ཆིང་གིས་ཆོས་ཀུན་བཅིངས་ནས་གྲུབ་པའི་མཐའ་རྣམ་པར་འཇོག་གོ །དེ་ཡང་འདི་བའི་གྲུབ་མཐའ་བསྡུ་ན། དམིགས་པའི་ཡུལ། སྤྱོད་པའི་ཚུལ། གྲུབ་པའི་འབྲས་བུ་གསུམ་ལས་དང་པོ་ལ། སྐལ་བ་དང་ལྡན་པའི་གཞི་རིགས། ལྟ་བ་དམིགས་པའི་གཞི་གཞི་ལྔ། སྒོམ་པ་དམིགས་པའི་གཞི་བདག་མེད་གཉིས་སོ། །དང་པོ་ལ་ཐེག་པ་གསུམ་གྱི་རིགས་གསུམ་དང༌། མ་ངེས་པ་དང༌། རིག་ཆད་ལྔར་འདོད་དོ། །གཉིས་པ་ལ་གཟུགས་ནི་ཕྱི་དོན་བེམ་པོར་དངོས་སུ་མེད་ཀྱང་ཀུན་གཞི་ལ་དོན་སྣང་གིས་བག་ཆགས་སྨིན་པའི་དབང་གིས་ཕྱི་རོལ་གྱི་གཟུགས་སུ་སྣང་བ་སྟེ་རྨི་ལམ་གྱི་རྟ་གླང་བཞིན་དུ་འདོད། སེམས་ནི་འཇུག་ཤེས་དྲུག་དང་ཉོན་ཡིད་དང་ཀུན་གཞི་སྟེ་བརྒྱད་དོ། །དེ་ལ་ཀུན་གཞི་ནི་བག་ཆགས་ཀྱི་གཞི་ཡུལ་གྱི་དོན་ཙམ་རིག་པ་སྟེ། སྐད་ཅིག་མ་དུ་མ་མཐུད་པའི་རྒྱུན་བརྟན་པའོ། །དབྱེ་ན་རྣམ་སྨིན་དང་ས་བོན་གྱི་ཆ་སྟེ་འབྲས་བུ་དང་རྒྱུའི་ངོ་བོར་གྱུར་པ་གཉིས་སོ། །ངོ་བོ་སྒྲིབ་ལ་ལུང་མ་བསྟན། འཁོར་རེ་སོགས་ཀུན་འགྲོ་ལྔ། དམིགས་པ་མི་གསལ་བ་སྣོད་བཅུད་རྒྱ་ཆེན་པོ་ལ་དམིགས་པའོ། །དེས་ན་ཚོགས་བདུན་འཁོར་བཅས་རང་གི་རྒྱུན་ལས་མི་སྐྱེ་སྟེ། རིག་འདྲ་ཕྱི་མ་གྲུབ་པའི་བག་ཆགས་ཀུན་གཞི་ལ་བསྒོས་ཏེ་བུམ་པའི་གྲིབ་མ་ལྟར་ཀུན་གཞིའི་སྐད་ཅིག་རེ་རེ་ལ་སྐྱེའོ། །འདིས་འཁོར་བའི་འདུ་བྱེད་དང་འདུས་བྱས་ཀྱི་དགེ་མི་དགེ་ལུང་མ་བསྟན་རྣམ་ཤེས་ཀྱི་ཚོགས་དང་བཅས་པའི་རྟེན་བྱེད་པས་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ཞེས་བྱའོ། །ཁམས་བདེ་གཤེགས་སྙིང་པོ་རང་བཞིན་རྣམ་དག་ནི་མྱང་འདས་འདུས་མ་བྱས་པའི་ཡོན་ཏན་དང་ངོ་བོ་ཉིད་ཀྱིས་མི་འབྲལ་བས་དོན་གྱི་ཀུན་གཞི་ཞེས་བཞག་གོ །སྐབས་འདིར་འཁོར་བའི་རྟེན་ཅན་བག་ཆགས་ཀུན་གཞི་བཟུང་ངོ༌། །ཉོན་ཡིད་ནི་ཀུན་གཞི་ལ་དམིགས་ནས་བདག་ཏུ་འཛིན་པ་སྟེ། བདག་ལྟ་སོགས་འཁོར་དགུ་དང་བཅས་ཤིང༌། འཕགས་ལམ་ལ་མཉམ་བཞག་དང་འགོག་པའི་སྙོམས་འཇུག་གི་བར་མིན་པ་ཐམས་ཅད་དུ་འབྱུང་བའོ། །ཚོགས་དྲུག་ནི་ཡོངས་སུ་གྲགས་པ་བཞིན་ནོ། །འཁོར་སེམས་བྱུང་ནི་ལྔ་བཅུ་རྩ་གཅིག་སྔར་བཤད་པ་བཞིན་ནོ། །མི་ལྡན་པའི་འདུ་བྱེད་ཉེར་གསུམ་པོ་གནས་སྐབས་ལ་བཏགས་པའི་བཏགས་ཡོད་ཙམ་སྟེ་རྫས་སུ་མེད་པར་འདོད། འདུས་མ་བྱས་གསུམ་གྱི་སྟེང་དུ། རྒྱུན་རྐྱེན་གྱིས་མ་བྱས་པ་བདག་མེད་པའི་དེ་བཞིན་ཉིད་དང༌། དེ་བཞིན་ཉིད་ལ་འདོད་ཁམས་ཀྱི་ཆོས་མ་སྐྱེས་པའི་གནས་སྐབས་མི་གཡོ་བའི་འགོག་པ་ཞེས་དང༌། དེ་བཞིན་ཉིད་ལ་ཚོགས་བདུན་མ་སྐྱེས་པའི་གནས་སྐབས་ལ་འདུ་ཤེས་དང་ཚོར་བ་འགོག་པ་ཞེས་གསུམ་པ་བསྣན་པས་འགོག་པ་དྲུག་སྟེ། གཞན་ལྔ་པོའི་དགག་གཞི་དེ་བཞིན་ཉིད་ལ་དགག་བྱ་སོ་སོ་མེད་པའི་གནས་སྐབས་ཀྱིས་ཕྱེ་བའོ། །མཚན་གཞི་དེ་ཐམས་ཅད་ཀྱི་སྟེང་དུ་མཚན་ཉིད་གསུམ་ནི། བཏགས་པ་ཙམ་ལས་རང་མཚན་དུ་མེད་པ་ཀུན་བཏགས་ཏེ། གཟུང་འཛིན་གཉིས་སུ་སྣང་ཞིང་ཞེན་པའི་ཡུལ་མིང་གིས་མངོན་པར་བརྗོད་པ་ཅན་གང་ཡིན་པའོ། །རྒྱུ་རྐྱེན་ལ་རག་ལས་ཏེ་སྐྱེ་བ་གཞན་དབང་སྟེ་ཤེས་པ་ཉིད་བག་ཆགས་སྣ་ཚོགས་པའི་དབང་གྱིས་དག་མ་དག་གི་སྣང་བ་སྣ་ཚོགས་སུ་འཆར་བའོ། །གཞན་དབང་ལ་ཀུན་བཏགས་ལྟར་མེད་པ་ཡོངས་གཅོད་དུ་གྲུབ་པ་ཡོངས་གྲུབ་སྟེ་བདག་གཉིས་ཀྱིས་སྟོང་པའི་རང་བཞིན་ཅན་དུ་གནས་པའོ། །ཀུན་བཏགས་ལ་གཉིས་ཏེ། མཚན་ཉིད་ཆད་པའི་ཀུན་བཏགས་དོན་ལ་མི་སྲིད་བཞིན་བློས་བཏགས་ཆོས་དང་གང་ཟག་གི་བདག་ལྟ་བུའོ། །རྣམ་གྲངས་པའི་ཀུན་བཏགས་མེད་བཞིན་བློ་ལ་སྣང་བ་ལ་ཟླ་གཉིས་ཀྱི་རྣམ་པ་ལ་སོགས་པ་སྟེ། མེད་བཞིན་སྣང་བ་གཟུགས་དང་དོན་སྤྱི་དང་མིང་གིས་གདགས་པ་ཐམས་ཅད་དེའི་རང་བཞིན་ནོ། །གཞན་དབང་ལ་གཉིས་ཏེ། མ་དག་གཞན་དབང་འཇིག་རྟེན་པའི་སེམས་སེམས་བྱུང་ཡུལ་དང་བཅས་པའོ། །དག་པ་གཞན་དབང་འཇིག་རྟེན་ལས་འདས་པའི་སེམས་ཀྱི་རྗེས་ཐོབ་སེམས་དང་སེམས་བྱུང་ཞིང་ལ་སོགས་པའི་བཀོད་པའོ། །ཡོངས་གྲུབ་ལའང་གཉིས་ཏེ། འགྱུར་མེད་ཡོངས་གྲུབ་ནི་ཡུལ་དེ་བཞིན་ཉིད་དང༌། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཡུལ་ཅན་གྱི་ཡེ་ཤེས་སོ། །དེ་ལ་གཟུགས་དང་སེམས་བྱུང་རེག་པ་སོགས་ཉི་ཤུ་རྩ་གསུམ་དང་དེ་བཞིན་ཉིད་ནི་རྫས་ཡོད་དོ། །སེམས་བྱུང་བག་ཡོད་སོགས་ཉེར་དགུ་དང༌། མི་ལྡན་པའི་འདུ་བྱེད་ཐམས་ཅད་དང་ནམ་མཁའ་དང་འགོག་པ་ལྔ་བཏགས་ཡོད་དོ། །དེ་ཡང་གཞན་དབང་ཆོས་ཅན་དོན་དམ་དང༌། ཡོངས་གྲུབ་ཆོས་ཉིད་དོན་དམ། ཀུན་བཏགས་ཀུན་རྫོབ་ཀྱི་བདེན་པར་འདོད་དོ། །དེས་ན་མདོ་ལས་ཆོས་ཐམས་ཅད་རང་བཞིན་མེད་པར་གསུངས་པ་ཐམས་ཅད་གཟུང་འཛིན་དུ་ཀུན་བཏགས་པའི་ཡུལ་ལ་དགོངས་ཤིང་མཚན་ཉིད་གསུམ་སོ་སོར་ཀུན་བཏགས་མཚན་ཉིད་ངོ་བོ་མེད་པ། གཞན་དབང་རང་ལས་སྐྱེ་བའི་ངོ་བོ་མེད་པ། ཡོངས་གྲུབ་དངོས་པོའི་ངོ་བོ་མེད་པ་ལ་དགོངས་པ་ཡིན་གྱི། ཤེས་པ་རང་གསལ་ཙམ་ནི་འཁོར་འདས་ཀྱི་གཞིར་ཡོད་པས་དེ་དགག་པ་མིན་པས་ན་རྒྱལ་བའི་དགོངས་པ་མཐར་ཐུག་སེམས་ཙམ་གྱི་ཚུལ་འདི་ལས་གཞན་དུ་མེད་པར་འདོད། གཉིས་པ་སྒོམ་པའི་གཞི་ནི། གང་ཟག་གི་བདག་དང༌། གཟུང་འཛིན་གྱི་བསྡུས་པའི་ཆོས་བདག་དང་བྲལ་བའི་མི་དམིགས་པའི་ངང་ལ་བློ་འཇོག་པའོ། །གཉིས་པ་སྤྱོད་ཚུལ་ནི། སེམས་སྐད་ཅིག་མའི་ཕྲེང་བ་ཙམ་ལ་སེམས་ཅན་དུ་བཏགས་པའི་འགྲོ་བ་བདག་ཏུ་མེད་པ་ལ་དམིགས་ནས་གྲངས་མེད་གསུམ་སོགས་སུ་ཕར་ཕྱིན་དྲུག་སྤྱོད་པའོ། །གསུམ་པ་གྲུབ་པའི་འབྲས་བུ་གནས་གྱུར་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཞིང་དང་སྐུ་དང་ཕྲིན་ལས་ཀྱི་ཚུལ་ཚད་མེད་པས་མཛེས་པའོ། །ཞེས་འདོད། གྲུབ་པའི་མཐའ་དེ་དག་ལ་བརྟགས་ན་ཕྱི་དོན་བདེན་པ་མེད་པར་གྲུབ་ཀྱང༌། ནང་གི་ཤེས་པའང་བདེན་པར་མ་གྲུབ་པས་ན་ཐ་སྙད་དུ་སྣང་ངོས་ན་ཡོད་མཉམ་དང༌། དོན་དམ་གནས་ཚུལ་ལ་མེད་མཉམ་དུ་གནས་པས། ཕྱི་དོན་མེད་ལ་ཤེས་པ་ཡོད་པའང་མི་གྲུབ་བོ། །རིགས་རང་བཞིན་གྱིས་གྲུབ་པ་མེད་དེ་ཤེས་པ་རང་བཞིན་མ་གྲུབ་པའི་ཕྱིར། དབང་པོའི་རྣོ་རྟུལ་ལ་སོགས་པ་རྐྱེན་ལས་བསྒྱུར་རུང་བའི་ཕྱིར་དང༌། སེམས་རང་བཞིན་གྱིས་འོད་གསལ་ཞིང་དྲི་མ་གློ་བུར་བ་སྦྱང་རུང་བ་དང༌། དྲི་མ་ཟད་པའི་གཉེན་པོ་མཆོག་གསུམ་ལ་བརྟེན་པ་ཕྲ་མོ་ཡང་ཆུད་མི་ཟ་བས་ན་རིགས་ཆད་པའང་མེད་དོ། །རྐྱེན་ལས་སྐྱེས་པའི་ཕྱིར་གཞན་དབང་བདེན་པ་མེད་ལ། ཀུན་གཞིའང་སྐད་ཅིག་མའི་ཕྲེང་བ་ལ་རྒྱུན་བརྟན་པ་དོན་མ་གྲུབ་ལ། འདིས་དམིགས་པ་དང་ས་བོན་དང་རྣམ་སྨིན་ཐམས་ཅད་ཀྱང་དུ་མ་ཡིན་པའི་ཕྱིར་ངོ་བོས་གྲུབ་པ་ཅུང་ཟད་ཀྱང་མེད་དོ། །དེ་བཞིན་དུ་ཉོན་ཡིད་དང་ཚོགས་དྲུག་དང་འགོག་པ་ཐམས་ཅད་ཕན་ཚུན་ལྟོས་པ་རྟེན་འབྲེལ་ཙམ་གྱི་རང་བཞིན་དུ་ཟད་པས་ན་དོན་ལ་གྲུབ་པ་འགའ་ཡང་མེད་དོ། །གཉིས་པ་སོ་སོའི་དབྱེ་བ་ལ། དོན་དུ་སྣང་བ་འདི་དག་ནང་གི་ཤེས་པ་ཉིད་དུ་བདེན་པར་འདོད་པ་རྣམས་བདེན་པ་དང༌། མི་འདོད་པ་རྣམ་རྫུན་པ་གཉིས་སུ་གྲགས་པའང་རྣམ་ཤེས་རང་གསལ་བདེན་གྲུབ་ཏུ་སྨྲ་བའི་ཕྱིར་ཡང་དག་པ་མ་ཡི་པའི་རང་གི་ཀུན་རྟོག་གིས་སྦྱར་བ་ཙམ་དུ་ཟད་དོ། །དེ་ལ་བྲམ་ཟེ་ཤངྐ་རཱ་ནནྡ་ལ་སོགས་པས་གཟུང་ཆར་སྣང་བ་འཛིན་བྱེད་ཤེས་པའི་ངོ་བོ་ཙམ་སྟེ། གསལ་ཞིང་རིག་པའི་ཕྱིར་བདེ་སྡུག་མྱོང་བ་བཞིན་ཞེས་འདོད་ཅིང༌། ལུགས་དེ་ལའང་ནང་སེལ་གསུམ་སྟེ། ཤེས་རྣམ་སོ་སོ་བ། རྣམ་པའི་གྲངས་སྙེད་པ། སྣ་ཚོགས་གཉིས་མེད་པའོ། །དང་པོ། རི་ལ་སོགས་པའི་དོན་སྣང་ཤེས་པ་ཡིན་མོད་ཀྱི། གཟུང་ཆར་སྣང་བ་དང་འཛིན་ཆར་སྣང་བའི་ཤེས་པ་ཐ་དད་དེ་སྒོ་ང་བཙོས་པ་སྐམ་དུས་སེར་པོ་དང་དཀར་པོ་ཐ་དད་དུ་ཡོད་པ་ལྟར་སྔོ་སྣ་དང་སྔོ་འཛིན་གྱི་ཤེས་པ་ཐད་ཀར་ཆ་གཉིས་སུ་བདེན་པར་འཛིན་པས་སྒོ་ང་ཕྱེད་ཚལ་པའང་ཟེར་རོ། །གཉིས་པ། རྣམ་པ་ལ་ཇི་ཙམ་དབྱེ་ནུས་པ་ལྟར་འཛིན་པའི་ཤེས་པ་ལའང་ནུས་པས་ན་སོར་མོ་ལྔ་ཤེས་པའི་རྫས་ལྔར་བདེན་གྱི་གཅིག་ཏུ་མི་བདེན་པས་རྣམ་པ་གཉིས་ཤེས་པ་གཅིག་ལ་སྣང་མི་སྲིད་པར་འདོད་པའོ། །གསུམ་པ། སྔོ་སེར་སོགས་སྣང་བ་སྣ་ཚོགས་པ་ཤེས་པ་གཅིག་ལ་སྣང་ཡང་ཤེས་པ་གཅིག་གི་རང་བཞིན་དུ་བདེན་པའོ་ཞེས་འདོད་དོ། །དེ་ལ་གསལ་ཞིང་རིག་པའི་རྟགས་ཀྱིས་ཕྱི་དོན་ཤེས་པར་བསྒྲུབ་ཚེ། རིག་བྱའི་དངོས་པོ་རང་དང༌། རིག་པར་བྱ་བ་ཡིན་པ་ཙམ་ནི་ཕྱི་དོན་ཡོད་པ་ལའང་འཇུག་པས་ཐེ་ཚོམ་དང་བཅས་ལ། དེ་གསལ་རིག་གི་ཤེས་པ་ཡིན་པ་ནི་བསྒྲུབ་བྱ་ཡིན་པས་མི་འགྲུབ་ཅིང༌། གལ་ཏེ་རིག་བྱ་རིག་བྱེད་དུས་མཉམ་པ་ལ་འབྲེལ་པ་བཀག་ཅིང༌། མི་མཉམ་པ་ལའང་འདྲ་བ་ཁེགས་པས་ཤེས་པའི་གསལ་རིག་དྲུག་ཏུ་གྲུབ་ཅེ་ན། དེས་ཕྱི་དོན་རྫུན་པར་གྲུབ་ཀྱང༌། བདེན་པའི་ཤེས་པ་དང་གཅིག་པར་མི་གྲུབ་སྟེ། གཟུགས་བརྙན་བྱད་ཡིན་པ་ཁེགས་ཀྱང་མེ་ལོང་ཡིན་པར་མི་འགྲུབ་པ་བཞིན། གཞན་ཡང་སྒོ་ང་ཕྱེད་ཚལ་བ་ལྟར་ན་ཕྱི་དོན་རྫུན་ན་དེ་དང་གཅིག་པའི་ཤེས་པའང་རྫུན་པར་ཐལ་ལ། བདེན་ན་སྣང་བ་ལྟར་དོན་དུའང་གྲུབ་པར་ཐལ་ཞིང༌། ནང་འཛིན་ཤེས་དང་ཐ་དད་པའི་ཕྱི་དོན་དུ་སྣང་བའི་ཤེས་པ་ཡོད་ན། རྣམ་ཤེས་ལུས་ལས་ཕྱིར་དོན་པར་ཐལ་བ་དང༌། སེམས་ལ་ཁ་དོག་སོགས་ཡོད་པ་དང༌། རི་སོགས་ཀྱིས་ཚུར་རིག་པར་ཐལ་བ་དང༌། སྣང་བ་སྣ་ཚོགས་ཀྱི་གྲངས་བཞིན་དུས་གཅིག་ལ་ཤེས་པ་ཤིན་ཏུ་མང་པོ་རྒྱུད་གཅིག་ལ་སྲིད་པར་ཐལ་བས་གནོད་དེ། རྣམ་ཤེས་བདེན་པར་གྲུབ་ལ་ཡུལ་སྣང་རེ་རེ་ཤེས་པ་རེ་རེ་ཡིན་པའི་ཕྱིར་རོ། །གཟུང་འཛིན་གྲངས་མཉམ་པ་ལའང༌། ཁྲ་བོ་མཐོང་བ་ལྟ་བུ་སོགས་སྣ་ཚོགས་དུས་གཅིག་མཐོང་བའི་རགས་སྣང་རྒྱུན་ཆད་པར་ཐལ་ཏེ། ཤེས་པ་རེ་རེ་བཞིན་ཐ་དད་པ་ཡིན་ཞིང་དེ་བདེན་གྲུབ་ཡིན་པའི་ཕྱིར། རེ་རེའི་ངོ་བོ་ལ་གཞན་མེད་པས་ན་མི་དུ་མའི་རྒྱུད་ཀྱི་རྟོག་པ་བཞིན། དེས་ན་སྣ་ཚོགས་སུ་སྣང་བའི་ཤེས་པ་གཅིག་མིན་ཀྱང༌། ཐ་དད་དུ་མར་ཡང་བདེན་གྲུབ་མེད་པའི་གནད་ཀྱིས་ཤེས་པ་ལ་དུ་མ་གཅིག་ཆར་སྣང་བ་ཡིན་ནོ། །སྣ་ཚོགས་གཉིས་མེད་པ་ལྟར་ནའང༌། དུ་མར་སྣང་བཞིན་དུ་གཅིག་གི་ཐ་སྙད་བྱེད་ན། ཁ་དོག་ལྔ་ལ་སོགས་པ་དུ་མའི་ཐ་སྙད་རྒྱུན་ཆད་པར་ཐལ་ཏེ། དུ་མར་སྣང་བ་ལས་ཐ་དད་པའི་འཇོག་བྱེད་གཞན་མེད་པས་སོ། །དེས་ན་ཁྲ་བོ་མཐོང་བའི་མིག་ཤེས་ལ་ཤེས་པ་གཅིག་གི་ཐ་སྙད་ཙམ་རུང་ནའང༌། དུ་མ་ལ་བཏགས་པའི་ཕྱིར་གཅིག་པུར་མི་བདེན་པའི་གནད་ཀྱིས་ཡིན་ནོ། །དེས་ན་ཇི་ལྟར་སྣང་བ་བཞིན་ཐ་སྙད་བྱེད་པ་ལས་གཞན་དུ་རྣམ་པར་བཞག་ན་སྐྱོན་གཞན་ཡང༌། སངས་རྒྱས་དང་སེམས་ཅན་རྒྱུད་གཅིག་ཏུ་ཐལ་ཏེ་འགྲོ་བའི་སེམས་རྒྱུད་སངས་རྒྱས་ལ་གསལ་བར་སྣང་བའི་ཕྱིར་དང༌། གཞན་དུ་སྣང་ཡང་གཞན་དུ་བདེན་ན་མེ་འབར་བ་ཡང་ཆུར་བདེན་པ་སོགས་ཐམས་ཅད་ཐམས་ཅད་དུ་ཐལ་བས་ཧ་ཅང་ཐལ་ཆེས་སོ། །དེས་ན་དོན་དུ་དཔྱད་ན་ཡུལ་ཤེས་གཉིས་ཀ་བདེན་པར་མ་གྲུབ་པའི་གནད་ཀྱིས་ཡུལ་དང་ཤེས་པ་རང་དང་གཞན་སྣ་ཚོགས་སུ་སྣང་བར་རུང་ཡང་དོན་ལ་དེ་ལྟར་མ་གྲུབ་པར་ཤེས་པར་བྱ་བ་ནི་གནད་ཀྱི་དོན་ཏོ། །གཉིས་པ་རྣམ་རྫུན་པ་སློབ་དཔོན་ཆོས་མཆོག་ལ་སོགས་པ་ནི། དོན་དུ་སྣང་བ་ཐམས་ཅད་དོན་དམ་ཤེས་པ་གཉིས་གང་ཡང་མིན་ཏེ། མ་རིག་པས་བསླད་པའི་དབང་གིས་མཁའ་ལ་སྐྲ་ཤད་ལྟར་མེད་པ་གསལ་སྣང་ཙམ་སྟེ་ཞེས་པ་ཤེལ་གོང་དག་པ་ལྟ་བུ་རྣམ་པ་མེད་པར་འདོད། འདི་ལའང་དྲི་བཅས་སུ་སྨྲ་བས་ནི། སེམས་ཀྱི་དུས་ན་རྣམ་ཤེས་བརྒྱད་ཆར་དོན་དམ་དུ་ཡོད་ཅིང༌། སངས་ཀྱི་ས་ནའང་སྣོད་བཅུད་གསལ་བར་སྣང་བས་ན་རྣམ་པ་གཤིས་ལ་མེད་ཀྱང་མི་ལྡོག་པར་འདོད། དྲི་མེད་པའམ་དག་པ་པས། སེམས་ཀྱི་དུས་ན་ཚོགས་བདུན་གནས་སྐབས་གློ་བུར་བའི་ཤེས་པ་ཀུན་རྫོབ་ཏུ་འདོད་ལ། ཀུན་གཞི་རྣམ་ཤེས་ལ་འཕེལ་འགྲིབ་དང་འཛིན་སྟངས་མི་མཐུན་པ་མེད་པས། དེའི་རང་བཞིན་མཐར་ཐུག་པ་ལ་གཉུག་མའི་ཤེས་པ་ཞེས་དོན་དམ་དང་སངས་རྒྱས་ཀྱི་ས་ན་བག་ཆགས་ཟད་པའི་ཕྱིར་གཉིད་སད་ན་རྨི་ལམ་གྱི་སྣང་བ་རྒྱུན་ཆད་པ་ལྟར། སེམས་ལས་གཞན་ཅི་ཡང་མི་སྣང་ཞིང༌། སེམས་རྣམ་པ་ཀུན་དང་བྲལ་བ་ཅི་ཡང་མི་རྟོག་པར་མྱོང་བ་རང་རིག་རང་གསལ་ཙམ་དུ་གནས་པ་དེ་ཆོས་སྐུ་ཡིན་ལ། དེའི་བྱིན་རླབས་ལས་དངོས་པོ་ལ་མེད་ཀྱང་གདུལ་བྱའི་ངོར་སྣོད་བཅུད་ཐམས་ཅད་མཁྱེན་པ་དང༌། ཆོས་གསུང་བ་དང་དོན་མཛད་པར་སྣང་བ་གཟུགས་སྐུའོ་ཞེས་ཞེས་འདོད་དོ། །དེ་ལ་དེ་དག་གིས་དོན་སྣང་གང་དུའང་མི་བདེན་པ་འཐད་མོད་ཀྱི། རྣམ་ཤེས་བདེན་གྲུབ་ཏུ་སྨྲ་བ་མི་འཐད་དེ། ཇི་ལྟར་འཁྲུལ་ངོར་ཡུལ་སྣང་བ་བཞིན་ཡུལ་ཅན་ཤེས་པ་ལ་སྣང་ལ། དཔྱད་ན་ཡུལ་མ་གྲུབ་པ་བཞིན་དུ་ཡུལ་ཅན་ཤེས་པའང་མི་འགྲུབ་ཅིང༌། དོན་དམ་པར་རང་རིག་པའང་མི་འགྲུབ་ལ། ཤེས་པ་རང་ཉམས་སུ་མྱོང་བས་གྲུབ་ན། ཡུལ་ཡང་མྱོང་བས་གྲུབ་པོ། །ཀུན་བཏགས་མ་གྲུབ་པ་བཞིན་དུ་གཞན་དབང་སེམས་སེམས་བྱུང་ཀྱང་བཙལ་ན་མི་རྙེད་ལ། གནས་སྐབས་ཀྱི་ཤེས་པ་ཚོགས་བདུན་བརྟགས་ན་མི་རྙེད་པ་བཞིན་དུ་ཀུན་གཞིའང་མེད་དེ། ཚོགས་བདུན་སོགས་སྣ་ཚོགས་སུ་སྣང་བའི་གཞིར་བཞག་པ་ལས་སྣ་ཚོགས་པའི་དངོས་པོ་མེད་ན་དེའི་གཞི་ཡང་མེད་དེ། ཤིང་རེ་རེ་ནས་བསལ་བའི་ནགས་བཞིན་ནོ། །གཉིས་པ་དབུ་མ་རང་རྒྱུད་པ་དག་གི་སྡེ་པས། ཆོས་ཐམས་ཅད་བདེན་པ་གཉིས་སུ་རྣམ་པར་དབྱེ་བའི་སྒོ་ནས། ཆོས་རྣམས་ལ་ཡོད་པ་བདེན་གྲུབ་དང༌། ཐ་སྙད་དུ་མེད་པའི་སྒྲིབ་པ་དག་རབ་ཏུ་འགོག་པར་བྱེད་ཅིང༌། ཁྱད་པར་ཐ་སྙད་ཀྱིས་གཞལ་ནས་སྣང་བའི་རྣམ་གཞག་ཞིབ་མོར་བྱེད་པ་དེ་ལའང༌། གྲུབ་མཐའ་གོང་འོག་གཉིས་བྱུང་བ་དག་ཀྱང༌། ཆོས་ཉིད་རྣལ་མའི་དོན་ལས་གཞན་དུ་གྱུར་པ་སྟེ། སྤྲོས་པའི་དྲ་བར་འཆེལ་བ་ཤས་ཆེ་བའི་ཕྱིར་རོ། །དེ་ཡང་རང་རྒྱུད་འོག་མ་ལ། སྒྱུ་མ་རིགས་གྲུབ་པ་དང༌། སྣང་སྟོང་ཐ་དད་པ་གཉིས་ཀྱི་དང་པོ། སློབ་དཔོན་རྒྱ་མཚོ་སྤྲིན་ལ་སོགས་པ་ནི། ཆོས་ཐམས་ཅད་ངོ་བོ་མ་གྲུབ་པ་སྒྱུ་མའི་རང་བཞིན་དུ་བདེན་པ་གཉིས་ཆར་གནས་ཏེ། ཀུན་རྫོབ་ཀྱི་སྣང་བ་མི་བདེན་པ་སྒྱུ་མ་ལྟ་བུ་དང༌། དོན་དམ་སྟོང་ཡང་རྟེན་འབྲེལ་དུ་སྣང་བ་མ་འགགས་པས། ཚོགས་གཉིས་སྒྱུ་མ་ལྟ་བུ་བསགས་པས། འབྲས་བུ་བྱང་ཆུབ་སྒྱུ་མ་ལྟར་ཐོབ་ནས། སྒྱུ་མའི་རང་བཞིན་ལ་རྟག་ཏུ་མཉམ་པར་བཞག་བཞིན། སྒྱུ་མའི་ཕྲིན་ལས་ཀྱིས་སྒྱུ་མ་ལྟ་བུའི་སེམས་ཅན་གྱི་དོན་བྱེད་དོ། །དེས་ན་རྒྱུ་རྐྱེན་རྟེན་འབྲེལ་གྱི་དབང་ལས་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུ་སྟེ། འཁྲུལ་སྣང་སྒྱུ་མ་དང༌། འཁྲུལ་པ་བྲལ་བའི་ཡེ་ཤེས་སྣང་ཡུལ་དུ་སྤྲོས་པ་ཞི་ཡང་གསལ་བ་མ་འགགས་པའི་སྣང་བ་སྒྱུ་མ་ལྟ་བུ་སྟེ། མདོར་ན་གཞི་ལམ་འབྲས་བུ་ཐམས་ཅད་སྒྱུ་མ་ལྟར་འདོད་པའོ། །དེ་ལ་བརྟགས་ན། སྒྱུ་མ་བཞིན་དུ་དོན་དམ་སྐྱེ་འཇིག་བྱེད་པ་དང༌། སྒྱུ་མ་དཔྱད་བཟོད་དུ་ཐལ་བ་ལ་སོགས་སྤྲོས་པའི་དྲ་བ་ལས་མ་འདས་པས་སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་མིན་ནོ། །གཉིས་པ་སློབ་དཔོན་དཔལ་སྦས་ལ་སོགས་པ་ནི། དོན་དམ་པར་ཅིར་ཡང་མ་གྲུབ་པའི་ཕྱིར་སྒྱུ་མ་ཞེས་དམིགས་སུ་མེད་དེ། ཀུན་རྫོབ་ཐ་སྙད་ཙམ་དུ་བུམ་སོགས་སྟོང་པ་ཉིད་མ་ཡིན་ཏེ། དོན་བྱེད་པར་སྣང་ཞིང་བདེན་པའི་ཕྱིར། དོན་དམ་པར་དཔྱད་ན་ཅི་ཡང་མི་རྙེད་པའི་ཕྱིར་སྟོང་པའོ། །དེས་ན་དོན་དམ་པ་དཔྱད་བཟོད་དང༌། ཀུན་རྫོབ་དཔྱད་མི་བཟོད་གཉིས་ཆོས་ཅན་དང་ཆོས་ཉིད་ཅེས་གཞི་གཅིག་ལ་མིང་དུ་སྟེ། ཀུན་རྫོབ་མི་རྟག་པ་ལྟར་དོན་དམ་མི་རྟག་པར་ཐལ་བ་དང༌། དོན་དམ་སྐྱེ་འགག་མེད་པ་ལྟར་ཀུན་རྫོབ་ཀྱང་སྐྱེ་འགག་མེད་པར་ཐལ་བའི་ཕྱིར་རོ། །དེས་སྣང་བ་ཀུན་རྫོབ་ཆོས་ཅན་དང༌། སྟོང་པ་དོན་དམ་ཆོས་ཉིད་གཉིས་ཕན་ཚུན་ལྟོས་པ་གྲུབ་པ་ཙམ་མོ། །ཀུན་རྫོབ་ཡང་ལོག་གཉིས་སུ་དབྱེ་བ་ནི་རང་རྒྱུད་གོང་མ་བཞིན་ནོ། །དེ་ལ་བརྟགས་ན། སྣང་བ་མིན་པའི་སྟོང་པ་བདེན་པ་གཉིས་ཀར་མི་སྲིད་དེ། སུ་ལའང་སྣང་བ་མེད་ན་དེའི་རྣམ་པ་གཏན་མེད་པའི་ཕྱིར་ཀུན་རྫོབ་ཏུའང་མེད་པར་ཐལ་ཏེ་རི་བོང་གི་ར་བཞིན་ནོ། །སྟོང་པ་ལས་ཐ་དད་པའི་སྣང་བའང་མི་ད་དེ་གང་སྣང་བ་ཐམས་ཅད་དཔྱད་ན་མ་གྲུབ་པའི་ཕྱིར་རོ། །དོན་དམ་བརྟག་བྱའི་སྣང་ཡུལ་དུ་མི་རུང་ན་རྟོགས་བྱའི་དོན་དུའང་མི་རུང་སྟེ། ཤེས་བརྗོད་ཀྱིས་གཞལ་བྱ་ཡིན་ན་རྣམ་པ་སྣང་དགོས་ལ། དེ་མེད་ན་རྟོགས་སུ་མི་རུང་ངོ༌། །སྤྲོས་བྲལ་ནི་དེ་དང་མི་འདྲ་སྟེ་སྣང་སྟོང་ཕྱོགས་རེ་བའི་མཐའ་ལས་འདས་པའི་ཕྱིར་རོ། །འདི་ཡི་སྟོང་པ་ནི་སྣང་བ་དང་བྲལ་བར་དམིགས་དགོས་ན་དེ་མི་རུང་ངོ༌། །སྣང་བ་ལས་ཐ་དད་པའི་སྟོང་པ་བསྒོམ་པ་ལམ་མིན་ཏེ། དེས་སྒྲིབ་པ་མི་སེལ་ཞིང་སྤང་གཉེན་དུ་མི་འཐད་པའི་ཕྱིར། དཔེར་ན་དགྲ་ལ་ཞེ་སྡང་སྐྱེས་ཚེ་ནམ་མཁའ་སྟོང་པར་ཤེས་པས་མི་ཕན་པ་བཞིན་ནོ། །སྟོང་ཉིད་ཅེས་པ་གང་ནས་ཀྱང་མི་རྙེད་དེ། ཕྱོགས་དུས་ཀྱི་ཤེས་པ་གང་གི་ཡུལ་ཡིན་ཀྱང་དེའི་རྣམ་པར་སྣང་བ་དང་བཅས་པའི་ཕྱིར་རོ། །གཉིས་པ་རང་རྒྱུད་གོང་མ་ནི། སློབ་དཔོན་ཡེ་ཤེས་སྙིང་པོ་དང༌། ཞི་འཚོ། ཀ་མ་ལ་ཤཱི་ལ་སོགས་པས་ནི། དོན་དམ་སྒྱུ་མ་དང་སྟོང་པ་ཁོ་ནར་རིགས་པས་དཔྱད་བཟོད་པ་མེད་པས་གནས་ལུག་མཐར་ཐུག་གི་དོན་ལ་སྤྲོས་པ་ཀུན་ལས་འདས་པ་ཡིན་ནའང༌། གནས་སྐབས་སུ་ཀུན་རྫོབ་ཐ་སྙད་ཀྱི་དངོས་པོ་རང་རང་གི་མཚན་ཉིད་འཛིན་ཅིང་མི་བསླུ་བར་གནས་པ་འདི་ལ། རིགས་པས་དཔྱད་ན་བདེན་པར་གྲུབ་པ་ཅུང་ཟད་མེད་པའི་སྟོང་པའམ་དོན་དམ་རྣམ་གྲངས་པ་གཉིས་མགོ་མཉམ་པར་སྒྲུབ་པས་ན་ཁས་ལེན་དང་བཅས་ཤིང༌། རང་ལུགས་སྒྲུབ་པ་དང༌། གཞན་ཕྱོགས་དགག་པ་ཐམས་ཅད་གཏན་ཚིགས་རང་རྒྱུད་པའི་སྒོ་ནས་བྱེད། འདི་མན་ཆད་ཀྱིས་གཞན་སྐྱེའང་འདོད་ཅིང༌། ཀུན་རྫོབ་ལ་སྣང་ལ་དོན་བྱེད་པ་གནམ་ལྟ་བུ་ཡང་དག་ཀུན་རྫོབ་དང༌། སྣང་ཡང་སྣང་བ་ལྟར་དོན་བྱེད་མི་ནུས་པ་ཟླ་བ་གཉིས་སྣང་ལྟ་བུ་ལོག་པའི་ཀུན་རྫོབ་གཉིས་སུ་ཡོད་ལ། དེ་ཡང་འཁྲུལ་པའི་ཀུན་རྫོབ་རྣམས་དག་པའི་ས་མ་ཐོབ་ཀྱི་བར་དུ་མི་ལྡོག་སྟེ། འཕགས་པ་རྣམས་ཀྱི་རྗེས་ཐོབ་ན་སྣང་བ་ལ་དག་པ་འཇིག་རྟེན་པ་ཞེས་ཟེར། དེ་ལྟར་བདེན་གཉིས་འགལ་མེད་དུ་ཤེས་པས་ཚོགས་གཉིས་བསགས་ཏེ་སྐུ་གཉིས་ཐོབ་པར་འདོད་དོ། །དེ་ལ་བརྟགས་ན། ཡང་དག་པའི་དོན་དུ་ཡང་ལོག་གི་ཀུན་རྫོབ་མཉམ་སྟེ། གཉིས་ཀ་རྒྱུ་རྐྱེན་ལས་སྐྱེས་ཤིང་ཡུལ་དུ་སྣང་བ་དཔྱད་ན་མ་གྲུབ་པར་འདྲ་བས་དངོས་པོ་རང་མཚན་གྱིས་གྲུབ་ཅེས་པའང༌། སྤྲོས་པ་ལ་དགའ་བས་ནན་གྱིས་བཏགས་པ་ཙམ་སྟེ་དཔྱད་ན་ཅི་ཡང་མ་གྲུབ་བོ། །གཞན་སྐྱེའང་རང་སྐྱེ་དང་འདྲ་སྟེ་དཔྱད་ན་གཉིས་ཀ་གང་ལྟར་ཀྱང་སྐྱེ་བ་མི་རྙེད་དོ། །དེ་མི་མཚུངས་ཏེ་ཐ་སྙད་ཙམ་དུ་གཞན་སྐྱེ་ཡིན་ནོ་ཞེ་ན། ཐ་སྙད་ཙམ་དུ་སྣང་བའི་དངོས་པོ་ས་མྱུག་ལྟ་བུ་ལ་བདག་གཞན་དང་སྐྱེ་མི་སྐྱེའི་ཚུལ་དཔྱད་ཚེ་གང་དུའང་མི་རྙེད་པ་ཡིན་གྱི། དེ་ལ་གཞན་པའི་དོན་དམ་པའི་གཞན་སྐྱེ་སོགས་བཞག་ཏུ་མེད་པའི་ཕྱིར་རོ། །འོ་ན་ས་བོན་ལས་མྱུ་གུ་སྐྱེ་ཚེ་ཐ་སྙད་དུ་ཅི་ལྟར་སྐྱེ་ཞེ་ན། རྒྱུ་ས་བོན་གྱི་མཐུ་ལས་འབྲས་བུ་མྱུ་གུ་སོགས་བསླུ་མེད་དུ་འཕེན་པར་སྣང་བ་འདི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པར་ཁས་ལེན་གྱི་མཐའ་བཞི་ཁས་བླང་བར་མི་བྱའོ། །མཐའ་བཞིར་ཁས་བླང་བ་མེད་པའི་ཕྱིར། འདི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་དངོས་པོ་སྣང་ཙམ་པ་འདི་ལ་ཐ་སྙད་དུ་ཡང་རང་མཚན་གྱིས་གྲུབ་པ་རྡུལ་ཙམ་མེད་པས་བདག་དང་གཞན་དང་སྐྱེ་མི་སྐྱེ་ལ་སོགས་པའི་སྤྲོས་པའི་དྲ་བ་མཐའ་དག་ལོག་པ་ཡིན་ཞིང༌། དེའི་དབང་གིས་ཁས་ལེན་ཀྱང་མེད་དོ། །གཞན་ཡང་སྣང་ཚོད་པ་འདི་ལ་དཔྱད་ནས་མ་གྲུབ་པའི་དོན་དམ་ཀྱང་མེད་དེ། སྣང་བ་ཉིད་མེད་པར་དེའི་སྟོང་པའང་མི་འགྲུབ་ལ། གཉིས་ཀ་བཏགས་པ་ཙམ་ལས་མ་གྲུབ་པར་མགོ་མཉམ་ཞིང༌། བདེན་པ་གཉིས་སུ་ཕྱེ་བའང་བློ་ངོར་གནས་ཀྱི། དོན་ལ་གཉིས་སུ་གྲུབ་པ་མེད་པས་ན། གྲུབ་མཐའི་སྤྲོས་པས་བཞག་པ་སྣང་བའི་རྣམ་གཞག་ཞིབ་མོར་བྱེད་པ་དག་ཀྱང་སྤྲོས་པ་ཕྲ་མོ་མི་ལྡོག་པའི་རྒྱུར་གྱུར་པས་ན། མཉམ་པ་ཉིད་ཀྱི་དོན་རྟོག་གེས་བསླད་པ་ཡེ་མ་ཞུགས་པའི་ཚུལ་གྱི་དང་པོ་ནས་སྣང་ཀུན་རང་སར་གྲོལ་བ་དབུ་མ་ཆེན་པོ་ཀ་དག་གི་དོན་ལ་འཇུག་པར་བྱའོ། །གསུམ་པ་མཚན་ཉིད་ཐེག་པའི་རྩེ་མོ། །རྒྱལ་བའི་དགོངས་པ་མཐར་ཐུག་པའི་སྙིང་པོའི་དོན་དབུ་མ་ཐལ་འགྱུར་བས། ཡོད་མེད་ཡིན་མིན་གྱི་དམིགས་པ་དང་བཅས་པའི་སྤྲོས་པ་ཐམས་ཅད་འགོག་པར་བྱེད་དེ། གཤིས་ཅིར་ཡང་མ་གྲུབ་པའི་གནས་ལུགས་བློ་ལས་འདས་པ་བདེན་པ་དབྱེར་མེད་ཆེན་པོར་ཡེ་ནས་དག་པའི་ཚུལ་གྱིས་སྒྲུབ་པས་ན། རང་ལུགས་ལ་ཁས་ལེན་པའི་དམ་བཅའ་མེད་པའི་དབང་གིས། ཕ་རོལ་ཁས་ལེན་དང་བཅས་པ་ལ་རང་གི་ཁས་བླང་གི་ཐལ་བ་འཕེན་པ་ལས་དངོས་ཞེན་གྱི་དམ་བཅའ་ཐམས་ཅད་འཇིག་པར་མཛད་པ་སྟེ། འདི་ལྟར་སྣང་སྲིད་ཀྱི་ཆོས་ཀུན་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་སྟེ། དངོས་པོ་རྣམས་བརྟེན་ནས་སྐྱེ་བ་དང༌། དངོས་མེད་རྣམས་བརྟེན་ནས་བཏགས་པའོ། །དེ་ལྟར་རྟེན་འབྲེལ་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་མེད་དེ། རང་བཞིན་ཡོད་ན་བརྟེན་ནས་འབྱུང་བ་མི་འཐད་ལ། བརྟེན་ནས་བྱུང་བའི་ཕྱིར་མཐའ་བཞིའི་སྐྱེ་བ་དང༌། གཅིག་ཐ་དད་ངོ་བོར་གྲུབ་པ་ཅུང་ཟད་ཀྱང་མེད་པས་ན་བདེན་མེད་སྒྱུ་མ་ལྟ་བུ་རྟག་ཆད་ཀྱིས་མཐའ་ཕྲ་བ་དང་བྲལ་བ་ཉིད་ཀྱི་སྒོ་ནས། གནས་སྐབས་ལམ་དང་མཐར་ཐུག་འབྲས་བུའི་ཆོས་རྣམས་མཐར་ཕྱིན་པར་བྱེད་དོ། །དེ་རང་བཞིན་མ་གྲུབ་པའི་དོན་གཏན་ལ་འབེབས་བྱེད་གཏན་ཚིགས་ཆེན་པོ་ལྔ་སྟེ། གཅིག་ཏུ་བྲལ། རྡོ་རྗེ་གཟེགས་མ། ཡོད་མེད་སྐྱེ་བྲལ། དོན་བྱེད་འགོག་པ། རྟེན་འབྲེལ་ཆེན་མོའོ། །དང་པོ། དོན་དུ་སྣང་བ་ཆོས་ཅན། དངོས་དངོས་མེད་གང་དུའང་མ་གྲུབ་པར་ཐལ་ཏེ། གཅིག་དང་དུ་མ་བྲལ་བའི་ཕྱིར། དཔེར་ན་ཆུ་ཟླ་བཞིན་ཞེས་སོ། །གཉིས་པ། ཇི་ལྟར་སྣང་བཞིན་པ་ཆོས་ཅན། ངོ་བོ་མེད་པར་ཐལ། བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་ལས་སྐྱེ་བ་མེད་པའི་ཕྱིར། རྨི་ལམ་བཞིན་ཏེ། བདག་ལས་སྐྱེ་ན་སྐྱེ་བ་དོན་མེད་དང་ཐུག་མེད་དུ་ཐལ་བ་དང༌། གཞན་ལས་སྐྱེ་ན་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བ་དང༌། གཉིས་ཀ་ལས་སྐྱེ་ན་གཉིས་ཀར་བརྗོད་པའི་སྐྱོན་གཅིག་ཆར་འབབས་པ་དང༌། རྒྱུ་མེད་ལས་སྐྱེ་ན་ཐམས་ཅད་མི་སྣང་བའམ། འབྲས་བུའི་ཆེད་དུ་རྩོམ་པ་རྒྱུན་ཆད་ཐལ་བས་ན། ས་བོན་ལས་མྱུ་གུ་སྐྱེ་བ་འདི་ཡང་རྟེན་འབྲེལ་ཙམ་དུ་སྣང་གི དོན་ལ་ས་བོན་དང་མྱུ་གུ་གཉིས་གཅིག་དང་ཐ་དད་གང་དུ་ཡང་མི་རྙེད་པས་ན་དམིགས་པ་དང་བྲལ་བའོ། །གསུམ་པ་ནི། དངོས་སྣང་སྣ་ཚོགས་པ་འདི་ཆོས་ཅན། རང་བཞིན་མེད་དེ། དངོས་པོ་ཡོད་པའམ་མེད་པ་གང་ཡང་སྐྱེ་བ་དང་བྲལ་བའི་ཕྱིར་རོ། །དེ་ཡང་ཡོད་པ་སྐྱེས་ཟིན་པས་སྐྱེ་བར་མི་འཐད། མེད་པ་ཉིད་ཡོད་པ་དང་འགལ་བས་ན་ཡོད་པར་འགྱུར་མི་རུང་ངོ༌། །བཞི་པ་ཤེས་བྱ་ཆོས་ཅན། དངོས་པོར་མ་གྲུབ་པར་ཐལ། དོན་བྱེད་མི་ནུས་པའི་ཕྱིར་ཏེ། སྐད་ཅིག་མས་དོན་མི་བྱེད་དེ། དོན་བྱེད་པར་གཟོ་དུས་འགག་པའི་ཕྱིར་དང༌། རིམ་གྱིས་མི་བྱེད་དེ་རྒྱུན་དང་སྐད་ཅིག་ཁེགས་པའི་ཕྱིར་རོ། །ལྔ་པ་སྣང་ཙམ་ཆོས་ཅན། དངོས་པོར་མ་གྲུབ་པར་ཐལ། རྟེན་འབྲེལ་ཡིན་པའི་ཕྱིར། གཟུགས་བརྙན་བཞིན་ནོ། །དེ་ཡང་དངོས་པོ་རང་བཞིན་གྱིས་གྲུབ་ན་བརྟེན་ནས་མི་འབྱུང་སྟེ་དངོས་པོར་གྲུབ་ཟིན་པའི་ཕྱིར་རོ། །བརྟེན་ནས་འབྱུང་བ་ལ་སྟོང་ཉིད་ཀྱིས་ཁྱབ་སྟེ། སྒྱུ་མའི་རྟ་གླང་སྣང་དུས་ནས་རྟ་གླང་གིས་སྟོང་པ་བཞིན་ཕྲ་རགས་གང་དུའང་མ་གྲུབ་བཞིན་རྒྱུ་རྐྱེན་ཚོགས་པ་ཙམ་གྱིས་དབང་གིས་སྣང་བ་བསླུ་མེད་འདི་ཡང་སྟོང་བཞིན་དུ་སྣང་བ་སྟེ་དཔྱད་ན། གང་དུའང་མ་གྲུབ་ཅིང་ཁས་བླང་གི་གནས་མི་རྙེད་པའོ། །གཞན་ཡང་རྟག་འཇིག་མེད་པ། འགྱུར་མི་འགྱུར། ཆོས་བཞི་འགོག་པའི་གཏན་ཚིགས་གསུམ་སྟེ། དང་པོ། སྣང་ཙམ་ཆོས་ཅན་དངོས་པོར་མེད་དེ། འཇིག་མི་འཇིག་གཉིས་ཀར་མེད་པའི་ཕྱིར་ཏེ། བུམ་པ་འཇིག་པར་ཡོད་ན་ཡོད་དུས་དང་མེད་དུས་གང་རུང་འཇིག་དགོས་ན། ཡོད་དུས་འཇིག་པ་མིན་ཏེ་འཇིག་པའི་འགལ་ཟླ་ཡིན་པའི་ཕྱིར་དང༌། མེད་དུས་འཇིག་རྒྱུ་མེད་དོ། །མི་འཇིག་པའམ་རྟག་པར་མེད་དེ། སྐད་ཅིག་མའི་རང་བཞིན་དུ་གྱུར་པའི་ཕྱིར་རོ། །གཉིས་པ་སྣང་ཙམ་ཆོས་ཅན། དངོས་པོ་མེད་དེ། འགྱུར་མི་འགྱུར་གཉིས་ཀར་མེད་པའི་ཕྱིར་དེ་ཡང་དངོས་པོ་གནས་སྐབས་འགྱུར་ན་རྒན་པོ་ལས་ཀྱང་གཞོན་ནུར་འགྱུར་བར་ཐལ་ཞིང་འགྱུར་བ་ཉིད་ཀྱང་རྟག་མི་རྟག་གང་ལ་ཡོད་ཚུལ་དང༌། ཆ་ཤས་བརྟགས་པས་མ་གྲུབ་བོ། །མི་འགྱུར་ན་གཞོན་ནུ་ལས་རྒན་པོར་འགྱུར་བ་མི་སྲིད་པར་ཐལ་ལོ། །གསུམ་པ་ནི། སྐྱེ་རྒ་གནས་འཇིགས་བཞི་རིམ་གྱིས་འབྱུང་ན་སྐད་ཅིག་ལ་མི་ཚང་ཞིང༌། གཅིག་ཆར་འབྱུང་ན་སྐྱེ་ཤི་དང་རྒ་གཞོན་མཉམ་དུ་འབྱུང་བ་སོགས་འགལ་བ་གཅིག་ཏུ་འདུས་པས་གནོད་དེ་ཉན་ཐོས་ཀྱི་སྐབས་ནས་བཤད་པ་བཞིན་ནོ། །དེ་ལྟར་ཆོས་ཀུན་རང་བཞིན་མེད་པར་ངེས་པའི་བློས་སྤྱོད་ལམ་ཐམས་ཅད་དུ་དམིགས་པའི་མཚན་འཛིན་གྱི་སྤྲོས་པ་མ་ལུས་པ་བཅད་དེ་མཉམ་པ་ཉིད་དུ་གནས་པར་བྱེད་དོ། །དེ་ལྟར་ནའང་ཐ་སྙད་དུ་སྣང་ཚུལ་མི་འགོག་པ། གཞི་དབུ་མ་བདེན་གཉིས། ལམ་དབུ་མ་ཚོགས་གཉིས། འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་ཏུ་འདོད་དེ། དང་པོ་ལ་ཀུན་རྫོབ་བློ་ཡི་ཡུལ་དང༌། དོན་དམ་པ་བློ་བྲལ་སོ་སོ་རང་རིག་གི་ཡུལ་གཉིས་ཀའང་ངོ་བོ་དང་རང་བཞིན་མ་གྲུབ་པ་ཙམ་ཡིན་ལ། ངེས་ཚིག་ཀུན་རྫོབ་སྣང་ལ་རང་བཞིན་མེད་པ་འཁྲུལ་ངོར་མི་བསླུ་བ་དང༌། དོན་དམ་གཉེན་བྱའི་དོན་ཡིན་པ་དང་ལམ་དང་འབྲས་བུའི་ཆོས་སུ་མི་བསླུ་བས་བདེན་པར་བཞག་གོ །མཚན་ཉིད་ནི། ཀུན་རྫོབ་བློ་ཡི་ཡུལ་ལས་མ་འདས་པའི་ཆོས་དཔྱད་མི་བཟོད་པ། དོན་དམ་བློའི་ཡུལ་ལས་འདས་པའི་ཆོས་ཉིད་དམིགས་པ་ཉེ་བར་ཞི་བའོ། །དཔྱད་བཟོད་པ་མི་འཐད་དེ་སྔར་བཀག་ཟིན་ཏེ། །དེ་གཉིས་ཀའང་དོན་ལ་སོ་སོར་གྲུབ་པ་མེད་དེ། ཆོས་དང་ཆོས་ཉིད་དག་མཉམ་སྤྲོས་པ་ལས་འདས་པའི་ངོ་བོ་བློ་དང་མཚན་མས་དབེན་པར་གནས་པའོ། །དབྱེ་ན་ཀུན་རྫོབ་དང་དོན་དམ་བདེན་པ་གཉིས་སུ་བཞག་ལ། དེ་ལའང། འཇིག་རྟེན་པའི་ཐ་སྙད་དང་བསྟུན་ནས་བརྡ་བཏགས་ན། གནོད་མེད་ཀྱི་དབང་པོ་དྲུག་གི་ཡུལ་དུ་སྣང་བ་གཟུགས་སོགས་ཡང་དག་ཀུན་རྫོབ་དང༌། གནོད་པ་ཅན་གྱི་དབང་པོ་ལ་སྣང་བའི་སྐྲ་ཤད་སོགས་ལོག་པའི་ཀུན་རྫོབ་ཅེས་བཞག་གོ །ལམ་དབུ་མ་ནི་ཀུན་རྫོབ་ཏུ་ཕར་ཕྱིན་དྲུག་གི་ཉམས་ལེན་དང༌། དོན་དམ་པ་སྤྲོས་བྲལ་འོད་གསལ་བའི་ཡེ་ཤེས་ཟུང་འཇུག་ཏུ་བསྒོམ་པའོ། །དེ་ཡང་མཉམ་བཞག་གི་ཉམས་ལེན་སྐབས་སུ་བཞག་ཐབས་ནི། སྟན་བདེ་བ་ལ་སྐྱིལ་ཀྲུང་བྱས་ཏེ་སྐྱབས་སེམས་སྔོན་དུ་བཏང་ནས། བློ་ཙེན་གྱིས་ལྷོད་ལ། ལྟ་བས་ཐག་བཅད་པ་ལྟར་གང་ཡང་མི་སེམས་ཅི་ཡང་མི་རྟོག་པའི་ངང་ལས། གསལ་ལེ་སིང་མེ་ངེ་མ་ཡེངས་པར་འཕྲོ་འདུ་དང་བྲལ་བར་བཞག་པས། ཕྱི་ཡུལ་དང་ནང་སེམས་ཀྱི་གཟུང་འཛིན་དང་བྲལ་ཞིང་སྒོམ་པའི་བློ་ལའང་དགག་སྒྲུབ་མེད་པས་ན་དམིགས་ཀུན་ཉེ་བར་ཞི་བས་སེམས་སེམས་བྱུང་གི་འཇུག་པ་ཞི་ནས་སྤྲོས་བྲལ་ནང་དུ་རིག་པ་ནི་སོ་སོ་རང་རིག་པའི་ཡེ་ཤེས་འོད་གསལ་བའི་དོན་བསྒོམ་པ་སྟེ། རྗེས་ཐོབ་ཏུ་སྒྱུ་མ་ལྟ་བུའི་ངང་ནས་སེམས་ཅན་གྱི་དོན་དུ་བསྔོ་བར་བྱ་ཞིང་ཆགས་ཞེན་མེད་པར་བསོད་ནམས་ཀྱི་བྱ་བ་ལ་འཇུག་པར་བྱའོ། །འབྲས་བུ་དབུ་མ་ནི། ས་བཅུའི་རྒྱུན་མཐའ་འཁོར་བའི་རྒྱུ་སེམས་སེམས་བྱུང་གི་བག་ཆགས་དང་བཅས་པ་ཆོས་ཀྱི་དབྱིངས་སུ་ཞི་ཞིང་ནུབ་ནས། ཡེ་ཤེས་དང་དབྱིངས་གཉིས་སུ་མེད་པ་ཆོས་ཀྱི་སྐུ་དང༌། དེ་ལས་གཟུགས་སྐུ་གཉིས་ཀྱི་ཚུལ་ལྷུན་གྱིས་གྲུབ་པས་འཁོར་བ་ཇི་སྲིད་དུ་ཕན་བདེ་མཛད་པའོ། །དེ་ལ་སྐབས་འདིར་ཐལ་འགྱུར་བ་ལ་ཁས་ལེན་གཏན་མེད་པ་དང༌། རྣམ་ཀུན་ཁས་ལེན་དང་བཅས་པ་གཉིས་ཀ་མི་འཐད་པས། མཉམ་ཞག་སྤྲོས་པ་དང་བྲལ་བའི་གཞལ་ལུགས་གནས་ཚུལ་གྱི་དབང་དུ་བྱས་པ་དང༌། རྗེས་ཐོབ་ཤན་འབྱེད་པ་སྣང་ཚུལ་གྱི་དབང་དུ་བྱས་པ་ལས། དང་པོ་ལྟར་ན་ཁས་ལེན་མེད་ལ། གཉིས་པ་ལྟར་ན་ཁས་ལེན་ཡོད་པའི་རྣམ་དབྱེ་རིགས་མཛོད་ལས་གསལ་བར་བསྟན་པ་བཞིན་དུ་ཤེས་པར་བྱའོ། །དེས་ནི་ཐེག་པ་ཆེན་པོ་ལས་རྒྱུ་མཚན་ཉིད་ཀྱི་ཐེག་པ་བཤད་ཟིན་ནས། ད་ནི་འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་ཉིད་བཤད་པ་ལ། ཐོག་མར་རྒྱུ་ཡི་ཆོས་ལས་ཁྱད་པར་དུ་འཕགས་ཚུལ་མང་དུ་མཆིས་ཀྱང་མདོར་བསྡུ་ན། རྒྱུའི་ཐེག་པར་ཁམས་བདེ་གཤེགས་སྙིང་པོ་ས་བོན་དུ་ཡོད་པ་རྐྱེན་ཚོགས་གཉིས་ལས་གོང་དུ་འཕེལ་བ་ལས་དུས་རིང་མོ་ཞིག་ན་འབྲས་བུ་སངས་རྒྱས་སུ་འགྲུབ་པར་འདོད་པས་རྒྱུ་འབྲས་སྔ་ཕྱིར་ཁས་ལེན་ལ། རྡོ་རྗེ་ཐེག་པས་ནི་རང་བཞིན་འོད་གསལ་བའི་སྙིང་པོ་ཡོན་ཏན་ལྷུན་གྲུབ་ཏུ་གནས་པ་ནམ་མཁའ་ལྟ་བུ་ཉིད་སྦྱང་གཞིར་བྱས་ནས། དེའི་སྟེང་ན་སྦྱང་བྱ་འཁོར་བའི་རང་བཞིན་ཚོགས་བརྒྱད་སྣང་ཡུལ་དང་བཅས་པ་སྤྲིན་ལྟ་བུ་དེ། སྦྱོང་བྱེད་དབང་དང་བསྐྱེད་རྫོགས་ཀྱི་ཐབས་ཟབ་མོ་རླུང་དང་འདྲ་བས་མྱུར་དུ་བསལ་ནས སྦྱང་འབྲས་དོན་གྱི་ཀུན་གཞི་མངོན་དུ་གསལ་བའི་སངས་རྒྱས་ཉིད་དུས་ཐུང་འགྲུབ་པ་བྱེད་པ་ཡིན་ལ་དོན་ལ་རྒྱུ་འབྲས་དབྱེར་མེད་པའི་གྲུབ་མཐར་སྨྲའོ། །དེས་ན་འབྲས་བུ་སངས་རྒྱས་བསྒྲུབ་པར་དོན་གཅིག་ནའང༌། སྒྲུབ་ཚུལ་ཁྱད་ཡོད་དེ། མཚན་ཉིད་ལས་འཁོར་བའི་སྣང་བ་ཉིད་རང་བཞིན་གྱིས་དག་པ་རབ་འབྱམས་ལྷའི་འཁོར་ལོ་ཡིན་པ་དང༌། རང་བཞིན་དབྱེར་མེད་མཉམ་པ་ཆེན་པོའི་དོན་ལ་རྨོངས་པའི་ཆ་ཡོད་ལ། དེའི་དབང་གིས་བླང་དོར་དུ་ལྟ་བ་ཡིན་ཞིང༌། སྔགས་སུ་ནི་ཐམས་ཅད་དག་མཉམ་བདེན་པ་དབྱེར་མེད་དུ་ཤེས་པས་རྒྱུ་འབྲས་བླང་དོར་མེད་པར་སྤྱོད་ནུས་ན་ལྟ་བ་རྨོངས་པ་དང༌། མཚན་ཉིད་ཐེག་པར་བླང་དོར་དུ་དམིགས་ནས་ཐམས་ཅད་ལམ་གྱི་གྲོགས་འཁྱེར་མི་ནུས་ལ། སྔགས་སུ་ཐབས་ཀྱི་རྣམ་པ་མང་བས་འབྲས་བུ་སྒྲུབ་པ་ལ་ཆེས་ཟབ་པ་དང༌། དེའི་དབང་གིས་ལམ་སྒྲུབ་པ་ལ་དཀར་ཚེགས་མེད་པ་སྔགས་ལ་ཡོད་པ་ལྟར་མཚན་ཉིད་ལ་མེད་པ་དང༌། དེ་ལྟ་བུའི་ལམ་ཟབ་མོ་དེ་རྟེན་གྱི་གང་ཟག་དབང་པོ་རྣོན་པོ་ཁོ་ནའི་དབང་དུ་བྱས་པས་ན་སྔགས་ནི་ཁྱད་པར་དུ་འཕགས་པ་སྟེ། དེ་ཡང་རྒྱུ་འབྲས་དབྱེར་མེད་དངོས་ནི། རྣལ་འབྱོར་བླ་མེད་ན་གསལ་ཞིང་རྫོགས་པ་ཆེན་པོ་བྱ་རྩོལ་མེད་པར་མཐར་ཕྱིན་པ་ཡིན་མོད་ཀྱི། མདོ་ལ་ལྟོས་ནས་བྱ་རྒྱུད་ལའང་མ་རྨོངས་པ་སོགས་ཀྱི་ཁྱད་ཆོས་ཡོད་ལ། རྒྱུད་སྡེ་དྲུག་ཀྱང་སྔ་མ་སྔ་མ་ལ་ལྟོས་ནས་ཕྱི་མ་ཕྱི་མ་མ་རྨོངས་པ་སོགས་ཀྱིས་ཁྱད་པར་འཕགས་སོ། །དེའི་ཕྱིར་ན་མདོ་ལམ་ལ་རྒྱུའི་ཐེག་པ་ཞེས་བྱ་སྟེ། སངས་རྒྱས་ཀྱི་རྒྱུར་གྱུར་པའི་ལམ་ཉམས་སུ་བླངས་པས་འབྲས་བུ་གདོད་གྲུབ་པ་ལ། སྔགས་སུ་ད་ལྟ་ནས་ཐབས་མཆོག་ཏུ་གྱུར་པའི་སྒོ་ནས་འབྲས་བུ་སྐུ་གསུམ་གྱི་ས་ལམ་དུ་བྱས་པས་དུས་ཐུང་ངུས་འབྲས་བུ་ཉིད་མངོན་དུ་གྱུར་པའི་ཕྱིར་འབྲས་བུའི་ཐེག་པ་ཞེས་བཤད་དོ། །ཁྱད་པར་ཅན་གྱི་གསང་སྔགས་དེ་ལའང་ཡོན་ཏན་གྱི་ཆེ་བ་མཆོག་དང་ལྡན་པའི་རྒྱུད་རྣམ་པ་བཞི་དག་ཏུ་ཡོད་པ་སྟེ། མི་རིགས་བཞི་དང་དབང་པོའི་རིམ་པ། ཉོན་མོངས་ཆེ་ཆུང་སོགས་ལ་ལྟོས་ནས་བྱ་བ་ལ་སོགས་པའི་རྒྱུད་བཞིར་གསུངས་པ་ལས། དང་པོ་བྱ་བའི་རྒྱུད་དུ་ཕྱིའི་ཁྲུས་དང་གཙང་སྦྲ་ལ་སོགས་པ་ལུས་ངག་གི་བྱ་བ་ལ་འབད་པ་ཆེ་ཐང་ཀུན་ཏུ་སྤྱོད་གཙོ་བོར་བྱེད་ཅིང༌། ལྷ་ཡེ་ཤེས་པ་རྗེ་བོ་ལྟ་བུ་དངོས་གྲུབ་སྩོལ་བ་པོ། །བདག་དང་ཚིག་པ་ཁོལ་པོ་ལྟ་བུ་དངོས་གྲུབ་ནོད་པ་པོར་ལྟ་བས་གནས་སྐབས་དང་མཐར་ཐུག་གི་དངོས་གྲུབ་ཐོབ་པར་འདོད་པའོ། །དེ་ཡང་ལྟ་སྒོམ་སྤྱོད་འབྲས་བཞི་ལས། དང་པོ་ཆོས་ཐམས་ཅད་དོན་དམ་པར་སྣང་སྟོང་བདེན་པ་དབྱེར་མེད་ཀྱི་རང་བཞིན་དུ་མཉམ་ན་ཡང༌། ཀུན་རྫོབ་ཏུ་སྐྱོན་ཟད་ཡོན་ཏན་ཀུན་རྫོགས་ཀྱི་བདག་ཉིད་དབྱིངས་འོད་གསལ་བའི་རང་བཞིན་མངོན་དུ་གྱུར་པའི་ཡེ་ཤེས་ཀྱི་སྐུ་ཅན་ལྷག་པའི་ལྷ་དེ་ཉིད་རང་ལ་གནས་སྐབས་དང་མཐར་ཐུག་གི་དངོས་གྲུབ་སྩོལ་བ་པོ་ཡིན་པས་རྗེ་བོ་ལྟ་བུ་དང༌། དེས་བྱིན་གྱིས་བརླབ་པར་བྱ་བ་བདག་ནི་ཁོལ་པོ་ལྟ་བུ་སྟེ་རང་དོན་མ་རྫོགས་ཤིང་སྒྲིབ་པ་དང་བཅས་པས་ལྷ་ལ་ལྟོས་པ་དང་བཅས་པའི་ཕྱིར་རོ། །དེ་ནས་དོན་དམ་པར་མཉམ་པ་ཉིད་དང་ཀུན་རྫོབ་རྟེན་འབྲེལ་བསླུ་བ་མེད་པའི་དབང་གིས་ལྷ་དེ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་མཚན་མར་བཟུང་ནས་ཞུགས་པས་གནས་སྐབས་ཀྱི་ལས་རབ་འབྱམས་དང༌། མཐར་ཐུག་ལྷ་དེའི་ངོ་བོར་འགྲུབ་ངེས་པའི་ཡིད་ཆེས་ཀྱི་ལྟ་བ་དང་ལྡན་པའོ། །གཉིས་པ་སྒོམ་པ་ནི་ཀྲྀ་ཡ་ལྷ་དྲུག་ཏུ་གྲགས་པ་ལྟ་བུ་དེ་མདོར་ན་སྐུའི་ཕྱག་རྒྱ་དང༌། གསུང་ཡིག་འབྲུ་དང༌། ཐུགས་ཕྱག་མཚན་དང༌། གཞལ་ཡས་ཁང་དང་འོད་ཟེར་འཕྲོ་འདུ་ལ་སོགས་པའི་དམིགས་པ་རྩེ་གཅིག་པའི་ངང་ནས། སྙིང་པོའི་སྔགས་སྲོག་འགོག་པ་ལ་སོགས་པའི་ཚུལ་གྱིས་བཟླས་པས་ཐུགས་རྒྱུད་ཡང་ཡང་བསྐུལ་བས། ལྕགས་ལ་གསེར་འགྱུར་གྱིས་རྩིས་བཏབ་པ་བཞིན་དུ་རང་ལ་ལྷའི་བྱིན་རླབས་འཇུག་པར་བྱེད་པའོ། །གསུམ་པ་སྤྱོད་པ་ནི་གསང་སྔགས་བཟླས་པ་དེ་ཡང་ཆོ་གའི་ཡན་ལག་མ་ཉམས་པའི་སྒོ་ནས་འགྲུབ་ཀྱི་གཞན་དུ་ན་ས་བོན་ཆུ་ལུད་སོགས་དང་བྲལ་བ་བཞིན་དུ་འབྲས་བུ་མི་སྐྱེད་པས། ཁྲུས་ལན་གསུམ་བྱ་ཞིང་གོས་ལན་གསུམ་བརྗེ་བ་དང༌། མཆོད་པ་དང་སྦྱིན་སྲེག་ལ་སོགས་པ་ལུས་ངག་གི་བྱ་བ་རྒྱུད་ནས་བཤད་པ་བཞིན་ནན་ཏན་དུ་བརྩོན་པའོ། །བཞི་པ་དེ་ལྟར་བརྩོན་པས་གནས་སྐབས་སུ་འདོད་གཟུགས་ཀྱི་ལྷ་དང་སྐལ་བ་མཉམ་པའི་རིག་འཛིན་གྱི་ལུས་ལ་སོགས་པ་ཐུན་མོང་གི་གྲུབ་པ་ཅི་རིགས་དང༌། མཐར་ཐུག་གི་འབྲས་བུ་རིགས་གསུམ་ལྷ་ཡི་ངོ་བོར་མི་ཚེ་བཅུ་དྲུག་ན་འགྲུབ་པའོ། །གཉིས་པ་སྤྱོད་པའི་རྒྱུད་དུ་ནི་ཕྱིའི་ཁྲུས་སོགས་གཙང་སྦྲ་བྱེད་པ་དག་དང་ནང་གི་ཏིང་ངེ་འཛིན་གཙོ་ཆེ་ཆུང་མེད་པར་བྱས་ཏེ་བདག་དང་ལྷ་སྤུན་གྲོགས་ཀྱི་ཚུལ་དུ་ལྟ་བས་དངོས་གྲུབ་ཐོབ་པར་འདོད་པ་ཡིན་ནོ། །དེ་ལའང་ལྟ་སྒོམ་སྤྱོད་འབྲས་བཞི་ལས། དང་པོ་དོན་དམ་མཉམ་པ་ཉིད་ལ་བྱ་རྒྱུད་པ་ལ་ངེས་པ་ཇེ་བཟང་དུ་སོང་བའི་གནད་ཀྱིས་བདག་དང་ལྷ་ཡང་མཉམ་པ་སྤུན་གྲོགས་ཀྱི་ཚུལ་ཏེ། རྟེན་འབྲེལ་གྱི་སྣང་ཆ་མ་འགགས་པས་ཇི་ལྟར་དམིགས་པ་བཞིན་དུ་གནས་སྐབས་དང་མཐར་ཐུག་གི་དོན་ལྷ་ལ་བརྟེན་ནས་གྲུབ་པས་ན། བདེན་གཉིས་ཟབ་མོའི་ཚུལ་ལ་ཡིད་ཆེས་ཀྱི་ལྟ་བ་དང་ལྡན་པའོ། །གཉིས་པ་བདག་དམ་ཚིག་པའི་མདུན་དུ་ལྷ་ཡེ་ཤེས་པ་གསལ་ནས་སྔགས་ཀྱི་ཕྲེང་བ་ཕན་ཚུན་འཁོར་བ་སོགས་དམིགས་པའི་འཕྲོ་འདུ་དང་བཅས་པའི་བཟླས་པ་བྱས་ནས་མཐར་ཡེ་ཤེས་པ་གཤེགས་ཏེ་དོན་དམ་སྤྲོས་པ་དང་བྲལ་བ་སྒོམ་པའོ། །གསུམ་པ་ནི་ཁྲུས་དང་གཙང་སྦྲ་ལ་སོགས་པའི་ཀུན་སྤྱོད་ཀྱང་ཅི་ལྟར་རིགས་པར་བརྩོན་པར་བྱེད་པའོ། །བཞི་པ་གནས་སྐབས་སུ་ལས་རབ་འབྱམས་དང༌། མཐར་འབྲས་རིག་བཞི་རྡོ་རྗེ་འཛིན་པའི་ས་མི་ཚེ་བདུན་ན་འགྲུབ་པའོ། །དེ་ཡང་འདིའི་ནང་ཏིང་ངེ་འཛིན་རྣལ་འབྱོར་རྒྱུད་དང༌། ཕྱིའི་བྱ་བ་ཀྲཱྀ་ཡ་ལྟར་སྤྱོད་པས་གཉིས་ཀའི་རྒྱུད་ཀྱི་ཐེག་པ་ཞེས་ཀྱང་བཤད་དེ། དོན་ལ་ལྟ་བ་སོགས་སྔ་མ་ལས་ཟབ་པའི་ཕྱིར་འབྲས་བུ་གྲུབ་པ་ལ་མྱུར་བ་ཡིན་ནོ། །བཞི་པ་རྣལ་འབྱོར་རྒྱུད་ལ་རྣལ་འབྱོར་ཕྱི་བ་དང༌། ནང་བླ་མེད་ཀྱི་ཐེག་པ་གཉིས་ལས། དང་པོ་རྣལ་འབྱོར་ཕྱི་བའི་རྒྱུད་དུ་གཙང་སྦྲ་ལ་སོགས་པའང་ལམ་སྒྲུབ་པའི་གྲོགས་ཙམ་དུ་བྱེད་ཀྱང༌། ནང་གི་སེམས་ཀྱི་སྒོམ་པ་ནི་གཙོ་བོར་འདོད་པ་སྟེ། ཕྱག་རྒྱ་བཞི་དང་མངོན་བྱང་རྣམ་པ་ལྔའི་སྔོ་ནས་འཇུག་ཅིང༌། རང་དམ་ཚིག་པར་གསལ་བཏབ་ལ། གཞན་དག་པའི་ཞིང་ནས་ཡེ་ཤེས་ཀྱི་ལྷ་སྤྱན་དྲངས་ཏེ་བསྟིམས་ནས་གཉིས་མེད་དུ་བསྒོམས་པས་དངོས་གྲུབ་ཐོབ་པར་འདོད་པའོ། །དེ་ཡང་ལྟ་སྒོམ་སྤྱོད་འབྲས་བཞི་ལས། དང་པོ་མཉམ་ཉིད་ཀྱི་ལྟ་བ་གོང་མ་གཉིས་ལས་ཁྱད་པར་འཕགས་པའི་དབང་གིས་བདག་དང་ལྷ་དོན་ལ་མཉམ་པར་མཐོང་བའི་ངེས་ཤེས་ཀྱིས་ཀུན་རྫོབ་ཏུ་ཡང་ཆུ་ལ་ཆུ་བཞིན་མཉམ་པར་བྱས་སྟེ་བསྒོམས་ན། ཆོས་ཐམས་ཅད་རང་སེམས་ཀྱི་སྣང་བ་ཙམ་ཡིན་པས་ཏིང་ངེ་འཛིན་གྱིས་དབང་བསྒྱུར་ན་ཅི་ལྟར་དམིགས་པའི་ལྷར་མངོན་དུ་གྲུབ་པའི་ཕྱིར། ལྷའི་སྐུ་གསུང་ཐུགས་དང་ཕྲིན་ལས་ཀྱི་བདག་ཉིད་ཕྱག་རྒྱ་བཞི་ཡི་ངོ་བོར་འབད་པས་བསྒྲུབས་པས་དེ་ཡི་ངོ་བོར་འགྲུབ་པའི་ངེས་པ་ཁྱད་པར་ཅན་གྱི་ལྟ་བ་དང་ལྡན་པོ། །གཉིས་པ་ནི། སྐྱབས་སེམས་སོགས་སྔོན་དུ་སོང་ནས་སྟོང་པའི་ངང་ལས། ཞིང་དང་གནས་ཕུན་སུམ་ཚོགས་པ་གྲུབ་པའི་རྒྱུ་གདན་པད་ཟླ་ལས་མངོན་པར་བྱང་ཆུབ་པ་དང༌། ཆོས་ཕུན་ཚོགས་འབྱུང་བའི་རྒྱུ་གསུང་ཡིག་འབྲུ་ལ་མངོན་པར་བྱང་ཆུབ་པ། དུས་ཕུན་ཚོགས་རྟག་པ་བསམ་མི་ཁྱབ་པར་གནས་པའི་རྒྱུ་ཐུགས་ཕྱག་མཚན་ལས་མངོན་པར་བྱང་ཆུབ་པ། འཁོར་དང་སྟོན་པ་ཕུན་སུམ་ཚོགས་པའི་རྒྱུ་སྐུ་ཡོངས་རྫོགས་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་ལས་མངོན་པར་བྱང་ཆུབ་པ། སྐུ་ཡི་ངོ་བོའམ་ཡེ་ཤེས་ཕུན་སུམ་ཚོགས་པའི་རྒྱུ་ལྷ་ཡེ་ཤེས་སེམས་དཔའ་ལས་མངོན་པར་བྱང་ཆུབ་པ་སྟེ་བྱང་ལྔའི་ཚུལ་གྱིས་བསྐྱེད་ཅིང་སྐུ་ཡི་རྣམ་པ་ཕྱག་རྒྱ་ཆེན་པོ། གསུང་གི་རྣམ་པ་ཆོས་ཀྱི་ཕྱག་རྒྱ། ཐུགས་ཀྱི་རྣམ་པ་དམ་ཚིག་གི་ཕྱག་རྒྱ། འོད་ཟེར་འཕྲོ་འདུ་ལ་སོགས་པས་ལས་སྒྲུབ་པ་ལས་ཀྱི་ཕྱག་རྒྱ་རང་གི་སྒོ་གསུམ་བྱེད་ལས་དང་བཅས་པས་ལྷའི་སྐུ་གསུང་ཐུགས་ཕྲིན་ལས་ཀྱི་ངོ་བོར་རྒྱས་བཏབ་སྟེ་སྒོམ་པའོ། །དེ་ལྟ་བུའི་ཆོ་ག་ལའང་གཞི་དཀྱིལ་འཁོར་རྒྱལ་མཆོག་དང༌། དེ་ལ་བརྟེན་ནས་ལས་རྒྱལ་མཆོག་བསྒྲུབ་པའི་རིམ་པས་འདོད་པའི་དངོས་གྲུབ་མ་གྲུབ་ཀྱི་བར་དུ་ཏིང་ངེ་འཛིན་ལ་རྣལ་འབྱོར་དུ་བྱེད་པའོ། །གསུམ་པ་སྤྱོད་པ་ནི་གཙང་སྦྲ་ལ་སོགས་པ་ཡང་དུས་སྐབས་དང་འཚམས་པར་ཅི་རིགས་པར་དང་དུ་ལེན་ན་ཡང་གཙོ་བོར་ནང་གི་རྣལ་འབྱོར་གྱི་ཉམས་དང་བསྟུན་ཏེ་གོང་མ་ལས་བག་ཡངས་སུ་སྤྱོད་པའོ། །བཞི་པ་ནི་གནས་སྐབས་སུ་ཉམས་རྟོགས་ཀྱི་ཡོན་ཏན་གོང་ནས་གོང་དུ་འཕེལ་ཞིང་མི་ཚེ་གསུམ་ན་མཐར་ཐུག་གི་འབྲས་བུ། ཕུང་པོ་ལྔ་དང་དབང་པོ་ལྔ་དང་ཉོན་མོངས་ལྔ་རྣམ་པར་དག་ནས་ཡེ་ཤེས་ལྔའི་བདག་ཉིད་རིགས་ལྔའི་སངས་རྒྱས་སུ་འགྲུབ་པའོ། །དེ་ལྟར་སྔགས་ཕྱི་རྒྱུད་གསུམ་པོ་དེ་དག་ཀུན་ཀྱང་བདེན་གཉིས་རེས་འཇོག་ཏུ་འཛིན་པར་བྱེད་དེ། ཆོས་ཅན་སྣང་བ་ཀུན་རྫོབ་ཀྱི་རང་བཞིན་ལྷར་བསྒོམས་ནས། དེའི་རྗེས་སུ་ལྷར་སྣང་བསྡུས་ནས་མི་དམིགས་པ་དོན་དམ་སྤྲོས་བྲལ་པ་ཤས་ཆེ་བའོ། །གཉིས་པ་སྔགས་བླ་ན་མེད་པའི་ཚུལ་བཤད་པ་ལ། ཐོག་མར་ཁྱད་པར་གྱི་དབྱེ་བ་ནི། གཞི་དང་ལམ་དང་འབྲས་བུའི་ཁྱད་པར་གསུམ་གྱིས། ཕྱི་པ་དང་ནང་པའི་གསང་སྔགས་ཀྱི་ཁྱད་པར་ཤེས་པར་བྱ་སྟེ། དེ་ཡང་དང་པོ་གཞི་སྨིན་བྱེད་ཀྱི་དབང་གི་དུས་སུ་བུམ་དབང་གཙོ་ཆེ་བ་ཕྱི་པ། དབང་གོང་མ་གསུམ་གཙོ་ཆེ་བ་ནང་པའོ། །གཉིས་པ་དག་མཉམ་བླང་དོར་མེད་པ་ལྟ་བའི་དབང་གིས་བསྐྱེད་རྫོགས་ཟུང་འཇུག་རེ་འཇོག་མེད་པར་སྒོམ་པ་ནང༌། དེ་མི་ནུས་པ་ཕྱི་པ་ཡིན་ཅིང༌། དེའི་དབང་གིས་སྤྱོད་པ་བླང་དོར་ཅན་གནས་དང་ཟས་དང་གོས་ལ་སོགས་མ་གཙང་བར་སྤྱོད་པ་ཕྱི་པ་དང༌། མཉམ་པར་སྤྱོད་པ་ནང་པའོ། །འབྲས་བུ་གྲོལ་བ་དུས་ཀྱི་ཁྱད་པར་ནི་ཚེ་འདི་ལ་སངས་རྒྱས་ནང་པ། སྐྱེ་བ་གཞན་དུ་སངས་རྒྱ་བ་ཕྱི་པའོ། །ཁྱད་པར་ཅན་གྱི་སྔགས་ནང་པ་རྣལ་འབྱོར་ཆེན་པོ་དེ་དག་སྤྱི་འདོད་པ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཀུན་དབྱེར་མེད་མཉམ་ཉིད་ཆེན་པོའི་ངང་དུ་གནས་པ་སྟེ། དེ་ཡང་མཐའ་བཞིའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་དབུ་མ་ཆེན་པོར་རོ་མཉམ་དུ་དག་པ་ནི་ཟབ་པ་དང༌། དེ་ལས་ཁྱབ་པར་སྣང་ཆ་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པ་ཀུན་སངས་རྒྱས་རིགས་ལྔ་ལ་སོགས་པ་དག་པའི་དཀྱིལ་འཁོར་ཆེན་པོ་གཅིག་ཏུ་ཤེས་པས་ཚུལ་དེ་ལྟར་རྣམ་པར་སྒོམ་པ་ནི་རྒྱ་ཆེ་བ་སྟེ། དེའི་དབང་གིས་འདི་ལྟར་སྣང་བ་གང་ཡང་མ་སྤང་རང་སར་གྲོལ་བའི་ཐབས་མཆོག་གི་རྒྱལ་པོས་ལམ་གྱི་གྲོགས་སུ་བསྒྱུར་ནས། སྤྱོད་ལམ་ཐམས་ཅད་དུ་རྒྱ་ཆེ་བ་བསྐྱེད་པའི་རིམ་པ་དང༌། ཟབ་མོ་རྫོགས་པའི་རིམ་པ་གཉིས་ཡེ་ནས་འདུ་འབྲལ་མེད་པར་ཟུང་དུ་འཇུག་པའི་དོན་བདེན་པ་དབྱེར་མེད་རང་བྱུང་གི་ཡེ་ཤེས་ཆེན་པོ་ཉིད་དུ་བསྒོམས་པས་ཚེ་འདིར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བཞེད་པ་ཡིན་ནོ། །དེ་ལ་བྱེ་བྲག་ཏུ་དབྱེ་ན་ཉོན་མོངས་དུག་གསུམ་གྱི་གཉེན་པོ་དང༌། དབང་པོའི་རིམ་པ་སོགས་ལ་ལྟོས་ནས་ཕ་རྒྱུད་དང་མ་རྒྱུད་དང་གཉིས་མེད་ཀྱི་རྒྱུད་གསུམ་དུ་ཡོད་པ་ལས། བསྐྱེད་པའི་རིམ་པ་དང་དེའི་ཡན་ལག་ཕྲིན་ལས་སྣ་ཚོགས་སྒྲུབ་པའི་ཚུལ་དང༌། ཐབས་སྣང་བའི་ཡེ་ཤེས་སྒྱུ་ལུས་དང༌། རླུང་གི་རྫོགས་རིམ་དང་མངོན་སྤྱོད་ཀྱི་ལས་གཙོ་བོར་འདོད་པ་ནི་རྣལ་འབྱོར་བླ་མེད་ཕ་ཡི་རྒྱུད་ཅེས་བྱ་སྟེ། གདུལ་བྱ་ཞེ་སྡང་ཅན་དང༌། ཕྱི་སྤྲོས་པ་ལ་འཆེལ་བའི་གང་ཟག་གདུལ་བའི་ཐབས་སུ་བསྟན་པའོ། །ཡང་རྒྱུད་གང་དུ་བསྐྱེད་རྫོགས་ལས་རྫོགས་རིམ་དང༌། ཐབས་ཤེས་གཉིས་ལས། ཤེས་རབ་སྟོང་པ་ཉིད་དང་དེའི་ལམ་འོད་གསལ་གྱི་རྣལ་འབྱོར་དང༌། ཐབས་ལམ་ཐིག་ལེ་འཇུ་འདུལ་ལ་བརྟེན་པའི་བདེ་བ་དང༌། ཕྲིན་ལས་ཀྱི་ནང་ནས་དབང་གི་ལས་སོགས་གཙོ་བོར་འདོད་པ་ནི་རྣལ་འབྱོར་མ་ཡི་རྒྱུད་ཅེས་བྱ་སྟེ། གདུལ་བྱ་འདོད་ཆགས་ཅན་དང༌། ནང་ལུས་ལ་གནད་དུ་བསྣུན་ནུས་པ་དང་དབང་པོ་འབྲིང་གི་གདུལ་བྱ་འདུལ་བའི་ཐབས་སུ་བསྟན་པའོ། །ཐབས་ཤེས་དང་བསྐྱེད་རྫོགས་ཀྱི་ཕྱོགས་དེ་གཉིས་ཀ་གཙོ་ཆེ་ཆུང་མེད་པར། དག་མཉམ་ཡེ་ཤེས་ཆེན་པོ་ཐིག་ལེ་ཉག་གཅིག་རང་རིག་པ་བྱང་ཆུབ་ཀྱི་སེམས་ཆོས་ཀུན་གྱི་གནས་ལུགས་མཐར་ཐུག་པ་གཙོ་བོར་འདོད་པ་ནི། གསང་སྔགས་གཉིས་སུ་མེད་པའི་རྒྱུད་སྡེ་བླ་ན་མེད་པ་ཞེས་བྱ་སྟེ་གཏི་མུག་ཅན་དང༌། དབང་རབ་བྱ་རྩོལ་མེད་པར་འཇུག་པའི་གདུལ་བྱ་འདུལ་བའི་ཐབས་སུའང་བསྟན་པའོ། །ཚུལ་དེ་དག་ལ་གསང་སྔགས་གསར་མའི་བཞེད་པ་འགའ་ཞིག་ལྟར་ན་སྔགས་བླ་མེད་ཐམས་ཅད་ཟུང་འཇུག་གི་དོན་ལ་འབེབས་པར་འདྲ་ཡང་ཐབས་ཤེས་ཀྱི་ཕྱོགས་གཙོ་ཆེ་བར་སྟོན་ཚུལ་གྱིས་ཕ་རྒྱུད་དང་མ་རྒྱུད་གཉིས་སུ་བཞེད་ལ། དཀྱིལ་འཁོར་གང་དུ་ལྷ་ཕོ་མོ་ཤས་ཆེ་ཆུང༌། གཙོ་བོ་དང་གཙོ་མོ་གོ་འཕོ་ལུགས། རྒྱན་དང་ཆ་ལུགས། གཡས་གཡོན་གྱི་བསྐོར་ཕྱོགས། ཉིན་མཚན་གྱི་དུས་གང་ལ་ཕྲིན་ལས་རྩོམ་པ། དག་པ་སྦྱར་ལུགས་སོགས་ཀྱང་གཙོ་ཆེ་ཆུང་འབྱུང་བ་ཡང་ཕ་མའི་རྒྱུད་ཀྱི་བབས་དེ་ལྟར་འབྱུང་བར་བསྟན་ཏོ། །ཡང་གསར་མ་ལྟར་ན་ཡང་གསང་སྔགས་ནང་གི་རྒྱུད་ལ་གསུམ་དུ་ཕྱེ་སྟེ། ཕ་རྒྱུད་གསང་བ་འདུས་པ་ལ་སོགས་མ་དང༌། མ་རྒྱུད་འཁོར་ལོ་བདེ་མཆོག་ལ་སོགས་དང༌། གཉིས་མེད་དུས་ཀྱི་འཁོར་ལོ་ལྟ་བུ་སྟེ། རྒྱུད་གཞན་ན་སྦས་པ་དབང་བཞི་པའི་ཡེ་ཤེས་ཉིད་དུས་འཁོར་ན་གསལ་པོར་བསྟན་ཅིང༌། དེ་ཡང་ཐབས་ཡེ་ཤེས་རབ་གཉིས་ཀའི་ཕྱོགས་སུ་མ་ལྷུང་བས་རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང་ཞེས། གཉིས་མེད་མཉམ་པ་ཉིད་རྩལ་དུ་བཏོན་ནས་བཤད་པས་སངས་རྒྱས་རིན་ཆེན་ཟ་མ་ཏོག་ཁ་འབྱེད་པ་ཞེས་རྒྱུད་སྡེ་ཀུན་གྱི་རྩེ་མོར་ལུང་ལས་བསྔགས་པ་བཞིན་ནོ། །སྔགས་རྙིང་མ་ལྟར་ན་ཕ་རྒྱུད་མ་ཧཱ་ཡོ་ག་དང༌། མ་རྒྱུད་ཨ་ན་ཡོ་ག གཉིས་མེད་ཨ་ཏི་ཡོ་ག་སྟེ་ནང་རྒྱུད་སྡེ་གསུམ་དུ་གྲགས་པའི། བསྐྱེད་པ་མ་ཧཱ་ཡོ་ག་ནི་ཆོས་རྣམས་ཀྱི་གཞི་ལྟ་བུའོ། །ལུང་ཨ་ནུ་ཡོ་ག་ནི་ཆོས་རྣམས་ཀྱི་ལམ་ལྟ་བུའོ། །རྫོགས་པ་ཨ་ཏི་ཡོ་ག་ནི་ཆོས་རྣམས་ཀྱི་འབྲས་བུ་ལྟ་བུའོ་ཞེས་བཤད་པ་ལྟར་སྔགས་ཀུན་གྱི་གཞི་མ་ལྟ་བུ་མ་ཧཱ་ཡོ་ག་ནི་ཕྱི་མ་གཉིས་ལ་ལྟོས་ནས་རྒྱུད་ལྟ་བུ་ཡིན་ལ། དེའི་ཐབས་ལམ་ཟབ་མོ་ནང་ལུས་ཀྱི་རྩ་ཁམས་གནད་དུ་བསྣུན་པ་ཆེས་གསལ་པོར་བསྟན་པས་ཨ་ནུ་ཡོ་ག་ནི་གསང་སྔགས་ཀྱི་ལམ་ལྟ་བུ་དང༌། རྒྱུད་ལ་ལྟོས་ནས་དེའི་དགོངས་གནད་གསལ་བའི་ལུང་ལྟ་བུ་ཡིན་ལ། ལམ་ཐམས་ཅད་ཀྱི་གྲུབ་དོན་མཐར་ཐུག་པ་འབྲས་བུ་དང་རང་བྱུང་གི་ཡེ་ཤེས་ནི་རྫོགས་པ་ཆེན་པོར་རྗེན་ཅེར་དུ་བསྟན་པས་ན་གསང་སྔགས་ཀྱི་ལམ་མཐར་ཕྱིན་པའི་འབྲས་བུ་ལྟ་བུ་དང་སྔ་མ་གཉིས་ལ་ལྟོས་ནས་མན་ངག་གི་རྒྱུད་དུའང་རྣམ་པར་བཞག་པ་ཡིན་ནོ། །དེས་ན་སྔགས་ནང་པའི་རྒྱུད་སྡེ་ཆེན་པོ་དེ་གསུམ་ལས་མ་ཧཱ་ཡོ་ག་ལ་གཞི་གཏན་ལ་འབེབས་ཚུལ། ལམ་ཉམས་སུ་ལེན་ཚུལ། འབྲས་བུ་མཐར་ཕྱིན་ཚུལ་གསུམ་ལས། དང་པོ་ཆོས་ཅན་ཀུན་རྫོབ་ཀྱི་ཆ་འདི་ལྟར་སྣང་བ་ཐམས་ཅད་གདོད་མ་རང་བཞིན་གྱིས་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་གསུམ་དུ་གནས་ཤིང་སྟོང་བཞིན་པ་ནི་ལྷག་པའི་ཀུན་རྫོབ་བདེན་པ་དང༌། དེའི་རང་བཞིན་ཅིར་ཡང་མ་གྲུབ་པའི་སྟོང་པ་ཉིད་སྐུ་དང་ཡེ་ཤེས་དང་འདུ་འབྲལ་མེད་པ་ནི་ལྷག་པའི་དོན་དམ་བདེན་པ་སྟེ། དེ་ལྟ་བུའི་ལྷག་པའི་བདེན་གཉིས་དབྱེར་མེད་ཆོས་སྐུ་ཆེན་པོར་གནས་པ་ཉིད་རྟོགས་པ་བཞི་ལ་སོགས་པའི་གཏན་ཚིགས་དང་ལུང་དང་རིགས་པས་ཡུལ་མེད་རང་གསལ་བློའི་སྤྱོད་ཡུལ་དང་བྲལ་བའི་ཚུལ་གྱིས་གཏན་ལ་འབེབས་པའོ། །དེ་ལྟར་གཏན་ལ་ཕབ་ནས་གཉིས་པས་ལམ་ཉམས་སུ་ལེན་པ་ན། སྟོང་པ་ཆེན་པོ། །སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས། ཚོམ་བུ་ཚོགས་སྒྲུབ་ཀྱི་རིམ་པ་ལ་བརྟེན་ནས་རྣམ་སྨིན་དང༌། ཚེ་དབང་དང༌། ཕྱག་ཆེན་དང༌། ལྷུན་གྲུབ་རིག་འཛིན་གྱི་གོ་འཕང་ལ་རིམ་པར་འཇུག་གོ །གསུམ་པ་འབྲས་བུ་ནི་མ་དག་འཁྲུལ་པའི་དྲི་མ་མཐའ་དག་ལམ་ཟབ་མོའི་སྟོབས་ཀྱིས་སྦྱངས་ནས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་འབྲས་ཆོས་ཉེར་ལྔའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་འགྲུབ་པའོ། །གཉིས་པ་ཨ་ནུ་ཡོ་ག་ལའང་གཞི་ལམ་འབྲས་གསུམ་ལས་དང་པོ་ཇི་ལྟར་སྣང་བའི་དངོས་པོ་ཐམས་ཅད་ཀུན་ཏུ་བཟང་པོ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དང༌། དེའི་རང་བཞིན་མཐའ་ཀུན་དང་བྲལ་བའི་སྟོང་པ་ཉིད་ཀུན་ཏུ་བཟང་མོ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་ཏེ། དེ་གཉིས་ཀྱང་ངོ་བོ་འདུ་འབྲལ་མེད་པར་མཉམ་པ་ཉིད་དུ་གནས་པ་སྲས་བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཆོས་ཐམས་ཅད་གཏན་ལ་འབེབས་པའོ། །གཉིས་པ་དེ་ལྟ་བུའི་དཀྱིལ་འཁོར་དེ་དག་གདོད་མ་ནས་རང་སེམས་དང་དབྱེར་མེད་ཅིང་དེའི་ངང་དུ་ཆོས་ཀུན་འུབ་ཆུབ་པ་ཡིན་ན་ཡང༌། སྣང་བ་གསུམ་གྱི་འཕོ་བའི་བག་ཆགས་རྐྱེན་དུ་གྱུར་པའི་གཟུང་འཛིན་ཀུན་རྟོག་གི་གཡོ་བས་བཟང་ངན་བླང་དོར་སྣ་ཚོགས་སུ་སྣང་ཞིང་ཞེན་པའི་སྒྲིབ་པ་བསལ་བའི་སླད་དུ། རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་ནས་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་བྱེད་པའི་ཐབས་ལ་སྦྱངས་པས། ཚོགས་ལམ་དུ་འདུན་པ་སེམས་པ། སྦྱོར་ལམ་རིགས་ཆེན་འབྱེད་པ། མཐོང་ལམ་དབུགས་ཆེན་འབྱིན་པ། སྒོམ་ལམ་ལུང་ཆེན་ཐོབ་པ། མི་སློབ་ལམ་རྩལ་ཆེན་རྫོགས་པའི་བར་དུ་རིམ་བཞིན་བགྲོད་པའོ། །གསུམ་པ་རྫོགས་པ་སྤྱིར་ཆིབ་ཀྱི་ས་ལ་བདེ་ཆེན་རྡོ་རྗེ་ལྟ་བུའི་སྐུ་སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་སུ་འགྲུབ་པའོ། །གསུམ་པ་ཨ་ཏི་ཡོ་ག་ལ་གཞི་ལམ་འབྲས་གསུམ་ལས། དང་པོ་ཆོས་ཐམས་ཅད་མཉམ་ཉིད་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་གི་ངོ་བོར་གདོད་ནས་གནས་པ་ཉིད་གཏན་ལ་འབེབས་པ་སྟེ། དེ་ཡང་ཆོས་ཐམས་ཅད་རང་སེམས་ལ་སྣང་བ་ཙམ་དུ་ཟད་ཀྱི། སྣང་བའི་རང་བཞིན་གང་དུའང་མ་གྲུབ་པའི་རྫུན་པར་གནས་ལ། སེམས་ཉིད་ནི་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་སྐུ་སྟེ་གསུམ་གྱི་བདག་ཉིད་དུ་ཡེ་ནས་བཞུགས་ཤིང༌། ཀ་དག་ལྷུན་གྲུབ་དབྱེར་མེད་ཀྱི་གནས་ལུགས་དེའི་ངང་དུ་འཁོར་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་བླང་དོར་མེད་པར་མཉམ་པའི་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཆེན་པོ་གཏན་ལ་འབེབས་པའོ། །གཉིས་པ་དེ་ལྟར་རྟོགས་ནས་རྩོལ་མེད་པའི་ཚུལ་གྱིས་རང་གནས་སྙིང་པོའི་ཡེ་ཤེས་ལ་དགག་སྒྲུབ་དང་བསལ་བཞག་བྲལ་བར་བཞག་པས་ཆོས་ཉིད་ཀྱི་དོན་ཇི་ལྟ་བ་བཞིན་རིམ་པས་མངོན་དུ་འགྱུར་བའོ། །དེ་ལའང་རྩོལ་མེད་རང་བྱུང་གི་ཡེ་ཤེས་ལམ་དུ་བྱེད་པ་འདྲ་ཡང༌། རྣམ་མེད་ཀ་དག་གི་ཉམས་ལེན་ཅོག་བཞག་བཞི་ལ་སོགས་པ་དང༌། རྣམ་བཅས་ལྷུན་གྲུབ་ཀྱི་ཉམས་ལེན་ཐོད་རྒལ་གྱི་གཟིགས་སྟངས་གསུམ་ལ་སོགས་པས་འཁྲུལ་པ་གཞི་ལ་བཟློག་ནས་སྣང་བཞི་མཐར་ཕྱིན་པར་བྱེད་པའོ། །གསུམ་པ་འབྲས་བུ་ཡེ་ཤེས་བླ་མའི་ས་ལ་ཁྱབ་བདག་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་དང་གཉིས་སུ་མེད་པ་རང་རིག་པ་བྱང་ཆུབ་སེམས་ཀྱི་ངོ་བོ་གློ་བུར་གྱི་སྒྲིབ་པ་ཀུན་དང་བྲལ་ནས་སྤང་རྟོགས་མཐའ་ཕྱིན་ཏེ་བྲི་གང་བྲལ་བཞུགས་པའོ། །རྫོགས་པ་ཆེན་པོ་དེ་ལའང་རང་རིག་བྱང་ཆུབ་སེམས་ཀྱི་ངོ་བོ་གཏན་ལ་འབེབས་པའི་ལྟ་བ་གཙོ་ཆེ་བར་སྟོན་པ་སེམས་ཀྱི་སྡེ་དང་ཡེ་ཤེས་ཀློང་ཆེན་ལྔས་འཁོར་འདས་བརྡལ་བའི་ཚུལ་གྱིས་མ་བཅོས་མཉམ་པར་འཇོག་པའི་སྒོམ་པ་གཙོ་བོར་སྟོན་པ་ཀློང་གི་སྡེ་དང་གཉིས་ནི་ཀ་དག་གི་དོན་ཉམས་སུ་ལེན་ཚུལ་གཙོ་ཆེ་བ་ཡིན་ལ། རང་གནས་འོད་གསལ་ཀྱི་ཡེ་ཤེས་དབང་པོའི་མངོན་སུམ་དུ་གཏན་ལ་ཕབ་ནས་གོལ་འཁྲུལ་མེད་པར་ཆོས་ཉིད་ཀྱི་གནད་ཟིན་པར་བྱེད་པ་ལ་མན་ངག་གི་སྡེ་ཞེས་བྱ་སྟེ་ལྷུན་གྲུབ་ཀྱི་ཉམས་ལེན་གཙོ་བོར་བསྟན་པ་ཡིན་ཅིང༌། དེ་རེ་རེ་ལའང་ནང་གསེས་ཀྱི་ལམ་གཏན་ལ་འབེབས་ཚུལ་གྱི་་རྣམ་གཞག་ཤིན་ཏུ་མང་བར་བཞུགས་པ་ནི་རྒྱུད་རྣམས་དང་ཀུན་མཁྱེན་ཆེན་པོས་ལེགས་པར་བཤད་པའི་མཛོད་ཆེན་གཞན་རྣམས་ལས་ཤེས་པར་བྱའོ། །དེ་ལྟར་རྣམ་གྲངས་ཤིན་ཏུ་མང་པོར་ཕྱེ་ཡང༌། དོན་ལ་ཀ་དག་ལྷུན་གྲུབ་ཟུང་དུ་ཞུགས་པའི་རང་བྱུང་གི་ཡེ་ཤེས་ཉིད། སེམས་ཀྱི་སྒྲིབ་གཡོགས་དང་བྲལ་བར་རང་སོར་གཏན་ལ་ཕབ་ནས་བྱ་རྩོལ་མེད་པའི་ཚུལ་གྱིས་འཇུག་པ་ལ་གནད་གཅིག་ཅིང༌། དེར་ནི་ཐེག་པ་དང་གྲུབ་མཐའ་ཐམས་ཅད་མཐར་ཕྱིན་པ་ཡིན་ནོ། །འདིར་སྨྲས་པ། ཡིད་བཞིན་རིན་ཆེན་མཛོད་ཀྱི་གྲུབ་མཐའ་ཡི། །གཞུང་གི་གནད་རྣམས་བསྡུས་ཏེ་བསྟན་པ་ལས། སྔ་ན་མེད་པའི་ཁྱད་པར་ཅུང་ཟད་ཀྱང༌། །བསྟན་པ་མེད་མོད་དང་པོའི་ལས་ཅན་རྣམས། །རྒྱ་ཆེན་རིག་མཛོད་བལྟ་བའི་ངལ་བ་གང༌། །སེལ་བྱེད་འདི་ལ་འདྲིས་པར་བྱས་ནས་སླར། །གྲུབ་མཐའི་རིགས་ལམ་རྒྱ་ཆེར་འབྱེད་པ་ཡི། །གཞུང་གི་དགོངས་དོན་ཚུལ་བཞིན་བལྟ་བར་བྱོས། །ཅེས་པའང་ཡིད་བཞིན་མཛོད་རང་འགྲེལ་གྱི་དགོངས་དོན་བཞིན་མདོར་བསྡུས་ཤིང༌། སྐབས་སྐབས་སུ་གྲུབ་མཐའ་མཛོད་ནས་ཀྱང་ཅུང་ཟད་བསྣན་ཏེ། གཞུང་གཞན་གྱི་ཟེར་སྒྲོས་མ་བསྡུས་པར་རང་གཞུང་གཙང་མ་ལས། རང་བཟོ་མེད་པར་ཉུང་ངུའི་ངག་གིས་གསལ་པོར་བཀོད་པ་པོ་ནི་མི་ཕམ་རྣམ་རྒྱལ་ལོ། །འདིས་ཀྱང་གཞུང་གི་འཆད་ཉན་ལ་ཕན་ཅིང་དགེ་བས་འགྲོ་ཀུན་འཇམ་དཔལ་དཔའ་བོའི་གོ་འཕང་ལ་འགོད་པར་གྱུར་ཅིག་གུ། དགེའོ། །དགེའོ། །དགེའོ། །མངྒ་ལཾ།། །།

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net