ཟབ་མོ་ནང་གི་དོན་རྣམ་པར་བཤད་པའི་བསྟན་བཅོས་ཀྱི་ཚིག་དོན་གསལ་བར་བྱེད་པ་་་

From Rangjung Yeshe Wiki Texts
Jump to navigation Jump to search
{{{1}}}

༄༅། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པའི་བསྟན་བཅོས་ཀྱི་ཚིག་དོན་གསལ་བར་བྱེད་པའི་ལེགས་བཤད་ནོར་བུ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །[1]

༄༅། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པའི་བསྟན་བཅོས་ཀྱི་ཚིག་དོན་གསལ་བར་བྱེད་པའི་ལེགས་བཤད་ནོར་བུ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྣ་ཚོགས་སྤྲོས་པ་ཀུན་དང་མ་འདྲེས་ཤིང་། །རང་བཞིན་འོད་གསལ་ཤེས་བྱ་ཀུན་གྱི་གཤིས། །དབྱེར་མེད་ངོ་བོ་དོན་གྱི་ཡེ་ཤེས་ལ། །ཕྱག་འཚལ་ཉིད་ཞལ་བདག་ལ་བསྟན་དུ་གསོལ། །སྨིན་བྱེད་དབང་གི་རྒྱ་མཚོ་ལས་འཁྲུངས་ཤིང་། །རིམ་གཉིས་གསེར་གྱི་ཤིང་རྟ་ལ་བཅིབས་ནས། །མཐའ་གཉིས་བྲལ་བའི་མཁའ་ལ་རོལ་རྩེད་མཁན། །བདེ་ཆེན་ལམ་གྱི་ཡེ་ཤེས་ལ་ཕྱག་འཚལ། །ཚོགས་གཉིས་ཆུ་གཏེར་ཆེ་ལས་ལེགས་འཁྲུངས་ཤིང་། །སྨོན་ལམ་དག་པའི་མཁའ་ལ་རབ་འཕགས་ཏེ། །ཐུགས་རྗེའི་འོད་དཀར་ཕྱོགས་བཅུར་གཡོ་བ་ཅན། །རབ་དཀར་འབྲས་བུ་སྐུ་བཞིའི་ཚོགས་ལ་འདུད། །མ་རིག་མུན་པ་གཏན་བཅོམ་ནས། །ཀུན་ལ་སྙོམས་པའི་གསུང་དབྱངས་ཀྱིས། །འཇིག་རྟེན་ཐམས་ཅད་འདུན་མཛད་པ། །འཇིག་རྟེན་མིག་གཅིག་ཐུབ་པའི་དབང་། །རྒྱལ་བ་ཉིད་ཀྱིས་གཞན་ལ་ཕན་ཕྱིར་ཚངས་པའི་གནས་བཞི་རྣམ་པར་གནོན་ཏེ་ཐུབ་དབང་གཞན་ལ་སྨིན་བྱེད་དབང་བཞི་ལེགས་པར་མནོས་ནས་འཁོར་ལོ་བཞི་ཡི་རྒྱུ་བ་ཀུན་བཅོམ་དགའ་བ་བཞི་ཡི་སྡོང་པོ་རབ་རྒྱས་འབྲས་བུ་སྐུ་ཡི་རྡོ་རྗེ་དང་། །ཁམས་དྲུག་ལྡན་པའི་སྐལ་ལྡན་དག་ལ་བཅུ་ཕྲག་དྲུག་གི་དབྱངས་དང་ལྡན་ཞིང་ཕར་ཕྱིན་དྲུག་གི་བརྗོད་བྱ་དང་ལྡན་སྐྱེ་མཆེད་དྲུག་གི་ཡུལ་རྣམས་རབ་སྤངས་གང་ཞིག་བསྟན་པས་དྲུག་པའི་རྡོ་རྗེ་འཆང་གི་གོ་འཕང་ཐོབ་བྱེད་གསུང་གི་རྡོ་རྗེ་འཛིན། །གྲངས་མེད་དུས་ནས་ཚོགས་གཉིས་མཐར་ཕྱིན་རྟག་དང་ཆད་པ་ལ་སོགས་མཐའ་གཉིས་སྤངས་པའི་ལྟ་བའི་སྟོབས་ཀྱིས་སྒྲིབ་གཉིས་མུན་སེལ་བདེན་གཉིས་གནས་ལུགས་ཐུགས་སུ་ཆུད་དེ་སྐུ་གཉིས་མངོན་གྱུར་དོན་གཉིས་ལྷུན་གྲུབ་མཁྱེན་བརྩེ་རབ་རྒྱས་རྒྱལ་བའི་རྡོ་རྗེའི་ཐུགས། །མཁྱེན་གསུམ་སྟོབས་ཀྱིས་དུས་གསུམ་ཀུན་གཟིགས་ཐེག་གསུམ་དོན་རྟོགས་དེ་ཉིད་གསུམ་གྱི་གནས་ལུགས་མ་ལུས་ཐུགས་སུ་ཆུད་ཅིང་རིགས་ཅན་གསུམ་གྱི་ཁམས་དང་བསམ་པ་དག་ལ་གཟིགས་ནས་ཆོས་རྣམས་སྟོན་མཛད་ཡེ་ཤེས་ལ་བཏུད་འགྲོ་ཀུན་བྱམས་པས་སྐྱོང་དུ་གསོལ། །ཡོད་མེད་དཔྱོད་བྱེད་རྟོག་གེས་བཏགས་པའི་རྣམ་འགྱུར་སྟོང་གིས་དཔྱོད་པར་མི་ནུས་ཡོད་མེད་ལ་སོགས་བསམ་ལས་འདས་པ་འགོག་པའི་ཆོས། །ཚུལ་མིན་ཡིད་བྱེད་རྟོག་པས་རྣམ་པར་འཁྲུགས་པའི་ལས་དང་ཉོན་མོངས་རྣམ་པར་དག་ཅིང་གཟུང་འཛིན་རྟོག་པའི་གཉེན་པོར་གྱུར་པའི་ལམ། ཡན་ལག་དྲུག་ཅུའི་དབྱངས་དང་རབ་ལྡན་བདེན་གཉིས་སྟོན་པའི་དྲི་མེད་གསུང་རབ་ཉོན་མོངས་སྤོང་བྱེད་ཐར་ལམ་སྟོན་མཛད་ལུང་གི་ཆོས། །ཐོག་མ་བར་དང་ཐ་མར་དགེ་ཞིང་ཆེན་པོ་རྣམས་དང་སེར་སྐྱ་སོགས་ཀྱི་ཁེངས་པ་འཕྲོག་བྱེད་གསུང་མཆོག་ཆོས་ལ་ཕྱག་འཚལ་ལོ། །ཐུབ་དབང་འགྲོ་ལ་ཉེ་རིང་མ་མཆིས་ཀྱང་། །བརྩེ་ཆེན་ཐུགས་རྗེའི་སྤྲིན་དཀར་ལས་འཐོན་པའི། །དགོས་འདོད་ཀུན་འབྱུང་ཆོས་ཀྱི་ཆར་ཆེན་པོ། །བློ་དམན་སྐྱེས་བུའི་རྣ་བར་ལྷུང་བ་མེད། །གཞན་ལ་ཕན་བྱེད་སྙིང་རྗེ་ཆེན་པོའི་ཆུ་བ་རབ་བརྟན་ཇི་བཞིན་གཟིགས་པའི་ཡེ་ཤེས་འོད་ཀྱིས་ལོག་པར་ལྟ་བའི་ཚང་ཚིང་བསྲེག །ཇི་སྙེད་རྟོགས་པས་སྣ་ཚོགས་ཁམས་ཀྱི་གནས་ཚུལ་མཁྱེན་ཞིང་ཆགས་སོགས་སྤངས་ནས་ཀུན་ལ་ཐོགས་མེད་རང་དོན་ཉེ་ཚེའི་བསམ་པ་བྲལ། །འཁོར་བའི་བདེ་བ་མཆིལ་མའི་ཐལ་ལྟར་རབ་ཏུ་གཟིགས་ནས་ངེས་པར་འབྱུང་བའི་སྟོན་པའི་རྟགས་འཆང་ལུང་རྟོགས་ཆོས་ལ་དབང་འབྱོར་ཞིང་། །ཐེ་ཚོམ་རྣམ་སྤངས་འགྱོད་པ་ཀུན་བྲལ་གསུམ་རིག་ལ་སོགས་སྟོན་དང་བསྟན་པ་གཅེས་པར་འཛིན་པ་རྒྱལ་སྲས་འཕགས་པའི་ཚོགས་ལ་འདུད། །ཐུབ་པའི་བསྟན་པ་རིན་ཆེན་བང་མཛོད་ནས། །ངེས་དོན་ནོར་བུ་རིན་ཆེན་ལེགས་བླངས་ཏེ། །སྲིད་ཞིའི་རྒུད་པ་མ་ལུས་ཀུན་བསལ་ནས། །བྱང་ཆུབ་སྙིང་པོར་གཤེགས་འདི་བསྟན་པའི་བརྒྱན། །རྒྱལ་བ་ཀུན་གྱི་གསུང་གི་ངོ་བོ་དྷཱིཿལས་བྱུང་བ་གཞོན་ནུའི་ཚུལ་འཆང་འཆར་བའི་མདངས་གསལ་མི་ཤེས་གཅོད་མཛད་རལ་གྲི་དང་ནི་དོན་དམ་སྟོན་པའི་གླེགས་བམ་འཛིན། །ཇི་ལྟར་དོན་ལ་མཁྱེན་པའི་དཔལ་གྱིས་རྣམ་པར་གཟིགས་ཚེ་ཆོས་རྣམས་ཐམས་ཅད་སྐྱོངས་བར་གྱུར་ནས་རང་གི་གནས་ཚུལ་གསལ་བར་སྟོན་ཀྱང་གཟིགས་པ་མེད་པར་ཡང་དག་གཟིགས། །གང་གི་བློ་གྲོས་གསལ་བར་འཇུག་ཚེ་ཇི་སྙེད་ཆོས་རྣམས་དཔུང་ཚོགས་བསྐྱེད་ཀྱང་ཁྱོད་ཀྱི་མཁྱེན་པའི་ཡུལ་དུ་རང་རྐྱ་ཐུབ་པའི་རྫས་ཀྱིས་སྟོངས་ནས་རང་གི་གནས་མ་རྙེད། བལྟ་བས་མི་ངོམས་སྐུ་ཡི་ཉམས་དང་གསུང་གི་ཟེར་གྱིས་དངོས་སྨྲའི་ཚང་ཚིང་བསྲེག་མཛད་མ་རིག་མུན་སེལ་འཇམ་པའི་དཔལ་ལ་ཕྱག་འཚལ་བདག་ལ་སྤོབས་པ་མཆོག་སྩོལ་ཞིག །གང་སྐུ་བལྟ་བས་མི་ངོམས་ལྷུན་པོའི་སྤོ། །གང་གསུང་སྙན་འཇམ་ཡིད་འོང་མེས་པོའི་རྔ། །ཉིད་ཐུགས་ཤེས་བྱ་མཁྱེན་པའི་འོད་སྟོང་ཅན། །བློ་ཆེན་འཇམ་པའི་དཔལ་གྱིས་བདག་སྐྱོངས་ཤིག །མཐའ་དྲུག་གསེར་གྱི་ར་བས་ལེགས་བསྐོར་བའི། །དོན་དམ་ལེགས་བཤད་ཚུལ་བཞིའི་ཁང་བཟང་ནས། །ཟབ་དོན་ནོར་བུ་རིན་ཆེན་ལེགས་བླངས་ཏེ། །དོན་གཉེར་ཡིད་ཀྱི་དབུལ་བ་སེལ་མཛད་པ། །བརྒྱུད་པའི་བླ་མ་རྣམས་ལ་གུས་པས་འདུད། །དུས་གསུམ་ཀུན་གཟིགས་རྒྱལ་བ་ཀུན་གྱི་མཁྱེན་པ་མ་ལུས་གཅིག་ཏུ་བསྡུས་པ་གྲུབ་པའི་དབང་ཕྱུག་ཀརྨྨ་པ། །རང་བྱུང་ཀུན་མཁྱེན་ཆོས་ལ་རོལ་པའི་རྡོ་རྗེ་དང་ནི་རྒྱལ་བ་གཉིས་པ་མཚུངས་པ་མེད་པ་དེ་བཞིན་གཤེགས། །རྒྱལ་བའི་རྒྱལ་ཚབ་རྒྱལ་བ་ཀུན་བདག་མཐོང་ཐོས་དོན་ལྡན་ཐུགས་རྗེའི་མངའ་བདག་སྤྲུལ་པའི་སྐུ་མཆོག་ཆོས་ཀྱི་གྲགས། །མ་ཕམ་རྒྱལ་ཚབ་འཛམ་གླིང་ཀུན་མཁྱེན་ཆོས་གྲགས་རྒྱ་མཚོའི་ཞབས་སོགས་ཀརྨ་པར་གྲགས་རྣམས་ལ་གུས་པས་འདུད། །རང་བཞིན་འོད་གསལ་བདེ་ཆེན་ཆོས་ཀྱི་དབྱིངས། །ཇི་བཞིན་གཟིགས་པའི་ཡེ་ཤེས་རྡོ་རྗེ་ཡིས། །འཇིག་ཚོགས་ཁྲོས་པའི་དཔུང་ཚོགས་བཞི་བཅོམ་ནས། །ཆོས་དབྱིངས་རོལ་པའི་རྡོ་རྗེ་ལ་ཕྱག་འཚལ། །ཇི་ལྟའི་དོན་ལ་མཁྱེན་པའི་དཀྱིལ་འཁོར་རྒྱས། །གྲུབ་གཉིས་ཤེས་བྱའི་མཁའ་ལ་རབ་འཕགས་ཏེ། །ཇི་སྙེད་གསལ་བའི་འོད་ཟེར་འབུམ་ཕྲག་ཅན། །ཐུབ་བསྟན་འཛིན་མའི་ཁྱོན་འདིར་གསལ་གྱུར་ཅིག །འཕགས་པའི་སྤྱོད་ཡུལ་ནང་གི་དོན། །བདག་བློའི་སྤྱོད་ཡུལ་མ་ཡིན་མོད། །བསླབ་པ་གསུམ་ལ་ལེགས་གནས་ཤིང་། །སྡེ་སྣོད་འཛིན་པའི་བཤེས་གཉེན་འགས། །ཡང་དང་ཡང་དུ་བསྐུལ་ཕྱིར་དང་། །འཇིག་རྟེན་མིག་གཅིག་གཤེགས་པའི་རྗེས། །དེ་ཡི་བསྟན་པ་གཅེས་འཛིན་པ། །དེ་ཉིད་རིག་པའི་དམ་པ་དག །ཉི་མའི་རྗེས་སུ་འོད་ཟེར་བཞིན། །སྡེ་སྣོད་འཛིན་དང་ངེས་དོན་རྟོགས། །ཚུལ་ཁྲིམས་གསུམ་ལྡན་གཟུ་བོར་གནས། །ཉི་ཟེར་ཕོག་པའི་བ་མོ་བཞིན། །དེ་སླད་བདག་གི་ལེགས་བཤད་འདི། །གཞན་ལ་ཕན་པར་དཀའ་ན་ཡང་། །ཐུབ་པའི་བསྟན་ལ་གུས་པ་དང་། །རང་བྱུང་གསུང་དོན་ཤེས་པའི་ཕྱིར། །ལུང་དང་རིགས་པ་དང་མཐུན་པར། །ལེགས་བཤད་རིན་ཆེན་སྡེབས་པ་ལ། །རིགས་ལྡན་མཁའ་འགྲོས་གེགས་མེད་མཛོད།། ༈ །།དེ་ལ་འདིར་བདག་ཅག་གི་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས། ཐབས་དང་ཤེས་རབ་ཀྱི་གྲུ་བོ་ཆེ་ལ་བརྟེན་ནས། ཚོགས་གཉིས་ཀྱི་རྒྱ་མཚོ་མུ་མེད་པ་ལས་བརྒལ་ཏེ། དགོས་འདོད་ཀུན་འབྱུང་གི་ཆོས་སྐུ་བླངས་ནས་མཐའ་ཡས་པའི་གདུལ་བྱ་ལ་ཆོས་ཀྱི་དགའ་སྟོན་རྒྱ་ཆེན་པོ་སྤེལ་ཞིང་། ཁྱད་པར་དུའང་ཞིང་འདིར་སྨོན་ལམ་རྣམ་པར་དག་པའི་སྟོབས་ཀྱིས་རིགས་ཅན་གསུམ་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས་ཆོས་དབྱིངས་ཞི་བའི་ནགས་ནང་དུ་སྙོམས་པར་ཞུགས་སོ། །དེའི་རྗེས་སུ་འོད་བསྲུངས་ཆེན་པོ་དང་། ཉེ་བར་འཁོར་ལ་སོགས་པ་དགྲ་བཅོམ་པ་དུ་མས་ཡང་ནས་ཡང་དུ་བཀའ་བསྡུ་ལེགས་པར་མཛད་ཅིང་། ཕྱག་ན་རྡོ་རྗེ་དང་འཇམ་དབྱངས་ལ་སོགས་པ་རྒྱལ་བའི་སྲས་པོ་རྣམས་ཀྱིས་ཐེག་པ་ཆེན་པོའི་ཆོས་རྣམས་ལེགས་པར་བསྡུས་ནས་སྐལ་བ་དང་ལྡན་པའི་གདུལ་བྱ་དུ་མ་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་དོ། །དེའི་རྗེས་སུ་རྒྱལ་བ་ཉིད་ཀྱིས་ལུང་བསྟན་པའི་རྒྱན་དྲུག་དང་མཆོག་གཉིས་ལ་སོགས་པ་རྣམས་ཀྱིས་ཐུབ་པའི་བསྟན་པ་འཛམ་བུའི་གླིང་གི་བརྒྱན་དུ་སྤེལ་བར་མཛད་དོ། །གཞན་ཡང་ཟབ་མོའི་དོན་མངོན་དུ་བྱས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཨིནྡྲ་བྷུ་ཏི་དང་། ས་ར་ཧ་དང་། ཏཻ་ལོ་དང་། ནཱ་རོ་དང་། མངའ་བདག་ཆེན་པོ་མེ་ཏྲི་པ་ལ་སོགས་པ་གྲུབ་པའི་དབང་ཕྱུག་དཔག་ཏུ་མེད་པས་ཟབ་མོ་སྔགས་ཀྱི་ཉེ་ལམ་ལ་བརྟེན་ནས་རྡོ་རྗེ་ཐེག་པའི་བསྟན་པ་རྒྱ་ཆེར་སྤེལ་བར་མཛད་དོ། །དེའི་ཚེ་རྗེ་མར་པ་ཆོས་ཀྱི་བློ་གྲོས་ཤེས་མཚན་ཡོངས་སུ་གྲགས་པ་དེས་ཀྱང་བསྟན་པ་རིན་པོ་ཆེའི་དོན་དུ་གོ་ཆ་ཆེན་པོ་བགོས་ཏེ། རྒྱ་གར་འཕགས་པའི་ཡུལ་དུ་ལན་གསུམ་དུ་བྱོན་ནས། བཀའ་བཞི་བརྒྱུད་པ་ལས་འོངས་པའི་ཕ་རྒྱུད་དང་མ་རྒྱུད་ཀྱི་བཤད་བཀའ། བསྐྱེད་རྫོགས་ཀྱི་མན་ངག་ཕྲན་དང་བཅས་པ་རྣམས་བོད་དུ་བསྒྱུར་ནས། རྗེ་བཙུན་ཆེན་པོ་རས་པ་དང་། རྔོག་གཞུང་པ་སོགས་ལ་བསྟན་པར་མཛད་པ་ནི་མར་པ་བཀའ་བརྒྱུད་དང་། རྗེ་བཙུན་མི་ལའི་སྒྲུབ་བརྒྱུད་མཉམ་མེད་ཟླ་འོད་གཞོན་ནུས་དར་བར་མཛད་པ་ནི་དྭགས་པོའི་བརྒྱུད་པའོ། །ཁྱད་པར་དུ་རྒྱལ་བ་ཉིད་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཆོས་སྐུ་མངོན་དུ་མཛད་པར་མཚུངས་ཀྱང་རྒྱལ་བའི་བསྟན་པ་ལ། བྱང་ཆུབ་སེམས་དཔའི་ཚུལ་འཛིན་པ། རྒྱལ་བ་དྲུག་པའི་རྣམ་འཕྲུལ་རང་བྱུང་རྡོ་རྗེ་དེ་ཉིད་ཀྱིས། རྒྱུ་འབྲས་ཀྱི་ཐེག་པ་སྣ་ཚོགས་ནས་གསུངས་པའི་ངེས་དོན་དང་། ཟབ་མོ་ནང་གི་དོན་གཏན་ལ་དབབ་པའི་བསྟན་བཅོས་འདི་བརྩམས་པ་ཡིན་ནོ།། ༈ །།དེ་ལྟ་བུའི་བསྟན་བཅོས་འདི་འཆད་པར་བྱེད་པ་ལ། དོན་རྣམ་པ་གཉིས་ཏེ། ཐོག་མར་བསྟན་བཅོས་ཀྱི་ཆེ་བ་བརྗོད་པ་དང་། ཆེ་བའི་ཡོན་ཏན་དང་ལྡན་པའི་བསྟན་བཅོས་ཉིད་བཤད་པའོ། །དང་པོ་ལ། རྩོམ་པ་པོའི་ཆེ་བ་དང་། བསྟན་བཅོས་ཁུངས་བཙུན་པའི་རྒྱུ་མཚན་ནོ། །དང་པོ་ནི། ཆོས་ཀྱི་རྗེ་རྒྱལ་བ་དྲུག་པའི་རྣམ་འཕྲུལ་ཀརྨྨ་པར་གྲགས་པ་སྤྲུལ་སྐུ་རིམ་པར་བྱོན་པ་རྣམས་ཀྱི་ཡོན་ཏན་ཡིན་ལ། དེ་ཡང་མཚུངས་མེད་ཆོས་ཀྱི་རྗེ་འདི་ཉིད་ཀྱིས་བྱང་ཆུབ་མངོན་དུ་མཛད་པ་ནི་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས་ཡིན་ཏེ། སྙིང་རྗེ་ཆེན་པོ་པདྨ་དཀར་པོའི་མདོ་ལས། སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་དུ། བསྐལ་པ་འཛིན་པ་ཞེས་བྱ་བ་ལ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཅེས་བྱ་བ་བྱུང་། དེའི་ཚེ་ན་ཐུབ་པའི་དབང་པོ། རྒྱལ་པོ་དེའི་མདུན་ན་འདོན་བྲམ་ཟེ་རྒྱ་མཚོའི་རྡུལ་ཞེས་བྱ་བར་སྐུ་འཁྲུངས་ནས། རང་གི་སྲས་སངས་རྒྱས་པའི་མཚན་རིན་ཆེན་སྙིང་པོ་ཞེས་བྱ་བའི་དྲུང་དུ། བྱང་ཆུབ་ཏུ་ཐུགས་བསྐྱེད་ཅིང་། མ་དག་པའི་ཞིང་འདི་ཡོངས་སུ་བཟུང་བའི་ཚེ་ན། རྒྱལ་བ་དྲུག་པའི་རྣམ་འཕྲུལ་འདི་ཉིད་ཀྱིས་ཀྱང་། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་། ཞིང་ཡོངས་སུ་བཟུང་བར་བཤད་པ་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། སྔོན་བྱུང་བ་འདས་པའི་དུས་ན། འཇིག་རྟེན་གྱི་ཁམས་རྣམ་པར་རྒྱལ་བ་ཞེས་བྱ་བར། དེ་བཞིན་གཤེགས་པ་ཡོན་ཏན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོ་ཞེས་བྱ་བ་བྱོན་པའི་ཚེ་ན། བྱང་ཆུབ་སེམས་དཔའ་འདི་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ཡུལ་འཁོར་བསྲུང་ལ་བུ་སྟོང་ཡོད་པའི་དྲུག་པ་མཆོག་གི་བློ་གྲོས་ཤེས་བྱ་བར་འཁྲུངས་ནས། རྒྱལ་བ་དེའི་དྲུང་དུ། སེམས་བསྐྱེད་ཅིང་། ཡབ་ཀྱིས་ཐོག་མར་གང་འཚང་རྒྱ་བ་བརྟགས་པའི་ཚེ། བསྐལ་པ་བཟང་པོའི་སངས་རྒྱས་དྲུག་པར་ལུང་བསྟན་པ་ཐོབ་ཅེས་བཤད་ཅིང་། བསྐལ་བཟང་གི་སེམས་དཔའ་ཐམས་ཅད་ཐོག་མ་མེད་པའི་དུས་ནས་སངས་རྒྱས་ཟིན་པར་མདོ་སྡེ་དུ་མ་ལས་གསུངས་པའི་ཕྱིར་རོ། །འོ་ན་ཐོག་མ་མེད་པའི་དུས་ནས་སངས་རྒྱས་ཟིན་པ་ཡིན་ན། བསྟན་པ་འདི་ལ་རྟེན་རབ་བྱུང་ལ་སོགས་པའི་སྒོ་ནས། ཚོགས་གཉིས་བསག་པ་དང་། དཀའ་སྤྱད་དཔག་ཏུ་མེད་པ་མཛད་པའི་སྒོ་ནས། སངས་རྒྱས་བསྒྲུབ་དགོས་པ་དང་འགལ་ལོ་ཞེ་ན། རང་དོན་དུ་ཆོས་སྐུ་གསར་དུ་བསྒྲུབ་པ་ལ་དེ་ལྟར་མིན་དུ་ཟིན་ཀྱང་། བསྟན་པ་འདིའི་སྒོ་ནས་འདུལ་དགོས་པའི་སེམས་ཅན་རྣམས་ཀྱི་དོན་དུ། རྟེན་དེ་དང་དེ་དག་གི་ཚུལ་བཟུང་ནས་ཐུབ་པའི་ཆོས་ཀྱིས་གདུལ་བྱ་གཞན་རྗེས་སུ་འཛིན་པ་ཡིན་ཏེ། སངས་རྒྱས་ཐམས་ཅད་སྨོན་ལམ་མཐུན་པ་དང་། སངས་རྒྱས་གཞན་གྱི་བསྟན་པ་ལ་གཞན་གྱིས་བྱ་བ་བྱེད་པ་མི་འགལ་བའི་ཕྱིར་ཏེ། དཔེར་ན་ཤཱཀྱ་ཐུབ་པའི་བསྟན་པ་ལ་ཕན་གནོད་འབྱུང་ཚུལ། རྒྱལ་བ་འོད་བསྲུངས་ཀྱིས་ལུང་བསྟན་པ་བཞིན་ནོ། །དཀའ་སྤྱད་སོགས་ཀྱང་གཞན་སྣང་ལ་ཡིན་གྱི། དོན་ལ་བསྐལ་པ་བཟང་པོའི་སངས་རྒྱས་ཐམས་ཅད་ཀྱིས་ཐོག་མར་འོག་མིན་དུ་ཆོས་སྐུ་མངོན་དུ་མཛད་ནས། དེའི་འོག་ཏུ་འཛམ་བུའི་གླིང་ལ་སོགས་པར་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་པ་ཡིན་ཏེ། དེ་སྐད་དུའང་། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་ནས་ནི་འཕོ་བ་དང་། །ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར། འོ་ན་མདོ་དང་བསྟན་བཅོས་དུ་མ་ལས། བསྟན་པ་གཅིག་ལ་སྟོན་པ་གཉིས་མི་འབྱུང་བར་བཤད་པ་དང་འགལ་ལོ་ཞེ་ན། དེ་ཡང་མི་འགལ་ཏེ། འདི་ལྟར་དེ་སྐད་གསུངས་པ་དེ་ནི། བསྟན་པ་གཅིག་ལ་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པའི་སངས་རྒྱས་གཉིས་པ་མི་འབྱུང་བའི་དོན་ཡིན་གྱི། སྤྱིར་བསྟན་པ་གཅིག་ལ་སྟོན་པ་གཉིས་པ་མི་འབྱུང་བའི་དོན་ནི་མ་ཡིན་ཏེ། བསྟན་པ་འདི་ལའང་སྔགས་ཀྱི་ཉེ་ལམ་ལ་བརྟེན་ནས་ཚེ་གཅིག་ལུས་གཅིག་ལ་ཆོས་སྐུ་མངོན་དུ་མཛད་པའི་སྒོ་ནས་ཐུབ་པའི་བསྟན་པ་ཆེས་ཆེར་འཕེལ་བར་མཛད་པའི་རྣལ་འབྱོར་གྱི་དབང་ཕྱུག་དཔག་ཏུ་མེད་པ་ཚད་ལྡན་རྣམས་ལ་ཡོངས་སུ་གྲགས་པའི་ཕྱིར་རོ། །སངས་རྒྱས་རྣམས་ཀྱིས་ཀྱང་བསམ་གྱིས་མི་ཁྱབ་པའི་མཛད་པས། ཞིང་ལ་ལར་དཀའ་བ་སྤྱོད་པ་དང་། ལ་ལར་བྱང་སེམས་དང་ཉན་ཐོས་ཀྱི་ཚུལ་གྱིས་སངས་རྒྱས་གཞན་ལ་ཆོས་ཉན་པ་དང་། ལ་ལར་སྤྲུལ་སྐུའི་ཚུལ་གྱིས་འཁོར་ལོ་བསྐོར་བ་དང་། ལ་ལར་མྱ་ངན་ལས་འདས་པའི་མཛད་པ་ཅིག་ཅར་དུ་སྟོན་པ་མི་འགལ་ཏེ། དེ་སྐད་དུའང་། མདོ་སྡེའི་རྒྱན་ལས། དེ་ནི་གཅིག་ཅར་ལ་ལར་སྒོ་མང་བརྒྱ་ནས་ཆོས་ཀྱི་འཁོར་ལོ་དང་། །ལ་ལར་སྐྱེ་བ་མི་སྣང་ལ་ལར་སྐྱེ་བའི་སྤྱོད་པ་སྣ་ཚོགས་དང་། །ལ་ལར་བྱང་ཆུབ་ཐམས་ཅད་ལ་ལར་དེ་ནི་མྱ་ངན་འདས་སྟོན་ཀྱང་། །དེ་ནི་གནས་དེ་ལས་ཀྱང་རྣམ་པར་གཡོ་མི་མངའ་ལ་ཐམས་ཅད་མཛད། །སངས་རྒྱས་རྣམས་ནི་འདི་སྙམ་ལུས་ཅན་འདི་ནི་བདག་གིས་སྨན་བྱས་ཤེའམ། །འདི་ནི་རབ་ཏུ་སྨིན་བྱ་གཞན་ཡང་སྨིན་པར་བྱ་སྙམ་དུ། །འདུ་མཛད་མི་མངའ་བར་ཡང་ཕྱོགས་ཕྱོགས་ཀུན་དུ་རྟག་པར་སྒོ་གསུམ་ནས། །དགེ་བའི་ཆོས་རྣམས་ཀྱིས་ནི་སྐྱེ་བོ་རབ་ཏུ་སྨིན་པར་འགྱུར་བ་ཉིད། །ཇི་ལྟར་ཉི་མ་འབད་མེད་ཕྱོགས་ཕྱོགས་ཀུན་དུ་འོད་ཟེར་དག །རབ་འབྱམ་གསལ་བ་མང་པོས་ལོ་ཏོག་རྣམ་སྨིན་བྱེད་པ་ལྟར། །དེ་བཞིན་ཆོས་ལྡན་ཉི་མའང་རབ་ཞི་བྱེད་པ་ཆོས་ཀྱི་འོད། །རབ་འབྱམ་དག་གིས་ཕྱོགས་ཕྱོགས་ཀུན་ཏུ་སེམས་ཅན་རྣམས་སྨིན་མཛད། །ཅེས་གསུངས་པའི་ཕྱིར་དང་། དེ་བཞིན་དུ་ཡང་དག་སྦྱོར་བའི་རྒྱུད་ལས་ཀྱང་། སངས་རྒྱས་ཀུན་གྱི་རྫུ་འཕྲུལ་ཆེ། །རྣམ་པར་མཛད་ཅིང་རབ་ཏུ་བསྒྱུར། །ཁ་ཅིག་ཏུ་ནི་བྱང་ཆུབ་ཆེན་པོའི་སེམས། །ཁ་ཅིག་ཏུ་ནི་ཇི་ལྟར་སྤྱོད་རྗེས་འབྲང་། །ཁ་ཅིག་ཏུ་ནི་དགའ་ལྡན་ལྷ་རྣམས་ལས། །ཁ་ཅིག་མཆོག་ཏུ་འབབ་པར་གྱུར་བ་དང་། །ཁ་ཅིག་ཏུ་ནི་བལྟམས་པ་རྣམ་དག་ཅིང་། །ཁ་ཅིག་ཏུ་ནི་ཁབ་ནས་གསལ་འབྱུང་དང་། །ཁ་ཅིག་ཏུ་ནི་བྱང་ཆུབ་ཆེན་པོར་མཆོད། །ཁ་ཅིག་ཏུ་ནི་འདུད་ལས་མཆོག་ཏུ་རྒྱལ། །ཁ་ཅིག་ཏུ་ནི་མངོན་པར་རྫོགས་བྱང་ཆུབ། །ཁ་ཅིག་ཏུ་ནི་འཁོར་ལོ་རབ་ཏུ་བསྐོར། །ཁ་ཅིག་ཏུ་ནི་ཕས་ཀྱི་རྒོལ་བ་དང་། །ལྷན་ཅིག་ཆོས་ཀྱིས་ཚར་ནི་གཅོད་པ་པོ། །ཞེས་གསུངས་པས་སོ། །རྒྱུ་མཚན་དེས་ན། ཚད་མེད་པའི་སྙིང་རྗེ་ཆེན་པོ་དང་ལྡན་པའི་རྒྱལ་བའི་སྲས་པོ་འདིས་ཀྱང་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས། བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐུགས་སུ་ཆུད་ཀྱང་། བསྟན་པ་འདིར་ཡང་འཕགས་པའི་ཡུལ་དུ། བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་དང་། རྣལ་འབྱོར་གྱི་དབང་ཕྱུག་ས་ར་ཧ་ལ་སོགས་པ་མཁས་ཤིང་གྲུབ་པའི་སྐྱེས་བུ་དཔག་ཏུ་མེད་པར་སྐྱེ་བ་བཟུང་བའི་སྒོ་ནས། ཐུབ་པའི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་དོ། །གཞན་ཡང་ཡུལ་དང་སའི་ཆ་ལ་ལར། འཁོར་ལོ་བསྒྱུར་བ་སོགས་གང་ལ་གང་འདུལ་གྱི་སྐྱེ་བ་དཔག་ཏུ་མེད་པ་བཟུང་བའི་སྒོ་ནས། སེམས་ཅན་གྱི་དོན་མཛད་པ་ཡིན་པར། ཚད་དང་ལྡན་པའི་རྣམ་ཐར་རྒྱ་མཚོ་རྣམས་ལས་ཤེས་སོ། །ཁྱད་པར་དུ་ཡང་གངས་རིའི་ཁྲོད་འདིར་སྨོན་ལམ་གྱི་སྟོབས་ཀྱིས། བསམས་བཞིན་དུ་གཞན་གྱི་དོན་དུ་སྤྲུལ་པའི་སྐུ་རིམ་པར་བྱོན་པའི་དང་པོ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་གཅིག་ཏུ་བསྡུས་པའི་བདག་ཉིད། སྙིགས་མའི་དུས་ཀྱི་རྒྱལ་བ་གཉིས་པ། རྗེ་དུས་གསུམ་མཁྱེན་པ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་དང་། སྤྲུལ་སྐུ་གཉིས་པ་གྲུབ་པའི་དབང་ཕྱུག་ཀརྨ་པར་གྲགས་པ་དང་། ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེ་ཞེས་སྤྲུལ་སྐུ་གསུམ་པའི་བར་དུ་བྱོན་པ་རྣམས་ཀྱིས་ཟབ་པ་དང་རྒྱ་ཆེ་བ་གང་ལ་གང་འདུལ་གྱི་ཆོས་དཔག་ཏུ་མེད་པ་བསྟན་པའི་སྒོ་ནས། གངས་ཅན་གྱི་ཁྲོད་འདིར་ཆོས་ཀྱི་འཕོངས་པའི་སྡུག་བསྔལ་ཐམས་ཅད་སེལ་བར་མཛད་ཅིང་། གནས་སྐབས་སུ་འདུལ་བའི་དུས་ལ་བབ་པར་དགོངས་ནས། ཤར་ཕྱོགས་རྒྱལ་པོའི་ཕོ་བྲང་དུ། །རྫུ་འཕྲུལ་མངོན་པར་འདུ་མཛད་དེ་བྱོན་ནས། །ས་སྐྱོང་རྒྱལ་པོའི་ཅོད་པན་ལ། །རིན་པོ་ཆེའི་བུམ་པས་དབང་བསྐུར་ཏེ། །དེའི་དགའ་སྟོན་དུ་ནམ་མཁའ་མཛོད་ལ་མངའ་བརྙེས་པའི་སྒོ་ནས། གངས་ཅན་གྱི་ཁྲོད་འདིར། འཕོངས་པ་རྣམས་ལ་ཐུན་མོང་གི་དངོས་གྲུབ་ཀྱི་ཆར་ཆེན་པོ་ཕབ་སྟེ། ལུགས་གཉིས་ཀྱི་སྒོ་ནས་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་དོ། །ཁྱད་པར་དུ་རྗེ་རང་བྱུང་བ་ཉིད་ཀྱིས། བསྟན་པའི་བྱ་བ་ལ་དགོངས་ཏེ། ཆུང་ངུའི་དུས་ནས་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་། ཐེག་པ་ལ་འཇུག་པའི་རིམ་པས་སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞིའི་དབང་དུ་བྱས་པའི་བཀའ་བསྟན་བཅོས་ཐམས་ཅད་ལ་ལེགས་པར་སྦྱངས་པའི་ཚུལ་དང་། ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པའི་ཚུལ་རྣམས་ནི། རྣམ་ཐར་རྒྱ་མཚོ་རྣམས་སུ་གསལ་བ་ལས་ཤེས་པར་འགྱུར་རོ། །དེ་དག་ནི་བསྟན་བཅོས་རྩོམ་པ་པོའི་ཆེ་བ་མདོར་བསྡུས་པའོ།། ༈ །།གཉིས་པ་བསྟན་བཅོས་ཁུངས་བཙུན་པའི་རྒྱུ་མཚན་ནི། ཟབ་མོའི་དོན་གཏན་ལ་དབབ་པའི་བསྟན་བཅོས་འདི་ཐར་པ་དོན་དུ་གཉེར་བའི་སྐྱེས་བུ་དག་གིས་རྒྱལ་བའི་བཀའ་བཞིན་དུ་བསྟེན་པར་རིགས་པ་ཡིན་ཏེ། རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མདོ་དང་སྔགས་ཀྱིས་བསྡུས་པའི་བསྟན་པ་གཉིས་ཁོ་ནའི་དབང་དུ་བྱས་ནས་བཤད་པའི་བསྟན་བཅོས་ཡིན་པའི་ཕྱིར་ཏེ། དེ་སྐད་དུ་ཡང་གཞུང་ལས། དེ་རྣམས་ཀུན་ལ་འཇུག་པའི་སྒོ། །ཟབ་མོ་ནང་གི་དོན་བཤད་པ། །འདི་ནི་རང་བཟོ་མ་ཡིན་ཏེ། །ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས། །རྒྱལ་བས་གསུངས་པ་ཁོ་ན་བྲིས། །ཤེས་གསུངས་བའི་ཕྱིར། རྒྱལ་བའི་བསྟན་པ་ཁོ་ནའི་དབང་དུ་བྱས་པའི་བསྟན་བཅོས་ཡིན་ན། ཐར་པ་དོན་གཉེར་རྣམས་ཀྱིས་རྒྱལ་བའི་བཀའ་བཞིན་དུ་སྤྱི་བོར་ལེན་དགོས་པ་ཡིན་ཏེ། དེ་སྐད་དུ་ཡང་རྒྱུད་བླ་མ་ལས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་། །ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་བསྟན་བཅོས་འདི་ཡང་། རྒྱ་གར་དུ། བསྟན་བཅོས་མཛད་པ་པོ་དག་ལ་གྲགས་པའི་བསྟན་བཅོས་རྩོམ་པ་ལ། རབ་ཆོས་ཉིད་ཀྱི་བདེན་པ་མཐོང་བ། འབྲིང་ཡི་དམ་ལྷའི་ལུང་བསྟན་ཐོབ་པ། ཐ་མ་རིག་པའི་གནས་ལྔ་ལ་མཁས་དགོས་པར་བཤད་པ་གསུམ་གྱི་ནང་ནས། དང་པོའི་དོན་ཚང་བ་ཡིན་ཏེ། གོང་དུ་བཤད་པ་ལྟར་ཆོས་སྐུ་ཐུགས་སུ་ཆུད་པའི་ཕྱིར་དང་། ཉིད་ཀྱི་འགྲེལ་པར་ཡང་། ནང་གི་དོན་ཅུང་ཟད་ངེས་པའི་ཕྱིར་འདི་བརྩམས་པ་ལ་སྐྱོན་མེད་དོ། །ཞེས་གསུངས་པས་སོ། །འདི་བརྩམས་པའི་ཚེ་ན་ནང་གི་ཏིང་ངེ་འཛིན་ལ་ཞག་དུ་མར་སྙོམས་པར་འཇུག་ཅིང་། ཕྱི་ནང་གཞན་གསུམ་གྱི་རྣམ་བཞག་གཞུང་ལས་བཤད་པ་དང་། ནང་དུ་འཆར་བ་དོན་གཅིག་པར་རྟོགས་པ་དང་། འདི་དང་དམ་ཚིག་རྒྱ་མཚོ་མཛད་པའི་ཚེ། བླ་མ་དང་ཧེ་རུ་ཀས་བྱིན་གྱིས་བརླབས་པའི་རྟགས་སུ། ནམ་མཁའི་ཁམས་སུ་འཇའ་འོད་དང་། མེ་ཏོག་གི་ཕྲེང་བའི་ཆར་ཆེན་པོ་འབབ་པ་དང་། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་གཟུགས་རྣམས་ཀྱང་དབྱངས་དང་གསལ་བྱེད་ཀྱི་ཡི་གེའི་རྣམ་པར་དངོས་སུ་གཟིགས་པའི་ཕྱིར་ཁུངས་བཙུན་པར་ཤེས་པར་བྱའོ།། ༈ །།གཉིས་པ་ཆེ་བའི་ཡོན་ཏན་དང་ལྡན་པའི་བསྟན་བཅོས་ཉིད་བཤད་པ་ལ་དོན་རྣམ་པ་ལྔ་སྟེ། བར་ཆད་ཞི་ཕྱིར་མཆོད་པར་བརྗོད། བསྟན་བཅོས་རྩོམ་པའི་དམ་བཅའ་བཞག སྐབས་སུ་བབ་པའི་གཞུང་དོན་བཤད། བརྩམས་པའི་དགེ་བ་བྱང་ཆུབ་ཏུ་བསྔོ། བསྟན་བཅོས་རྫོགས་པའི་མཚན་བསྟན་པའོ། །དང་པོ་ལ། བཤད་བྱ་གཞུང་གི་དོན་སྟོན་པ་ཕུན་སུམ་ཚོགས་པ་ལ་ཕྱག་འཚལ་བ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་ཕྱག་འཚལ་བ། རྣམ་པ་དང་བཅས་པའི་སྐུ་ལ་ཕྱག་འཚལ་བ། བདེ་བ་ཆེན་པོའི་སྐུ་ལ་ཕྱག་འཚལ་བ་དང་བཞི་ལས། དང་པོ་ནི། དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། དེ་ཡང་བརྡ་སྤྲོད་ཀྱི་གཞུང་ལུགས་ལྟར་ན། །ཕྱག་འཚལ་ལོ་ཞེས་པ་བཤད་པའི་གཞིར་ཞོག གང་ལ་ན་སྟོན་པ་ཕུན་སུམ་ཚོགས་པ་དཔལ་རྡོ་རྗེ་སེམས་དཔའ་འམ་རྡོ་རྗེ་འཆང་ཆེན་པོ་ལའོ། །དགོས་པ་གང་གི་ཆེད་དུ་ན། །བསྟན་བཅོས་རྩོམ་པའི་དོན་དུའོ། །ཚུལ་ཇི་ལྟར་ན་སྒོ་གསུམ་གུས་པའི་ཚུལ་གྱིས་སོ། །གང་ཟག་གང་གིས་ན། བསྟན་བཅོས་རྩོམ་པ་པོ་ཉིད་ཀྱིས་སོ། །འདིར་ཕྱག་ལའང་གཉིས་ཏེ། བརྡའི་ཕྱག་དང་། དོན་གྱི་ཕྱག་གོ །དང་པོ་ལ། ཡན་ལག་གནས་ལྔ་སར་གཏུགས་པ་དཀྱིལ་འཁོར་ལྔ་པ་དང་། ཡན་ལག་ལྔ་བརྐྱང་པའི་ཕྱག་དང་། གང་ལ་འཚལ་བའི་ཡུལ་གྱི་ཞབས་ལ་གཏུགས་པའི་ཚུལ་སྒྱིད་པ་ནས་འཁྱུད་པའི་ཕྱག་དང་གསུམ་དུ་གྲགས་པ་རྣམས་སོ། །གཉིས་པ་ནི། རང་སེམས་སྟོང་པ་ཉིད་དམ། གནས་ལུགས་ངོ་འཕྲོད་པ་ལ་ཕྱག་གི་དོན་དུ་འདོད་དེ། དེ་སྐད་དུ་ཡང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཕྱག་འཚལ་འདུད་ཅིང་ཕྱག་འཚལ་འདུད། །ཕྱག་འཚལ་ཕྱག་འཚལ་ཕྱག་འཚལ་འདུད། །ཇི་ལྟར་བསྟོད་ཅིང་ཕྱག་འཚལ་བ། །གང་ལ་བསྟོད་ཅིང་གང་གིས་བསྟོད། །ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞིན་དུ། །རང་གིས་རང་གི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་སྟོན་པ་ཕུན་སུམ་ཚོགས་པའི་དོན་ཡང་། འཕྲོས་པའི་དོན་ཅུང་ཟད་བཤད་ན། གཞུང་འདིའི་བཤད་བྱ་ནི། ཚད་ལྡན་གྱི་བཀའ་དང་བསྟན་བཅོས་གཉིས་ཡིན་ལ། བཀའ་ནི་རྒྱུའི་དབང་དུ་བྱས་པ་སྡེ་སྣོད་གསུམ་དང་། འབྲས་བུའི་དབང་དུ་བྱས་པ་རྒྱུད་སྡེ་བཞི་ཡིན་ལ། དེ་དག་གི་ནང་ནས་ཀྱང་འདིར་ཕྱག་གི་ཡུལ་ནི། རྒྱུད་ཐམས་ཅད་ཀྱི་སྟོན་པ་པོ་རྡོ་རྗེ་འཆང་ཆེན་པོའོ། །དེ་ཡང་གང་ལས་ཤེས་ཤེ་ན། འགྲེལ་པར། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས། བློ་གྲོས་མཆོག་ཏུ་གྱུར་པ་རྣམས་ལ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་མྱུར་དུ་ཐོབ་པར་བྱ་བའི་ཕྱིར། ཞེས་སོགས་ལས་ཤེས་སོ། །དེ་ལ་དང་པོ་དཔལ་གྱི་དོན་ནི། འགྲོ་བ་ཀུན་གྱི་མགོན་སྐྱབས་དང་དཔུང་གཉེན་དུ་གྱུར་པས་ན་དཔལ་ཞེས་པའམ། སྲིད་ཞི་ཐམས་ཅད་ཀྱི་དཔལ་དུ་གྱུར་པས་ན་དཔལ་ཞེས་བྱའོ། །དེ་དག་ནི་སྒྲ་དྲང་ཐད་ལེགས་པར་སྦྱར་བའི་ཐ་སྙད་དང་མཐུན་པར་ཡིན་གྱི། ངེས་དོན་ལ་སྦྱར་ན་དཔལ་ཞེས་པ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ལ་བཤད་དགོས་པ་ཡིན་ཏེ། ལེགས་སྦྱར་གྱི་སྐད་དུ། ཤྲཱི་ཧེ་རུ་ཀའི་དོན་འཆད་པ་ན། ཀྱཻ་རྡོ་རྗེ་ལས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། ཞེས་དང་། བཅོམ་ལྡན་འདས་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། ཤྲཱི་ཡིག་འབྱུང་བ་ཀུན་གྱི་དོན། །ཕྱི་དང་ནང་གི་བདག་ཉིད་འདོད། །འདི་དག་ཀུན་རྫོབ་གཟུགས་དང་ནི། །འཇུག་མེད་བདེ་བའི་མཐའ་ཅན་དང་། །ཨེ་ཝཾ་ལ་སོགས་གཉིས་མེད་པའམ། །ཤྲཱི་ཞེས་བྱ་བའི་ཡིག་དེས་བརྗོད། །ཅེས་གསུངས་པས་སོ། །དེ་དག་གི་སྦས་དོན། སངས་རྒྱས་ཡེ་ཤེས་དང་། དམན་པའི་ཞབས་ཀྱིས། ཤྲཱིའི་དོན། བདག་གི་དཔལ་དང་། གཞན་གྱི་དཔལ་དང་། གཉི་གའི་དཔལ་ལམ། ལྷན་ཅིག་སྐྱེས་པའི་དཔལ་དུ་བཤད་ནས། གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་དང་མཐུན་པར་བཞེད་དེ། དེ་ཉིད་ལས། སྟེང་དང་མདུན་དུ་རྩ་གཉིས་ལས། །བཅུ་དྲུག་གནས་སུ་ཡང་དག་གནས། །དེ་ལས་སྙིང་དབུས་རབ་ཞུགས་ཏེ། །རླུང་གི་སྦྱོར་བས་འཕུལ་བྱས་པས། །སྟེང་དང་མདོག་རབ་མཛེས་རྫོགས་སྐུ། །བདག་གི་དཔལ་དུ་ཤེས་པར་བྱ། །དེ་ལས་བྱུང་བའི་དངོས་གྲུབ་ཆེ། །ནོར་བུ་ལ་གནས་རྟོག་བྲལ་བ། །ཐིག་ལེ་ཡིག་མེད་བསྡུས་པའི་སྐུ། །ལྷན་ཅིག་སྐྱེས་པར་ཤེས་པར་བྱ། །དེ་ལ་དེ་ཡི་གཟུགས་ཀྱི་སྐུ། །ནམ་མཁའི་ཁམས་ཀུན་གང་བ་ཡི། །བྲལ་བའི་ཤེས་པས་དོན་བྱེད་པ། །གཞན་གྱི་དཔལ་དུ་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར། ཞེས་བཞེད་དོ། །གཞུང་འདི་དག་གི་དོན་ནི། རླུང་དང་སྦྱར་ནས་གཏུམ་མོ་འབར་བའི་སྟོབས་ཀྱིས་ཧཾ་ལས་འཛག་པའི་བདེ་སྟོང་ཡུལ་དང་ཡུལ་ཅན་དབྱེར་མེད་པའི་ཡེ་ཤེས་ནི་བདག་གཞན་དང་ལྷན་ཅིག་སྐྱེས་པའི་དཔལ་དང་། གཞན་ཡང་། གཟུང་འཛིན་གཉིས་མེད་ཀྱི་གཞིའི་ཡེ་ཤེས་ཀྱང་ཡོན་ཏན་ཐམས་ཅད་སྐྱེ་བའི་གཞི་ཡིན་པས། དཔལ་གྱི་བརྡ་སྦྱར་དུ་རུང་བ་ཡིན་ཏེ། དེ་སྐད་དུ་ཡང་། མདའ་བསྣུན་གྱི་ཞལ་སྔ་ནས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པས་སོ། །གཉིས་པ་རྡོ་རྗེའི་དོན་ལ། ཀུན་རྫོབ་དཔེའི་རྡོ་རྗེ། ཆོས་ཉིད་དོན་གྱི་རྡོ་རྗེ་གཉིས་ལས། དང་པོ་ནི། ལྷ་ལས་ཕུལ་བྱུང་གི་འགྲེལ་པར། སློབ་དཔོན་ཤེས་རབ་གོ་ཆས། སྔོན་ལྷ་དང་ལྷ་མིན་འཐབ་པའི་ཚེ་ན། ལྷ་རྣམས་ལ་མཚོན་ཆ་མེད་པ་ལས། དྲང་སྲོང་ཆེན་པོའི་བུ་ཞོ་འཐུང་ཞེས་པ་ལོ་བྱེ་བ་ཕྲག་བདུན་གྱི་བར་དུ་དཀའ་ཐུབ་ལ་གནས་པ་དེའི་རུས་པ་རྡོ་རྗེར་སོང་བ་ལ་མཚོན་ཆ་རུང་བར་དྲང་སྲོང་ཕུར་བུས་ལུང་བསྟན་ནས། དེ་ལས་བྱས་པའི་རྡོ་རྗེ་རྩེ་ལྔ་སོགས་དབྱིབས་དུ་མ་ཅན་གྱི་ཕྱག་མཚན་བྱས་ནས། བརྒྱ་བྱིན་གྱིས་རྡོ་རྗེ་རྩེ་ལྔ་དང་། ཁྱབ་འཇུག་གིས་དེ་ལས་བྱས་པའི་དབྱུག་པ་བསྣམས་པར་བཤད་དོ། །ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པར། མིའི་ཡུལ་གྱི་རིན་པོ་ཆེ་རྡོ་རྗེ་ཕ་ལམ་ཕྱི་རོལ་གྱི་རྫས་ཕལ་པ་ཐམས་ཅད་འཇོམས་པར་ནུས་ཤིང་། ཚུར་གང་གིས་ཀྱང་གཞིག་མི་ནུས་པ་ཞིག་ཡོད་པས། དབང་ཕྱུག་གི་རྩེ་གསུམ་གྱི་རྒྱུ་ཡང་དེ་ཡིན་པར་བཤད་དོ། །ནོར་བུ་རིན་པོ་ཆེ་རྡོ་རྗེ་ཕ་ལམ་དེ་ནི་སྲ་ཞིང་བརྟན་པའི་རྫས་སུ་ཡོད་པར་མདོ་སྡེ་དུ་མ་ལས་གསུངས་ཏེ། དེ་སྐད་དུ་ཡང་མདོ་ལས། འཇམ་དཔལ་ནོར་བུ་རིན་པོ་ཆེ་རྡོ་རྗེ་ནི། རྡོ་རྗེ་དེ་ཉིད་མ་གཏོགས་པ། གང་གིས་ཀྱང་བཅག་པར་མི་ནུས་སོ། །ཞེས་གསུངས་པ་ལྟ་བུའོ། །གཉིས་པ་ནི། མཚན་འཛིན་གྱི་སྤྲོས་པ་ཐམས་ཅད་ཀྱི་ཡུལ་ལས་འདས་པའི་སྟོང་པ་ཉིད་དང་། དེ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལ་རྡོ་རྗེར་བརྗོད་དེ། སྤྲོས་པའི་མཚན་མ་གང་གིས་ཀྱང་གཞིག་པར་མི་ནུས་ཤིང་། མཚན་འཛིན་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་ཏེ། དེ་སྐད་དུ་ཡང་། བཤད་རྒྱུད་རྡོ་རྗེ་རྩེ་མོ་ལས། །རྡོ་རྗེ་རྡོ་རྗེ་ཞེས་གསུངས་པ། །ཅི་ཕྱིར་རྡོ་རྗེར་བརྗོད་པར་བྱ། །སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །བཅད་དང་གཞིག་པར་བྱ་བ་མིན། །བསྲེག་པར་བྱ་མིན་འཇིག་མེད་པས། །སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། །འགྲོ་དྲུག་འཁོར་ལོ་སྤོང་བྱེད་ཅིང་། །སྡིག་པ་དྲལ་བར་བྱེད་པ་ཡི། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཉོན་མོངས་ཐམས་ཅད་སེལ་བར་བྱེད། །ཅེས་དང་། རྣམ་པར་འཇོམས་པའི་རྒྱུད་ལས། མི་ཆོད་པའི་རྡོ་རྗེ། མི་ཤིགས་པའི་རྡོ་རྗེ་སོགས་ཆོས་བདུན་ལྡན་དུ་བཤད་པ་དང་། །མཚན་ཡང་དག་པར་བརྗོད་པ་ལས། །རྡོ་རྗེ་སྙིང་པོ་ལྤགས་པ་མཁྲེགས། །ཤེས་སོགས་གསུངས་པས་སོ། །དེ་ཡང་རྡོ་རྗེ་སེམས་དཔའ་ཞེས་རྟེན་དང་བརྟེན་པ་སྦྱར་བའི་དབང་དུ་བྱས་ན། རྡོ་རྗེ་ནི་གཞོམ་དུ་མེད་པའི་དོན་དམ་ཆོས་ཀྱི་སྐུ་དང་། སེམས་དཔའ་ནི་གཞན་སྣང་གཟུགས་ཀྱི་སྐུར་བཤད་ན་ལེགས་པ་ཡིན་ཏེ། ཇི་སྐད་དུ། རྣལ་འབྱོར་ཆེན་པོའི་བཤད་རྒྱུད་རྡོ་རྗེ་རྩེ་མོ་ལས། །ཅི་ཕྱིར་རྡོ་རྗེ་སེམས་དཔའ་ཡིན། །བྱང་ཆུབ་མཆོག་གི་ཡེ་ཤེས་གང་། །དེ་ནི་རྡོ་རྗེ་ངེས་པར་བརྗོད། །ཡེ་ཤེས་རྡོ་རྗེ་ལས་བྱུང་བ། །དེ་ནི་རྡོ་རྗེ་སེམས་དཔར་བརྗོད། །ཅེས་གསུངས་པ་དང་། ཀྱཻ་རྡོ་རྗེ་ལས། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། །སེམས་དཔའ་སྲིད་པ་གསུམ་གཅིག་པ། །འདིས་ནི་ཤེས་རབ་རིགས་པ་ཡིས། །རྡོ་རྗེ་སེམས་དཔའ་ཞེས་བྱར་བརྗོད། །ཅེས་གསུངས་པས་སོ། །རྡོ་རྗེ་འཆང་ཞེས་པ་ལ་སྦྱར་ན། རྡོ་རྗེ་ནི་གོང་དུ་གསུངས་པའི་དོན་དམ་པའི་རྡོ་རྗེ་དེ་ཉིད་ཡིན་ལ། བཛྭ་དྷ་ར་ཞེས་པའི་སྒྲ་ལས་དྲངས་ན། རྡོ་རྗེ་འཆང་ལ་འཇུག་ལ། འཛིན་པ་དང་འཆང་བ་ནི་སྒྲ་གཅིག་པས་ན་རྡོ་རྗེ་འཆང་ངོ་། །དེ་ལ་འཛིན་པ་དང་འཆང་བའི་དོན་ཡང་ཡུལ་དང་ཡུལ་ཅན་དབྱེར་མེད་དུ་རྟོགས་པ་ལ་བྱའི། ལག་པས་རྫས་འཛིན་པ་ལྟ་བུ་ནི་མ་ཡིན་ནོ། །ཡང་རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཕུན་སུམ་ཚོགས་པའི་དབང་དུ་བྱས་ན། ཨེ་ཝཾ་མ་ཡ་ཞེས་པའི་ཡི་གེ་གཉིས་ཀྱི་དོན་ཚང་ལ། ཨེ་ཡིག་ནི་བདེ་སྟོང་དབྱེར་མེད་དུ་རྟོགས་པའི་སྐུ་གསུང་ཐུགས་ཀྱི་སྐུ་དང་། ཝཾ་ཡིག་ནི་བདེ་བ་དང་སྟོང་པ་དབྱེར་མི་ཕྱེད་པའི་དོན་དམ་ཆོས་ཉིད་ཀྱི་རྡོ་རྗེ་ལ་བརྗོད་དེ། རྡོ་རྗེ་སྙིང་འགྲེལ་དུ། རྩ་རྒྱུད་འབུམ་ལྔའི་ལུང་དྲངས་པ་ལས། ཇི་སྐད་དུ། མི་ཕྱེད་རྡོ་རྗེ་ཞེས་བཤད་གང་། །ཝཾ་ཡིག་ཡི་གེར་དེ་རབ་གྲགས། །སྐུ་གསུང་ཐུགས་ནི་མི་ཕྱེད་པ། །ཡི་གེ་ཝཾ་གྱིས་མངོན་བརྗོད་བྱ། །སེམས་དཔའ་སྲིད་གསུམ་གཅིག་ཉིད་ནི། །ཡི་གེ་ཨེ་ཡིས་བརྗོད་པར་བྱ། །ཨེ་ཡིག་ཤེས་རབ་དང་ལྷན་ཅིག། །ཝཾ་ཡིག་རིགས་གསུམ་བདག་ཉིད་ཅན། །ཞེས་གསུངས་པས་སོ། །ཐབས་དང་ཤེས་རབ་ཀྱི་ཆ་ནས་སྦྱར་ན། ཐབས་ཀྱི་རྡོ་རྗེ་དང་། ཁུ་བ་དང་། ཟླ་བ་རྣམས་ནི་ཝཾ་ཡིག་དང་། ཤེས་རབ་ཀྱི་པདྨ་དང་། རྡུལ་དང་། ཉི་མ་རྣམས་ནི་ཨེ་ཡིག་ཏུ་བརྗོད་དགོས་ཏེ། ཇི་སྐད་དུ། དུས་འཁོར་འགྲེལ་ཆེན་ལས། འདིར་ཁུ་བ་དང་ཟླ་བ་ནི་ཝཾ་ཡིག་སྟེ་རྡོ་རྗེའོ། །རྡུལ་དང་ཉི་མ་ནི་ཨེ་ཡིག་སྟེ་པདྨའོ། །ཞེས་པ་དང་། སྒྲོན་གསལ་ལས། ཨེ་ནི་པདྨ་ཞེས་བཤད་ལ། །ཝཾ་ནི་རྡོ་རྗེ་ཉིད་ཡིན་ནོ། །ཐིག་ལེ་དེ་ནི་ས་བོན་ཏེ། །དེ་ལས་འགྲོ་བ་རྣམ་གསུམ་སྐྱེ། །ཞེས་གསུངས་པས་སོ། །སྦས་པའི་ཚུལ་གྱིས་བཤད་ན། །ཨེ་ཡིག་ནི་ཕྱག་རྒྱའི་བྷ་ག །ཝཾ་ནི་ཐབས་ཀྱི་རྡོ་རྗེ། མ་ཡ་ནི་སྙོམས་པར་ཞུགས་ནས་བསྐྱོད་པ། ཐོས་པ་འཛག་བདེའི་ངོ་བོ། དེ་མངོན་དུ་བྱ་བའི་དུས་གཅིག་ན། བཅོམ་ལྡན་འདས་ནི་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་སོགས་ཏེ། ཇི་སྐད་དུ་ནག་པོ་པས། ཡི་གེ་ཨེ་ནི་བྷ་གར་གསུངས། །ཝཾ་གྱི་རྣམ་པ་རྡོ་རྗེར་དྲན། །མ་ཡ་ཞེས་པ་བསྐྱོད་པར་བསྟན། །ཞེས་དང་། ཐོས་པ་ལྷན་ཅིག་སྐྱེས་པར་བཤད། །ཅེས་གསུངས་པས་སོ། །མཐར་ཐུག་པའི་ཚུལ་གྱིས་བཤད་ན། སྐད་ཅིག་གིས་རྩ་འཁོར་ལོ་བཞིའི་དབུས་སུ་གཙུག་ཏོར་འཁོར་ལོ་ནས་རྡོ་རྗེ་ནོར་བུའི་བར་དུ་རིམ་པ་བཞིན་དུ་ལས་ཀྱི་རླུང་བཀག་ནས་བྱང་སེམས་ནོར་བུའི་བར་དུ་འབབ་པ་ལ། ཨེ་ཡིག་བྷ་གའི་དོན་དང་། ནོར་བུ་ནས་གཙུག་ཏོར་གྱི་བར་ལུགས་བཟློག་ཏུ་ལྟེ་བར་རྒྱུ་མཐུན་པའི་འབྲས་བུ། སྙིང་གར་རྣམ་སྨིན་གྱི་འབྲས་བུ། མགྲིན་པར་སྐྱེས་བུ་བྱེད་པའི་འབྲས་བུ། དཔྲལ་བར་དྲི་མ་དང་བྲལ་བའི་འབྲས་བུའི་ཚུལ་གྱིས་ཞུགས་པས། མཐར་ཐུག་འབྲས་བུ་གྲུབ་པ་ན་ཝཾ་ཡིག་གི་དོན་ནོ། །གཞན་སྣང་ལ། ཨེ་ཝཾ་མ་ཡཱ་ཤྲུ་ཏཾ་ཨེ་ཀསྨིནྶ་མ་ཡེ་བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྩིཏྟ་བཛྭ་ཡོ་ཥིབྷ་གེ་ཥུ་བི་ཛ་ཧཱ་ར། ཞེས་པའི་ཡི་གེ་སོ་བདུན་པོ་རྣམས། ཀྱེ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ལྷ་སོ་བདུན་པོ་རྣམས་སུ་འགྱུར་བའམ། ཡང་ན། ཇི་སྐད་དུ། དང་པོར་ཨེ་ཡིག་ལ་སོགས་པ། །བཞི་ཡིས་ཞབས་བཞི་དག་ཏུ་བསྒྱུར། །དེ་ཡི་འོག་ཏུ་ཤྲུ་ཡིག་སོགས། །བརྒྱད་ཀྱིས་ཀྱང་ནི་ཞལ་བརྒྱད་དོ། །བྷ་སོགས་བཅུ་དྲུག་དག་གིས་ཀྱང་། །ཕྱག་ནི་བཅུ་དྲུག་རྣམས་ཀྱིས་བརྒྱན། །ཡོ་ཡིག་ལ་སོགས་བརྒྱད་ཀྱིས་ནི། །ཉི་ཤུ་རྩ་བཞིའི་སྤྱན་དང་ལྡན། །ར་ཡིག་འགྱུར་མེད་ཀྱཻ་རྡོ་རྗེ། །སུམ་ཅུ་རྩ་དྲུག་དང་ལྡན་གཙོ། །སྡོམ་བར་དཔའ་བོ་དཔའ་མོ་དང་། །འདུས་པར་སུམ་ཅུ་རྩ་གཉིས་བཞིན། །ཨེ་ཝཾ་གཉིས་མེད་རྣལ་འབྱོར་གྱིས། ཁ་སྦྱོར་གྱིས་ནི་བཞུགས་པའི་གཙོ། །བདག་མེད་མར་བཅས་དཔའ་བོ་ནི། །འགྲོ་བའི་བླ་མར་བདག་ཕྱག་འཚལ། །ཞེས་གསུངས་པ་ལྟར་རོ། །མདོར་ན་ཨེ་ཝཾ་ཡིག་གཉིས་འདི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་རྒྱུད་ཐམས་ཅད་ཀྱི་མདོར་བསྟན་དུ་བཞག་པ་ཡིན་ཏེ། ཕྱི་ནང་གཞན་གསུམ་གྱི་རྣམ་བཞག་ཐམས་ཅད་ཀྱང་འདི་ལ་མ་འདུས་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །འདི་ལ་ཡང་། ཡི་གེ་དང་། སྤྱི་དང་། སྦས་པ་དང་། མཐར་ཐུག་སྟེ་ཚུལ་བཞིས་བཤད་ན། ཡི་གེ་ནི་འདི་སྐད་བདག་ཐོས་ཀྱི་དོན་ནོ། །སྤྱིའི་ཚུལ་ནི། ཨེ་ཡིག་གནས་ཕུན་སུམ་ཚོགས་པ་དང་། ཝཾ་ཡིག་ནི་སྟོན་པ་ཕུན་སུམ་ཚོགས་པའི་དོན་དང་། ཡི་གེ་ལྷག་མ་རྣམས་ནི་འཁོར་རོ། །དེ་ཡང་ཨེ་ཡིག་ནི་རྡོ་རྗེ་བཙུན་མོའི་བྷ་ག །ཝྃ་ཡིག་ནི་བཅོམ་ལྡན་འདས་སོ། །ལྷག་མ་རྣམས་ནི་འཁོར་དུ་བཤད་པའོ། །སྦས་པའི་ཚུལ་གྱིས་བཤད་ན། །ཨེ་ཡིག་ནི་སྟོང་པ་ཉིད་དང་། ཝྃ་ཡིག་ནི་བདེ་བ་ཆེན་པོའོ། །ཡང་སྔར་བཤད་པ་ལྟར། ཨེ་ཝཾ་མ་ཡ་ཞེས་རྡོ་རྗེ་པདྨ་བསྐྱོད་པའོ། །མཐར་ཐུག་ནི་ལྷན་སྐྱེས་སྒོམ། དགའ་བདེ་མྱོང་། འབྲས་བུ་ཐོབ་པ་ཡིན་ཏེ། ཇི་སྐད་དུ་སྒྲོན་གསལ་ལས། འཁོར་ལོ་སྤྲུལ་པའི་ངོ་བོ་ལ། །བདག་གིས་ཐོས་པ་ཞེས་གསུངས་ཏེ། །ས་བོན་ངོ་བོས་གང་སྤྲུལ་པ། །ལྷ་རྣམས་ཀྱི་ནི་འཁོར་ལོ་མཆོག །མཆོག་ཏུ་དགའ་བའི་དུས་གང་ཡིན། །དུས་གཅིག་ན་ཞེས་བཤད་པ་ཡིན། །དབང་ཕྱུག་བརྒྱད་ཀྱིས་བཅོམ་ལྡན་འདས། །བདེ་བ་ཆེན་པོའི་གནས་ལ་བཞུགས། །འདི་ཡི་ཕུང་པོ་ལྔ་རྒྱལ་བ། །དེ་བཞིན་གཤེགས་པ་ཐམས་ཅད་ཡིན། །དེ་ཡི་བདག་ཉིད་སྐུ་གསུང་ཐུགས། །རྡོ་རྗེའི་ཐུགས་འདིར་བདེ་ཆེན་པོ། །བཙུན་མོ་ལེགས་སྦྱངས་ཕྱག་རྒྱ་སྟེ། །ལེགས་སྦྱངས་པདྨ་བྷ་ག་ཡིན། །བཞུགས་པ་རྡོ་རྗེ་འཛིན་པ་དེར། །ཐིག་ལེའི་གཟུགས་ཀྱིས་གནས་པའོ། །ཞེས་གསུངས་པའི་ཕྱིར་རོ། །འདི་ལ་ཡང་ཨེ་ཝཾ་གཟུགས་སུ་སྒྲུབ་པ་དང་། །སྒྲས་སྒྲུབ་པ་ནི་གུད་དུ་བཤད་པར་བྱའོ། །གཉིས་པ་བླ་མ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་བ་ལ། སྤྱིའི་དོན་དང་། ཡན་ལག་གཞུང་གི་དོན་རྣམ་པ་གཉིས་ལས། དང་པོ་ནི། བླ་མ་ཞེས་པའི་དོན། མཆོག་ཏུ་གྱུར་པ། གོང་ན་མེད་པ། ཟླ་མེད་པ་ལ་སོགས་པའི་དོན་དུ་བཤད་ལ། དེ་ཡང་ལེགས་སྦྱར་གྱི་སྐད་དུ། གུ་རུ་ཞེས་པའི་སྒྲ་ལས་དྲངས་ན། གུ་ཎ་ཞེས་པ་ཡོན་ཏན་ཡིན་ལ། ཨཱ་ཀ་ར་འབྱུང་གནས་ཏེ། ར་ཡོད་པས་རུར་འགྱུར་ལ། དེས་ན་གུ་རུ་སྟེ་ཡོན་ཏན་གྱི་འབྱུང་གནས་ཞེས་སྦྱར་རོ། །ཡང་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པར་སྤངས་པའི་སངས་རྒྱས་ནི། ཁམས་གསུམ་ལས་འདས་ཤིང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལས་མཆོག་ཏུ་གྱུར་པའི་དོན་གྱིས་ན། བླ་མ་སྟེ། དེ་སྐད་དུ་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས། སྦྱོང་བ་དང་ནི་རྟོགས་པ་དང་། །ཡེ་ཤེས་དང་ནི་ཕྲིན་ལས་ཀྱིས། །ཉན་ཐོས་རང་སངས་རྒྱས་ཀུན་གྱི། །བླ་མ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པས་སོ། །མདོར་ན་དཔལ་ལྡན་བླ་མ་ཞེས་པའི་དོན། དཔལ་ནི་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ལ། དེ་རང་གཞན་གང་ལ་གནད་དུ་བསྣུན་པའི་མན་ངག་གིས་ངོ་འཕྲོད་པར་མཛད་པ་དེ་ཉིད་དཔལ་ལྡན་བླ་མ་ཡིན་ཏེ། ཇི་སྐད་དུ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། དཔལ་ལྡན་སློབ་དཔོན་ཞེས་ནི་བརྗོད། །ནང་ནི་གསང་འདུས་ལ་རབ་དགའ། །ཕྱི་རོལ་ཉན་ཐོས་ལ་སྤྱོད་པ། །ཞེས་སོ། །དེ་ལ་ནང་གི་འདུས་པ་ནི། ཐབས་ཤེས་དབྱེར་མེད་དང་། བདེ་སྟོང་འདྲེས་པ་ལ་བརྗོད་དེ། རྡོ་རྗེ་ཕྲེང་བར། འདུས་པ་འདྲེས་པ་ཞེས་ནི་བཤད། ཅེས་གསུངས་པ་དང་། འཇམ་དཔལ་ཞལ་གྱི་ལུང་ལས། དེ་བས་དེ་དག་ཐམས་ཅད་ཀྱང་། །ཡང་དག་མིན་པས་དགྲ་དང་བཅས། །འོག་མ་འོག་མའི་རྣལ་འབྱོར་བློ། །གོང་མ་གོང་མ་ཁྱད་པར་འཕགས། །འོག་མའི་བློ་ནི་གོང་མ་ཡིས། །ཤེས་རབ་ཀྱིས་ནི་སུན་འབྱིན་ཏོ། །དེ་བས་གོང་མའི་རིམ་པ་ཡིས། །ལྷན་ཅིག་སྐྱེས་པའི་སློབ་དཔོན་གྱིས། །བྱིན་གྱིས་བརླབས་པ་ཡང་དག་བྱས། །གསལ་ཞིང་རབ་དག་ནམ་མཁའ་འདྲ། །རང་བྱུང་ལྷག་པའི་ལྷ་ཆེན་པོ། །ཞེས་གསུངས་པ་དང་། འཕགས་པ་ལྷས། བསྐལ་པ་བྱེ་བ་དུ་མ་རུ། །ཐོས་པའི་ཕ་རོལ་སོན་གྱུར་ཀྱང་། །བླ་མའི་ལུང་དང་བྲལ་བ་ཡིས། །བདག་བྱིན་བརླབས་པ་རྙེད་མི་འགྱུར། །ཞེས་དང་། ཁ་སྦྱོར་གྱི་རྒྱུད་ལས། ཇི་ལྟར་ནང་དུ་རྣམ་གནས་པ། །བླ་མའི་ཞལ་ལས་རྙེད་པར་འགྱུར། །ཞེས་གསུངས་པས་སོ། །བླ་མ་དེ་ལ་ཡང་རྒྱུད་ལ་ཡོན་ཏན་བསྐྲུན་ཚུལ་གྱི་སྒོ་ནས་དབྱེ་ན། དབང་བསྐུར། རྒྱུད་བཤད། མན་ངག་གནང་བ་གསུམ་ལྡན་གྱི་བླ་མ་དང་། རེ་རེ་དང་གཉིས་ལ་གཅིག་ལྡན་དང་གཉིས་ལྡན་གྱི་བླ་མའི་ཐ་སྙད་རྒྱུད་ནས་གསུངས་པ་ལྟར། སངས་རྒྱས་ཡེ་ཤེས་ཞབས་དང་། འཇམ་དཔལ་གྲགས་པས་བཤད་པ་བཞིན། རྗེ་ཉིད་ཀྱི་དམ་ཚིག་རྒྱ་མཚོ་ལས་རྒྱས་པར་གསུངས་པ་རྣམས་ལས་ཤེས་པར་བྱའོ། །འདི་དག་ནི་དྲུང་འཇམ་དབྱངས་ཆེན་པོའི་གསུང་སྒྲོས་ཇི་ལྟ་བ་བཞིན་བསྡུས་པ་ཡིན་ནོ། །གཞུང་འདིར་ནི་རང་གི་བླ་མ་ལ་ཡང་སངས་རྒྱས་ཀྱི་ཡོན་ཏན་དང་ལྡན་པའི་ཚུལ་གྱིས་བསྟོད་པའམ། ཡང་ན་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་བླ་མ་ནི་སངས་རྒྱས་ཉིད་ཡིན་པས་དེ་ལ་བསྟོད་པ་ཡིན་ཏེ། ཐམས་ཅད་མཁྱེན་པ་སོགས་ཆོས་བཞི་ག་དང་ལྡན་པ་སངས་རྒྱས་ལས་གཞན་མ་དམིགས་པའི་ཕྱིར། དེ་ལ་ཐམས་ཅད་མཁྱེན་པ་ནི་སྤྱིར་བཏང་དུ་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པ་ཡིན་ལ། གཟིགས་པ་ནི། གཞན་གྱི་བརྡ་དང་རྣམ་རིག་ལ་བརྟེན་ནས་གོ་བ་ཙམ་མ་ཡིན་པར། ལག་མཐིལ་ན་སྐྱུ་རུ་ར་བཞག་པ་ལྟར་སྒྲིབ་པ་མེད་པར་མངོན་སུམ་དུ་གཟིགས་པའོ། །དེ་ཉིད་སྟོན་པ་ནི། མཁྱེན་དང་བརྩེ་དང་ནུས་པར་ལྡན། །ཞེས་པ་ལྟར། རང་གིས་མཁྱེན་པ་ལྟར་གཞན་ལ་སྟོན་ནུས་པའི་ཡོན་ཏན་ནོ། །འོ་ན་རང་གིས་མཁྱེན་པ་ལྟར་གཞན་ལ་གསུང་གིས་མི་སྟོན་པ་ཡོད་དམ་ཞེ་ན། ཡོད་དེ། རང་སངས་རྒྱས་དགྲ་བཅོམ་པ་རྣམས་ཀྱིས་གང་ཟག་གི་བདག་མེད་དང་། བཟུང་བ་ཕྱི་རོལ་གྱི་དོན་བདེན་མེད་ཙམ་ཞིག་མཁྱེན་ཡང་། རང་གིས་མཁྱེན་པ་ལྟར་གཞན་ལ་གསུང་གིས་མི་སྟོན་པས། བདག་ཅག་གི་བླ་མ་ཐམས་ཅད་མཁྱེན་པ་ནི་དེ་ལྟ་བུ་མ་ཡིན་ནོ། །ཞེས་པའོ། །སྐབས་འདིར། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཇི་སྙེད་པ་མཁྱེན་པ་དང་། ཐམས་ཅད་གཟིགས་པ་ནི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་སུ་བཤད་ནའང་ཤིན་དུ་སྐབས་དོན་དུ་འགྱུར་རོ། །མཁྱེན་པའི་ཚུལ་ལ། སློབ་དཔོན་ཡེ་ཤེས་སྙིང་པོས། ཇི་ལྟ་དང་ཇི་སྙེད་གཉིས་ཀྱང་སངས་རྒྱས་ལ་མཉམ་རྗེས་རྫས་ཐ་དད་མེད་པས་རྫས་སྐད་ཅིག་མ་གཅིག་ཡིན་ལ། འོན་ཀྱང་སྐད་ཅིག་མ་གཅིག་ལ་མཉམ་བཞག་གིས་ཆོས་ཉིད་ཇི་ལྟ་བ་རྟོགས་ལ། རྗེས་ཐོབ་ཀྱིས་ནི་ཆོས་ཅན་ཇི་སྙེད་པ་མཁྱེན་པར་བཞེད་དེ། ཇི་སྐད་དུ། བདེན་གཉིས་ལས། མཁྱེན་པའི་སྐད་ཅིག་གཅིག་གིས་ནི། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་གསུངས་པས་སོ།། ༈ །།གཉིས་པ་ལ། རྩ་བ་བཀོད་པ་དང་། ཚིག་དོན་བཤད་པ་གཉིས་ལས། དང་པོ་ནི། ཐམས་ཅད་མཁྱེན་ཞིང་ཐམས་ཅད་གཟིགས། །ཕྱི་ནང་གཞན་གསུམ་དེ་ཉིད་སྟོན། །གནས་སྐབས་བཞི་ཡི་འཁྲུལ་པ་སེལ། །དཔལ་ལྡན་བླ་མ་ལ་ཕྱག་འཚལ། །ཞེས་པའོ། །གཉིས་པ་ནི། ཕྱག་འཚལ་ལོ་ཞེས་པ་བཤད་པའི་གཞིར་ཞོག །ཁྱད་གཞི་གང་ལ་ཕྱག་འཚལ་ན། རྒྱུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འབྲས་བུ་སྐུ་བཞི་དང་བཅས་པ་ནི། འགྲོ་བ་ལྷ་མི་ཀུན་གྱི་དཔལ་ཡིན་ལ། བདེ་དང་རང་གཞན་ལྡན་པའམ། འཕྲོད་པར་བྱེད་པའི་དོན་གྱིས་ན་དཔལ་ལྡན། དེའི་གོང་ན་གཞན་མེད་པས་ན་བླ་མ་ལའོ། །དེ་ལ་ཁྱད་ཆོས་ཀྱི་ཡོན་ཏན་ནི་ཤེས་བྱ་ཐམས་ཅད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་མཁྱེན་ཞིང་ཐུགས་སུ་ཆུད་པའི་ཡོན་ཏན་དང་། མཁྱེན་པ་དེ་ཡང་། གཞན་གྱི་བརྡ་དང་། རྣམ་རིག་ལ་བརྟེན་ནས་གོ་བ་ཙམ་མ་ཡིན་པར་སྐྱུ་རུ་ར་རློན་པ་ལག་མཐིལ་ན་བཞག་པ་ལྟར། ཤེས་བྱ་ཐམས་ཅད་ཀྱི་མཚན་ཉིད་སྒྲིབ་པ་མེད་པར་མངོན་སུམ་དུ་གཟིགས་པའི་རང་དོན་གྱི་ཡོན་ཏན་དང་། གཞན་དོན་གྱི་ཡོན་ཏན་ཕྱི་འཇིག་རྟེན་གྱི་ཁམས་དང་། ནང་རྡོ་རྗེའི་ལུས་དང་། གཞན་མ་སྨིན་པ་སྨིན་པར་བྱེད་པ་དབང་དང་། སྨིན་པ་གྲོལ་བར་བྱེད་པའི་ལམ་བསྐྱེད་པའི་རིམ་པ་དང་། རྫོགས་རིམ་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་མན་ངག་བདེན་གཉིས་དབྱེར་མེད་ཀྱི་དོན་གསུམ་གྱི་དེ་ཁོ་ན་ཉིད་རང་གིས་རྟོགས་པ་ལྟར་མ་ནོར་བར་གཞན་ལ་སྟོན་པར་མཛད་ཅིང་། བསྟན་ནས་ཀྱང་དེའི་བྱེད་ལས། གཉིད་འཐུག་པོ་དང་། རྨི་ལམ་དང་། སྙོམས་འཇུག་དང་། ཐ་མལ་སད་པའི་གནས་སྐབས་བཞིའི་འཁྲུལ་པ་བསལ་ནས། འབྲས་བུ་སྐུ་བཞི་ལ་སྦྱོར་ནུས་པའི་ཡོན་ཏན་དང་ལྡན་པའོ། །གསུམ་པ་ལ། སྤྱིའི་དོན་དང་། ཡན་ལག་གཞུང་གི་དོན་གཉིས་ལས། དང་པོ་ནི། ཚིགས་སུ་བཅད་པ་གཉིས་པ་འདི་ནི། བསྟན་བཅོས་ལུས་དང་མཐུན་པའི་མཆོད་བརྗོད་ཡིན་ཏེ། འདིའི་ཕྱག་གི་ཡུལ་ནི། གཞི་ལམ་འབྲས་བུ་གསུམ་གྱི་གནས་སྐབས་ཐམས་ཅད་དུ་ཁྱབ་བྱེད་དུ་འཇུག་པའི་བདེ་བ་ཆེན་པོ་ཉིད་ཡིན་པའི་ཕྱིར། དེ་ལྟ་བུའི་བདེ་བ་ཆེན་པོ་དེ་ཉིད་མ་དག་པའི་གནས་སྐབས་སུ་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་པ་དང་། རྩ་རླུང་ཐིག་ལེའི་རྣམ་པ་དང་། སད། རྨི། གཉིད་འཐུག །ཆགས་པ་སྙོམས་འཇུག་གི་གནས་སྐབས་སྣ་ཚོགས་སུ་སྣང་ཞིང་། དག་ལ་མ་དག་པའི་གནས་སྐབས་ན་དེའི་གནད་ཇི་ལྟ་བ་བཞིན་དུ་ཤེས་ནས་བསྒོམས་པས། དེ་དག་ལམ་གྱི་དམིགས་པ་དང་། ལམ་གྱི་གྲོགས་སུ་གྱུར་ནས་དག་པའི་སྣང་བ་སྣ་ཚོགས་པ་འཆར་ཞིང་། འབྲས་བུ་སྐུ་བཞིའི་རྒྱུར་འགྱུར་རོ། །ཤིན་ཏུ་རྣམ་དག་གི་གནས་སྐབས་སུ། སྐུ་བཞི་མངོན་དུ་གྱུར་ཅིང་དོན་གཉིས་ལྷུན་གྱིས་གྲུབ་པས། གཞན་ངོར་གཟུགས་ཀྱི་སྐུ་དུ་མའི་སྣང་བ་འཆར་ནུས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །མདོར་ན་གཞི་ལམ་འབྲས་བུའི་འཆར་ཚུལ་སྣ་ཚོགས་པ་འདི་ཡང་བདེ་བ་ཆེན་པོའི་ཡེ་ཤེས་གཅིག་གི་རྣམ་འགྱུར་ཏེ། དེ་སྐད་དུ་ཡང་། ཧེ་བཛྭ་ལས། རིགས་ནི་ལྔ་པོ་དེ་ཉིད་ལས། །སྟོང་ཕྲག་དུ་མ་སྐྱེས་པ་ཉིད། །དེ་ཕྱིར་འདི་དག་རང་བཞིན་གཅིག །བདེ་ཆེན་མཆོག་ཏུ་རྟག་པ་ཉིད། །ཅེས་པ་དང་། རྣལ་འབྱོར་མ་ཀུན་དུ་སྤྱོད་པ་ལས། གང་དུ་བདེ་ཆེན་ཞེས་བྱ་གཅིག་བུ་ཉིད། །གཅིག་བུ་ཉམས་ནི་དུ་མས་གར་མཛད་དོ། །ཞེས་པ་དང་། གསང་བ་འདུས་པའི་རྩ་རྒྱུད་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས། །རྡོ་རྗེའི་སྐྱེ་མཆེད་ཉིད་དག་ཀྱང་། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་གསུངས་པའི་ཕྱིར། གཉིས་པ་ལ། རྩ་བ་བཀོད་པ་དང་། ཚིག་དོན་བཤད་པ་གཉིས་ལས། དང་པོ་ནི། ལྷན་སྐྱེས་གཅིག་དངོས་གཉིས་ཀྱི་བདག །སྐུ་གསུམ་རྩ་རླུང་ཐིག་ལེ་ཅན། །གནས་སྐབས་བཞི་པོ་སྐུ་བཞི་ཉིད། །སྐུ་ལྔའི་བདག་ཉིད་ལ་ཕྱག་འཚལ། །ཞེས་པའོ། །གཉིས་པ་ནི། ཕྱག་འཚལ་ཞེས་པ་བཤད་པའི་གཞི། ཁྱད་གཞི་གང་ལ་ཞེ་ན། ཆོས་སྐུ་དང་། ལོངས་སྐུ་དང་། སྤྲུལ་པའི་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་དང་། བདེ་བ་ཆེན་པོའི་སྐུ་དང་ལྔའི་བདག་ཉིད་དམ། ཡང་ན། གཟུགས་ལ་སོགས་པ་ཕུང་པོ་ལྔའི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམ་པར་སྣང་མཛད་དང་། མེ་ལོང་ལྟ་བུའི་ཡེ་ཤེས་མི་བསྐྱོད་པའམ། རྡོ་རྗེ་སེམས་དཔའ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་རིན་ཆེན་འབྱུང་ལྡན་དང་། སོ་སོར་རྟོག་པའི་ཡེ་ཤེས་འོད་དཔག་ཏུ་མེད་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་དོན་ཡོད་གྲུབ་པ་དང་ལྔའི་བདག་ཉིད་སངས་རྒྱས་ལའོ། །ཁྱད་ཆོས་ནི། ལྷན་ཅིག་སྐྱེས་པ་གཅིག་གི་དངོས་པོ་ནི་སེམས་ཅན་ཐམས་ཅད་ལ་དབྱེ་བ་མེད་པར་དྲི་མ་དང་བཅས་ཏེ་གནས་པ་དྲི་བཅས་ཀྱི་ཆོས་སྐུ་ཕྲིན་ལས་དང་བཅས་པ་ཡིན་ལ། དེ་ཡང་ཐབས་ཤེས་རབ་དང་། ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་ཅན་གྱི་འབྲས་བུ་དྲི་མ་མེད་པ་ཆོས་ཀྱི་སྐུ་དང་། ཀུན་རྫོབ་པ་གཟུགས་ཀྱི་སྐུ་གཉིས་སེམས་ཅན་དང་། ལམ་པའི་དུས་ན་དྲི་བཅས་དང་། སངས་རྒྱས་ཀྱི་དུས་ན་དྲི་མེད་དུ་གནས་པའོ། །གཉིད་འཐུག་པོ་དང་སྙོམས་འཇུག་ལས་སྐྱེས་པའི་བདེ་བ་ཆེན་པོའི་གནས་སྐབས་ནི་ཆོས་ཀྱི་སྐུ་དང་། རྨི་ལམ་གྱི་གནས་སྐབས་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཐ་མལ་གྱི་གནས་སྐབས་ནི་སྤྲུལ་པའི་སྐུ་སྟེ། སྐུ་གསུམ་གྱི་བདག་ཉིད་དང་། རྩ་ནི་སྐུ་རྡོ་རྗེ་དང་། རླུང་ནི་གསུང་རྡོ་རྗེ་དང་། ཐིག་ལེ་ནི་ཐུགས་རྡོ་རྗེ་སྟེ་རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་ཡིན་པས་སམ། ཡང་ན། གཉིད་འཐུག་པོའི་གནས་སྐབས་ནི། ཆོས་ཀྱི་སྐུ་དང་། རྨི་ལམ་གྱི་གནས་སྐབས་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང་། སད་པ་ཐ་མལ་གྱི་གནས་སྐབས་ནི་སྤྲུལ་པའི་སྐུ་དང་། ཆགས་པ་སྙོམས་འཇུག་གི་གནས་སྐབས་ནི་ཡེ་ཤེས་སམ་བདེ་བ་ཆེན་པོའི་སྐུ་སྟེ། སྐུ་བཞི་དང་ལྡན་པའོ། །བཞི་པ་ལ། སྤྱིའི་དོན་དང་། ཡན་ལག་གཞུང་གི་དོན་གཉིས་ལས། དང་པོ་ནི། ཚིགས་སུ་བཅད་པ་འདི་ཡང་བསྟན་བཅོས་ལུས་དང་མཐུན་པའི་མཆོད་བརྗོད་དེ། དེ་ལྟ་བུའི་ཕྱག་གི་ཡུལ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་རང་བཞིན་གྱི་དྲི་མ་རྣམ་པར་དག་པའི་རང་བཞིན་སྟོང་པ་ཉིད་དང་། གློ་བུར་གྱི་དྲི་མ་ཐམས་ཅད་དང་བྲལ་བའི་བདེ་བ་ཆེན་པོའི་ཡེ་ཤེས་དབྱེར་མེད་པའི་སྟོང་པ་ཉིད་ལ་བྱའོ། །དེ་ཉིད་ལ་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ཀར་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མིང་གིས་བསྟན་ཏེ། དེ་སྐད་དུ་ཡང་། རྡོ་རྗེ་གུར་ལས། ཤེས་རབ་ཕ་རོལ་ཕྱིན་པའི་ཐབས། །རྣལ་འབྱོར་མ་ཞེས་མངོན་པར་བརྗོད། །ཕྱག་རྒྱ་ཆེན་པོའི་སྦྱོར་བ་ལས། །གང་ཕྱིར་དེ་ཉིད་བརྟེན་པ་ཡི། །ཞེས་གསུངས་སོ། །དེ་ཡང་རང་བཞིན་རྣམ་དག་གི་ཆ་ནས་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ལ་དབྱེར་མེད་པ་ཡིན་ཏེ། རང་བཞིན་རྣམ་དག་གི་ཆོས་ཉིད་ལ་ཆ་ཤས་མེད་པའི་ཕྱིར། དེ་ལ་དགོངས་ནས། འདིར་ཡང་། དངོས་གཅིག་ཆོས་ཀུན་རང་བཞིན་ཅན། །ཞེས་པ་དང་། སློབ་དཔོན་འཕགས་པ་ལྷས། དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །དངོས་ཀུན་དངོས་པོ་གཅིག་གི་ངོ་བོ་ཉིད། །གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་། །ཞེས་པ་དང་། ཇོ་བོའི་བདེན་གཉིས་ལས། །སྟོང་པ་ཉིད་ལ་ཐ་དད་ནི། །ཅུང་ཟད་ཡོད་པ་མ་ཡིན་ཏེ། །ཞེས་པ་དང་། མདོ་ལས། ཆོས་གཅིག་གི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཤེས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཅེས་བྱ་བ་དེ་ཡང་ཆོས་ཐམས་ཅད་རང་རྐྱ་ཐུབ་པའི་རྫས་ཡོད་དུ་མ་གྲུབ་པར་ཕན་ཚུན་བཏགས་པ་ཙམ་ལ་བྱ་སྟེ། དེ་སྐད་དུ་ཡང་། རྩ་བ་ཤེས་རབ་ལས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་པ་དང་། བརྒྱད་སྟོང་པ་ལས་ཀྱང་། དགེ་བའི་བཤེས་གཉེན་གང་ཆོས་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མ་བྱུང་བ་དང་། མ་སྐྱེས་པ་དང་། མ་འགགས་པ་དང་། དངོས་པོ་མེད་པར་ཆོས་རྣམས་སྟོན་པ་དག་ལ་ཁྱོད་ཀྱིས་བསྙེན་པར་བྱ། ཞེས་སོགས་གསུངས་པས་སོ། །སྟོང་ཉིད་དེ་ཡང་ཡོད་མེད་དང་། རྟག་ཆད་དང་ཡིན་མིན་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བའི་དོན་གྱིས་ན་དབུ་མའི་རང་བཞིན་ཡང་ཡིན་ཏེ། སྤྱན་རས་གཟིགས་འགྲེལ་ལས། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉི་གའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །དེ་ནི་དབུ་མ་པ་ཡི་རིག །ཅེས་པ་དང་། རྩ་བ་ཤེས་རབ་ལས། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་གསུངས་པ་དང་། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །སྐྱེ་དང་འཇིག་མེད་འབྲི་བར་མི་འགྱུར་ཏེ། །འཕེལ་བ་མེད་ཅིང་རྣམ་པར་དག་པའང་མེད། །རྣམ་པར་དག་གྱུར་དེ་ནི་དོན་དམ་མཚན། །ཞེས་གསུངས་པས་སོ། །སྒྲ་དོན་ནི། ཨ་ཝ་དྷཱུ་ཏཱི་སྟེ། དེ་ཡང་མཐའ་ཐམས་ཅད་དང་བྲལ་བའི་དོན་གྱིས་ན་དབུ་མའོ། །ཐ་སྙད་ཀྱི་རྣམ་གྲངས། རྩ་དབུ་མ་དང་། ཡེ་ཤེས་ཀྱི་རླུང་དང་། བདེ་བ་ཆེན་པོའི་ཐིག་ལེ་དང་། ཡུལ་དང་ཡུལ་ཅན་དབྱེར་མེད་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སངས་རྒྱས་བསྐྱེད་པའི་ཡུམ་ལ་སོགས་པའི་རྣམ་གྲངས་དུ་མའི་ཐ་སྙད་མཛད་དོ། །སེམས་ཅན་གྱི་དུས་ན་གཞི་དབུ་མ་བདེན་གཉིས་ཟུང་འཇུག་དང་། ལམ་པའི་དུས་ན་ལམ་དབུ་མ་ཐབས་ཤེས་ཟུང་འཇུག་དང་། འབྲས་བུའི་དུས་ན་འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་གི་ཐ་སྙད་ཀྱང་མཛད་དོ། །དེ་ལ་འབྲས་བུ་དབུ་མ་ནི། གང་མཐར་སྐྱེས་པའི་རང་བཞིན་ཅན། །ཞེས་པ་ལྟར་རྒྱུན་མཐའ་རྡོ་རྗེ་ལྟ་བུ་ཏིང་ངེ་འཛིན་གྱིས་རང་གི་ངོ་སྐལ་སྤང་བྱ་སྤངས་པའི་མཐར་ཐོབ་པའི་བྲལ་བ་ཆོས་སྐུ་ཡིན་ལ། དེ་ཉིད་རྣམ་པ་དང་བཅས་པར་བཞེངས་པའི་ཚེ་ན། འཁོར་ལོ་བསྒྱུར་བའི་ལུས་སྣ་ཚོགས་ཡུམ་དང་། རྡོ་རྗེ་ཕག་མོ་ལ་སོགས་པའི་རྣམ་པར་བཞེངས་པ་ཡིན་ནོ། །གནས་བརྒྱད་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བ་དང་། ས་དང་པོར་མཐོང་ལམ་བར་ཆད་མེད་ལམ་གྱིས་མཐོང་སྤང་སྤངས་པའི་མཐར། རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པ་དེ་དག་ཀྱང་འབྲས་བུ་མ་ཡིན་ནམ་ཞེ་ན། དེ་དག་ཀྱང་གནས་སྐབས་ཀྱི་འབྲས་བུར་བཞག་ལ། མཐར་ཐུག་པ་ནི་མ་ཡིན་ནོ། །འོ་ན་བླ་ན་མེད་པའི་རྒྱུད་ལས། །མཆོག་མཐའ་དགའ་བྲལ་དང་པོར་ནི། །མུན་པ་ལ་ནི་མར་མེ་ལྟར། །དེ་བཞིན་དུས་ཀྱང་ཡིད་ཆེས་ཀྱིས། །ཤེས་དབང་གི་སྟོབས་ཀྱིས་སྐྱེས་པའི་ཡེ་ཤེས་ཀྱང་གསུངས་པས། དེ་དག་ཇི་ལྟ་བུ་ཞེ་ན། འདི་ནི་རྒྱུད་འགྲེལ་དཔང་པོར་བྱས་ཏེ། དབང་གི་སྟོབས་ཀྱིས་སམ། ལམ་བསྒོམས་པའི་སྟོབས་ཀྱིས་སྐྱེས་ཀྱང་རུང་སྟེ། རྩ་རླུང་བྱང་ཆུབ་ཀྱི་སེམས་ལས་སུ་རུང་བའི་སྟོབས་ཀྱིས་བྱང་ཆུབ་ཀྱི་སེམས་འཇོག་མེད་དུ་འཆིང་བ་དང་། རླུང་བརྒྱ་ཕྲག་བཅོ་བརྒྱད་པ་ཚན་པ་གཉིས་གསང་བའི་འཁོར་ལོར་འགགས་པ་ནི། ས་དང་པོར་མཐོང་ལམ་ཐོབ་པའི་རྟགས་སུ་བྱང་ཆུབ་སེམས་དཔའི་འགྲེལ་པ་བསྐོར་གསུམ་ལས་གསུངས་པ་ལྟར་ཡིད་ཆེས་པར་བྱའོ། །ཁ་ཅིག་རྗེ་ནཱ་རོ་པའི་བཞེད་པ་ལ། དབང་གི་དུས་སུ་མཐོང་ལམ་སྐྱེས་ནས། སྐད་ཅིག་དེ་ཉིད་དུ་འགག་པར་བཞེད་ཟེར་ཡང་། དབང་བཞི་པའི་མཐར་དེ་ལྟར་སྐྱེས་ནས་འགག་པར་བཞེད་པ་ག་ལ་སྲིད། གཉིས་པ་ལ། རྩ་བ་བཀོད་པ་དང་། ཚིག་དོན་བཤད་པ་གཉིས་ལས། དང་པོ་ནི། དངོས་གཅིག་ཆོས་ཀུན་རང་བཞིན་ཅན། །དབུ་མའི་རང་བཞིན་བདེ་གཅིག་ཉིད། །གང་མཐར་སྐྱེས་པའི་རང་བཞིན་ཅན། །ལྷ་མོ་དེ་ལ་ཕྱག་འཚལ་ལོ། །ཞེས་པའོ། །གཉིས་པ་ནི། ཕྱག་འཚལ་ལོ་ཞེས་པ་བཤད་པའི་གཞིར་ཞོག གང་ལ་འཚལ་ན། གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་ན་ཁྱབ་པའི་སྟོང་པ་ཉིད་ཀྱི་དངོས་པོ་གཅིག་ནི། ཆོས་ཀུན་གྱི་རང་བཞིན་ཅན་ཡིན་ལ། དེ་ཡང་རྟག་ཆད་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བའི་དབུ་མའི་རང་བཞིན་འབྲས་བུ་ཆོས་སྐུ་བསྐྱེད་པར་བྱེད་པའི་བདེ་བ་ཆེན་པོ་གཅིག་གི་ངོ་བོ་ཉིད་ཡིན་ལ། གང་བསྒོམས་པའི་ལམ་མཐར་ཐུག་པ་དེའི་ཚེ་ན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་རང་གི་ངོ་སྐལ་གྱི་སྤང་བྱ་མ་ལུས་པར་སྤངས་པའི་མཐར་སྐྱེས་པའི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རང་བཞིན་ཅན་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ཞིང་། དེ་གཞན་ལ་སངས་རྒྱས་ཀྱི་སྐུར་བཞེངས་པའི་ཚེ་ན། ལྷ་མོ་སྟེ་སྣ་ཚོགས་ཡུམ་དང་། བདག་མེད་མ་དང་། རྡོ་རྗེ་ཕག་མོ་ལ་སོགས་པ་ཡུམ་གྱི་རྣམ་པར་བཞེངས་པ་དེ་ལའོ། །མཆོད་པར་བརྗོད་པའི་ཚིགས་སུ་བཅད་པ་གསུམ་པོ་འདིའི་དོན་འདི་ལྟར་བཤད་པ་ནི། འགྲེལ་པའི་དགོངས་པ་ཇི་ལྟ་བ་བཞིན་ནོ། །གཉིས་པ་བསྟན་བཅོས་རྩོམ་པའི་དམ་བཅའ་བཞག་པ་ལ། སྤྱིའི་དོན་དང་། ཡན་ལག་གཞུང་གི་དོན་རྣམ་པ་གཉིས་ལས། དང་པོ་ལ་འཕྲོས་ནི། འོ་ན་ཁྱོད་ཀྱིས་དེ་ལྟར་ཡུལ་ཁྱད་པར་ཅན་ལ་མཆོད་པར་བརྗོད་ནས། ཉ་བའི་ཁང་པར་ཇི་ལྟ་བུ་ཞིག་བསྒྲུབ་ཅེ་ན། རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པའི་རྒྱུད་རྣམས་ནས་གསུངས་པའི་ཟབ་མོ་ནང་གི་དོན་གཏན་ལ་དབབ་པའི་བསྟན་བཅོས་འདི་བཤད་པར་བྱའོ། །ཞེས་བྱ་བ་ནི་འབྲེལ་པའོ། །དེ་ལྟར་བཤད་པར་བྱ་བ་ཡང་གང་ཡིན་ཞེ་ན། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་གྱི་རྒྱུད་མན་ཆད་དང་། ཕ་རོལ་དུ་ཕྱིན་པའི་གཞུང་ལུགས་ཕལ་ཆེ་བ་དང་། ཉན་ཐོས་ཀྱི་གཞུང་ལུགས་རྣམས་ལ་མ་གྲགས་པའི་ཐབས་མཁས་པའི་ཁྱད་པར་རྩ་རླུང་བྱང་ཆུབ་ཀྱི་སེམས་དང་། དམ་ཚིག་ཆེན་པོ་དགོངས་པ་དང་ལྡན་པ་དབང་གསུམ་པ་དང་བཞི་པའི་དོན་དུ་བ་ལ་སོགས་པའི་ལམ་གྱི་རྟགས་དང་། རྟགས་ཅན་གྱིས་འགྲེལ་པ་ལམ་འབྲས་བུ་དང་བཅས་པ་གང་ཡིན་པའོ། །དེ་ཡང་བླ་ན་མེད་པའི་ཕ་རྒྱུད་དང་མ་རྒྱུད་རྣམས་ལས། རྡོ་རྗེའི་ཚིག་རབ་ཏུ་བརླིང་བ་མཐའ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལ་རྡོ་རྗེར་བརྗོད་དེ། སྤྲོས་པའི་མཚན་མ་གང་གིས་ཀྱང་གཞིག་པར་མི་ནུས་ཤིང་། མཚན་འཛིན་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་ཏེ། དེ་སྐད་དུ་ཡང་། བཤད་རྒྱུད་རྡོ་རྗེ་རྩེ་མོ་ལས། །རྡོ་རྗེ་རྡོ་རྗེ་ཞེས་གསུངས་པ། །ཅི་ཕྱིར་རྡོ་རྗེར་བརྗོད་པར་བྱ། །སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །བཅད་དང་གཞིག་པར་བྱ་བ་མིན། །བསྲེག་པར་བྱ་མིན་འཇིག་མེད་པས། །སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། །འགྲོ་དྲུག་འཁོར་ལོ་སྤོང་བྱེད་ཅིང་། །སྡིག་པ་དྲལ་བར་བྱེད་པ་ཡི། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཉོན་མོངས་ཐམས་ཅད་སེལ་བར་བྱེད། །ཅེས་དང་། རྣམ་པར་འཇོམས་པའི་རྒྱུད་ལས། མི་ཆོད་པའི་རྡོ་རྗེ། མི་ཤིགས་པའི་རྡོ་རྗེ་སོགས་ཆོས་བདུན་ལྡན་དུ་བཤད་པ་དང་། །མཚན་ཡང་དག་པར་བརྗོད་པ་ལས། །རྡོ་རྗེ་སྙིང་པོ་ལྤགས་པ་མཁྲེགས། །ཤེས་སོགས་གསུངས་པས་སོ། །དེ་ཡང་རྡོ་རྗེ་སེམས་དཔའ་ཞེས་རྟེན་དང་བརྟེན་པ་སྦྱར་བའི་དབང་དུ་བྱས་ན། རྡོ་རྗེ་ནི་གཞོམ་དུ་མེད་པའི་དོན་དམ་ཆོས་ཀྱི་སྐུ་དང་། སེམས་དཔའ་ནི་གཞན་སྣང་གཟུགས་ཀྱི་སྐུར་བཤད་ན་ལེགས་པ་ཡིན་ཏེ། ཇི་སྐད་དུ། རྣལ་འབྱོར་ཆེན་པོའི་བཤད་རྒྱུད་རྡོ་རྗེ་རྩེ་མོ་ལས། །ཅི་ཕྱིར་རྡོ་རྗེ་སེམས་དཔའ་ཡིན། །བྱང་ཆུབ་མཆོག་གི་ཡེ་ཤེས་གང་། །དེ་ནི་རྡོ་རྗེ་ངེས་པར་བརྗོད། །ཡེ་ཤེས་རྡོ་རྗེ་ལས་བྱུང་བ། །དེ་ནི་རྡོ་རྗེ་སེམས་དཔར་བརྗོད། །ཅེས་གསུངས་པ་དང་། ཀྱཻ་རྡོ་རྗེ་ལས། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། །སེམས་དཔའ་སྲིད་པ་གསུམ་གཅིག་པ། །འདིས་ནི་ཤེས་རབ་རིགས་པ་ཡིས། །རྡོ་རྗེ་སེམས་དཔའ་ཞེས་བྱར་བརྗོད། །ཅེས་གསུངས་པས་སོ། །རྡོ་རྗེ་འཆང་ཞེས་པ་ལ་སྦྱར་ན། རྡོ་རྗེ་ནི་གོང་དུ་གསུངས་པའི་དོན་དམ་པའི་རྡོ་རྗེ་དེ་ཉིད་ཡིན་ལ། བཛྭ་དྷ་ར་ཞེས་པའི་སྒྲ་ལས་དྲངས་ན། རྡོ་རྗེ་འཆང་ལ་འཇུག་ལ། འཛིན་པ་དང་འཆང་བ་ནི་སྒྲ་གཅིག་པས་ན་རྡོ་རྗེ་འཆང་ངོ་། །དེ་ལ་འཛིན་པ་དང་འཆང་བའི་དོན་ཡང་ཡུལ་དང་ཡུལ་ཅན་དབྱེར་མེད་དུ་རྟོགས་པ་ལ་བྱའི། ལག་པས་རྫས་འཛིན་པ་ལྟ་བུ་ནི་མ་ཡིན་ནོ། །ཡང་རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཕུན་སུམ་ཚོགས་པའི་དབང་དུ་བྱས་ན། ཨེ་ཝཾ་མ་ཡ་ཞེས་པའི་ཡི་གེ་གཉིས་ཀྱི་དོན་ཚང་ལ། ཨེ་ཡིག་ནི་བདེ་སྟོང་དབྱེར་མེད་དུ་རྟོགས་པའི་སྐུ་གསུང་ཐུགས་ཀྱི་སྐུ་དང་། ཝཾ་ཡིག་ནི་བདེ་བ་དང་སྟོང་པ་དབྱེར་མི་ཕྱེད་པའི་དོན་དམ་ཆོས་ཉིད་ཀྱི་རྡོ་རྗེ་ལ་བརྗོད་དེ། རྡོ་རྗེ་སྙིང་འགྲེལ་དུ། རྩ་རྒྱུད་འབུམ་ལྔའི་ལུང་དྲངས་པ་ལས། ཇི་སྐད་དུ། མི་ཕྱེད་རྡོ་རྗེ་ཞེས་བཤད་གང་། །ཝཾ་ཡིག་ཡི་གེར་དེ་རབ་གྲགས། །སྐུ་གསུང་ཐུགས་ནི་མི་ཕྱེད་པ། །ཡི་གེ་ཝཾ་གྱིས་མངོན་བརྗོད་བྱ། །སེམས་དཔའ་སྲིད་གསུམ་གཅིག་ཉིད་ནི། །ཡི་གེ་ཨེ་ཡིས་བརྗོད་པར་བྱ། །ཨེ་ཡིག་ཤེས་རབ་དང་ལྷན་ཅིག། །ཝཾ་ཡིག་རིགས་གསུམ་བདག་ཉིད་ཅན། །ཞེས་གསུངས་པས་སོ། །ཐབས་དང་ཤེས་རབ་ཀྱི་ཆ་ནས་སྦྱར་ན། ཐབས་ཀྱི་རྡོ་རྗེ་དང་། ཁུ་བ་དང་། ཟླ་བ་རྣམས་ནི་ཝཾ་ཡིག་དང་། ཤེས་རབ་ཀྱི་པདྨ་དང་། རྡུལ་དང་། ཉི་མ་རྣམས་ནི་ཨེ་ཡིག་ཏུ་བརྗོད་དགོས་ཏེ། ཇི་སྐད་དུ། དུས་འཁོར་འགྲེལ་ཆེན་ལས། འདིར་ཁུ་བ་དང་ཟླ་བ་ནི་ཝཾ་ཡིག་སྟེ་རྡོ་རྗེའོ། །རྡུལ་དང་ཉི་མ་ནི་ཨེ་ཡིག་སྟེ་པདྨའོ། །ཞེས་པ་དང་། སྒྲོན་གསལ་ལས། ཨེ་ནི་པདྨ་ཞེས་བཤད་ལ། །ཝཾ་ནི་རྡོ་རྗེ་ཉིད་ཡིན་ནོ། །ཐིག་ལེ་དེ་ནི་ས་བོན་ཏེ། །དེ་ལས་འགྲོ་བ་རྣམ་གསུམ་སྐྱེ། །ཞེས་གསུངས་པས་སོ། །སྦས་པའི་ཚུལ་གྱིས་བཤད་ན། །ཨེ་ཡིག་ནི་ཕྱག་རྒྱའི་བྷ་ག །ཝཾ་ནི་ཐབས་ཀྱི་རྡོ་རྗེ། མ་ཡ་ནི་སྙོམས་པར་ཞུགས་ནས་བསྐྱོད་པ། ཐོས་པ་འཛག་བདེའི་ངོ་བོ། དེ་མངོན་དུ་བྱ་བའི་དུས་གཅིག་ན། བཅོམ་ལྡན་འདས་ནི་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་སོགས་ཏེ། ཇི་སྐད་དུ་ནག་པོ་པས། ཡི་གེ་ཨེ་ནི་བྷ་གར་གསུངས། །ཝཾ་གྱི་རྣམ་པ་རྡོ་རྗེར་དྲན། །མ་ཡ་ཞེས་པ་བསྐྱོད་པར་བསྟན། །ཞེས་དང་། ཐོས་པ་ལྷན་ཅིག་སྐྱེས་པར་བཤད། །ཅེས་གསུངས་པས་སོ། །མཐར་ཐུག་པའི་ཚུལ་གྱིས་བཤད་ན། སྐད་ཅིག་གིས་རྩ་འཁོར་ལོ་བཞིའི་དབུས་སུ་གཙུག་ཏོར་འཁོར་ལོ་ནས་རྡོ་རྗེ་ནོར་བུའི་བར་དུ་རིམ་པ་བཞིན་དུ་ལས་ཀྱི་རླུང་བཀག་ནས་བྱང་སེམས་ནོར་བུའི་བར་དུ་འབབ་པ་ལ། ཨེ་ཡིག་བྷ་གའི་དོན་དང་། ནོར་བུ་ནས་གཙུག་ཏོར་གྱི་བར་ལུགས་བཟློག་ཏུ་ལྟེ་བར་རྒྱུ་མཐུན་པའི་འབྲས་བུ། སྙིང་གར་རྣམ་སྨིན་གྱི་འབྲས་བུ། མགྲིན་པར་སྐྱེས་བུ་བྱེད་པའི་འབྲས་བུ། དཔྲལ་བར་དྲི་མ་དང་བྲལ་བའི་འབྲས་བུའི་ཚུལ་གྱིས་ཞུགས་པས། མཐར་ཐུག་འབྲས་བུ་གྲུབ་པ་ན་ཝཾ་ཡིག་གི་དོན་ནོ། །གཞན་སྣང་ལ། ཨེ་ཝཾ་མ་ཡཱ་ཤྲུ་ཏཾ་ཨེ་ཀསྨིནྶ་མ་ཡེ་བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྩིཏྟ་བཛྭ་ཡོ་ཥིབྷ་གེ་ཥུ་བི་ཛ་ཧཱ་ར། ཞེས་པའི་ཡི་གེ་སོ་བདུན་པོ་རྣམས། ཀྱེ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ལྷ་སོ་བདུན་པོ་རྣམས་སུ་འགྱུར་བའམ། ཡང་ན། ཇི་སྐད་དུ། དང་པོར་ཨེ་ཡིག་ལ་སོགས་པ། །བཞི་ཡིས་ཞབས་བཞི་དག་ཏུ་བསྒྱུར། །དེ་ཡི་འོག་ཏུ་ཤྲུ་ཡིག་སོགས། །བརྒྱད་ཀྱིས་ཀྱང་ནི་ཞལ་བརྒྱད་དོ། །བྷ་སོགས་བཅུ་དྲུག་དག་གིས་ཀྱང་། །ཕྱག་ནི་བཅུ་དྲུག་རྣམས་ཀྱིས་བརྒྱན། །ཡོ་ཡིག་ལ་སོགས་བརྒྱད་ཀྱིས་ནི། །ཉི་ཤུ་རྩ་བཞིའི་སྤྱན་དང་ལྡན། །ར་ཡིག་འགྱུར་མེད་ཀྱཻ་རྡོ་རྗེ། །སུམ་ཅུ་རྩ་དྲུག་དང་ལྡན་གཙོ། །སྡོམ་བར་དཔའ་བོ་དཔའ་མོ་དང་། །འདུས་པར་སུམ་ཅུ་རྩ་གཉིས་བཞིན། །ཨེ་ཝཾ་གཉིས་མེད་རྣལ་འབྱོར་གྱིས། ཁ་སྦྱོར་གྱིས་ནི་བཞུགས་པའི་གཙོ། །བདག་མེད་མར་བཅས་དཔའ་བོ་ནི། །འགྲོ་བའི་བླ་མར་བདག་ཕྱག་འཚལ། །ཞེས་གསུངས་པ་ལྟར་རོ། །མདོར་ན་ཨེ་ཝཾ་ཡིག་གཉིས་འདི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་རྒྱུད་ཐམས་ཅད་ཀྱི་མདོར་བསྟན་དུ་བཞག་པ་ཡིན་ཏེ། ཕྱི་ནང་གཞན་གསུམ་གྱི་རྣམ་བཞག་ཐམས་ཅད་ཀྱང་འདི་ལ་མ་འདུས་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །འདི་ལ་ཡང་། ཡི་གེ་དང་། སྤྱི་དང་། སྦས་པ་དང་། མཐར་ཐུག་སྟེ་ཚུལ་བཞིས་བཤད་ན། ཡི་གེ་ནི་འདི་སྐད་བདག་ཐོས་ཀྱི་དོན་ནོ། །སྤྱིའི་ཚུལ་ནི། ཨེ་ཡིག་གནས་ཕུན་སུམ་ཚོགས་པ་དང་། ཝཾ་ཡིག་ནི་སྟོན་པ་ཕུན་སུམ་ཚོགས་པའི་དོན་དང་། ཡི་གེ་ལྷག་མ་རྣམས་ནི་འཁོར་རོ། །དེ་ཡང་ཨེ་ཡིག་ནི་རྡོ་རྗེ་བཙུན་མོའི་བྷ་ག །ཝྃ་ཡིག་ནི་བཅོམ་ལྡན་འདས་སོ། །ལྷག་མ་རྣམས་ནི་འཁོར་དུ་བཤད་པའོ། །སྦས་པའི་ཚུལ་གྱིས་བཤད་ན། །ཨེ་ཡིག་ནི་སྟོང་པ་ཉིད་དང་། ཝྃ་ཡིག་ནི་བདེ་བ་ཆེན་པོའོ། །ཡང་སྔར་བཤད་པ་ལྟར། ཨེ་ཝཾ་མ་ཡ་ཞེས་རྡོ་རྗེ་པདྨ་བསྐྱོད་པའོ། །མཐར་ཐུག་ནི་ལྷན་སྐྱེས་སྒོམ། དགའ་བདེ་མྱོང་། འབྲས་བུ་ཐོབ་པ་ཡིན་ཏེ། ཇི་སྐད་དུ་སྒྲོན་གསལ་ལས། འཁོར་ལོ་སྤྲུལ་པའི་ངོ་བོ་ལ། །བདག་གིས་ཐོས་པ་ཞེས་གསུངས་ཏེ། །ས་བོན་ངོ་བོས་གང་སྤྲུལ་པ། །ལྷ་རྣམས་ཀྱི་ནི་འཁོར་ལོ་མཆོག །མཆོག་ཏུ་དགའ་བའི་དུས་གང་ཡིན། །དུས་གཅིག་ན་ཞེས་བཤད་པ་ཡིན། །དབང་ཕྱུག་བརྒྱད་ཀྱིས་བཅོམ་ལྡན་འདས། །བདེ་བ་ཆེན་པོའི་གནས་ལ་བཞུགས། །འདི་ཡི་ཕུང་པོ་ལྔ་རྒྱལ་བ། །དེ་བཞིན་གཤེགས་པ་ཐམས་ཅད་ཡིན། །དེ་ཡི་བདག་ཉིད་སྐུ་གསུང་ཐུགས། །རྡོ་རྗེའི་ཐུགས་འདིར་བདེ་ཆེན་པོ། །བཙུན་མོ་ལེགས་སྦྱངས་ཕྱག་རྒྱ་སྟེ། །ལེགས་སྦྱངས་པདྨ་བྷ་ག་ཡིན། །བཞུགས་པ་རྡོ་རྗེ་འཛིན་པ་དེར། །ཐིག་ལེའི་གཟུགས་ཀྱིས་གནས་པའོ། །ཞེས་གསུངས་པའི་ཕྱིར་རོ། །འདི་ལ་ཡང་ཨེ་ཝཾ་གཟུགས་སུ་སྒྲུབ་པ་དང་། །སྒྲས་སྒྲུབ་པ་ནི་གུད་དུ་བཤད་པར་བྱའོ། །གཉིས་པ་བླ་མ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་བ་ལ། སྤྱིའི་དོན་དང་། ཡན་ལག་གཞུང་གི་དོན་རྣམ་པ་གཉིས་ལས། དང་པོ་ནི། བླ་མ་ཞེས་པའི་དོན། མཆོག་ཏུ་གྱུར་པ། གོང་ན་མེད་པ། ཟླ་མེད་པ་ལ་སོགས་པའི་དོན་དུ་བཤད་ལ། དེ་ཡང་ལེགས་སྦྱར་གྱི་སྐད་དུ། གུ་རུ་ཞེས་པའི་སྒྲ་ལས་དྲངས་ན། གུ་ཎ་ཞེས་པ་ཡོན་ཏན་ཡིན་ལ། ཨཱ་ཀ་ར་འབྱུང་གནས་ཏེ། ར་ཡོད་པས་རུར་འགྱུར་ལ། དེས་ན་གུ་རུ་སྟེ་ཡོན་ཏན་གྱི་འབྱུང་གནས་ཞེས་སྦྱར་རོ། །ཡང་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པར་སྤངས་པའི་སངས་རྒྱས་ནི། ཁམས་གསུམ་ལས་འདས་ཤིང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལས་མཆོག་ཏུ་གྱུར་པའི་དོན་གྱིས་ན། བླ་མ་སྟེ། དེ་སྐད་དུ་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས། སྦྱོང་བ་དང་ནི་རྟོགས་པ་དང་། །ཡེ་ཤེས་དང་ནི་ཕྲིན་ལས་ཀྱིས། །ཉན་ཐོས་རང་སངས་རྒྱས་ཀུན་གྱི། །བླ་མ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པས་སོ། །མདོར་ན་དཔལ་ལྡན་བླ་མ་ཞེས་པའི་དོན། དཔལ་ནི་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ལ། དེ་རང་གཞན་གང་ལ་གནད་དུ་བསྣུན་པའི་མན་ངག་གིས་ངོ་འཕྲོད་པར་མཛད་པ་དེ་ཉིད་དཔལ་ལྡན་བླ་མ་ཡིན་ཏེ། ཇི་སྐད་དུ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། དཔལ་ལྡན་སློབ་དཔོན་ཞེས་ནི་བརྗོད། །ནང་ནི་གསང་འདུས་ལ་རབ་དགའ། །ཕྱི་རོལ་ཉན་ཐོས་ལ་སྤྱོད་པ། །ཞེས་སོ། །དེ་ལ་ནང་གི་འདུས་པ་ནི། ཐབས་ཤེས་དབྱེར་མེད་དང་། བདེ་སྟོང་འདྲེས་པ་ལ་བརྗོད་དེ། རྡོ་རྗེ་ཕྲེང་བར། འདུས་པ་འདྲེས་པ་ཞེས་ནི་བཤད། ཅེས་གསུངས་པ་དང་། འཇམ་དཔལ་ཞལ་གྱི་ལུང་ལས། དེ་བས་དེ་དག་ཐམས་ཅད་ཀྱང་། །ཡང་དག་མིན་པས་དགྲ་དང་བཅས། །འོག་མ་འོག་མའི་རྣལ་འབྱོར་བློ། །གོང་མ་གོང་མ་ཁྱད་པར་འཕགས། །འོག་མའི་བློ་ནི་གོང་མ་ཡིས། །ཤེས་རབ་ཀྱིས་ནི་སུན་འབྱིན་ཏོ། །དེ་བས་གོང་མའི་རིམ་པ་ཡིས། །ལྷན་ཅིག་སྐྱེས་པའི་སློབ་དཔོན་གྱིས། །བྱིན་གྱིས་བརླབས་པ་ཡང་དག་བྱས། །གསལ་ཞིང་རབ་དག་ནམ་མཁའ་འདྲ། །རང་བྱུང་ལྷག་པའི་ལྷ་ཆེན་པོ། །ཞེས་གསུངས་པ་དང་། འཕགས་པ་ལྷས། བསྐལ་པ་བྱེ་བ་དུ་མ་རུ། །ཐོས་པའི་ཕ་རོལ་སོན་གྱུར་ཀྱང་། །བླ་མའི་ལུང་དང་བྲལ་བ་ཡིས། །བདག་བྱིན་བརླབས་པ་རྙེད་མི་འགྱུར། །ཞེས་དང་། ཁ་སྦྱོར་གྱི་རྒྱུད་ལས། ཇི་ལྟར་ནང་དུ་རྣམ་གནས་པ། །བླ་མའི་ཞལ་ལས་རྙེད་པར་འགྱུར། །ཞེས་གསུངས་པས་སོ། །བླ་མ་དེ་ལ་ཡང་རྒྱུད་ལ་ཡོན་ཏན་བསྐྲུན་ཚུལ་གྱི་སྒོ་ནས་དབྱེ་ན། དབང་བསྐུར། རྒྱུད་བཤད། མན་ངག་གནང་བ་གསུམ་ལྡན་གྱི་བླ་མ་དང་། རེ་རེ་དང་གཉིས་ལ་གཅིག་ལྡན་དང་གཉིས་ལྡན་གྱི་བླ་མའི་ཐ་སྙད་རྒྱུད་ནས་གསུངས་པ་ལྟར། སངས་རྒྱས་ཡེ་ཤེས་ཞབས་དང་། འཇམ་དཔལ་གྲགས་པས་བཤད་པ་བཞིན། རྗེ་ཉིད་ཀྱི་དམ་ཚིག་རྒྱ་མཚོ་ལས་རྒྱས་པར་གསུངས་པ་རྣམས་ལས་ཤེས་པར་བྱའོ། །འདི་དག་ནི་དྲུང་འཇམ་དབྱངས་ཆེན་པོའི་གསུང་སྒྲོས་ཇི་ལྟ་བ་བཞིན་བསྡུས་པ་ཡིན་ནོ། །གཞུང་འདིར་ནི་རང་གི་བླ་མ་ལ་ཡང་སངས་རྒྱས་ཀྱི་ཡོན་ཏན་དང་ལྡན་པའི་ཚུལ་གྱིས་བསྟོད་པའམ། ཡང་ན་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་བླ་མ་ནི་སངས་རྒྱས་ཉིད་ཡིན་པས་དེ་ལ་བསྟོད་པ་ཡིན་ཏེ། ཐམས་ཅད་མཁྱེན་པ་སོགས་ཆོས་བཞི་ག་དང་ལྡན་པ་སངས་རྒྱས་ལས་གཞན་མ་དམིགས་པའི་ཕྱིར། དེ་ལ་ཐམས་ཅད་མཁྱེན་པ་ནི་སྤྱིར་བཏང་དུ་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པ་ཡིན་ལ། གཟིགས་པ་ནི། གཞན་གྱི་བརྡ་དང་རྣམ་རིག་ལ་བརྟེན་ནས་གོ་བ་ཙམ་མ་ཡིན་པར། ལག་མཐིལ་ན་སྐྱུ་རུ་ར་བཞག་པ་ལྟར་སྒྲིབ་པ་མེད་པར་མངོན་སུམ་དུ་གཟིགས་པའོ། །དེ་ཉིད་སྟོན་པ་ནི། མཁྱེན་དང་བརྩེ་དང་ནུས་པར་ལྡན། །ཞེས་པ་ལྟར། རང་གིས་མཁྱེན་པ་ལྟར་གཞན་ལ་སྟོན་ནུས་པའི་ཡོན་ཏན་ནོ། །འོ་ན་རང་གིས་མཁྱེན་པ་ལྟར་གཞན་ལ་གསུང་གིས་མི་སྟོན་པ་ཡོད་དམ་ཞེ་ན། ཡོད་དེ། རང་སངས་རྒྱས་དགྲ་བཅོམ་པ་རྣམས་ཀྱིས་གང་ཟག་གི་བདག་མེད་དང་། བཟུང་བ་ཕྱི་རོལ་གྱི་དོན་བདེན་མེད་ཙམ་ཞིག་མཁྱེན་ཡང་། རང་གིས་མཁྱེན་པ་ལྟར་གཞན་ལ་གསུང་གིས་མི་སྟོན་པས། བདག་ཅག་གི་བླ་མ་ཐམས་ཅད་མཁྱེན་པ་ནི་དེ་ལྟ་བུ་མ་ཡིན་ནོ། །ཞེས་པའོ། །སྐབས་འདིར། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཇི་སྙེད་པ་མཁྱེན་པ་དང་། ཐམས་ཅད་གཟིགས་པ་ནི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་སུ་བཤད་ནའང་ཤིན་དུ་སྐབས་དོན་དུ་འགྱུར་རོ། །མཁྱེན་པའི་ཚུལ་ལ། སློབ་དཔོན་ཡེ་ཤེས་སྙིང་པོས། ཇི་ལྟ་དང་ཇི་སྙེད་གཉིས་ཀྱང་སངས་རྒྱས་ལ་མཉམ་རྗེས་རྫས་ཐ་དད་མེད་པས་རྫས་སྐད་ཅིག་མ་གཅིག་ཡིན་ལ། འོན་ཀྱང་སྐད་ཅིག་མ་གཅིག་ལ་མཉམ་བཞག་གིས་ཆོས་ཉིད་ཇི་ལྟ་བ་རྟོགས་ལ། རྗེས་ཐོབ་ཀྱིས་ནི་ཆོས་ཅན་ཇི་སྙེད་པ་མཁྱེན་པར་བཞེད་དེ། ཇི་སྐད་དུ། བདེན་གཉིས་ལས། མཁྱེན་པའི་སྐད་ཅིག་གཅིག་གིས་ནི། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་གསུངས་པས་སོ།། ༈ །།གཉིས་པ་ལ། རྩ་བ་བཀོད་པ་དང་། ཚིག་དོན་བཤད་པ་གཉིས་ལས། དང་པོ་ནི། ཐམས་ཅད་མཁྱེན་ཞིང་ཐམས་ཅད་གཟིགས། །ཕྱི་ནང་གཞན་གསུམ་དེ་ཉིད་སྟོན། །གནས་སྐབས་བཞི་ཡི་འཁྲུལ་པ་སེལ། །དཔལ་ལྡན་བླ་མ་ལ་ཕྱག་འཚལ། །ཞེས་པའོ། །གཉིས་པ་ནི། ཕྱག་འཚལ་ལོ་ཞེས་པ་བཤད་པའི་གཞིར་ཞོག །ཁྱད་གཞི་གང་ལ་ཕྱག་འཚལ་ན། རྒྱུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འབྲས་བུ་སྐུ་བཞི་དང་བཅས་པ་ནི། འགྲོ་བ་ལྷ་མི་ཀུན་གྱི་དཔལ་ཡིན་ལ། བདེ་དང་རང་གཞན་ལྡན་པའམ། འཕྲོད་པར་བྱེད་པའི་དོན་གྱིས་ན་དཔལ་ལྡན། དེའི་གོང་ན་གཞན་མེད་པས་ན་བླ་མ་ལའོ། །དེ་ལ་ཁྱད་ཆོས་ཀྱི་ཡོན་ཏན་ནི་ཤེས་བྱ་ཐམས་ཅད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་མཁྱེན་ཞིང་ཐུགས་སུ་ཆུད་པའི་ཡོན་ཏན་དང་། མཁྱེན་པ་དེ་ཡང་། གཞན་གྱི་བརྡ་དང་། རྣམ་རིག་ལ་བརྟེན་ནས་གོ་བ་ཙམ་མ་ཡིན་པར་སྐྱུ་རུ་ར་རློན་པ་ལག་མཐིལ་ན་བཞག་པ་ལྟར། ཤེས་བྱ་ཐམས་ཅད་ཀྱི་མཚན་ཉིད་སྒྲིབ་པ་མེད་པར་མངོན་སུམ་དུ་གཟིགས་པའི་རང་དོན་གྱི་ཡོན་ཏན་དང་། གཞན་དོན་གྱི་ཡོན་ཏན་ཕྱི་འཇིག་རྟེན་གྱི་ཁམས་དང་། ནང་རྡོ་རྗེའི་ལུས་དང་། གཞན་མ་སྨིན་པ་སྨིན་པར་བྱེད་པ་དབང་དང་། སྨིན་པ་གྲོལ་བར་བྱེད་པའི་ལམ་བསྐྱེད་པའི་རིམ་པ་དང་། རྫོགས་རིམ་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་མན་ངག་བདེན་གཉིས་དབྱེར་མེད་ཀྱི་དོན་གསུམ་གྱི་དེ་ཁོ་ན་ཉིད་རང་གིས་རྟོགས་པ་ལྟར་མ་ནོར་བར་གཞན་ལ་སྟོན་པར་མཛད་ཅིང་། བསྟན་ནས་ཀྱང་དེའི་བྱེད་ལས། གཉིད་འཐུག་པོ་དང་། རྨི་ལམ་དང་། སྙོམས་འཇུག་དང་། ཐ་མལ་སད་པའི་གནས་སྐབས་བཞིའི་འཁྲུལ་པ་བསལ་ནས། འབྲས་བུ་སྐུ་བཞི་ལ་སྦྱོར་ནུས་པའི་ཡོན་ཏན་དང་ལྡན་པའོ། །གསུམ་པ་ལ། སྤྱིའི་དོན་དང་། ཡན་ལག་གཞུང་གི་དོན་གཉིས་ལས། དང་པོ་ནི། ཚིགས་སུ་བཅད་པ་གཉིས་པ་འདི་ནི། བསྟན་བཅོས་ལུས་དང་མཐུན་པའི་མཆོད་བརྗོད་ཡིན་ཏེ། འདིའི་ཕྱག་གི་ཡུལ་ནི། གཞི་ལམ་འབྲས་བུ་གསུམ་གྱི་གནས་སྐབས་ཐམས་ཅད་དུ་ཁྱབ་བྱེད་དུ་འཇུག་པའི་བདེ་བ་ཆེན་པོ་ཉིད་ཡིན་པའི་ཕྱིར། དེ་ལྟ་བུའི་བདེ་བ་ཆེན་པོ་དེ་ཉིད་མ་དག་པའི་གནས་སྐབས་སུ་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་པ་དང་། རྩ་རླུང་ཐིག་ལེའི་རྣམ་པ་དང་། སད། རྨི། གཉིད་འཐུག །ཆགས་པ་སྙོམས་འཇུག་གི་གནས་སྐབས་སྣ་ཚོགས་སུ་སྣང་ཞིང་། དག་ལ་མ་དག་པའི་གནས་སྐབས་ན་དེའི་གནད་ཇི་ལྟ་བ་བཞིན་དུ་ཤེས་ནས་བསྒོམས་པས། དེ་དག་ལམ་གྱི་དམིགས་པ་དང་། ལམ་གྱི་གྲོགས་སུ་གྱུར་ནས་དག་པའི་སྣང་བ་སྣ་ཚོགས་པ་འཆར་ཞིང་། འབྲས་བུ་སྐུ་བཞིའི་རྒྱུར་འགྱུར་རོ། །ཤིན་ཏུ་རྣམ་དག་གི་གནས་སྐབས་སུ། སྐུ་བཞི་མངོན་དུ་གྱུར་ཅིང་དོན་གཉིས་ལྷུན་གྱིས་གྲུབ་པས། གཞན་ངོར་གཟུགས་ཀྱི་སྐུ་དུ་མའི་སྣང་བ་འཆར་ནུས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །མདོར་ན་གཞི་ལམ་འབྲས་བུའི་འཆར་ཚུལ་སྣ་ཚོགས་པ་འདི་ཡང་བདེ་བ་ཆེན་པོའི་ཡེ་ཤེས་གཅིག་གི་རྣམ་འགྱུར་ཏེ། དེ་སྐད་དུ་ཡང་། ཧེ་བཛྭ་ལས། རིགས་ནི་ལྔ་པོ་དེ་ཉིད་ལས། །སྟོང་ཕྲག་དུ་མ་སྐྱེས་པ་ཉིད། །དེ་ཕྱིར་འདི་དག་རང་བཞིན་གཅིག །བདེ་ཆེན་མཆོག་ཏུ་རྟག་པ་ཉིད། །ཅེས་པ་དང་། རྣལ་འབྱོར་མ་ཀུན་དུ་སྤྱོད་པ་ལས། གང་དུ་བདེ་ཆེན་ཞེས་བྱ་གཅིག་བུ་ཉིད། །གཅིག་བུ་ཉམས་ནི་དུ་མས་གར་མཛད་དོ། །ཞེས་པ་དང་། གསང་བ་འདུས་པའི་རྩ་རྒྱུད་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས། །རྡོ་རྗེའི་སྐྱེ་མཆེད་ཉིད་དག་ཀྱང་། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་གསུངས་པའི་ཕྱིར། གཉིས་པ་ལ། རྩ་བ་བཀོད་པ་དང་། ཚིག་དོན་བཤད་པ་གཉིས་ལས། དང་པོ་ནི། ལྷན་སྐྱེས་གཅིག་དངོས་གཉིས་ཀྱི་བདག །སྐུ་གསུམ་རྩ་རླུང་ཐིག་ལེ་ཅན། །གནས་སྐབས་བཞི་པོ་སྐུ་བཞི་ཉིད། །སྐུ་ལྔའི་བདག་ཉིད་ལ་ཕྱག་འཚལ། །ཞེས་པའོ། །གཉིས་པ་ནི། ཕྱག་འཚལ་ཞེས་པ་བཤད་པའི་གཞི། ཁྱད་གཞི་གང་ལ་ཞེ་ན། ཆོས་སྐུ་དང་། ལོངས་སྐུ་དང་། སྤྲུལ་པའི་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་དང་། བདེ་བ་ཆེན་པོའི་སྐུ་དང་ལྔའི་བདག་ཉིད་དམ། ཡང་ན། གཟུགས་ལ་སོགས་པ་ཕུང་པོ་ལྔའི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམ་པར་སྣང་མཛད་དང་། མེ་ལོང་ལྟ་བུའི་ཡེ་ཤེས་མི་བསྐྱོད་པའམ། རྡོ་རྗེ་སེམས་དཔའ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་རིན་ཆེན་འབྱུང་ལྡན་དང་། སོ་སོར་རྟོག་པའི་ཡེ་ཤེས་འོད་དཔག་ཏུ་མེད་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་དོན་ཡོད་གྲུབ་པ་དང་ལྔའི་བདག་ཉིད་སངས་རྒྱས་ལའོ། །ཁྱད་ཆོས་ནི། ལྷན་ཅིག་སྐྱེས་པ་གཅིག་གི་དངོས་པོ་ནི་སེམས་ཅན་ཐམས་ཅད་ལ་དབྱེ་བ་མེད་པར་དྲི་མ་དང་བཅས་ཏེ་གནས་པ་དྲི་བཅས་ཀྱི་ཆོས་སྐུ་ཕྲིན་ལས་དང་བཅས་པ་ཡིན་ལ། དེ་ཡང་ཐབས་ཤེས་རབ་དང་། ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་ཅན་གྱི་འབྲས་བུ་དྲི་མ་མེད་པ་ཆོས་ཀྱི་སྐུ་དང་། ཀུན་རྫོབ་པ་གཟུགས་ཀྱི་སྐུ་གཉིས་སེམས་ཅན་དང་། ལམ་པའི་དུས་ན་དྲི་བཅས་དང་། སངས་རྒྱས་ཀྱི་དུས་ན་དྲི་མེད་དུ་གནས་པའོ། །གཉིད་འཐུག་པོ་དང་སྙོམས་འཇུག་ལས་སྐྱེས་པའི་བདེ་བ་ཆེན་པོའི་གནས་སྐབས་ནི་ཆོས་ཀྱི་སྐུ་དང་། རྨི་ལམ་གྱི་གནས་སྐབས་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཐ་མལ་གྱི་གནས་སྐབས་ནི་སྤྲུལ་པའི་སྐུ་སྟེ། སྐུ་གསུམ་གྱི་བདག་ཉིད་དང་། རྩ་ནི་སྐུ་རྡོ་རྗེ་དང་། རླུང་ནི་གསུང་རྡོ་རྗེ་དང་། ཐིག་ལེ་ནི་ཐུགས་རྡོ་རྗེ་སྟེ་རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་ཡིན་པས་སམ། ཡང་ན། གཉིད་འཐུག་པོའི་གནས་སྐབས་ནི། ཆོས་ཀྱི་སྐུ་དང་། རྨི་ལམ་གྱི་གནས་སྐབས་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང་། སད་པ་ཐ་མལ་གྱི་གནས་སྐབས་ནི་སྤྲུལ་པའི་སྐུ་དང་། ཆགས་པ་སྙོམས་འཇུག་གི་གནས་སྐབས་ནི་ཡེ་ཤེས་སམ་བདེ་བ་ཆེན་པོའི་སྐུ་སྟེ། སྐུ་བཞི་དང་ལྡན་པའོ། །བཞི་པ་ལ། སྤྱིའི་དོན་དང་། ཡན་ལག་གཞུང་གི་དོན་གཉིས་ལས། དང་པོ་ནི། ཚིགས་སུ་བཅད་པ་འདི་ཡང་བསྟན་བཅོས་ལུས་དང་མཐུན་པའི་མཆོད་བརྗོད་དེ། དེ་ལྟ་བུའི་ཕྱག་གི་ཡུལ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་རང་བཞིན་གྱི་དྲི་མ་རྣམ་པར་དག་པའི་རང་བཞིན་སྟོང་པ་ཉིད་དང་། གློ་བུར་གྱི་དྲི་མ་ཐམས་ཅད་དང་བྲལ་བའི་བདེ་བ་ཆེན་པོའི་ཡེ་ཤེས་དབྱེར་མེད་པའི་སྟོང་པ་ཉིད་ལ་བྱའོ། །དེ་ཉིད་ལ་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ཀར་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མིང་གིས་བསྟན་ཏེ། དེ་སྐད་དུ་ཡང་། རྡོ་རྗེ་གུར་ལས། ཤེས་རབ་ཕ་རོལ་ཕྱིན་པའི་ཐབས། །རྣལ་འབྱོར་མ་ཞེས་མངོན་པར་བརྗོད། །ཕྱག་རྒྱ་ཆེན་པོའི་སྦྱོར་བ་ལས། །གང་ཕྱིར་དེ་ཉིད་བརྟེན་པ་ཡི། །ཞེས་གསུངས་སོ། །དེ་ཡང་རང་བཞིན་རྣམ་དག་གི་ཆ་ནས་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ལ་དབྱེར་མེད་པ་ཡིན་ཏེ། རང་བཞིན་རྣམ་དག་གི་ཆོས་ཉིད་ལ་ཆ་ཤས་མེད་པའི་ཕྱིར། དེ་ལ་དགོངས་ནས། འདིར་ཡང་། དངོས་གཅིག་ཆོས་ཀུན་རང་བཞིན་ཅན། །ཞེས་པ་དང་། སློབ་དཔོན་འཕགས་པ་ལྷས། དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །དངོས་ཀུན་དངོས་པོ་གཅིག་གི་ངོ་བོ་ཉིད། །གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་། །ཞེས་པ་དང་། ཇོ་བོའི་བདེན་གཉིས་ལས། །སྟོང་པ་ཉིད་ལ་ཐ་དད་ནི། །ཅུང་ཟད་ཡོད་པ་མ་ཡིན་ཏེ། །ཞེས་པ་དང་། མདོ་ལས། ཆོས་གཅིག་གི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཤེས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཅེས་བྱ་བ་དེ་ཡང་ཆོས་ཐམས་ཅད་རང་རྐྱ་ཐུབ་པའི་རྫས་ཡོད་དུ་མ་གྲུབ་པར་ཕན་ཚུན་བཏགས་པ་ཙམ་ལ་བྱ་སྟེ། དེ་སྐད་དུ་ཡང་། རྩ་བ་ཤེས་རབ་ལས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་པ་དང་། བརྒྱད་སྟོང་པ་ལས་ཀྱང་། དགེ་བའི་བཤེས་གཉེན་གང་ཆོས་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མ་བྱུང་བ་དང་། མ་སྐྱེས་པ་དང་། མ་འགགས་པ་དང་། དངོས་པོ་མེད་པར་ཆོས་རྣམས་སྟོན་པ་དག་ལ་ཁྱོད་ཀྱིས་བསྙེན་པར་བྱ། ཞེས་སོགས་གསུངས་པས་སོ། །སྟོང་ཉིད་དེ་ཡང་ཡོད་མེད་དང་། རྟག་ཆད་དང་ཡིན་མིན་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བའི་དོན་གྱིས་ན་དབུ་མའི་རང་བཞིན་ཡང་ཡིན་ཏེ། སྤྱན་རས་གཟིགས་འགྲེལ་ལས། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉི་གའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །དེ་ནི་དབུ་མ་པ་ཡི་རིག །ཅེས་པ་དང་། རྩ་བ་ཤེས་རབ་ལས། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་གསུངས་པ་དང་། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །སྐྱེ་དང་འཇིག་མེད་འབྲི་བར་མི་འགྱུར་ཏེ། །འཕེལ་བ་མེད་ཅིང་རྣམ་པར་དག་པའང་མེད། །རྣམ་པར་དག་གྱུར་དེ་ནི་དོན་དམ་མཚན། །ཞེས་གསུངས་པས་སོ། །སྒྲ་དོན་ནི། ཨ་ཝ་དྷཱུ་ཏཱི་སྟེ། དེ་ཡང་མཐའ་ཐམས་ཅད་དང་བྲལ་བའི་དོན་གྱིས་ན་དབུ་མའོ། །ཐ་སྙད་ཀྱི་རྣམ་གྲངས། རྩ་དབུ་མ་དང་། ཡེ་ཤེས་ཀྱི་རླུང་དང་། བདེ་བ་ཆེན་པོའི་ཐིག་ལེ་དང་། ཡུལ་དང་ཡུལ་ཅན་དབྱེར་མེད་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སངས་རྒྱས་བསྐྱེད་པའི་ཡུམ་ལ་སོགས་པའི་རྣམ་གྲངས་དུ་མའི་ཐ་སྙད་མཛད་དོ། །སེམས་ཅན་གྱི་དུས་ན་གཞི་དབུ་མ་བདེན་གཉིས་ཟུང་འཇུག་དང་། ལམ་པའི་དུས་ན་ལམ་དབུ་མ་ཐབས་ཤེས་ཟུང་འཇུག་དང་། འབྲས་བུའི་དུས་ན་འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་གི་ཐ་སྙད་ཀྱང་མཛད་དོ། །དེ་ལ་འབྲས་བུ་དབུ་མ་ནི། གང་མཐར་སྐྱེས་པའི་རང་བཞིན་ཅན། །ཞེས་པ་ལྟར་རྒྱུན་མཐའ་རྡོ་རྗེ་ལྟ་བུ་ཏིང་ངེ་འཛིན་གྱིས་རང་གི་ངོ་སྐལ་སྤང་བྱ་སྤངས་པའི་མཐར་ཐོབ་པའི་བྲལ་བ་ཆོས་སྐུ་ཡིན་ལ། དེ་ཉིད་རྣམ་པ་དང་བཅས་པར་བཞེངས་པའི་ཚེ་ན། འཁོར་ལོ་བསྒྱུར་བའི་ལུས་སྣ་ཚོགས་ཡུམ་དང་། རྡོ་རྗེ་ཕག་མོ་ལ་སོགས་པའི་རྣམ་པར་བཞེངས་པ་ཡིན་ནོ། །གནས་བརྒྱད་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བ་དང་། ས་དང་པོར་མཐོང་ལམ་བར་ཆད་མེད་ལམ་གྱིས་མཐོང་སྤང་སྤངས་པའི་མཐར། རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པ་དེ་དག་ཀྱང་འབྲས་བུ་མ་ཡིན་ནམ་ཞེ་ན། དེ་དག་ཀྱང་གནས་སྐབས་ཀྱི་འབྲས་བུར་བཞག་ལ། མཐར་ཐུག་པ་ནི་མ་ཡིན་ནོ། །འོ་ན་བླ་ན་མེད་པའི་རྒྱུད་ལས། །མཆོག་མཐའ་དགའ་བྲལ་དང་པོར་ནི། །མུན་པ་ལ་ནི་མར་མེ་ལྟར། །དེ་བཞིན་དུས་ཀྱང་ཡིད་ཆེས་ཀྱིས། །ཤེས་དབང་གི་སྟོབས་ཀྱིས་སྐྱེས་པའི་ཡེ་ཤེས་ཀྱང་གསུངས་པས། དེ་དག་ཇི་ལྟ་བུ་ཞེ་ན། འདི་ནི་རྒྱུད་འགྲེལ་དཔང་པོར་བྱས་ཏེ། དབང་གི་སྟོབས་ཀྱིས་སམ། ལམ་བསྒོམས་པའི་སྟོབས་ཀྱིས་སྐྱེས་ཀྱང་རུང་སྟེ། རྩ་རླུང་བྱང་ཆུབ་ཀྱི་སེམས་ལས་སུ་རུང་བའི་སྟོབས་ཀྱིས་བྱང་ཆུབ་ཀྱི་སེམས་འཇོག་མེད་དུ་འཆིང་བ་དང་། རླུང་བརྒྱ་ཕྲག་བཅོ་བརྒྱད་པ་ཚན་པ་གཉིས་གསང་བའི་འཁོར་ལོར་འགགས་པ་ནི། ས་དང་པོར་མཐོང་ལམ་ཐོབ་པའི་རྟགས་སུ་བྱང་ཆུབ་སེམས་དཔའི་འགྲེལ་པ་བསྐོར་གསུམ་ལས་གསུངས་པ་ལྟར་ཡིད་ཆེས་པར་བྱའོ། །ཁ་ཅིག་རྗེ་ནཱ་རོ་པའི་བཞེད་པ་ལ། དབང་གི་དུས་སུ་མཐོང་ལམ་སྐྱེས་ནས། སྐད་ཅིག་དེ་ཉིད་དུ་འགག་པར་བཞེད་ཟེར་ཡང་། དབང་བཞི་པའི་མཐར་དེ་ལྟར་སྐྱེས་ནས་འགག་པར་བཞེད་པ་ག་ལ་སྲིད། གཉིས་པ་ལ། རྩ་བ་བཀོད་པ་དང་། ཚིག་དོན་བཤད་པ་གཉིས་ལས། དང་པོ་ནི། དངོས་གཅིག་ཆོས་ཀུན་རང་བཞིན་ཅན། །དབུ་མའི་རང་བཞིན་བདེ་གཅིག་ཉིད། །གང་མཐར་སྐྱེས་པའི་རང་བཞིན་ཅན། །ལྷ་མོ་དེ་ལ་ཕྱག་འཚལ་ལོ། །ཞེས་པའོ། །གཉིས་པ་ནི། ཕྱག་འཚལ་ལོ་ཞེས་པ་བཤད་པའི་གཞིར་ཞོག གང་ལ་འཚལ་ན། གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་ན་ཁྱབ་པའི་སྟོང་པ་ཉིད་ཀྱི་དངོས་པོ་གཅིག་ནི། ཆོས་ཀུན་གྱི་རང་བཞིན་ཅན་ཡིན་ལ། དེ་ཡང་རྟག་ཆད་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བའི་དབུ་མའི་རང་བཞིན་འབྲས་བུ་ཆོས་སྐུ་བསྐྱེད་པར་བྱེད་པའི་བདེ་བ་ཆེན་པོ་གཅིག་གི་ངོ་བོ་ཉིད་ཡིན་ལ། གང་བསྒོམས་པའི་ལམ་མཐར་ཐུག་པ་དེའི་ཚེ་ན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་རང་གི་ངོ་སྐལ་གྱི་སྤང་བྱ་མ་ལུས་པར་སྤངས་པའི་མཐར་སྐྱེས་པའི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རང་བཞིན་ཅན་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ཞིང་། དེ་གཞན་ལ་སངས་རྒྱས་ཀྱི་སྐུར་བཞེངས་པའི་ཚེ་ན། ལྷ་མོ་སྟེ་སྣ་ཚོགས་ཡུམ་དང་། བདག་མེད་མ་དང་། རྡོ་རྗེ་ཕག་མོ་ལ་སོགས་པ་ཡུམ་གྱི་རྣམ་པར་བཞེངས་པ་དེ་ལའོ། །མཆོད་པར་བརྗོད་པའི་ཚིགས་སུ་བཅད་པ་གསུམ་པོ་འདིའི་དོན་འདི་ལྟར་བཤད་པ་ནི། འགྲེལ་པའི་དགོངས་པ་ཇི་ལྟ་བ་བཞིན་ནོ། །གཉིས་པ་བསྟན་བཅོས་རྩོམ་པའི་དམ་བཅའ་བཞག་པ་ལ། སྤྱིའི་དོན་དང་། ཡན་ལག་གཞུང་གི་དོན་རྣམ་པ་གཉིས་ལས། དང་པོ་ལ་འཕྲོས་ནི། འོ་ན་ཁྱོད་ཀྱིས་དེ་ལྟར་ཡུལ་ཁྱད་པར་ཅན་ལ་མཆོད་པར་བརྗོད་ནས། ཉ་བའི་ཁང་པར་ཇི་ལྟ་བུ་ཞིག་བསྒྲུབ་ཅེ་ན། རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པའི་རྒྱུད་རྣམས་ནས་གསུངས་པའི་ཟབ་མོ་ནང་གི་དོན་གཏན་ལ་དབབ་པའི་བསྟན་བཅོས་འདི་བཤད་པར་བྱའོ། །ཞེས་བྱ་བ་ནི་འབྲེལ་པའོ། །དེ་ལྟར་བཤད་པར་བྱ་བ་ཡང་གང་ཡིན་ཞེ་ན། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་གྱི་རྒྱུད་མན་ཆད་དང་། ཕ་རོལ་དུ་ཕྱིན་པའི་གཞུང་ལུགས་ཕལ་ཆེ་བ་དང་། ཉན་ཐོས་ཀྱི་གཞུང་ལུགས་རྣམས་ལ་མ་གྲགས་པའི་ཐབས་མཁས་པའི་ཁྱད་པར་རྩ་རླུང་བྱང་ཆུབ་ཀྱི་སེམས་དང་། དམ་ཚིག་ཆེན་པོ་དགོངས་པ་དང་ལྡན་པ་དབང་གསུམ་པ་དང་བཞི་པའི་དོན་དུ་བ་ལ་སོགས་པའི་ལམ་གྱི་རྟགས་དང་། རྟགས་ཅན་གྱིས་འགྲེལ་པ་ལམ་འབྲས་བུ་དང་བཅས་པ་གང་ཡིན་པའོ། །དེ་ཡང་བླ་ན་མེད་པའི་ཕ་རྒྱུད་དང་མ་རྒྱུད་རྣམས་ལས། རྡོ་རྗེའི་ཚིག་རབ་ཏུ་བརླིང་བ་མཐའ་དྲུག་དང་ཚུལ་བཞིའི་སྒོ་ནས་གསུངས་པས། ཕལ་གྱིས་གོ་བར་དཀའ་བ་དེ་ཉིད་བླ་མའི་མན་ངག་དང་། རྒྱུད་དང་འགྲེལ་པ་རྣམས་ལ་བརྟེན་ནས་ཇི་ལྟ་བ་བཞིན་དུ་བཤད་པར་བྱའོ། །དེ་ལ་མཐའ་དྲུག་ནི། དགོངས་པ་ཅན་དང་། དགོངས་པ་ཅན་མ་ཡིན་པའི་མཐའ་དང་། དྲང་དོན་གྱི་མཐའ་དང་། ངེས་དོན་གྱི་མཐའ་དང་། སྒྲ་ཇི་བཞིན་པ་དང་། སྒྲ་ཇི་བཞིན་པ་མ་ཡིན་པའི་མཐའ་དང་དྲུག་གོ །དང་པོ་ལ། དུས་གཞན་ལ་དགོངས་པ་དང་། དོན་གཞན་ལ་དགོངས་པ་དང་། གང་ཟག་གི་བསམ་པ་ལ་དགོངས་པ་དང་གསུམ་ལས། དང་པོ་ནི། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། ཞེས་མ་འོངས་པ་ན་བྱང་ཆུབ་པའི་དུས་ལ་དགོངས་ཏེ་གསུངས་པའོ། །གཉིས་པ་ནི། མིང་གཞན་ལ་བསྒྱུར་ཏེ་གསུངས་པ། སངས་རྒྱས་ཀུན་ལ་འཕྲོགས་ནས་ནི། །ལྷ་མཆོག་ལས་སྐྱེས་བུ་མོ་སྤྱོད། །ཅེས་སྒྱུ་མ་ཆེན་པོ་ལས་གསུངས་པ་ལྟ་བུ་སྟེ། དེའི་དོན་ནི། དབང་གི་དུས་སུ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། ཡབ་ཀྱི་ཐུགས་ཀར་ཞུགས། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས་པ་སྦྱོར་མཚམས་ནས་བྱུང་བའི་བདུད་རྩི་ལ་ལོངས་སྤྱོད་པའོ། །གསུམ་པ་ནི། གང་ཟག་གི་བསམ་པ་ལ་དགོངས་ནས། དོན་བསྒྱུར་ནས་བརྗོད་པ་སྟེ། དེ་སྐད་དུ་ཡང་། ཧེ་བཛྭ་ལས། ཁྱོད་ཀྱིས་སྲོག་ཆགས་བསད་པ་དང་། །བརྫུན་གྱི་ཚིག་ཀྱང་སྨྲ་བ་དང་། །ཁྱོད་ཀྱིས་མ་བྱིན་པར་ཡང་ལོང་། །ཞེས་གསུངས་པ་ལྟ་བུ་སྟེ། དེ་དག་གི་དོན་བདག་འཛིན་གྱི་རྩ་བ་བཅད་པ་དང་། ཆོས་ཐམས་ཅད་བདེན་མེད་དུ་སྨྲ་བ་དང་། བྱང་ཆུབ་ཀྱི་སེམས་འཛིན་པ་རིམ་པ་བཞིན་ནོ། །གཉིས་པ་དགོངས་པ་ཅན་མ་ཡིན་པ་ནི། ཧེ་བཛྭ་ལས། བསད་པར་འདི་ལ་བྱ་མ་ཡིན། །དམ་ཚིག་ངེས་པར་ཉམས་པར་འགྱུར། །སེམས་ཅན་སླུ་བ་སྤངས་ནས་ནི། །བྱ་བ་མ་ཡིན་ཐམས་ཅད་བྱ། །སེམས་ཅན་གནོད་པའི་ལས་གྱིས་ནི། །ཕྱག་རྒྱའི་དངོས་གྲུབ་རྙེད་མ་འགྱུར། །ཞེས་གསུངས་པ་ལྟ་བུ་སྟེ། དགོངས་པ་གཞན་དུ་འཆད་མི་དགོས་པ་རྣམས་སོ། །གསུམ་པ་དྲང་པའི་དོན་ནི། །ཧེ་བཛྭ་ལས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་བ། །ཅི་གསུངས་སྦྱིན་བསྲེག་བྱས་ནས་ནི། །དཀྱིལ་འཁོར་དམ་པ་བཞེངས་པ་དང་། །སྔ་བར་སྐུ་གཟུགས་སྤྱད་པ་དང་། །སྟ་གོན་ལ་སོགས་བྱས་ནས་ནི། །ཞེས་པ་དང་། ཞི་བའི་ཐབ་ཁུང་ཟླུམ་པོ་ཉིད། །རྒྱས་པ་ཉིད་ཀྱི་གྲུ་བཞི་པ། །བསད་པ་ལ་ནི་གྲུ་གསུམ་བརྗོད། །ཅེས་པ་དང་། དེ་ནས་ཇི་ལྟར་དཀྱིལ་འཁོར་གྱི། །རིམ་པ་ཡང་དག་རབ་ཏུ་བཤད། །ཅེས་པ་དང་། རྡུལ་ཚོན་དམ་པའི་ཚོན་དང་ནི། །ཡང་ན་འབྲིང་པོ་ཉིད་ཀྱིས་ཏེ། །ཞེས་སོགས་གསུངས་པ་ལྟ་བུ་བསྐྱེད་རིམ་དང་འབྲེལ་བའི་ཐབས་ཀྱི་ཁྱད་པར་གསུངས་པ་རྣམས་སོ། །བཞི་པ་ངེས་དོན་གྱི་མཐའ་ནི། ཧེ་བཛྭ་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་པ་དང་། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། ཞེས་པ་དང་། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱི་ནི་བརྗོད་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །ལྔ་པ་སྒྲ་ཇི་བཞིན་པའི་མཐའ་ནི། ཨཱ་ལི་དང་ཀཱ་ལི་ལ་སོགས་པའི་ཡི་གེ་དང་། དཀྱིལ་འཁོར་གྱི་ཆོ་ག་དང་། འཇིག་རྟེན་དང་མཐུན་པའི་སྤྱོད་ལམ་སྣ་ཚོགས་དང་། སྒྲ་དང་གཏན་ཚིགས་ལ་སོགས་པ་འཇིག་རྟེན་ན་གྲགས་པ་རྣམས་ཏེ། ཇི་སྐད་དུ་སྒྲོན་གསལ་ལས། །དཀྱིལ་འཁོར་སོགས་དང་ཆོག་ཞིབ་ལ། །སྤྱོད་པ་ཇི་ལྟ་ཇི་ལྟར་གསུངས། །དོན་རྒྱས་བཤད་པ་གང་ཡིན་པ། །དེ་ནི་ཇི་བཞིན་སྒྲར་གསུངས་པའོ། །ཞེས་གསུངས་པའི་ཕྱིར། །དྲུག་པ་སྒྲ་ཇི་བཞིན་པ་མ་ཡིན་པའི་མཐའ་ནི། །ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་དང་། སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་གི་རྒྱུད་ལས། རྩ་བ་དང་ཡན་ལག་གི་རླུང་བཅུ་པོའི་མིང་འཇིག་རྟེན་ན་མ་གྲགས་པར་དེ་བཞིན་གཤེགས་པས་རང་སྟོབས་ཀྱིས་བཞག་པའི་སྒྲ་ཇི་བཞིན་པ་མ་ཡིན་པས་གསུངས་པ་འདི་ལྟ་སྟེ། ཀོ་ཊཱ་ཁྱ། ཀོ་ཊཱ་ཝ། ཀོ་ཊཱ། ཀོ་ཊཱ་བཤྩ། ཀོ་ཊཱ་རཱི། །ཀཽ་ལཱ་ཁྱ། ཀཽ་ལཱ་ཝ། ཀོ་ལཱ། ཀཽ་ལཱ་བཤྩ། ཀོ་ལཱསྟ་ཐཱ། ཞེས་གསུངས་པ་ལྟ་བུ་སྟེ། དེ་སྐད་དུ་སྒྲོན་གསལ་ལས། ཀོ་ཊཱ་ཁྱ་ལ་སོགས་པའི་སྒྲ། །འཇིག་རྟེན་བསྟན་བཅོས་ལ་མེད་ཅིང་། །དེ་བཞིན་གཤེགས་པའི་བརྡར་གྱུར་པ། །དེ་ནི་ཇི་བཞིན་མིན་པར་བསྒྲགས། །ཤེས་གསུངས་པའི་ཕྱིར་རོ། །ཚུལ་བཞི་ནི། ཡི་གེའི་ཚུལ་དང་། སྤྱིའི་ཚུལ་དང་། སྦས་པའི་ཚུལ་དང་། མཐར་ཐུག་པའི་ཚུལ་དང་བཞི་སྟེ། སྒྲོན་གསལ་ལས། ཚིག་གི་དོན་དང་སྤྱི་ཡི་དོན། །སྦས་དང་དེ་བཞིན་མཐར་ཐུག་པའོ། །ཞེས་གསུངས་པས་སོ། །དེ་ལ་དང་པོ་ནི། ཨེ་ཝཾ་ཡི་གེ་གཉིས་ལ་སྦྱར་ན། འཇིག་རྟེན་ན་གྲགས་པ་ལྟར་འདི་སྐད་བདག་ཐོས་སོགས་གླེང་གཞི་ལ་འཇུག་པའོ། །གཉིས་པ་ནི། ཡི་གེ་གཉིས་པོ་བསྐྱེད་རིམ་ལ་སྦྱར་ན། རྟེན་སྐུ་དང་བརྟེན་པ་ཡེ་ཤེས་སམ། རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷར་སྦྱར་བའོ། །གསུམ་པ་ནི། ཨེ་ཡིག་པདྨ་དང་། ཝཾ་ཡིག་རྡོ་རྗེ་དང་། མ་ཡ་བསྐྱོད་པ་ལ་འཇུག་པའམ། ཡང་ན་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་ལ་སྦྱར་བའོ། །བཞི་པ་ནི། རྫོགས་རིམ་རྩ་རླུང་ཐིག་ལེ་འོད་གསལ་ཟུང་འཇུག་ལ་སྦྱར་བ་རྣམས་ཡིན་ཏེ། དེ་སྐད་དུའང་སྒྲོན་གསལ་ལས། སྒྲ་ཙམ་ལ་ནི་རབ་གཞོལ་བའི། །ཕྱི་རོལ་བསྟན་བཅོས་མཁས་པ་ཡིས། །དེ་ཡི་བཀོད་པ་རབ་བསྟན་པ། །ཡི་གེའི་དོན་ནི་ཡིན་པར་བཤད། །མདོ་སོགས་ལ་ནི་རབ་ཞུགས་པའི། །འགྱོད་པ་བཟློག་པར་བྱེད་པ་དང་། །བསྐྱེད་པའི་རིམ་དང་ལྡན་པ་དག །སྤྱི་ཡི་དོན་ནི་ཡིན་པར་གསུངས། །འདོད་ཆགས་ཆོས་ནི་རབ་སྟོན་དང་། །ཀུན་རྫོབ་བདེན་པ་རྟོགས་པ་དང་། །ཡེ་ཤེས་གསུམ་པོ་རྣམ་བརྟགས་པའི། །སྙིང་པོ་ཡོད་པས་སྦས་པའོ། །འོད་གསལ་པ་ནི་རབ་སྟོན་དང་། །ཟུང་དུ་འཇུག་པ་རྟོགས་པ་སྟེ། །རྣམ་པ་གཉིས་སུ་མཐའ་བཤད་དེ། །མཐའ་ནི་མུར་ཐུག་པ་ཡི་ཚིག །ཅེས་གསུངས་པའི་ཕྱིར་རོ། །ཚུལ་བཞི་པོ་འདིའི་དོན་རྒྱས་པར་ནི་གོང་དུ་ཨེ་ཝཾ་གྱི་སྐབས་སུ་བཤད་ཟིན་ཏོ། །འདི་ལྟ་བུའི་རྣམ་བཞག་རྣམས། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས་གསུངས་པའི་ཚུལ་ནི། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། གླེང་བསླང་བ་རྣམ་པ་ལྔ་དང་། །མཐའ་དྲུག་གི་བཤད་པ་དང་། རིགས་པ་རྣམ་པ་བཞི་དང་། བཤད་པ་རྣམ་པ་བཞི་དང་། དབྱེ་བ་རྣམ་པ་གཉིས་དང་། གང་ཟག་རྣམ་པ་ལྔའི་སློབ་མ་བརྟག་པ་དང་། བདེན་པ་གཉིས་ཀྱི་དགོངས་པ་རྣམས་སོ། །གླེང་བསླང་བ་རྣམ་པ་ལྔ་ནི། འདི་ལྟ་སྟེ། མིང་དང་། གང་གི་དོན་དུ་བྱས་པ་དང་། བྱེད་པ་པོ་དང་། ཚད་དང་། དགོས་པ་རྣམས་སོ། །མཐའ་དྲུག་དུ་བཤད་པ་ནི། འདི་ལྟ་སྟེ། དགོངས་པས་བཤད་པ་དང་། དགོངས་མིན་དུ་བཤད་པ་དང་། དྲང་བའི་དོན་དང་། ངེས་པའི་དོན་དང་། སྒྲ་ཇི་བཞིན་པ་དང་། སྒྲ་ཇི་བཞིན་པ་མ་ཡིན་པ་རྣམས་སོ། །རིགས་པ་བཞི་ནི། རྒྱུད་དང་། ངེས་ཚིག་དང་། གླེང་གཞི་དང་། རྒྱུ་རྣམས་སོ། །བཤད་པ་བཞི་ནི། ཡི་གེ་དང་། སྤྱི་དང་། སྦས་པ་དང་། མཐར་ཐུག་པའོ། །དབྱེ་བ་རྣམ་པ་གཉིས་ནི། ཚོགས་ལ་བཤད་པ་དང་། སློབ་མ་ལ་བཤད་པའོ། །གང་ཟག་རྣམ་པ་ལྔ་ནི། འདི་ལྟ་སྟེ། རིན་པོ་ཆེ་དང་། ཙནྡན་དང་། པདྨ་དང་། པདྨ་དཀར་པོ་དང་། ཨུཏྤལ་རྣམས་སོ། །བདེན་པ་གཉིས་ནི། ཀུན་རྫོབ་དང་། དོན་དམ་པའི་བདེན་པའོ། །ཞེས་རྒྱས་པར་གསུངས་པ་རྣམས་ཀྱི་དོན་ཡིན་ནོ། །དེ་ལྟར་མཐའ་དྲུག་དང་ཚུལ་བཞིའི་སྒོ་ནས་བཤད་པར་བྱ་བའི་རྒྱུད་ཀྱི་བརྗོད་བྱ་ནང་གི་དོན་དེ་གང་ཡིན་ཞེ་ན། ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པའི་སངས་རྒྱས་ཀྱི་སྐུ་དྲི་མ་དང་བཅས་པའི་ཚེ་ན། དྲི་བཅས་དེ་བཞིན་ཉིད་དང་། དྲི་མ་དག་པའི་ཚེ་ན་དྲི་མེད་དེ་བཞིན་ཉིད་ཀྱི་མཚན་གསོལ་བ་ནང་གི་བདག་ཉིད་ལུས་སེམས་དངོས་པོའི་གནས་ལུགས་གང་ཡིན་པ་དེའོ། །དེ་གང་ལ་བཤད་པར་བྱ་བའི་ཚུལ་ཡང་རྣམ་པ་གཉིས་ཏེ། ཚོགས་པ་ལ་བཤད་པར་བྱ་བ་དང་། ཡིད་ཆེས་པའི་སློབ་མ་ལ་བཤད་པར་བྱ་བའོ། །དང་པོ་ནི། མཐའ་དྲུག་གི་ནང་ནས་སྒྲ་ཇི་བཞིན་པ་དང་། དགོངས་པ་ཅན་མ་ཡིན་པ་དང་། དྲང་བའི་དོན་དང་། ཚུལ་བཞིའི་ནང་ནས་ཡི་གེའི་ཚུལ་དང་། སྤྱིའི་ཚུལ་རྣམས་ཀྱི་བརྗོད་པར་བྱ་བ་རྣམས་ནི། ཚོགས་པ་ལ་བཤད་པར་བྱ་བའི་ཆོས་སོ། །གཉིས་པ་ནི། ཇི་བཞིན་མིན་པའི་སྒྲ་དང་། ངེས་དོན་དང་། དགོངས་པ་ཅན་དང་། སྦས་པ་དང་། མཐར་ཐུག་པའི་བཤད་པ་རྣམས་ནི་ཡིད་ཆེས་པའི་སློབ་མ་ལ་བཤད་པར་བྱ་བ་ཡིན་ཏེ། དེ་སྐད་དུ་ཡང་སྒྲོན་གསལ་ལས། འཆད་པས་ཉན་པར་འདོད་པ་ལ། །དབྱེ་བ་ཡང་ནི་གཉིས་ཡོད་དེ། །ཚོགས་ལ་བཤད་པར་བསྟན་པ་དང་། །གཉིས་པ་སློབ་མ་ལ་བཤད་པའོ། །ཞེས་དང་། ཇི་བཞིན་སྒྲ་དང་དགོངས་མིན་དང་། །དྲང་བའི་དོན་དུ་གང་བྱུང་དང་། །ཡི་གེའི་དོན་དང་སྤྱི་ཡི་དོན། །ཚོགས་ལ་བཤད་པ་ཡིན་པར་བརྗོད། །ཅེས་དང་། ཇི་བཞིན་མིན་སྒྲ་ངེས་དོན་དང་། །དེ་བཞིན་དགོངས་ཏེ་བཤད་པ་དང་། །སྦས་དང་མཐར་ཐུག་པ་རྣམས་ནི། །སློབ་མ་ལ་ནི་བཤད་པར་འདོད། །ཅེས་གསུངས་པས་སོ། །སྤྱིར་ཆོས་ཉན་པའི་གང་ཟག་ཀྱང་རྣམ་པ་ལྔ་སྟེ། ཇི་སྐད་དུ་བཤད་པའི་རྒྱུད་རྡོ་རྗེ་ཕྲེང་བའི་ལུང་བསྡུས་པ་ལས། རྣམ་པ་ཀུན་དུ་ཉན་འདོད་པའི། །འཇིག་རྟེན་ངེས་པར་གྱུར་བ་ནི། །བློ་ཡི་རྣམ་པ་དཔག་མེད་ལས། །གང་ཟག་རྣམ་པ་ལྔར་འདོད་དོ། །ཨུཏྤ་ལ་དང་པད་དཀར་དང་། །པདྨ་ཙནྡན་རིན་པོ་ཆེ། །རང་བཞིན་ཐ་དད་མིང་གིས་དེ། །ཐམས་ཅད་མཁྱེན་པས་གསུངས་པ་ཡིན། །ཞེས་གསུངས་པས་སོ། །དེ་དག་གི་ནང་ནས་ཀྱང་ཨུཏྤལ་ལྟ་བུ་སོགས་བཞི་ནི་བསྐྱེད་རིམ་དང་ཚོགས་ཆོས་ཉན་པའི་སྣོད་དང་། རིན་ཆེན་ལྟ་བུ་ནི་རྫོགས་རིམ་ཉན་པའི་སྣོད་དུ་བསྟན་ཏེ། དེ་ཉིད་ལས། ཨུཏྤལ་དེ་བཞིན་པད་དཀར་དང་། །པདྨ་ཙནྡན་ཉིད་དག་སྟེ། །གང་ཟག་བཞི་པོ་འདི་དག་ནི། །ཚོགས་པ་ལ་བཤད་གང་ཟག་གོ །རྫོགས་པའི་རིམ་གྱི་སྐལ་ལྡན་ཞིང་། །རྟག་ཏུ་སྤྱོད་པས་རྣམ་བརྒྱན་པ། །འདི་ནི་རིན་ཆེན་གང་ཟག་སྟེ། །སློབ་མ་ལ་བཤད་སྣོད་ཡིན་ནོ། །ཞེས་གསུངས་པས་སོ། །དེ་ལྟར་གང་ལ་བཤད་པར་བྱ་བའི་གང་ཟག་དེ་རྣམས་ཀྱི་ནང་ནས་བསྟན་བཅོས་འདིའི་གདུལ་བྱ་ནི། རྫོགས་རིམ་ཉན་པའི་སྣོད་དུ་རུང་བ་རིན་པོ་ཆེ་ལྟ་བུའི་གང་ཟག་སྟེ། ཇི་སྐད་དུ་འགྲེལ་པ་ལས། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་བློ་གྲོས་མཆོག་ཏུ་གྱུར་པ་རྣམས་ལ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་མྱུར་དུ་ཐོབ་པར་བྱ་བའི་ཕྱིར། རྡོ་རྗེ་ཐེག་པ་བླ་ན་མེད་པ་གསུངས་པ་ལས། དེའི་ཟབ་མོ་ནང་གི་དོན་ཉེ་བར་བསྡུས་ཏེ་བསྟན་པ་བཤད་པར་བྱའོ། །ཞེས་གསུངས་པས་སོ། །ཉན་ཐོས་དང་ཕ་རོལ་ཏུ་ཕྱིན་པ་ལ་ཕྱོགས་རེ་ཞུགས་པ་སྟོང་པ་ཉིད་ཀྱིས་སེམས་གཡེངས་པ་དག་གི་སྤྱོད་ཡུལ་མ་ཡིན་པར་གཞུང་དང་འགྲེལ་པར་གསལ་བར་བཤད་པ་ལྟར་རོ། །གཉིས་པ་ཡན་ལག་གཞུང་གི་དོན་ལ། རྩ་བ་བཀོད་པ་དང་། ཚིག་དོན་བཤད་པའོ། །དང་པོ་ནི། རྒྱུད་རྣམས་ཀུན་དུ་གསང་བ་གང་། །རྒྱལ་བས་བླ་ན་མེད་པར་ཕྱེ། །མཐའ་དྲུག་གིས་བཅིངས་ནང་གི་དོན། །ཕྱི་ནང་ཉན་ཐོས་སྤྱོད་ཡུལ་མིན། །ཕ་རོལ་ཕྱིན་པར་རབ་གསང་བ། །ལུས་སེམས་ནང་གི་བདག་ཉིད་བཤད། །ཅེས་པའོ། །གཉིས་པ་ནི། བཤད་པར་བྱའོ་ཞེས་དམ་བཅའ། གང་བཤད་ན། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་གྱི་རྒྱུད་རྣམས་ཀུན་ལས་གསང་བའི་ནང་གི་དོན་ཐབས་དང་བཅས་པ་གང་ཡིན་པ་ཉིད། རྒྱལ་བ་རྡོ་རྗེ་འཆང་གིས་བླ་ན་མེད་པའི་ཕ་རྒྱུད་མ་རྒྱུད་རྣམས་སུ་ལེགས་པར་ཕྱེ་བ་གང་ཡིན་པ་དེའོ། །འོ་ན་བླ་ན་མེད་པའི་རྒྱུད་དུ་ཇི་ལྟར་ཕྱེ་ཞེ་ན། དགོངས་པ་དང་དགོངས་མིན། དྲང་དོན་དང་ངེས་དོན། སྒྲ་ཇི་བཞིན་པ་དང་ཇི་བཞིན་མིན་པ་སྟེ་མཐའ་དྲུག་དང་། ཡི་གེ་དང་། སྤྱི་དང་། སྦས་པ་དང་། མཐར་ཐུག་པ་སྟེ་ཚུལ་བཞིའི་རྡོ་རྗེའི་ཚིག་གིས་རབ་ཏུ་བཅིངས་པའི་སྒོ་ནས་སོ། །དེ་ཇི་ལྟ་བུ་ཞེ་ན། ལུས་སེམས་དངོས་པོའི་གནས་ལུགས་ནང་གི་དོན་བདེ་བར་གཤེགས་པའི་སྙིང་པོ་གང་ཡིན་པ་དེའོ། །དེ་ལྟ་བུའི་ནང་གི་དོན་དེ་ཕྱི་རོལ་པ་དང་། ནང་པའི་ཉན་ཐོས་སྡེ་གཉིས་ཀྱི་སྤྱོད་ཡུལ་མ་ཡིན་ཞིང་། ཕ་རོལ་དུ་ཕྱིན་པའང་སྟོང་པ་ཉིད་ལས་སེམས་ཕྱི་རོལ་དུ་གཡེངས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས། དེ་དག་ལ་གསུངས་པའི་ལུས་སེམས་ཀྱི་གནས་ལུགས་ནང་གི་བདག་ཉིད་གང་ཡིན་པ་དེའོ། །འགྲེལ་པར་ཕྱི་རོལ་པའི་ཉན་ཐོས་ཀུན་དུ་རྒྱུ་དང་ཙ་ར་ཀ་དང་ཞེས་ཕྱི་རོལ་པ་ལའང་ཉན་ཐོས་ཀྱི་ཐ་སྙད་གསུངས་ཀྱང་། །ཕྱི་རོལ་པ་དང་ནང་བའི་ཉན་ཐོས་ཞེས་བཤད་ན་ཡོངས་གྲགས་ཀྱི་བརྡ་ཆད་དང་མཐུན་པ་འདྲ་བར་བསམས་ནས་དེ་ལྟར་འབྲུ་མནན་པ་ཡིན་ནོ། །གསུམ་པ་སྐབས་སུ་བབ་པའི་གཞུང་དོན་བཤད་པ་ལ། དད་ལྡན་འཇུག་པའི་ཡན་ལག་ཏུ་བསྟན་བཅོས་ཀྱི་དགོས་སོགས་ཆོས་བཞི་བཤད། དགོས་པ་དེ་དང་ལྡན་པའི་བསྟན་བཅོས་ཀྱི་ལུས་དངོས་བཤད། རིག་འཛིན་གྱི་སྡེ་སྣོད་ཀྱི་ངེས་པ་བསྟན་པས་མཇུག་བསྡུ་བ་དང་གསུམ། དང་པོ་ལ། སྤྱིའི་དོན་དང་། ཡན་ལག་གཞུང་གི་དོན་གཉིས་ལས། དང་པོ་ལ། དགོས་སོགས་ཆོས་བཞི་ནི། བརྗོད་བྱ་དང་དགོས་པ་དང་། ཉིང་དགོས་དང་། འབྲེལ་པ་དང་བཞི་སྟེ། ཐོག་མར་དགོས་སོགས་སྨོས་པ་ནི། བསྟན་བཅོས་འཆད་པ་དག་གི་སྤྱི་ལུགས་ཡིན་པའི་ཕྱིར་ཏེ། སློབ་དཔོན་དབྱིག་གཉེན་གྱིས། རྣམ་བཤད་རིག་པར། ཇི་སྐད་དུ། མདོ་དོན་སྨྲ་བ་དག་གིས་ནི། །དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་གསུངས་སོ། །དེ་ལ་དང་པོ་ནི། བསྟན་བཅོས་ལ་བརྗོད་བྱ་མ་མཐོང་ན་བྱ་རོག་སོ་རྟོག་གི་བསྟན་བཅོས་བཞིན་དུ། བློ་དང་ལྡན་པའི་གདུལ་བྱ་རྣམས་བསྟན་བཅོས་ལ་བདེ་བླག་ཏུ་འཇུག་པར་མི་འགྱུར་བས། ཐོག་མར་བསྟན་བཅོས་ཀྱི་བརྗོད་བྱ་བཤད་པར་བྱ་སྟེ། འདིའི་བརྗོད་བྱ་ནི། མཆོག་ཏུ་རྟོགས་པར་དཀའ་བ་རྡོ་རྗེ་ཐེག་པའི་བརྗོད་པར་བྱ་བ་སྟེ། བསམ་གྱིས་མི་ཁྱབ་པའི་རྡོ་རྗེའི་གནས་སོ། །རྡོ་རྗེ་ཐེག་པའི་སྒྲ་བཤད་ནི། རྡོ་རྗེ་ནི་འགྱུར་མེད་རྣམ་ཀུན་མཆོག་ལྡན་གྱི་ཆོས་སྐུ་ཡིན་ལ། དེའི་ལམ་དུ་འགྲོ་ཞིང་རྒྱལ་བའི་སྲས་རྣམས་དེར་ཕྱིན་པར་བྱེད་པས་ན་ཐེག་པ་སྟེ། འདོད་པའི་ཡུལ་དུ་ཁུར་ཐེག་པའི་རྟ་དང་གླང་པོ་བཞིན་ནོ། །དེ་སྐད་དུའང་སྡུད་པ་ཚིགས་སུ་བཅད་པ་ལས། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱིད་བདེ་བ་མངོན་པར་ཐོབ་བྱེད་ཐེག་པའི་མཆོག །གང་ཞིག་ཞོན་ནས་ཕྱོགས་སུ་འགྲོ་བ་དམིགས་སུ་མེད། །ཅེས་གསུངས་པ་ལྟ་བུའོ། །ཡང་ན་མི་ཤིགས་པའི་རང་བཞིན་གཞོམ་དུ་མེད་པའི་སངས་རྒྱས་ཀྱི་སྙིང་པོ་ཉིད་ཐེག་པ་ཐམས་ཅད་ཀྱི་གཞི་ཡིན་པས་དེ་ལའང་རྡོ་རྗེ་ཐེག་པའི་སྒྲ་འཇུག་སྟེ། འཁོར་འདས་ཀྱི་ཆོས་ཐམས་ཅད་དེ་ལས་མ་གཡོས་པའི་ཕྱིར། དེ་ལྟ་བུའི་རྡོ་རྗེ་ཐེག་པ་སྟོན་པའི་གཞུང་གི་བརྗོད་བྱའི་གཙོ་བོ་ནི། སེམས་ནི་རྫོགས་པའི་སངས་རྒྱས་ཏེ། །ཞེས་གསུངས་པ་ལྟར་རང་བཞིན་གྱི་དྲི་མ་དང་བྲལ་བའི་སེམས་ཀྱི་ངོ་བོ་ཆོས་ཐམས་ཅད་ཀྱི་རྩ་བ་བདེ་བར་གཤེགས་པའི་སྙིང་པོ་གང་ཡིན་པ་དེའོ། །དེ་ཉིད་ལ་མ་དག་པའི་གནས་སྐབས་ན་སེམས་ཅན་དང་། ལམ་པའི་གནས་སྐབས་ན་བྱང་ཆུབ་སེམས་དཔའ་དང་། ཤིན་ཏུ་རྣམ་དག་གི་གནས་སྐབས་ན་དེ་བཞིན་གཤེགས་པ། ཞེས་བརྗོད་པ་ཡིན་ཏེ། ཇི་སྐད་དུ་ཆོས་དབྱིངས་བསྟོད་པ་ལས། གང་ཞིག་ཀུན་དུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་བ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། །ཅེས་པ་དང་། རྒྱུད་བླ་མ་ལས། ཁམས་ནི་གནས་སྐབས་གསུམ་དག་ཏུ། །མིང་གསུམ་གྱིས་ནི་བསྟན་པ་ཡིན། །ཞེས་གསུངས་པས་སོ། །དེ་ལྟ་བུའི་སྙིང་པོ་དེ་ཡང་གནས་བཞིས་ཉེ་བར་འཁྱུད་པ་ཡིན་ཏེ། ངོ་བོ་རང་བཞིན་གྱི་དྲི་མས་མ་གོས་ཀྱང་། གློ་བུར་གྱི་དྲི་མ་མཐའ་དག་མ་སྤངས་ཀྱི་བར་དུ་སངས་རྒྱས་སུ་མི་འགྱུར་བ་ཁམས་ཀྱི་དོན་དང་། ཐོག་མ་མེད་པའི་དུས་ནས་གློ་བུར་གྱི་དྲི་མ་དང་འབྲལ་རུང་དུ་གནས་པ་བྱང་ཆུབ་ཀྱི་དོན་དང་། དེ་ལྟ་ནས་སེམས་ཅན་གྱི་རྒྱུད་ལ་ཡོན་ཏན་དང་བཅས་ཏེ་ཡོད་ཀྱང་གཉེན་པོ་སྟོབས་ལྡན་གྱི་དྲི་མ་མ་སྦྱངས་ན། ནུས་པ་མི་འབྱིན་པ་ཡོན་ཏན་གྱི་དོན་དང་། དྲི་མ་ཐམས་ཅད་དང་བྲལ་བ་ན་གངྒཱའི་ཀླུང་གི་སངས་རྒྱས་ཀྱི་ཡོན་ཏན་རྣམས་དང་དབྱེར་མེད་ཅིང་། རྣམ་པར་མི་རྟོག་པའི་ངང་ནས་རང་གཞན་གྱི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་ཕྱིར། གནས་འདི་ནི་བསམ་གྱིས་མི་ཁྱབ་སྟེ། དེ་སྐད་དུ་ཡང་རྒྱུད་བླ་མ་ལས། ངག་དང་ཉོན་མོངས་དང་ལྡན་ཕྱིར། །ཀུན་ནས་ཉོན་མོངས་མེད་དག་ཕྱིར། །རྣམ་པར་དབྱེ་བ་མེད་ཆོས་ཕྱིར། །ལྷུན་གྲུབ་རྣམ་པར་མི་རྟོག་ཕྱིར། །ཞེས་གསུངས་པས་སོ། །དེ་ཡང་དཔེས་མཚོན་ན། རྣམ་པར་མ་དག་པའི་རིགས་ནས་བླངས་པའི་ནོར་བུ་རིན་པོ་ཆེ་ཤུན་པ་དང་བཅས་པ་དང་། བྲལ་བའི་གནས་སྐབས་ན། འབྲས་བུ་འབྱིན་མི་འབྱིན་གྱི་རྟོག་པ་མེད་པར་མཚུངས་པ་དང་། ཤུན་པ་དེ་ཉིད་ནོར་བུ་དང་གཞན་ལས་ཀྱང་མ་བྱུང་བ་ལྟར། སངས་རྒྱས་ཀྱི་སྙིང་པོ་ཡང་དྲི་མ་དང་བཅས་པ་དང་། བྲལ་བའི་ཚེ་ན། གཞན་དོན་བྱེད་མི་བྱེད་ཀྱི་རྣམ་རྟོག་མེད་པར་མཚུངས་ལ། དྲི་མ་དེ་དེ་དང་གཞན་ལས་ཀྱང་མ་བྱུང་ངོ་། །འདི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པར་ཡང་མདོ་རྒྱུད་དུ་མ་ལས་གསུངས་ཏེ། ཇི་སྐད་དུ་མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །འདི་ན་སྐལ་མེད་སེམས་ཅན་གང་ཡང་མེད། །ཅེས་པ་དང་། ཧེ་བཛྭ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །ཤེས་དང་། སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་སོགས་གསུངས་པའི་དགོངས་པ་འཆད་པ་ན། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་ལ། གཞུང་འདིའི་དོན་ནི། སེམས་ཅན་ཐམས་ཅད་ལ། རྫོགས་པའི་སངས་རྒྱས་ཀྱི་སྐུ་འཕྲོ་ཞེས་པ་ནི། ཆོས་སྐུ་ལ་བསྟན་པ་གསུང་རབ་ཀྱི་ཆར་གྱུར་བའི་ཆོས་སྐུ་དང་། རྟོགས་པ་ཡེ་ཤེས་ཀྱི་ཆར་གྱུར་བའི་ཆོས་སྐུ་གཉིས་ལས། འདིར་ནི་བསྟན་པ་ཆོས་སྐུ་ཟབ་མོ་སྟོང་པ་ཉིད་སྟོན་པའི་གསུང་རབ་དང་། རྒྱ་ཆེ་བ་ཀུན་རྫོབ་ཀྱི་ཆ་སྟོན་པའི་གསུང་རབ་གཉིས་སྐལ་བ་དང་ལྡན་པའི་སེམས་ཅན་རྣམས་ཀྱིས་ཐོས་བསམ་བྱེད་པའི་སྒོ་ནས་ཉམས་སུ་ལེན་རུང་བ་ལ་ཆོས་སྐུ་འཕྲོ་བའི་དོན་ཡིན་པར་བཞེད་དོ། །འགྲེལ་པར། དྲི་མ་དག་པ་ན་སྤྲུལ་པའི་སྐུར་སེམས་ཅན་གྱི་དོན་བྱེད་འགྱུར་ལ་ཆོས་སྐུ་འཕྲོ་བའི་དོན་དུ་བཤད་པ་ལྟར་སྣང་ཡང་། དགོངས་པ་མཐར་ཐུག་ཡིན་པར་མ་མངོན་ནོ། །དེ་བཞིན་ཉིད་དབྱེར་མེད་པའི་དོན་ནི། སེམས་ཅན་གྱི་ཆོས་ཉིད་དང་། སངས་རྒྱས་ཀྱི་ཆོས་ཉིད་གཉིས་རང་བཞིན་རྣམ་དག་གི་ཆ་ནས་དབྱེར་མེད་པ་ལ་བྱའོ། །རིགས་ཡོད་པའི་དོན་ནི། སེམས་ཅན་ཀྱི་རྒྱུད་ལ་སངས་རྒྱས་ཀྱི་རྒྱུ་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཡོད་པ་ལ་བྱའོ། །སྐབས་འདིར་ནི་རྒྱུ་བདེ་གཤེགས་སྙིང་པོ་ལ་འབྲས་བུ་སངས་རྒྱས་ཀྱི་མིང་གིས་བཏགས་པ་ནི། མདོ་དང་བསྟན་བཅོས་གཉིས་ཀའི་དགོངས་པའོ། །རྒྱུ་མཚན་དེ་ལྟར་དུ་མ་གོ་བར། ད་ལྟ་ནས་འབྲས་བུ་རྟག་བརྟན་ཡོད་པར་འཆད་པ་དང་། ཁ་ཅིག་དགེ་སྡིག་ཁྱད་པར་མེད་པས་ཉོན་མོངས་སྤང་དུ་མེད་པར་འདོད་པ་དང་། གཉེན་པོ་ཡེ་ཤེས་གསར་པ་བསྐྱེད་དུ་མེད་པ་དང་། ལ་ལ་སྙིང་པོའི་ངོ་བོ་རང་བཞིན་གྱིས་སྟོང་པའི་མེད་དགག་ཏུ་འདོད་པ་དག་ནི་རྡོ་རྗེ་ཐེག་པའི་ལམ་ལས་ཆེས་རིང་བ་སྟེ། ལོག་པར་བཤད་པའོ། །འདིར་བསྟན་བཅོས་ཀྱི་དགོས་སོགས་བརྗོད་པའི་སྐབས་སུ་ཐོག་མར་བརྗོད་བྱའི་གཙོ་བོ་བདེ་བར་གཤེགས་པའི་སྙིང་པོ་སྨོས་པ་ནི། མདའ་འཕེན་པའི་ཐོག་མར་ཆེད་དུ་བྱ་བ་འབེན་བཞག་པ་བཞིན་དུ། ལམ་ཉམས་སུ་ལེན་པའི་ཐོག་མར་ཆེད་དུ་བྱ་བ་སྦྱང་གཞི་འབྲས་བུ་དང་བཅས་པ་བཞག་པ་ནི་སྤྱིའི་འབྲེལ་བའོ། །གཉིས་པ་དགོས་པ་ལ། འགྲེལ་པར། རང་དོན་གྱི་དགོས་པ་དང་། གཞན་དོན་གྱི་དགོས་པ་གཉིས་གསུངས་ཀྱང་། འདིའི་དགོས་པའི་གཙོ་བོ་ནི། གཞན་རྗེས་སུ་འཛིན་པའི་ཆེད་ཁོ་ན་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་ལ། རང་དོན་དོན་གཉེར་གྱི་བསམ་པ་མེད་པའི་ཕྱིར། དེ་ལ་གཞན་དོན་གྱི་དགོས་པ་ནི། ཕ་རྒྱུད་དང་མ་རྒྱུད་དག་གི་བདེ་མཆོག་ནོར་བུ་ཐིག་ལེའི་རྒྱུད་ལས་རྩ་དབུ་མ་རྐྱང་པ་ལས་མ་གསུངས་པ་དང་། གསང་འདུས་ནས་རྩ་གསུམ་བཤད་པའི་སྐབས་ཀྱང་ཡོད་པ་དང་། གདན་བཞི་ནས་རྩ་བཅུ་དང་། བརྟག་གཉིས་ནས་རྩ་སུམ་ཅུ་རྩ་གཉིས་དང་། དུས་ཀྱི་འཁོར་ལོ་ལས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། བྱེ་བ་ཕྲག་ཕྱེད་དང་བཞི་ལ་སོགས་པ་རྒྱས་བསྡུས་སྣ་ཚོགས་སུ་གསུངས་པ་དང་། རླུང་དང་ཐིག་ལེ་དང་ཕྱི་ནང་གཞན་གསུམ་ཡེ་ཤེས་ཀྱི་རྒྱས་གདབ་དང་བཅས་པ་དག་ལ་སོ་སོར་འབྱེད་པའི་བློ་གྲོས་ཀྱི་མིག་དང་བྲལ་བ་དག་གིས་རྒྱུད་རྣམས་དང་། དེ་ལ་བརྟེན་པའི་ཁྲིད་ཀྱི་རིམ་པ་ལ་སོགས་པའི་མན་ངག་རྣམས་དོན་མི་གཅིག་གོ་སྙམ་དུ་འཛིན་པའི་ལོག་པར་ལྟ་བ་ཅན་དང་། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་མཐུས་རྩ་རླུང་གི་རྣམ་བཞག་ཕྱོགས་རེ་མཐོང་བ་དག་རང་གི་འདོད་པ་ལ་ཞེན་ནས་རྒྱུད་འགྲེལ་དང་འགལ་བར་སྨྲ་བའི་ལོག་རྟོག་ཅན་དག་ལ། ཐུགས་བརྩེ་བས་དེ་ལྟ་བུའི་ལོག་རྟོག་ལས་བཟློག་སྟེ་རྒྱུད་འགྲེལ་གྱི་དགོངས་པ་བདེ་བར་གཤེགས་པའི་ལམ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་འདི་བརྩམས་པ་ཡིན་ཏེ། ཇི་སྐད་དུ། ཁ་ཅིག་འདི་དོན་ཤེས་ན་དོན་དང་ལྡན། །མོས་དང་བསམ་མི་ཁྱབ་དྲན་ཐར་པའི་རྒྱུ། །མཁའ་ལྡིང་རྗེས་སུ་བྱ་ཕྲན་རྩོལ་བ་བཞིན། །མཁས་གྲུབ་རྗེས་སུ་བདག་ཀྱང་རྩོལ་བར་བྱེད། །ཅེས་གསུངས་པའི་ཕྱིར། གསུམ་པ་ཉིང་དགོས་ནི། བསྟན་བཅོས་འདི་ལ་བརྟེན་ནས་དེ་བཞིན་གཤེགས་པའི་སྙིང་པོའི་གནས་ལུགས་ཇི་ལྟ་བ་བཞིན་དུ་ཤེས་ཏེ། དེ་ལ་དྲི་མ་སྦྱོང་བྱེད་ཀྱི་སྨིན་གྲོལ་གྱི་ལམ་ཉམས་སུ་བླངས་པས་འབྲས་བུ་སྐུ་བཞིའི་ཡེ་ཤེས་དང་བཅས་པ་མངོན་དུ་བྱེད་པ་ནི་བསྟན་བཅོས་འདིའི་དགོས་པའི་དགོས་པའམ་ཉིང་དགོས་སོ། །བཞི་པ་འབྲེལ་བ་ལ། གནས་སྐབས་ཀྱི་འབྲེལ་བ་དང་། རང་བཞིན་གྱི་འབྲེལ་པ་གཉིས། དང་པོ་ནི། བརྗོད་བྱ་གཞི་ལམ་འབྲས་གསུམ་དང་། རྗོད་བྱེད་དང་སྟན་བཅོས་འདི་ངག་དང་ངག་ཅན་ནམ། ཐབས་དང་ཐབས་བྱུང་གི་ཚུལ་གྱིས་འབྲེལ་བའམ། ཕྱི་མ་ཕྱི་མ་རྣམས་སྔ་མ་སྔ་མ་ལ་རག་ལས་པ་ནི་གནས་སྐབས་ཀྱི་འབྲེལ་བའོ། །གཉིས་པ་ནི། གཞིའི་གནས་ལུགས་ཚུལ་བཞིན་དུ་ཤེས་ནས་གནད་འཆིང་བ་ནི་ལམ་གྱི་རིམ་པ་ཡིན་ལ། དེས་གནས་སྐབས་བཞིའི་འཁྲུལ་པ་རྣམ་པར་སྦྱངས་ནས་དྲི་མ་མེད་པའི་སངས་རྒྱས་ཀྱི་སྙིང་པོའི་ཡོན་ཏན་སྣང་བས་འབྲས་བུ་ཐོབ་པར་བྱེད་པ་ནི་བསྟན་བཅོས་འདིའི་རང་བཞིན་གྱི་འབྲེལ་བ་སྟེ། འདི་ནི་གཞི་ལམ་འབྲས་བུའི་གནས་སྐབས་ཀྱི་རྒྱུད་ཐམས་ཅད་ཀྱི་དོན་གྱི་འབྲེལ་ལོ། །དེ་ལ་རྒྱུད་ཅེས་བྱ་བ་ནི། གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་རྒྱུན་མ་ཆད་པར་འབྲེལ་བའི་སེམས་ཀྱི་རང་བཞིན་འོད་གསལ་བ་ལ་བྱ་སྟེ། དེ་སྐད་དུ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཞེས་བྱ་བར་གྲགས། །རྒྱུན་དེ་རྣམ་པ་གསུམ་འགྱུར་ཏེ། །གཞི་དང་དེ་བཞིན་རང་བཞིན་དང་། །མི་འཕྲོགས་པ་ཡིས་རབ་ཕྱེ་བ། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །དེ་བཞིན་མི་འཕྲོགས་འབྲས་བུའོ། །གཞི་ནི་ཐབས་ཤེས་བྱ་བ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་གསུངས་པའི་ཕྱིར། འདི་ལ་མ་དག་པ་སེམས་ཅན་གྱི་གནས་སྐབས་ན་རྒྱུའི་རྒྱུད་ཅེས་བྱ་ལ། ལམ་པའི་གནས་སྐབས་ན་ཐབས་ཀྱི་རྒྱུད་དང་། འབྲས་བུའི་གནས་སྐབས་ན་འབྲས་བུའི་རྒྱུད་ཅེས་བྱའོ། །འདི་ལ་བོད་ཁ་ཅིག་གཞི་ནི་བྱང་ཆུབ་ཀྱི་སེམས་གཉེན་པོའི་རྣམ་པར་སྐྱེས་པ་ཡིན་ཞེས་པ་དང་། ལ་ལས་དབང་བཞི་པོ་གཞིར་འདོད་པ་དང་། ཁ་ཅིག་གཞི་ལུས་ཡིན་ནོ་ཞེས་འདོད་ཀྱང་། དེ་དག་ནི་མི་འཐད་དེ། གཉེན་པོའི་རྣམ་པར་སྐྱེས་ན་ལམ་དུ་འགྱུར་ཞིང་། དབང་ནི་ལམ་གྱི་གཞི་ཡིན་པས། དེ་ལ་གཞི་གཞན་ཞིག་དགོས་པས་གཞི་ཐུག་མེད་དུ་འགྱུར་བའི་ཕྱིར་དང་། ལུས་ནི་ཕུང་པོ་ལྔའི་ཡ་གྱལ་གཟུགས་ཀྱི་ཕུང་པོར་འདུས་པས་ཐམས་ཅད་ཀྱི་གཞིར་མི་རུང་བའི་ཕྱིར། དེས་ན་རང་གི་ལུགས་ལ། འདིའི་སྐབས་ཀྱི་སྦྱང་གཞི་ནི། ལུས་སེམས་ཀྱི་གནས་ལུགས་གཞི་དུས་ཀྱི་འོད་གསལ་བའོ། །དེ་ལ་སྒྲིབ་པ་སྦྱོང་བར་བྱེད་པའི་ཐབས་ནི། སྨིན་ལམ་དབང་དང་། གྲོལ་ལམ་བསྐྱེད་རྫོགས་ཡིན་ལ། འབྲས་བུ་ནི་དྲི་མས་མི་འཕྲོགས་པའི་སངས་རྒྱས་ཀྱི་སྙིང་པོ་སྟེ་འབྲེལ་བའོ། །གཉིས་པ་ཡན་ལག་གི་དོན་ལ། །རྩ་བ་བཀོད་པ་དང་། ཚིག་དོན་བཤད་པ་གཉིས་ལས། དང་པོ་ནི། དྲི་མེད་རྒྱལ་བའི་སྙིང་པོ་ནི། །མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་ལམ་ལ་གནས་པ་དང་། །དེ་བཞིན་གཤེགས་རྣམས་རིམ་པ་བཞིན། །གསུངས་ཕྱིར་དེ་དོན་རྟོགས་པར་བྱ། །ཞེས་པའོ། །གཉིས་པ་ནི། འོ་ན་ཁྱོད་ཀྱིས་མཆོད་པར་བརྗོད་ཅིང་བསྟན་བཅོས་རྩོམ་པའི་དམ་བཅའ་བཞག་ན། བསྟན་བཅོས་དུ་འདིའི་བརྗོད་པར་བྱ་བ་གང་ཡིན་ཞེ་ན། འདིའི་བརྗོད་བྱའི་དོན་རྟོགས་པའི་དོན་དུ་དེ་བཤད་པར་བྱའོ། །ཇི་ལྟར་ཞེ་ན། ངོ་བོ་རང་བཞིན་གྱིས་དྲི་མ་མེད་པའི་རྒྱལ་བའི་སྙིང་པོ་དེ་ནི། དྲི་མ་ཐམས་ཅད་དང་ལྡན་པས་ན་མ་དག་པ་དང་། གཉེན་པོའི་སྟོབས་ཀྱིས་དྲི་མ་རགས་པ་དག་ཅིང་། དྲི་མ་ལ་ལ་མ་དག་པས་ན་གཉིས་ལྡན་ལམ་པའི་གནས་སྐབས་དང་། སྒྲིབ་པ་ཐམས་ཅད་ཤིན་དུ་རྣམ་པར་དག་པའི་གནས་སྐབས་རྣམས་ལ་གོ་རིམ་བཞིན་དུ། སྙིང་པོ་དེ་ལ་མིང་གི་རྣམ་གྲངས། མ་དག་པའི་ཚེ་ན་སེམས་ཅན་དང་། མ་དག་དག་པའི་ཚེ་ན་བྱང་ཆུབ་སེམས་དཔའ་དང་། ཤིན་དུ་རྣམ་དག་གི་ཚེ་ན་དེ་བཞིན་གཤེགས་པ་ཞེས་མིང་གསུམ་གྱིས་རིམ་པ་བཞིན་དུ། མདོ་རྒྱུད་དུ་མ་ལས་གསུངས་པའི་དགོངས་པ། རྗེ་བཙུན་གྱིས་རྒྱུད་བླ་མ་ལས་གསུངས་པའི་ཕྱིར་དེའི་དོན་ནོ། །ཆོས་དབྱིངས་བསྟོད་པར་ཡང་འདི་དང་མཐུན་པར། ཉོན་མོངས་དྲ་བས་གཡོགས་པ་ན། །སེམས་ཅན་ཞེས་ནི་བརྗོད་པར་བྱ། །དེ་ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཤེས་ནི་བརྗོད་པར་བྱ། །ཞེས་གསུངས་སོ། །འདིར་ལམ་ལ་གནས་པ་དང་། ཞེས་གསུངས་པ་ལ། ཁ་ཅིག་ཉན་རང་ལམ་པ་ཡང་གཉིས་ལྡན་གྱི་གནས་སྐབས་སུ་འགྱུར་བའི་སྐྱོན་བརྗོད་པར་གྲགས་ཀྱང་། དེ་དག་གིས་ནི་རང་ལ་འདིའི་སྐབས་ཀྱི་ཆོས་སྐད་མ་ཆགས་པར་གསལ་བར་སྒྲོགས་པ་སྟེ། འདིར་ལམ་པ་ནི་ཁམས་ཀྱི་དྲི་མ་སྦྱོང་བྱེད་ཀྱི་ལམ་པ་ཡིན་ལ། ཉན་རང་ལ་ལམ་དེའི་དོན་མེད་པའི་ཕྱིར་རོ། །འདིར་སྨྲས་པ། སྟོན་པའི་རྟགས་འཆང་ཚངས་སོགས་བྱེད་པོའི་གཞུང་། །དྲང་པོར་སྒྲུབ་པའི་རྟོག་དཔྱོད་མཁན་འགའ་ཡིས། །ཡུན་རིང་འབད་ཀྱང་མ་རྙེད་ནང་གི་དོན། །ཇི་བཞིན་བཤད་འདི་མཁས་པའི་དགའ་སྟོན་ཡིན། །གཉིས་པ་དགོས་པ་དེ་དང་ལྡན་པའི་བསྟན་བཅོས་ཀྱི་ལུས་དངོས་བཤད་པ་ལ། ལེའུ་བཅུ་གཅིག་གི་ངེས་པ་སྤྱིར་བསྟན་པ་དང་། ལེའུ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ལ། དུམ་བུ་བཅུ་གཅིག་གི་དབྱེ་བ་དང་། དེ་དོན་ཚན་གསུམ་དུ་བསྡུ་བ་གཉིས་ལས། དང་པོ་ནི། ཐོག་མར་རྒྱུ་རྐྱེན་བསྟན་པ་དང་། །མངལ་སྐྱེས་ལུས་ནི་འགྲུབ་པའི་ཚུལ། །དེ་ཉིད་རྩ་ཡི་རྣམ་བཤད་དང་། །རླུང་ནི་གནས་དང་རྒྱུ་བའི་ཚུལ། །ཐིག་ལེ་ཇི་ལྟར་རྒྱུ་བ་དང་། །རྣམ་ཤེས་ལ་སོགས་འབྲེལ་བའི་དོན། །དེ་དག་སྣོད་ལ་སྦྱར་བ་དང་། །བསྐྱེད་པའི་ལྷ་རྣམས་གང་ཡིན་དང་། །ཆོས་ཀྱི་སྦྱང་གཞི་བསྟན་པ་དང་། །ལམ་གྱི་རིམ་པ་བསྟན་པ་དང་། །དེ་རྣམས་འཇིག་ཅིང་སྡུད་པའི་ཚུལ། །རྒྱལ་བས་བསྟན་པ་བཞིན་བཤད་བྱ། །ཞེས་པའོ། །འདིའི་སྐབས་སུ་དུམ་བུ་བཅུ་གཅིག་གི་གོ་རིམ་ནི་འགྲེལ་པ་ལས་ཤེས་པར་བྱ་ཞིང་། འོག་ཏུ་ལེའུ་སོ་སོའི་སྐབས་སུ་ཡང་ཤེས་པར་འགྱུར་རོ། །གཉིས་པ་བསྡུ་བ་ལ། ལེའུ་བཅུ་གཅིག་པོ་ཐམས་ཅད་བསྡུ་ན། གནས་སྐབས་རྣམ་པ་གསུམ་དུ་འགྱུར་ཏེ། གཞི་ལམ་འབྲས་བུ་གསུམ་ཆར་གྱིས་བསྡུས་པའི་ལེའུ་དང་། གཞིས་བསྡུས་པའི་ལེའུ་དང་། ལམ་དང་འབྲས་བུས་བསྡུས་པའི་ལེའུ་དང་གསུམ་དུ་འགྱུར་བའི་ཕྱིར་རོ། །དང་པོ་ལ། རྒྱུ་རྐྱེན་སྤྱིར་བསྟན་པའི་ལེའུ་དང་། གཞི་ལམ་འབྲས་བུ་རྣམ་ཤེས་དང་ཡེ་ཤེས་འབྲེལ་བའི་ཚུལ་བཤད་པའི་ལེའུ་གཉིས་ཡིན་ཏེ། ལེའུ་དེ་གཉིས་ནི། གཞི་ལམ་འབྲས་བུ་གསུམ་ཆར་གྱིས་བསྡུས་པའི་ལེའུ་ཡིན་པའི་ཕྱིར། གཉིས་པ་གཞིས་བསྡུས་པའི་ལེའུ་ལ། ལུས་ཀྱིས་བསྡུས་པའི་ལེའུ་དང་། སེམས་ཀྱིས་བསྡུས་པའི་ལེའུ་གཉིས་ལས། དང་པོ་ལ། ཐོག་མར་སྐྱེ་བའི་ཚུལ། བར་དུ་གནས་པའི་ཚུལ། མཐར་འགག་པའི་ལེའུ་དང་གསུམ་ལས། དང་པོ་ནི། མངལ་སྐྱེས་ཀྱི་ལུས་འགྲུབ་པའི་ཚུལ་བཤད་པའི་ལེའུས་བསྟན། གཉིས་པ་ལ། གནས་པ་རྩའི་སྡོད་ལུགས། གཡོ་བ་རླུང་གི་རྒྱུ་ཚུལ། བྱང་སེམས་ཐིག་ལེའི་མཚན་ཉིད། དེ་དག་སྣོད་ལ་སྦྱར་བ་དང་བཞི་ལས། དང་པོ་ནི། རྩ་བཤད་པའི་ལེའུས་བསྟན། གཉིས་པ་ནི་རླུང་བཤད་པའི་ལེའུས་བསྟན། གསུམ་པ་ནི་ཐིག་ལེ་བཤད་པའི་ལེའུས་བསྟན། བཞི་པ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་རྡོ་རྗེའི་ལུས་སྦྱར་བཤད་ཀྱི་ལེའུས་བསྟན་ནོ། །གསུམ་པ་མཐར་འགག་ཚུལ་ནི། །འཆི་བལྟས་བརྟག་པའི་ལེའུས་བསྟན་ནོ། །གཉིས་པ་སེམས་ཀྱིས་བསྡུས་པའི་ལེའུ་ནི། ཆོས་རྣམས་ཀྱི་སྦྱང་གཞི་དང་སྦྱོང་བྱེད་བཤད་པའི་ལེའུས་བསྟན། གསུམ་པ་ལམ་དང་འབྲས་བུས་བསྡུས་པའི་ལེའུ་ལ། བསྐྱེད་རིམ་གྱི་དབང་དུ་བྱས་པའི་ལམ་དང་འབྲས་བུས་བསྡུས་པའི་ལེའུ་དང་། རྫོགས་རིམ་གྱི་དབང་དུ་བྱས་པའི་ལམ་དང་འབྲས་བུས་བསྡུས་པའི་ལེའུ་གཉིས་ལས། དང་པོ་ནི། ཀུན་བཏགས་ཀྱི་ལྷ་བསྐྱེད་པའི་ལེའུས་བསྟན། གཉིས་པ་ནི། ལམ་གྱི་རིམ་པ་བསྟན་པའི་ལེའུས་བསྟན་ནོ། །བསྟན་བཅོས་ཀྱི་དོན་འདི་ལྟར་བསྡུས་པ་འདི་ནི། རྗེ་མར་པའི་ཞལ་ནས་རྒྱུད་དབུ་ཞབས་ཀྱི་དོན་ཐམས་ཅད་ཆོས་ཐུན་གཅིག་གི་ནང་དུ་དྲིལ་ཏེ་འཆད་ཤེས་ན། རྒྱུད་འཆད་པ་ལ་མཁས་ཟེར་བ་ཡིན་གསུངས་པ་དང་། སྒྲོན་གསལ་དུ། རིམ་པ་ལྔ་ཡི་བསྡུས་པའི་དོན་འཆད་ཤེས་ནས་མཐའ་དྲུག་ལ་འཇུག་གོ །ཞེས་གསུངས་པ་ལྟར་བསྡུས་པ་ཡིན་ནོ། །གཉིས་པ་ལེའུ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ། ཐོག་མར་རྒྱུ་རྐྱེན་སྤྱིའི་རྣམ་བཞག་མ་གོ་ན། ཕྱི་རོལ་པ་དང་མཚུངས་སུ་དོགས་ནས། ཐོག་མར་རྒྱུ་རྐྱེན་སྤྱིར་བསྟན་པའི་ལེའུ་འཆད་དོ། །དེ་ལ་གཉིས་ཏེ། དངོས་དང་། ལེའུའི་མཚན་ནོ། །དང་པོ་ལ་དོན་རྣམ་པ་ལྔ་སྟེ། དག་པ་སེམས་ཀྱི་ངོ་བོ། མ་དག་སེམས་ཀྱི་རང་བཞིན། དེ་དག་ཇི་ལྟར་འཁྲུལ་ཚུལ། རྒྱུ་དང་རྐྱེན་གྱི་དབྱེ་བ། གནས་སྐབས་གསུམ་དུ་བསྡུ་བ་དང་ལྔ་ལས། དང་པོ་ལ། སྤྱི་དང་། ཡན་ལག་གི་དོན་གཉིས་ལས། དང་པོ་ནི། དེ་ཡང་དག་པ་ལ་སེམས་སུ་བརྗོད་པ་ནི། སེམས་ཀྱི་ངོ་བོ་རང་བཞིན་གྱི་འོད་གསལ་བ་བདེ་བར་གཤེགས་པའི་སྙིང་པོར་གྱུར་བ་གང་ཡིན་པ་སྟེ། ཇི་སྐད་དུ་རྒྱུད་བླ་མ་ལས། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་པ་མེད། །ཅེས་གསུངས་པས། དེ་བཞིན་གཤེགས་པའི་སྙིང་པོ་དེ་ནི་འཁོར་འདས་ཐམས་ཅད་ཀྱི་གཞིའི་དོན་ཡིན་པས་ན་སྦྱང་གཞིའོ། །འདི་ལའང་ཀུན་གཞིའི་སྒྲས་འཇུག་པའི་རྒྱུ་མཚན་གྱིས། མ་དག་པའི་སེམས་འཆད་པའི་ཚེ་ན། ཀུན་གཞིའི་རྣམ་ཤེས་ཤེས་སྦྱར་བ་ཡིན་ནོ། །དེ་ལ་ཀུན་གཞིའི་སྒྲ་འཇུག་པ་ཡང་། རྒྱན་སྟུག་པོ་བཀོད་པ་ལས། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོ་དགེ་བའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་པ་སྟོན་པ་མཛད། །སྙིང་པོ་ཀུན་གཞིར་བསྒྲགས་པར་ཡང་། །བློ་ཞན་རྣམས་ཀྱིས་མི་ཤེས་སོ། །ཞེས་གསུངས་པས་སོ། །དེ་ལྟ་བུའི་སེམས་ཀྱི་ངོ་བོ་རང་བཞིན་གྱི་དག་པ་དེ་ཡང་། ཇི་སྐད་དུ། བརྒྱད་སྟོང་པ་ལས། སེམས་ནི་སེམས་མ་མཆིས་པ་སྟེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ལགས་སོ། །ཞེས་པ་དང་། ཆོས་མངོན་པའི་མདོ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པ་ཐོབ་པར་འགྱུར། །ཞེས་པ་དང་། མདའ་བསྣུན་གྱིས་ཀྱང་། སེམས་ཉིད་གཅིག་བུ་ཀུན་གྱི་ས་བོན་ཏེ། ཞེས་སོགས་རྒྱས་པར་གསུངས་པ་དང་། ཏཻ་ལོ་བས་ཀྱང་། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ཞེས་སོགས་དང་། འཕགས་པ་ལྷས། སྦྱོང་བསྡུས་སུ། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སེམས་དཔའ་ཆེན་པོ་ལེགས་སོ་ལེགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མན་ངག་ཡང་དག་པར་འཕྲོ་བ་ལས། ཁ་ཕྱིར་བལྟས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ། ཤིན་ཏུ་ཟབ་པ། མཆོག་ཏུ་བཟུང་བར་དཀའ་བ་དང་། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ། ཡོངས་སུ་དྲིས་པའི་སེམས་གང་ཡིན་པ་དེའི་ངོ་བོ་ཉིད་ནི་རྩ་བ་མེད་པ། གནས་པ་མེད་པ། གཞི་མེད་པ། མཚན་མ་མེད་པ། དབྱིབས་དང་ཁ་དོག་མེད་པ། དབང་པོ་ལས་འདས་པ། རྟོག་གེ་རྣམས་ཀྱི་ཡུལ་མ་ཡིན་པའོ། །ཞེས་བཅོམ་ལྡན་འདས་ཀྱིས་རྒྱུད་ཐམས་ཅད་བསྟན་པའི་ཚིག་ལས་གསུངས་སོ། །ཞེས་པ་དང་། སྡེ་སྣོད་གསུམ་གྱི་ཚུལ་ལས་ཀྱང་། གཅིག་པུར་འགྲོ་ཞིང་རིང་དུ་རྒྱུ། །ལུས་མེད་དབང་པོའི་ཕུག་ན་གནས། །གདུལ་བར་དཀའ་བའི་སེམས་འདུལ་བྱེད། །བདུད་ཀྱི་འཆིང་བ་ལས་གྲོལ་འགྱུར། །ཞེས་གསུངས་པ་དང་། སློབ་དཔོན་ཆེན་པོ་ཨ་བྷྱཱ་ཀ་རས། སཾ་བུ་ཊའི་འགྲེལ་པ་མན་ངག་སྙེ་མར། རྒྱུད་ནི་རྒྱུན་ཞེས་བྱ་བར་བརྗོད། །རྒྱུད་ནི་རྣམ་པ་གསུམ་འགྱུར་ཏེ། །རྟེན་དང་དེ་བཞིན་རང་བཞིན་དང་། །མི་འཕྲོགས་པ་ཡིས་རབ་ཏུ་ཕྱེ། །ཞེས་མདོར་བསྟན་པའི་ཚིག་རྣམས་རྒྱས་པར་གསུངས་པ། རང་བཞིན་བཅོས་མིན་རྒྱུ་ཡིན་ཏེ། །དེ་བཞིན་མི་འཕྲོགས་འབྲས་བུ་ལ། །གསུམ་གྱིས་རྒྱུད་དོན་བསྡུས་པའོ། །ཞེས་གསུངས་པ་ནི། དངོས་པོ་རྣམས་སྟོང་པ་ཉིད་ཀྱི་ངོ་བོ་ནི་རང་བཞིན་མ་བཅོས་པ་ཞེས་པ་དང་། དོན་གཞན་མ་ཡིན་ཏེ། ངོ་བོ་ཉིད་ཅེས་པའི་དོན་དེ་ནི་རྒྱུ་དེ་ཉེ་བར་ལེན་པའི་རྒྱུ་ནི་རྒྱུའི་རྡོ་རྗེ་འཛིན་པའོ། །ཞེས་དོན་གྱིས་ཐོབ་སྟེ། ཇི་སྐད་དུ་མན་སྙེར། དངོས་པོ་རྣམས་ཀྱི་སྟོང་པ་ཉིད་ཀྱི་ངོ་བོ་ནི། རང་བཞིན་དང་། རྣམ་པ་ཞེས་པ་དོན་གཞན་མ་ཡིན་ཏེ། རང་གི་ངོ་བོ་ཞེས་པའི་དོན་ཏོ། །དེ་རྒྱུ་སྟེ་ཉེ་བར་ལེན་པའི་བྱེད་པ་པོའི་རྒྱུའི་རྡོ་རྗེ་འཛིན་པ་སྟེ། གང་འདི་རྣམས་ཀྱི་ཐོག་མ་མེད་པའི་དྲི་མས་མ་གོས་པའི་ངོ་བོ་ཉིད་ཀྱིས་གྲུབ་བའི་སངས་རྒྱས་ཉིད་དེ། །དེ་ཁོ་ན་ཉིད་ཐོབ་པའི་མཚན་ཉིད་ཅན་སངས་རྒྱས་ཉིད་ཀྱི་རྒྱུའོ། །ཞེས་པའི་དོན་ཏོ། །ཞེས་གསུངས་པས་སོ། །དེ་ཡང་ངོ་བོ་ནི། རང་བཞིན་གྱི་འོད་གསལ་བ་དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཅན་ཐམས་ཅད་ལ་རང་ཆས་སུ་གནས་པ་ཡིན་ནོ། །དེ་ཡང་རྒྱུད་ཐམས་ཅད་ལས་གསུངས་པའི་རྒྱུད་ཅེས་བྱ་བ་ཡང་དེ་ཉིད་ཡིན་ལ། དེ་འཁོར་བ་དང་སེམས་ཅན་ལ་གནས་པའི་ཚེ་ན་རྩ་རྒྱུད་དང་། དྲི་མས་མི་འཕྲོགས་པའི་སངས་རྒྱས་ཀྱི་ཚེ་ན་རྒྱུད་ཕྱི་མ་ཞེས་བྱ་སྟེ། དེ་སྐད་དུ་ཡང་རྣལ་འབྱོར་གྱི་རྒྱུད་བཤད་རྒྱུད་རྡོ་རྗེ་རྩེ་མོར། ཅི་ཕྱིར་འདི་ནི་རྒྱུད་ཕྱི་མ། །རྒྱུད་ནི་རྒྱུན་ཆགས་ཤེས་བྱ་སྟེ། །འཁོར་བ་རྒྱུད་དུ་འདོད་པ་ཡིན། །ཕྱི་མ་ཞེས་བྱ་ཕ་རོལ་ཏེ། །རྒྱུད་ནི་ཕྱི་མར་བརྗོད་པ་ཡིན། །རྒྱུད་ནི་རྒྱུན་ཆགས་ཤེས་བྱ་སྟེ། །ཕྱི་མ་སྔ་མ་ལས་བྱུང་བའི། །དེ་ཉིད་གསང་བ་སྦས་ཤེས་པ། །རྒྱུད་ནི་ཕྱི་མར་བརྗོད་པ་ཡིན། །ཅི་ཕྱིར་རྒྱུད་དང་ཕྱི་མ་ལགས། །ས་མཐར་ཕྱིན་པའི་རྒྱལ་བ་མཆོག །སྲིད་པའི་བཙོན་ར་ལས་བརྒལ་ཡིན། །ཡང་ན་གང་ཞིག་བརྒལ་གྱུར་པ། །རྒྱུད་ནི་ཕྱི་མ་ཡིན་པར་བཤད། །ཅེས་གསུངས་པས་སོ། །འོ་ན་སློབ་དཔོན་ཤཱནྟི་བས། རྒྱུའི་རྒྱུད་ཀྱི་རང་བཞིན་ཅན་ཡིན་པའི་ཕྱིར་རྒྱུད་ཕྱི་མ་སྟེ། རྒྱུའི་རྒྱུད་ཅེས་བྱ་བའི་དོན་ཏོ། །ཞེས་གསུངས་པ་དང་མི་འགལ་ལམ་ཞེ་ན། སྐྱོན་མེད་དེ། འབྲས་རྒྱུད་རིགས་བརྒྱ་ལ་སོགས་པ་ཡང་། རྒྱུའི་རྒྱུད་རང་བཞིན་གྱི་འོད་གསལ་བ་དེའི་རང་བཞིན་ལས་མ་འདས་པས། དེ་ལ་དགོངས་ཏེ་གདོད་མའམ་ཐོག་མ་ནས་སངས་རྒྱས་པའི་དུས་ཀྱི་རང་བཞིན་ཉིད་ཀྱི་རྡོར་སེམས་ལ་སོགས་པའི་རང་བཞིན་དུ་རྟག་པར་གནས་པ། མཆོག་ཏུ་འཇིག་རྟེན་ལས་འདས་པའི་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་གསང་བ་དང་གསང་ཆེན་དུ་གྱུར་པ་ནི་རྒྱུད་ཕྱི་མ་སྟེ། དཔལ་མཆོག་དང་པོ་ལ་སོགས་པར། རྒྱུད་ནི་རྐྱེན་ཞེས་བྱ་བར་བཤད། །ཕྱི་མ་སྔར་དང་ཡང་དག་བྱུང་། །དེ་ཉིད་གསང་བའི་གསང་ཆེན་དང་། །ཕྱི་མ་དང་བཅས་རྒྱུད་དུ་འདོད། །ཅེས་གསུངས་པས་སོ། །དེ་དག་ནི་བརྗོད་བྱ་དོན་གྱི་རྒྱུད་འཁོར་འདས་ཐམས་ཅད་ཀྱི་གཞིའི་དོན་ཡིན་ནོ། །དེ་ལྟ་བུའི་སེམས་རང་བཞིན་གྱི་འོད་གསལ་བ་དེ་ལ་བརྟེན་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་འབྱུང་ཞིང་བདེ་བར་གཤེགས་པས་ཆོས་བསྟན་པའི་གཞི་ཡང་དེ་ཡིན་པ་དང་། དེ་ཉིད་ངོས་ཟིན་ན། སྤང་བྱ་སྒྲིབ་པ་རྣམས་ཀྱང་རིམ་གྱིས་འགགས་ནས་རྒྱུན་ཆད་པ་དང་། འབྲས་བུ་ཡེ་ཤེས་མངོན་དུ་བྱེད་པའི་རྒྱུ་མཚན་མ་གོ་བར། རང་གཞན་གྱི་སྡེ་པ་དང་འདོད་པ་སྣ་ཚོགས་སྨྲ་བར་བྱེད་དེ། གྲངས་ཅན་པ་རྣམས་འཇིག་རྟེན་གྱི་རྣམ་བཞག་ཐམས་ཅད་གཙོ་བོའི་རྣམ་འགྱུར་ལས་བྱུང་བར་འདོད། དབང་ཕྱུག་ལྷར་འཛིན་པ་རྣམས་ཀྱིས་འཇིག་རྟེན་སྣ་ཚོགས་དབང་ཕྱུག་གིས་བྱས་པར་འདོད། ཁྱབ་འཇུག་པ་རྣམས་ཀྱིས་ཁྱབ་འཇུག་དང་། རྒྱང་འཕེན་པ་རྣམས་ཀྱིས་ནི། འཇིག་རྟེན་སྣ་ཚོགས་འདི་རྒྱུ་མེད་ངོ་བོ་ཉིད་ཀྱིས་བྱུང་བར་འདོད། ལ་ལ་ཚངས་པས་བྱས་པར་འདོད། རང་སྡེ་ཉན་ཐོས་པ་དག །སྣོད་བཅུད་ཀྱི་འཇིག་རྟེན་འདི་ལས་ལས་སྐྱེས་ཤིང་། ཁྱད་པར་དུ་སྣོད་ཀྱི་འཇིག་རྟེན་འདི་འབྱུང་བ་གཞིའི་རྡུལ་ཕྲ་རབ་དུ་མ་འདུས་པ་ལས་བྱུང་བར་སྨྲ། སེམས་ཙམ་རྣམ་བདེན་དུ་སྨྲ་བ་རྣམས་ཀྱིས་ནི། སྣ་ཚོགས་སུ་སྣང་བ་འདི་སེམས་ཀྱི་རྣམ་པ་ཡིན་པ་དང་། རྣམ་པ་དེ་ཉིད་བདེན་པར་སྨྲ། སེམས་ཙམ་རྣམ་བརྫུན་དུ་སྨྲ་བ་རྣམས་ཀྱིས་ནི། ཕལ་ཆེར་དེ་དང་མཐུན་ཀྱང་། རྣམ་པ་དེ་ཉིད་མི་བདེན་ཞིང་། སེམས་ཀྱི་ངོ་བོ་རང་བཞིན་འོད་གསལ་དེ་ཁོ་ན་བདེན་པར་འདོད་དོ། །དབུ་མ་ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་ཀྱིས་ནི། འཇིག་རྟེན་སྣ་ཚོགས་སུ་སྣང་བ་འདི་རྟེན་ཅིང་འབྲེལ་བར་འབྱུང་བ་བཏགས་པ་ཙམ་མ་གཏོགས་པ་དོན་ལ་གྲུབ་པའི་ཆོས་ཅུང་ཟད་ཀྱང་མེད་པར་བཞེད་དོ། །ཐེག་པ་ཆེན་པོ་པ་རྣམས་ཀྱི་ལུགས་ལ། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། ཤེས་པ་ལྟར་ལས་ལས་སྐྱེས་པར་བཞེད་མོད། ཐམས་ཅད་ཀྱང་སེམས་ཀྱི་སྣང་ཆ་ཙམ་ཡིན་པ་ལ་དགོངས་ནས། ལང་གར་གཤེགས་པ་ལས། གཙོ་བོ་དབང་པོ་བྱེད་པ་དག །སེམས་ཙམ་པོ་ལ་རྣམ་པར་བཏགས། ཤེས་དང་། བློ་གྲོས་ཆེན་པོ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་སེམས་སྣང་བ་སྒོམ་པ་ལ་མཁས་པ་ཡིན་ཞེ་ན། འདི་ལྟ་སྟེ། དེ་འདི་ལྟར་ཁམས་གསུམ་འདི་ནི་རང་གི་སེམས་ཙམ་སྟེ། ཞེས་གསུངས་པ་རྣམས་ཀྱི་དོན་ནི་སེམས་རང་བཞིན་གྱི་འོད་གསལ་བ་བདེ་བར་གཤེགས་པའི་སྙིང་པོར་གྱུར་བ་དེ་ཉིད། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གནས་སུ་བསྟན་པ་ཡིན་ཏེ། རྣལ་འབྱོར་མའི་རྒྱུད་རྣམས་ལས། འཁོར་འདས་ཀྱི་ཆོས་ཐམས་ཅད་བདེ་བ་ཆེན་པོ་གཅིག་གི་རྣམ་འགྱུར་དུ་གསུངས་པ་བཞིན་ནོ། །དེ་ལྟ་བུའི་བདེ་བར་གཤེགས་པའི་སྙིང་པོ་དེ་འཁོར་འདས་ཐམས་ཅད་ཀྱི་རྟེན་ཡིན་པར་རིགས་པས་ཀྱང་གྲུབ་སྟེ། གཞི་ལམ་འབྲས་བུ་གསུམ་ཆར་གྱི་གནས་སྐབས་སུ་འགྱུར་མེད་དུ་གནས་པའི་རྟེན་ཞིག་ཡོད་པ་ནི་གང་ཞིག །དེ་ལས་གཞན་མ་དམིགས་པའི་ཕྱིར་ཏེ། མིག་གི་རྣམ་ཤེས་ནས་དྲུག་པ་ཡིད་ཀྱི་རྣལ་ཤེས་ཀྱི་བར་རྣམས་ནི་མི་བརྟན་ཞིང་འགྱུར་བའི་ཆོས་ཅན་ཡིན་ལ། ཉོན་མོངས་པ་ཅན་གྱི་ཡིད་དང་ཀུན་གཞིའི་རྣམ་ཤེས་ཀྱི་ཆ་གཉིས་པོ་གནས་སྐབས་བརྟན་པ་ལྟར་དུ་བཤད་ཀྱང་། ཉོན་ཡིད་ནི་འགོག་པ་ལ་སྙོམས་པར་འཇུག་པའི་ཚེ་དང་། འཕགས་པ་འཇིག་རྟེན་ལས་འདས་པའི་མཉམ་བཞག་ལ་གནས་པ་དང་། ཉན་ཐོས་ཀྱི་དགྲ་བཅོམ་ཐོབ་པའི་ཚེ་ན་སྤངས་པར་བཤད་པ་དང་། ཀུན་གཞིའི་རྣམ་ཤེས་ཀྱི་ཆ་ནི་འབྲས་བུ་སྐུ་གསུམ་མངོན་དུ་བྱེད་པའི་ཚེ་ན་སྤངས་པར་བཤད་པའི་ཕྱིར་རྒྱུ་མཚན་དེས་ན་ལས་འབྲས་ཀྱི་རྟེན་དུ་གྱུར་པའི་སེམས་འོད་གསལ་ཁས་ལེན་པ་དེ་ནི་སེམས་ཙམ་པ་ཁོ་ནའི་ལུགས་ཡིན་ནོ། །ཞེས་སྨྲ་བ་དག་ནི་རྣམ་པར་འཁྱམས་པ་ཡིན་ཏེ། བླ་ན་མེད་པའི་རྒྱུད་སྡེ་རྣམས་ལས་ཀྱང་། བདག་གི་དེ་ཁོ་ན་ཉིད་ཅེས་གང་གསུངས་པ་དེ་ཡང་ཞིབ་མོའི་འདས་ཀྱི་ཆོས་ཐམས་ཅད་ཀྱི་གནས་སུ་བསྟན་པ་ཡིན་ཏེ། རྣལ་འབྱོར་མའི་རྒྱུད་རྣམས་ལས། འཁོར་འདས་ཀྱི་ཆོས་ཐམས་ཅད་བདེ་བ་ཆེན་པོ་གཅིག་གི་རྣམ་འགྱུར་དུ་གསུངས་པ་བཞིན་ནོ། །དེ་ལྟ་བུའི་བདེ་བར་གཤེགས་པའི་སྙིང་པོ་དེ་འཁོར་འདས་ཐམས་ཅད་ཀྱི་རྟེན་ཡིན་པར་རིགས་པས་ཀྱང་གྲུབ་སྟེ། གཞི་ལམ་འབྲས་བུ་གསུམ་ཆར་གྱི་གནས་སྐབས་སུ་འགྱུར་མེད་དུ་གནས་པའི་རྟེན་ཞིག་ཡོད་པ་ནི་གང་ཞིག །དེ་ལས་གཞན་མ་དམིགས་པའི་ཕྱིར་ཏེ། མིག་གི་རྣམ་ཤེས་ནས་དྲུག་པ་ཡིད་ཀྱི་རྣལ་ཤེས་ཀྱི་བར་རྣམས་ནི་མི་བརྟན་ཞིང་འགྱུར་བའི་ཆོས་ཅན་ཡིན་ལ། ཉོན་མོངས་པ་ཅན་གྱི་ཡིད་དང་ཀུན་གཞིའི་རྣམ་ཤེས་ཀྱི་ཆ་གཉིས་པོ་གནས་སྐབས་བརྟན་པ་ལྟར་དུ་བཤད་ཀྱང་། ཉོན་ཡིད་ནི་འགོག་པ་ལ་སྙོམས་པར་འཇུག་པའི་ཚེ་དང་། འཕགས་པ་འཇིག་རྟེན་ལས་འདས་པའི་མཉམ་བཞག་ལ་གནས་པ་དང་། ཉན་ཐོས་ཀྱི་དགྲ་བཅོམ་ཐོབ་པའི་ཚེ་ན་སྤངས་པར་བཤད་པ་དང་། ཀུན་གཞིའི་རྣམ་ཤེས་ཀྱི་ཆ་ནི་འབྲས་བུ་སྐུ་གསུམ་མངོན་དུ་བྱེད་པའི་ཚེ་ན་སྤངས་པར་བཤད་པའི་ཕྱིར་རྒྱུ་མཚན་དེས་ན་ལས་འབྲས་ཀྱི་རྟེན་དུ་གྱུར་པའི་སེམས་འོད་གསལ་ཁས་ལེན་པ་དེ་ནི་སེམས་ཙམ་པ་ཁོ་ནའི་ལུགས་ཡིན་ནོ། །ཞེས་སྨྲ་བ་དག་ནི་རྣམ་པར་འཁྱམས་པ་ཡིན་ཏེ། བླ་ན་མེད་པའི་རྒྱུད་སྡེ་རྣམས་ལས་ཀྱང་། བདག་གི་དེ་ཁོ་ན་ཉིད་ཅེས་གང་གསུངས་པ་དེ་ཡང་ཞིབ་མོའི་པར་སོང་བས་བདག་རྫས་ཡོད་དུ་ཁས་ལེན་པར་འགྱུར་ལ། དེ་ཡང་འདོད་ན། མདོ་སྡེའི་རྒྱན་ལས། བདག་དང་གང་ཟག་བཏགས་པར་བཤད་པའི་ཕྱིར། གཉིས་པ་ཡང་མི་འཐད་དེ། དེ་ལྟར་ན་དྲུག་པ་ཡིད་ཀྱི་རྣམ་ཤེས་ཕུང་པོ་ལྔའི་ཡ་གྱལ་ཡིན་པས། རྩ་བ་ཤེས་རབ་ལས། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་གསུངས་པ་དང་འགལ་བའི་ཕྱིར། གསུམ་པ་ཡང་མི་འཐད་དེ། ངར་འཛིན་ལྷན་སྐྱེས་ཀྱི་དམིགས་པར་གྱུར་པའི་བདག་ཁས་ལེན་ན། དེའི་ལུགས་ལ་བདག་འཛིན་ལྷན་སྐྱེས་ཡུལ་གྱི་གནས་ཚུལ་ལ་ཞུགས་པར་ཐལ་བའི་སྐྱོན་དང་། བདག་དེ་ཡང་རྟག་པའམ་མི་རྟག་པ་གང་རུང་དུ་ཁས་ལེན་དགོས་པས། འཇུག་པ་ལས། གལ་ཏེ་ཕུང་པོ་བདག་ན་དེ་ཕྱིར་དེ། །མང་བས་བདག་དེ་དག་ཀྱང་མང་པོར་འགྱུར། །ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །དེས་ན་མཁས་པའི་དབང་པོ་དེ་དག་གི་བཞེད་པ་ནི། ཕུང་པོ་ལྔ་པོ་ལ་བརྟེན་ནས་ཐ་སྙད་དུ་བདག་ཡོད་དོ་ཞེས་བཏགས་པ་ཙམ་སྟེ། དཔེར་ན་ཤིང་རྟའི་འཁྲུལ་འཁོར་དང་། སྲོག་ཤིང་དང་། འཕང་ལོ་ལ་སོགས་ཡན་ལག་ཚོགས་ཙམ་ལ་བརྟེན་ནས་ཤིང་རྟར་འཇོག་པ་དང་། སྐྱེས་བུའི་ཡན་ལག་དང་ཕུང་པོ་རྣམས་ཚོགས་པ་ཙམ་ལ་བརྟེན་ནས། ལྷ་སྦྱིན་དང་མཆོད་སྦྱིན་ལ་སོགས་པའི་མིང་གིས་བསྟན་པ་བཞིན་ཏེ། ཇི་སྐད་དུ། མདོའི་ལུང་འཇུག་པའི་རང་འགྲེལ་དུ་དྲངས་པ་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བརྗོད་དོ། །ཞེས་པ་དང་། རྟོག་གེ་འབར་བ་ལས། འདི་ལྟར་ཁོ་བོ་ཅག་ཀྱང་ཐ་སྙད་དུ་རྣམ་པར་ཤེས་པ་ལ་བདག་གི་སྒྲ་དངོས་སུ་འདོགས་ཏེ། འདི་ལྟར་རྣམ་པར་ཤེས་པ་ནི་ཡང་སྲིད་པ་ལེན་པའི་ཕྱིར་བདག་ཡིན་ནོ་ཞེས། ལུས་དང་དབང་པོའི་ཚོགས་དག་ལ་ཉེ་བར་འདོགས་པའི་ཕྱིར་ཏེ། ཇི་སྐད་དུ། དཔེར་ན་ཡན་ལག་ཚོགས་པ་ལ། །ཤིང་རྟ་ཞེས་ནི་དྲན་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་ཏུ་ནི་སེམས་ཅན་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །ཞེས་དང་། དབུ་མ་འཇུག་པ་ལས། འདི་ནི་ཕུང་པོ་རྣམས་བརྟེན་འགྲུབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་བཏགས་ཡོད་ཀྱི་ཚུལ་རྒྱས་པར་གསུངས་པའི་ཕྱིར། རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་རྣམས་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །ཞེས་སོགས་གསུངས་པའི་དོན་ལ་བརྟགས་ན། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་ཀུན་རྫོབ་ཏུ་བདག་གི་ཐ་སྙད་འདོགས་ན་རུང་ཙམ་ཡིན་ཏེ། འདི་དག་གི་རྣམ་དབྱེ་རྒྱས་པར་འོག་ཏུ་འཆད་པར་འགྱུར་རོ། །གཉིས་པ་གཞུང་གི་དོན་ལ། རྩ་བ་བཀོད་པ་དང་། ཚིག་དོན་བཤད་པ་གཉིས་ལས། དང་པོ་ནི། རྒྱུ་ནི་སེམས་ཉིད་ཐོག་མེད་ལ། །རྒྱ་ཆད་ཕྱོགས་ལྷུང་མ་མཆིས་ཀྱང་། །དེ་ཉིད་མ་འགགས་རོལ་པ་ལས། ཤེས་སོ། །གཉིས་པ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་བག་ཆགས་འཇོག་ཅིང་སྒྲིབ་པ་སྦྱང་བ་དང་། གཉེན་པོ་སྒོམ་པ་དང་། འབྲས་བུ་མངོན་དུ་བྱེད་པའི་རྒྱུའམ་གཞི་ནི་སེམས་ཀྱི་ངོ་བོ་ཉིད་དུས་ཀྱི་ཐོག་མ་དང་། ཐ་མ་འདི་ཡིན་ཞེས་བརྟག་པར་མི་ནུས་པའི་སེམས་ཀྱི་ངོ་བོ་རྟེན་ཅིང་འབྲེལ་བར་འབྱུང་བ་སྟོང་པ་ཉིད་ཀྱི་རང་བཞིན་ཐོག་མ་མེད་པའི་དུས་ཅན་དེ་ཉིད་ཡིན་ལ། དེ་ལ་ཡང་འཁོར་འདས་དང་ཡོད་མེད་ལ་སོགས་པ་སོ་སོ་རྒྱར་མ་ཆད་ཅིང་རྟག་ཆད་ལ་སོགས་པ་སྤྲོས་པའི་མཐའ་གང་གི་ཕྱོགས་སུ་ལྷུང་བ་མ་མཆིས་ཀྱང་། དེའི་རང་ངོ་རྩལ་འགག་པ་མེད་པར་ལྷུན་གྲུབ་ཏུ་འཁོར་འདས་ཀྱི་སྣང་བ་སྣ་ཚོགས་པ་འཁྲུལ་པ་དང་འདྲེས་པའི་གཞན་ངོར་འཆར་བའི་རྣམ་པར་རོལ་པ་ལས་མ་དག་པའི་སེམས་སྣ་ཚོགས་ཀྱི་གཞི་ཡང་དག་པ་སེམས་ཀྱི་རང་བཞིན་ཉིད་ཡིན་པར་ཤེས་པར་བྱའོ། །ཞེས་པ་ནི་གཞུང་དེ་དག་གི་དོན་ཕྱིན་ཅི་མ་ལོག་པར་བཤད་པ་ཡིན་ནོ། །གཉིས་པ་མ་དག་སེམས་ཀྱི་རང་བཞིན་བཤད་པ་ལ། ངོ་བོ་དང་། རྣམ་པ་གཉིས། དང་པོ་ལ། སྤྱིའི་དོན་དང་། གཞུང་གི་དོན་གཉིས་ལས། དང་པོ་ལ་གཙོ་བོ་སེམས་ཀྱི་རྣམ་བཞག །འཁོར་སེམས་བྱུང་གི་རྣམ་བཞག །དེ་དག་གི་མཚུངས་ལྡན་ལ་དཔྱད་པ་དང་གསུམ། དང་པོ་ལ། མཚན་ཉིད། དབྱེ་བ། སོ་སོའི་རང་བཞིན་རྒྱས་པར་བཤད་པ་དང་གསུམ་ལས། དང་པོ་ནི། དོན་གྱི་ངོ་བོ་རང་སྟོབས་ཀྱིས་རིག་པའི་ཤེས་པའོ། །འདི་ཡང་དབུས་མཐའ་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། ཤེས་གསུངས་པའི་དོན་ནོ། །གཉིས་པ་ནི། དབྱེ་ན། མིག་གི་རྣམ་པར་ཤེས་པ་ནས། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་བར་བརྒྱད་དོ། །གསུམ་པ་ནི། ཐུན་མོང་བ་ལྟར་ན་རང་གི་བདག་རྐྱེན་མིག་གི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་རང་ཡུལ་གཟུགས་འཛིན་པའི་གཙོ་བོ་རྣམ་རིག་དེ་མིག་གི་རྣམ་པར་ཤེས་པའི་མཚན་ཉིད་ཡིན་པ་ནས། ལུས་ཀྱི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་རང་ཡུལ་རེག་བྱ་འཛིན་པའི་གཙོ་བོ་རྣམ་རིག་དེ་ལུས་ཀྱི་རྣམ་པར་ཤེས་པའི་མཚན་ཉིད་ཡིན་པའི་བར་དུ་ཤེས་པར་བྱ་ཞིང་། རང་གི་བདག་རྐྱེན་ཡིད་དབང་ལ་བརྟེན་ནས་རང་ཡུལ་ཆོས་འཛིན་པའི་གཙོ་བོ་རྣམ་རིག་དེ་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པའི་མཚན་ཉིད་ཀྱི་བར་ཡིན་ནོ། །འདི་དག་ནི་རྒྱུའི་རྐྱེན་ཀུན་གཞི་དང་བདག་པོའི་རྐྱེན་དབང་པོ་གཟུགས་ཅན་པ་དང་ཡིད་དབང་ལས་བྱུང་ཞིང་། དེ་མ་ཐག་པའི་རྐྱེན་ཉོན་མོངས་པ་ཅན་གྱི་ཡིད་དང་། རང་གི་སྐད་ཅིག་སྔ་མ་སྔ་མ་ལས་སྐྱེས་ཤིང་དམིགས་རྐྱེན་གཟུགས་སྒྲ་ལ་སོགས་པའི་ཡུལ་དྲུག་པོ་ལ་གསལ་བར་འཇུག་པའི་དོན་གྱིས་ན་འཇུག་པའི་རྣམ་པར་ཤེས་པ་ཞེས་བྱ་སྟེ། ཇི་སྐད་དུ། མངོན་པ་ཀུན་ལས་བཏུས་པ་ལས། མིག་གི་རྣམ་པར་ཤེས་པ་གང་ཞེ་ན། མིག་ལ་བརྟེན་ཞིང་གཟུགས་ལ་དམིགས་ནས་སོ་སོར་རྣམ་པར་རིག་པའོ། །ཞེས་པ་ནས། ཡིད་ཀྱི་རྣམ་པར་ཤེས་པ་གང་ཞེ་ན། ཡིད་ལ་བརྟེན་ཞིང་ཆོས་ལ་དམིགས་ནས་སོ་སོར་རྣམ་པར་རིག་པའོ། །ཞེས་པའི་བར་དང་། ཕུང་པོ་ལྔའི་རབ་བྱེད་ལས། རྣམ་པར་ཤེས་པའི་ཁམས་དྲུག་པོ་དེ་དག་ནི་མིག་ལ་སོགས་པ་ལ་བརྟེན་ཏེ། གཟུགས་ལ་སོགས་པ་ལ་དམིགས་པ་རྣམ་པར་རིག་པའོ། །ཞེས་གསུངས་སོ། །རྣམ་པར་ཤེས་པའི་དོན་ཡང་། མངོན་པ་གོང་འོག་མཐུན་པར། ཡུལ་སོ་སོར་རྣམ་པར་རིག་པ་ལ་བཞེད་པ་ཡིན་ཏེ། མཛོད་ལས། རྣམ་ཤེས་སོ་སོར་རྣམ་རིག་པ། །ཞེས་པ་དང་། ཐེག་བསྡུས་ལས། ཡུལ་ལ་རྣམ་པར་རིག་པའི་ཕྱིར་རྣམ་པར་ཤེས་པའོ། །ཞེས་གསུངས་པའི་ཕྱིར་རོ། །བདུན་པ་ཀུན་གཞིའི་རྣམ་པར་ཤེས་པ་ལ། ངོ་བོ་ངོས་བཟུང་། ཀུན་གཞི་ཡོད་པའི་སྒྲུབ་བྱེད་བཀོད། མེད་པར་འདོད་པ་ལ་གནོད་བྱེད་བསྟན། ཀུན་གཞི་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་ངོས་བཟུང་བ་དང་བཞི་ལས། དང་པོ་ལ། མཚན་ཉིད་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་བག་ཆགས་བགོ་བའི་གཞིར་གྱུར་པའི་གཙོ་བོ་རྣམ་རིག་སྟེ། ཇི་སྐད་དུ། མངོན་པ་ཀུན་ལས་བཏུས་པ་ལས། སེམས་གང་ཞེ་ན། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་བག་ཆགས་ཀྱིས་ཡོངས་སུ་བགོས་པ་ས་བོན་ཐམས་ཅད་པའི་ཀུན་གཞིའི་རྣམ་པར་ཤེས་པའོ། །ཞེས་གསུངས་པ་དང་། ཐེག་པ་ཆེན་པོ་བསྡུས་པ་ལས་ཀྱང་། འདིའི་མཚན་ཉིད་རྣམ་པར་བཞག་པ་ཇི་ལྟར་ལྟ་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ། རང་གི་མཚན་ཉིད་དུ་རྣམ་པར་བཞག་པ་དང་། རྒྱུ་ཉིད་དུ་རྣམ་པར་བཞག་པ་དང་། འབྲས་བུ་ཉིད་དུ་རྣམ་པར་བཞག་པའོ། །དེ་ལ་ཀུན་གཞིའི་རྣམ་པར་ཤེས་པའི་རང་གི་མཚན་ཉིད་ནི་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་བག་ཆགས་ལ་བརྟེན་ནས། ས་བོན་ཡོངས་སུ་འཛིན་པ་དང་ལྡན་པས་དེ་སྐྱེ་བའི་རྒྱུའི་མཚན་ཉིད་དོ། །དེ་ལ་རྒྱུ་ཉིད་ཀྱི་མཚན་ཉིད་ནི། དེ་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་དེ་ཀུན་ནས་ཉོན་མོངས་པའི་ཆོས་དེ་དག་ཉིད་ཀྱི་རྒྱུ་ཉིད་དུ་དུས་ཐམས་ཅད་དུ་ཉེ་བར་གནས་པ་ཡིན་ནོ། །དེ་ལ་འབྲས་བུ་ཉིད་དུ་རྣམ་པར་བཞག་པ་ནི། གང་ཀུན་གཞིའི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་ཆོས་དེ་དག་ཉིད་ཀྱི་ཐོག་མ་མེད་པའི་དུས་ཀྱི་བག་ཆགས་ལ་བརྟེན་ནས་བྱུང་བའོ། །ཞེས་གསུངས་པས་སོ། །དེ་དག་གི་དོན་ཡང་། ས་བོན་ཐམས་ཅད་པའི་ཀུན་གཞིའི་རྣམ་པར་ཤེས་པ་དེའི་སྟེང་ན། ཁམས་གསུམ་དུ་སྐྱེ་བའི་རྒྱུ་ཟག་བཅས་ཀྱི་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའི་བག་ཆགས་ཇི་སྙེད་པ་དང་། ཟག་མེད་ཐོས་པའི་བག་ཆགས་དང་། ལམ་ལ་སོགས་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་བག་ཆགས་འཇོག་པའི་དོན་གྱིས་ན། ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱའོ། །འོ་ན་ཀུན་གཞིའི་རྣམ་ཤེས་དང་བག་ཆགས་དེ་དག་གཅིག་གམ་ཐ་དད་ཅེ་ན། གཅིག་ནི་མ་ཡིན་ཏེ། བག་ཆགས་ལ་ལ་འགགས་ཀྱང་ཀུན་གཞི་མ་འགགས་པའི་ཕྱིར། ཐ་དད་པ་ཡང་མ་ཡིན་ཏེ། ཀུན་གཞི་ལས་གཞན་དུ་མ་དམིགས་པའི་ཕྱིར་རོ། །དེས་ན་ཇི་སྲིད་བག་ཆགས་སོ་སོའི་རྐྱེན་དང་མ་ཕྲད་པ་དེ་སྲིད་དུ་ཁ་དོག་གཅིག་པའི་རས་ལ་ཚིག་གུ་སྣ་ཚོགས་ཀྱིས་གོས་ཀྱང་རྐྱེན་སོ་སོ་དང་མ་ཕྲད་ཀྱི་བར་དུ་ཁ་དོག་གཅིག་པ་ལྟ་བུའམ། ཆུ་དང་འོ་མ་འདྲེས་པ་ལྟ་བུའོ། །ཇི་སྲིད་རྐྱེན་སོ་སོ་དང་ཕྲད་པའི་ཚེ་ན། ཚིག་གུས་གོས་པའི་རས་ཁ་དོག་སྣ་ཚོགས་སུ་འགྱུར་བ་དང་། ངང་པས་ཆུ་དང་འོ་མ་སོ་སོར་འབྱེད་པ་བཞིན་དུ། ཀུན་གཞིའི་བག་ཆགས་ཀྱང་རྐྱེན་སོ་སོ་དང་ཕྲད་པའི་ཚེ་ན། ལ་ལས་མཐོ་རིས་ཀྱི་རྟེན་ལ་འབྲས་བུ་འབྱིན། ལ་ལས་ངན་སོང་གི་རྟེན་ལ་འབྲས་བུ་འབྱིན། ཐོས་པའི་བག་ཆགས་ཀྱང་དེའི་ཚེ་ན་ཆུང་ངུ་ལས་འབྲིང་དུ་འཕེལ། འབྲིང་ལས་ཆེན་པོར་འཕེལ་བ་དང་། ལམ་གྱི་བག་ཆགས་ཀྱང་གོང་ནས་གོང་དུ་རིམ་གྱིས་འཕེལ་ནས། ཀུན་གཞིའི་གནས་ལུགས་ཇེ་གསལ་དུ་འགྱུར་རོ། །དཔེ་འདི་དག་ཀྱང་ཐེག་བསྡུས་ལས་གསུངས་ཤིང་། ཚུལ་འདི་ལ་ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་གྱི་རྟེན་འབྲེལ་ཞེས་བྱ་སྟེ། ཇི་སྐད་དུ། ཐེག་བསྡུས་ལས། མདོར་བསྡུ་ན་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་གཉིས་ཏེ། ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་དང་། སྡུག་པ་དང་མི་སྡུག་པ་རྣམ་པར་འབྱེད་པ་ཅན་ནོ། །དེ་ལ་གང་ཀུན་གཞིའི་རྣམ་པར་ཤེས་པ་ལ་བརྟེན་ནས་ཆོས་རྣམས་འབྱུང་བ་དེ་ནི་ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་ཏེ། ངོ་བོ་ཉིད་སྣ་ཚོགས་རྣམ་པར་དབྱེ་བའི་རྐྱེན་གྱི་དངོས་པོར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་འདི་མ་རྟོགས་བར། ཕྱི་རོལ་པ་དང་། རང་སྡེ་དངོས་སྨྲ་བ་ཁ་ཅིག །རང་བཞིན་གྱི་རྒྱུ་དང་། སྔོན་བྱས་པའི་རྒྱུ་དང་། དབང་ཕྱུག་སོགས་དང་། སྤྲུལ་པ་དང་། རྒྱུ་མེད་པ་དང་། རྡུལ་ཕྲ་རབ་སོགས་ལས་གྲུབ་པར་འདོད་པ་དག་ནི། དཔེར་ན་མི་དམུས་ལོང་མང་པོས་གླང་པོ་ཆེ་བརྟག་པའི་ཚེ་ན། མཆེ་བ་དང་སྣ་དང་རྣ་བ་སོགས་ལ་རེག་ནས། གཏུན་ཤིང་དང་། གཤོལ་མདའ་དང་། ཞིབ་མ་འདྲ་བ་སོགས་སུ་མཐོང་བ་དང་མཚུངས་པར་ཐེག་བསྡུས་ལས་གསུངས་སོ། །ཡང་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་རྒྱུ་ནི་ཀུན་གཞིའི་རྣམ་ཤེས་ཡིན་པས་ན་ཀུན་གཞི་ཞེས་བྱ་བའམ། ཀུན་ནས་ཉོན་མོངས་ཀྱི་ཆོས་ཐམས་ཅད་དེའི་འབྲས་བུ་ཡིན་པས་ན་ཀུན་གཞི་ཞེས་བྱ་སྟེ། ཇི་སྐད་དུ། ཐེག་བསྡུས་ལས། ཅིའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་ཞེ་ན། སྐྱེ་བ་ཅན་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་འབྲས་བུའི་དངོས་པོ་འདིར་སྦྱོར་བའམ། དེ་ཡང་རྒྱུའི་དངོས་པོར་དེ་དག་ཏུ་སྦྱོར་བའི་ཕྱིར། ཀུན་གཞིའི་རྣམ་པར་ཤེས་པའོ། །ཞེས་གསུངས་པས་སོ། །ངོ་བོ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ཏེ། དགེ་མི་དགེ་དང་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ན། ཐམས་ཅད་ཀྱི་བག་ཆགས་བགོ་བའི་གཞིར་མི་རུང་བའི་ཕྱིར་ཏེ། ཇི་སྐད་དུ། དེ་ནི་མ་བསྒྲིབས་ལུང་མ་བསྟན། །ཞེས་སུམ་ཅུ་པ་ལས་གསུངས་པའི་ཕྱིར་རོ། །དེ་ལྡོག་པ་ནི། སངས་རྒྱས་ཐོབ་པའི་ཚེ་ན་ཡིན་ཏེ། ཇི་སྐད་དུ། སུམ་ཅུ་པ་ལས། དགྲ་བཅོམ་ཉིད་ན་དེ་ལྡོག་གོ །ཞེས་གསུངས་པས་སོ། །འོ་ན། ཀུན་གཞི་ཀུན་གྱི་གཞི་ཡིན་ཀྱང་། །མྱ་ངན་འདས་པའི་གཞི་མ་ཡིན། །ཞེས་མྱང་འདས་ཀྱི་གཞིར་གསུངས་པ་དང་ཇི་ལྟར་མི་འགལ་ཞེ་ན། དེ་ནི་ཉན་རང་གི་མྱང་འདས་ལ་དགོངས་པ་ཡིན་ཏེ། ཉན་རང་དགྲ་བཅོམ་པས་ཉོན་སྒྲིབ་དང་། ཤེས་སྒྲིབ་བཟུང་རྟོག་གི་རྟེན་དུ་གྱུར་པའི་ཀུན་གཞི་སྤངས་ཀྱང་། ཤེས་སྒྲིབ་འཛིན་རྟོག་དང་བག་ལ་ཉལ་གྱི་སྒྲིབ་པའི་རྟེན་དུ་གྱུར་པའི་ཀུན་གཞི་མ་སྤངས་པའི་ཕྱིར་ཏེ། ཇི་སྐད་དུ། ཐེག་བསྡུས་ལས། ཡང་མཐའ་དག་ཉིད་དང་། མཐའ་དག་ཉིད་མ་ཡིན་པའི་མཚན་ཉིད་དེ། བཅིང་བ་མཐའ་དག་དང་ལྡན་པ་ཉིད་ཀྱི་ནི་མཐའ་དག་ཉིད་ཀྱི་མཚན་ཉིད་དོ། །འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་རྣམས་ཀྱི་ནི་ཉམས་པར་བྱས་པའི་མཚན་ཉིད་དོ། །ཉན་ཐོས་དང་བྱང་ཆུབ་སེམས་དཔའ་སློབ་པ་རྣམས་ཀྱི་ནི་ཕྱོགས་གཅིག་བཏོན་པའི་མཚན་ཉིད་དོ། །དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་ནི། ཉོན་མོངས་པའི་སྒྲིབ་པ་མཐའ་དག་བཏོན་པའི་མཚན་ཉིད་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མཐའ་དག་བཏོན་པའི་མཚན་ཉིད་དེ། ཅི་རིགས་སུ་སྦྱར་རོ། །ཞེས་གསུངས་པས་སོ། །ཀུན་གཞི་བསྟན་པའི་དགོས་པ་ནི། རྒྱུ་འབྲས་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པར་བྱ་བའི་ཆེད་དུ་ཡིན་ཏེ། ཇི་སྐད་དུ། ཐེག་བསྡུས་ལས། འདི་ལྟར་བྱང་ཆུབ་སེམས་དཔས་ཐོག་མ་ཉིད་དུ་རེ་ཞིག་ཆོས་རྣམས་ཀྱི་རྒྱུ་ལ་མཁས་པ་ལ་བརྟེན་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པར་བྱའོ། །ཞེས་གསུངས་པས་སོ། །དེ་ཡང་ཀུན་གཞིའི་རྣམ་པར་ཤེས་པ་འདི་ནི་ཤེས་བྱ་ཐམས་ཅད་ཀྱི་གནས་ཡིན་པས་བྱང་ཆུབ་སེམས་དཔའི་ཐོས་བསམ་གྱི་ཡུལ་དང་། ལམ་གྱི་གཞིར་བསྟན་པ་ཡིན་གྱི། ཉན་ཐོས་རྣམས་ནི་ཀུན་གཞི་བཤད་པའི་རྟེན་དུ་མི་རུང་བས། དེ་དག་གི་སྡེ་སྣོད་དུ་ཀུན་གཞིའི་རྣམ་ཤེས་རྒྱས་པར་བཤད་པ་མ་ཡིན་ནོ། །མདོར་བསྡུ་ན་ཀུན་གཞིའི་རྣམ་ཤེས་ནི་རྒྱུན་མཐའ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཞོམ་བྱ་ཡིན་ལ། དེའི་སྟེང་གི་ཟག་མེད་ཐོས་པའི་བག་ཆགས་སམ། ངོ་བོ་གསལ་རིག་གི་ཆ་དེ་ནི་སོ་སྐྱེ་འཆིང་བ་ཀུན་ལྡན་གྱི་རྒྱུད་ལ་ཡོད་པའི་ཚེ་ན། ཁམས་བདེ་གཤེགས་སྙིང་པོའམ་དྲི་བཅས་དེ་བཞིན་ཉིད་ཙམ་པོར་བཞག་པ་དང་། ཁམས་སྦྱང་བ་ལ་ཞུགས་པའི་བྱང་སེམས་ལས་དང་པོ་པའི་རྒྱུད་ཀྱི་དེ་ལྟ་བུ་ནི་ཆོས་ཀྱི་སྐུར་བསྡུ་བ་དང་། ཉན་རང་འཕགས་པ་ཡིན་ན། དེའི་རྒྱུད་ཀྱི་དེ་ལྟ་བུ་ནི་རྣམ་པར་གྲོལ་བའི་ལུས་སུ་བསྡུ་བར། ཐེག་པ་ཆེན་པོ་བསྡུས་པ་ལས་བཤད་དོ། །གཉིས་པ་ཡོད་པའི་སྒྲུབ་བྱེད་ལ། རིགས་པའི་སྒྲུབ་བྱེད་དང་། ལུང་གི་སྒྲུབ་བྱེད་གཉིས་ལས། དང་པོ་ནི། འདིར་ཀུན་གཞིའི་རྣམ་ཤེས་ཡོད་པར་སྒྲུབ་པ་སྐབས་སུ་བབ་པའི་རྒོལ་བ་ནི། རང་གི་སྡེ་པ་ཉན་ཐོས་རྩ་བའི་སྡེ་བཞི་དང་། དེ་དག་ལས་གྱེས་པ་བཅོ་བརྒྱད་པོ་རྣམས་ཡིན་པར། ཐེག་བསྡུས་དང་གཏན་ལ་དབབ་པ་བསྡུ་བ་ལས་བཤད་དོ། །དེ་དག་གི་གྲུབ་པའི་མཐའ་ནི་ཀུན་གཞིའི་རྣམ་ཤེས་ཤེས་བྱ་བ་དང་། སྟོང་པ་ཉིད་ཅེས་བྱ་བའི་ཆོས་ནི། སངས་རྒྱས་ཀྱིས་མ་གསུངས་ཀྱང་། ཕྱིས་བསྟན་པ་ལ་སྡང་བ་འགའ་ཞིག་གིས་སྦྱར་བར་འདོད་པ་དང་། ཆོས་ལོག་ཏུ་སྨྲ་བར་བྱེད་དོ། །དེ་དག་རང་གི་ལུགས་ལ། སེམས་དང་ཡིད་དང་རྣམ་ཤེས་གསུམ་དོན་གཅིག་མིང་གི་རྣམ་གྲངས་སུ་འདོད་ཅིང་། རྣམ་ཤེས་ཚོགས་དྲུག་ལས་མེད་པར་འདོད་དེ། ཇི་སྐད་དུ་མངོན་པ་མཛོད་ལས། སེམས་དང་ཡིད་དང་རྣམ་ཤེས་རྣམས། །དོན་གཅིག་སེམས་དང་སེམས་བྱུང་དག །ཅེས་གསུངས་པས་སོ། །དེ་དག་དགག་པའི་ཚུལ་ཡང་། ཐེག་བསྡུས་ལས། ཁ་ཅིག་འདི་སྙམ་དུ། སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བ་ནི་དོན་གཅིག་ཁོ་ན་ཏེ། འདིར་ཚིག་འབྲུ་ཐ་དད་དོ་སྙམ་དུ་སེམ་པ་དེ་ཡང་མི་འཐད་དེ། ཡིད་དང་རྣམ་པར་ཤེས་པ་གཉིས་དོན་ཐ་དད་པར་དམིགས་པའི་ཕྱིར་རོ། །དེའི་ཕྱིར་སེམས་ཀྱང་དོན་ཐ་དད་པར་འགྱུར་རོ། །ཞེས་གསུངས་ལ། དེ་དག་གི་དོན་ནི་སེམས་ཀུན་གཞིའི་རྣམ་ཤེས་དང་། ཡིད་ནི་ཉོན་མོངས་པ་ཅན་གྱི་ཡིད་དང་། རྣམ་པར་ཤེས་པ་ནི་འཇུག་ཤེས་དྲུག་ལ་འཇུག་པའི་དོན་ཡིན་པས། རིགས་པ་མདོར་བསྡུ་ན། སེམས་ཡིད་རྣམ་ཤེས་གསུམ་གྱི་རྣམ་བཞག་མི་འཐད་པར་འགྱུར་ཏེ། སེམས་ཀུན་གཞིའི་རྣམ་ཤེས་མ་དམིགས་པའི་ཕྱིར། རྟགས་ཉན་ཐོས་རང་ལུགས་ཀྱིས་ཁས་བླངས། དམ་བཅའ་ལ་ཚད་མའི་བསལ་བ་ཞུགས་པ་ཡིན་ནོ། །རིགས་པའི་རྣམ་གྲངས་གཞན་ཡང་། ཀུན་གཞིའི་རྣམ་ཤེས་མེད་ན། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཐ་སྙད་ཀྱང་མི་འཐད་པར་འགྱུར་ཏེ། རྟེན་ཀུན་གཞི་མེད་ཅིང་རྣམ་པར་ཤེས་པ་དྲུག་པོ་དག་ནི་རེས་འགའ་བ་ཡིན་པའི་ཕྱིར། གཞན་ཡང་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། ཚེའི་ཀུན་ནས་ཉོན་མོངས་པ་རྣམས་ཀྱང་མི་འཐད་པར་འགྱུར་ཏེ། འདོད་ཆགས་ཀྱིས་བཞག་པའི་བག་ཆགས་དང་། མ་རིག་པས་བསགས་པའི་ལས་དང་། ཁམས་འོག་མ་ནས་གོང་མར་ཉིང་མཚམས་སྦྱོར་བའི་ཚེ་ན། དེ་དག་གི་རྟེན་ཀུན་གཞིའི་རྣམ་ཤེས་མ་དམིགས་པའི་ཕྱིར། གཞན་ཡང་ས་གོང་མ་ལ་བརྟེན་པའི་འཇིག་རྟེན་པའི་ལམ་གྱིས་འོག་མ་ལ་འདོད་ཆགས་དང་བྲལ་བར་བྱེད་པ་དང་། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཁམས་གསུམ་ལ་ཆགས་བྲལ་བྱེད་པ་ཡང་མི་འཐད་པར་འགྱུར་ཏེ། ལམ་དེ་དག་སྔ་ཕྱི་མཚམས་སྦྱོར་བའི་རྟེན་ཀུན་གཞི་མེད་ཅིང་། དབང་ཤེས་ལྔ་པོ་རྣམས་ནི་རེས་འགའ་བ་ཡིན་ལ། དྲུག་པ་ཡིད་ཀྱི་རྣམ་ཤེས་སྐད་ཅིག་སྔ་ཕྱིའི་བར་དུ་རྣམ་པར་གཡེང་བ་གཞན་གྱིས་ཆོད་པས་རྒྱུན་མི་བརྟན་པའི་ཕྱིར་རོ། །གཞན་ཡང་ཀུན་གཞིའི་རྣམ་ཤེས་ཡོད་དགོས་པ་ཡིན་ཏེ། བག་ཆགས་འཇོག་པའི་གཞི་དེ་ལ་བརྟན་པའི་རང་བཞིན་ཅན་གྱི་སེམས་ཤིག་དགོས་པ་གང་ཞིག །འཇུག་ཤེས་དྲུག་པོ་ནི་བཤད་མ་ཐག་པ་ལྟར་མི་བརྟན་ལ། ཉོན་མོངས་པ་ཅན་གྱི་ཡིད་ནི་ཅུང་ཟད་བརྟན་ཀྱང་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་པས། ཐམས་ཅད་ཀྱི་བག་ཆགས་འཇོག་པའི་གཞིར་མི་རུང་བའི་ཕྱིར། བག་ཆགས་འཇོག་པའི་གཞི་དེ་ཡང་བརྟན་པ་ཞིག་དགོས་ཏེ། མི་བརྟན་པ་ལ་འཇོག་ན་བག་ཆགས་ཀྱི་འབྲས་བུ་འབྱིན་པ་མེད་པར་འགག་པའི་ཕྱིར། དཔེར་ན་མེ་ཏོག་སྣ་མའི་དྲི་དེ་བརྟན་པ་ཏིལ་ལྟ་བུ་ལ་བགོས་ན་ཡུན་རིང་དུ་གནས་ལ། མི་བརྟན་པ་རླུང་ལྟ་བུ་ལ་བགོས་ཀྱང་སྐད་ཅིག་དེ་ཉིད་ལ་འགག་པ་བཞིན་ནོ། །དེ་དག་ནི་ཐེག་བསྡུས་ལས། ཕྱི་དང་ནང་དང་མི་གསལ་བ། །གཉིས་དང་ཀུན་རྫོབ་ཉིད་དང་ནི། །དམ་པའི་དོན་ཏེ་དེ་དག་ཀུན། །ས་བོན་རྣམ་པ་དྲུག་ཏུ་འདོད། །སྐད་ཅིག་པ་དང་ལྷན་ཅིག་འབྱུང་། །དེ་ནི་རྒྱུན་ཆགས་འབྱུང་བར་འདོད། །ངེས་དང་རྐྱེན་ལ་ལྟོས་པ་དང་། །རང་གི་འབྲས་བུ་བསྒྲུབ་པའོ། །བརྟན་ལུང་མ་བསྟན་བགོ་བྱ་བ། །བགོ་བར་བྱེད་དང་འབྲེལ་བ་ལས། །བགོ་བྱེད་དེ་ལས་གཞན་ནི་མིན། །དེ་ནི་བག་ཆགས་མཚན་ཉིད་དོ། །ཞེས་གསུངས་པའི་དོན་ནོ། །རིགས་པའི་རྣམ་གྲངས་གཞན་ཡང་ཀུན་གཞིའི་རྣམ་ཤེས་ཡོད་དེ། །མིག་ལ་སོགས་པའི་འཇུག་ཤེས་དྲུག་པོ་དག་ལ་རྒྱུའི་རྐྱེན་ཞིག་ཡོད་པ་གང་ཞིག །དེ་མེད་ན་རྐྱེན་གཞན་མ་དམིགས་པའི་ཕྱིར་ཏེ། ཇི་སྐད་དུ། ཆོས་མངོན་པའི་མདོ་ཐེག་བསྡུས་སུ་དྲངས་པ་ལས། ཆོས་ཀུན་རྣམ་པར་ཤེས་ལ་སྦྱོར། །དེ་དག་ལ་ཡང་དེ་དེ་བཞིན། །ཕན་ཚུན་འབྲས་བུའི་དངོས་པོ་དང་། །རྒྱུ་ཡི་དངོས་པོར་རྟག་ཏུ་སྦྱོར། །ཞེས་གསུངས་པ་དང་། དབུས་མཐའ་ལས། གཅིག་ནི་རྐྱེན་གྱིས་རྣམ་པར་ཤེས། །གཉིས་པ་ཉེ་བར་སྤྱོད་པ་ཅན། །ཉེ་བར་སྤྱོད་དང་ཡོངས་སྤྱོད་དང་། །དེ་ཡི་འཇུག་བྱེད་སེམས་ལས་བྱུང་། །ཞེས་གསུངས་ལ། དེ་དག་གི་དོན་ནི་ཐེག་བསྡུས་ལས། ཀུན་གཞི་དང་འཇུག་ཤེས་རྣམས་ཕན་ཚུན་གཅིག་གཅིག་གི་རྒྱུ་ཡིན་པ་དང་། ཁྱད་པར་དུ་འཇུག་ཤེས་རྣམས་ལུས་དང་འགྲོ་བ་ཐམས་ཅད་དུ་ཉེ་བར་སྤྱོད་པ་ཅན་ཡིན་པར་གསུངས་པས་སོ། །གཉིས་པ་ལུང་གི་སྒྲུབ་བྱེད་ནི། ཀུན་གཞིའི་རྣམ་ཤེས་ཡོད་པར་ལུང་གིས་ཀྱང་གྲུབ་སྟེ། ཇི་སྐད་དུ་ཆོས་མངོན་པའི་མདོ་ཐེག་བསྡུས་སུ་དྲངས་པ་ལས། ཆོས་ཀུན་ས་བོན་ཐམས་ཅད་པའི། །རྣམ་པར་ཤེས་པ་ཀུན་གཞི་སྟེ། །དེ་བས་ཀུན་གཞིའི་རྣམ་ཤེས་ནི། །དམ་པ་རྣམས་ལ་ངས་བཤད་དོ། །ཞེས་པ་དང་། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་ཀླུང་ལྟར་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །བྱིས་པ་རྣམས་ལ་ངས་ནི་དེ་མ་བསྟན། །ཞེས་གསུངས་པ་དང་། དེ་དག་གི་དོན་བསྡུས་ཏེ། སློབ་དཔོན་དབྱིག་གཉེན་གྱིས། དེ་ལ་ཀུན་གཞིའི་རྣམ་ཤེས་ནི། །རྣམ་སྨིན་ས་བོན་ཐམས་ཅད་པ། །ཞེས་གསུངས་ལ། དེ་དག་གི་དོན་ནི། ཀུན་གཞིའི་རྣམ་ཤེས་ནི་འགྲོ་བ་གཅིག་ནས་གཅིག་ཏུ་སྐྱེ་བ་ལེན་པའི་རྒྱུ་ཡིན་པའི་ཕྱིར། ལེན་པའི་རྣམ་པར་ཤེས་པ་དང་། བག་ཆགས་སོག་པའི་གཞི་ཡིན་པའི་ཕྱིར། ས་བོན་ཐམས་ཅད་པའི་རྣམ་པར་ཤེས་པ་དང་། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་མིང་གི་རྣམ་གྲངས་དུ་མའི་སྒོ་ནས་ཤེས་བྱའི་གནས་སུ་བསྟན་པའོ། །གསུམ་པ་མེད་པར་འདོད་པ་ལ་གནོད་བྱེད་བསྟན་པ་ལ། རིགས་པའི་གནོད་བྱེད་བསྟན་པ་དང་། རང་གི་ལུང་དང་འགལ་བ་བསྟན་པའོ། །དང་པོ་ནི། གཏན་ལ་དབབ་པ་བསྡུ་བ་ལས། །ལེན་དང་དང་པོ་གསལ་བ་དང་། །ས་བོན་དང་ནི་ལས་རྣམས་ནི། །ལུས་ཀྱིས་མྱོང་དང་སེམས་མེད་པའི། །སྙོམས་འཇུག་དེ་བཞིན་འཆིར་མི་རུང་། །ཞེས་གསུངས་པ་ལྟར་རོ། །དེ་དག་གི་དོན་ནི། འགྲོ་བ་གཞན་ནས་གཞན་དུ་ལུས་ལེན་པ་མི་སྲིད་པར་ཐལ་བ་དང་། བར་སྲིད་དང་པོ་ལ་གནས་པའི་གང་ཟག་འཆི་འཕོ་བ་མི་སྲིད་པར་ཐལ་ཏེ། རྟེན་ཀུན་གཞིའི་རྣམ་ཤེས་མེད་པའི་ཕྱིར་རོ། །འགྲོ་བ་རྣམས་འཆི་འཕོ་བའི་ཚེ་ན། རྣམ་ཤེས་གཞན་རྣམས་འགགས་པའི་མཐར་སེམས་གསལ་རིག་ཙམ་དུ་གནས་པ་མི་སྲིད་པར་ཐལ་བ་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་བག་ཆགས་འཇོག་པའི་གཞི་མེད་པར་འགྱུར་ཏེ། ཀུན་གཞི་མེད་པའི་ཕྱིར་ཞེས་པ་དང་། རང་གིས་བྱས་པའི་ལས་ཀྱི་རྣམ་སྨིན་ལུས་ཀྱིས་མྱོང་བ་དང་སྦྱོང་བ་མི་སྲིད་པར་འགྱུར་ཏེ། ཀུན་གཞི་མེད་པའི་ཕྱིར། སེམས་མེད་པ་འདུ་ཤེས་མེད་པ་པའི་གང་ཟག་འཆི་འཕོ་བ་མི་སྲིད་པར་ཐལ་ཏེ། ལུས་ཀྱི་དྲོད་འདོར་བྱེད་ཀྱི་ཀུན་གཞིའི་རྣམ་ཤེས་མེད་པའི་ཕྱིར། ཞེས་པའོ། །གཉིས་པ་ནི། ཀུན་གཞི་མེད་པར་འདོད་ན། ཉན་ཐོས་པ་རང་གི་ལུང་དང་ཡང་འགལ་ཏེ། ཉན་ཐོས་སྡེ་པའི་ལུང་ལས་ཀྱང་། ཀུན་གཞིའི་རྣམ་ཤེས་ཀྱི་མིང་ཙམ་ཞིག་བསྟན་པའི་ཕྱིར། ཇི་སྐད་དུ། འདུལ་བ་གཅིག་ལས་འཕྲོས་པ་ལས། སྐྱེ་དགུ་ཀུན་གཞི་ལ་ཀུན་དུ་དགའ་བ། ཀུན་གཞི་ལས་ཡང་དག་པར་འབྱུང་བ། ཀུན་གཞི་ལ་མངོན་པར་དགའ་བ་ཅན་དག་ལ་ཀུན་གཞི་སྤང་བའི་ཕྱིར་ཆོས་བསྟན་པ་ན། ཞེས་དང་། ཕལ་ཆེན་སྡེ་པའི་ལུང་ལས་ཀྱང་། རྩ་བའི་རྣམ་པར་ཤེས་པ། ཞེས་པ་དང་། ས་སྟོན་སྡེ་པའི་ལུང་ལས་ཀྱང་། འཁོར་བ་ཇི་སྲིད་པའི་ཕུང་པོ་རྣམས། ཤེས་པ་དང་། གནས་བརྟན་སྡེ་པའི་ལུང་ལས་ཀྱང་། སྲིད་པའི་ཡན་ལག་ལྟ་བ་དང་། །ཤེས་པ་དང་ནི་གཏོད་པ་དང་། །ས་གཡོ་བ་དང་ནི་རྟོག་པ་དང་། །འདུན་པ་འཇུག་པར་བྱེད་པ་ཡིན། །ཞེས་གསུངས་པ་རྣམས་ནི་ཐེག་བསྡུས་སུ་དྲངས་པ་ལྟར་ཡིན་པས་སོ། །དེ་ལྟར་གྲུབ་པའི་ཀུན་གཞིའི་རྣམ་ཤེས་ལ་མངོན་པ་ཀུན་ལས་བཏུས་པ་ལས། རྩ་བའི་སེམས་དང་རྩ་བའི་རྣམ་པར་ཤེས་པའི་ཐ་སྙད་མཛད་པ་ཡིན་ནོ། །བཞི་པ་ཀུན་གཞི་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་ངོས་བཟུང་བ་ལ། ཁ་ཅིག་ཀུན་གཞི་ཁས་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བ་རྣམས་ཀྱི་གཙོ་བོ་ནི། སེམས་ཙམ་པ་ཡིན་ལ། དེ་དག་དང་ཐ་སྙད་ཀུན་རྫོབ་ཀྱི་རྣམ་བཞག་མཐུན་པར་སྨྲ་བའི་རྣལ་འབྱོར་སྤྱོད་པའི་དབུ་མ་པ་རྣམས་ཀྱིས་ཀྱང་ཐ་སྙད་དུ་ཀུན་གཞིའི་རྣམ་བཞག་ཁས་ལེན་དུ་ཟིན་ཀྱང་། བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དབུ་མ་པ་རྣམས་ཀྱིས་ནི་ཐ་སྙད་དུ་ཡང་ཀུན་གཞིའི་རྣམ་བཞག་ཁས་མི་ལེན་ཞིང་། ཁྱད་པར་དུ་ཟླ་བ་གྲགས་པ་ལ་སོགས་པ་དབུ་མ་ཐལ་འགྱུར་བ་རྣམས་དང་། ཐེག་པ་གོང་མ་ལས་གོང་མར་གྱུར་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་རྣམས་ལས་ནི། ཀུན་གཞིའི་རྣམ་བཞག་མ་བཤད་དོ། །ཞེས་སྨྲ་བར་བྱེད་དོ། །དེ་དག་གིས་ནི་ཐེག་པ་ཆེན་པོའི་རྣམ་བཞག་འདི་ལ་ཞིབ་ཏུ་མ་དཔྱད་པའི་རྣམ་འགྱུར་གསལ་བར་བསྟན་པ་ཡིན་ཏེ། བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་འགྲེལ་ལས། ཇི་ལྟར་རྒྱ་མཚོ་ལ་ནི་ཤིང་། །སེམས་ནི་མེད་ཀྱང་གཡོ་བར་འགྱུར། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ནི། །ལུས་བརྟེན་ནས་ནི་གཡོ་བར་འགྱུར། །ལུས་མེད་ན་ནི་རྣམ་པར་ཤེས། །ཡོད་པ་མིན་ཞེས་ཡང་རྟོག་ན། །དེ་ན་སོ་སོ་མ་རིག་ཉིད། །ཅེས་གསུངས་པ་དང་། དབུ་མ་འཇུག་པའི་འགྲེལ་པར། དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྗེས་སུ་ཞུགས་པའི་ཕྱིར་སྟོང་པ་ཉིད་ཁོ་ན་ལ་ཀུན་གཞིའི་རྣམ་པར་ཤེས་པའི་སྒྲས་འདོགས་ཏེ། ཞེས་ཐ་སྙད་དུ་སྟོང་པ་ཉིད་ལ་ཀུན་གཞིའི་རྣམ་པར་ཤེས་པའི་སྒྲས་འདོགས་སུ་རུང་བར་གསུངས་པའི་ཕྱིར། སྤྱིར་ཡང་ཐེག་པ་ཆེན་པོ་པ་ཐམས་ཅད་ཀྱིས་བདེ་བར་གཤེགས་པའི་སྙིང་པོ་ནི་ཁས་ལེན་ལ། ཇི་སྲིད་བདེ་བར་གཤེགས་པའི་སྙིང་པོ་ཁས་ལེན་པ་དེ་སྲིད་དུ་ཀུན་གཞིའི་རྣམ་པར་ཤེས་པ་ཁས་ལེན་པ་ཡང་ཡིན་ཏེ། རྒྱན་སྟུག་པོ་བཀོད་པ་སོགས་ཐེག་པ་ཆེན་པོའི་མདོ་སྡེ་དུ་མར་བདེ་གཤེགས་སྙིང་པོ་ལ་ཀུན་གཞིའི་མིང་གིས་བཏགས་ནས་བཤད་པའི་ཕྱིར། བླ་ན་མེད་པའི་རྒྱུད་རྣམས་ལས་ཀྱང་། ཀུན་གཞི་ཞལ་གྱིས་བཞེས་པ་ཡིན་ཏེ། སམྦུ་ཊིའི་རྒྱུད་ལས། ཆགས་སོགས་དགག་དཀའི་དྲི་མས་གོས་གྱུར་པའི། །སེམས་ནི་རྡོ་རྗེ་ཅན་གྱིས་འཁོར་བར་གསུངས། །ཤེས་པ་དང་། དུས་ཀྱི་འཁོར་ལོའི་ནང་གི་ལེའུའི་ཚིགས་བཅད་དྲུག་པར། གསང་བའི་པདྨར་ཁྲག་གི་ནང་དུ་གང་ཚེ་ལྷུང་བའི་བྱང་ཆུབ་ས་བོན་སྲོག་དང་བཅས་པ་དག །ཅེས་པ་དང་། དེའི་འགྲེལ་པར། འདིར་གསང་བའི་པདྨར་ཁྲག་གི་ནང་དུ་གང་ཚེ་ལྷུང་བའི་བྱང་ཆུབ་ས་བོན་ཞེས་པ་ནི་ཁུ་བ་སྟེ། སྲོག་དང་བཅས་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་དང་བཅས་པ་དག་གང་གི་ཚེ་གསང་བའི་པདྨར་ལྷུང་བ་དེའི་ཚེ་གནས་སྐབས་བཅུའི་མཚན་ཉིད་དུ་འགྱུར་རོ། །ཞེས་པ་དང་། སྒྲུབ་ཐབས་ཀྱི་ལེའུའི་མདོར་བསྡུས་དང་པོའི་འགྲེལ་ཆེན་ལས། དེ་ལྟར་ཁམས་ཀྱི་ཚོགས་མྱུར་དུ་རྣམ་པར་ཉམས་ཏེ་དེ་ནས་སེམས་ནི་མེ་དང་མུན་པའི་མཐའ་སྟེ། ནམ་མཁའི་ཁམས་རྣམ་པ་ཐམས་ཅད་པའི་གཟུགས་ཡུལ་དང་རྣམ་པར་བྲལ་བའི་དབུས་ཀྱིས་ས་ལ་བཞག་པར་བྱ་སྟེ། ཀུན་གཞི་རྣམ་པར་ཤེས་པའོ། །ཞེས་གསུངས་པ་དང་། བཅོམ་ལྡན་འདས་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། དེ་ཡང་ཀུན་གཞིར་ཤེས་བྱ་སྟེ། །མེ་ལོང་དུ་ཡང་རབ་ཏུ་བཤད། །ཅེས་པ་དང་། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་ཀྱང་། རླུང་བཅུ་འགྲུབ་པའི་སྐབས་སུ། ཀུན་གཞི་ལས་ནི་རྣམ་ཤེས་སྐྱེ། །ཇི་ལྟར་ཆང་རོས་མྱོས་པ་བཞིན། །ཀུན་གཞི་རྣམ་ཤེས་བག་ཆགས་ལས། །རྣམ་པར་ཤེས་པའི་རྒྱུན་ནི་སྐྱེ། །ཉོན་མོངས་ཅན་ནི་སྲོག་རླུང་ཉིད། །སྐད་ཅིག་གཅིག་ལ་ཡང་དག་འགྲོ། །ཞེས་གསུངས་པའང་། རྣལ་འབྱོར་གྱི་རྒྱུད་རྡོ་རྗེ་རྩེ་མོ་ལས་ཀྱང་། ས་བོན་ཀུན་ལྡན་ཀུན་གཞི་ནི། །ཕྱི་དང་ནང་གི་བདག་ཉིད་འདོད། །ཅེས་གསུངས་པ་དང་། གསེར་འོད་དམ་པ་ལས་ཀྱང་། ཀུན་གཞིའི་རྣམ་པར་ཤེས་པ་སྦྱངས་པས་ནི་ཆོས་ཀྱི་སྐུ་ཐོབ་སྟེ། ཞེས་གསུངས་པའི་ཕྱིར་རོ། །འདི་དག་གི་སྐབས་སུ་རང་ལུགས་སྒྲུབ་པ་དང་། གཞན་ལུགས་དགག་བའི་ལུང་རིགས་ཀྱི་སྤྲོས་པ་དུ་མ་ཡོད་ཀྱང་རྒྱས་པར་མ་སྤྲོས་སོ། །བརྒྱད་པ་ཉོན་མོངས་པ་ཅན་གྱི་ཡིད་ལ། ངོ་བོ་ངོས་བཟུང་། ཡོད་པའི་སྒྲུབ་བྱེད་བཤད། མེད་པ་ལ་གནོད་བྱེད་བསྟན། ཁས་ལེན་པའི་གྲུབ་མཐའ་སྨྲ་བ་ངོས་བཟུང་བ་དང་བཞི་ལས། དང་པོ་ནི། ཀུན་གཞིའི་རྣམ་པར་ཤེས་པ་ལ་དམིགས་ནས་དུས་རྟག་ཏུ་ངར་སེམ་པའི་རྣམ་པ་ཅན་གྱི་གཙོ་བོ་རྣམ་རིག་སྟེ། ཇི་སྐད་དུ། ཀུན་ལས་བཏུས་པ་ལས། ཡིད་གང་ཞེ་ན། གང་དུས་རྟག་ཏུ་རློམ་སེམས་པའི་བདག་ཉིད་དང་། ཀུན་གཞིའི་རྣམ་པར་ཤེས་པ་ལ་དམིགས་པ་དང་། ཞེས་སོགས་གསུངས་པ་དང་། སུམ་ཅུ་པ་ལས། དེ་ལ་གནས་ཏེ་རབ་འབྱུང་ཞིང་། །དེ་ལ་དམིགས་པ་ཡིད་ཅེས་བྱ། །རྣམ་ཤེས་ངར་སེམས་བདག་ཉིད་ཅན། །ཞེས་གསུངས་པས་སོ། །དེ་ལ་འཛིན་སྟངས་ནི། འཁྲུལ་པའི་ཤེས་པ་ཡིན་ཏེ། ཀུན་གཞི་བདག་མ་ཡིན་པ་ལ་བདག་ཏུ་བཟུང་བའི་ཕྱིར། དཔེར་ན་ཐག་པ་ཁྲ་བོ་ལ་སྦྲུལ་དུ་འཛིན་པ་བཞིན་ནོ། །ངོ་བོ་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ཏེ། ཁམས་གསུམ་འཁོར་བའི་འཁྲུལ་པ་ཐམས་ཅད་ཀྱི་རྩ་བ་དང་། ཉོན་མོངས་པ་ཅན་ཡིན་པའི་ཕྱིར་ཏེ། དེ་སྐད་དུ། སུམ་ཅུ་པ་ལས། བསྒྲིབས་ལ་ལུང་དུ་མ་བསྟན་པ། །ཉོན་མོངས་བཞི་དང་རྟག་ཏུ་འགྲོགས། །ཤེས་པ་དང་། ཐེག་བསྡུས་ལས། དེ་ནི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་གནས་སོ། །ཞེས་གསུངས་པས་སོ། །དེའི་བྱེད་ལས་ནི། ཀུན་གཞི་ལ་བརྟེན་ནས་དྲུག་པ་ཡིད་ཀྱི་རྣམ་ཤེས་ཀྱི་བདག་རྐྱེན་བྱེད་ཅིང་། དེ་ལ་ལྟོས་པའི་ཡིད་ཀྱི་དབང་པོར་འགྱུར་བ་དང་། གཞན་ཡང་རྣམ་ཤེས་ལྔ་པོ་ལས་ཉོན་མོངས་པ་ཐམས་ཅད་སྐྱེ་བའི་རྒྱུ་ཡང་བྱེད་དོ། །དྲུག་པ་ཡིད་ཀྱི་རྣམ་ཤེས་ཀྱིས་ཀྱང་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་བདག་རྐྱེན་དང་། རྣམ་ཤེས་ལྔ་པོ་རྣམས་ཡུལ་འཛིན་ནུས་སུ་བསྐྱེད་པར་བྱེད་པའི་བདག་རྐྱེན་ཡིད་ཀྱི་དབང་པོ་ཡང་བྱེད་པ་ཡིན་ཏེ། ཇི་སྐད་དུ། ཐེག་བསྡུས་ལས། དེ་ལ་ཡིད་ནི་རྣམ་པ་གཉིས་ཏེ། དེ་མ་ཐག་པའི་རྐྱེན་བྱེད་པས་གནས་སུ་གྱུར་པའི་ཕྱིར། རྣམ་པར་ཤེས་པ་འགགས་མ་ཐག་པའི་ཡིད་ཅེས་བྱ་བ་རྣམ་པར་ཤེས་པ་སྐྱེ་བའི་གནས་དང་། གཉིས་པ་ཉོན་མོངས་པ་ཅན་གྱི་ཡིད་ཅེས་སོགས་དང་དེ་ཉིད་ལས། རྣམ་པར་ཤེས་པ་ནི་གང་གནས་གཅིག་པོས་བསྐྱེད་ལ། གཉིས་པས་ནི་ཉོན་མོངས་པ་ཅན་དུ་བྱེད་པ་སྟེ། ཞེས་གསུངས་པས་སོ། །གཉིས་པ་ཡོད་པའི་སྒྲུབ་བྱེད་ནི། ཉོན་མོངས་པ་ཅན་གྱི་ཡིད་ཡོད་དགོས་པ་ཡིན་ཏེ། ཆོས་མངོན་པའི་མདོ་ལས། ཁམས་བཅོ་བརྒྱད་ཀྱི་རྣམ་བཞག་མཛད་པ་དེ་ཡང་དྲུག་པ་ཡིད་ཀྱི་རྣམ་ཤེས་ཀྱི་རྟེན་དུ་གྱུར་པའི་ཡིད་ཀྱི་དབང་པོ་ལ་དགོངས་ནས། ཡིད་ཀྱི་ཁམས་རྣམ་པར་བཞག་པའི་ཕྱིར་དང་། འདུ་ཤེས་མེད་པའི་སེམས་ཅན་རྣམས་དུས་རྟག་ཏུ་ངའོ་སྙམ་པའི་ང་རྒྱལ་གྱིས་གནས་པ་དེ་ཡང་ཉོན་ཡིད་ཀྱི་དབང་གིས་ཡིན་པའི་ཕྱིར་དང་། གང་ཟག་རྣམས་ཀྱིས་མཚན་མར་འཛིན་པས་བདག་གཞན་དང་དགེ་མི་དགེ་ལུང་མ་བསྟན་སོགས་སོ་སོར་འབྱེད་པའི་ངེས་ཚིག་དེ་རྣམས་ཀྱང་དེའི་དབང་གིས་ཡིན་པའི་ཕྱིར་རོ། །གསུམ་པ་མེད་པ་ལ་གནོད་བྱེད་བསྟན་པ་ནི། ཉོན་མོངས་པ་ཅན་གྱི་ཡིད་ཡོད་པ་ཡིན་ཏེ། དེ་མེད་ན་འཇུག་ཤེས་གཞན་དང་མ་འདྲེས་པའི་མ་རིག་པས་ཡང་དག་པའི་ཡེ་ཤེས་སྐྱེ་བ་ལ་གེགས་བྱེད་པ་མེད་པའི་སྐྱོན་དུ་འགྱུར་བ་དང་། དབང་ཤེས་ལྔ་པོ་དག་ལ་བདག་རྐྱེན་དབང་པོ་གཟུགས་ཅན་པ་རེ་རེ་ཡོད་པ་བཞིན་དུ་དྲུག་པ་ཡིད་ཀྱི་རྣམ་ཤེས་ལ་བདག་རྐྱེན་ཡིད་དབང་ཞིག་ཡོད་དགོས་པ་ལས། མེད་པར་ཐལ་བའི་སྐྱོན་དང་། བདག་གཞན་དགེ་མི་དགེ་སོགས་སོ་སོར་འབྱེད་པའི་ངེས་ཚིག་མེད་པར་ཐལ་བའི་སྐྱོན་དང་། འདུ་ཤེས་མེད་པའི་སྙོམས་འཇུག་དང་། འགོག་པའི་སྙོམས་འཇུག་གཉིས་ལ་ཉོན་མོངས་པ་ཅན་ཡིན་པ་དང་། མ་ཡིན་པའི་བྱེ་བྲག་མེད་པར་ཐལ་བའི་སྐྱོན་དུ་འགྱུར་བའི་ཕྱིར། དེ་སྐད་དུ་ཡང་། ཐེག་བསྡུས་ལས། མ་འདྲེས་པ་ཡི་མ་རིག་དང་། །ལྔ་པོ་དག་དང་འདྲ་བ་དང་། །སྙོམས་པར་འཇུག་པའི་བྱེ་བྲག་དང་། །ངེས་ཚིག་མེད་པའི་སྐྱོན་དུ་འགྱུར། །འདུ་ཤེས་མེད་པར་སྐྱེ་བའི་རྒྱུན། །ངར་འཛིན་མེད་པའི་སྐྱོན་དུ་འགྱུར། །ངར་འཛིན་པ་དང་ལྡན་པར་ནི། །རྣམ་པ་ཀུན་དུ་མི་འཐད་དོ། །ཉོན་མོངས་ཅན་གྱི་ཡིད་མེད་ན། །གཉིས་མེད་གསུམ་པོ་འགལ་བར་འགྱུར། །དེ་མེད་ན་ནི་ངར་འཛིན་པ། །ཀུན་ནས་ཡོད་པར་མི་འགྱུར་རོ། །ཡང་དག་དོན་ལ་འཇུག་པ་ཡི། །སེམས་ཀྱི་གེགས་སུ་རྟག་འགྱུར་དང་། །དུས་རྣམས་ཀུན་དུ་འབྱུང་བ་སྟེ། །མ་འདྲེས་པ་ཡི་མ་རིག་འདོད། །ཅེས་གསུངས་བ་རྣམས་སོ། །བཞི་པ་ཉོན་མོངས་པ་ཅན་གྱི་ཡིད་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་ནི། ཇི་སྲིད་ཀུན་གཞི་ཁས་ལེན་པའི་གང་ཟག་ཡིན་ན་ཉོན་མོངས་པ་ཅན་གྱི་ཡིད་ཁས་ལེན་དགོས་པ་ཡིན་ཏེ། ཀུན་གཞི་གང་ནས་བཤད་པའི་གཞུང་དེ་དག་ལས་རྣམ་ཤེས་ཚོགས་བརྒྱད་གསལ་བར་བཤད་དགོས་པའི་ཕྱིར། དེ་ལྟར་བཤད་པའི་ཉོན་མོངས་པ་ཅན་གྱི་ཡིད་དེ་ལྡོག་པའི་དུས་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་དགྲ་བཅོམ་པ་ཐོབ་པའི་ཚེ་དང་། ཕྱིར་མི་འོང་ལུས་མངོན་བྱེད་ལྟ་བུས་འགོག་པ་ལ་སྙོམས་པར་འཇུག་པའི་ཚེ་ན་ལྡོག་པ་ཡིན་ཏེ། སུམ་ཅུ་པ་ལས། འགོག་པའི་སྙོམས་པར་འཇུག་ན་མེད། ཅེས་དང་། རེག་སོགས་ཀྱང་སྟེ་དགྲ་བཅོམ་མེད། །ཅེས་གསུངས་པས་སོ། །དམན་པའི་ལམ་སྔོན་དུ་མ་སོང་བའི་བྱང་སེམས་འཕགས་པའི་མཉམ་བཞག་གི་ཚེ་ན་ཉོན་ཡིད་འགགས་པ་ཡིན་ཏེ། འཇིག་རྟེན་འདས་པའི་ལམ་ནའང་མེད། ཅེས་བཤད་པས་སོ། །དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་ཀྱིས་ས་བརྒྱད་པ་མ་ཐོབ་ཀྱི་བར་དུ་ཉོན་ཡིད་གནས་མ་གྱུར་ཞིང་། དེ་ལ་བརྟེན་པའི་ངར་འཛིན་ཕྲ་མོ་འབྱུང་བར་བཤད་པ་ཡང་ཡོད་དེ། ཇི་སྐད་དུ། བཤད་རྒྱུད་རྡོ་རྗེ་རྩེ་མོ་ལས། དེ་ཡིས་ས་བརྒྱད་ཀྱི་བར་དུ། །ཐེག་པ་དམན་པ་སྤོང་མི་འགྱུར། ཞེས་གསུངས་པས་སོ། །དེ་ལྟར་ཉོན་ཡིད་ལྡོག་པའི་ས་མཚམས་དུ་མ་བཤད་ཀྱང་། རང་ལུགས་མདོར་བསྡུ་ན། ཐེག་པ་ཆེ་ཆུང་གི་འདས་ལམ་དང་། འགོག་པ་ལ་སྙོམས་པར་འཇུག་པའི་ཚེ་དང་། དགྲ་བཅོམ་པའི་ཚེ་ན་ལྡོག་པ་ནི་བཤད་པ་ལྟར་ཡིན་ལ། ཐེག་པ་ཆེན་པོ་པས་ནི་ས་དང་པོ་ནས་ཉོན་མོངས་པའི་སྒྲིབ་པ་མཐའ་དག་སྦྱངས་བར་ཁས་ལེན་དགོས་པས། དམན་ལམ་སྔོན་དུ་མ་སོང་ཡང་ས་དང་པོ་ནས་ཉོན་མོངས་པ་ཅན་གྱི་ཡིད་སྤངས་པ་ཡིན་ཏེ། དེ་ནས་ཉོན་ཡིད་ལ་བརྟེན་པའི་འཇིག་ཚོགས་ལྟ་བ་མཐའ་དག་སྤངས་པའི་ཕྱིར། ཇི་སྐད་དུ། སྟོང་ཆེན་མོ་རབ་ཏུ་འཇོམས་པའི་མདོ་ལས། འཇིག་ཚོགས་ལྟ་དང་ཚུལ་ཁྲིམས་བརཏལ་ཞུགས་དང་། །ཐེ་ཚོམ་དང་ནི་ཉོན་མོངས་གསུམ་པོ་དག །གཅིག་ཅར་སྤངས་ཏེ་འཕགས་པའི་བདེན་མཐོང་བ། །དེས་ནི་དགེ་འདུན་རིན་ཆེན་མཆོག་ཏུ་བཤད། །ཅེས་གསུངས་པས་སོ། །སྔགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྐད་ལ། འདི་ལ་སྲོག་ཆེན་པོའི་རླུང་གི་མིང་གིས་བཤད་པ་ཡོད་ཀྱང་། འོག་ཏུ་རླུང་གི་སྐབས་སུ་བཤད་པར་བྱའོ། །གཉིས་པ་འཁོར་སེམས་བྱུང་གི་རྣམ་པར་བཞག་པ་བཤད་པར་བྱ་བ་ལ། མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། དོན་གྱི་ཁྱད་པར་རང་སྟོབས་ཀྱིས་རིག་པའི་རིག་པ་སྟེ། དེ་སྐད་དུ། དབུས་མཐའ་ལས། དེ་ཡི་ཁྱད་པར་སེམས་ལས་བྱུང་། །ཞེས་གསུངས་པས་སོ། །གཉིས་པ་ནི། སུམ་ཅུ་པ་ལས། ཀུན་དུ་འགྲོ་དང་བྱེ་བྲག་ངེས། །སེམས་ལས་བྱུང་བ་དགེ་བ་དང་། །དེ་བཞིན་ཉོན་མོངས་ཉེ་ཉོན་མོངས། །ཚོར་བ་གསུམ་དང་དེ་མཚུངས་ལྡན། །ཞེས་པ་ལྟར། ཀུན་འགྲོ་ལྔ། ཡུལ་ངེས་ལྔ། དགེ་བ་བཅུ་གཅིག རྩ་ཉོན་དྲུག །ཉེ་ཉོན་ཉི་ཤུ་སྟེ་བཞི་བཅུ་ཞེ་བདུན་དང་། དེར་མ་བསྟན་པའི་གཞན་འགྱུར་བཞི་དང་ལྔ་བཅུ་རྩ་གཅིག་གོ །དེ་དག་གི་རྣམ་གྲངས་ཙམ་མདོར་བསྡུ་ན། སེམས་བྱུང་གང་ཞིག །གཙོ་བོ་སེམས་ཐམས་ཅད་ཀྱི་འཁོར་དུ་འགྱུར་རུང་བ་དེ་ཀུན་འགྲོའི་མཚན་ཉིད། དེ་ལ་དབྱེ་ན། ཚོར་འདུ་སེམ་པ་རེག་ཡིད་བྱེད། ཅེས་པ་ལྟར་ལྔའོ། །དེ་གང་ཞིག གཙོ་བོ་སེམས་འགའ་ཞིག་གི་འཁོར་དུ་འགྲོ་ཞིང་། འགའ་ཞིག་གི་འཁོར་དུ་མི་འགྲོ་བའི་བྱེ་བྲག་སོ་སོར་ངེས་པ་དེ་ཡུལ་ངེས་ཀྱི་མཚན་ཉིད་དོ། །དབྱེ་ན། འདུན་མོས་དྲན་ཏིང་ཤེས་རབ་བོ། །ཞེས་པ་ལྟར་ལྔའོ། །དེ་གང་ཞིག །སྐྱེས་བུ་དམ་པ་རྣམས་ཀྱིས་བླང་བྱར་འོས་པ་དེ་དགེ་བའི་མཚན་ཉིད། དབྱེ་ན། དད་དང་བག་ཡོད་ཤིན་ཏུ་སྦྱངས། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །མ་ཆགས་ལ་སོགས་རྩ་བ་གསུམ། །བརྩོན་འགྲུས་རྣམ་པར་མི་འཚེ་བའོ། །ཞེས་པ་ལྟར་བཅུ་གཅིག་གོ །སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་སེམས་བྱུང་གང་ཞིག །ཉེ་ཉོན་གྱི་རྩ་བར་གྱུར་པ་དེ་རྩ་ཉོན་གྱི་མཚན་ཉིད། དེ་ལ་དབྱེ་ན། འདོད་ཆགས་ཁོང་ཁྲོ་ང་རྒྱལ་དང་། །མ་རིག་ཐེ་ཚོམ་ལྟ་བ་སྟེ། ཞེས་པ་ལྟར་དྲུག་གོ །དེ་གང་ཞིག རྩ་ཉོན་ལ་ཉེ་བར་གྱུར་བ་དེ་ཉེ་ཉོན་གྱི་མཚན་ཉིད། དབྱེ་ན། ཁྲོ་དང་མཁོན་འཛིན་འཆབ་པ་དང་། །འཚིག་དང་ཕྲག་དོག་སེར་སྣ་སྒྱུ། །གཡོ་རྒྱགས་རྣམ་འཚེ་ངོ་ཚ་མེད། །ཁྲེལ་མེད་རྨུགས་རྒོད་མ་དད་དང་། །ལེ་ལོ་བག་མེད་བརྗེད་ངས་དང་། །ཤེས་བཞིན་མ་ཡིན་རྣམ་གཡེང་ངོ་། །ཞེས་པ་ལྟར་ཉི་ཤུའོ། །དེ་གང་ཞིག །གཙོ་བོ་སེམས་ཀྱི་དབང་གིས་དམིགས་རྣམ་གཞན་དུ་བསྒྱུར་བར་བྱེད་པ་དེ་གཞན་འགྱུར་གྱི་མཚན་ཉིད། དབྱེ་ན། འགྱོད་གཉིད་རྟོག་དཔྱོད་གཞན་འགྱུར་བཞི། ཞེས་པ་ལྟར་རོ། །འདི་དག་གི་རྣམ་བཞག་རྒྱས་པར་བཤད་པ་ནི་གཞན་དུ་བྱས་ཡོད་པས་འདིར་མ་སྤྲོས་སོ། །གསུམ་པ་དེ་དག་གི་མཚུངས་ལྡན་ལ་དཔྱད་པ་ལ། མཚུངས་ལྡན་གྱི་དོན་བཤད་པ་དང་། སེམས་གང་གི་འཁོར་དུ་སེམས་བྱུང་གང་འབྱུང་བ་དཔྱད་པའོ། །དང་པོ་ལ། སེམས་རྣམས། འཁོར་སེམས་བྱུང་རྣམས་དང་རྣམ་པ་ལྔས་མཚུངས་པར་ལྡན་ཏེ། རྟེན་དང་། དམིགས་པ་དང་། རྣམ་པ་དང་། རྫས་དང་། དུས་མཚུངས་པར་ལྡན་པ་དང་ལྔའོ། །དེ་ལ་མཚུངས་ཤེས་པ་ནི་འདྲ་བའི་དོན་ཡིན་ལ། རྟེན་འདྲ་བའམ་མཚུངས་པ་ནི། གཙོ་བོ་སེམས་དེ་ཉིད་རྟེན་དབང་པོ་གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པ་ལ་བརྟེན་ན། དེ་དང་མཚུངས་པའི་སེམས་བྱུང་རྣམས་ཀྱང་དེར་བརྟེན་པའོ། །དམིགས་པ་མཚུངས་པ་ནི། གཙོ་བོ་སེམས་དེ་གཟུགས་ལྟ་བུ་ལ་དམིགས་ན་དེའི་འཁོར་དུ་གྱུར་པའི་སེམས་བྱུང་རྣམས་ཀྱང་དེར་དམིགས་པའོ། །རྣམ་པ་མཚུངས་པ་ནི། གཙོ་བོ་སེམས་དེ་སྔོན་པོ་ལྟ་བུའི་རྣམ་ལྡན་དུ་སྐྱེས་ན། དེ་དང་མཚུངས་པའི་སེམས་བྱུང་རྣམས་ཀྱང་དེར་སྐྱེས་པའོ། །རྫས་མཚུངས་པ་ནི། གཙོ་བོ་སེམས་དེ་དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་གྱི་རྫས་སུ་སྐྱེས་ན། དེ་དང་མཚུངས་པའི་སེམས་བྱུང་རྣམས་ཀྱང་དེ་དང་དེའི་རྫས་སུ་སྐྱེས་པའོ། །དུས་མཚུངས་པ་ནི། གཙོ་བོ་སེམས་དེ་འདས་མ་འོངས་ད་ལྟར་གང་རུང་གི་ཤེས་པར་གྱུར་ན། དེ་དང་མཚུངས་པའི་སེམས་བྱུང་རྣམས་ཀྱང་དེ་དང་དེར་གྱུར་པའོ། །མཚུངས་ལྡན་གྱི་ཚུལ་དེ་བསྡུ་ན། །མངོན་གྱུར་དུ་མཚུངས་པར་ལྡན་པ་དང་། དབང་ལྡན་དུ་མཚུངས་པར་ལྡན་པ་གཉིས་སུ་འདུས་སོ། །དང་པོ་ནི། ཞེ་སྡང་དྲག་པོ་སྐྱེས་པའི་ཚེ་ན་དེ་དུས་ཀྱི་དྲུག་པ་ཡིད་ཀྱི་འཁོར་དུ་བྱུང་བའི་ཁོང་ཁྲོ་དང་མཁོན་འཛིན་ཐམས་ཅད་མངོན་གྱུར་དུ་ལྡན་པ་ལྟ་བུའོ། །གཉིས་པ་དབང་ལྡན་ནི། གཉིད་འཐུག་པོ་ལོག་པའི་ཚེ་ན། དེའི་རྒྱུད་ལ་དུག་གསུམ་དང་དགེ་སེམས་རྣམས་ཡོད་ཀྱང་མངོན་གྱུར་དུ་མི་ལྡན་པ་ལྟ་བུའོ། །གཉིས་པ་སེམས་གང་གི་འཁོར་དུ་སེམས་བྱུང་གང་འབྱུང་བ་དཔྱད་པ་ལ། ཀུན་གཞིའི་རྣམ་ཤེས་ཀྱི་འཁོར་དུ་ནི་སེམས་བྱུང་ཀུན་འགྲོ་ལྔ་ཁོ་ན་འབྱུང་གི། གཞན་མི་འབྱུང་སྟེ། སུམ་ཅུ་པ་ལས། རྟག་ཏུ་རེག་དང་ཡིད་བྱེད་དང་། །ཚོར་དང་འདུ་ཤེས་སེམས་པར་ལྡན། །ཞེས་གསུངས་པས་སོ། །དེའི་འཁོར་དུ་བྱུང་བའི་ཚོར་བདེ་ཡང་བདེ་སྡུག་བཏང་སྙོམས་གསུམ་གྱི་ནང་ནས་བཏང་སྙོམས་ཁོ་ན་ཡིན་ཏེ། སུམ་ཅུ་པ་ལས། དེ་ལ་ཚོར་བ་བཏང་སྙོམས་ཏེ། །ཞེས་གསུངས་པས་སོ། །ཉོན་ཡིད་ཀྱི་འཁོར་དུ་ནི། འཇིག་ལྟ་དང་། ང་རྒྱལ་དང་། བདག་ལ་ཆགས་པ་དང་། མ་རིག་པ་སྟེ་ཐུན་མོང་མ་ཡིན་པའི་འཁོར་བཞི་དང་། སེམས་གཞན་དང་ཐུན་མོང་བའི་འཁོར་ཀུན་འགྲོ་ལྔ་དང་དགུ་འབྱུང་སྟེ། དེ་སྐད་དུའང་། སུམ་བཅུ་པ་ལས། བདག་ཏུ་ལྟ་དང་བདག་ཏུ་རྨོངས། །བདག་རྒྱལ་བདག་ཆགས་འདུ་ཤེས་པ། །རེག་ལ་སོགས་པའང་དེ་བཞིན་ནོ། །ཞེས་པ་དང་། ཐེག་བསྡུས་ལས། གཉིས་པ་ཉོན་མོངས་པ་ཅན་གྱི་ཡིད་ཉོན་མོངས་པ་བཞི་པོ་འཇིགས་ཚོགས་ལ་ལྟ་བ་དང་། ངའོ་སྙམ་པའི་ང་རྒྱལ་དང་། བདག་ལ་ཆགས་པ་དང་། མ་རིག་པ་དང་། རྟག་ཏུ་མཚུངས་པར་ལྡན་པ་སྟེ། ཞེས་གསུངས་པས་སོ། །དེས་ན་འདི་ནི་གཙོ་འཁོར་ཐམས་ཅད་སེམས་རྒྱུད་རབ་ཏུ་མ་ཞི་བའི་ཉོན་མོངས་པ་ཅན་དུ་ཤེས་པར་བྱའོ། །མིག་ལ་སོགས་པ་འཇུག་ཤེས་དྲུག་པོ་རྣམས་ལ་ནི། རེ་རེ་ལ་ཡང་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་གསུམ་གསུམ་དུ་ཡོད་དེ། སུམ་ཅུ་པ་ལས། གསུམ་པ་ཡུལ་རྣམས་དྲུག་པོ་ལ། །དམིགས་པ་གང་ཡིན་དེ་དག་སྟེ། །དགེ་དང་མི་དགེ་གཉི་ག་མིན། །ཞེས་གསུངས་པས་སོ། །དེ་ལ་དབང་ཤེས་དགེ་བ་རྣམས་ཀྱི་འཁོར་དུ་ནི། ཀུན་འགྲོ་ལྔ་དང་། ཡུལ་ངེས་རྣམས་དང་། ཡིད་ཀྱི་ས་པ་མ་ཡིན་པའི་དགེ་བ་རྣམས་འབྱུང་བ་ཡིན་ཏེ། །ས་དང་དམིགས་རྣམ་མཚུངས་པའི་ཕྱིར། དེ་ལ་དབང་ཤེས་མི་དགེ་བ་རྣམས་ཀྱི་འཁོར་དུ་ནི་ཀུན་འགྲོ་ཡུལ་ངེས་ཡིད་ཀྱི་ས་པ་མ་ཡིན་པའི་རྩ་བ་དང་ཉེ་བའི་ཉོན་མོངས་པ་རྣམས་འབྱུང་སྟེ། ས་དང་དམིགས་རྣམ་མཚུངས་པས་སོ། །ཡིད་ཀྱི་ས་པར་གྱུར་པའི་ཉོན་མོངས་ནི་འཇིག་ལྟ་ཀུན་བཏགས་དང་། ལྟ་བ་ལྷག་མ་བཞི་དང་། གཞན་འགྱུར་རྣམས་ཡིན་ཏེ། མཛོད་ལས། མཐོང་སྤང་བྱ་གཉིད་ང་རྒྱལ་བཅས། །ཡིད་ཀྱི་རྣམ་ཤེས་ས་པ་ཡིན། །ཞེས་གསུངས་པས་སོ། །སྒོ་ལྔའི་དབང་ཤེས་ལུང་མ་བསྟན་གྱི་འཁོར་དུ་ནི་ཀུན་འགྲོ་དང་། ཡུལ་ངེས་དང་། བསྒྲིབས་ལ་ལུང་མ་བསྟན་དུ་གྱུར་བའི་རྩ་ཉོན་དང་ཉེ་ཉོན་རྣམས་འབྱུང་དུ་རུང་སྟེ། ས་པ་གཅིག་ཅིང་དམིགས་རྣམ་མི་འགལ་བའི་ཕྱིར། དགེ་བ་དང་མི་དགེ་བ་རྣམས་མི་འབྱུང་སྟེ། དམིགས་རྣམ་འགལ་བའི་ཕྱིར་རོ། །དྲུག་པ་ཡིད་ཤེས་དགེ་བའི་འཁོར་དུ་ནི་ཀུན་འགྲོ། ཡུལ་ངེས། དགེ་བ་རྣམས་དང་། གཞན་འགྱུར་བཞི་རྣམས་འབྱུང་སྟེ། དམིགས་རྣམ་མི་འགལ་ཞིང་ས་པ་མཚུངས་པའི་ཕྱིར་ཏེ། ཇི་སྐད་དུ། མཛོད་ལས། གཉིད་ནི་ཀུན་ལ་མི་འགལ་ཕྱིར། །གང་ལ་ཡོད་པ་དེ་བསྣན་ནོ། །ཞེས་གསུངས་པས་སོ། །ཡིད་ཤེས་མི་དགེ་བའི་འཁོར་དུ་ནི་ཀུན་འགྲོ་དང་། ཡུལ་ངེས། རྩ་བ་དང་ཉེ་བའི་ཉོན་མོངས། གཞན་འགྱུར་རྣམས་འབྱུང་ངོ་། །ཡིད་ཤེས་ལུང་མ་བསྟན་གྱི་འབྱུང་ཚུལ་ནི། དབང་ཤེས་ལུང་མ་བསྟན་དང་མཚུངས་སོ། །འདི་དག་ནི་འདོད་པ་ཁམས་ཀྱི་དབང་དུ་བྱས་པ་ཡིན་གྱི། ཁམས་གོང་མའི་དབང་དུ་བྱས་ན། གཟུགས་མེད་ན་ནི་སྒོ་ལྔའི་དབང་ཤེས་མེད་པས། ཀུན་གཞི་ཉོན་ཡིད། དྲུག་ཡིད་རྣམས་ཀྱི་མཚུངས་ལྡན་ལ་དཔྱད་པར་བྱའོ། །བསམ་གཏན་དང་པོ་ནའང་རང་སས་བསྡུས་པའི་སྣ་ལྕེའི་རྣམ་ཤེས་མེད་ཅིང་། ཁམས་གོང་མ་གཉིས་ཀ་ན་སྤྱིར་མི་དགེ་བ་མེད་ཅིང་། བྱེ་བྲག་ཏུ་ཁོང་ཁྲོ་ཡང་མེད་པས། དེ་ལྟར་མཚུངས་ལྡན་ལ་དཔྱད་པར་བྱའོ། །བསམ་གཏན་གཉིས་པ་ཡན་ཆད་ན་རང་སས་བསྡུས་པའི་མིག་ཤེས་དང་ལུས་ཤེས་ཀྱང་མེད་པར་བཤད་པས། དེ་དང་མཐུན་པའི་མཚུངས་ལྡན་ལ་དཔྱད་པར་བྱ་སྟེ། དེ་སྐད་དུའང་མཛོད་ལས། གཉིས་པ་སོགས་ན་ལུས་མིག་དང་། །རྣ་བའི་རྣམ་ཤེས་རྣམ་རིག་སློང་། །གང་ཡིན་དེ་ནི་དང་པོར་གཏོགས། །ཤེས་གསུངས་པས་སོ། །འདི་དག་གི་ཚུལ་རྒྱས་པར་གཞན་དུ་བྱས་པ་ལས་ཤེས་པར་བྱའོ། །གཞན་ཡང་སྐབས་འདིར། ཁོང་ཁྲོ་ལ་སོགས་པའི་རྩ་ཉོན་རྣམས་ནི། རྫས་ཡོད་ལ་རང་རྐྱ་ཐུབ་པའི་རྫས་ཡོད་དང་། རྟག་ཅིང་བརྟན་པའི་རྫས་ཡོད་དང་། དོན་བྱེད་ནུས་པའི་རྫས་ཡོད་དང་གསུམ་ཡོད་པའི་ནང་ནས། དང་པོ་ཡིན་ལ། ཁྲོ་བ་ལ་སོགས་པའི་ཉེ་ཉོན་རྣམས་ནི། བཏགས་ཡོད་ལ། ཆ་ལ་བཏགས་པའི་བཏགས་ཡོད་དང་། གནས་སྐབས་ལ་བཏགས་པའི་བཏགས་ཡོད་དང་། སྒྲོ་འདོགས་པའི་བཏགས་ཡོད་དང་གསུམ་ཡོད་པའི་ནང་ནས། དང་པོ་ཡིན་ནོ། །ཆ་ལ་བཏགས་པའི་ཚུལ་ཡང་། ངོ་ཚ་མེད་པ་དང་རྒོད་པ་གཉིས་ནི་འདོད་ཆགས་ལས་སྐྱེ་ཞིང་དེའི་ཆར་གཏོགས་ཡིན་པ་སོགས་ནི། མངོན་པ་གོང་འོག་ཕལ་ཆེར་མཐུན་པས་འདི་ལྟར་ཤེས་པར་བྱ་སྟེ། ཇི་སྐད་དུ། མངོན་པ་མཛོད་ལས། ཁྲོ་དང་འཆབ་པའོ་འདོད་ཆགས་ཀྱིས། ངོ་ཚ་མེད་རྒོད་སེར་སྣ་བརླང་། །འཆབ་པ་རྩོད་དོ་མ་རིག་ལས། །རྨུགས་དང་གཉིད་དང་ཁྲེལ་མེད་དོ། །ཐེ་ཚོམ་ལས་འགྱོད་ཁྲོ་བ་དང་། །ཕྲག་དོག་ཁོང་ཁྲོའི་རྒྱུ་ལས་བྱུང་། །གཞན་ཡང་ཉོན་མོངས་དྲི་མ་དྲུག །སྒྱུ་དང་གཡོ་དང་རྒྱགས་པ་དང་། །དེ་བཞིན་འཚིག་དང་མཁོན་འཛིན་དང་། །རྣམ་འཚེ་སྒྱུ་དང་རྒྱགས་པ་ནི། །འདོད་ཆགས་ལས་སྐྱེས་མཁོན་འཛིན་དང་། །རྣམ་འཚེ་ཁོང་ཁྲོ་ལས་སྐྱེས་སོ། །འཚིག་པ་ལྟ་བ་མཆོག་འཛིན་ལས། །གཡོ་ནི་ལྟ་བས་ཀུན་ནས་བསླང་། །དེ་ལས་ངོ་ཚ་མེད་པ་དང་། །ཁྲེལ་མེད་རྨུགས་གཉིད་རྒོད་རྣམ་གཉིས། །ཤེས་གསུངས་པ་ལྟར་རོ། །གཞན་ཡང་འདོད་ཆགས་དང་ཞེ་སྡང་དམིགས་རྣམ་འགལ་བས་ལྷན་ཅིག་ཏུ་མཚུངས་ལྡན་མི་སྲིད་པ་སོགས་ཀྱང་ཤེས་པར་བྱ་སྟེ། ཀུན་ལས་བཏུས་ལས། འདོད་ཆགས་ནི་ཁོང་ཁྲོ་དང་མཚུངས་པར་ལྡན་པ་མ་ཡིན་ནོ། །ཞེས་པ་དང་། མཛོད་ལས། བདེ་བ་དག་དང་འདོད་ཆགས་སུ། །མཚུངས་ལྡན་ཞེ་སྡང་བཟློག་པའོ། །མ་རིག་པ་དང་ཐམས་ཅད་དང་། །མེད་ལྟ་ཡིད་བདེ་སྡུག་བསྔལ་དང་། །ཡིད་མི་བདེ་དང་ཐེ་ཚོམ་མོ། །གཞན་ཡིད་བདེ་དང་འདོད་ལས་སྐྱེས། །བཏང་སྙོམས་དང་ཀུན་ས་གོང་མ། །ས་ཇི་བཞིན་དུ་རང་རང་དང་། །འགྱོད་དང་ཕྲག་དོག་ཁྲོ་བ་དང་། །རྣམ་འཚེ་མཁོན་དུ་འཛིན་པ་དང་། །འཚིག་པ་ཡིད་མི་བདེ་བ་དང་། །སེར་སྣ་དག་ནི་བཟློག་པ་ཡིན། །ཞེས་གསུངས་པས་སོ། །དེ་ལྟར་བཤད་པའི་རྫས་བཏགས་ཀྱི་ཁྱད་པར་རྣམས་ནི་མངོན་པ་གོང་མའི་ལུགས་ཁོ་ན་ཡིན་གྱི། འོག་མ་ལ་མ་གྲགས་སོ། །སེམས་བྱུང་གི་རྣམ་བཞག་གོང་འོག་ཅུང་ཟད་མི་མཐུན་པ་ཡོད་ཀྱང་འདིར་བཤད་པ་ནི་གོང་མའི་ལུགས་སོ། །ཤེས་བྱའི་གནས་ཀུན་གཟིགས་པའི་བཤེས་གཉེན་གྱི། །ཞབས་ཟུང་རིང་དུ་བསྟེན་པའི་བཀའ་དྲིན་དང་། །རང་གི་སྔོན་སྦྱངས་རྣམ་དཀར་དད་པའི་མཐུས། །ཀུན་གཞིའི་གནས་ལུགས་ཇི་བཞིན་རྙེད་འདིའོ། །གཉིས་པ་གཞུང་དོན་ལ། རྩ་བ་བཀོད་པ་དང་། ཚིག་དོན་བཤད་པའོ། །དང་པོ་ནི། ངོ་བོ་སྟོང་ལ་རང་བཞིན་གསལ། ཞེས་པའོ། །གཉིས་པ་ནི། དག་པ་དང་མ་དག་པའི་སེམས་གང་ཡིན་ཀྱང་། རང་གི་ངོ་བོ་རང་བཞིན་གྱི་འོད་གསལ་བའི་སྟོང་པ་ཉིད་དུ་གནས་ཤིང་། ཁྱད་པར་དུ་མ་དག་པའི་སེམས་ཀྱི་ངོ་བོ་ནི་སྟོང་པ་ཉིད་ཡིན་ཏེ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་སྐད་ཅིག་སྔ་ཕྱི་དང་། རྫས་གཅིག་དང་ཐ་དད་དང་། ཡོད་མེད་དང་། རྟག་མི་རྟག་སོགས་གང་དུ་གྲུབ་དཔྱོད་པའི་ཚེ་ན། གང་དུ་ཡང་མི་རྙེད་པའི་ཕྱིར། དེ་ཉིད་ལ་དོན་དམ་པའི་བདེན་པ་ཞེས་ཀྱང་བྱ་སྟེ། བདེན་གཉིས་ལས། ཀུན་རྫོབ་འདི་ལྟར་སྣང་བ་འདི། །རིགས་པས་བརྟགས་ན་འགའ་མི་རྙེད། །མ་རྙེད་པ་ཉིད་དོན་དམ་ཡིན། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་གསུངས་པས་སོ། །མ་དག་སེམས་ཀྱི་རང་བཞིན་ནི། གོང་དུ་བཤད་པའི་དག་པ་སེམས་ཀྱི་ངོ་བོ། འོད་གསལ་བ་དེ་ཉིད་དུ་གནས་པ་ཡིན་ཏེ། འཕགས་པ་བརྒྱད་སྟོང་པ་ལས་ཀྱང་། སེམས་དེ་ནི་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ལགས་སོ། །ཞེས་པ་དང་། ཧེ་བཛྭ་ལས། རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཞེས་གསུངས་པ་དང་། མདོ་སྡེའི་རྒྱན་ལས། སེམས་ནི་རྟག་ཏུ་རང་བཞིན་འོད་གསལ་འདོད། །དེ་ནི་གློ་བུར་ཉེས་པས་མ་རུང་བྱས། ཤེས་པ་དང་། རྒྱུད་བླ་མ་ལས། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཞེས་སོགས་གསུངས་པ་དང་། རྣམ་འགྲེལ་ལས། རང་གི་ངོ་བོ་སྒྲ་དོན་མིན། །དེ་ཕྱིར་དེ་ལ་ཀུན་མངོན་སུམ། །ཞེས་པ་དང་། སྤྱོད་བསྡུས་ལས། སེམས་སྐད་ཅིག་མ་རེ་རེ་ཡང་འོད་གསལ་གྱིས་ཁྱད་པར་དུ་མ་བྱས་པ་མི་སྲིད་པར་བཤད་པས་སོ། །གཉིས་པ་རྣམ་པ་ལ། སྤྱི་དོན་དང་། གཞུང་དོན་གཉིས་ལས། དང་པོ་ནི། དེ་ལ་སེམས་ཀྱི་རྣམ་པ་ནི་དོན་སྨྲ་བ་རྣམས་ཀྱི་ལུགས་ལ་གཉིས་ལས། ཉན་ཐོས་བྱེ་བྲག་ཏུ་སྨྲ་བས་ནི། དོན་རིག་གི་ཤེས་པ་རྣམ་མེད་རྗེན་འཆར་དུ་འདོད། མདོ་སྡེ་པས་ཤེས་པ་རྣམ་བཅས་དང་། རྣམ་པ་དེ་ཉིད་དོན་གྱིས་གཏད་པ་དང་། རྣམ་པ་ཡང་དོན་དང་འདྲ་བར་སྐྱེས་པ་ལ་འདོད། སེམས་ཙམ་པ་རྣམས་ཀྱིས་ཕྱི་རོལ་དོན་དུ་བྱུང་བའི་རྡུལ་ཕྲ་རབ་མེད་ཅིང་། མིག་ཤེས་སོགས་ལ་སྔོན་པོ་ལ་སོགས་པའི་ཕྱི་རོལ་གྱི་དོན་དུ་སྣང་བ་འདི་ནི། ཤེས་པ་རང་གི་རྣམ་པ་ཡིན་པས་ཤེས་པ་ཡིན་པར་འདོད། དབུ་མ་པས་ཐ་སྙད་དུ་དོན་ཤེས་ཡོད་མཉམ་དང་། དོན་དམ་དུ་མེད་མཉམ་དུ་འདོད། དེ་ཞིབ་ཏུ་ཕྱེ་ན་མདོ་སྡེ་པས། དོན་གྱི་ཤེས་པ་ལ་རང་འདྲའི་རྣམ་པ་བཏོད་པའང་དཀའ་སྟེ། རྣམ་པ་བཏོད་བྱེད་ནི་རྡུལ་ཕྲན་ཡིན་ལ། རྣམ་པ་ནི་རགས་པའི་རྣམ་པ་ཡིན་པའི་ཕྱིར་རོ། །དེས་ན་མདོ་སྡེ་པས་ཀྱང་སྣང་བ་སེམས་སུ་འདོད་དོ། །གཉིས་པ་ལ་རྩ་བ་བཀོད་པ་དང་། །ཚིག་དོན་བཤད་པའོ། །དང་པོ་ནི། རྣམ་པ་འགག་མེད་ཅིར་ཡང་འཆར། །ཞེས་པའོ། །གཉིས་པ་ནི། མ་དག་པའི་སེམས་ལ་གཟུགས་སྒྲ་ལ་སོགས་པ་སྣ་ཚོགས་སུ་སྣང་བའི་རྣམ་པ་ནི་འབད་མེད་ལྷུན་གྲུབ་ཏུ། རྩལ་འགག་པ་མེད་པར་ཅིར་ཡང་འཆར་བའོ། །གསུམ་པ་སེམས་དེ་དག་ཇི་ལྟར་འཁྲུལ་བའི་ཚུལ་བཤད་པ་ལ་གསུམ་སྟེ། གང་འཁྲུལ་བ་དང་། གང་ལ་བརྟེན་ནས་འཁྲུལ་བ་དང་། ཚུལ་ཇི་ལྟར་འཁྲུལ་བ་ལས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ཉིད་རང་གིས་རང་མ་རིག །ཅེས་པའོ། །གཉིས་པ་ནི། སྣང་བ་སྣ་ཚོགས་པ་འདི་ནི་སྣང་མཁན་གྱི་སེམས་རང་ཉིད་ལས་གཞན་དུ་མ་གྲུབ་པ་ལ། སྣང་བ་དེ་སེམས་རང་གི་བདག་ཉིད་དུ་མ་རིག་པའི་སེམས་དེ་ནི་འཁྲུལ་པ་ཡིན་ཏེ། རང་གི་བདག་ཉིད་ལ་གཞན་དུ་འཁྲུལ་བས་སོ། །འདི་ལ་སེམས་ཙམ་རྣམ་བདེན་པས་སྣང་བའི་རྣམ་པ་སེམས་ཀྱི་བདག་ཉིད་དུ་འདོད་ལ། རྣམ་བརྫུན་པས་ནི་སྣང་བ་སེམས་ལས་གཞན་དུ་མ་གྲུབ་པར་འདོད་ཀྱང་། སེམས་ཀྱི་བདག་ཉིད་དུ་མི་བཞེད་དོ། །གཉིས་པ་ལའང་། རྩ་བ་དང་། ཚིག་དོན་གཉིས་ལས། དང་པོ་ནི། འདུ་བྱེད་ཡིད་ཀྱི་གཡོ་བ་ནི། ཆུ་བརླབས་ལྟ་བུར་གཡོས་པ་ལས། ཤེས་སོ། །གཉིས་པ་ནི། ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་ན་གནས་པའི་འདུ་བྱེད་ལས་ཀྱི་བག་ཆགས་སྣ་ཚོགས་པ་དང་བཅས་པ་དེ། བརྒྱད་པ་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་ཡུལ་སྣ་ཚོགས་སུ་གཡོ་བ་སྟེ་བསྐྱོད་པ་ལས། རྒྱ་མཚོ་ཆེན་པོའི་ཆུ་ལས་བརླབས་བཞིན་དུ་གཡོ་བར་བྱེད་པའི་ཚུལ་གྱིས་འཁྲུལ་ལོ། །སྐབས་འདིར་གང་འཁྲུལ་ན། སྣང་བ་སྣ་ཚོགས་ཀྱི་རྗེས་སུ་འཇུག་ཅིང་ཞེན་པའི་སོ་སོ་སྐྱེ་བོ་རྣམས་འཁྲུལ་ལོ། །གང་ལ་འཁྲུལ་ན་སྣང་བ་སྣ་ཚོགས་པ་དེ་ལའོ། །གང་དུ་འཁྲུལ་ན་རང་ལས་གཞན་དུ་འཁྲུལ་ལོ། །ཚུལ་ཇི་ལྟར་དུ་འཁྲུལ་ན། རང་གི་བདག་ཉིད་ཡིན་པ་མ་ཤེས་པས། རང་ལས་ཐ་དད་དུ་རྟོག་པའི་ཚུལ་གྱིས་སོ། །གང་ལ་བརྟེན་ནས་འཁྲུལ་ན། མ་རིག་པ་དང་ཉོན་ཡིད་གཉིས་ལ་བརྟེན་ནས་སོ། །ཞེས་སྦྱར་ན་གཞུང་གི་དགོངས་པ་མཐར་ཐུག་ཏུ་འགྱུར་རོ། །གསུམ་པ་ལ། ཚོགས་དྲུག་ཡུལ་ལ་ཇི་ལྟར་འཁྲུལ་བའི་ཚུལ། དེ་ལ་བརྟེན་ནས་ཕུང་པོ་ལྔ་ཇི་ལྟར་འགྲུབ་པའི་ཚུལ་དང་གཉིས་ལས། དང་པོ་ལ། རྩ་བ་བཀོད་པ་དང་། ཚིག་དོན་བཤད་པའོ། །དང་པོ་ནི། །དོན་དང་འཛིན་པ་གཉིས་སྣང་བས། །རང་གིས་རང་ལ་གཏད་ཅིང་བཟུང་། །ཞེས་པའོ། །གཉིས་པ་ནི། མིག་གི་རྣམ་ཤེས་ནས། དྲུག་པ་ཡིད་ཀྱི་རྣམ་ཤེས་ཀྱི་བར་གྱི་ཚོགས་དྲུག་པོ་རྣམས་ནི་ཡུལ་ལ་འཁྲུལ་བ་ཡིན་ཏེ། གཟུགས་སོགས་དོན་དུ་སྣང་བ་རྣམས་ནི་རང་གི་བདག་ཉིད་ལས་གཞན་དུ་མ་གྲུབ་ཀྱང་། ཡུལ་གཟུགས་སོགས་ཀྱི་དོན་དང་། ཡུལ་འཛིན་པ་རྣམ་ཤེས་དྲུག་པོ་རྣམས་ཐ་དད་པ་གཉིས་སུ་སྣང་བས། རང་གི་བདག་ཉིད་ཀྱི་གཟུགས་སོགས་ཀྱིས་རང་ལ་གཏོད་བའི་རྣམ་པ་ལ། རྟོག་པས་གཞན་དུ་ཞེན་ཞིང་བཟུང་བས་སོ། །འདིའི་སྐབས་སུ་སྣང་བ་ཐམས་ཅད་ཀུན་གཞིའི་སྟེང་གི་བག་ཆགས་སྣ་ཚོགས་སད་པའི་དབང་གིས་ཐ་དད་པ་ལྟར་སྣང་བ་མ་གཏོགས། དོན་ལ་ཕྱི་རོལ་དུ་མ་གྲུབ་པའི་ཚུལ་ཁོང་དུ་ཆུད་པར་བྱའོ། །གཉིས་པ་ལ་སྤྱིའི་དོན་དང་། ཡན་ལག་གི་དོན་གཉིས་ལས། དང་པོ་ནི། འདིར་ཚོགས་དྲུག་དང་ཕུང་པོ་ལྔའི་གོ་རིམ་བཤད་པ་ལ། ཚོགས་དྲུག་གི་གོ་རིམ་ནི། མཛོད་ལས། གཞན་ནི་ཆེས་རིང་མྱུར་འཇུག་ཕྱིར། །ཡང་ན་ཇི་ལྟར་གནས་བཞིན་རིམ། ཞེས་པ་ལྟར་མིག་ཐག་རིང་པོའི་གཟུགས་ལ་འཇུག་པས། དང་པོར་བསྟན་པ་སོགས་ཀྱི་གོ་རིམ་དང་མཐུན་པར་འདིར་ཡང་ཡིན་ནོ། །ཕུང་པོ་ལྔའི་གོ་རིམ་ནི་འདིར་བཤད་པ་དང་། མངོན་པ་ནས་བཤད་ཚུལ་མི་མཐུན་ཏེ། མངོན་པ་ནས་ནི། མཛོད་ལས། རིམ་ནི་རེགས་དང་ཀུན་ཉོན་མོངས། ཤེས་པ་ལྟར། གཟུགས་ནི་དབྱིབས་དང་ཁ་དོག་ལ་སོགས་པ་ཡོད་པས་རགས་པའི་ཕྱིར། དང་པོར་བསྟན་པ་དང་། ཚོར་བ་ནི་རོ་མྱངས་ན་ཉོན་མོངས་སྐྱེ་བས་གཉིས་པར་བསྟན། དེ་ལས་མཚན་འཛིན་གྱི་འདུ་ཤེས་སྐྱེ། དེ་ལས་མིང་ཚིག་སོགས་འདུ་བྱེད་སྣ་ཚོགས་པ་འབྱུང་། དེ་ལས་ཡུལ་སོ་སོར་རིག་པའི་རྣམ་ཤེས་རྣམས་འབྱུང་བའི་ཕྱིར་དེ་ལྟར་དུ་བཤད་ལ། འདིར་ནི་སྲིད་པའི་ཡན་ལག་གི་དབང་གིས་ཕུང་པོ་ལྔ་འགྲུབ་པའི་གོ་རིམ་སྟེ། ཐོག་མར་མ་རིག་པའི་རྐྱེན་གྱིས་ཁམས་གསུམ་གང་རུང་དུ་སྐྱེ་བའི་རྒྱུ་འདུ་བྱེད་ཀྱི་ལས་སོག ལས་དེའི་རྐྱེན་གྱིས་ཡུལ་དྲུག་པོ་རྣམས་ལ་དོན་དུ་མཐོང་བའི་རྣམ་ཤེས་འབྱུང་ལ། དེ་ལས་ཡུལ་ཡིད་དུ་འོང་མི་འོང་ལ་བླང་དོར་བྱེད་པའི་ཚོར་བ་འབྱུང་། ཚོར་བ་དེའི་དབང་གིས་སོ་སོར་མཚན་མར་འཛིན་པའི་འདུ་ཤེས་འབྱུང་ངོ་། །དེ་ལས་མིང་ཚིག་སོགས་རྣམ་རིག་སྣ་ཚོགས་ཀྱི་ལྡན་མིན་འདུ་བྱེད་ཀྱིས་གཞན་དང་གཞན་དུ་བཏགས་ནས་ཞེན་པའི་སྟོབས་ཀྱིས་འགྲོ་བ་གང་རུང་གིས་བསྡུས་པའི་ནང་གི་གཟུགས་ཀྱི་ཕུང་པོ་འགྲུབ་པ་ཡིན་ནོ། །ཕུང་པོའི་སྒྲ་དོན་ནི། སྐནྡྷཞེས་པའི་སྒྲ་ལས་དྲངས་ན། དུ་མ་སྤུངས་པ་ལ་འཇུག་པས་ན། དུ་མ་སྤུངས་པ་སྟེ། འབྲུ་དུ་མ་སྤུངས་པ་ལ་འབྲུའི་ཕུང་པོ་ཞེས་བརྗོད་པ་བཞིན་ནོ། །སྐབས་འདིར་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་ཤེས་དྲུག་འབྱུང་བར་བཤད་པ་དེ་ཡང་རྟེན་འབྲེལ་གྱི་ཡན་ལག་ཏུ་གྱུར་བའི་རྣམ་ཤེས་དངོས་ནི་མ་ཡིན་ཏེ། དེའི་ཡན་ལག་ཏུ་གྱུར་པའི་རྣམ་ཤེས་དངོས་ནི། སྐབས་འདིར་ཀུན་གཞིའི་རྣམ་ཤེས་ལ་བྱེད་དགོས་པའི་ཕྱིར། དེས་ན་རྣམ་ཤེས་དྲུག་པོ་ནི། སྲིད་པའི་ཡན་ལག་གི་རྣམ་ཤེས་ཀྱི་རྒྱུར་འགྱུར་བ་ལ་དགོངས་ནས་རེ་ཞིག་དེར་བཏགས་པ་ཙམ་མོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཡིད་དེ་ཕྱིར་འགྱུས་སྣང་ཆ་ལས། །ཡུལ་ལ་དོན་བཟུང་རྣམ་ཤེས་འབྱུང་། །བླང་དོར་བྱེད་ལས་ཚོར་བ་སྐྱེས། །དེ་ལ་མཚན་འཛིན་འདུ་ཤེས་ཏེ། །འདུ་བྱེད་ཡུལ་སྣང་གཞན་དུ་བཏགས། །ཞེན་པས་གཟུགས་ཀྱི་ཕུང་པོ་འགྲུབ། །ཅེས་པའོ། །གཉིས་པ་ནི། ཕུང་པོ་ལྔའི་གོ་རིམ་ཇི་ལྟར་ཡིན་ཞེ་ན། ཡིད་དེ་ཕྱི་རོལ་གྱི་ཡུལ་ལ་འཁྲུལ་ནས། རྟོག་པ་སྣ་ཚོགས་ཀྱི་འགྱུ་བས་ཕྱི་རོལ་གྱི་དོན་མེད་ཀྱང་། ཕྱི་རོལ་གྱི་དོན་ཡོད་པ་ལྟར་དུ་སྣང་བའི་ཆ་ལ་ཡུལ་དུ་ཞེན་ནས། དོན་མ་ཡིན་ཀྱང་དོན་དུ་བཟུང་བས་བག་ཆགས་སྣ་ཚོགས་ཀྱིས་འཁྲུགས་པའི་རྣམ་ཤེས་འབྱུང་བས་སྐབས་འདིར་དང་པོར་རྣམ་ཤེས་ཀྱི་ཕུང་པོ་བསྟན། རྣམ་ཤེས་དེ་ལ་ཡུལ་ཡིད་དུ་འོང་བ་དང་མི་འོང་བ་སྣང་བའི་རྐྱེན་གྱིས་ཡིད་དུ་འོང་བ་ལ་བླང་བྱར་ཞེན་པས་ཚོར་བ་བདེ་བ་སྐྱེ་བ་དང་། ཡིད་དུ་མི་འོང་བ་ལ་དོར་བྱར་བྱས་པས་ཚོར་བ་སྡུག་བསྔལ་སྐྱེ་བའི་ཕྱིར་ཚོར་བའི་ཕུང་པོ་བསྟན་ཏོ། །བདེ་སྡུག་གི་ཚོར་བ་ཡུལ་དང་བཅས་པ་དེ་ལ་འདི་དང་འདིའོ་ཞེས་མཚན་མར་འཛིན་ཞིང་ཞེན་པའི་འདུ་ཤེས་འབྱུང་བའི་ཕྱིར། འདུ་ཤེས་ཀྱི་ཕུང་པོ་བསྟན་ཏོ། །དེ་ནས་དེ་དག་གི་ཡུལ་ཡིད་དུ་འོང་མི་འོང་སྣ་ཚོགས་པ་དག་ལ་མིང་ཚིག་ཡི་གེ་ལ་སོགས་པ་བརྡ་དང་རྣམ་རིག་སྣ་ཚོགས་པའི་ལྡན་མིན་འདུ་བྱེད་ཀྱིས་ཡུལ་འདི་ནི་ཡིད་དུ་མི་འོང་བའོ། །འདི་ནི་ཡིད་དུ་འོང་བའོ། །ཞེས་སྣང་ཆ་ལ་གཞན་དང་གཞན་དུ་བཏགས་པའི་ཕྱིར། འདུ་བྱེད་ཀྱི་ཕུང་པོ་བསྟན་ཏོ། །འདུ་བྱེད་ཀྱིས་བཏགས་པའི་ཡུལ་ཡིད་དུ་འོང་བ་ལྷའི་དབང་པོའི་གཟུགས་ལྟ་བུ་ལ་ཆགས་ཤིང་ཞེན་པས་དེ་ཐོབ་བྱེད་ཀྱི་རྒྱུ་དགེ་བའི་རྩ་བ་གསོ་སྦྱོང་ལེན་པ་སོགས་ལ་བརྩོན་པས། དེ་ལྟ་བུའི་གཟུགས་ཀྱི་ཕུང་པོ་འགྲུབ་པའི་ཕྱིར། གཟུགས་ཀྱི་ཕུང་པོ་བསྟན་ཏོ། །བཞི་པ་རྒྱུ་དང་རྐྱེན་གྱི་དབྱེ་བ་བཤད་པ་ལ། རྒྱུ་དྲུག་བཤད་པ་དང་། རྐྱེན་བཞི་བཤད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཡན་ལག་གི་དོན་ནོ། །དང་པོ་ལ། མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། རང་གི་འབྲས་བུ་ལ་ཕན་འདོགས་བྱེད་དེ་རྒྱུའི་མཚན་ཉིད་དོ། །གཉིས་པ་ལ། སྐབས་འདིར་རྒྱུ་ནི་རྣམ་པ་དྲུག་སྟེ། ས་ཆུ་མེ་རླུང་ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་དང་དྲུག་ལ་རྒྱུའི་ཐ་སྙད་མཛད་པ་ནི། རྡོ་རྗེ་ཐེག་པར་མངལ་དུ་རྡོ་རྗེའི་ལུས་འགྲུབ་ཚུལ་བསྐྱེད་པའི་རིམ་པ་དང་མཐུན་པར་བཤད་པ་ན་ཁམས་ལྔ་རྣམ་པར་ཤེས་པ་དང་དྲུག་ལ་རྒྱུའི་ཐ་སྙད་མཛད་པ་རྒྱུའི་གཙོ་བོའི་དབང་དུ་བྱས་ན་ཐེག་པ་སྤྱི་དང་མི་མཐུན་ཏེ། ནམ་མཁའ་ནི་འདུས་མ་བྱས་ཡིན་པས། རྒྱུ་རྐྱེན་གྱི་གཙོ་བོ་གང་གི་ཡང་རྣམ་བཞག་མི་རུང་བར་བཤད་པའི་ཕྱིར། དེ་སྐད་དུ། མངོན་པ་མཛོད་ལས་འདུས་མ་བྱས་ལ་དེ་དག་མེད། ཅེས་གསུངས་པའི་ཕྱིར། འགྲེལ་པར་ཐེག་པ་སྤྱི་སྐད་ལས་ཆུ་མེ་རླུང་ནམ་མཁའི་ཁམས་དང་ལྔ། རྣམ་པར་ཤེས་པ་དང་དྲུག་ལ་ཕྱི་ནང་ཐམས་ཅད་ཀྱི་རྒྱུ་ཞེས་ཐ་སྙད་དུ་བཏགས་སོ། །ཞེས་པ་ནི་རྒྱུའི་གཙོ་བོའི་དབང་དུ་བྱས་ན། རྡོ་རྗེ་ཐེག་པའི་སྤྱི་སྐད་ལ་ཞེས་པའི་དོན་དུ་བཤད་ན་ལེགས་སོ། །འདིར་བཤད་པ་ནི། ཧེ་བཛྭ་ལས། ཀྱེ་བཅོམ་ལྡན་འདས་ཅིའི་སླད་དུ་འབྱུང་བ་ཆེན་པོའི་ཕུང་པོ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། བོ་ལ་ཀཀྐོ་ལ་སྦྱོར་བས། །རེག་པས་སྲ་བའི་ཆོས་ཀྱིས་ནི། །ས་ནི་དེ་ལས་སྐྱེ་བར་འགྱུར། །བྱང་སེམས་ཁུ་བའི་རྣམ་པ་ལས། །ཆུ་ཡི་ཁམས་ནི་འབྱུང་བར་འགྱུར། །བསྐྱོད་པ་ལས་ནི་དྲོད་སྐྱེ་སྟེ། །འགྲོ་བས་རླུང་དུ་རབ་ཏུ་གྲགས། །བདེ་བ་ནམ་མཁའ་ཉིད་ཀྱི་ཁམས། །ལྔ་པོ་རྣམས་ཀྱིས་ཡོངས་སུ་བསྐོར། །ཞེས་གསུངས་པ་དང་། དུས་ཀྱི་འཁོར་ལོ་ལས། དེ་ལྟར་འབྱུང་བ་ལ་གནས་ཞི་བ་རྣམ་གསུམ་སྲིད་པར་ལ་གནས་རང་གི་ལུས་ལ་རིག་པར་བྱ། །ས་བོན་པདྨར་གནས་པ་དག་ནི་འཛིན་མས་འཛིན་ཏེ་དེ་ལས་ཆུ་ཡིས་སྡུད་དོ་ཕྱི་ནས་ནི། །མེ་ཡིས་སྨིན་པར་བྱེད་ཅིར་རོ་དང་རོ་ནི་ཟ་བར་བྱེད་དེ་འདི་ཡི་འཕེལ་བ་རླུང་གིས་སོ། །ནམ་མཁའ་དག་ཀྱང་འཕེལ་བའི་གོ་སྐབས་འབྱིན་བྱེད་མི་ཡི་བདག་པོ་དུས་ལས་དེ་ལྟར་འགྲུབ་པ་སྟེ། །བཙའ་བར་གྱུར་པའི་དུས་དང་བྱིས་པ་ལ་སོགས་དུས་དག་ཏུ་ཡང་ལྷ་ཡི་གནས་སྐབས་རྣམས་བྱེད་དོ། །ཞེས་གསུངས་པས་སོ། །དེ་ལ་རྒྱུ་དྲུག་པོ་རྣམས་ཀྱི་མཚན་ཉིད་ནི་རིམ་པ་བཞིན་དུ་སྲ་ཞིང་འཐས་པ་དང་། རླན་ཞིང་གཤེར་བ་དང་། ཚ་ཞིང་བསྲེག་པ་དང་། ཡང་ཞིང་གཡོ་བ་དང་། སྟོང་ཞིང་གོ་འབྱེད་པ་དང་། གསལ་ཞིང་རྣམ་པར་རིག་པ་རྣམས་ནི་ས་ནས་རྣམ་པར་ཤེས་པའི་བར་གྱི་མཚན་ཉིད་རིམ་པ་བཞིན་ནོ། །ཐེག་པ་ཐུན་མོང་པ་ལྟར་ན། རྒྱུའི་མཚན་ཉིད་ནི་སྔ་མ་དང་མཐུན་ལ། དབྱེ་བ་ནི། བྱེད་རྒྱུ་དང་། ལྷན་ཅིག་འབྱུང་བའི་རྒྱུ་དང་། སྐལ་མཉམ་གྱི་རྒྱུ་དང་། མཚུངས་ལྡན་གྱི་རྒྱུ་དང་ཀུན་འགྲོའི་རྒྱུ་དང་། རྣམ་སྨིན་གྱི་རྒྱུ་དང་དྲུག་ཏུ་བཞེད་དེ། ཇི་སྐད་དུ། མངོན་པ་མཛོད་ལས། བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང་། །སྐལ་མཉམ་མཚུངས་པར་ལྡན་པ་དང་། །ཀུན་དུ་འགྲོ་དང་རྣམ་སྨིན་དང་། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད། །ཅེས་གསུངས་པས་སོ། །དེ་ལ་བྱེད་རྒྱུ་ནི། ནུས་བཅས་དང་། ནུས་མེད་གཉིས་ལས། དང་པོ་ནི། ནས་ཀྱི་ས་བོན་ནས་མྱུག་གི་བྱེད་རྒྱུ་ནུས་བཅས་སུ་འགྱུར་བ་དང་། དབང་པོ་གཟུགས་ཅན་དབང་ཤེས་ཀྱི་བྱེད་རྒྱུ་ནུས་བཅས་སུ་འགྱུར་བ་ལྟ་བུའོ། །ནུས་མེད་ནི་སྲན་མའི་ས་བོན་དེ་ཉིད་ནས་མྱུག་ལས་ཐ་དད་པ་གང་ཞིག །དེ་སྐྱེ་བ་ལ་གེགས་མ་བྱས་པའི་ཕྱིར། བྱེད་རྒྱུར་འདོད་དོ། །ལྷན་ཅིག་འབྱུང་བའི་རྒྱུ་ནི་རགས་པ་ཆིག་གི་ཚོགས་པ་ན་གནས་པའི་འབྱུང་བ་བཞིའི་རྡུལ་རྣམས་ཕན་ཚུན་གཅིག་གཅིག་གི་ལྷན་ཅིག་འབྱུང་བའི་རྒྱུར་འགྱུར་བ་ལྟ་བུའོ། །སྐལ་མཉམ་གྱི་རྒྱུ་ནི། རྒྱུ་དང་འབྲས་བུ་གཉིས་པོ་སྐལ་པ་མཉམ་པའམ་འདྲ་བ་སྟེ། འདོད་ཁམས་ཀྱི་དགེ་བ་ཟག་བཅས་ཀྱིས་འདོད་ཁམས་ཀྱི་དགེ་བ་ཟག་བཅས་བསྐྱེད་པ་དང་། ཁམས་གོང་མའི་དག་པ་ཟག་བཅས་རྣམས་ཀྱིས་དེ་དང་དེ་དག་གི་རྒྱུ་བྱེད་པ་ལྟ་བུ་སྟེ། རྒྱུ་འབྲས་སྐལ་པ་མཉམ་པའོ། །མཚུངས་ལྡན་གྱི་རྒྱུ་ནི། གཙོ་བོ་སེམས་གཅིག་གི་འཁོར་དུ་བྱུང་བའི་སེམས་བྱུང་རྣམས་དང་། གཙོ་བོ་སེམས་ཕན་ཚུན་མཚུངས་ལྡན་གྱི་རྒྱུ་དང་འབྲས་བུར་འགྱུར་བ་ལྟ་བུའོ། །ཀུན་འགྲོའི་རྒྱུ་ནི། རྒྱུ་དང་འབྲས་བུ་གཉི་ག་སྐལ་པ་མཉམ་པའི་ཉོན་མོངས་པ་ཅན་དུ་འགྱུར་བ་སྟེ། འདོད་པའི་སས་བསྡུས་ཀྱི་མཐོང་སྤང་ཉོན་མོངས་ཀྱིས་འདོད་པའི་སས་བསྡུས་ཀྱི་མཐོང་སྤང་ཉོན་མོངས་ཀྱི་རྒྱུ་བྱེད་པ་དང་། ཁམས་གོང་མའི་སས་བསྡུས་ཀྱི་མཐོང་སྤང་ཉོན་མོངས་ཀྱིས་ཁམས་གོང་མའི་སས་བསྡུས་ཀྱི་མཐོང་སྤང་ཉོན་མོངས་ཀྱི་རྒྱུ་བྱེད་པ་ལྟ་བུའོ། །རྣམ་སྨིན་གྱི་རྒྱུ་ནི། མི་དགེ་བ་དང་། དགེ་བ་ཟག་བཅས་ཏེ། མི་དགེ་བ་བྱས་པ་ལ་བརྟེན་ནས་ངན་སོང་གསུམ་གྱི་རྣམ་སྨིན་གྱི་ཕུང་པོ་འགྲུབ་པ་དང་། དགེ་བ་བྱས་པ་ལ་བརྟེན་ནས་མཐོ་རིས་ལྷ་དང་མིའི་རྣམ་སྨིན་གྱི་ཕུང་པོ་འགྲུབ་པའི་རྒྱུ་བྱེད་པ་ལྟ་བུའོ། །དེ་དག་ནི། མཛོད་ལས། བྱེད་རྒྱུ་ཞེས་བྱ་བདག་པོར་བཤད། །ཅེས་དང་། ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། །འབྱུང་བཞིན་སེམས་ཀྱི་རྗེས་འཇུག་དང་། །ཞེས་དང་། སྐལ་མཉམ་རྒྱུ་ནི་འདྲ་བའོ། །ཞེས་དང་། མཚུངས་ལྡན་རྒྱུ་ནི་སེམས་དག་དང་། །སེམས་བྱུང་རྟེན་མཚུངས་ཅན་རྣམས་སོ། །ཞེས་དང་། ཀུན་འགྲོ་ཞེས་བྱ་ཉོན་མོངས་ཅན། །རྣམས་ཀྱི་རང་ས་ཀུན་འགྲོ་ལྔ། །ཞེས་དང་། རྣམ་སྨིན་རྒྱུ་ནི་མི་དགེ་དང་། །དགེ་བ་ཟག་བཅས་རྣམས་ཁོ་ན། །ཞེས་རིམ་པར་གསུངས་པ་རྣམས་ཀྱི་དོན་ནོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཁམས་ལྔ་རྣམ་པར་ཤེས་པར་དྲུག །རྒྱུ་ཞེས་རྟོག་པས་ཐ་སྙད་བྱས། །ཤེས་པའོ། །གཉིས་པ་ནི། ས་ཆུ་མེ་རླུང་ནམ་མཁའི་ཁམས་དང་ལྔ་རྣམ་པར་ཤེས་པའི་ཁམས་དང་དྲུག་པོ་ལ་སྦྱང་གཞི་རྡོ་རྗེའི་ལུས་དང་། སྦྱོང་བྱེད་བསྐྱེད་རིམ་གྱི་ལྷ་སྒོམ་པ་དང་། ལྷན་ཅིག་སྐྱེས་པ་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེ་བའི་རྒྱུ་ཞེས་རྣམ་པར་རྟོག་པས་བཏགས་པའི་ངོར་དེ་དང་མཐུན་པར་རྡོ་རྗེ་ཅན་གྱིས་ཐ་སྙད་བྱས་ཏེ། ཕ་རྒྱུད་དང་མ་རྒྱུད་ཀྱི་རྒྱུད་འགྲེལ་རྣམས་སུ་དེ་ལྟར་གསུངས་པའི་ཕྱིར་རོ། །ཞེས་པའོ། །གཉིས་པ་རྐྱེན་བཞི་བཤད་པ་ལ། སྤྱིའི་དོན་དང་། ཡན་ལག་གི་དོན་ནོ། །དང་པོ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། ཉེར་ལེན་གྱི་རྒྱུ་རང་གི་འབྲས་བུ་བསྐྱེད་པའི་གྲོགས་སུ་གྱུར་པའི་དངོས་པོ་དེ་རྐྱེན་གྱི་མཚན་ཉིད་དོ། །གཉིས་པ་དབྱེ་བ་ནི། རྒྱུའི་རྐྱེན་དང་། བདག་པོའི་རྐྱེན་དང་། དམིགས་པའི་རྐྱེན་དང་། དེ་མ་ཐག་པའི་རྐྱེན་དང་བཞི་ལས། དང་པོ་ནི། རྒྱུའི་ཡན་ལག་ཡིན་པ་ནི་གང་ཞིག །རང་གི་འབྲས་བུ་བསྐྱེད་པའི་ནུས་པ་ཐོགས་མེད་དེ་རྒྱུའི་རྐྱེན་གྱི་མཚན་ཉིད། འདིར་ནི་རྒྱུའི་རྐྱེན་གྱི་མཚན་གཞི་ས་བོན་ཐམས་ཅད་པའི་ཀུན་གཞིའི་སྟེང་གི་རང་གི་འབྲས་བུ་བསྐྱེད་པའི་ནུས་པའམ། བག་ཆགས་ལ་བྱ་སྟེ། ཆོས་ཐམས་ཅད་ཀྱི་རྒྱུའི་གཙོ་བོ་ཀུན་གཞི་ལས་གཞན་མེད་པའི་ཕྱིར། དེ་སྐད་དུ་ཡང་། ཐེག་བསྡུས་ལས། ཀུན་གཞིའི་རྣམ་པར་ཤེས་པ་དེ་སྒྱུ་མ་དང་། སྨིག་སྒྱུ་དང་། རབ་རིབ་ལྟ་བུའི་ཕྱིར་རོ། །དེ་མེད་དུ་ཟིན་ན་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པའི་ས་བོན་གྱིས་ཕྱིན་ཅི་ལོག་གི་རྒྱུ་ཉིད་དུ་མི་རུང་ངོ་། །ཞེས་གསུངས་པས་སོ། །འདིར་ཀུན་གཞིའི་རྣམ་ཤེས་བག་ཆགས་དང་བཅས་པ་རྒྱུའི་རྐྱེན་དུ་བཞག་པ་ནི། ཐེག་པ་ཆེན་པོ་བ་ཚོགས་བརྒྱད་ཁས་ལེན་ཞིང་ཕྱི་རོལ་གྱི་དོན་མ་གྲུབ་པར་འདོད་པ་རྣམས་ཀྱི་ལུགས་ཡིན་ལ། རང་སྡེ་ཉན་ཐོས་པ་རྣམས་ཀྱི་ལུགས་ལྟར་ན་ཕྱི་རོལ་གྱི་དོན་འབྱུང་བའི་འབྱུང་བ་དང་འབྱུང་འགྱུར་དང་ས་བོན་གྱིས་མྱུ་གུ་བསྐྱེད་པ་ལྟ་བུ་དང་། མེས་དུ་བ་བསྐྱེད་པ་ལྟ་བུ་ལ་ཡང་ཕྱི་རོལ་གྱི་དོན་དུ་གྱུར་པའི་རྒྱུའི་རྐྱེན་རེ་རེ་ཡོད་པར་འདོད་པས་ཁྱད་པར་ཤེས་པར་བྱའོ། །གཉིས་པ་ནི། རྒྱུའི་ཡན་ལག་གང་ཞིག །རང་གི་འབྲས་བུ་བསྐྱེད་པ་ལ་བདག་པོར་གྱུར་བ་དེ་བདག་རྐྱེན་གྱི་མཚན་ཉིད། རྣམ་པར་ཤེས་པ་ལ་ལྟོས་པའི་བདག་རྐྱེན་ལ་དབྱེ་ན། མིག་གི་དབང་པོ། རྣ་བའི་དབང་པོ། སྣའི་དབང་པོ། ལྕེའི་དབང་པོ། ལུས་ཀྱི་དབང་པོ། ཡིད་ཀྱི་དབང་པོ་དང་དྲུག་གོ །དེ་ཡང་མཚན་ཉིད་ནི། རིམ་པ་བཞིན་དུ་རང་འབྲས་མིག་ཤེས་ཀྱི་བདག་རྐྱེན་དུ་གྱུར་པའི་ནང་གི་གཟུགས་དང་བ་དེ་མིག་གི་དབང་པོའི་མཚན་ཉིད་ཡིན་པ་ནས། རང་འབྲས་ལུས་ཤེས་ཀྱི་བདག་རྐྱེན་དུ་གྱུར་པའི་ནང་གི་གཟུགས་དང་བ་དེ་ལུས་ཀྱི་དབང་པོའི་མཚན་ཉིད་ཡིན་པའི་བར་དང་། དེ་དག་གི་མཚན་གཞི་རིམ་པ་ལྟར། དབང་རྟེན་གྱི་ནང་ན་གནས་པའི་ཟར་མའི་མེ་ཏོག་ལྟ་བུ་དང་། གྲོ་གའི་འཛིར་བུ་གཅུས་པ་ལྟ་བུ་དང་། ཟངས་ཀྱི་མོ་ཁབ་ཐུར་དུ་གཤིབས་པ་ལྟ་བུ་དང་། ཟླ་བ་ཁམ་པ་ལྟ་བུ་དང་། བྱ་རེག་འཇམ་གྱི་ལྤགས་པ་ལྟ་བུ་རྣམས་སོ། །དེ་དག་ལ་གཟུགས་དང་བ་ཞེས་བརྗོད་པ་ནི། བརྟེན་པ་རྣམ་པར་ཤེས་པ་དང་འབྲེལ་བའི་དོན་གྱིས་ཏེ། རང་རང་གི་འབྲས་བུར་གྱུར་པའི་རྣམ་པར་ཤེས་པ་རང་དབང་དུ་བསྐྱེད་པའི་དོན་གྱིས་ན་གཟུགས་ཅན་ལྔ་པོ་དེ་དག་ཀྱང་བདག་རྐྱེན་དུ་བཞག་པ་ཡིན་ནོ། །རང་འབྲས་ཤེས་པ་སྐད་ཅིག་ཕྱི་མ་བསྐྱེད་པར་བྱེད་པའི་འཇུག་ཤེས་སྐད་ཅིག་མ་དེ་ཡིད་དབང་གི་མཚན་ཉིད། འདིར་ཡིད་ཀྱི་དབང་པོ་ཞེས་བྱ་བ་ནི། དབང་ཤེས་ལྔ་པོའི་སྐད་ཅིག་སྔ་མ་སྔ་མ་རྣམས་སྐད་ཅིག་ཕྱི་མ་ཕྱི་མའི་དེ་མ་ཐག་རྐྱེན་དང་བདག་རྐྱེན་དུ་གྱུར་པའི་ཡིད་དབང་དུ་འགྱུར་བ་ཡིན་ནོ། །དྲུག་པ་ཡིད་ཀྱི་རྣམ་ཤེས་ཀྱང་གཟུགས་ལ་ལྟ་འདོད་ཀྱི་བློ་སྐྱེས་པའི་ཚེ་ན། དེ་ཉིད་འགགས་ནས་གཟུགས་མཐོང་བའི་མིག་ཤེས་སྐད་ཅིག་མ་དང་པོའི་བདག་རྐྱེན་ཡིད་དབང་དུ་འགྱུར་བ་དང་། དབང་ཤེས་རྣམས་ཀྱང་གཟུགས་སྒྲ་སོགས་ལ་ལྟ་བའི་བྱ་བ་རྫོགས་ནས་འགགས་པའི་ཚེ་ན། གཟུགས་སྒྲ་སོགས་ལ་རྟོག་པའི་དྲུག་པ་ཡིད་ཀྱི་བདག་རྐྱེན་ཡིད་དབང་དུ་འགྱུར་རོ། །དེ་དག་ནི་ཇི་སྐད་དུ་མཛོད་ལས། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་པའི་དོན་ནོ། །དེ་ལ་མངོན་པ་གོང་མ་བ་རྣམས་ཀྱིས། །བདག་རྐྱེན་དབང་པོ་གཟུགས་ཅན་བཤད་པ་རྣམས་ནི། །ཀུན་གཞིའི་སྟེང་གི་དབང་པོ་གཟུགས་ཅན་པ་མངོན་གྱུར་སྣང་རུང་གི་ནུས་པ་ལ་བཤད་ལ། ཉན་ཐོས་སྡེ་གཉིས་ལྟར་ན། ནང་གི་བེམས་པོ་དབང་པོ། གཟུགས་ཅན་མངོན་གྱུར་བ་ལ་འདོད་དོ། །གསུམ་པ་ནི། རྒྱུའི་ཡན་ལག་གང་ཞིག །རང་འཛིན་གྱི་ཤེས་པ་ལ་རྣམ་པ་བཏོད་བྱེད་དེ་དམིགས་རྐྱེན་གྱི་མཚན་ཉིད། འདི་ལ་བྱེ་བྲག་ཏུ་སྨྲ་བས་ནི། ཤེས་པ་ལ་དོན་རྣམ་མེད་རྗེས་ཆར་དུ་སྣང་བར་འདོད་པས། དོན་གྱི་རྣམ་པ་ཁས་མི་ལེན་ནོ། །མདོ་སྡེ་བས་ནི། ཕྱི་རོལ་གྱི་དོན་ཕག་ན་མོས་ཤེས་པ་ལ་རང་གི་རྣམ་པ་བཏོད་པར་འདོད། དིང་སང་བོད་ཕལ་ཆེ་བས། ཤེས་པ་ལ་དོན་གྱིས་རང་འདྲའི་རྣམ་པ་བཏོད་པ་མདོ་སྡེ་པའི་ལུགས་ཡིན་པར་སྨྲ་ཡང་། དེ་དག་ནི་ཤེས་བྱའི་གནས་ལ་བློ་ཁ་མ་ཕྱོགས་པའི་སྔ་བལྟས་ཏེ། མདོ་སྡེ་པ་རྣམས་ཀྱིས་རགས་པ་སྣང་ཚུལ་གཡག་རྔ་དང་ནེའུ་སིང་ལྟ་བུར་འདོད་པས། རྣམ་པ་གཏོད་བྱེད་ནི་རྡུལ་ཕྲ་རབ་ཡིན་ལ། རྣམ་པ་ནི་རགས་པའི་རྣམ་པ་ཡིན་པས་རང་འདྲའི་དོན་མེད་པས་སོ། །ཞེས་ཁོ་བོའི་བླ་མ་ཡང་དེ་ལྟར་ཡང་ནས་ཡང་དུ་གསུང་ཞིང་། གསུང་རབ་སྤྱིའི་དགོངས་པ་ཡང་དེ་ལྟར་ཡིན་ནོ། །རྣམ་པ་དེ་ཡང་སྐྱེས་བུ་ཕག་ན་གནས་པའི་གཟུགས་བརྙན་མེ་ལོང་ལ་ཤར་བ་སྐྱེས་བུ་གཞན་དུ་གནས་པས་མཐོང་བ་ལྟ་བུའོ། །ཡང་ན་རྣམ་པ་འཇོག་བྱེད་ཀྱི་དོན། གོས་ཀྱི་ཕག་ན་ལག་པ་གནས་པ་ལྟར་ཡང་བཤད་པ་ཡོད་པས། ཇི་ལྟར་ཡང་མདོ་སྡེ་པ་རྣམས་ཀྱིས་ནི། དམིགས་པའི་རྐྱེན་ནི་ཕྱི་རོལ་གྱི་དོན་ཡིན་པ་དང་། དེས་འཇོག་པའི་རྣམ་པ་ནི་ཤེས་པ་རང་ཉིད་ཡིན་པར་འདོད་དེ། ཇི་སྐད་དུ། རྣམ་འགྲེལ་ལས། དེ་དང་འདྲ་བའམ་གཞན་འདྲའང་རུང་། །ཤེས་པ་དེ་ལྟར་སྣང་བ་ཡི། །རྒྱུ་ནི་དོན་ཡང་ཡིན་པས་ན། །དོན་ནི་གཞལ་བྱ་ཉིད་དུ་འདོད། །ཅེས་པ་དང་། དོན་འཇོག་དེ་ཡི་བདག་ཉིད་ཕྱིར། །རང་རིག་ཡིན་ཡང་དོན་རིག་འདོད། །ཅེས་གསུངས་པས་སོ། །དེ་ལྟར་ཕྱི་རོལ་གྱི་དོན་གཞལ་བྱ་དང་། །དམིགས་པའི་རྐྱེན་དུ་འདོད་པ་ནི། །ཉན་ཐོས་སྡེ་གཉིས་ཀྱི་ལུགས་སོ། །ཐེག་པ་ཆེན་པོ་སེམས་ཙམ་པ་ལྟར་ན། སྣང་བ་ཐམས་ཅད་སེམས་ཀྱི་བདག་ཉིད་ཡིན་པས། སེམས་ལས་ཕྱི་རོལ་དུ་རྡུལ་ཕྲ་རབ་འདུས་པའི་གཟུགས་སྒྲ་སོགས་མེད་པར་བཞེད་པས། དམིགས་པའི་རྐྱེན་ནི། ཤེས་པ་རང་ལ་སྣང་བའི་རྣམ་པ་ལ་བཤད་པའང་ཡོད་དེ། ཇི་སྐད་དུ། དམིགས་པ་བརྟག་པ་ལས། ནང་གི་ཤེས་བྱའི་ངོ་བོ་ནི། །ཕྱི་རོལ་ལྟར་སྣང་གང་ཡིན་དེ། །དོན་ཡིན་རྣམ་ཤེས་ངོ་བོའི་ཕྱིར། །ཞེས་གསུངས་པས་སོ། །ཡང་སྐད་ཅིག་སྔ་མའི་སྟེང་གི་ཕྱི་མ་བསྐྱེད་པའི་ནུས་པ་དམིགས་རྐྱེན་དུ་བཤད་པ་ཡང་ཡོད་དེ། ནུས་པ་འཇོག་ཕྱིར་རིམ་གྱིས་ཡིན། །ཞེས་པ་དང་། ལྷན་ཅིག་བྱེད་དབང་ནུས་པ་ཡི། །ངོ་བོ་གང་ཡིན་དབང་པོའང་ཡིན། །ཞེས་གསུངས་པས་སོ། །དེ་ན་སེམས་ཙམ་པ་རྣམས་ཀྱིས་སེམས་ལས་གཞན་པའི་དོན་མ་གྲུབ་པར་འདོད་ཅིང་། ཁྱད་པར་དུ་སེམས་ཙམ་རྣམ་བརྫུན་པར་གྲགས་པ་རྣམས་ཀྱིས་སེམས་ལ་སྣང་བའི་རྣམ་པ་དེ་ཉིད། སེམས་ཀྱང་མ་ཡིན་ཞིང་། སེམས་ལས་གཞན་དུ་ཡང་མ་གྲུབ་པས། གཅིག་པ་བཀག་པའི་ཐ་དད་དུ་འདོད་པ་ཡིན་ཏེ། ཇི་སྐད་དུ། རྣམ་འགྲེལ་ལས། ངེས་པར་བློ་དང་ལྷན་ཅིག་ཏུ། །གཅིག་ཅར་དུ་ནི་མྱོང་གྱུར་པའི། །ཡུལ་ནི་དེ་ལས་གཞན་ཉིད་དུ། །རྣམ་གང་གིས་ན་འགྲུབ་པར་འགྱུར། །ཞེས་དང་། རྣམ་ངེས་ལས། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན། །ཞེས་དང་། རྣམ་འགྲེལ་ལས། སྔོན་པོར་སྣང་བ་མཐོང་བ་ཡིན། །ཕྱི་རོལ་ཡན་གར་དོན་ཡོད་མིན། །ཞེས་གསུངས་པས་སོ། །མདོར་ན་རེ་ཞིག་ཐུན་མོང་དུ། མིག་ཤེས་ཀྱི་དམིགས་རྐྱེན་ནི་གཟུགས་སྣ་ཚོགས་དང་། ཉན་ཤེས་ཀྱི་སྒྲ་སྣ་ཚོགས་དང་། །སྣ་ཤེས་ཀྱི་དྲི་སྣ་ཚོགས་དང་། །ལྕེ་ཤེས་ཀྱི་རོ་སྣ་ཚོགས་དང་། ལུས་ཤེས་ཀྱི་རེག་བྱ་སྣ་ཚོགས་དང་། ཡིད་ཤེས་ཀྱི་ཆོས་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དང་། འདུས་བྱས་བསྡུས་པ་ལས་གྱུར་བ་དང་། ཀུན་བཏགས་པ་དང་། དབང་འབྱོར་བ་དང་། མངོན་པར་སྐབས་ཡོད་པ་དང་། ནམ་མཁའ་ཁ་དོག་གཅིག་པ་དང་། འདུས་མ་བྱས་ནམ་མཁའ་དང་། སོ་སོར་བརྟགས་པའི་འགོག་པ་དང་། སོ་སོར་བརྟགས་མིན་གྱི་འགོག་པ་དང་། ཆོས་དགེ་བ་རྣམས་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་དུ་མི་དགེ་བ་དང་། ལུང་དུ་མ་བསྟན་པའི་དེ་བཞིན་ཉིད་དང་། འདུ་ཤེས་མེད་པའི་སྙོམས་འཇུག་དང་། འགོག་པའི་སྙོམས་འཇུག་སྟེ་འདུས་མ་བྱས་པའི་དངོས་པོ་བརྒྱད་རྣམས་སོ། །བྱང་ཆུབ་སེམས་དཔའི་མཉམ་རྗེས་ཀྱི་སྒྲུབ་པ་རྣམས་ཀྱི་དམིགས་པའི་རྐྱེན་དུ་ནི་ཆོས་ཐམས་ཅད་འགྱུར་བ་ཡིན་ཏེ། བྱང་ཆུབ་སེམས་དཔས་ཤེས་བྱ་ཐམས་ཅད་ལ་སྒྲོ་འདོགས་གཅོད་དགོས་པའི་ཕྱིར་ཏེ། ཇི་སྐད་དུ། མངོན་པར་རྟོགས་པའི་རྒྱན་ལས། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །དེ་ཡང་དགེ་ལ་སོགས་པ་ཡིན། །ཞེས་གསུངས་པས་སོ། །བཞི་པ་ནི། རིག་པ་གང་ཞིག །འགགས་ནས་རིག་པ་གཞན་གྱིས་བར་མ་ཆོད་པར་རིག་པ་ཕྱི་མ་བསྐྱེད་ནུས་པ་དེ་དེ་མ་ཐག་རྐྱེན་གྱི་མཚན་ཉིད། འདི་ལ་གྲུབ་མཐའ་སྨྲ་བ་ཐམས་ཅད་མཐུན་པར་ཚོགས་དྲུག་པོ་ཐམས་ཅད་ཀྱི་རང་རང་གི་སྐད་ཅིག་སྔ་མ་སྔ་མ་རྣམས་འགགས་ནས་རིག་པ་གཞན་གྱིས་བར་མ་ཆོད་པར་དེ་མ་ཐག་ཏུ་རིག་པ་ཕྱི་མ་གཞན་ཞིག་བསྐྱེད་པའི་ཕྱིར། སྔ་མ་རྣམས་དེ་མ་ཐག་རྐྱེན་དུ་བཤད་པ་ཡིན་ཏེ། ཇི་སྐད་དུ། རྣམ་འགྲེལ་ལས། དེ་འདྲ་བ་དང་དེ་ལས་བྱུང་། །གལ་ཏེ་མྱོང་བའི་མཚན་ཉིད་ཡིན། །དོན་མཚུངས་ཅན་གྱི་རྣམ་པར་ཤེས། །མཚུངས་པ་དེ་མ་ཐག་མྱོང་འགྱུར། །ཞེས་པ་དང་། གལ་ཏེ་མཚུངས་པ་དེ་མ་ཐག །རྐྱེན་ལས་ངེས་པར་མི་སྨྲ་ནའོ། །ཞེས་གསུངས་པ་ལྟར་རོ། །ཐེག་པ་ཆེན་པོ་པ་ལྟར་ན། ཀུན་གཞི་དང་ཉོན་ཡིད་ལའང་རང་རང་གི་སྐད་ཅིག་སྔ་མ་རྣམས་ཕྱི་མའི་དེ་མ་ཐག་རྐྱེན་དུ་འགྱུར་བར་འདོད་དགོས་པ་དང་། རྣམ་ཤེས་ཐམས་ཅད་ཀྱང་རྩ་བ་ཀུན་གཞི་ལས་འབྱུང་བར་འདོད་པས། ཉོན་ཡིད་ཀྱི་དེ་མ་ཐག་རྐྱེན་དུ་གྱུར་པའི་ཀུན་གཞི་དང་། དྲུག་ཡིད་ཀྱི་དེ་མ་ཐག་རྐྱེན་དུ་གྱུར་པའི་ཉོན་ཡིད་དང་། དབང་ཤེས་ཀྱི་དེ་མ་ཐག་རྐྱེན་དུ་གྱུར་པའི་དྲུག་ཡིད་དང་། ཡང་དེ་དག་ཀུན་གཞིའི་བར་དུ་བར་ལ་དེ་མ་ཐག་རྐྱེན་དུ་འགྱུར་བའི་ཚུལ་ཡང་ཤེས་པར་བྱ་སྟེ། དེ་སྐད་དུ་སུམ་ཅུ་པ་ལས། ལྔ་རྣམས་རྩ་བའི་རྣམ་ཤེས་ལས། །ཇི་ལྟར་འབྱུང་བར་འགྱུར་བ་ནི། །རྣམ་ཤེས་ལྷན་ཅིག་འམ་མ་ཡིན། །ཞེས་གསུངས་པས་སོ། །དེའི་དོན་ཡང་། རྩ་བའི་རྣམ་ཤེས། རྣམ་ཤེས་ཐམས་ཅད་ཀྱི་རྒྱུར་བསྟན་པའམ། ཡང་ན་རྣམ་ཤེས་གཞན་རྣམས་ཀྱི་བག་ཆགས་ཀྱང་རིམ་གྱིས་རྩ་བའི་རྣམ་ཤེས་ཀྱི་སྟེང་དུ་ཁྱེར་བའི་དོན་གྱིས་ན་གཞན་རྣམས་ཕར་རྩ་བའི་རྣམ་ཤེས་ཀྱི་རྒྱུར་འགྱུར་བའོ། །རྒྱུ་རྐྱེན་འདི་དག་ནི་ཆོས་མངོན་པའི་མདོ་ལས། འདུས་བྱས་སྤྱིའི་རྒྱུ་རྐྱེན་དུ་བསྟན་པ་ཡིན་ལ། དེ་དག་གི་ནང་ནས་སེམས་དང་སེམས་བྱུང་རྣམས་ནི་རྐྱེན་བཞི་ག་ལས་སྐྱེ་ཞིང་། འདུ་ཤེས་མེད་པའི་སྙོམས་འཇུག་དང་། འགོག་པའི་སྙོམས་འཇུག་གཉིས་ནི། རྒྱུ་རྐྱེན་དང་། བདག་རྐྱེན། དེ་མ་ཐག་རྐྱེན་གསུམ་ལས་སྐྱེ་ལ། འདུས་བྱས་གཞན་ཐམས་ཅད་ནི་རྒྱུ་རྐྱེན་དང་བདག་རྐྱེན་གཉིས་ཁོ་ན་ལས་སྐྱེ་བ་ཡིན་ཏེ། ཇི་སྐད་དུ། མཛོད་ལས། བཞི་ཡིས་སེམས་དང་སེམས་བྱུང་རྣམས། །གསུམ་གྱིས་སྙོམས་པར་འཇུག་པ་གཉིས། །གཞན་ནི་གཉིས་པོ་དག་ལས་སྐྱེ། །ཞེས་གསུངས་པས་སོ། །གཉིས་པ་ཡན་ལག་གི་དོན་ལ། རྒྱུའི་རྐྱེན་སོགས་བཞི་ལས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ཡི་བག་ཆགས་ཀུན་གཞི་ལ། །བསགས་པ་རྒྱུ་ཡི་རྐྱེན་ཞེས་བྱ། ཞེས་པའོ། །གཉིས་པ་ནི། འདུས་བྱས་ཀྱི་ཆོས་ཐམས་ཅད་མངོན་གྱུར་དུ་འབྱུང་བར་འགྱུར་བ་དེའི་བག་ཆགས་ནི་ཀུན་བཞིའི་རྣམ་ཤེས་ཀྱི་སྟེང་ན་བསགས་པས་འབྱུང་རུང་གི་ཚུལ་དུ་གནས་པ་ནི། རང་རང་གི་རྒྱུའི་རྐྱེན་ཡིན་ནོ། །ཞེས་བྱ་བ་ནི་ཐེག་པ་ཆེན་པོ་བ་ཀུན་གཞི་ཁས་ལེན་པ་རྣམས་ཀྱི་ལུགས་སོ། །ཉན་ཐོས་སྡེ་པ་རྣམས་ཀྱིས་ནི། རྒྱུ་རྐྱེན་དུ་གྱུར་བའི་བེམས་པོ་ཡང་ཁས་ལེན་པས་ན། གྲུབ་མཐའ་མ་འདྲེས་པར་བྱའོ། །གཉིས་པ་བདག་རྐྱེན་ལ་ཡང་། རྩ་ཚིག་གཉིས་ལས། དང་པོ་ནི། བདག་རྐྱེན་བར་དུ་སྣང་བ་ཡི། །མིག་ལ་སོགས་པ་དབང་ཤེས་ཡིན། །ཞེས་པའོ། །གཉིས་པ་ནི། མིག་གི་རྣམ་ཤེས་ལ་སོགས་པ་དབང་ཤེས་ལྔའི་བདག་པོའི་རྐྱེན་ནི་གཟུགས་སྒྲ་ལ་སོགས་པའི་དོན་དང་། འཛིན་པ་ཡུལ་ཅན་ཤེས་པ་གཉིས་ཀྱི་བར་དུ་སྣང་བའི་མིག་ལ་སོགས་པ་དབང་པོ་གཟུགས་ཅན་ལྔ་པོ་རྣམས་ཡིན་ནོ། །འདི་ནི་རེ་ཞིག་ཐུན་མོང་ངོ་། །དྲུག་པ་ཡིད་ཀྱི་རྣམ་ཤེས་ཀྱི་བདག་རྐྱེན་ནི། མིག་ལ་སོགས་པའི་དབང་ཤེས་སྐད་ཅིག་མ་ཐ་མ་རྣམས་དང་། ཡིད་ཀྱི་ཤེས་པ་སྐད་ཅིག་སྔ་མ་རྣམས་ཀྱང་། སྐད་ཅིག་མ་ཕྱི་མ་རྣམས་ཀྱི་བདག་རྐྱེན་ཡིད་དབང་དུ་འགྱུར་ཏེ། དྲུག་ཡིད་ལ་བདག་རྐྱེན་དགོས་པ་གང་ཞིག །གཞན་མ་དམིགས་པའི་ཕྱིར་རོ། །འདི་ནི་ཇི་སྐད་དུ། མཛོད་ལས། དྲུག་པོ་འགགས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་པ་དང་། རྣམ་འགྲེལ་ལས། དེ་ཕྱིར་དབང་པོའི་རྣམ་པར་ཤེས། །དེ་མ་ཐག་རྐྱེན་ལས་བྱུང་ཅན། །ཡིད་ནི་ཡུལ་གཞན་ཉིད་འཛིན་བྱེད། །དེ་ཕྱིར་ལོང་བས་མཐོང་བ་མིན། །ཞེས་པའི་དོན་ནོ། །གསུམ་པ་དམིགས་པའི་རྐྱེན་ལ། རྩ་བ་དང་། ཚིག་དོན་གཉིས་ལས། དང་པོ་ནི། དམིགས་པའི་རྐྱེན་ནི་གཟུགས་ལ་སོགས། །ཡུལ་དུ་སྣང་བ་རིག་བྱ་སྟེ། །ཞེས་པའོ། །གཉིས་པ་ནི། མིག་ལ་སོགས་པ་རྣམ་ཤེས་ཚོགས་དྲུག་གི་དམིགས་པའི་རྐྱེན་ནི། སྔོ་སེར་དཀར་དམར་ལ་སོགས་པ་གཟུགས་ཀྱི་སྐྱེ་མཆེད་དུ་བཤད་པ་རྣམས་དང་། ལ་སོགས་པ་སྟེ་སྙན་པ་དང་། མི་སྙན་པ་ལ་སོགས་པའི་སྒྲ་སྣ་ཚོགས་དང་། ལྷན་སྐྱེས་སྦྱོར་བྱུང་ལ་སོགས་པའི་དྲི་སྣ་ཚོགས་དང་། མངར་སྐྱུར་ལ་སོགས་པའི་རོ་སྣ་ཚོགས་དང་། འཇམ་རྩུབ་ལ་སོགས་པའི་རེག་བྱ་སྣ་ཚོགས་དང་། འདུས་བྱས་བསྡུས་པ་ལས་གྱུར་པ་དང་། ནམ་མཁའ་ལ་སོགས་པ་འདུས་མ་བྱས་ཆོས་ཁམས་ཀྱིས་བསྡུས་པ་རྣམ་པར་ཤེས་པ་དྲུག་གི་ཡུལ་དུ་རྣམ་པར་སྣང་ཞིང་སོ་སོར་རིག་པར་བྱ་བ་སྟེ། དམིགས་པའི་ཡུལ་རྣམས་སོ། །འདིར་ཀུན་གཞི་དང་ཉོན་ཡིད་གཉིས་ལ་བདག་རྐྱེན་འདི་ཡིན་གྱི་གསལ་ཁ་མ་བཤད་ཀྱང་ཡིད་དབང་དང་། དེ་མ་ཐག་རྐྱེན་བཤད་པའི་རིགས་པས་དོན་གྱིས་ཐོབ་ལ། དམིགས་པའི་རྐྱེན་ནི་གཞུང་འདིར་མ་བཤད་ཀྱང་། དེ་གཉིས་ལ་དམིགས་པའི་རྐྱེན་ཡོད་དེ། ཀུན་གཞིའི་དམིགས་པ་ནི་གནས་སྣོད་ཀྱི་འཇིག་རྟེན་དང་། བཅུད་སེམས་ཅན་གྱི་ལུས་ཀྱི་དབང་པོ་ལྔ་རྣམས་དེའི་དམིགས་རྐྱེན་ཡིན་པའི་ཕྱིར་ཏེ། དེ་སྐད་དུ། སུམ་ཅུ་པ་ལས། དེ་ནི་ལེན་པ་དག་དང་གནས། །རྣམ་པར་རིག་པ་མི་རིག་པ། །ཞེས་གནས་སྣོད་ཀྱི་འཇིག་རྟེན་དང་། ཉེར་ལེན་རྣམ་སྨིན་གྱི་ཕུང་པོ་ལྔ་རྣམས་ཀུན་གཞིའི་རྣམ་ཤེས་ཀྱི་དམིགས་པ་ཡིན་པ་དང་། དེ་ལ་མི་གསལ་བའི་རྣམ་པས་རིག་པར་བཤད་པའི་ཕྱིར་རོ། །ཉོན་ཡིད་ཀྱི་དམིགས་པ་ནི། གོང་དུ་ཉོན་ཡིད་ཀྱི་ངོ་བོ་ངོས་འཛིན་པའི་སྐབས་ལས་ཤེས་སོ། །བཞི་པ་དེ་མ་ཐག་རྐྱེན་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་མ་ཐག་པའི་རྐྱེན་ཞེས་པ། །གང་གང་འགགས་པ་དེ་མ་ཐག །ཡིན་ཏེ་དྲུག་པ་ཡིད་དང་བཅས། །ཤེས་པའོ། །གཉིས་པ་ནི། དབང་ཤེས་ལྔ་དང་། དྲུག་པ་ཡིད་དང་བཅས་པའི་རྣམ་ཤེས་ཚོགས་དྲུག་རྣམས་ཀྱི་དེ་མ་ཐག་པའི་རྐྱེན་ཞེས་པ་ནི། ཚོགས་དྲུག་པོའི་རང་རང་གི་དུས་སུ་གང་གང་འགགས་མ་ཐག་པའི་སྐད་ཅིག་སྔ་མ་སྔ་མ་རྣམས་ཕྱི་མ་ཕྱི་མའི་དེ་མ་ཐག་པའི་རྐྱེན་ཡིན་ཏེ། རིག་པ་སྐད་ཅིག་མ་གང་ཞིག །བར་དུ་རིག་པ་གཞན་གྱིས་མ་ཆོད་པར། རིག་པ་ཕྱི་མ་བསྐྱེད་ནུས་པའི་ཕྱིར་རོ། །སྐབས་འདིར་བྱེ་བྲག་ཏུ་སྨྲ་བས་འགགས་པའི་ཆ་དེ་མ་ཐག་རྐྱེན་དུ་འདོད་ཀྱང་། འདིར་ནི་འགགས་པ་འདུས་མ་བྱས་ཡིན་པས་རྒྱུར་མི་འཐད་པས། སྐད་ཅིག་སྔ་མ་སྔ་མ་ལས་སྐྱེ་བའི་ཆ་ནས་དེ་མ་ཐག་རྐྱེན་དུ་འཇོག་པས། གང་གང་སྐྱེ་བ་དེ་མ་ཐག །ཅེས་བརྗོད་ནའང་ཤིན་དུ་འཐད་པར་འགྲེལ་པ་ལས་བཤད་པ་ལྟར་ཤིན་དུ་ལེགས་སོ། །ལྔ་པ་གནས་སྐབས་གསུམ་དུ་བསྡུ་བ་ལ། མ་དག་པ་སེམས་ཅན་གྱི་གནས་སྐབས་རྒྱས་པར་བཤད་པ། དག་ལ་མ་དག་པ་ལམ་པའི་གནས་སྐབས་རྒྱས་པར་བཤད་པ། ཤིན་དུ་རྣམ་དག་སངས་རྒྱས་ཀྱི་གནས་སྐབས་རྒྱས་པར་བཤད་པ་དང་གསུམ་གྱི། དང་པོ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བ་དང་གསུམ་གྱི། དང་པོ་ལ། སྤྱིའི་དོན་དང་། ཡན་ལག་གི་དོན་ནོ། །དང་པོ་ནི། འདིར་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱང་རྟེན་འབྲེལ་ཙམ་ལ་རག་ལས་ཏེ། འཁོར་བའི་ཆོས་ཐམས་ཅད་ནི་ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་གྱིས་བསྐྱེད་ཅིང་། མྱ་ངན་ལས་འདས་པའི་ཕྱོགས་དང་མཐུན་པའི་ཆོས་ཐམས་ཅད་ནི་རྣམ་བྱང་གི་རྟེན་འབྲེལ་ལ་རག་ལས་པའི་ཕྱིར་རོ། །དེ་ལ་ཐོག་མར་རྟེན་འབྲེལ་གྱི་སྒྲ་བཤད་ན། པྲ་ཏི་ཨི་ཏི་ས་མཱུ་པཱ་ད་ཡ་ཞེས་པ་སྟེ། དེ་ཡང་པྲ་ཏི་ནི་ཕྲད་པའི་དོན་དང་། ཨི་ཏི་ནི་འགྲོ་བའི་དོན་དང་། ལྱབ་ཀྱི་མཐའ་ཅན་གྱི་པྲ་ཏཱི་ཏྱའི་སྒྲ་ནི། ཕྲད་པ་སྟེ། བརྟེན་ནས་སམ་ལྟོས་ནས་འབྱུང་བའི་དོན་ནོ། །དེ་ལྟ་བུའི་རྟེན་འབྲེལ་ལ། ཐ་སྙད་འདོགས་ཚུལ་གྱི་སྒོ་ནས་དབྱེ་ན་ལྔ་སྟེ། ཆོས་ཉིད་རིག་པའི་རྟེན་འབྲེལ། སྐད་ཅིག་མའི་རྟེན་འབྲེལ། འབྲེལ་བ་ཅན་གྱི་རྟེན་འབྲེལ། གནས་སྐབས་པའི་རྟེན་འབྲེལ། རྒྱུན་ཆགས་པའི་རྟེན་འབྲེལ་ལོ། །དང་པོ་ནི། ཆོས་ཐམས་ཅད་བརྟེན་ནས་བཏགས་པ་ཙམ་ལས་བདེན་པར་མ་གྲུབ་པའི་སྟོང་ཉིད་གང་ཡིན་པ་སྟེ། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། ཞེས་གསུངས་པ་ལྟ་བུའོ། །གཉིས་པ་ནི། སེམས་སྐད་ཅིག་མ་གཅིག་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་ཐམས་ཅད་ཚང་བའོ། །གསུམ་པ་ནི། འདུས་བྱས་ཀྱི་ཆོས་ཐམས་ཅད་ཡིན་ཏེ། རབ་ཏུ་བྱེད་པའི་གཞི་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཞེ་ན། འདུ་བྱེད་ཐམས་ཅད་དོ། །ཞེས་གསུངས་པས་སོ། །འདི་ལ་སློབ་དཔོན་ཐོགས་མེད་ཀྱིས་བརྒྱད་ཡོད་པར་བཤད་དེ། མིང་གཟུགས་ལས་མིག་ཤེས་འབྱུང་བ་ལྟ་བུ་ནང་གི་རྣམ་པར་ཤེས་པའི་རྟེན་འབྲེལ་དང་། མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་བ་ལྟ་བུ་འཆི་འཕོ་སྐྱེ་བའི་རྟེན་འབྲེལ་དང་། ས་བོན་ལས་མྱུ་གུ་འབྱུང་བ་ལྟ་བུ་ཕྱིའི་ལོ་ཐོག་འབྱུང་བའི་རྟེན་འབྲེལ་དང་། སེམས་ཅན་ཐུན་མོང་གི་ལས་ལས་འབྱུང་བ་རིམ་བརྩེགས་འབྱུང་བ་ལྟ་བུ་འཇིག་རྟེན་ཆགས་འཇིག་གི་རྟེན་འབྲེལ་དང་། ཁམས་གསུམ་པོ་རྣམས་ཟས་བཞི་ལ་བརྟེན་ནས་གནས་པ་ལྟ་བུ་ཟས་ལ་བརྟེན་པའི་རྟེན་འབྲེལ་དང་། དགེ་མི་དགེ་ལས་བདེ་འགྲོ་དང་ངན་འགྲོར་སྐྱེ་བ་ལྟ་བུ་འགྲོ་བ་རྣམ་པར་འབྱེད་པའི་རྟེན་འབྲེལ་དང་། ཚོགས་ལམ་ལས་སྦྱོར་ལམ་འབྱུང་བ་སོགས་རྣམ་པར་དག་པའི་རྟེན་འབྲེལ་དང་། བསམ་གཏན་ལས་མངོན་ཤེས་སོགས་འབྱུང་བ་མཐུ་སྟོབས་ཀྱིས་རབ་ཏུ་དབྱེ་བའི་རྟེན་འབྲེལ་ལྟ་བུ་སྟེ། རྣམ་གྲངས་བརྒྱད་དུ་མངོན་པ་གོང་མའི་གཞུང་རྣམས་ལས་བཤད་དོ། །བཞི་པ་གནས་སྐབས་པའི་རྟེན་འབྲེལ་ནི། གནས་སྐབས་ཐ་དད་དུ་རྣམ་པར་བཞག་པ་སྟེ། ཚེ་འདིའི་ཕུང་པོའི་རྒྱུ་ཚེ་སྔ་མའི་ལས་ཀྱི་ཀུན་སློང་ཡིན་པ་ལ་སོགས་པའོ། །དེ་ཡང་ཇི་སྐད་དུ། སློབ་དཔོན་དབྱིག་གཉེན་གྱིས། །མ་རིག་ཉོན་མོངས་སྔོན་གནས་སྐབས། །འདུ་བྱེད་དག་ན་སྔོན་ལས་ཀྱི། །རྣམ་ཤེས་མཚམས་སྦྱོར་ཕུང་པོ་ཡིན། །མིང་དང་གཟུགས་ནི་དེ་ཕན་ཆད། །སྐྱེ་མཆེད་དྲུག་དོད་ཚུན་ཆད་དོ། །དེ་ནི་གསུམ་འདུས་ཚུན་ཆད་དོ། །རེག་པ་བདེ་སྡུག་ལ་སོགས་ཀྱི། །རྒྱུ་ཤེས་ནུས་པ་ཚུན་ཆད་དོ། །ཚོར་འཁྲིག་ཚུན་ཆད་སྲེད་པ་ནི། །ལོངས་སྤྱོད་འཁྲིག་པ་ཆགས་ཅན་གྱི། །ཉེ་བར་ལེན་པ་ལོངས་སྤྱོད་རྣམས། །ཐོབ་པར་བྱ་ཕྱིར་ཡོངས་རྒྱུག་པའོ། །དེ་སྲིད་འབྲས་བུ་འབྱུང་འགྱུར་བའི། །ལས་དེ་ཉིད་ནི་སྲིད་པ་ཡིན། །ཉིང་མཚམས་སྦྱོར་བ་སྐྱེ་བ་ཡིན། །ཚོར་བའི་བར་ནི་རྒ་ཤི་ཡིན། །འདི་ནི་གནས་སྐབས་བར་འདོད་ལོ། །ཞེས་གསུངས་པ་ལྟ་བུའོ། །ལྔ་པ་ལ་གསུམ་སྟེ། མཚན་ཉིད་མཚོན་བྱ། མཚན་གཞིའི་དབྱེ་བའོ། །དང་པོ་ནི། མི་རྟག་པ་དང་། གཡོ་བ་མེད་པ་དང་། ནུས་པའི་རྐྱེན་གསུམ་ལས་བྱུང་བ་དེ། སྐབས་འདིར་བསྟན་རྟེན་འབྲེལ་གྱི་མཚན་ཉིད། །དེ་ཡང་ཇི་སྐད་དུ། ཀུན་ལས་བཏུས་པ་ལས། མཚན་ཉིད་ཇི་ལྟ་བུ་ཞེ་ན། གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་དང་། མི་རྟག་པའི་རྐྱེན་ལས་བྱུང་བ་དང་། ནུས་པའི་རྐྱེན་ལས་བྱུང་བའི་ཕྱིར་རོ། །ཞེས་གསུངས་པས་སོ། །དེ་ལ་གཡོ་བ་མེད་པས་ནི་རྒྱུ་དབང་ཕྱུག་སོགས་བྱེད་པ་པོ་ལས་བྱུང་བ་སེལ། མི་རྟག་པས་ནི་རྒྱུ་གཙོ་བོ་རྟག་པ་ལས་བྱུང་བ་སེལ། ནུས་པས་ནི་རྒྱུ་མེད་ངོ་བོ་ཉིད་ལས་བྱུང་བར་འདོད་པ་སེལ་ལོ། །གཉིས་པ་མཚོན་བྱའི་དོན་ནི། རྒྱུ་འབྲས་མ་འཆོལ་བར་རྒྱུད་མར་འབྲེལ་བར་འབྱུང་བའི་དོན་གྱིས་ནི་རྟེན་འབྲེལ་ཞེས་པ་དང་། ཡང་རྟེན་འབྲེལ་མཐོང་བ་ལ་སྒྲིབ་པས་ན་མ་རིག་པ། རྣམ་ཤེས་ལ་ལས་ཀྱི་ས་བོན་འདེབས་པས་ན་འདུ་བྱེད། སྐྱེ་གནས་སུ་ཁྲིད་པས་ན་རྣམ་ཤེས། ལུས་འཛིན་པས་ན་མིང་གཟུགས། དབང་པོ་རྫོགས་པར་བྱེད་པས་ན་སྐྱེ་མཆེད་དྲུག །གསུམ་འདུས་གཅོད་པས་ན་རེག་པ། ཉེ་བར་མྱོང་བས་ན་ཚོར་བ། ལས་ཀྱིས་བཏབ་པའི་སྲིད་པ་སྡུད་པས་ན་སྲིད་པ། ཁམས་སོ་སོར་སྦྱོར་བས་ན་ལེན་པ། ལས་ཀྱི་རྣམ་སྨིན་དངོས་སུ་འབྱིན་པས་ན་སྲིད་པ། སྡུག་བསྔལ་འཕེལ་ཞིང་འགྲོ་བ་ཉོན་མོངས་པར་བྱེད་པས་ན་སྐྱེ་བ་དང་རྒ་ཤིའོ། །དེ་སྐད་དུ། དབུས་མཐའ་ལས། སྒྲིབ་པའི་ཕྱིར་དང་འདེབས་པའི་ཕྱིར། །ཁྲིད་པའི་ཕྱིར་དང་ཀུན་འཛིན་ཕྱིར། །རྫོགས་བྱེད་ཕྱིར་དང་གསུམ་གཅོད་ཕྱིར། །ཉེ་བར་སྤྱོད་ཕྱིར་སྡུད་པའི་ཕྱིར། །སྦྱོར་བའི་ཕྱིར་དང་མངོན་དུའི་ཕྱིར། །སྡུག་བསྔལ་ཕྱིར་ན་འགྲོ་ཉོན་མོངས། །ཤེས་གསུངས་པའི་དོན་ནོ། །གསུམ་པ་མཚན་གཞིའི་དབྱེ་བ་ལ། ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་དང་། རྣམ་བྱང་གི་རྟེན་འབྲེལ་གཉིས་སོ། །དང་པོ་ལ། ཡན་ལག་སོ་སོའི་ངོ་བོ། །སྔ་མ་ལས་ཕྱི་མ་འབྱུང་ཚུལ། ས་མཚུངས་དཔྱད་པ། སྐྱེ་བ་དུ་ཞིག་གིས་རྫོགས་པའི་ཚུལ། ཡན་ལག་རྣམས་ཀྱི་བསྡུ་བ། ཇི་ལྟར་འཁོར་བའི་ཚུལ་དང་དྲུག་གོ །དང་པོ་ལ། བཅུ་གཉིས་ཡོད་པ་ལས། དང་པོ་མ་རིག་པ་ལ་མཚན་ཉིད་ནི། རིག་པ་ཡེ་ཤེས་ཀྱི་འགལ་ཟླར་གྱུར་པའི་སེམས་བྱུང་གང་ཞིག །འདུ་བྱེད་ཀྱི་རྐྱེན་དུ་གྱུར་པའོ། །དེ་ལ་དབྱེ་ན། ལས་འབྲས་ལ་རྨོངས་པ་དང་། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་གཉིས་སོ། །འདི་ལ་མཐོང་སྤང་དང་། །སྒོམ་སྤང་གི་ཆ་གཉིས་ཀ་ཡོད་དོ། །འདུ་བྱེད་ཀྱི་མཚན་ཉིད་ནི། ཡང་སྲིད་འཕེན་པར་བྱེད་པའི་ཟག་བཅས་ཀྱི་ལས་གང་ཞིག རྣམ་ཤེས་ཀྱི་རྐྱེན་དུ་གྱུར་པའོ། །དེ་ལ་དབྱེ་ན། བསོད་ནམས་ཀྱི་ལས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་ལས་དང་གསུམ་མོ། །རྣམ་ཤེས་ཀྱི་མཚན་ཉིད་ནི། ལས་ཀྱི་བག་ཆགས་འཛིན་པར་བྱེད་པའམ། སྤྱི་གནས་སུ་དང་པོར་གྲུབ་པའི་སེམས་སོ། །འདི་ལ་ཐོགས་མེད་སྐུ་མཆེད་ལྟར་ན། རྒྱུའི་ཆ་བཟུང་བས་འབྲས་དུས་ཀྱི་རྣམ་ཤེས་འབྱུང་རུང་གི་བག་ཆགས་ཅན་གྱི་སེམས་དང་། ཀླུ་སྒྲུབ་ཡབ་སྲས་ལྟར་ན། ཕུང་པོ་གྲུབ་ཟིན་པའི་དུས་ཀྱི་རྣམ་ཤེས་ལ་བཞེད་དོ། །མིང་གཟུགས་ཀྱི་མཚན་ཉིད་ནི། རྐྱེན་རྣམ་ཤེས་ལས་བྱུང་ཞིང་ཉིང་མཚམས་སྦྱོར་བའི་སྐད་ཅིག་གཉིས་པར་གྲུབ་པའི་ཕུང་པོའོ། །དེ་ལ་མིང་ནི། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་དང་བཞིའོ། །གཟུགས་ནི་དེ་དུས་ཀྱི་འབྱུང་བ་དང་། འབྱུང་བ་ལས་གྱུར་པའོ། །སྐྱེ་མཆེད་ཀྱི་མཚན་ཉིད་ནི། རྐྱེན་མིང་གཟུགས་ལས་བྱུང་ཞིང་། མིང་གཟུགས་སྨིན་ནས་མིག་སོགས་སྐྱེ་མཆེད་དང་པོར་དོད་པའི་གནས་སྐབས་ཀྱི་ཕུང་པོའོ། །དེ་ལ་དྲུག་གོ །རེག་པའི་མཚན་ཉིད་ནི། རྐྱེན་སྐྱེ་མཆེད་ལས་བྱུང་ཞིང་། ཡུལ་དབང་ཡིད་བྱེད་གསུམ་འདུས་པ་ལས་ཡུལ་གྱི་འགྱུར་བ་ཡོངས་སུ་གཅོད་པའོ། །དབྱེ་ན་དྲུག་གོ། །ཚོར་བའི་མཚན་ཉིད་ནི། རེག་པའི་རྐྱེན་གྱིས་རྣམ་སྨིན་ཉམས་སུ་མྱོང་བའི་སེམས་བྱུང་ངོ་། །དབྱེ་ན་བདེ་སྡུག་བཏང་སྙོམས་གསུམ་མོ། །སྲེད་པའི་མཚན་ཉིད་ནི། ཚོར་བའི་རྐྱེན་ལས་བྱུང་ཞིང་ཚོར་བ་བདེ་སྡུག་ལ་ཆགས་པའི་འདོད་ཆགས་ཀྱི་ཁྱད་པར་རོ། །དབྱེ་ན། འདོད་སྲེད། གཟུགས་སྲེད། གཟུགས་མེད་ཀྱི་སྲེད་པ་དང་གསུམ། ལེན་པའི་མཚན་ཉིད་ནི། སྲེད་པའི་རྐྱེན་ལས་བྱུང་ཞིང་ཚོར་བ་བདེ་སྡུག་གི་རྒྱུ་ཡོངས་སུ་ཚོལ་བ་ལ་འདུན་པའི་འདོད་ཆགས་སོ། །དེ་ལ་དབྱེ་ན། འདོད་པ་ཉེ་བར་ལེན་པ། ལྟ་བ་ཉེ་བར་ལེན་པ། ཚུལ་ཁྲིམས་དང་བརཏལ་ཞུགས་ཉེ་བར་ལེན་པ། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་བཞི། འདི་གཉིས་ཀྱི་ཁྱད་པར་ལ་ཡང་སྲིད་སྤྱི་འདོད་པ་དང་། བྱེ་བྲག་ཅན་འདོད་པའི་ཁྱད་པར་ལས་བཤད། འཇུག་འགྲེལ་ལས་ནི། ཡང་སྲིད་མངོན་པར་འདོད་པ་ནི་སྲིད་པ་དང་། དེ་ཉིད་འཕེལ་བར་བྱེད་པ་ནི་ལེན་པའི་ཁྱད་པར་དུ་གསུངས། སྲིད་པའི་མཚན་ཉིད་ནི། སྲེད་ལེན་གྱིས་གསོས་བཏབ་པའི་རྐྱེན་ལས་བྱུང་ཞིང་ཡང་སྲིད་འགྲུབ་བྱེད་ཀྱི་ལས་ནུས་པ་མཐུ་ཅན་ནམ། འཕེན་བྱེད་ཀྱི་ལས་གསར་དུ་བསགས་པའི་སེམས་བྱུང་ངོ་། །དབྱེ་ན། བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བ་དང་གསུམ། འདི་ལ་ཡང་རྒྱུ་འབྲས་ཆ་གཅིག་པ་ལྟར་ན། འདུ་བྱེད་ནུས་པ་མཐུ་ཅན་དང་། ཆ་གཉིས་པ་ལྟར་ན། འཕེན་བྱེད་གསར་དུ་བསགས་པའི་ལས་སུ་འདོད། སྐྱེ་བའི་མཚན་ཉིད་ནི། མའི་མངལ་དུ་ཞུགས་ནས་ཕུང་པོ་ལྔ་རིམ་གྱིས་འགྲུབ་པའི་གནས་སྐབས་ཕུང་པོའོ། །རྒ་ཤིའི་མཚན་ཉིད་ནི། ན་ཚོད་ཡོངས་སུ་འགྱུར་བའོ། །འདི་གཉིས་ཡན་ལག་གཅིག་ཏུ་བྱས་པ་ནི་མ་རྒས་པར་འཆི་བ་ཡོད་པའི་དོན་གྱིས་སོ། །གཉིས་པ་ནི། མ་རིག་པ་ལས་འདུ་བྱེད་འབྱུང་སྟེ། མ་རིག་པའི་ཀུན་སློང་ལས་ཟག་བཅས་ཀྱི་ལས་སོག་པའི་ཕྱིར། འདུ་བྱེད་ལས་རྣམ་ཤེས་འབྱུང་སྟེ། དེའི་རྐྱེན་གྱིས་རྣམ་ཤེས་ལས་ཀྱི་བག་ཆགས་ཅན་དུ་བྱས་པའི་ཕྱིར་རོ། །རྣམ་ཤེས་ལས་ནི་མིང་གཟུགས་འབྱུང་སྟེ། དེའི་རྐྱེན་གྱིས་མིང་བཞིའི་ཕུང་པོ་དང་། གཟུགས་དང་པོར་གྲུབ་པའི་ཕྱིར། མིང་གཟུགས་ལས་སྐྱེ་མཆེད་དྲུག་འབྱུང་སྟེ། དེའི་རྐྱེན་གྱིས་མིག་སོགས་སྐྱེ་མཆེད་དྲུག་གསལ་བར་དོད་ཅིང་ཚང་བར་གྲུབ་པའི་ཕྱིར། སྐྱེ་མཆེད་དྲུག་ལས་རེག་པ་འབྱུང་སྟེ། དེའི་རྐྱེན་གྱིས་ཡུལ་དབང་ཡིད་བྱེད་གསུམ་འདུས་པས་ཡུལ་གྱི་འགྱུར་བ་ཡོངས་སུ་གཅོད་པ་འབྱུང་བའི་ཕྱིར། རེག་པའི་རྐྱེན་གྱིས་ཚོར་བ་འབྱུང་སྟེ། དེའི་རྐྱེན་གྱིས་བདེ་སྡུག་བར་མ་ཉམས་སུ་མྱོང་བའི་ཕྱིར། ཚོར་བ་ལས་སྲེད་པ་འབྱུང་སྟེ། དེའི་རྐྱེན་གྱིས་བདེ་སྡུག་བཏང་སྙོམས་གསུམ་ལ་བླང་དོར་བྱེད་པ་འབྱུང་བའི་ཕྱིར། སྲེད་པ་ལས་ལེན་པ་འབྱུང་སྟེ། དེའི་རྐྱེན་གྱིས་ཚོར་བ་གསུམ་གྱི་རྒྱུ་ཚོལ་བ་ལ་འདུན་ཞིང་ཆགས་པ་འབྱུང་བའི་ཕྱིར། ལེན་པ་ལས་སྲིད་པ་འབྱུང་སྟེ། དེའི་རྐྱེན་གྱིས་ཡང་སྲིད་འཕེན་བྱེད་ཀྱི་ལས་གསར་དུ་སོག་པའམ། འགྲུབ་བྱེད་ནུས་པ་མཐུ་ཅན་འབྱུང་བའི་ཕྱིར། སྲིད་པའི་རྐྱེན་གྱིས་སྐྱེ་བ་འབྱུང་སྟེ། དེ་ལས་ཡང་སྲིད་ཀྱི་འགྲོ་བ་གཞན་འདྲེན་པར་བྱེད་པའི་ཕྱིར་རོ། །སྐྱེ་བ་ལས་རྒ་ཤི་འབྱུང་སྟེ། དེའི་རྐྱེན་གྱིས་ཕུང་པོ་གནས་སྐབས་གཞན་དང་གཞན་དུ་འགྱུར་ནས་རྒས་པ་དང་། སྲོག་ཡོངས་སུ་འགགས་པ་འབྱུང་བའི་ཕྱིར། རིམ་པ་འདི་དག་ནི། སཱ་ལི་ལྗང་པ་ལ་སོགས་པའི་མདོ་སྡེ་དུ་མ་ལས། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་ཤེས་འབྱུང་བ་སོགས་ནས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། ཞེས་པའི་བར་གསུངས་པ་རྣམས་ཀྱི་དོན་ནོ། །གསུམ་པ་ས་མཚུངས་དཔྱད་པ་ལ། མ་རིག་པ་ནི་གང་དུ་སྐྱེ་བར་འགྱུར་བ་དེའི་འོག་ས་ཁོ་ནར་གཏོགས་པ་ཡིན་ཏེ། དཔེར་ན་འདོད་པ་ནས་བསམ་གཏན་དང་པོར་སྐྱེ་འགྱུར་གྱི་ལས་ཀུན་སློང་གི་མ་རིག་པ་ནི་འདོད་པར་གཏོགས་པ་དང་། གཟུགས་མེད་ནས་གཟུགས་ཁམས་སུ་སྐྱེ་བའི་ཚེ་ན། ལས་ཀུན་སློང་གི་མ་རིག་པ་ནི། རང་རང་གི་འོག་ས་ཁོ་ནར་གཏོགས་པ་ཡིན་པས་སོ། །འདོད་པ་ནས་འདོད་པར་སྐྱེ་བའི་ལས་ཀུན་སློང་གི་མ་རིག་པ་ནི། འདོད་པ་ཁོ་ནར་གཏོགས་པ་ཡིན་ཏེ། དེ་ལ་འོག་ས་གཞན་མེད་པའི་ཕྱིར། འདུ་བྱེད་ལ་སོགས་པ་ལྷག་མ་རྣམས་ནི་ས་མཚུངས་པ་ཡིན་ཏེ། དེ་དག་ཐམས་ཅད་ནི་གང་དུ་སྐྱེ་བར་འགྱུར་བའི་ས་དེར་གཏོགས་པའི་ཕྱིར་ཏེ། ས་གཞན་གྱི་འཕེན་བྱེད་ཀྱི་ལས་རྣམས། ས་གཞན་གྱི་འཕེན་བྱེད་དུ་འགལ། ས་གཞན་གྱི་འགྲུབ་བྱེད་ཀྱི་ལས་རྣམས། ས་གཞན་གྱི་འགྲུབ་བྱེད་དུ་འགལ་བའི་ཕྱིར། བཞི་པ་སྐྱེ་བ་དུ་ཞིག་གིས་རྫོགས་པ་ལ། རྒྱུ་འབྲས་ཆ་གཉིས་སུ་འདོད་པའི་ལུགས་དང་། ཆ་གཅིག་ཏུ་འདོད་པའི་ལུགས་གཉིས་ལས། དང་པོ་ལྟར་ན། རྒྱུ་འབྲས་སྔ་མའི་མ་རིག་པ་དང་། འདུ་བྱེད་ནི་རྒྱུ་སྟེ། ཚེ་སྔ་མས་བསྡུས་སོ། །རྣམ་པར་ཤེས་པ་ནས་ཚོར་བའི་བར་ལྔ་ནི་འབྲས་བུ་སྟེ། ད་ལྟར་གྱི་གནས་སྐབས་སོ། །རྒྱུ་འབྲས་ཕྱི་མའི་སྲེད་པ་དང་ལེན་པ་དང་སྲིད་པ་གསུམ་ནི་རྒྱུ་སྟེ། འདི་ཡང་ད་ལྟར་གྱི་གནས་སྐབས་སོ། །སྐྱེ་བ་དང་རྒ་ཤི་གཉིས་ནི་འབྲས་བུ་སྟེ། ཚེ་ཕྱི་མའི་གནས་སྐབས་སོ། །དེ་ལྟར་ན་ཡན་ལག་བཅུ་གཉིས་ཚེ་གསུམ་ལ་རྫོགས་པར་བཞེད་དོ། །གཉིས་པ་ལྟར་ན། ཡན་ལག་བཅུ་གཉིས་བཞིར་འདུས་ཏེ། འཕེན་པའི་ཡན་ལག །འཕངས་པའི་ཡན་ལག །མངོན་པར་འགྲུབ་པའི་ཡན་ལག །གྲུབ་པའི་ཡན་ལག་གོ །དང་པོ་ནི། མ་རིག་པ་དང་། འདུ་བྱེད་ནི་ཚེ་སྔ་མ་ལ་རྫོགས་ཏེ། འཕེན་བྱེད་ཡིན་པའི་ཕྱིར། མངོན་པར་འགྲུབ་བྱེད་ནི། ཚེ་བར་པ་ལ་རྫོགས་ཏེ་འབྲས་བུ་འགྲུབ་པ་ལ་མངོན་དུ་ཕྱོགས་པར་བྱེད་པའི་ཕྱིར། འཕངས་པའི་ཡན་ལག་དང་གྲུབ་པའི་ཡན་ལག་གཉིས་ནི་ཚེ་ཕྱི་མར་རྫོགས་ཏེ། རྣམ་སྨིན་གྱི་ངོ་བོ་དང་དེའི་གནས་སྐབས་ཀྱི་ཉེས་དམིགས་ཡིན་པའི་ཕྱིར། འདི་ལ་འཕེན་འགྲུབ་གཉིས་པོ་བར་མ་ཆད་དུ་འབྱུང་བའི་ངེས་པ་ཡང་མེད་དེ། བར་དུ་བསྐལ་པ་དུ་མས་ཆོད་པ་སྲིད་པའི་ཕྱིར། མདོར་ན་འཕེན་བྱེད་ཀྱི་ཡན་ལག་ནི། མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པའོ། །འཕངས་པའི་ཡན་ལག་ནི། མིང་གཟུགས་ནས་ཚོར་བའི་བར་ལྔའོ། །འགྲུབ་བྱེད་ཀྱི་ཡན་ལག་ནི། སྲེད་ལེན་སྲིད་པ་གསུམ་མོ། །གྲུབ་པའི་ཡན་ལག་ནི། སྐྱེ་བ་དང་རྒ་ཤིའོ། །དེ་ལ་ཐོགས་མེད་སྐུ་མཆེད་ཀྱི་ལུགས་ལ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚེ་གཉིས་ལ་རྫོགས་པ་ཡང་སྲིད་དེ། ཚེ་སྟོད་ལ་འཕེན་བྱེད་ཀྱི་ལས་བསགས་ནས། ཚེ་སྨད་ལ་འགྲུབ་བྱེད་ནུས་པ་མཐུ་ཅན་དུ་བྱས་ཏེ། སྐྱེ་བ་ཕྱི་མ་ལ་འབྲས་བུ་མངོན་དུ་གྱུར་པ་སྲིད་པའི་ཕྱིར་རོ། །ལྔ་པ་ཡན་ལག་བཅུ་གཉིས་བསྡུ་བ་ནི། རྒྱུ་དང་འབྲས་བུ་གཉིས་སུ་འདུས་ཏེ། རྣམ་པར་ཤེས་པ་ནས་ཚོར་བའི་བར་དྲུག་དང་། སྐྱེ་བ་རྒ་ཤི་གཉིས་ཡན་ལག་གཅིག་ཏུ་བྱས་པ་ནི་འབྲས་བུའི་ཆོས་དང་། མ་རིག་པ་དང་འདུ་བྱེད་གཉིས་སྲེད་ལེན་སྲིད་པ་གསུམ་དང་ལྔ་ནི་རྒྱུའི་ཆོས་ཡིན་པའི་ཕྱིར། དེ་སྐད་དུ་མཛོད་ལས། ཉོན་མོངས་གསུམ་མོ་ལས་གཉིས་སོ། །བཞི་བདུན་དེ་བཞིན་འབྲས་བུ་ཡིན། །ཞེས་གསུངས་པའི་ཕྱིར། དེ་དག་གི་ནང་ནས་ཉོན་མོངས་པ་ནི་གསུམ་སྟེ། མ་རིག་པ་དང་སྲེད་ལེན་གཉིས་སོ། །ལས་ནི་གཉིས་ཏེ། འདུ་བྱེད་དང་སྲེད་པའོ་ལྷག་མ་རྣམས་ནི་ལས་དང་ཉོན་མོངས་པའི་འབྲས་བུ་ཡིན་ཏེ། དེ་སྐད་དུ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས། དབུ་མ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ་ལས། དང་པོ་བརྒྱད་དང་དགུ་ཉོན་མོངས། །གཉིས་དང་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ཡང་སྡུག་བསྔལ་ཡིན། །ཞེས་གསུངས་པ་དང་། དྲངས་མ་ཐག་པའི་མཛོད་ཀྱི་ལུང་གིས་གྲུབ་བོ། །དྲུག་པ་འཁོར་ཚུལ་ནི། ཉོན་མོངས་པ་མ་རིག་པ་དང་སྲེད་ལེན་གཉིས་ཏེ། གསུམ་པོ་དག་ལས་ནི། འདུ་བྱེད་སྲེད་པ་སྟེ་ལས་གཉིས་འབྱུང་ལ། ལས་གཉིས་པོ་དེ་ལས་རྣམ་ཤེས་དང་། ཚོར་བའི་བར་དྲུག་དང་། སྐྱེ་བ་རྒ་ཤི་གཉིས་ཏེ། བདུན་འབྱུང་བའི་སྒོ་ནས་འཁོར་བ་ཡིན་ཏེ། དེ་སྐད་དུ་ཡང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་དེ་ཉིད་ལས། གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང་། གསུམ་འབྱུང་སྲིད་པའི་འཁོར་ལོ་སྟེ། །དེ་ཉིད་ཡང་ནས་ཡང་དུ་འཁོར་དག །ཞེས་དང་། རིན་ཆེན་ཕྲེང་བ་ལས། ལམ་གསུམ་ཐོག་མ་དབུས་མེད་པ། །འཁོར་བའི་དཀྱིལ་འཁོར་འགལ་མེ་ཡི། །དཀྱིལ་འཁོར་ལྟ་བུར་ཕན་ཚུན་གྱི། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །ཞེས་དང་། མཛོད་ལས། ཉོན་མོངས་པ་ལས་ཉོན་མོངས་དང་། །བྱ་བ་ཉིད་དོ་དེ་ལས་གཞི། །དེ་ལས་གཞི་དང་ཉོན་མོངས་སྐྱེ། །ཞེས་གསུངས་པས་སོ། །དེ་ལྟར་རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་འདི་རྣམས་རྣལ་འབྱོར་སྤྱོད་པ་བ་རྣམས་ཀྱི་ལུགས་ལ་ནི། ཀུན་གཞིའི་རྣམ་པར་ཤེས་པའི་སྟེང་དུ་དེ་དག་སྣང་རུང་གི་ས་བོན་ནམ་བག་ཆགས་ཆུ་ལ་འོ་མ་འདྲེས་པ་བཞིན་དུ་ཡོད་པ་ལ། ཕྱིས་རྐྱེན་དང་ཕྲད་པའི་ཚེ་ན། རྣམ་སྨིན་ལས་བྱུང་བ་མངོན་འགྱུར་དུ་སྣང་བར་བཞེད་དོ། །ཡན་ལག་བཅུ་གཉིས་པོ་སྔ་མ་སྔ་མ་རྣམས་ཀྱང་ཕྱི་མ་ཕྱི་མའི་རྒྱུའི་རྐྱེན་དང་། བདག་པོའི་རྐྱེན་གཉི་གར་འགྱུར་པ་ཡིན་ཏེ། སློབ་དཔོན་ཐོགས་མེད་ཀྱིས་རྒྱུའི་རྐྱེན་དུ་འགྱུར་པར་བཤད་ཅིང་། དབྱིག་གཉེན་གྱིས་བདག་པོའི་རྐྱེན་དུ་འགྱུར་བར་བཤད་པས་སོ། །གཉིས་པ་རྣམ་བྱང་གི་རྟེན་འབྲེལ་ལ། ཀུན་ནས་ཉོན་མོངས་ལུགས་འབྱུང་དང་ལུགས་བཟློག །རྣམ་བྱང་ལུགས་བཟློག་ཏུ་སྒོམ་ཚུལ་གཉིས་ལས། དང་པོ་ནི། སྔར་བཞིན་མ་རིག་པའི་རྐྱེན་གྱིས་འདུ་བྱེད། ཅེས་བྱ་བ་ལ་སོགས་པ་ནི་ལུགས་འབྱུང་དུ་སྒོམ་ཚུལ་ལོ། །ཡང་བདེན་པ་རྣམ་པར་བཞག་པའི་དབང་དུ་བྱས་ཏེ་བསྟན་ན། རྒ་ཤི་དང་། རྒ་ཤི་ཀུན་འབྱུང་བ་དང་། རྒ་ཤི་འགོག་པ་དང་། རྒ་ཤི་འགོག་པར་འགྲོ་བའི་ལམ་ཞེས་སོགས་ཚུལ་དེ་ལྟར་མ་རིག་པའི་བར་དུ་སྒྲེ་བས་ན། ལུགས་བཟློག་ཏུ་སྒོམ་པའི་ཚུལ་ལོ། །གཉིས་པ་ནི། ཉེ་བར་ལེན་པའི་རྒྱུ་རིགས་དང་། ལྷན་ཅིག་བྱེད་པའི་རྐྱེན་བདག་མེད་པའི་དོན་ཚུལ་བཞིན་ཡིད་ལ་བྱེད་པ་ལས་མ་རིག་པ་འགག་པར་འགྱུར་ལ། དེ་འགགས་པས་ཡན་ལག་ཕྱི་མ་རྣམས་རིམ་གྱིས་འགག་སྟེ། མཐར་རྒ་ཤི་འགགས་པའི་རྣམ་གྲོལ་མངོན་དུ་བྱེད་པ་ནི་ལུགས་འབྱུང་དང་། གང་འགགས་པས་རྒ་ཤི་འགག་གོ །གང་འགགས་པས་སྐྱེ་བ་འགག །སྲིད་པ་འགགས་པས་སྐྱེ་བ་འགག་གོ །ཞེས་པ་ནས་མ་རིག་པའི་བར་དུ་སྒྲེ་བ་ནི་རྣམ་བྱང་ལུགས་བཟློག་ཏུ་སྒོམ་པའི་ཚུལ་ལོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་རྣམ་བཞག་ལེགས་པར་བཤད་པའོ། །གཉིས་པ་ཡན་ལག་གི་དོན་ལ། རྩ་བ་བཀོད་པ་དང་། ཚིག་དོན་བཤད་པའོ། །དང་པོ་ནི། དེ་ལྟར་རྒྱུ་རྐྱེན་རྟེན་འབྲེལ་ལས། །འཁོར་འདས་ཆོས་ཀུན་སྣང་བར་འགྱུར། ཞེས་པའོ། །གཉིས་པ་ནི། གོང་དུ་བཤད་པ་དེ་ལྟར་ཁམས་ལྔ་རྣམ་པར་ཤེས་པའི་བར་སྟེ། རྒྱུ་དྲུག་དང་རྒྱུའི་རྐྱེན་ལ་སོགས་པའི་རྐྱེན་བཞི་དང་། མ་རིག་པ་ནས་བཟུང་སྟེ་རྒ་ཤིའི་བར་གྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ལས། །འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཇི་སྙེད་པ་ཀུན་ཇི་སྲིད་གཉིས་སྣང་གི་འཁྲུལ་པ་ཐམས་ཅད་དང་མ་བྲལ་བ་དེ་སྲིད་དུ་སེམས་ཅན་རྣམས་ལ་སྣང་བར་འགྱུར་ཏེ། འཁོར་འདས་ཀྱི་ཆོས་ཇི་སྙེད་པ་རྣམས་རྒྱུ་རྐྱེན་རྟེན་འབྲེལ་ལ་བརྟེན་ནས་འབྱུང་དགོས་པའི་ཕྱིར་ཏེ། ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་ལས་འཁོར་བའི་ཆོས་དང་། རྣམ་བྱང་གི་རྟེན་འབྲེལ་ལས་རྣམ་བྱང་གི་ཆོས་རྣམས་འབྱུང་བའི་ཕྱིར་རོ། །གཉིས་པ་རྒྱས་པར་བཤད་པ་ལ། རྟེན་འབྲེལ་ཡན་ལག་བཅུ་གཉིས་འཁོར་བའི་རྒྱུ་ཡིན་པར་བསྟན། ཁམས་གསུམ་གྱི་འདུ་ཤེས་ལ་རྒྱ་ཆེ་ཆུང་གི་ཁྱད་པར་བསྟན། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་གསུམ་ཁམས་གསུམ་གྱི་རྒྱུ་ཡིན་པར་བསྟན། དེ་དག་གིས་ཐོབ་པའི་འབྲས་བུ་སོ་སོར་སྦྱར་བ་དང་བཞིའོ། །དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། སྲེད་ལེན་མཚམས་སྦྱར་སྲིད་པ་འགྲུབ། །ཅེས་པའོ། །གཉིས་པ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་རྣམས་ནི་འཁོར་བའི་རྒྱུར་བཞག་པ་ལ་རྒྱུ་མཚན་ཡོད་དེ། གནས་ཚུལ་ལ་རྨོངས་པའི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་ལ། དེའི་རྐྱེན་གྱིས་རྣམ་ཤེས་ནས་ཚོར་བའི་བར་འགྲུབ་ཅིང་། ཡང་སྲིད་ལ་སྲེད་ལེན་གཉིས་ལས། སྐྱེ་བ་འགྲུབ་བྱེད་ཀྱི་ལས་ནུས་པ་མཐུ་ཅན་དུ་གྱུར་བའི་སྲིད་པ་འབྱུང་། དེ་ལས་སྐྱེ་བ་དང་རྒ་ཤི་འབྱུང་བའི་ཕྱིར་རོ། །གཞུང་ཁ་བསྐང་ན། མ་རིག་འདུ་བྱེད་རྐྱེན་ལས་ནི། །རྣམ་ཤེས་ཚོར་བའི་བར་རྣམས་འགྲུབ། །སྲེད་ལེན་མཚམས་སྦྱར་སྲིད་པ་འགྲུབ། །དེ་ལས་སྐྱེ་བ་རྒ་ཤི་འབྱུང་། །ཞེས་སྦྱར་ན་བདེ་ཡང་། མགོ་སྨོས་ཙམ་གསུངས་པའོ། །གཉིས་པ་ལ་རྩ་ཚིག་གཉིས་ལས། དང་པོ་ནི། གཟུགས་མེད་གཟུགས་ཁམས་འདོད་པའི་ཁམས། །རིམ་བཞིན་ཡུལ་ལ་མཚན་འཛིན་པ། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ཞེས་པའོ། །གཉིས་པ་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དེ། གཟུགས་མེད་པ་བཞི་ནི་ཡུལ་ལ་མཚན་མར་འཛིན་པ་ཆུང་བ་ཡིན་ཏེ། འདོད་པ་དང་གཟུགས་ཀྱི་ཐོགས་པའི་སྣང་བ་ཐམས་ཅད་བཀག་པའི་ཕྱིར། བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པ་རྣམས་ནི་ཡུལ་ལ་མཚན་མར་འཛིན་པའི་འདུ་ཤེས་འབྲིང་པོ་ཡིན་ཏེ། གཟུགས་སྣང་ཡོད་པས་གཟུགས་མེད་པ་ལས་མཚན་འཛིན་རྒྱ་ཆེ་ཞིང་འདོད་པའི་འདོད་ཆགས་དང་བྲལ་བའི་ཕྱིར་དང་། འདོད་པ་ལས་རྣམ་རྟོག་རྒྱ་ཆུང་བས་སོ། །རིམ་པ་དེ་བཞིན་དུ་འདོད་པ་བཅུ་གཅིག་པོ་རྣམས་ནི་ཡུལ་ལ་མཚན་མར་འཛིན་པའི་འདུ་ཤེས་རྒྱ་ཆེ་བ་ཡིན་ཏེ། འདོད་པའི་ཡོན་ཏན་ལ་ཆགས་ཤིང་རྣམ་རྟོག་ཐམས་ཅད་དང་ལྡན་པའི་ཕྱིར། འདི་དག་ནི་ཀུན་ལས་བཏུས་པ་ལས། འདུ་ཤེས་ནི་རྣམ་པ་དྲུག་ལས། རྒྱ་ཆུང་ངུའི་འདུ་ཤེས་དང་། རྒྱ་ཆེན་པོའི་འདུ་ཤེས་དང་། ཚད་མེད་པའི་འདུ་ཤེས་དང་ཁམས་གསུམ་སྦྱར་བ་དོན་གྱི་མཐུན་ནོ། །འོ་ན་གཞུང་དེར་འདོད་པ་ཁམས་ན་རྒྱ་ཆུང་ངུའི་འདུ་ཤེས་དང་། གཟུགས་ཀྱི་ཁམས་ན་རྒྱ་ཆེན་པོའི་འདུ་ཤེས་དང་། གཟུགས་མེད་ན་ཚད་མེད་པའི་འདུ་ཤེས་བཤད་པས། འདི་དང་ཇི་ལྟར་མི་འགལ་ཞེ་ན། དེའི་སྐྱོན་མེད་དེ། འདུ་ཤེས་ནི་ཡིད་གཙོ་ཆེ་བ་ཡིན་པས། གཟུགས་མེད་པའི་ཁམས་ན་ནི། ཀུན་གཞི་ཉོན་ཡིད་དྲུག་པ་ཡིད་ཀྱི་རྣམ་ཤེས་དང་གསུམ་ལས་མེད་པའི་དབང་དུ་བྱས་པའོ། །གཟུགས་ཀྱི་ཁམས་ན་ནི་བསམ་གཏན་གྱི་མཐུས་འདོད་པའི་ཤེས་པ་ལས་རྒྱ་ཆེ་བ་ལ་མཐོང་བ་འཇུག་པ་དང་། འདོད་པ་ནི་དེ་དག་ལས་ཤེས་རབ་ཀྱི་སྣང་བ་ཆུང་བའི་དབང་དུ་བྱས་ནས་དེ་ལྟར་དུ་བཤད་པ་ཡིན་ལ། འདིར་ནི་འདོད་པ་ན་འདོད་ཡོན་ཐམས་ཅད་ལ་ཆགས་པ་དང་། གཟུགས་ཁམས་ན་དྲི་རོ་ལ་ཆགས་པ་དང་བྲལ་བ་དང་། གཟུགས་མེད་པ་ན་ཐོགས་པའི་སྣང་བ་ཐམས་ཅད་འགགས་པའི་ཕྱིར། འདི་ལྟར་བཤད་པས་འགལ་བ་མེད་པའི་ཚུལ་ཤེས་པར་བྱའོ། །གསུམ་པ་ལ། རྩ་བ་བཀོད་པ་དང་། ཚིག་དོན་བཤད་པ་གཉིས་ལས། དང་པོ་ནི། ཐམས་ཅད་བླང་དོར་རྟོག་པ་ཡིས། །དགེ་དང་མི་དགེའི་ལུང་མ་བསྟན། །རྣམ་གསུམ་འདུ་བྱེད་རྐྱེན་ལས་ནི། །ཞེས་པའོ། །གཉིས་པ་ནི། ཁམས་གསུམ་པོ་ཐམས་ཅད་ཀྱང་། རང་གི་སེམས་ཀྱི་གནས་ལུགས་མ་རྟོགས་པས་ཡུལ་ཡིད་དུ་འོང་བ་ལ་བླང་བྱར་ཞེན་ཞིང་། ཡུལ་ཡིད་དུ་མི་འོང་བ་མཐོང་བའི་ཚེ། དེ་ལ་དོར་བྱ་དང་ཞེ་སྡང་བསྐྱེད་ཅིང་བར་མ་ལ་གང་ཡང་མ་ཡིན་པའི་རྟོག་པ་ཡིས་བསྐྱེད་པའི་ལས་གསུམ་སྟེ། དམ་པ་རྣམས་ཀྱིས་བླང་བྱར་འོས་ཤིང་། བསོད་ནམས་ཀྱི་ལས་སུ་གྱུར་པའི་དགེ་བ་དང་། དམ་པ་རྣམས་ཀྱིས་དོར་བྱར་འོས་ཤིང་བསོད་ནམས་མ་ཡིན་པའི་ལས་སུ་གྱུར་པའི་མི་དགེ་བ་དང་། དེ་གཉིས་པོ་གང་རུང་དུ་ལུང་དུ་བསྟན་མི་རུང་ཞིང་མི་གཡོ་བའི་ལས་སུ་གྱུར་པའི་སྙོམས་འཇུག་གི་ལས་རྣམ་པ་གསུམ་པོ་དེ་ལ། ཁམས་གསུམ་དུ་སྐྱེ་བའི་འདུ་བྱེད་ཀྱི་ལས་ཤེས་བྱའོ། །དེའི་རྐྱེན་ལས་ནི་ཁམས་གསུམ་པོ་ཐམས་ཅད་འབྱུང་བ་ཡིན་ཏེ། བསོད་ནམས་ཀྱི་ལས་ཆུང་འབྲིང་ཆེན་པོ་གསུམ་གྱིས་རིམ་བཞིན་འདོད་ཁམས་ཀྱི་མཐོ་རིས་གསུམ་དུ་སྐྱེ་ཞིང་། བསོད་ནམས་མ་ཡིན་པའི་ལས་ཆུང་འབྲིང་ཆེན་པོ་གསུམ་གྱིས་རིམ་བཞིན་འདོད་ཁམས་ཀྱི་ངན་འགྲོ་གསུམ་དུ་སྐྱེ་བ་དང་། མི་གཡོ་བའི་ལས་བསམ་གཏན་བཞི་དང་། གཟུགས་མེད་པ་བཞིའི་སྙོམས་འཇུག་རྣམས་ཀྱིས་ནི་ཁམས་གོང་མ་རྣམས་སུ་སྐྱེ་བའི་རྒྱུ་བྱེད་པའི་ཕྱིར་རོ། །འདིའི་འགྲེལ་པར། འདུ་བྱེད་གསུམ་གྱི་གོ་དོན་དགེ་མི་དགེ་ལུང་མ་བསྟན་གསུམ་ལ་གསུངས་པ་ནི། བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་གང་རུང་དུ་ལུང་དུ་མ་བསྟན་པ་ཙམ་ལ་དགོངས་པ་ཡིན་གྱི། སྤྱིར་དགེ་མི་དགེའི་ཟླས་ཕྱེ་བའི་ལུང་མ་བསྟན་ལ་དགོངས་པ་ནི་མ་ཡིན་ཏེ། རྩ་བ་ཤེས་རབ་ལས། མ་རིག་བསྒྲིབས་པས་ཡང་སྲིད་ཕྱིར། །འདུ་བྱེད་རྣམ་པ་གསུམ་པོ་དག །མངོན་པར་འདུ་བྱེད་གང་ཡིན་ཏེ། །ལས་དེ་དག་གིས་འགྲོ་བར་འགྲོ། །ཞེས་པའི་འགྲེལ་པ་ཚིག་གསལ་ལས། དེ་ལ་མ་རིག་པ་ནི་མི་ཤེས་པ་སྟེ། མུན་པ་དང་། ཡང་དག་པ་ཇི་ལྟ་བ་ལ་སྒྲིབ་པར་བྱེད་པའོ། །མ་རིག་པ་དེས་བསྒྲིབས་ཤིང་བཀབ་པའི་གང་ཟག་གིས་ཡང་སྲིད་ཕྱིར་ཏེ། ཡང་སྲིད་པའི་དོན་དང་། ཡང་སྲིད་པ་འབྱུང་བར་བྱེད་པའི་ཕྱིར། གང་དགེ་བ་ལ་སོགས་པའི་སེམས་པ་དག་མངོན་པར་འདུ་བྱེད་ཅིང་བསྐྱེད་པར་བྱེད་དོ། །འདུ་བྱེད་དེ་དག་ནི་ལུས་སྲིད་པ་མངོན་པར་འདུ་བྱེད་པས་འདུ་བྱེད་དོ། །དེ་དག་ཀྱང་རྣམ་པ་གསུམ་སྟེ། དགེ་བ་དང་མི་དགེ་བ་དང་མི་གཡོ་བའོ། །ཡང་ན་ལུས་ཀྱི་དང་། ངག་གི་དང་། ཡིད་ཀྱིའོ། །གང་ཟག་མ་རིག་པས་བསྒྲིབས་པས་ལས་ཀྱི་མཚན་ཉིད་ཅན་འདུ་བྱེད་རྣམ་པ་གསུམ་བྱེད་ལ། མངོན་པར་འདུ་བྱས་པས་འདུ་བྱེད་ལས་ཏེ། ལས་ཀྱི་མིང་ཅན་དེ་དག་གིས་ནི་དེའི་རྒྱུས་བྱུང་བ་འགྲོ་བར་འགྲོ་བར་འགྱུར་རོ། །ཞེས་གསུངས་པས་སོ། །བཞི་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། བདེ་སྡུག་སྙོམས་འཇུག་བཅས་པ་ཡི། །འབྲས་བུ་བསྐྱེད་པ་ཉོན་མོངས་ཅན། །ཞེས་པའོ། །གཉིས་པ་ནི། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་གསུམ་གྱི་འབྲས་བུ་ནི་སོ་སོར་ངེས་པ་ཡིན་ཏེ། བསོད་ནམས་ཀྱི་ལས་ལས་འབྲས་བུ་འདོད་པའི་མཐོ་རིས་ཀྱི་རྟེན་ལ་བདེ་བ་འབྱུང་བ་དང་། བསོད་ནམས་མ་ཡིན་པའི་ལས་ལས་འབྲས་བུ་ངན་འགྲོའི་རྟེན་ལ་སྡུག་བསྔལ་འབྱུང་ཞིང་། མི་གཡོ་བའི་ལས་ལས་འབྲས་བུ་བསམ་གཏན་དང་གཟུགས་མེད་ཀྱི་རྟེན་ལ་སྙོམས་འཇུག་དང་བཅས་པའི་ཏིང་ངེ་འཛིན་གྱི་འབྲས་བུ་བསྐྱེད་པའི་ཕྱིར། །འབྲས་བུ་དེ་དག་ཐམས་ཅད་ཀྱང་ཉོན་མོངས་ཅན་ཡིན་ཏེ། ལས་དང་ཉོན་མོངས་པའི་དབང་གིས་བྱུང་བའི་ཕུང་པོ་ཡིན་པའི་ཕྱིར་རོ། །གསུམ་པ་དོན་བསྡུ་བ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། སེམས་ཉིད་མ་དག་གནས་སྐབས་ཡིན། །ཞེས་པའོ། །གཉིས་པ་ནི། དེ་ལྟར་རྒྱུ་རྐྱེན་རྟེན་འབྲེལ་ལས་བྱུང་བའི་ལས་གསུམ་འབྲས་བུ་དང་བཅས་པ་ནི། སེམས་ཉིད་གློ་བུར་གྱི་དྲི་མ་མ་དག་པ་འཆིང་བ་ཀུན་ལྡན་སེམས་ཅན་གྱི་གནས་སྐབས་ཡིན་ཞེས་པའོ། །གཉིས་པ་དག་ལ་མ་དག་ལམ་པའི་གནས་སྐབས་བཤད་པ་ལ། རྩ་བ་བཀོད་པ་དང་། ཚིག་དོན་བཤད་པ་གཉིས། དང་པོ་ནི། དྲི་མ་དེ་ཉིད་གློ་བུར་བར། །ཤེས་ནས་ཐབས་དང་བཅས་སྦྱོང་བ། །ལམ་པ་ཞེས་བྱར་རྒྱལ་བས་གསུངས། །ཤེས་པའོ། །གཉིས་པ་ནི། སྦྱང་གཞི་འམ་ཁམས་བདེ་བར་གཤེགས་པའི་སྙིང་པོ་ལ་སྒྲིབ་བྱེད་ཆོས་ལ་ཁོང་ཁྲོ་དང་། བདག་ལྟ་དང་། འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་དང་། སེམས་ཅན་དོན་ལ་ལྟོས་མེད་ཀྱི་དྲི་མ་དེ་ཉིད་ཁམས་དང་འབྲལ་རུང་གི་གློ་བུར་བར་ཤེས་ནས། སྦྱོང་བྱེད་ཆོས་མོས་ལ་སོགས་པ་བཞི། ཐབས་བསྐྱེད་རྫོགས་ཀྱིས་ཟིན་པའི་སྒོ་ནས་སྦྱོང་བ་ལ་ཞུགས་པའི་སྐྱེས་བུ་དེ་ལམ་ལ་ཞུགས་པའི་གང་ཟག་ཡིན་པས་ན་ལམ་པ་ཞེས་བྱ་སྟེ། རྒྱལ་བ་སངས་རྒྱས་ཀྱིས་ཀྱང་དེ་ལྟར་གསུངས་པའི་ཕྱིར་ཏེ། ཇི་སྐད་དུ། མདོའི་དོན་བསྡུས་པ་ན། མདོ་སྡེའི་རྒྱན་ལས། ཆོས་ལ་མོས་པ་ས་བོན་དང་། །ཕ་རོལ་ཕྱིན་མཆོག་མ་ལས་སྐྱེས། །བསམ་གཏན་ལས་བྱུང་བདེ་བའི་མངལ། །སྙིང་རྗེ་བསྐྱེད་པའི་མ་མའོ། །ཞེས་གསུངས་པས་སོ། །འདིར་ལམ་པ་ནི་ཐབས་ཀྱིས་ཟིན་པའི་སྒོ་ནས་སྒྲིབ་པ་སྦྱོང་བ་ལ་ཞུགས་པ་ཚོགས་ཀྱི་ལམ་ནས་རྒྱུན་མཐའ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཐུག་པའི་བར་གྱི་བྱང་སེམས་ཐམས་ཅད་ནི་དག་མ་དག་གཉི་ག་དང་ལྡན་པ་བྱང་ཆུབ་སེམས་དཔའ་ལམ་པའི་གནས་སྐབས་སོ། །གསུམ་པ་ཤིན་ཏུ་རྣམ་དག་གི་གནས་སྐབས་ལ། རྩ་བ་དང་། ཚིག་དོན་གཉིས་ལས། དང་པོ་ནི། དྲི་མེད་དག་པ་སངས་རྒྱས་ཏེ། །དེ་ཕྱིར་འགྲོ་ཀུན་སངས་རྒྱས་ཉིད། །ཅེས་པའོ། །གཉིས་པ་ནི། མདོ་ལས། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །ཞེས་སོགས་དང་། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་སོགས་མདོ་རྒྱུད་མང་པོར། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་པར་གསུངས་པ་ལ། རྒྱུ་མཚན་ཡོད་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་ཁམས་དེ་ཉིད་དྲི་མ་མེད་པར་ཤིན་ཏུ་རྣམ་པར་དག་པའི་ཚེ་ན། སངས་རྒྱས་སུ་འགྱུར་བ་དེའི་ཕྱིར། ཞེས་སོ། །གཞུང་འདིས་ནི་དུས་ཀྱི་འཁོར་ལོ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་གཞན་འདིར་འཇིག་རྟེན་ཁམས་ནི་ཡོད་མ་ཡིན། དེ་རྣམས་མཉེས་པར་བྱས་ནས་དཔག་མེད་སྲིད་པ་གཅོད་པར་བྱེད་དེ་རྣམ་པར་མི་རྟོག་པ་ལས་སོ། །ཞེས་དང་། རྡོ་རྗེ་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་བའི། །སངས་རྒྱས་མེད་ཅིང་གང་ཟག་མེད། །རྣམ་པར་ཤེས་པའི་གནས་དོན་རྣམས། །ཕྱི་རོལ་གྱུར་པ་ཅུང་ཟད་མེད། ཅེས་དང་། བརྟག་གཉིས་ལས། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །རྨོངས་མེད་འཁོར་བ་དག་པས་ནི། ཞེས་དང་། རང་དང་རང་གིས་རྟོགས་པ་ལས། །སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་དང་། འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་པ་མེད། །ཅེས་སོགས་གསུངས་པ་རྣམས་ཀྱི་དགོངས་དོན་དེ་ལྟར་དུ་བཤད་པ་ཡིན་ནོ། །གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་ལས་མདོར་བསྟན་པ་དང་རྒྱུ་རྐྱེན་སྤྱིར་བསྟན་པ་སྟེ་དང་པོའོ། །ཞེས་པ་ཡིན་ནོ། །རང་བཞིན་འོད་གསལ་སེམས་ཀྱི་གནས་ལུགས་དང་། །ཀུན་གཞི་ལ་སོགས་ཚོགས་བརྒྱད་ཡུལ་དང་བཅས། །འདུས་བྱས་སྤྱི་ཡི་རྒྱུ་རྐྱེན་དབྱེ་བ་དང་། །གནས་སྐབས་གསུམ་དུ་འགྱུར་ཚུལ་ལེགས་པར་བཤད། །ཅེས་བྱ་བ་ནི། བསྡུ་བའི་ཚིགས་སུ་བཅད་པའོ། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པའི་བསྟན་བཅོས་ཀྱི་ཚིག་དོན་གསལ་བར་བྱེད་པའི་ལེགས་བཤད་ནོར་བུ་རིན་པོ་ཆེའི་ཕྲེང་བ་ལས་རྒྱུ་རྐྱེན་སྤྱིར་བསྟན་པའི་ལེའུའི་རྣམ་པར་བཤད་པ་སྟེ་དང་པོའོ།། ༈ །།རྒྱུ་རྐྱེན་སྤྱིར་བསྟན་པའི་འོག་ཏུ་ལུས་འགྲུབ་ཚུལ་གྱི་ལེའུ་བསྟན་པའི་གོ་རིམ་ནི་སེམས་ཀྱི་དྲི་མ་སྦྱོང་བར་བྱེད་པའི་ཐབས་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་ཉམས་སུ་ལེན་པ་ལ། སྦྱང་གཞི་རྡོ་རྗེའི་ལུས་ཀྱི་གནས་ཚུལ་ཤེས་དགོས་པས། ལེའུ་དང་པོའི་འོག་ཏུ་ལེའུ་གཉིས་པ་ལུས་འགྲུབ་ཚུལ་བསྟན་པ་འཐད་དེ། བརྟེན་པ་སེམས་བཅིང་བ་ལ་རྟེན་ལུས་བཅིང་བ་གནད་ཆེ་བའི་ཕྱིར། དེ་ལྟ་བུའི་ལུས་འགྲུབ་ཚུལ་གྱི་ལེའུ་འདི་ཉིད་འཆད་པར་བྱེད་པ་ལ་གཉིས་ཏེ། དངོས་དང་། ལེའུའི་མཚན་བསྟན་པའོ། །དང་པོ་ལ། མདོར་བསྟན་ལ། རྒྱས་པར་བཤད་པ། མཇུག་བསྡུ་བ་དང་གསུམ་མོ། །དང་པོ་ལ། རྩ་བ་དང་། ཚིག་དོན་གཉིས་ལས། དང་པོ་ནི། ལུས་ནི་འགྲུབ་པའི་ཚུལ་བཤད་པ། །ཀུན་གཞི་སྲོག་རླུང་དང་བཅས་པ། །ཁམས་གསུམ་སྐྱེ་བར་སྦྱོར་བ་ན། །ཞེས་པའོ། །གཉིས་པ་ནི། ལུས་འདི་ནི་སེམས་ཀྱི་སྣང་ཆ་ལས་གཞན་དུ་མ་གྲུབ་ཀྱང་ཁམས་གསུམ་དུ་ལུས་འགྲུབ་པའི་ཚུལ་ཙམ་ཞིག་ཤེས་དགོས་པས་དེ་བཤད་པ་ཡིན་ལ། གོང་དུ་རྒྱུ་རྐྱེན་གྱི་སྐབས་སུ་བཤད་པའི་ཀུན་གཞིའི་རྣམ་ཤེས་དང་། ཀུན་གཞི་དེ་ལ་དམིགས་ཤིང་རྟེན་པའི་ཉོན་མོངས་པ་ཅན་གྱི་ཡིད་དེ་ལ་སྔགས་ཀྱི་ཐེག་པར་སྲོག་རླུང་གི་མིང་ཅན་དུ་བསྟན་པ་དང་བཅས་པ་ཁམས་གསུམ་གྱི་སྐྱེ་བར་སྦྱོར་བ་ན། ལུས་སྣ་ཚོགས་འགྲུབ་པའི་རྒྱུ་བྱེད་དོ། །ཞེས་པའོ། །ཡང་ན་སྦྱོར་བ་ན་ཞེས་པ་ནི། འོག་མ་རྒྱས་བཤད་འདྲེན་པར་བྱེད་པའི་ཚིག་གོ །གཉིས་པ་ལ་གཉིས་ཏེ། ཁམས་གསུམ་དུ་སྐྱེ་ཚུལ་སྤྱིར་བསྟན། མིའི་ལུས་ལེན་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། ཁམས་གོང་མར་སྐྱེ་བ་ལེན་ཚུལ་བཤད་པ་དང་། འདོད་ཁམས་སུ་སྐྱེ་བ་ལེན་ཚུལ་བཤད་པའོ། །དང་པོ་ལ་བཞི་སྟེ། གཟུགས་མེད་དུ་སྐྱེ་བ་ལེན་ཚུལ། གཟུགས་ཁམས་སུ་སྐྱེ་བ་ལེན་ཚུལ། ལུས་སེམས་ཀྱི་འཛག་བདེ་ཁམས་གོང་མར་ཡོད་པར་བསྟན་པ། དེ་དྲན་པ་ཉེར་བཞག་གི་ལུང་དང་སྦྱར་བའོ། །དང་པོ་ལ། རྒྱུ་སྙོམས་འཇུག་དང་། འབྲས་བུ་སྐྱེ་བ་གཉིས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། འདུ་བྱེད་བཅས་པའི་རྣམ་ཤེས་ཀྱིས། །ནམ་མཁའ་མཐའ་ཡས་ལ་སོགས་བཞི། ཡུལ་དུ་བྱས་ནས། ཤེས་པའོ། །གཉིས་པ་ནི། གཟུགས་མེད་པའི་ཁམས་སུ་སྐྱེ་བར་བྱེད་པའི་མ་རིག་པས་ཀུན་ནས་བསླང་བའི་འདུ་བྱེད་ཀྱི་ལས་དང་བཅས་པའི་རྣམ་ཤེས་ཀྱིས། ནམ་མཁའ་མཐའ་ཡས་ལ་སོགས་པའི་གཟུགས་མེད་བཞི་སྟེ། རྣམ་ཤེས་མཐའ་ཡས་དང་། ཅི་ཡང་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་བཞི་ཡུལ་དུ་བྱས་ནས། གཟུགས་མེད་དུ་སྐྱེ་བའོ། །དེ་ལ་ཡང་སྦྱོར་བ་དང་དངོས་གཞི་གཉིས་གཉིས་ལས་སྦྱོར་བའི་དུས་སུ། ཆོས་ཐམས་ཅད་ནམ་མཁའ་ལྟར་མཐའ་ཡས་སོ་སྙམ་པའི་འདུ་ཤེས་བསྒོམས་པས། དངོས་གཞིའི་དུས་སུ་དེ་ཉིད་ལ་གསལ་སྣང་ཐོབ་པའི་སྙོམས་འཇུག་དང་། སྦྱོར་བའི་དུས་སུ་ནམ་མཁའི་ཡུལ་ཅན་གྱི་རྣམ་ཤེས་དེ་ཉིད་ཀྱང་མཐའ་ཡས་སོ་སྙམ་པའི་འདུ་ཤེས་བསྒོམས་པས། དངོས་གཞིའི་དུས་སུ་དེ་ཉིད་ལ་གསལ་སྣང་ཐོབ་པའི་སྙོམས་འཇུག་དང་། སྦྱོར་བའི་དུས་སུ་བཟུང་བྱ་ཅི་ཡང་མེད་དོ་སྙམ་པའི་འདུ་ཤེས་བསྒོམས་པས། དངོས་གཞིའི་དུས་སུ་དེ་ཉིད་ལ་གསལ་སྣང་ཐོབ་པའི་སྙོམས་འཇུག་དང་། སྦྱོར་བའི་དུས་སུ་འདུ་ཤེས་རགས་པ་ནི་སྡུག་བསྔལ་བའོ། །འདུ་ཤེས་ཡོད་མིན་མེད་མིན་ནི་བདེ་བའོ་སྙམ་པའི་འདུ་ཤེས་བསྒོམས་པས། དངོས་གཞིའི་དུས་སུ་དེ་ཉིད་ལ་གསལ་སྣང་གཙོ་བོར་ཐོབ་པའི་སྙོམས་འཇུག་རྣམས་ནི་གཟུགས་མེད་བཞིར་སྐྱེ་བའི་འཕེན་བྱེད་དང་། འགྲུབ་བྱེད་ཀྱི་རྒྱུའི་སྙོམས་འཇུག་གོ །གཉིས་པ་ལ། རྩ་བ་དང་། ཚིག་དོན་གཉིས་ལས། དང་པོ་ནི། དེར་སྐྱེ་བ། གཟུགས་མེད་ཅེས་བྱ་ཡིད་ལུས་སོ། །ཞེས་པའོ། །གཉིས་པ་ནི། རྒྱུ་སྙོམས་འཇུག་གི་གཟུགས་མེད་བཞི་པོའི་དབང་གིས་ནམ་མཁའ་མཐའ་ཡས་དང་། རྣམ་ཤེས་མཐའ་ཡས་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དང་བཞི་པོ་དེར་སྐྱེ་བའི་གང་ཟག་དེ་ལ། གཟུགས་མེད་ཅེས་བྱ་བ་ཡིན་ཏེ། སྲོག་དང་ལྡན་ཞིང་ཐོགས་བཅས་ཀྱི་གཟུགས་ནི་མེད་ལ། ཀུན་གཞི་ཉོན་ཡིད་དྲུག་པ་ཡིད་ཀྱི་རྣམ་ཤེས་དང་གསུམ་ལས་གཞན་པའི་སྒོ་ལྔའི་རྣམ་ཤེས་ཀྱང་མེད་པའི་ཕྱིར་རོ། །ཇི་སྲིད་ངའོ་སྙམ་པའི་ཡིད་ཀྱི་ལུས་ཙམ་ཞིག་ནི་ཡོད་པ་ཡིན་ཏེ། སྲོག་དང་བཅས་པའི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་ཤེས་དེ་ཉིད་ཀྱི་འཁོར་དུ་བྱུང་བའི་ངའོ་སྙམ་པའི་ང་རྒྱལ་དང་བཅས་པས་ཀུན་གཞིའི་རྣམ་ཤེས་ལ་དམིགས་ནས་ངའོ་སྙམ་དུ་འཛིན་པའི་ཡིད་ཀྱི་ལུས་ཙམ་ཞིག་ཡོད་པའི་ཕྱིར། འོ་ན་ཅིའི་ཕྱིར་གཟུགས་མེད་ཅེས་བྱ་ཞེ་ན། འདོད་གཟུགས་ཀྱིས་བསྡུས་པའི་རྡུལ་ཕྲ་རབ་ཐོགས་བཅས་ཀྱི་སྣང་བ་ཐེག་པ་ཐུན་མོང་བའི་བསྟན་བཅོས་སུ་བཤད་པ་ལྟར་མེད་པའི་ཕྱིར། དམན་པ་ལ་དགག་སྒྲ་སྦྱར་བ་ཡིན་ཏེ། ཤེས་རབ་ཆུང་བ་ལ་ཤེས་རབ་མེད་ཅེས་བརྗོད་པ་བཞིན་ནོ། །འོ་ན་དེ་འཆི་འཕོ་བའི་ཚུལ་ཇི་ལྟ་བུ་ཞེ་ན། ནམ་ཞིག་ཁམས་དེའི་སྲིད་པ་ཟད་ནས་ཁམས་གཞན་དུ་འཕོས་ཏེ་རྣམ་རྟོག་གི་འཆར་སྒོ་དང་སྣང་བ་འབྱུང་བ་དེའི་ཚེ་དེ་ལ་འཆི་འཕོ་བའི་ཐ་སྙད་བཏགས་སོ། །འདི་དག་གི་གནས་ཀྱང་གཞུང་ལུགས་རྣམས་ལས་འདོད་གཟུགས་ཀྱི་འཇིག་རྟེན་ལས་སྟེང་གི་ཆ་ལ་རིམ་པ་བཞིན་དུ་ཡོད་པ་ལྟ་བུར་བཤད་ཀྱང་། དོན་ལ་སྙོམས་འཇུག་དེ་དང་དེ་དག་དང་ལྡན་ཞིང་མ་ཉམས་པའི་གང་ཟག་རྣམས་གང་དུ་ཤི་བའི་གནས་དེར་ལུས་དེའི་སྙིང་གའི་ཐད་དུ་གཟུགས་མེད་ཀྱི་སྣང་བ་འབྱུང་བར་བཤད་པས། གནས་གཞན་ལོགས་སུ་ཡོད་པར་བསམ་པར་མི་བྱའོ། །གཉིས་པ་ལ། རྒྱུ་སྙོམས་འཇུག་དང་། འབྲས་བུ་སྐྱེ་བ་གཉིས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། བསམ་གཏན་བཞིར་བརྟེན། ཞེས་པའོ། །གཉིས་པ་ནི། འདོད་པའི་ཚོར་བ་བདེ་སྡུག་བཏང་སྙོམས་ལས་ངེས་པར་འབྱུང་བར་བྱེད་པའི་བསམ་གཏན་དང་པོའི་སྙོམས་འཇུག་དང་། བསམ་གཏན་གཉིས་པའི་སྙོམས་འཇུག་དང་། གསུམ་པའི་སྙོམས་འཇུག་དང་། བཞི་པའི་སྙོམས་འཇུག་སྟེ། རེ་རེ་ལ་ཡང་ཆུང་ངུ་དང་། འབྲིང་དང་། ཆེན་པོ་གསུམ་གསུམ་དུ་ཕྱེ་བས། བཞི་སུམ་བཅུ་གཉིས་སུ་འགྱུར་བའི་བསམ་གཏན་དང་པོ་ལ་བརྟེན་ནས་གཟུགས་ཁམས་སུ་རིམ་བཞིན་སྐྱེ་བ་ཡིན་ནོ། །བསམ་གཏན་དང་པོའི་སྙོམས་འཇུག་ཆུང་ངུ་ལ་བརྟེན་ནས་ཚངས་རིས་དང་། འབྲིང་ལ་བརྟེན་ནས་ཚངས་པ་མདུན་ན་འདོན་དང་། ཆེན་པོ་ལ་བརྟེན་ནས་ཚངས་ཆེན་དུ་སྐྱེ་སྟེ། བསམ་གཏན་དང་པོའི་གནས་གསུམ་མོ། །བསམ་གཏན་གཉིས་པའི་སྙོམས་འཇུག་ཆུང་ངུས་འོད་ཆུང་དང་། འབྲིང་གིས་ཚད་མེད་འོད་དང་། ཆེན་པོས་འོད་གསལ་དུ་སྐྱེ་སྟེ། གཉིས་པའི་གནས་གསུམ་མོ། །གསུམ་པའི་སྙོམས་འཇུག་ཆུང་ངུས་དགེ་ཆུང་དང་། འབྲིང་གིས་ཚང་མེད་དགེ་དང་། ཆེན་པོས་དགེ་རྒྱས་སུ་སྐྱེ་བ་ནི། གསུམ་པའི་གནས་གསུམ་མོ། །བཞི་པ་ལ། སོ་སོ་སྐྱེ་བོའི་གནས་གསུམ་དང་། འཕགས་པའི་གནས་གཙང་མ་ལྔ་ཡོད་པ་ལས། བསམ་གཏན་བཞི་པའི་རྒྱུ་སྙོམས་འཇུག་ཟག་བཅས་ཆུང་ངུ་འབྲིང་ཆེན་པོ་གསུམ་གྱིས་རིམ་པ་བཞིན་དུ་ཆུང་ངུས་སྤྲིན་མེད། འབྲིང་གིས་བསོད་ནམས་སྐྱེས། ཆེན་པོས་འབྲས་བུ་ཆེར་སྐྱེའོ། །ལྷ་ཚེ་རིང་པོའི་འདུ་ཤེས་མེད་པ་བའི་སེམས་ཅན་ཡང་འབྲས་བུ་ཆེའི་ཡན་ལག་ཡིན་པར་བཤད་དོ། །དེ་དག་ནི་སོ་སོ་སྐྱེ་བོའི་གནས་བཅུ་གཉིས་སོ། །གཙང་མ་འཕགས་པའི་གནས་སུ་སྐྱེ་བ་ལ་ནི་ཟག་མེད་ཀྱི་ལམ་བདག་མེད་རྟོགས་པའི་ཤེས་རབ་དང་། ཟག་བཅས་བསམ་གཏན་བཞི་པའི་སྙོམས་འཇུག་སྤེལ་མར་ཟག་བཅས་གཉིས་ཀྱི་བར་དུ་ཟག་མེད་རེ་རེ་སྒོམ་པའི་སྤེལ་སྒོམ་ཆུང་ངུས་མི་ཆེ་བར་སྐྱེ། འབྲིང་གིས་མི་གདུང་བར་སྐྱེ། ཆེན་པོས་ཤིན་དུ་མཐོང་བར་སྐྱེ། ཤིན་དུ་ཆེན་པོས་གྱ་ནོམ་སྣང་བར་སྐྱེ། །ཤིན་ཏུ་ཆེས་ཆེན་པོས་འོག་མིན་དུ་སྐྱེ་བ་སྟེ། གཟུགས་ཁམས་གནས་རིས་བཅུ་བདུན་དུ་སྙོམས་འཇུག་གི་དབང་གིས་སྐྱེ་བའི་ཚུལ་ལོ། །སྙོམས་འཇུག་དེ་དག་ལ་ཡང་སྦྱོར་བ་དང་། དངོས་གཞི་གཉིས་གཉིས་སུ་ཡོད་པའི་ཚུལ་ཡང་གཞན་དུ་ཤེས་པར་བྱའོ། །གཉིས་པ་ལ། རྩ་བ་དང་། ཚིག་དོན་གཉིས་ལས། དང་པོ་ནི། གང་སྐྱེ་བ། གཟུགས་ཁམས་ཡིན་ཏེ་འདོད་སྲེད་ནི། །རགས་པ་བཅོམ་པ་རྫུས་སྐྱེས་སོ། །ཞེས་པའོ། །གཉིས་པ་ནི། རྒྱུ་སྙོམས་འཇུག་གི་བསམ་གཏན་རྣམས་དང་། ཟག་མེད་སྤེལ་སྒོམ་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་ཚངས་རིས་ནས་འོག་མིན་གྱི་བར་དུ་གང་སྐྱེ་བའི་སེམས་ཅན་དེ་དག་ནི་གཟུགས་ཁམས་ཤེས་བྱ་སྟེ། འདོད་པ་ན་ཆགས་པའི་སྲེད་པ་ནི་རགས་པ་རྒྱུ་དང་བཅས་པ་མ་ལུས་པར་བཅོམ་ཞིང་རྟེན་གཞལ་ཡས་ཁང་དང་བཅས་པའི་གཟུགས་ཀྱི་སྣང་བ་གསལ་ལ་རྫོགས་པར་སྣང་བའི་ཕྱིར། དེ་དག་སྐྱེ་གནས་བཞིའི་ནང་ནས་རྫུས་སྐྱེས་ཡིན་ཏེ། གནས་དེར་སྐྱེས་མ་ཐག་ཏུ་ལུས་ཀྱི་ཚད་ཡོངས་སུ་རྫོགས་པར་གོས་དང་བཅས་པ་སྐྱེ་བའི་ཕྱིར་རོ། །འདི་དག་ཏུ་སྐྱེ་བའི་རྒྱུ་ཡང་། ཀུན་གཞི་སྲོག་གི་རླུང་དང་བཅས་པའི་རྒྱུ་རྐྱེན་ལ་བརྟེན་ནས། འབྱུང་བའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་རྐྱང་པ་ཡིན་ནོ། །གསུམ་པ་ལུས་སེམས་ཀྱི་འཛག་པ་ཁམས་གོང་མར་ཡོད་པར་བསྟན་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ནམ་མཁའ་རླུང་མེ་ཆུ་དང་ས། །འབྱུང་ཆུང་རྣམ་པར་ཕྱེ་བ་ཡིས། །གནས་གཞན་ཉི་ཤུར་གང་སྐྱེས་པ། །དེ་ཡི་འཛག་པ་གོ་རིམ་བཞིན། །ཁམས་གཅིག་ནས་ནི་ལྔ་ཡི་བར། །ཞེས་པའོ། །གཉིས་པ་ནི། ཤིན་དུ་མཐོང་དང་གྱ་ནོམ་སྣང་གཉིས་གཅིག་ཏུ་བྱས་པའི་གཟུགས་ཁམས་གནས་རིས་བཅུ་དྲུག་དང་། གཟུགས་མེད་བཞི་སྟེ་གནས་གཞན་ཉི་ཤུར་གང་སྐྱེས་པ་དེ་དག་ནི་སེམས་ཀྱི་ཟག་པ་ཉོན་མོངས་པ་དང་། ལུས་ཀྱི་ཟག་པ་ཁམས་བྱང་ཆུབ་ཀྱི་སེམས་འདོར་བའི་དབང་གིས་སོ། །དེ་དག་གི་འཛག་པ་རྣམས་ནི་གོ་རིམ་བཞིན་དུ་ནམ་མཁའི་ཁམས་ལྟ་བུ་གཅིག་ནས་ནི་སའི་ཁམས་ལ་ཐུག་པ་ལྔའི་བར་དུ་འབྱུང་ཆུང་གིས་རྣམ་པར་ཕྱེ་བ་ཡིན་ཏེ། དེ་ཡང་གཟུགས་མེད་པའི་ཁམས་ན་ཟད་པར་ནམ་མཁའི་རླུང་མེ་ཆུ་དང་སའི་འབྱུང་བ་བཞིའི་འཛག་པས་སྲིད་རྩེ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་བར་གྱིས་སྲིད་པ་ཕྱི་མར་སྐྱེ་བའི་རྒྱུ་བྱེད་པ་དང་། ཟད་པར་རླུང་གི་རླུང་མེ་ཆུ་དང་སའི་འབྱུང་ཆུང་གི་འཛག་པས་འོག་མིན་ནས་མི་ཆེ་བའི་བར་བཞིས་སྐྱེ་བ་ལེན་པའི་རྒྱུ་བྱེད་པ་དང་། ཟད་པར་མེའི་རླུང་མེ་ཆུ་དང་སའི་འབྱུང་ཆུང་རྣམ་པར་ཕྱེ་བའི་འཛག་པས། འབྲས་བུ་ཆེ་བ་ནས་དགེ་རྒྱས་ཀྱི་བར་གྱིས་སྐྱེ་བ་ལེན་པའི་རྒྱུ་བྱེད་པ་དང་། ཟད་པར་ཆུའི་རླུང་མེ་ཆུ་དང་སའི་འབྱུང་ཆུང་རྣམ་པར་ཕྱེ་བའི་འཛག་པས། ཚད་མེད་དགེ་ནས་ཚད་མེད་འོད་ཀྱི་བར་གྱིས་སྐྱེ་བ་ལེན་པའི་རྒྱུ་བྱེད་པ་དང་། ཟད་པར་སའི་རླུང་མེ་ཆུ་དང་སའི་འབྱུང་ཆུང་རྣམ་པར་ཕྱེ་བའི་འཛག་པ་བཞིས་འོད་ཆུང་ནས། ཚངས་རིས་ཀྱི་བར་གནས་བཞིས་སྲིད་པ་གཞན་དུ་སྐྱེ་བའི་རྒྱུ་བྱེད་པའི་ཕྱིར་རོ། །འདིར་བཅུ་དྲུག་ཏུ་ཕྱེ་བའི་རྒྱུ་མཚན་ཤིན་དུ་མཐོང་དང་གྱ་ནོམ་སྣང་གཉིས་གཅིག་ཏུ་འདྲེན་པར་བཤད་པ་ལྟར་རོ། །འདི་ལ་ཁ་ཅིག་གཟུགས་ཁམས་ན་ཕོ་མོའི་དབང་པོ་མེད་ཅིང་། གཟུགས་མེད་ན་ལུས་མེད་པས་འཛག་བདེ་དེ་དག་གི་རྒྱུར་མི་འཐད་དོ་ཞེ་ན། དེ་དག་ལ་འདོད་པའི་ཁམས་བཞིན་འབྱུང་བ་ལས་གྱུར་པའི་འཛག་བདེ་རིགས་པ་མེད་ཀྱང་། ཇི་སྐད་བཤད་པ་བཞིན་འབྱུང་ཆུང་དུ་ཕྱེ་བའི་དབང་གིས་འཛག་བདེ་ཕྲ་མོ་ཡོད་པའི་ཕྱིར། སྐྱོན་མེད་དོ། །འདི་ནི་དུས་ཀྱི་འཁོར་ལོའི་དགོངས་པའོ། །བཞི་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ལྡན་པས་མ་རིག་སྐྱེ་དང་བཅས། །དྲན་པ་ཉེར་བཞག་ཏུ་བསྟན་ཏོ། །ཞེས་པའོ། །གཉིས་པ་ནི། གནས་གཞན་ཉི་ཤུ་པོ་དེ་དག་ཐམས་ཅད་སྔར་སྨོས་པ་ལྟར་གྱི་འབྱུང་ཆུང་གི་འཛག་པ་དང་། ཚུལ་མཚུངས་པའི་རྒྱུ་རྐྱེན་དང་ལྡན་པས་མ་རིག་པ་ནས་སྐྱེ་བ་རྒ་ཤིའི་བར་གྱི་སྐྱེ་འཇིག་གི་རྒྱུ་དང་བཅས་པར་དྲན་བ་ཉེ་བར་བཞག་པ་ཞེས་བྱ་བའི་བསྟན་བཅོས་སུ་བསྟན་ཞིང་ཞིབ་ཏུ་བཤད་པ་ལྟར་རྟོགས་པར་བྱའོ། །ཞེས་པའོ། །འདིར་རྗེ་ཉིད་ཀྱིས་མཛད་པའི་དྲན་པ་ཉེར་བཞག་གི་བསྟན་བཅོས་བསྡུས་པ་ཡོད་པ་དེ་དང་དྲན་པ་ཉེར་བཞག་གི་མདོ་གཉིས་ནོར་བར་མི་བྱའོ། །གཉིས་པ་འདོད་ཁམས་སུ་སྐྱེ་བ་ལེན་ཚུལ་བཤད་པ་ལ། འདོད་ཁམས་རིགས་དྲུག་ཐམས་ཅད་ཁམས་དྲུག་ལྡན་དུ་བཤད། མི་ལ་སོགས་པ་གཞན་དག་རྣམས་སྐྱེ་གནས་བཞི་ལྡན་དུ་བསྟན། ངན་སོང་ལྷ་ལྷ་མིན་སྒྲ་མི་སྙན་རྣམས་བྱང་ཆུབ་བསྒྲུབ་པའི་རྟེན་དམན་པར་བསྟན། གླིང་གསུམ་དུ་སྐྱེས་པའི་མི་རྣམས་བྱང་ཆུབ་བསྒྲུབ་པའི་རྟེན་གྱི་མཆོག་ཡིན་པར་བསྟན་པ་དང་བཞི། དང་པོ་ལ། རྩ་བ་བཀོད་པ་དང་། ཚིག་དོན་བཤད་པའོ། །དང་པོ་ནི། འདོད་ཁམས་རིགས་དྲུག་ཐམས་ཅད་ཀྱང་། །ཁམས་དྲུག་དང་ལྡན་ཕྲ་དང་རགས། །ཤེས་པའོ། །གཉིས་པ་ནི། འདོད་པའི་ཡོན་ཏན་ལ་ལྷག་པར་སྲིད་པ་དང་ལྡན་པའི་ཕྱིར་འདོད་ཁམས་ཏེ། དེ་ཡང་འདོད་ལྷ་རིགས་དྲུག་དང་། མི། ལྷ་མ་ཡིན། དུད་འགྲོ། དམྱལ་བ། ཡི་དྭགས་ཏེ་རིགས་དྲུག་པོ་ཐམས་ཅད་ཀྱང་ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་ཀྱི་ཁམས་དྲུག་དང་ལྡན་ཏེ། ཕྲ་བ་སྲིན་བུ་ནས་རགས་པ་ལྷའི་བར་དུའོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། སྐྱེ་གནས་བཞི་ལྡན། གཉིས་པ་ནི། ལྷ་དང་ལྷ་མ་ཡིན་དང་དམྱལ་བ་རྣམས་ལས་གཞན་དུ་གྱུར་པའི་འགྲོ་བ་རྣམས་ནི་སྐྱེ་གནས་བཞི་ལྡན་ཡིན་ཏེ། ཐོག་མར་མི་སྐྱེ་གནས་བཞི་ལྡན་ཡིན་པའང་། བསྐལ་པ་དང་པོའི་མི་རྣམས་ནི་རྫུས་སྐྱེས་ཡིན་པ་དང་། སློབ་དཔོན་ཨཱརྻ་དེ་ཝ་ཡང་རྫུས་སྐྱེས་ཡིན་པར་གྲགས་པ་ལྟ་བུའོ། །མི་དྲོད་གཤེར་སྐྱེས་ནི། རྒྱལ་པོ་གསོ་སྦྱོང་འཕགས་དྲོད་གཤེར་ལས་སྐྱེས་པ་དང་། ཨ་མྲ་སྐྱོང་མ་ཤིང་ལས་སྐྱེས་པ་ལྟ་བུའོ། །མི་སྒོང་སྐྱེས་ནི། དགེ་སློང་བྲག་དང་ཉེ་བྲག་ཁྲུང་ཁྲུང་གི་སྐོང་ང་ལས་སྐྱེས་པ་དང་། རྒྱལ་པོ་ལྔ་ལྡན་གྱི་བཙུན་མོ་ལ་སྒོང་ང་ལྔ་བརྒྱ་འཁྲུངས་པ་སྨིན་བྱེད་དྲོད་ཀྱིས་བསྐྱངས་པས། རང་སངས་རྒྱས་སུ་འགྱུར་རྒྱུའི་ཁྱེའུ་ལྔ་བརྒྱ་འཁྲུངས་པ་ལྟ་བུའོ། །ཡི་དྭགས་ལ་མངལ་སྐྱེས་ཡོད་པའང་། འཕགས་པ་ཤཱ་རིའི་བུ་ལ། ལམ་གར་བྲམ་ཟེ་མོ་གཅིག་གིས། མགོན་པོ། བདག་ནི་ཉིན་མོ་བུ་ལྔ་དང་། །དེ་བཞིན་མཚན་མོ་བུ་ལྔ་དག །ཟོས་ཀྱང་བདག་ལ་ཚིམ་པ་མེད། །ཅེས་པའི་ལུང་གིས་གྲུབ་བོ། །དུད་འགྲོ་ལ་སྐྱེ་གནས་བཞི་ག་ཡོད་པ་ནི་རྟོགས་པར་སླའོ། །གཞུང་གི་སྡོད་ལུགས་དང་། འགྲེལ་པའི་འཆད་ལུགས་ལ་བརྟགས་ན། འདོད་ཁམས་པ་ཐམས་ཅད་སྐྱེ་གནས་བཞི་ལྡན་དུ་བཞེད་པ་ལྟར་སྣང་ཡང་། དེ་ལྟར་ན། དམ་པའི་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། དེར་ནི་སྒོ་ང་ལས་སྐྱེས་སོགས། །སེམས་ཅན་སྐྱེ་གནས་བཞི་དག་ཏུ། །མི་དང་དུད་འགྲོ་རྣམ་པ་བཞི། །དམྱལ་བ་རྣམས་དང་ལྷ་རྣམས་དང་། །སྲིད་པ་བར་མ་རྫུས་ཏེ་སྐྱེ། །ཡི་དྭགས་མངལ་ནས་སྐྱེ་བའང་ཡིན། །ཞེས་གསུངས་པ་དང་འགལ་བས། །ཐམས་ཅད་མཁྱེན་པ་ལ་འཁྲུལ་པ་ག་ལ་མངའ། གསུམ་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། གཞན་དག་ལས། ངན་སོང་གསུམ་ནི་མི་ཁོམ་གནས། །ལྷ་དང་ལྷ་མིན་སྒྲ་མི་སྙན། །འབྲས་བུ་སྤྱོད་པས་རྒྱུ་དམན་ཏེ། ཞེས་པའོ། །གཉིས་པ་ནི། གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་ལས་གཞན་པའི་འགྲོ་བ་དེ་དག་རྣམས་ནི་བྱང་ཆུབ་བསྒྲུབ་པའི་རྟེན་དམན་པ་ཡིན་ཏེ། ངན་སོང་བ་རྣམས་ལས་དུད་འགྲོ་ནི་གླེན་ལྐུགས་ལ་སོགས་པའི་སྡུག་བསྔལ་གྱིས་མནར་བས་སེམས་བསྐྱེད་དང་སྡོམ་པ་ལེན་པ་དཀོན་ཞིང་། ཡི་དྭགས་ནི་བཀྲེས་སྐོམ་དང་། དམྱལ་བ་ནི་ཚ་གྲང་ལ་སོགས་པའི་མི་དགེ་བའི་འབྲས་བུ་སྡུག་བསྔལ་དཔག་ཏུ་མེད་པས་མནར་བས་ན་རྣམ་དཀར་གྱི་དགེ་བ་བྱེད་པ་ལ་མི་ཁོམ་པའི་གནས་སུ་གྱུར་པ་དང་། ལྷ་དང་ལྷ་མ་ཡིན་དང་བྱང་གི་སྒྲ་མི་སྙན་པ་རྣམས་ནི་སྔོན་གྱི་དགེ་བའི་འབྲས་བུ་རྒྱ་ཆེན་པོ་ལ་ཆགས་ནས་དུས་རྟག་ཏུ་བདེ་བ་ལ་སྤྱོད་པས། བྱང་ཆུབ་ཀྱི་རྒྱུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སོ་སོ་ཐར་པའི་སྡོམ་པ་ལེན་པའི་སྐལ་པ་དམན་པའི་ཕྱིར། སོ་སོ་ཐར་པའི་སྡོམ་པའི་ཞིང་མ་ཡིན་པས། སངས་རྒྱས་རྣམས་དེར་བྱོན་ནས་མཛད་པ་བཅུ་གཉིས་ཀྱི་ཚུལ་མི་སྟོན་པར་འདུལ་བ་དང་། མངོན་པའི་སྡེ་སྣོད་རྣམས་ལས་བཤད་དེ། ཇི་སྐད་དུ། འདུལ་བ་མདོ་རྩ་བ་ལས། མི་མ་ཡིན་པའི་འགྲོ་བ་དང་། བྱང་གི་སྒྲ་མི་སྙན་པ་དག་ནི། སྡོམ་པའི་ཞིང་ཉིད་མ་ཡིན་ནོ། །ཞེས་གསུངས་པས་སོ། །དེ་དག་ཀྱང་སེམས་བསྐྱེད་དང་སྡོམ་པ་སྐྱེ་བ་དཀོན་པ་དང་། དང་པོར་སྐྱེ་བའི་རྟེན་དུ་མི་རུང་བར་བཤད་པ་ཡིན་གྱི། སྤྱིར་ཆོས་བསྒྲུབ་པའི་རྟེན་དུ་མི་རུང་བར་བཤད་པ་ནི་མ་ཡིན་ཏེ། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས། ཀླུ་ཉི་ཁྲི་ཆིག་སྟོང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བཤད་པ་དང་། ཡུམ་གྱི་མདོ་ལས། བྱང་གི་སྒྲ་མི་སྙན་པའི་མི་རྣམས་ཀྱིས་དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །ཞེས་དང་། དུས་འཁོར་བསྡུས་རྒྱུད་ལས། ཀླ་ཀློ་རྣམས་ནི་གཞོམ་པའི་སླད་དུ་མི་ཡི་བདག་པོ་དབང་པོ་བཅུ་གཉིས་དག་དང་ལྡན་པར་འགྲོ། །དུམ་བུ་དུམ་བུ་དག་ཏུ་ཀླ་ཀློའི་ཆོས་ནི་བཅོམ་ནས་འཁོར་ལོ་ཅན་ཡང་བདེ་བའི་གནས་སུ་འགྲོ། ཞེས་པ་དང་། དེ་ལྟར་དུམ་བུ་ཐམས་ཅད་དུ་ཡང་དུས་བཞིའི་དུས་སུ་ཀླ་ཀློའི་ཆོས་ནི་རབ་ཏུ་འཇུག་པ་སྟེ། ལོ་ནི་བརྒྱ་དང་བརྒྱ་ཕྲག་གཅིག་ཏུ་ངེས་པར་གནས་ཏེ་དེ་ནས་ཀླ་ཀློའི་ཆོས་ནི་ཉམས་པའོ། །དེ་ནས་ལོ་ནི་སྟོང་ཕྲག་ཉི་ཤུ་ལག་པ་བརྒྱ་དང་བྲལ་བ་སངས་རྒྱས་ཆོས་ནི་རབ་ཏུ་འཇུག །རྫོགས་ལྡན་གསུམ་ལྡན་གཉིས་ལྡན་རྩོད་པའི་དུས་ནི་ནུས་པའི་ཚད་ཀྱི་ས་གཞི་ངག་ལ་ངེས་པར་རྒྱུ། ཞེས་བྱང་གི་སྒྲ་མི་སྙན་ན་ཡང་སངས་རྒྱས་ཀྱི་ཆོས་འཇུག་པར་གསུངས་པའི་ཕྱིར་རོ། །བཞི་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། གླིང་གསུམ་སྐྱེས་པའི་ཁམས་དྲུག་ལྡན། །མཆོག་ཡིན་འཛམ་གླིང་ལེགས་སྐྱེས་པ། །ལས་ཀྱི་ས་པར་རབ་ཏུ་གྲགས། ཤེས་པའོ། །གཉིས་པ་ནི། ཤར་ལུས་འཕགས་དང་། ལྷོ་འཛམ་བུ་གླིང་། །ནུབ་བ་ལང་སྤྱོད་དེ། གླིང་གསུམ་དུ་སྐྱེས་པའི་ཁམས་དྲུག་ལྡན་གྱི་མི་རྣམས་ནི་བྱང་ཆུབ་བསྒྲུབ་པའི་རྟེན་གྱི་མཆོག་ཡིན་ཏེ། དེ་དག་ནི་བསླབ་པ་གསུམ་གྱི་སྣོད་དུ་རུང་བ་ཡིན་པའི་ཕྱིར། དེ་དག་གི་ནང་ནས་ཁྱད་པར་དུ་འཛམ་བུ་གླིང་དུ་སྐྱེས་པའི་མི་རྣམས་ནི་བདེ་འགྲོ་དང་ངན་འགྲོར་འགྲོ་བའི་རྒྱུ་གང་བྱས་ཀྱང་སྟོབས་ཆེ་བ་ཡིན་ཏེ། འདིར་སྐྱེས་པའི་མི་རྣམས་ནི་བྱང་ཆུབ་ཆེན་པོ་བསྒྲུབ་པ་དང་། མཚམས་མེད་པ་བྱས་པའི་ལས་སྟོབས་ཆེ་བས་ལས་ཀྱི་ས་པར་རབ་ཏུ་གྲགས་པའི་ཕྱིར་ཏེ། དེ་སྐད་དུ། མཛོད་ལས། མཚམས་མེད་གླིང་གསུམ་དག་ན་ཡོད། །ཟ་མ་སོགས་ལ་མི་འདོད་དོ། །ཞེས་པ་དང་། དགེ་དང་མི་དགེ་མེད་ལྟ་བ། །ལོག་པར་ལྟ་བ་ཡིན་འདི་ལས། །གསུམ་ལམ་བདུན་ནི་ལས་ཀྱང་ཡིན། །མེད་པར་ལྟ་བས་རྩ་བ་གཅོད། །འདོད་གཏོགས་སྐྱེས་ནས་ཐོབ་པ་རྣམས། །རྒྱུ་དང་འབྲས་ལ་སྐུར་འདེབས་པས། །ཀུན་གྱིས་རིམ་གྱིས་མི་ནང་དུ། །སྐྱེས་པ་བུད་མེད་ཀྱིས་གཅོད་དོ། །ཞེས་པ་དང་། འདུལ་བ་ལུང་ལས། གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་རྣམས་སྡོམ་པའི་ཞིང་ཡིན་པར་བཤད་པས་སོ། །འདིར་སོ་སོ་ཐར་པའི་སྡོམ་པ་དང་། རྡོ་རྗེ་ཐེག་པའི་སྔགས་སྡོམ་གྱི་རྟེན་མཚུངས་པའི་དབང་དུ་བྱས་ནས་བཤད་པ་ཡིན་ཏེ། ཇི་སྐད་བཤད་པའི་ལུང་ཚིགས་སུ་བཅད་པ་ནི། བདེ་མཆོག་སྡོམ་འབྱུང་གི་ལུང་ཡིན་པས་སོ། །གཉིས་པ་མིའི་ལུས་ལེན་ཚུལ་བྱེ་བྲག་ཏུ་བཤད་པ་ལ། བསྐལ་པ་དང་པོའི་མིའི་ལུས་འགྲུབ་ཚུལ་བཤད་པ་དང་། མངལ་སྐྱེས་ཀྱི་ལུས་འགྲུབ་ཚུལ་བཤད་པ་གཉིས། དང་པོ་ལ་རྫོགས་ལྡན་གྱི་ལུས་འགྲུབ་ཚུལ་བཤད་པ་དང་། གསུམ་ལྡན་གཉིས་ལྡན་རྩོད་དུས་ཀྱི་ལུས་འགྲུབ་ཚུལ་བཤད་པ་གཉིས་ལས། དང་པོ་ལ། རྩ་ཚིག་གཉིས། དང་པོ་ནི། ཡུལ་འདིར་སྐྱེ་བ་འགྲུབ་ཚུལ་ནི། དང་པོར་རྫུས་སྐྱེས་གཟུགས་ཁམས་བཞིན། །ཞེས་པའོ། །གཉིས་པ་ནི། སྣོད་ཆགས་པའི་དང་པོར་འཇིག་རྟེན་འདི་སེམས་ཅན་སྤྱི་མཐུན་གྱི་སྣང་བ་ཐུན་མོང་བ་ལྟ་བུའི་རྣམ་རིག་ལ་ཚངས་པ་ཆེན་པོ་དང་མཐུན་པར་བར་བསྐལ་གཅིག་ཏུ་ཆགས་ནས་དེའི་འོག་ཏུ་བར་བསྐལ་བཅུ་དགུར་བཅུད་ཀྱི་སེམས་ཅན་རྣམས་འབྱུང་བར་བཤད་པས། བྱེ་བྲག་ཏུ་འཛམ་བུ་གླིང་ཆུང་ངུའི་ཡུལ་འདིར་མིའི་སྐྱེ་བ་ཇི་ལྟར་འགྲུབ་པའི་ཚུལ་ནི། དང་པོར་གླིང་འདིར་མིའི་འགྲོ་བ་རྣམས་སྐྱེས་པའི་ཚེ་ན། ལུས་དང་དབང་པོ་རྣམས་གཅིག་ཅར་དུ་རྫུས་ཏེ་སྐྱེས་པ་གཟུགས་ཁམས་ཀྱི་ལྷ་བཞིན་དུ་ལུས་ལ་འོད་དང་ལྡན་ཞིང་ཚེ་ལོ་དཔག་ཏུ་མེད་པ་ཐུབ་པ། དགའ་བ་བདུད་རྩིའི་ཟས་དང་ལྡན་ཞིང་། ལོངས་སྤྱོད་ལ་སོགས་པ་སྟོབས་རྣམས་འབད་མེད་དུ་ཡོངས་སུ་རྫོགས་པའི་ཕྱིར་ན་རྫོགས་ལྡན་ཞེས་བྱ་བ་འམ། དེའི་ཚེ་ཆོས་ཀྱི་རྐང་པ་བཞི་རྫོགས་པར་ལྡན་ཞིང་མི་དགེ་བ་བཅུ་ངང་གིས་འགག་པའི་ཕྱིར་ན་རྫོགས་ལྡན་ཞེས་ཀྱང་བྱའོ། །འདི་ནི་མཛོད་ལས། སྔོན་འབྱུང་སེམས་ཅན་གཟུགས་ཅན་བཞིན། །ཞེས་གསུངས་པ་དང་མཐུན་ནོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ནས་རིམ་གྱིས་སྲེད་དབང་གིས། །དྲི་དང་རོ་ལ་ཆགས་པ་ལས། །ཡུལ་དུ་སྣང་བའི་རྣམ་ཤེས་ལ། །བླང་དོར་བྱས་པས་ལུས་ཁམས་ནི། །རགས་སྣང་ཕོ་མོ་སྣང་མུན་དང་། བདེ་སྡུག་འདོད་སྲེད་བརྟས་པར་གྱུར། །ཞེས་པའོ། །གཉིས་པ་ནི། དེ་ནས་ཆོས་ཀྱི་རྐང་པ་བཞི་ཡོད་པ་ལས། མ་བྱིན་པར་ལེན་པ་ལྟ་བུས་རྐང་པ་གཅིག་ཉམས་ནས་གསུམ་ལྡན་དུ་འགྱུར། དེ་ནས་རྫུན་དུ་སྨྲ་བ་ལྟ་བུ་བྱུང་བས་གཉིས་ལྡན་དང་། འཁྲིག་པ་སྤྱོད་པས་རྐང་པ་གསུམ་ཉམས་ནས་རྩོད་དུས་ཀྱི་མགོ་ཟུག་པས་དེ་དག་བཤད་པ་ནི། དང་པོ་རྫོགས་ལྡན་གྱི་དུས་སུ་ལུས་ལ་རྫུ་འཕྲུལ་དང་། འོད་དང་། ལྷའི་ཟས་ལ་ལོངས་སྤྱོད་དུ་ཡོད་པ་རྣམས་རིམ་གྱིས་ནུབ་པའི་ཚེ་ན། ས་ཆེན་པོ་ལ་བདུད་རྩི་ས་མོ་ཞག་དྲི་རོ་ཕུན་སུམ་ཚོགས་པ་བྱུང་། དེ་ནས་རིམ་གྱིས་སེམས་ཅན་རྣམས་བདུད་རྩི་ས་ཞག་དེ་ལ་སྲེད་པའི་དབང་གིས་མྱངས་ཤིང་ཟོས་པས། དེའི་དྲི་དང་རོ་ལ་ཆགས་ནས་ཡང་དང་ཡང་དུ་སྤྱོད་པ་ལས། ལུས་ཀྱི་འོད་ཉམས་ཤིང་ལྕི་བར་གྱུར་ཏེ་རྫུ་འཕྲུལ་ཡང་མེད་པར་གྱུར་ཏོ། །དེའི་འོག་ཏུ་མུན་ནག་གི་རྣམ་པ་ལྟ་བུར་གྱུར་པ་ལ་སེམས་ཅན་སྤྱི་མཐུན་གྱི་ལས་ལས་ཉི་མ་དང་ཟླ་བའི་སྣང་བ་བྱུང་ངོ་། །དེ་ནས་རྣམ་ཤེས་ཀྱི་ཡུལ་དུ་སྣང་བའི་གཟུགས་ལ་སེམས་ཅན་རྣམས་ཀྱིས་འདི་ནི་ཡིད་དུ་འོང་བའོ། །འདི་ནི་མི་འོང་བའོ། །ང་ནི་ཚེ་རིང་བ་དང་ཁ་དོག་བཟང་བ་ཡིན་ལ། ཁྱོད་ནི་ཚེ་ཐུང་བ་དང་། ཁ་དོག་ངན་པ་ཡིན་ནོ། །ཞེས་རྩོད་ཅིང་བླང་དོར་དུ་བྱས་པས། སེམས་ཅན་རྣམས་ཀྱི་ལུས་ཀྱི་ཁམས་ལ་ལ་ནི། རགས་པར་སྣང་བ་དང་། ལ་ལ་ཕྲ་བར་སྣང་བ་དང་། ཕོ་མོའི་དབང་པོ་དོད་པས་དེའི་སྣང་བ་དང་ཉིན་མོ་དང་མཚན་མོ་སྣང་མུན་གྱི་ཁྱད་པར་དང་། ཡུལ་ཡིད་དུ་འོང་བ་མཐོང་བ་ལ་བདེ་བ་དང་། མི་འོང་བ་མཐོང་བ་ལ་སྡུག་བསྔལ་ཏེ་འདོད་སྲེད་དཔག་ཏུ་མེད་པ་བརྟས་པར་གྱུར་པ་ཡིན་ནོ། །ཚུལ་འདི་ནི་འཇིག་རྟེན་གདགས་པ་ལ་སོགས་པ་མདོ་སྡེ་དུ་མ་ལས་གསུངས་པའི་དོན་མཛོད་དུ། སྔར་བྱུང་སེམས་ཅན་གཟུགས་ཅན་བཞིན། །དེ་ནས་རིམ་གྱིས་རོ་ལ་ཆགས། །ལེ་ལོས་སོག་འཇོག་བྱས་ནས་ནི། །འཛིན་བཅས་རྣམས་ཀྱིས་ཞིང་དཔོན་བཏབ། །ཅེས་གསུངས་པའི་དོན་ནོ། །འདི་དག་ལ་གཏམ་བརྒྱུད་དུ་མ་ནས་བྱུང་ཚུལ་མང་དུ་ཡོད་ཀྱང་སྤྲོས་པ་དེ་ཙམ་གྱིས་ཆོག་གོ །གཉིས་པ་མངལ་སྐྱེས་ཀྱི་ལུས་ཇི་ལྟར་འགྲུབ་པའི་ཚུལ་བཤད་པ་ལ། རྐྱེན་རོ་དྲུག་དང་འབྱུང་བ་ལྔས་བསྐྱེད་ཚུལ། གང་ལ་ཆགས་པའི་རྟེན་ས་བོན་དང་འབྱུང་བ་ལྔའི་བྱེད་ལས་བཤད་པ། རྣམ་ཤེས་མངལ་དུ་ཇི་ལྟར་འཇུག་པའི་ཚུལ། ལུས་སྐྱེ་བའི་རིམ་པ་བསྟན་པ་དང་བཞི། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ནས་མངལ་སྐྱེས་འགྲུབ་པ་ན། །ལུས་འདི་ལ་ནི་ཁམས་ཀྱི་ཚོགས། །མ་ལུས་རོ་དྲུག་བཟའ་བཏུང་ལས། །འབྱུང་བཞི་འགྲུབ་པའི་རྐྱེན་བྱེད་དོ། །རོ་དྲུག་འབྱུང་བ་ལྔ་ལས་ཏེ། །མཁའ་དང་བདེ་བའི་ཡེ་ཤེས་ཀྱི། །སྦྱོར་བས་བརྟན་པར་འགྲུབ་པ་ཡིན། །ཞེས་པའོ། །གཉིས་པ་ནི། དེ་ནས་རྩོད་པའི་དུས་སུ་འཛམ་བུའི་གླིང་འདིར་མངལ་སྐྱེས་ཀྱི་ལུས་འགྲུབ་པ་ན། དེའི་ལུས་འདི་ལ་ནི། རུས་པ་ལ་སོགས་པ་ཁམས་ཀྱི་ཚོགས་སུམ་བཅུ་སོ་དྲུག་པོ་མ་ལུས་པ་རྣམས་ནི་མངར་སྐྱུར་ལ་སོགས་པའི་རོ་དྲུག་གིས་བསྡུས་པའི་བཟའ་བཏུང་ལས་གྲུབ་ཅིང་། སྲ་བ་དང་གཤེར་བ་ལ་སོགས་པའི་འབྱུང་བ་བཞིའི་ཆ་རྣམས་འགྲུབ་པའི་རྐྱེན་བྱེད་དོ། །རྐྱེན་རོ་དྲུག་པོ་དེ་དག་ཀྱང་འབྱུང་བ་ལྔ་ལས་སྐྱེས་ཤིང་། འབྱུང་བ་ལྔ་པོ་ཐམས་ཅད་ཀྱང་གོ་སྐབས་འབྱེད་པར་བྱེད་པའི་ནམ་མཁའ་དང་། དེ་ལ་བརྟེན་པའི་བདེ་བ་ཡེ་ཤེས་ཀྱི་སྦྱོར་བས་རྟེན་དང་བརྟེན་པར། རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་གྱིས་སེམས་ཅན་གྱི་སྣང་ངོར་བརྟན་པ་ལྟ་བུར་འགྲུབ་པ་ཡིན་ནོ། །ཚུལ་འདི་ནི། དུས་འཁོར་བསྡུས་རྒྱུད་ལས། ལུས་འདི་ལ་ནི་ཁམས་ཀྱི་ཚོགས་སུ་མཐའ་དག་རོ་དྲུག་ཟོས་ཤིང་འཐུངས་པ་དག་ལས་འགྱུར་བ་སྟེ། །རོ་དྲུག་རྣམས་ཀྱང་འབྱུང་བ་ལས་ཏེ་རབ་གསལ་ངེས་པར་འབྱུང་བའི་ཚོགས་ཀྱང་ནམ་མཁའི་ཁམས་ལའོ། །སྟོང་པ་ལ་ནི་ཡེ་ཤེས་རྣམ་པར་བསྲེས་པ་རོ་མཉམ་འགྱུར་མེད་རྟག་པར་ཡང་ནི་འགྱུར་བ་སྟེ། དེ་ལྟར་འབྱུང་བ་ལ་གནས་ཞི་བ་རྣམ་གསུམ་སྲིད་པར་གནས་པ་རང་གི་ལུས་ལ་རིག་པར་བྱ། ཞེས་པ་རྩ་འགྲེལ་རྣམས་ཀྱི་དོན་ནོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། པདྨར་ཆུད་པའི་ས་བོན་ནི། །འཛིན་པ་ས་ཁམས་རང་བཞིན་ཏེ། །ཆུས་བསྐྱེད་མེ་ཡིས་སྨིན་པར་བྱེད། །རླུང་གིས་འཕེལ་བྱེད་ནམ་མཁའ་ཡིས། །གོ་སྐབས་འབྱེད་པར་བྱེད་པ་ཡིན། །ཞེས་པའོ། །གཉིས་པ་ནི། མངལ་དུ་དང་པོར་ལུས་འགྲུབ་པའི་ཚེ་ན། མའི་པདྨར་ཆུད་ཅིང་ཀུན་གཞིའི་རྣམ་ཤེས་ཀྱིས་བདག་ཏུ་བཟུང་བའི་ས་བོན་དཀར་དམར་གྱི་ཆ་གཉིས་པོ་འཛིན་ཞིང་བརྟེན་པར་བྱེད་པ་ནི་ས་ཁམས་ཀྱི་རང་བཞིན་དང་། དེ་ཉིད་ཆུས་བསྐྱེད་ཅིང་རླན་པར་བྱེད། མེས་སྨིན་ཞིང་དྲོ་བར་བྱེད། རླུང་གིས་གོང་ནས་གོང་དུ་འཕེལ་ཞིང་མི་རུལ་བར་བྱེད། ནམ་མཁས་དེ་དག་ཐམས་ཅད་ཀྱི་གོ་སྐབས་འབྱེད་ཅིང་བདེ་བར་བྱེད་དོ། །འདི་ནི་དུས་ཀྱི་འཁོར་ལོ་ལས། སྤྱན་རས་གཟིགས་ཀྱིས། ཇི་སྐད་དུ། མངལ་འཛིན་པ་ལ་སོགས་པ་གསུངས་པ། ས་བོན་ཞེས་པ་ལ་སོགས་པ་སྟེ། འདིར་དབང་པོ་གཉིས་ཀྱི་སྦྱོར་བ་ལས་གསང་བའི་པདྨར་ལྷུང་བའི་ཁུ་བ་དང་། བྷ་གའི་ཁྲག་གང་ཡིན་པ་དེ་ནི་ས་བོན་ཞེས་བརྗོད་དོ། །ས་བོན་དེ་ནི་འཛིན་མས་འཛིན་ཏེ། གསང་བའི་པདྨ་ལ་སའི་ཁམས་གང་ཡོད་པ་དེ་ཡིས་སོ་ཞེས་སོགས་རྒྱ་ཆེར་གསུངས་པ་རྣམས་ཀྱི་དོན་ཕྱིན་ཅི་མ་ལོག་པའོ། །གསུམ་པ་ལ། རྣམ་ཤེས་མངལ་དུ་འཇུག་ཚུལ་ལུང་དང་སྦྱར་བ། འཇུག་བྱེད་བར་དོའི་སྣང་བ་དང་བྱེད་ལས་བཤད་པ། མངལ་དུ་ཆགས་པའི་གནས་སྐབས་དང་པོར་རྣམ་ཤེས་ཇི་ལྟར་གནས་པའི་ཚུལ་བཤད་པ་དང་གསུམ་ལས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ཉིད་བསྐྱེད་པར་བྱེད་པ་ཡང་། །བོ་ལ་ཀཀྐོ་ལ་སྦྱོར་བས། །རེག་པ་སྲ་བ་བག་ཆགས་ཉིད། །ས་ནི་དེ་ལས་སྐྱེ་བར་འགྱུར། །བྱང་སེམས་ཁུ་བའི་རང་བཞིན་ལས། །ཆུ་ཡི་ཁམས་ནི་འབྱུང་བ་སྟེ། །བསྐྱོད་པ་ལས་ནི་དྲོད་སྐྱེ་སྟེ། །གཡོ་བ་རླུང་དུ་རབ་ཏུ་གྲགས། །བདེ་བ་ནམ་མཁའ་ཉིད་ཀྱི་ཁམས། །ལྔ་པོས་རྣམ་པར་ཤེས་པ་བསྐོར། །ཞེས་པའོ། །གཉིས་པ་ནི། ཁམས་དཀར་དམར་ཀུན་གཞི་དང་བཅས་པ་དེ་ཉིད་བསྐྱེད་པར་བྱེད་པ་ཡང་བོ་ལ་སྟེ། ཐབས་ཀྱི་རྡོ་རྗེ་དང་། ཀཀྐོ་ལ་ཞེས་པ་ཤེས་རབ་ཀྱི་པདྨ་གཉིས་པོ་ལྷན་ཅིག་ཏུ་སྦྱོར་བས། ཁམས་དཀར་དམར་ཕྲད་པའི་བདེ་བ་ཉམས་སུ་མྱོང་བའི་ཚེ་ན། བར་མ་དོའི་དྲི་ཟས་དེ་གཉིས་བདག་ཏུ་བཟུང་བ་ལས་རེག་པ་སྲ་བ་སའི་ཁམས་ཀྱིས་བག་ཆགས་དང་བཅས་པའི་དཀར་དམར་དེ་ཉིད་ལ་བདག་ཏུ་བཟུང་བས། ཐོག་མར་སའི་ཁམས་ནི་དེ་ལས་སྐྱེ་བར་འགྱུར་རོ། །བྱང་སེམས་དཀར་དམར་ཁུ་བའི་རང་བཞིན་ལས་འདི་ནི་ངའི་འོ་སྙམ་དུ་འཛིན་པས་རླན་པ་ཆུའི་ཁམས་ནི་འབྱུང་བ་ཡིན་ནོ། །དེ་དག་ཕན་ཚུན་ལྷན་ཅིག་ཏུ་བསྐྱོད་པ་ལས་ནི། དྲོད་མེའི་རང་བཞིན་ཁྲག་དང་བཅས་པ་སྐྱེ་སྟེ། དེའི་འོག་ཏུ་རྡོ་རྗེ་པདྨ་དང་ཁམས་བྱང་ཆུབ་ཀྱི་སེམས་རྣམ་པར་འགྱུར་བའི་གཡོ་བ་ལས་རླུང་འབྱུང་བར་རབ་ཏུ་གྲགས་སོ། །དེ་དག་ཐམས་ཅད་ཀྱང་རྟེན་ནམ་མཁའི་ཁམས་མེད་ན། གཡོ་བ་དང་འཕེལ་བ་ལ་སོགས་པའི་གོ་སྐབས་མི་རྙེད་པས་དེ་དག་གི་གོ་སྐབས་འབྱེད་ཅིང་བདེ་བར་བྱེད་པ་ནི་ནམ་མཁའ་ཉིད་ཀྱི་ཁམས་ཡིན་ནོ། །རྒྱུ་མཚན་དེའི་ཕྱིར་ས་ཆུ་མེ་རླུང་ནམ་མཁའི་ཁམས་ལྔ་པོ་དེས་བརྟེན་པ་ཀུན་གཞིའི་རྣམ་པར་ཤེས་བ་དེ་བསྐོར་ཏེ། རྟེན་ལུས་དང་བརྟེན་པ་སེམས་ཀྱི་ཚུལ་དུ་ཚེ་ཇི་སྲིད་བར་མི་འབྲལ་བར་བྱེད་པའོ། །འདི་དག་ཕྱི་ནང་གི་རྒྱས་བཤད་སྦྱང་གཞི་དང་བཅས་པ་ལྷ་གང་ཡིན་པ་དང་། ཡེ་ཤེས་གང་ཡིན་པའི་རང་བཞིན་རྣམས་ཇི་ལྟར་སྦྱོར་བའི་ཚུལ་ཡང་། ཇི་སྐད་དུ། ཧེ་བཛྭ་ལས། བོ་ལ་ཀཀྐོ་ལ་སྦྱོར་བས། །རེག་པས་སྲ་བའི་བག་ཆགས་ཀྱིས། །སྲ་བ་གཏི་མུག་ཆོས་ཀྱི་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་བརྗོད། །གང་ཕྱིར་བྱང་སེམས་གཤེར་བ་ཉིད། །གཤེར་བ་ཆུ་ཡི་ཁམས་སུ་བརྗོད། །ཆུ་ནི་མི་བསྐྱོད་གཟུགས་ཀྱི་ཕྱིར། །ཞེ་སྡང་འདྲེན་པ་མི་བསྐྱོད་པ། །གཉིས་ཀྱིས་བསྐྱོད་པའི་སྦྱོར་བ་ལས། །དྲོད་ནི་རྟག་ཏུ་སྐྱེ་བར་འགྱུར། །འདོད་ཆགས་དཔག་མེད་རྡོ་རྗེ་ཡིན། །འདོད་ཆགས་དྲོད་ལས་འབྱུང་བར་འགྱུར། །ཀཀྐོ་ལར་ནི་གང་ཞིག་སེམས། །དེ་ནི་རླུང་གི་རང་བཞིན་ཅན། །ཕྲག་དོག་དོན་ཡོད་གྲུབ་པ་ཡིན། །དོན་ཡོད་རླུང་ལས་འབྱུང་བ་ཉིད། །བདེ་བ་འདོད་ཆགས་ཁྲག་ཏུ་འགྱུར། །དགའ་བ་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་སེར་སྣ་རྡོ་རྗེར་འགྱུར། །སེར་སྣ་ནམ་མཁའ་ལས་བྱུང་ཉིད། །སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་གཟུགས་ཀྱིས་རྣམ་པར་མཚོན། །ཞེས་སོགས་རྒྱས་པར་གསུངས་པ་དང་། །དུས་ཀྱི་འཁོར་ལོ་ལས་ཀྱང་། །དེ་ལྟར་དུ་གསུངས་པས། །དོན་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། རྒྱུ་ནི་བར་དོའི་རྣམ་ཤེས་ཏེ། །བག་ཆགས་ཉོན་མོངས་ཅན་གྱི་ཡིད། །རླུང་གི་ངོ་བོས་གཟུགས་གཞན་མཐོང་། །དོན་ནི་ངེས་པར་མི་ཤེས་ཤིང་། །རླུང་ཙམ་གཅིག་བུ་རྨོངས་འདུ་བྱེད། །ཀུན་གཞིའི་རྣམ་ཤེས་བཀུག་ནས་ནི། །མངལ་འཇུག་བག་ཆགས་རྣམ་པར་སྤྱོད། །བག་ཆགས་ཉིད་ཀྱིས་རྣམ་ཤེས་བཟུང་། །ཞེས་པའོ། །གཉིས་པ་ནི། མངལ་དུ་འཇུག་པའི་རྒྱུ་ནི། སྲིད་པ་བར་དོའི་སེམས་ཅན་གྱི་རྣམ་པར་ཤེས་པ་སྟེ། བར་དོའི་སེམས་ཅན་དེ་ཡང་ཀུན་གཞིའི་སྟེང་གི་མངལ་དུ་སྐྱེ་བའི་བག་ཆགས་དང་བཅས་པའི་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་ངའམ་བདག་ཏུ་བཟུང་བའི་ཡིད་ཀྱི་ལུས་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ། རླུང་ལས་གྲུབ་པའི་རང་གི་ལུས་ཀྱི་ངོ་བོ་རྨི་ལམ་གྱི་གཟུགས་ལྟ་བུས་གཟུགས་གཞན་ཕ་མ་སྙོམས་པར་འཇུག་པའི་རྣམ་འགྱུར་མཐོང་ནས། དེར་སྐྱེ་བ་ལེན་པ་དང་མི་ལེན་པའི་དོན་ངེས་པར་མི་ཤེས་ཤིང་། རླུང་གི་ངོ་བོ་ཙམ་གྱི་ལུས་ལ་བརྟེན་པའི་ཤེས་པ་གཅིག་པུ་རྨོངས་བཞིན་དུ་དཀར་དམར་གྱི་ཆ་དེ་ལ་བདག་ཏུ་འཛིན་པའི་འདུ་བྱེད་ཀྱིས་ཀུན་གཞིའི་རྣམ་པར་ཤེས་པ་མངལ་དུ་དཀར་དམར་གྱི་ནང་དུ་བཀུག་ནས་ནི། དེའི་ཚེ་ཇི་ལྟར་དུ་འགྱུར་ཞེ་ན། མངལ་དུ་འཇུག་པ་དེའི་ཚེ་སྔོན་གྱི་བག་ཆགས་ཀྱི་དབང་གིས་སེམས་ཅན་ལ་ལ་ཆར་རླུང་ལ་སོགས་པས་བརྡས་པའི་སྣང་བ་བྱུང་ནས་དེར་སྐྱབས་བཙལ་བའི་རྣམ་པས་འཇུག་གོ །ལ་ལ་ཟས་ཀྱི་དྲི་རོ་ལ་ཆགས་ནས་ལོངས་སྤྱོད་པའི་རྣམ་པས་འཇུག ལ་ལ་ཁང་བཟང་ལ་སོགས་པར་ལྟད་མོ་ལ་སྤྱོད་པའི་རྣམ་པས་འཇུག །གང་ཕོར་སྐྱེ་བ་རྣམས་ནི་ཕ་ལ་སྡང་ཞིང་མ་ལ་ཆགས་པའི་རྣམ་པས་འཇུག་གོ །མོར་སྐྱེ་བ་རྣམས་ནི་ཕ་ལ་ཆགས་ཤིང་མ་ལ་སྡང་བའི་རྣམ་པས་ཉིང་མཚམས་སྦྱར་ཏེ་འཇུག་གོ །འདི་དག་ནི་མདོ་སྡེ་དུ་མ་ལས་གསུངས་པའི་དོན་སློབ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད་དུ་བསྡུས་པ་ལས། སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། །དེ་ནི་འཆི་བའི་སྔོན་རོལ་ཏེ། །སྐྱེ་བའི་སྐད་ཅིག་ཕན་ཆད་དོ། །རིས་མཐུན་ལྷ་མིག་དག་པས་མཐོང་། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །དབང་པོ་ཀུན་ཚང་ཐོགས་མེད་ལྡན། །མི་ཟློགས་དེ་ནི་དྲི་ཟའོ། །བློ་ནི་ཕྱིན་ཅི་ལོག་གྱུར་པས། །རྩེ་དགས་འགྲོ་བའི་ཡུལ་དུ་འགྲོ། །དྲི་དང་གནས་ལ་མངོན་འདོད་གཞན། །ཞེས་གསུངས་པ་དང་མཐུན། དེ་ནས་མངལ་དུ་སྔོན་གྱི་བག་ཆགས་ཉིད་ཀྱིས་དཀར་དམར་གྱི་དབུས་སུ་རྣམ་ཤེས་བཟུང་པ་ཡིན་ནོ། །གསུམ་པ་མངལ་དུ་ཆགས་པའི་གནས་སྐབས་དང་པོར་ཇི་ལྟར་གནས་པའི་ཚུལ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ཚེ་ཁུ་ཁྲག་ཞུས་ཐིགས་ལས། །འདྲེས་པ་རུ་ནི་གྱུར་པ་དང་། །ཀུན་གཞིའི་རྣམ་ཤེས་རྒྱུ་བཅས་པ། །ཇི་ལྟར་ཆང་རོས་མྱོས་པ་བཞིན། །ཞེས་པའོ། །གཉིས་པ་ནི། མངལ་དུ་ཞུགས་ཟིན་ནས་ཉིང་མཚམས་སྦྱར་མ་ཐག་པའི་སྐད་ཅིག་དང་པོ་ལ་རྣམ་ཤེས་རྒྱུ་དང་བཅས་པ་ཇི་ལྟར་དུ་འགྱུར་ཞེ་ན། དེའི་ཚེ་དཀར་ཆ་ཁུ་བ་དང་ཁྲག་ཞུ་བའི་ཐིགས་པ་ལས། ལྷན་ཅིག་ཏུ་འདྲེས་པ་རུ་ནི་གྱུར་པ་དང་། ཀུན་གཞིའི་རྣམ་ཤེས་རྒྱུ་དང་བཅས་པ་རྣམས་ཇི་ལྟར་ཆང་གིས་ར་རོ་ནས་མྱོས་པ་བཞིན་དུ། རྣམ་ཤེས་ཀྱི་ཚོགས་གཞན་རྣམས་མི་གསལ་ཞིང་ཀུན་གཞིའི་རྣམ་ཤེས་རྐྱང་བ། དེའི་དབུས་སུ་དྲན་པ་མེད་པར་བརྒྱལ་བ་བཞིན་དུ་གནས་སོ། །འདི་ལ་གསང་བ་འདུས་པར། དཀར་དམར་བར་དོ་དང་གསུམ་སྦྱང་བའི་ཕྱིར་དུ་དང་པོའི་མགོན་པོ་དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་པར་གསུངས་པ་རྒྱུའི་རྡོ་རྗེ་འཆང་ཟླ་བ་དང་ཉི་མ་ས་བོན་གྱི་རང་བཞིན་དུ་རྒྱུད་ཐམས་ཅད་ནས་གསུངས་ཤིང་། ཁྱད་པར་དུ་འདི་དག་ནི་རྡོ་རྗེ་ཕྲེང་བའི་གཞུང་ཚིག་ཇི་ལྟ་བ་བཞིན་ནོ། །སྐབས་འདིར་མངལ་དུ་འཇུག་པ་ལ་རིགས་བཞི་གསུངས་ཏེ། མི་དྲན་མི་ཤེས་བཞིན་དུ་འཇུག་ཅིང་གནས་ལ་སྐྱེ་བ་སོ་སྐྱེ་ཐ་མལ་པ་རྣམས་སོ། །ཤེས་ཤིང་དྲན་པས་མངལ་དུ་འཇུག་ཅིང་མི་དྲན་མི་ཤེས་པར་གནས་ཤིང་སྐྱེ་བ་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་། རྒྱུན་དུ་ཞུགས་པ་རྣམས་སོ། །ཤེས་ཤིང་དྲན་པས་འཇུག་ཅིང་སྐྱེ་ལ། མི་དྲན་མི་ཤེས་པར་གནས་པ་ནི། བྱང་ཆུབ་སེམས་དཔའ་ས་བདུན་པ་མན་ཆད་པ་རྣམས་དང་། རང་སངས་རྒྱས་དག་གོ། །ཐམས་ཅད་དུ་དྲན་ཤེས་བཞིན་དུ་མངལ་དུ་འཇུག་པ་དང་གནས་པ་དང་སྐྱེ་བ་ནི་བྱང་ཆུབ་སེམས་དཔའ་དག་པའི་ས་ལ་གནས་པ་རྣམས་ཡིན་ནོ། །ཞེས་མདོ་སྡེ་དུ་མ་ལས་འབྱུང་ངོ་། །སློབ་དཔོན་དབྱིག་གཉེན་གྱིས་མཛོད་དུ་ནི། །མངལ་དུ་འཇུག་པ་རྣམ་པ་གསུམ་གསུངས་ཏེ། ཇི་སྐད་དུ། མངལ་དུ་འཇུག་པ་གསུམ་དག་སྟེ། །འཁོར་ལོས་བསྒྱུར་དང་རང་འབྱུང་གཉིས། །ལས་སམ་ཡེ་ཤེས་སམ་གཉིས་ཀ །རྒྱ་ཆེའི་ཕྱིར་ན་གོ་རིམ་བཞིན། །ཞེས་གསུངས་པས་སོ། །འདི་དག་ནི་གནས་སྐབས་ཀྱི་སྦྱང་གཞི་ཡིན་ལ། དེ་སྦྱོང་བར་བྱེད་པ་ལ་བླ་ན་མེད་པའི་རྒྱུད་སྡེ་རྣམས་ལས་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་གསུངས་པ་ཡིན་ཏེ། དེ་སྐད་དུ། ཧེ་བཛྭ་ལས། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །བདུན་གྱི་བདུན་པ་མཉམ་ཉིད་ལྡན། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །མཁས་པས་ཆོ་གར་གསུངས་པ་ཡིས། །རྣམ་པ་ལྔ་པོ་སྒོམ་པ་ཉིད། །ཅེས་གསུངས་པའི་ཕྱིར། གཞན་ཡང་མ་རྒྱུད་དུ་མ་ལས། །གོང་བུ་ཆུ་དང་གཟུགས་དང་ནི། །གཟུགས་ལས་འདས་དང་རྣམ་པ་བཞི། །ཞེས་སོགས་བསྙེན་སྒྲུབ་ཡན་ལག་བཞི་དང་། རྡོ་རྗེ་ཆོ་ག་གསུམ་གྱིས་བསྐྱེད་པའི་ཚུལ་གསུངས་པ་རྣམས་ནི་བསྐྱེད་རིམ་གྱི་སྦྱང་གཞི་ལུས་སེམས་སྦྱང་བའི་ཐབས་སོ། །བཞི་པ་ལུས་སྐྱེ་བའི་རིམ་པ་བསྟན་པ་ལ། སྲོག་ཆེན་པོའི་རླུང་ཇི་ལྟར་འབྱུང་བའི་ཚུལ། ཟླ་བ་བཅུར་རྩ་རླུང་ཇི་ལྟར་འཕེལ་བའི་རིམ་པ་རྒྱས་པར་བཤད་པ། རྩ་རླུང་ཐིག་ལེ་རྫོགས་ནས་ཇི་ལྟར་སྐྱེ་བའི་ཚུལ་དང་གསུམ་ལས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཉོན་མོངས་ཅན་ཡིད་སྲོག་རླུང་ཉིད། །སྐད་ཅིག་ལ་ཡང་ཡང་དག་འགྲོ། །ཞེས་པའོ། །གཉིས་པ་ནི། གང་གི་ཚེ་མངལ་དུ་འཇུག་པ་དེའི་ཚེ། ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་དེ་མ་ཐག་ཏུ་དཀར་དམར་གཉིས་ཀྱི་དངས་མའི་དབུས་སུ་སྲོག་ཆེན་པོའི་རླུང་བསྐྱེད་ཅིང་འདུ་བྱེད་པར་འགྱུར་ཏེ། ལས་ཀྱི་རླུང་སྐད་ཅིག་སྐད་ཅིག་ལ་ཡང་ཡང་དག་པར་འཕྲོ་བར་བྱེད་ཅིང་བསྐྱེད་པར་བྱེད་དོ། །དེའི་ཚེ་སྐད་ཅིག་མ་དང་པོ་དེ་ཉིད་ནུར་ནུར་པོའི་ཐོག་མ་ཡིན་ལ། ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་དེ་དག་འདྲེས་པ་དེའི་ཚེ་སའི་བྱེད་ལས་ནི་སྡུད་པར་བྱེད། བརྟས་པར་བྱེད། ཆུས་བརྟན་པར་བྱེད། མེས་མི་རུལ་བར་བྱེད། རླུང་དང་ནམ་མཁས་གནས་སྐབས་གཞན་དང་གཞན་དུ་འབྱེད་པ་འདི་ནི། གསང་བ་འདུས་པར། དང་པོའི་མགོན་པོ་དེ་ཉིད་ཞེ་སྡང་རྡོ་རྗེ་ཞལ་གསུམ་པར་གྱུར་ཏེ། ཞེས་གསུངས་པའི་དོན་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་ལས་ཡིད་འདུ་བྱེད་པ་ལངས་པའི་དོན་ཡིན་ནོ། །གཉིས་པ་ཟླ་བ་བཅུར་རྩ་རླུང་ཇི་ལྟར་འཕེལ་བའི་རིམ་པ་རྒྱས་པར་བཤད་པ་ལ། ཟླ་བ་བཅུ་ཡོད་པ་ལས། ཟླ་བ་དང་པོ་ལ་བདུན་ཕྲག་བཞིར་ཇི་ལྟར་འཕེལ་བའི་ཚུལ་དང་། མཁྲང་འགྱུར་གྱི་ཞག་ལ་རྩ་རླུང་ཇི་ལྟར་འཕེལ་པའི་ཚུལ་གཉིས་ལས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ནུར་ནུར་མེར་མེར་ཏར་ཏར་པོ། །གོར་གོར་པོ་སྟེ་བདུན་ཕྲག་བཞི། །ལས་རླུང་གིས་དཀྲུག་སྡུད་པར་བྱེད། །ཅེས་པའོ། །གཉིས་པ་ནི། མངལ་དུ་འཇུག་པའི་ཞག་དང་པོ་ནས་བདུན་པའི་བར་སྲོག་ཆེན་པོའི་རླུང་གི་བྱེད་ལས་ཀྱིས་དཀར་དམར་སེམས་གསུམ་འདྲེས་པ་ནུར་ནུར་པོའི་གནས་སྐབས་དང་། བདུན་ཕྲག་གཉིས་པ་ལ་ཀུན་སྡུད་ཅེས་བྱ་བའི་རླུང་གིས་རྡུལ་ཕྲ་རབ་ཐམས་ཅད་ཀྱི་སྙིགས་མ་རྣམས་གཏོར་ཞིང་དངས་མ་རྣམས་སྡུད་པར་བྱེད་པས། སྤྲིས་མ་བཞིན་དུ་མེར་མེར་པོར་གྱུར་པའི་གནས་སྐབས་སོ། །བདུན་ཕྲག་གསུམ་པ་ལ། མཛོད་ཀ་ཞེས་བྱ་བའི་རླུང་གིས་དངས་སྙིགས་སོ་སོར་འབྱེད་ཅིང་སྡུད་པས། འཁྲེགས་པའི་རྣམ་པ་ཏར་ཏར་པོའི་གནས་སྐབས་སོ། །དེའི་འོག་ཏུ་བདུན་ཕྲག་བཞི་པར་རབ་ཏུ་འབྱེད་པ་ཞེས་བྱ་བའི་རླུང་གིས་དངས་སྙིགས་འབྱེད་སྡུད་བྱེད་པས་དབྱིབས་སུ་གྲུབ་པས་གོར་གོར་པོའི་གནས་སྐབས་ཏེ། དེ་ནས་བདུན་ཕྲག་ལྔ་པའི་ཞག་དང་པོར་ཐུག་པ་དང་། ཡང་དག་པར་སྡུད་པ་ཞེས་བྱ་བའི་རླུང་འབྱུང་སྟེ། ཁུ་ཁྲག་གི་རྡུལ་ཕྲ་རབ་ཀྱི་སྙིགས་མ་ཐམས་ཅད་གཏོར་ཞིང་དངས་མ་ཐམས་ཅད་ཡང་དག་པར་སྡུད་པར་བྱེད་པ་སྟེ། ཐམས་ཅད་ཀྱང་ལས་རླུང་གིས་དཀྲུག་ཅིང་སྡུད་པར་བྱེད་པ་ལས་བྱུང་བའོ། །རླུང་འདི་དག་བྱེད་ལས་དང་བཅས་པ་ནི་དགའ་བོ་མངལ་འཇུག་གི་མདོ་ལས་འབྱུང་ངོ་། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། མཁྲང་འགྱུར་ཞག་ནི་དང་པོ་ནས། །རང་སོར་ཕྱེད་དང་བཅུ་གསུམ་གྱི། །ཚད་ལྡན་དབུ་མ་སྲོག་རླུང་བཅས། །བསྐྱེད་ནས་སྙིང་དང་ལྟེ་བ་ཡི། །འཁོར་ལོ་རླུང་བཅུའི་རྟེན་ཆགས་ནས། །ཉ་ཡི་རྣམ་པ་ལྟ་བུར་འགྱུར། །ལྟེ་བར་མ་ཡི་རྩར་འབྲེལ་བས། །རླུང་ཁྲག་རྒྱས་པར་བྱེད་པར་འགྱུར། །ཞེས་པའོ། །གཉིས་པ་ནི། བདུན་ཕྲག་བཞི་རྫོགས་ནས་ཞག་ཉི་ཤུ་རྩ་དགུ་པ་དེ་ལ་མཁྲང་འགྱུར་གྱི་ཞག་ཅེས་བྱ་སྟེ། ལུས་སྔར་ལས་སྲ་ཞིང་འཁྲེགས་པའི་གནས་སྐབས་ཡིན་པས། དེའི་ཞག་དང་པོ་དེ་ལ་མངལ་དུ་ཆགས་པའི་སེམས་ཅན་དེ་ཉིད་ཀྱི་སོར་ཕྱེད་དང་བཅུ་གསུམ་གྱི་ཚད་དང་ལྡན་པའི་རྩ་དབུ་མ་སྲོག་ཆེན་པོའི་རླུང་དང་བཅས་པ་ཆགས་ཤིང་། དེས་བསྐྱེད་ནས། དེའི་འཁོར་ལོ་དག་ཏུ་རྩ་བའི་རླུང་ལྔ་དང་། ཡན་ལག་གི་རླུང་ལྔ་དང་བཅུའི་རྟེན་དུ་གྱུར་པ་སྙིང་གའི་རྩ་བཅུ་ཤིན་ཏུ་ཕྲ་བ་སྐྲའི་ཚད་ཙམ་ཆགས་པའོ། །དེའི་ཚེ་ཁྱབ་འཇུག་གི་འཇུག་པ་བཅུ་དང་སྦྱར་ན་ཉའི་རྣམ་པ་ལྟ་བུར་འགྱུར་རོ། །དེ་ནས་ལྟེ་བའི་རྩ་མའི་རོ་མ་དང་འབྲེལ་བས་རྩ་གནས་རྣམས་སུ་རླུང་ཁྲག་རྒྱས་པར་བྱེད་པར་འགྱུར་རོ། །འདི་དག་ནི་ཇི་སྐད་དུ། སྤྱན་རས་གཟིགས་འགྲེལ་ལས། འདིར་མངལ་དུ་ཟླ་བ་གཅིག་གི་བར་དུ་ཁྲག་དང་། ས་བོན་བདུད་རྩི་ལྔའི་རོར་འགྱུར་བ་རབ་ཏུ་སྐྱེའོ། །ཕྱི་ནས་ས་བོན་མྱུ་གུ་ཞེས་པ་ནི། དེ་ནས་ཟླ་བའི་མཇུག་ཏུ་བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུར་གྱུར་བ་སྙིང་གའི་གོ་སྐབས་སུ་རྣམ་པ་བཅུའི་རྩ་སྲོག་ལ་སོགས་པ་རླུང་རྣམས་ཀྱི་རྟེན་དུ་འགྱུར་ཏེ། དེ་དག་ཀྱང་ཤིན་ཏུ་ཕྲ་སྟེ་སྐྲའི་ཚད་དོ། །ལྟེ་བ་ལ་སྟེ་ལྟེ་བའི་ཕྱོགས་སུ་བརྒྱད་པ་བརྒྱད་དབྱུག་གུ་དྲུག་ཅུ་རྩ་བཞི་རྒྱུ་བར་བྱེད་པར་འགྱུར་རོ། །མ་གསུངས་ཀྱང་ཁྱིམ་གྱི་འཕོ་བ་བཅུ་གཉིས་ཀྱི་དབང་གིས་དྲུག་ཅུ་རྩ་བཞི་པོ་རྣམས་ཀྱི་རྟེན་དུ་གྱུར་བའི་རྩ་ཤིན་དུ་ཕྲ་བ་བཅུ་གཉིས་སུ་འགྱུར་ཏེ། དེ་བཞིན་དུ་ལྟེ་བའི་རྩ་སྔར་བརྗོད་པ་དེ་དག་ཐམས་ཅད་ནི་ཤིན་ཏུ་ཕྲ་བའོ། །ཞེས་གསུངས་པའི་དོན་ནོ། །འདིར་ནི་སེམས་ཀྱི་རྡོ་རྗེ་འཆང་ལས་ལུས་འགྲུབ་པ་ཁྱབ་འཇུག་ཏུ་གསུངས་པས། དེའི་གནས་སྐབས་དང་སྦྱར་ཚུལ་ཅུང་ཟད་བཤད་ན། ཕྱི་རོལ་དུ་ཁྱབ་འཇུག་ལ་འཇུག་པ་བཅུ་སྟེ། སྡོམས་སུ་བྱས་ན། ཉ་དང་རུས་སྦལ་ཕག་རྒོད་དང་། །མི་ཡི་སེང་གེ་མིའུ་ཐུང་དང་། །རཱ་མ་གཉིས་དང་ནག་པོ་དང་། །སངས་རྒྱས་རིགས་ལྡན་དག་དང་བཅུ། །ཞེས་པའོ། །དེ་ཡང་རྒྱ་མཚོ་ལུད་ནས་རིག་བྱེད་བཞི་ས་འོག་ཏུ་སོང་བ་ལ། ཁྱབ་འཇུག་ཉར་སྤྲུལ་ནས་འདོན་པ་དང་། འཇིག་རྟེན་འདི་ས་འོག་ཏུ་བྱིང་བ་ལ། །རུས་སྦལ་དུ་སྤྲུལ་ནས་བཏེག་པ་དང་། རྒྱ་མཚོ་བསྲུབས་ནས་ཉི་ཟླ་འདོན་པའི་ཚེ། ཕག་རྒོད་དུ་སྤྲུལ་ནས་རི་རབ་འདེགས་པ་དང་། འགྲོ་སྐྱོང་སེང་གེར་སྤྲུལ་ཏེ་དབང་ཕྱུག་ལ་དངོས་གྲུབ་བླངས་ནས་མི་མ་ཡིན་གསོད་པ་དང་། མིའུ་ཐུང་དུ་སྤྲུལ་ནས་ཞང་པོ་སྟོབས་ལྡན་ས་འོག་ཏུ་བཅུག་པ་དང་། ཛ་མ་ཨགྣེའི་བུ་རཱ་མར་སྤྲུལ་ནས་སྐྱབས་སེང་བུ་སྲིད་སྒྲུབ་ཀྱི་ལག་པ་བཅད་པ་དང་། རྒྱལ་པོ་ཤིང་རྟ་བཅུ་པའི་བུ་རཱ་མར་སྤྲུལ་ནས་སྲིན་པོ་དང་བུ་མོ་སི་ཏ་རྩོད་པ་ན། ཧ་ནུ་མ་ཏས་གྲོགས་བྱས་ནས་སྲིན་པོའི་མགོ་མདའ་སྟེ་ཁས་བཅད་པ་དང་། བྲམ་ཟེ་ནག་པོར་སྤྲུལ་ནས་ཚོང་ལ་སོགས་པ་འཇིག་རྟེན་ལུགས་ཀྱི་རྣམ་བཞག་དར་བར་མཛད་པ་དང་། སངས་རྒྱས་བཅོམ་ལྡན་འདས་སུ་སྤྲུལ་ནས། འགྲོ་བ་མང་པོ་ལ་ཆོས་བསྟན་པ་དང་། རིགས་ལྡན་གྲགས་པ་ཞེས་པ་མིའི་དབང་པོར་སྤྲུལ་ནས་རིགས་བཞི་གཅིག་ཏུ་མཛད་པ་རྣམས་སོ། །འདི་དག་ནི་བྱིས་པ་སླུ་བའི་དོན་དུ་དྲང་སྲོང་རྣམས་ཀྱིས་བཀོད་པའོ། །དེ་དང་ཐ་སྙད་མཐུན་པར། ནང་ལ་སྦྱར་བ་ནི། དེ་ལ་མངལ་བཟུང་བའི་ཉིན་ཞག་ནས་བརྩམས་ཏེ། ཟླ་བ་གཉིས་ཀྱི་བར་དུ་ཉ་རོ་ཧི་ཏའི་རྣམ་པར་གནས་པའི་ཕྱིར། ཉའི་གནས་སྐབས་སོ། །དེའི་རྗེས་ཐོག་ནས་ཟླ་བ་གཉིས་ཀྱི་བར་དུ་མགོ་བོ་དང་། ཡན་ལག་བཞི་སྟེ་འབུར་པོ་ལྔ་དོད་པས་ན་རུས་སྦལ་དང་འདྲ་བའི་ཕྱིར། རུས་སྦལ་གྱི་གནས་སྐབས་སོ། །དེའི་རྗེས་ཐོག་ནས་རྩ་བའི་ཉིན་ཞག་གི་བར་དུ་སྐྱེ་མཆེད་བཅུ་གཉིས་འབྱུང་ཞིང་། མའི་ཟས་ཀྱི་དངས་མ་ཟོས་ནས་ནང་དུ་གཤང་གཅི་འབྱུང་བས་ཕག་པ་དང་འདྲ་བའི་ཕྱིར། ཕག་པའི་གནས་སྐབས་སོ། །བཙའ་བའི་ཉིན་ཞག་ལ་མིའི་རྣམ་པས་གཞན་གྱི་ལྟོ་བ་འདྲལ་བར་བྱེད་པའི་ཕྱིར། མིའི་སེང་གེའི་གནས་སྐབས་སོ། །བཙས་ནས་སོ་སྐྱེ་བའི་བར་ནི་རྒྱལ་བས་མིའུ་ཐུང་ཡིན་ལ། སོ་སྐྱེས་ནས་སོ་མ་ལྷུང་བའི་བར་ནི། གཅོད་པར་བྱེད་པའི་མཚོན་རྣོན་པོ་ཐོགས་པ་ཉིད་ཀྱིས་དགྲ་སྟ་རཱ་མའི་གནས་སྐབས་ཡིན་ཞིང་། སོ་ལྷུང་ནས་ལོ་བཅུ་དྲུག་གི་བར་དུ་བུད་མེད་དང་འགྲོགས་པ་མེད་པས། རྒྱས་པ་རཱ་མའི་གནས་སྐབས་ཡིན་ལ། ལོ་བཅུ་དྲུག་ནས་སྐྲ་དཀར་སྐྱེས་པའི་བར་ནི་གཡོ་སྒྱུ་དང་ལྡན་ཞིང་ཞེ་བ་གནག་པའི་ཕྱིར། ནག་པོའི་གནས་སྐབས་ཡིན་ཞིང་། སྐྲ་དཀར་སྐྱེས་ནས་འཆི་བའི་ཉིན་ཞག་ལ་མ་ཐུག་པའི་བར་ནི། རང་གི་རིགས་ཀྱི་བུ་དང་ཚ་བོ་ལ་སོགས་པ་རྣམས་ལ་བྱ་བ་དང་བྱ་བ་མ་ཡིན་པའི་ཚུལ་འདོམས་པར་བྱེད་པས་སངས་རྒྱས་ཀྱི་གནས་སྐབས་དང་། འཆི་བའི་ཉིན་ཞག་ལ་ཁམས་ཐམས་ཅད་གཅིག་ཏུ་འདྲེས་པར་འགྱུར་བས། རིགས་ལྡན་གྱི་གནས་སྐབས་སོ། །གནས་སྐབས་འདི་དག་ནི། ཇི་སྐད་བསྡུས་རྒྱུད་ལས། གསང་བའི་པདྨར་ཁྲག་གི་ནང་དུ་གང་ཚེ་ལྷུང་བའི་བྱང་ཆུབ་ས་བོན་སྲོག་དང་བཅས་པ་དག །ཉ་དང་རུས་སྦལ་ཕག་པར་འགྱུར་ཏེ་མི་ཡི་སེང་གེ་མིའུ་ཐུང་རཱ་མ་རཱ་མ་དག་དང་ནི། །ནག་པོ་སངས་རྒྱས་མི་དབང་རྣམ་བཅུར་འགྱུར་ཏེ་འདི་དག་རྣམས་ཀྱང་གནས་སྐབས་རྣམ་པ་བཅུ་ཡིན་ནོ། །མངལ་དུ་གསུམ་སྟེ་དེ་བཞིན་བཙའ་བའི་དུས་སུ་གཅིག་དང་བྱིས་པའི་དུས་དག་ཏུ་ཡང་རྣམ་པ་གཉིས། གཞོན་ནུ་ལང་ཚོ་དག་ལ་གཞན་དུ་རབ་ཏུ་འགྱུར་ཏེ་རྒྱས་པ་གཅིག་དང་ཡང་དག་དེ་བཞིན་གཅིག། རྒན་པོ་ཉིད་ལ་ཞི་བ་གཅིག་སྟེ་མངལ་སྐྱེས་རྣམས་ཀྱི་སྲིད་པ་འཆི་བ་ཉིད་ནི་ཐ་མའོ། །ཞེས་པ་རྩ་འགྲེལ་གྱི་དོན་ནོ། །ཡང་། ལྷའི་གནས་སྐབས་རྣམ་པ་བཅུར་ཡང་འགྱུར་ཏེ། བྱིས་པ། གཞོན་ནུ། ལང་ཚོ། སྤྲོ་བ་དང་ལྡན་ཞིང་ཉམས་སྟོབས་དང་ལྡན་པ། སྤོབས་པ་དང་ལྡན་ཞིང་ཤེས་རབ་དང་ལྡན་པ། སྤྱོད་པའི་རང་བཞིན་ཅན་ཏེ་དྲན་པ་དང་ལྡན་པ། ཆོས་ལུགས་ཁོང་དུ་ཆུད་པ། རྒན་རབ་ཏུ་གྱུར་པ། རྒས་འཁོགས་པ། ཚེའི་མཐར་ཐུག་པ་དང་བཅུའོ། །ཚུལ་འདི་རྒྱས་པར་དགའ་བོ་མངལ་འཇུག་གི་མདོ་ལས་གསུངས་སོ། །ཟླ་བ་གཉིས་པ་ནི། དེ་ནས་ཟླ་བ་གཉིས་པ་ནས། ཞག་རེ་རྩ་ནི་ཉིས་བརྒྱ་ཆགས། །ཤེས་པའོ། །འདིའི་དོན་ནི། །ཉའི་རྣམ་པ་ལྟ་བུར་གྱུར་པའི་རྗེས་དེ་ནས། ཟླ་བ་གཉིས་པའི་ཉིན་ཞག་དང་པོར་ཟིན་པ་ནས་ཟླ་བ་བཅུ་གཉིས་ཀྱི་བར་དུ་ཞག་རེ་ལ། རྩ་ཉིས་བརྒྱ་རེ་ཆགས་སོ། །ཞེས་པའོ། །ཟླ་བ་དང་པོ་དང་གཉིས་པ་སྡོམས་པས་ཉའི་གནས་སྐབས་སོ། །འོག་ཏུ་སྡུད་རིམ་གྱི་སྐབས་སུ། །སྐྱེས་ནས་ལོ་གཅིག་བར་དུ་ནི། །ཞེས་པའང་། ཟླ་བ་གཉིས་པ་རྩ་སྐྱེས་པ་ནས་མགོ་འཛིན་པར་གོའོ། །ཟླ་བ་གསུམ་པ་ནི། སྲོག་ལས་ཐུར་སེལ་འཕྲོས་ནས་ནི། །རུས་སྦལ་རྣམ་པ་ལྟ་བུར་བྱེད། །ཟླ་བ་གསུམ་པར་གྱེན་རྒྱུ་ཡི། །རླུང་གིས་སྟོད་རྣམས་སྒྲུབ་པར་བྱེད། །ཅེས་པའོ། །འདིའི་དོན་ནི། ཟླ་བ་གཉིས་པ་རྫོགས་པའི་ཚེ། ཐོག་མར་སྲོག་རླུང་ལས་ཐུར་སེལ་འཕྲོས་ནས་གསང་བའི་འཁོར་ལོ་ཆགས་ཤིང་འོག་ཏུ་འབུར་པོ་གཅིག་དང་།གསུམ་པར་སླེབ་པ་དང་སྟེང་དུ་འབུར་པོ་གཅིག །ཟླ་བ་བཞི་པར་སླེབ་པ་དང་ཡན་ལག་བཞི་མགོ་དང་ལྔའི་གནས་སུ་འབུར་ཆེ་བ་ལྔ་འབྱུང་བས་རུས་སྦལ་གྱི་རྣམ་པ་ལྟ་བུར་གྱུར་པས་ན། རུས་སྦལ་གྱི་གནས་སྐབས་སོ། །ཟླ་བ་བཞི་པར་འཕེལ་ཚུལ་ནི། །བཞི་པར་ཁྱབ་བྱེད་རླུང་གིས་ནི། །ཡན་ལག་རྩ་རྣམས་སྣང་བར་བྱེད། །ཅེས་པའོ། །འདི་ཡང་ཟླ་བ་བཞི་པར་སླེབ་པ་དང་ཁྱབ་བྱེད་ཀྱི་རླུང་གིས་ཡན་ལག་གི་རྩ་རྣམས་བསྐྱེད་པས། ཡན་ལག་བཞི་མགོ་དང་ལྔའི་གནས་སུ་འབུར་པོ་ལྔ་འབྱུང་བས་རུས་སྦལ་གྱི་གནས་སྐབས་ཏེ། ཟླ་བ་གསུམ་པ་དང་བཞི་པ་གཉིས་ནི་རུས་སྦལ་གྱི་གནས་སྐབས་སོ། །ཟླ་བ་ལྔ་པར་འཕེལ་ཚུལ་ནི། །ལྔ་པར་མཉམ་གནས་རླུང་འཕྲོས་ནས། །ནང་གི་གནས་གཞན་སྒྲུབ་པར་བྱེད། །ཕག་རྒོད་སེང་གེའི་གནས་སྐབས་ཡིན། །མཉམ་གནས་ཁྱབ་བྱེད་གཉིས་སྟོབས་རྫོགས། །ལུས་ནི་མགུལ་དང་འདར་བར་འགྱུར། །དེ་དུས་རུས་ཚིགས་དུམ་བུ་ནི། །སུམ་བརྒྱ་དྲུག་ཅུ་ཆགས་པར་འགྱུར། །ཞེས་པའོ། །འདིའི་དོན་ནི། ཟླ་བ་ལྔ་པར་ཕྱིན་པ་ན་མཉམ་གནས་ཀྱི་རླུང་འཕྲོས་ནས་དོན་སྣོད་ལ་སོགས་པ་ནང་གི་གནས་གཞན་སྒྲུབ་པར་བྱེད་ཅིང་། ཟླ་བ་དྲུག་པར་ཕྱིན་པ་ན་མས་ཟས་ཟོས་པའི་དངས་མ་ཟ་བས་ནང་དུ་མི་གཙང་བ་འབྱུང་བའི་ཕྱིར། ཕག་རྒོད་ཀྱི་གནས་སྐབས་སུ་བརྗོད་ལ། སེང་གེའི་གནས་སྐབས་ནི། བཙའ་བའི་དུས་སུ་ཡིན་ཀྱང་། གཞུང་འདི་དག་རྡོ་རྗེ་ཕྲེང་བའི་རྒྱུད་ཚིག་ཡིན་པས་དགོངས་པ་ནི། ལུས་ཀྱི་དབྱིབས་ཐམས་ཅད་འདི་ནས་གྲུབ་པའི་ཕྱིར། ལྷན་ཅིག་བརྗོད་དམ་ཡང་ན་རྒྱུད་སོ་སོའི་དགོངས་པ་ཐ་དད་ཡིན་བརྟག་པར་བྱ་སྟེ། དོན་ལ་ནི་རྒྱུད་ཐམས་ཅད་དགོངས་པ་མཐུན་དགོས་སོ། །མཉམ་གནས་དང་ཁྱབ་བྱེད་གཉིས་ཀྱི་སྟོབས་རྫོགས་པ་དང་། ལུས་འགུལ་བ་དང་འདར་བའི་བྱ་བ་བྱེད་དོ། །དེའི་དུས་སུ་ལུས་ལ་རུས་ཚིགས་དུམ་བུ་སུམ་བརྒྱ་དྲུག་ཅུ་ཆགས་པར་འགྱུར་རོ། །རུས་ཚིགས་སུམ་བརྒྱ་དྲུག་ཅུ་ནི། དགའ་བོ་མངལ་དུ་འཇུག་པ་བསྟན་པའི་འདུས་པ་སྟེ་དཀོན་བརྩེགས་ཀྱི་ལེའུ་བཅུ་བཞི་པ་ལས། མགོ་ཐོད་རུས་པ་དགུ་འདུས་ཤིང་། །འགྲམ་པའི་རུས་པ་གཉིས་འབྲེལ་ཏེ། །སོ་ནི་སུམ་ཅུ་རྩ་གཉིས་ལྡན། །དེ་ཡི་རྩ་བའང་དེ་བཞིན་ནོ། །རྣ་རྩ་གཉའ་བའི་རུས་པ་དང་། །རྐན་དང་སྣ་ཡི་རུས་པ་དང་། །བྲང་དང་མིད་པའི་རུས་པ་ནི། །བསྡུས་ན་རུས་པ་ཉི་ཤུ་ཡོད། །མིག་ལ་རུས་པ་བཞི་ཡོད་དེ། །ཕྲག་པ་བྱིན་ལ་ཟུང་གཉིས་ཡོད། །ལག་པ་གཉིས་དང་སོར་མོ་རྣམས། །བསྡུས་ན་རུས་པ་ལྔ་བཅུ་ཡོད། །ལྟག་རྒྱབ་རུས་པ་བརྒྱད་ཡོད་དེ། །རྒལ་ཚིགས་ལས་ནི་སུམ་ཅུ་གཉིས། །འདི་དག་ཀུན་ལ་རྩ་ཡོད་པས། །དེ་ཡི་གྲངས་ནི་ཆ་བཞིར་འགྱུར། །རྩིབ་ལོགས་གཡས་པའི་རུས་པ་ནི། །ཕན་ཚུན་འབྲེལ་བ་བཅུ་གསུམ་ཡོད། །རྩིབ་ལོགས་གཡོན་འབྲེལ་སྐྱེ་བ་ཡི། །རུས་པ་དག་ནི་སུམ་ཅུ་ཡོད། །རུས་པའི་ལུ་གུ་རྒྱུད་འདི་དག །གསུམ་གསུམ་དག་ནི་ཕན་ཚུན་འབྲེལ། །གཉིས་གཉིས་དག་ནི་ཚིགས་ལྡན་ཏེ། །ལྷག་མ་གཞན་ནི་འབྲེལ་བ་མེད། །གཡས་གཡོན་བརླ་ནི་གཉིས་པོ་ལ། །བསྡུས་ན་རུས་པ་ལྔ་བཅུ་ཡོད། །ལུས་ནང་འབྲེལ་བའི་རུས་པ་ནི། །སྡོམས་ན་སུམ་བཅུ་རྩ་དྲུག་ཡོད། །ཅེས་གསུངས་སོ། །དགའ་བོ་མངལ་འཇུག་གི་མདོ་འདི་ལ་འགྱུར་ཁྱད་ཀྱིས་ཚིག་རིས་མི་གཅིག་པ་དུ་མ་འདུག་གོ །དེ་ཡན་ཆད་དུ་རྩ་བའི་རླུང་ལྔའི་བྱེད་ལས་རྫོགས་པ་ཡིན་ནོ། །དེ་ནས་ཟླ་བ་དྲུག་པར་འཕེལ་ཚུལ་ནི། དེ་ལྟར་ཕུང་པོ་ལྔ་རྫོགས་ནས། །ཟླ་བ་དྲུག་པར་ཕྱིན་པ་ན། །ཀླུ་ཡི་རླུང་གིས་སྟོབས་བསྐྱེད་ནས། །ས་ཁམས་ཆ་ལས་མིག་གཉིས་བསྐྱེད། །ཅེས་པའོ། །འདིའི་དོན་ཡང་། རྣམ་ཤེས་དང་འདུ་བྱེད་ཀྱི་ཕུང་པོ་གཉིས་ནི་ཟླ་བ་གསུམ་པ་ཕན་ཆད་དུ་རྫོགས་ཤིང་། འདུ་ཤེས་དང་། ཚོར་བ་དང་། གཟུགས་ཀྱི་ཕུང་པོ་གསུམ་ནི། ཟླ་བ་བཞི་པ་དང་ལྔ་པ་གཉིས་ལ་རྫོགས་པས། དེ་ལྟར་ཕུང་པོ་ལྔ་རྫོགས་ཟིན་པའི་རྗེས་སུ། ཟླ་བ་དྲུག་པ་ནས་བཟུང་སྟེ་ཟླ་བ་བཅུའི་བར་དུ་ཡན་ལག་གི་རླུང་ལྔའི་སྟབས་དང་བྱེད་ལས་འཕེལ་ཚུལ། ཐབས་ཤེས་ཀྱི་སྒོ་ནས་བསྟན་པ་ནི། ཟླ་བ་དྲུག་པར་ཕྱིན་པ་ན་ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་ཀླུའི་རླུང་གི་སྟོབས་ཀྱིས་བསྐྱེད་ནས་ས་ཁམས་ཀྱི་ཆར་གྱུར་པའི་མིག་གཉིས་བསྐྱེད་པ་ཡིན་ནོ། །འདི་ནི་ཡེ་ཤེས་དང་ས་གཉིས་ཐབས་ཤེས་སུ་བསྟན་པའོ། །ཟླ་བ་བདུན་པར་འཕེལ་ཚུལ་ནི། དེ་ནས་བདུན་པར་རུས་སྦལ་རླུང་། །སྤྲོས་ནས་ཆུ་ཁམས་རྣ་བུག་དོད། །ཅེས་སོ། །འདི་ཡང་དྲུག་པར་མིག་དོད་པའི་རྗེས་ནས་ཟླ་བ་བདུན་པར་ཕྱིན་པ་ན། རླུང་ཁམས་རུས་སྦལ་གྱི་རླུང་གིས་ཆུ་ཁམས་རྣ་བའི་བུག་པ་དོད་པར་བྱེད་དེ། འདི་ནི་ཆུ་རླུང་ཐབས་དང་ཤེས་རབ་བོ། །ཟླ་བ་བརྒྱད་པར་འཕེལ་ཚུལ་ནི། །བརྒྱད་པར་མེ་ཁམས་སྣ་བུག་བྱེད། །དེ་ཚེ་རྩངས་པའི་རླུང་སྤྲོའོ། །ཞེས་སོ། །དེ་ཡང་ཟླ་བ་བརྒྱད་པར་ཕྱིན་པ་ན་མེ་ཁམས་རྩངས་པའི་རླུང་གིས་རླུང་ཁམས་ཀྱི་སྣ་བུག་བསྐྱེད་པར་བྱེད་དེ། །དེའི་ཚེ་རྩངས་པའི་རླུང་སྤྲོ་ཞེས་པ་ནི། སྤྲོས་ནས་སྣ་བུག་བསྐྱེད་པའི་དོན་ནོ། །འདི་ནི་མེ་རླུང་ཐབས་ཤེས་སོ། །དགུ་པར་འཕེལ་ཚུལ་ནི། །དགུ་པར་ལྷ་སྦྱིན་རླུང་འབྱུང་སྟེ། །རོ་ཅན་ལྕེ་ནི་བསྐྱེད་པར་བྱེད། །ཅེས་པའོ། །དེ་ནི་ཟླ་བ་དགུ་པར་ཕྱིན་པ་དང་ཆུ་ཁམས་ལྷ་སྦྱིན་གྱི་རླུང་གི་སྟོབས་བསྐྱེད་ནས་མེ་ཁམས་ཀྱི་ལྕེ་བསྐྱེད་པར་བྱེད་དེ། དེ་ཡང་ཟླ་བ་བརྒྱད་པའི་བར་དུ་ལྕེ་མ་སྐྱེས་པས་དགུ་པར་ཕྱིན་པ་དང་མའི་གཡས་རོ་མ་དང་འབྲེལ་ཏེ་ལྕེ་བསྐྱེད་པར་བྱེད་དོ། །འདི་ནི་ཆུ་མེ་ཐབས་དང་ཤེས་རབ་ཏུ་སྦྱོར་བའོ། །བཅུ་པར་འཕེལ་ཚུལ་ནི། བཅུ་པར་ནོར་ལས་རྒྱལ་གྱི་རླུང་། །བསྐྱེད་ནས་རླུང་བཅུའི་ནུས་པ་རྫོགས། །ཤེས་པའོ། །འདི་ནི་ཟླ་བ་བཅུ་པར་ཕྱིན་པ་ན་ས་ཁམས་ནོར་ལས་རྒྱལ་གྱི་རླུང་གི་སྟོབས་ཀྱིས་རླུང་ཁམས་ལུས་ཀྱི་དབང་པོ་རེག་བྱའི་ཕྱོགས་གཅིག་འཛིན་ནུས་སུ་བསྐྱེད་པར་བྱེད་དོ། །དེ་ཡང་ས་རླུང་ཐབས་ཤེས་སུ་འགྱུར་རོ། །འདི་དག་ཀྱང་ཞིབ་ཏུ་ཕྱེ་ན། །སྙིང་ག་ནས་འབྲེལ་བའི་སུམ་བསྐོར་མ་ལ་སོགས་པ་ཡན་ལག་གི་རླུང་བསྐྱེད་པའི་རྩ་རྣམས་མིག་གི་དབང་པོ་ཟར་མའི་མེ་ཏོག་ལྟ་བུར་འབྲེལ་ནས་གཟུགས་འཛིན་ནུས་སུ་བྱེད་པ་ནས། ལུས་ཀྱི་དབང་པོ་བྱ་རེག་འཇམ་གྱི་ལྤགས་པ་ལྟ་བུར་འབྲེལ་ནས། རེག་བྱའི་ཕྱོགས་གཅིག་འཛིན་ནུས་སུ་བསྐྱེད་པ་རྣམས་ནི་ཡན་ལག་གི་རླུང་ལྔའི་བྱེད་ལས་སུ་བསྟན་པའོ། །འདི་ནི་རྒྱུ་འབྲས་ཀྱི་ཐབས་ཤེས་སུ་གོ་བར་བྱའོ། །གཞུང་འདི་དག་རྡོ་རྗེ་ཕྲེང་བའི་རྒྱུད་ཚིག་ཏུ་སྣང་བས་རླུང་གིས་ལུས་བསྐྱེད་ཚུལ་མཐུན་ཀྱང་། རླུང་དང་སྐྱེ་མཆེད་འདི་དག་གི་ཁམས་དང་ཐབས་ཤེས་སུ་སྦྱར་ཚུལ་དུས་ཀྱི་འཁོར་ལོ་དང་ཅུང་ཟད་མི་མཐུན་ལ། འདི་དག་ནི་གསང་བ་འདུས་པར། སའི་ཁམས་ལྟ་བུ་གཅིག་ལ་ཡང་འབྱུང་བ་ལྔ་ག་ཚང་བར་བསྟན་ནས། རིགས་གཅིག་ནས་རིགས་བརྒྱའི་བར་དུ་ཕྱེ་ཚུལ་དང་། ཐབས་ཤེས་སུ་སྦྱོར་ཚུལ་རྡོ་རྗེ་ཕྲེང་བར་གསུངས་པ་དང་མཐུན་ཞིང་། ཧེ་བཛྭ་ལས། སྐྱེ་མཆེད་བྱིན་གྱིས་བརླབ་པའི་སྐབས་སུ། མིག་ལ་གཏི་མུག་རྡོ་རྗེ་མ། །རྣ་བར་ཞེ་སྡང་རྡོ་རྗེ་མ། །སྣ་ལ་སེར་སྣ་མ་ཞེས་བཤད། །ཁ་ལ་འདོད་ཆགས་རྡོ་རྗེ་མ། །ལུས་ལ་ཕྲག་དོག་རྡོ་རྗེ་མ། །ཡིད་ལ་བདག་མེད་རྣལ་འབྱོར་མ། །ཞེས་ཇི་སྐད་བཤད་པའི་སྐྱེ་མཆེད་ཀྱི་ཁམས་དང་མཐུན་པའི་ལྷ་མོ་བཤད་པ་དང་མཚུངས་སོ། །དེ་ཡང་ལུས་དང་བསམ་པའི་ཐབས་ཤེས་སུ་སྦྱར་ན། །མིག་གིས་མེ་ལས་སྐྱེས་པའི་གཟུགས་འཛིན་པ་དང་། རྣ་བས་ནམ་མཁའ་ལས་སྐྱེས་པའི་སྒྲ་འཛིན་པ་དང་། སྣས་ས་ལས་སྐྱེས་པའི་དྲི་འཛིན་པ་དང་། ལྕེས་ཆུ་ལས་སྐྱེས་པའི་རོ་འཛིན་པ་དང་། ལུས་ཀྱིས་རླུང་ལས་སྐྱེས་པའི་རེག་བྱ་འཛིན་པ་རྣམས་ནི་ལུས་དང་བསམ་པའི་ཐབས་དང་ཤེས་རབ་ཡིན་ནོ། །འདིར་ཟླ་བ་བཅུའི་བར་དུ་ཟླ་བ་རེ་རེར་རླུང་བཅུའི་ནུས་པ་འཕེལ་ཚུལ་བཤད་ནས། འོག་ཏུ་རླུང་གི་སྐབས་སུ། སྡུད་པ་ལོ་ནི་བཅུ་བཅུར་བཤད། །ཅེས་རྡོ་རྗེ་ཕྲེང་བར་སྟོན་པའི་ཚུལ་ནི་དེ་ཉིད་དུ་བཤད་པར་བྱའོ། །གསུམ་པ་རྩ་རླུང་ཐིག་ལེ་རྫོགས་ནས་ཇི་ལྟར་སྐྱེ་བའི་ཚུལ་ལ། མངལ་དུ་ཆགས་པའི་རྩའི་གྲངས་བཤད་པ། ཟས་ལ་སྤྱོད་པའི་དུས་བསྟན་པ། ཚོར་བ་ཉམས་སུ་མྱོང་བའི་ཚུལ་བཤད་པ། མངལ་ནས་ཇི་ལྟར་སྐྱེ་བའི་ཚུལ་བཤད་པ་དང་བཞི། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ལྟར་ཁམས་དང་སྐྱེ་མཆེད་རྫོགས། །ཟླ་རེ་དྲུག་སྟོང་རྩ་ཆགས་པས། །མངལ་དུ་སྟོང་ཕྲག་ལྔ་བཅུ་བཞི། །སྐྱེས་ནས་ཟླ་བ་གསུམ་པ་ན། །སྟོང་ཕྲག་བདུན་ཅུ་རྩ་གཉིས་རྫོགས། །ཤེས་པའོ། །གཉིས་པ་ནི། གོང་དུ་ཟླ་བ་བཅུར་རྩ་བ་དང་ཡན་ལག་གི་རླུང་བཅུས་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ཡོངས་སུ་རྫོགས་ཚུལ་བཤད་པ་དེ་ལྟར་ཁམས་དང་སྐྱེ་མཆེད་རྫོགས་པར་བཤད་ཟིན་ནས། ད་ནི་མངལ་དུ་ཆགས་པའི་རྩའི་གྲངས་ངོས་བཟུང་ན་སྟོང་ཕྲག་ལྔ་བཅུ་རྩ་བཞིར་འགྱུར་ཏེ། མངལ་དུ་རྩ་ཆགས་པའི་ཟླ་བ་གཉིས་པ་ནས་བཟུང་སྟེ། བཙས་པའི་བར་ཟླ་བ་རེ་རེ་ལ་རྩ་དྲུག་སྟོང་རེ་ཆགས་པའི་ཕྱིར། མངལ་ནས་ཕྱི་རོལ་དུ་སྐྱེས་ནས་ཟླ་བ་གསུམ་པར་ཕྱིན་པ་ན། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྫོགས་པ་ཡིན་ཏེ། སྐྱེས་ནས་ཟླ་བ་གསུམ་གྱི་རྩ་གྲངས་སྡོམས་པས་ཁྲི་བརྒྱད་སྟོང་འབྱུང་ཞིང་། དེ་མངལ་གྱི་སྟོང་ཕྲག་ལྔ་བཅུ་རྩ་བཞི་དང་བསྲེས་པས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འགྱུར་བའི་ཕྱིར། གཉིས་པ་ནི། དགུ་པ་ནས་ནི་མི་གཙང་ཟ། །དེ་ནས་སྙིགས་མའི་ཁམས་འབྱུང་ངོ་། །ཞེས་པ་སྟེ། དེའི་དོན་ནི་ཟླ་བ་བརྒྱད་ཀྱི་བར་དུ་རོ་འཛིན་པར་བྱེད་པའི་ལྕེ་མ་སྐྱེས་པས། དགུ་པར་ཕྱིན་པ་ན་ལྕེ་སྐྱེས་ནས་མི་གཙང་བ་ཟ་སྟེ། དེའི་ཚེ་ན་ནང་དུ་སྙིགས་མའི་ཁམས་གཤང་གཅི་འབྱུང་བ་ཡིན་ནོ། །འདི་ཡང་ཇི་སྐད་དུ། བསྡུས་རྒྱུད་ལས། ཟླ་བའི་མཇུག་ཏུ་ཉིན་ཞག་སོ་སོའི་དབང་གིས་སྟོང་པ་སྟོང་པ་མིག་གི་གྲངས་ནི་སྐྱེ་བ་སྟེ། གནད་དང་རུས་པ་རྐང་དང་རོ་འཛིན་དང་ནི་གཅི་བ་གཤང་བ་རྣམས་ཀྱང་བརྒྱད་པ་དག་ལ་འགྱུར། ཞེས་གསུངས་པའི་དོན་ནོ། །གོང་དུ་མི་གཙང་བ་ལ་སྤྱོད་པ་ཕག་པའི་གནས་སྐབས་སུ་བཤད་ཀྱང་། དེ་དུས་ལྕེ་མ་སྐྱེས་པས་བཀྲེས་སྐོམ་གྱི་ཚོར་བ་འབྱུང་བའི་སྒོ་ནས་ཟས་ལ་ལོངས་སྤྱོད་པ་ནི་མེད་དོ། །གསུམ་པ་ནི། བཀྲེས་སྐོམ་རླུང་གི་ཚོར་བ་ཡིས། །སྡུག་བསྔལ་དྲག་པོ་མྱོང་བར་འགྱུར། །ཞེས་པའོ། །དེ་ནི་དེའི་ཚེ་མ་དང་ཟས་སྐོམ་ལ་ལྷན་ཅིག་ཏུ་ལོངས་སྤྱོད་དགོས་པས། ཟས་སྐོམ་དཀོན་པའི་ཚེ་ན་བཀྲེས་པ་དང་སྐོམ་པའི་ཚོར་བ་སྡུག་བསྔལ་ཉམས་སུ་མྱོང་ཞིང་། དོག་པའི་སྣང་བ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་བྱུང་ནས་སྐྱེ་བར་འདོད་པ་སྟེ། འདི་ཡང་། དུས་ཀྱི་འཁོར་ལོར། བུག་པ་ཞེས་ལ་བཙའ་བའི་དུས་སུ་སྐྱེ་གནས་ཀྱིས་ནི་བཅིར་བདག་གིས་སྡུག་བསྔལ་དྲག་པོའོ། །མངལ་དུ་མངལ་ན་གནས་པའི་སྡུག་བསྔལ་བཙའ་བའི་དུས་དང་བྱིས་པའི་དངོས་པོ་ལ་ཡང་སྡུག་བསྔལ་ཏེ། ཞེས་གསུངས་པའི་དོན་ནོ། །འདི་ཡན་ཆད་ཕག་པའི་གནས་སྐབས་སོ། །བཞི་པ་ནི། དེ་ཚེ་འབྱིན་པའི་རླུང་གིས་ནི། །བསྒྱུར་ནས་སྐྱེ་བར་བྱེད་པ་ཡིན། །མི་ཡི་སེང་གེའི་གནས་སྐབས་སོ། །ཞེས་པའོ། །དེ་ནི་ཕྱི་རོལ་དུ་སྐྱེ་བའི་དུས་ལ་བབ་པ་དེའི་ཚེ། མགོ་བོ་སྟེང་དུ་ཕྱོགས་ཏེ་གནས་ཡོད་པ་ལས། འབྱིན་པར་བྱེད་པའི་རླུང་གིས་བསྒྱུར་ནས། ཕྱི་རོལ་དུ་སྐྱེ་བར་བྱེད་པ་ཡིན་ཏེ། འདི་ནི་མིའི་སེང་གེའི་གནས་སྐབས་སོ། །ཡང་། འདི་དག་ལ་དགའ་བོ་མངལ་འཇུག་གི་མདོ་དང་མཐུན་པར་ཞིབ་དུ་དབྱེ་ན། བདུན་ཕྲག་བཞི་བཅུ་ཞེ་གསུམ་དུ་འགྱུར་ཏེ། དེ་ཡང་བདུན་ཕྲག་ལྔ་ནི་གོང་དུ་ནུར་ནུར་པོ་ནས། མཁྲང་འགྱུར་གྱི་ཞག་བདུན་ན་རྫོགས་ཟིན་པ་ཡིན་ལ། བདུན་ཕྲག་སུམ་ཅུ་སོ་བརྒྱད་ནི་མཁྲང་འགྱུར་རྫོགས་ནས། བཙའ་བའི་བར་ཟླ་བ་དགུར་བརྩི་བར་བྱ་སྟེ། དེ་ལ་བདུན་ཕྲག་དྲུག་པར་ཡན་ལག་གི་རྩ་བའི་རྩ་སྒྲུབ་པར་བྱེད་པའི་རླུང་ནི་རྒྱ་ཆེན་པོ་ཞེས་བྱ་བའི་ཟས་རླུང་ངོ་། །བདུན་པར་འཁྱིལ་བའི་རླུང་གིས་ཉིང་ལག་གི་རྩ་འགྲུབ་པར་བྱེད་དོ། །བརྒྱད་པར་བཟློག་ཅིང་བསྒྱུར་བའི་རླུང་ཞེས་བྱའོ། །དགུ་པར་དབང་པོའི་སྒོ་སྒྲུབ་པར་བྱེད་པའི་རླུང་ནི་རྣམ་འབྱེད་དོ། །བདུན་ཕྲག་བཅུ་པར་ནི་ཀུན་ནས་སྒོ་དང་སྲ་བ་ཞེས་བྱ་བ་གཉིས་འབྱུང་ངོ་། །བཅུ་གཅིག་པ་བུ་ག་འབིགས་པར་བྱེད་པ་རྡོ་རྗེའི་རླུང་ངོ་། །བཅུ་གཉིས་པར་ཡོན་པོའི་སྒོ་ཞེས་བྱ་བ་ཡོད་པའི་སྒོའོ། །བཅུ་གསུམ་པར་བཀྲེས་སྐོམ་རླུང་ཞེས་བྱའོ། །བཅུ་བཞི་པར་སྡུད་པའི་སྒོ་ཞེས་བྱ་བས་རྩ་རྒྱུས་འཕེལ་བར་བྱེད་དོ། །བཅོ་ལྔ་པར་པདྨའི་རླུང་གིས་རྩ་བརྒྱད་ཁྲིའི་སྟོབས་བསྐྱེད་དོ། །བཅུ་དྲུག་པར་བདུད་རྩིའི་རླུང་གིས་སྐྱེ་མཆེད་རྣམ་པར་འཇོག་ཅིང་ཟས་ལེགས་པར་ཞུ་བ་དང་དབུགས་བདེ་བར་འབྱུང་བར་བྱེད་དོ། །བཅུ་བདུན་པ་ལ་འབྲི་གདོང་གི་རླུང་གིས་དབང་པོ་རྣམས་སྨིན་པར་བྱེད་དོ། །བཅོ་བརྒྱད་པ་ལ་དྲི་མ་མེད་པ་ཞེས་བྱ་བའམ་བརྟན་པར་འགྱུར་བའི་རླུང་གིས་དབང་པོ་རྣམས་དང་བར་བྱེད་དོ། །བཅུ་དགུ་པ་ལ་སྔ་མའི་རླུང་དེ་ཉིད་ཀྱིས་ལུས་སྲོག་ཡིད་ཀྱི་དབང་པོ་གསུམ་རྫོགས་པར་བྱེད་དོ། །ཉི་ཤུ་པ་ལ་ཤིན་ཏུ་སྲ་བའམ་བརྟན་པའི་རླུང་གིས་རུས་པ་བསྐྱེད་དོ། །ཉི་ཤུ་རྩ་གཅིག་པ་ལ་ཡང་དག་པར་བསྐྱེད་པའི་རླུང་གིས་ཤ་བསྐྱེད་དོ། །ཉི་ཤུ་རྩ་གཉིས་པ་ལ་ཀུན་དུ་རྒྱལ་བའི་རླུང་གིས་ཁྲག་བསྐྱེད་དོ། །ཉི་ཤུ་རྩ་གསུམ་པ་ལ་ཡོངས་སུ་དག་པར་འཛིན་པའི་རླུང་གིས་ལྤགས་པ་བསྐྱེད་དོ། །ཉི་ཤུ་རྩ་བཞི་པ་ལ་ཀུན་དུ་འཕྱོ་བའམ་སྤྲིན་འཛིན་གྱི་རླུང་གིས་བརྐྱང་བསྐུམ་དང་མདོག་གསལ་བར་བྱེད་དོ། །ཉི་ཤུ་རྩ་ལྔ་པ་ལ་གྲོང་ཁྱེར་འཛིན་གྱི་རླུང་གིས་ཤ་ཁྲག་དང་བར་བྱེད་དོ། །ཉི་ཤུ་རྩ་དྲུག་པ་ལ་སྐྱེ་བ་མངོན་པར་འགྲུབ་པའི་རླུང་གིས་སྐྲ་དང་སྤུ་དང་སེན་མོའི་རྩ་བསྐྱེད་དོ། །ཉི་ཤུ་རྩ་བདུན་པར་སྨན་ཡོན་ཆེན་པོའི་རླུང་གིས་སྐྲ་དང་སྤུ་དང་སེན་མོ་རྫོགས་པ་དང་ལས་ཀྱི་འབྲས་བུའི་ལུས་སྣ་ཚོགས་གསལ་བར་བྱེད་དོ། །ཉི་ཤུ་རྩ་བརྒྱད་པ་ལ་ཕྱིན་ཅི་ལོག་གི་རླུང་གིས་འདུ་ཤེས་བརྒྱད་བསྐྱེད་དོ། །ཉི་ཤུ་རྩ་དགུ་པ་ལ་མེ་ཏོག་ཕྲེང་གི་རླུང་གིས་ལྤགས་པའི་མདོག་གསལ་བར་བྱེད་དོ། །སུམ་ཅུ་པ་ལ་ལྕགས་ཀྱི་སྒོའི་རླུང་གིས་སྐྲ་དང་སྤུ་དང་སེན་མོ་འཕེལ་ཞིང་གསལ་བར་བྱེད་དོ། །སུམ་ཅུ་རྩ་གཅིག་པ་ལ་མངལ་ན་གནས་པ་ཆེར་བསྐྱེད་པ་དང་། སུམ་ཅུ་རྩ་གཉིས་པ་དང་རྩ་གསུམ་པ་དང་རྩ་བཞི་པ་རྣམས་ལའང་འཕེལ་བར་བྱེད་ཅིང་། སུམ་ཅུ་རྩ་ལྔ་པ་ལ་ཡན་ལག་དང་ཉིང་ལག་ཐམས་ཅད་རྫོགས་པ་དང་། སུམ་ཅུ་རྩ་དྲུག་པ་ལ་མངལ་དུ་མི་དགའ་བའི་འདུ་ཤེས་འབྱུང་སྟེ། སུམ་ཅུ་རྩ་བདུན་པ་ལ་མི་གཙང་བ་དང་། དྲི་མི་ཞིམ་པ་དང་། བཙོན་ར་དང་། མུན་ནག་དང་། ཡོངས་སུ་སྐྱོ་བས། ཕྱིར་འབྱུང་བའི་འདུ་ཤེས་འབྱུང་ངོ་། །སུམ་ཅུ་རྩ་བརྒྱད་པ་ལ་ཐོགས་པའི་རྐྱེན་གྱི་རླུང་གིས་མགོ་མཇུག་བསྒྱུར་ནས། ཁ་འཐུར་དུ་བལྟ་བའི་རླུང་གིས་ཐུར་དུ་འབྱུང་བར་བྱེད་དོ། །འདིར་སུམ་ཅུ་རྩ་གཅིག་པ་ནས་རླུང་མིང་མ་སྨོས་པ་རྣམས་ཀྱི་རླུང་ནི་ཐོགས་པའི་རྐྱེན་ཡིན་པར་རང་འགྲེལ་ལས་བཤད་ཅིང་། སྐྱེས་ནས་ཞག་བདུན་ན་སྲིན་བུའི་རིགས་བརྒྱད་ཁྲི་འགྲུབ་པ་སོགས་དགའ་བོ་མངལ་འཇུག་གི་མདོ་གཉིས་ཀར་གསུངས་སོ། །གསུམ་པ་མཇུག་བསྡུ་བ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ལྟར་ཕུང་པོ་ཁམས་སྐྱེ་མཆེད། །རྩ་རླུང་ཐིག་ལེ་ལས་གྲུབ་པ། །དྲི་མར་བཅས་པའི་སེམས་ཉིད་ལས། །བྱུང་སྟེ་དྲི་བཅས་སྤྲུལ་སྐུར་གསུངས། །ཤེས་པའོ། །གཉིས་པ་ནི། འདིར་རྡོ་རྗེ་ཐེག་པ་བླ་ན་མེད་པར་སྐྱེ་བ་སངས་རྒྱས་སྤྲུལ་པའི་སྐུར་གསུངས་པས། དེའི་དོན་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་རིམ་གྱིས་རྫོགས་ནས་སྐྱེ་བ་ནི་དྲི་མ་དང་བཅས་པའི་སྤྲུལ་པའི་སྐུ་སངས་རྒྱས་ཡིན་ནོ། །དེ་ཐབས་ཀྱིས་ཟིན་ནས་དྲི་མ་མེད་པར་སྦྱངས་པ་ན། བྷ་ག་ནི་ཆོས་དབྱིངས་ཡིན་ལ། ཟླ་བ་བཅུ་ནི་ས་བཅུ་དང་། རང་བཞིན་གྱིས་རྟོགས་པ་རྫོགས་པ་ནི་ཡེ་ཤེས་དང་། མ་ནི་མཁན་པོ། ཁྲུ་མ་ནི་ཆོས་གོས། ངག་གི་སྔགས་ནི་ཨ་ཧཾ། འཁྲུང་པ་ལ་སོགས་པས་དེའི་ལུས་ཡོངས་སུ་སྦྱོང་བ་ནི་འོད་ཟེར་ཆེན་པོའི་དབང་བསྐུར་བའོ། །དེ་ནས་གནས་སྐབས་བཞི་རྫོགས་པ་ནི། སྐུ་བཞི་འམ་སངས་རྒྱས་སུ་བཞུགས་ཀྱང་དེའི་རང་བཞིན་མ་རྟོགས་པས་འཁོར་བའི་ལུས་སུ་གྱུར་པ་ཡིན་ཏེ། ཇི་སྐད་དུ། ཧེ་བཛྭ་ལས། མངལ་གྱི་ཁྲུ་མ་ཆོས་གོས་ཉིད། །དེ་བཞིན་མ་ནི་མཁན་པོ་ཉིད། །མགོ་བོར་ཐལ་མོ་སྦྱར་བ་ཕྱག །འགྲོ་བའི་བྱ་བ་ཁྲིམས་ཀྱི་གནས། །སྔགས་ཀྱི་བཟླས་པ་ཨ་དང་ཧཾ། །སྐྱེ་གནས་འཁོར་ལོའི་རྣམ་པ་ཨ། །བདེ་ཆེན་གྱི་ཡང་རྣམ་པ་ཧཾ། །གཅེར་བུ་སྐྲ་དང་ཁ་སྤུ་བྲེགས། །སྔགས་དོན་སྐྱེས་པ་དགེ་སློང་ཉིད། །འདི་དག་རྐྱེན་གྱིས་སེམས་ཅན་རྣམས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །ཟླ་བ་བཅུ་ཡང་ས་རྣམས་ཡིན། །སེམས་ཅན་ས་བཅུའི་དབང་ཕྱུག་གོ །ཞེས་དང་། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། །བྷ་ག་ཕྱག་རྒྱ་ཆེན་པོར་བརྗོད། ཅེས་པ་དང་། གཞན་ཡང་། ཟླ་བ་བཅུ་ས་བཅུ་དང་མ་མཁན་པོར་འགྱུར་ཚུལ་འདི་དང་མཐུན་པར་རྒྱས་པར་གསུངས་པ་དང་། དུས་འཁོར་བསྡུས་རྒྱུད་ལས་དེ་དང་མཐུན་པར། ནང་ལེའི་ཚིག་བཅད་བཅུ་བཞི་པར། མངལ་དུ་ཡང་དག་དག་པའི་སྐུ་སྟེ་བཙའ་བའི་དུས་ནས་སོ་ནི་སྐྱེས་པ་དག་ཀྱང་ཆོས་ཀྱིའོ། །སོ་རྣམས་རབ་ཏུ་ལྷུང་བར་འགྱུར་བ་མི་ཡི་བདག་པོ་རྒྱལ་བ་ཡི་ནི་ལོངས་སྤྱོད་རྫོགས་པའི་སྐུ། དེ་ནས་སྤྲུལ་པའི་སྐུ་ནི་རབ་ཏུ་གསལ་ཞིང་ངེས་པར་འཆི་བའི་མཚམས་ཏེ་མི་རྣམས་དག་གིས་སོ། །ཞེས་པ་དང་། དེའི་འགྲེལ་ཆེན་ལས། འདིར་མའི་མངལ་དུ་ཇི་སྲིད་གནས་པ་དེ་སྲིད་དུ་མངོན་པར་ཤེས་པ་ལྔ་དང་ལྡན་པ་ནི་ལུས་ཅན་རྣམས་ཀྱིས་ཡང་དག་པར་དག་པའི་སྐུར་འགྱུར་རོ། །དེ་ནས་བཙའ་བའི་དུས་ནས་བརྩམས་ཏེ་ཇི་སྲིད་སོ་སྐྱེ་བ་དེ་སྲིད་ནི་ཆོས་ཀྱི་སྐུར་འགྱུར་རོ། །སོ་སྐྱེས་པ་དེ་ནས་ཇི་སྲིད་སོ་རབ་ཏུ་ལྷུང་བར་འགྱུར་བ་དེ་སྲིད་ནི་རྒྱལ་བ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། མིའི་བདག་པོ་ཞེས་པ་ནི་བོད་པའོ། །ཞེས་དང་། ཚིགས་བཅད་བཅུ་བདུན་པར། མངལ་དུ་འདིར་ནི་དང་པོ་དཔལ་ལྡན་སྐུ་ཡི་རྡོ་རྗེར་འགྱུར་ཏེ་གསུང་གི་རང་བཞིན་སྐྱེས་པ་ནའོ། །ཐུགས་ནི་སོ་དག་རབ་ཏུ་སྐྱེས་པ་ཉིད་ནའོ་སླར་ཡང་ལྷུང་ནས་ཡེ་ཤེས་རྡོ་རྗེར་རབ་ཏུ་འགྱུར། །ཡེ་ཤེས་རྣམ་ཤེས་བསྲེས་ཤིང་ཉི་མ་རི་བོང་ཅན་དང་བཅས་པ་ཡེ་ཤེས་རྡོ་རྗེ་ལ་སོགས་ཀུན། མངལ་ན་གནས་པ་དག་ནི་སྐུ་ཡི་རྡོ་རྗེ་ལ་སོགས་རིམ་པ་ཡིས་ཀྱང་སྟོབས་དང་ལྡན་པར་འགྱུར། ཞེས་གསུངས་བས་སོ། །དེ་དག་གིས་ནི་ལུས་ཀྱི་གནས་ལུགས་བདེ་བར་གཤེགས་པའི་སྙིང་པོ་ལ་དགོངས་ནས་སྐྱེ་བ་སངས་རྒྱས་སྤྲུལ་པའི་སྐུར་གསུངས་པ་ཡིན་ནོ། །དེ་ལྟར་ཕུང་པོ་ལྔ་དང་། ཁམས་དང་སྐྱེ་མཆེད་རྣམས་ནི་རྡོ་རྗེའི་ལུས་སུ་གྱུར་བའི་རྩ་རླུང་ཐིག་ལེ་ལས་གྲུབ་པ་ཡིན་ལ་དེ་དག་ཀྱང་། རྩ་བ་དྲི་མ་དང་བཅས་པའི་སེམས་ཉིད་འོད་གསལ་ཆོས་ཀྱི་སྐུ་ལས་བྱུང་བའི་ཕྱིར། ཐ་མལ་རྡོ་རྗེའི་ལུས་ལ་དྲི་མ་དང་བཅས་པའི་སྤྲུལ་སྐུ་ལ་སོགས་པའི་ཐ་སྙད་མཛད་པ་ཡིན་ནོ། །དེས་ན་སྦྱང་གཞི་དྲི་བཅས་ཀྱི་སྤྲུལ་སྐུ། སྦྱོང་བྱེད་ཐབས་ཀྱིས་ཟིན་པའི་ལམ། སྦྱངས་འབྲས་དྲི་བྲལ་གྱི་སྤྲུལ་སྐུར་འཆད་པ་ནི། བླ་ན་མེད་པའི་རྒྱུད་ཀྱི་དགོངས་པའོ། །གཞན་ཡང་ཕུང་པོ་ལྔ་ལ་སངས་རྒྱས་ལྔ་དང་ཡེ་ཤེས་ལ་སོགས་པའི་མིང་གིས་བསྟན་པ་ནི་དེའི་གནས་ལུགས་དེ་བཞིན་གཤེགས་པའི་སྙིང་པོ་ལ་དགོངས་ནས་གསུངས་པ་ཡིན་ལ། ཚུལ་དེ་ནི་རྒྱུད་སྡེ་རྣམས་ཀྱི་ཐ་སྙད་ཡིན་གྱི། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ནི། དེ་ལྟ་བུའི་རྣམ་བཞག་གསུངས་པ་མེད་དོ། །སྐབས་འདིར་འགྲེལ་པའི་དགོངས་པ་ལ། དྲི་མ་དང་བཅས་པའི་ཚེ་ན། དྲི་བཅས་ཀྱི་སྤྲུལ་སྐུ་སེམས་ཅན་ལ་འཕྲོ་བ་དང་། དྲི་མ་དང་བྲལ་བའི་ཚེ་ན་མཆོག་གི་སྤྲུལ་པ་འཕྲོ་བ་ནི། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །སོགས་ཀྱི་དགོངས་པར་བཤད་པ་ལྟར་སྣང་ཡང་། དགོངས་པ་མཐར་ཐུག་མིན་པ་འདྲ་སྟེ། བསྟན་པ་གསུང་རབ་ཆོས་སྐུ་གཉིས་པོ་སེམས་ཅན་ཐམས་ཅད་ལ་འཕྲོ་བའི་དབང་དུ་བྱས་ན། འགལ་བ་མེད་པའི་དགོངས་པར་འགྱུར་རོ། །གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་ལས་མངལ་དུ་ལུས་འགྲུབ་པའི་ཚུལ་ཏེ་གཉིས་པའོ། །ཞེས་གསུངས་པའོ། །མ་རིག་ལས་བྱུང་འཁོར་བའི་ཆོས་རྣམས་ཀུན། །ཁམས་གསུམ་འདུ་བྱེད་གསུམ་ལས་བྱུང་ཚུལ་དང་། །རྫོགས་ལྡན་གསུམ་ལྡན་གཉིས་ལྡན་རྩོད་དུས་སུ། །རྡོ་རྗེའི་ལུས་ཀྱི་འགྲུབ་ཚུལ་ལེགས་པར་བཤད། །ཅེས་པ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པའི་བསྟན་བཅོས་ཀྱི་ཚིག་དོན་གསལ་བར་བྱེད་པའི་ལེགས་བཤད་ནོར་བུ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ལས་ལེའུ་གཉིས་པའི་རྣམ་པར་བཤད་པའོ།། ༈ །།ལུས་འགྲུབ་ཚུལ་གྱི་ལེའུ་བསྟན་པའི་འོག་ཏུ་རྩ་བཤད་པའི་གོ་རིམ་ནི། ལུས་དེ་ལ་རྩ་ཇི་ལྟ་བུར་གནས་པ་མ་ཤེས་ན་རླུང་དང་ཐིག་ལེའི་གནས་ཚུལ་མི་ཤེས་པས་ཐབས་དང་ཤེས་རབ་ཀྱི་རྒྱུད་རྣམས་སུ་གསུངས་པའི་རྩ་རྣམས་བཤད་པར་བྱའོ། །དེ་ལ་གཉིས་ཏེ། དངོས་དང་། ལེའུའི་མཚན་བསྟན་པའོ། །དང་པོ་ལ་མདོར་བསྟན་པ། །རྒྱས་པར་བཤད་པ། དོན་བསྡུ་བ་དང་གསུམ་ལས། དང་པོ་ནི། དེ་ནས་རྩ་རྣམས་གནས་ཚུལ་བཤད། །དབུ་མ་རོ་བརྐྱང་གཙོ་མོ་དང་། །འཁོར་ལོ་ནང་བསྐྱེད་རྩ་བཅས་དང་། །སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། །དེ་ལས་ཕྲ་བའང་བཤད་པར་བྱ། །ཞེས་པ་འདི་ནི་གཞུང་ཉིད་ཀྱིས་གོ་བས་མ་སྤྲོས་སོ། །གཉིས་པ་ལ། རྩ་དབུ་མ་རྒྱས་པར་བཤད། །རོ་བརྐྱང་གཉིས་རྒྱས་པར་བཤད། །སུམ་ཅུ་སོ་བདུན་གྱི་ངེས་པ་བཤད། །རྩའི་གཙོ་མོ་ཉི་ཤུ་བཞི་རྒྱས་པར་བཤད། །འཁོར་ལོའི་རྩ་འདབ་རྒྱས་པར་བཤད། །ནད་བསྐྱེད་པའི་རྩ་ངོས་བཟུང་། །སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྣམ་དབྱེ་ལུང་དང་སྦྱར། །ཕྲ་མོའི་རྩའི་དབྱེ་བ་བཤད། རྩ་རྣམས་ཁམས་གང་གིས་བསྐྱེད་ཚུལ་བསྟན་པ་དང་དགུ་ལས། དང་པོ་ལ། ངོ་བོ་བཤད་པ། ལུང་དང་སྦྱར་བ། མཚན་གཞི་ངོས་བཟུང་བ་དང་གསུམ། དང་པོ་ལ། རྟེན་རྩའི་མཚན་ཉིད་བཤད་པ། བརྟེན་པ་དཀར་དམར་རླུང་གསུམ་གྱི་མཚན་ཉིད་བཤད་པ་དང་གཉིས། དང་པོ་ལ། རྩ་བ་བཀོད་པ་དང་། ཚིག་དོན་བཤད་པ་གཉིས་ལས། དང་པོ་ནི། ཐོག་མར་ལུས་བསྐྱེད་གཞིར་གྱུར་པ། །དབུ་མ་སྲོག་རླུང་བཅས་པ་དེ། །འཁོར་ལོ་དྲུག་གི་དབུས་ན་ནི། །བར་ཐག་རང་སོར་བཅུ་གཉིས་དང་། །ཕྱེད་བཅས་གསང་བ་སྤྱི་གཙུག་བར། །ཞེས་པའོ། །གཉིས་པ་ནི། རྩ་ཐམས་ཅད་ཀྱི་ཐོག་མར་གྱུར་པ་ནི། །ལུས་བསྐྱེད་པའི་གཞིར་གྱུར་པ། ཀུན་གཞིའི་རྣམ་ཤེས་ཀྱི་རྟེན་དུ་གྱུར་པའི་རྩ་དབུ་མ་མཁའ་ལྟར་དག་པའི་སྲོག་ཆེན་པོའི་རླུང་གིས་གང་བ་དང་བཅས་པ་དེ་ཉིད་གཙུག་ཏོར་གྱི་འཁོར་ལོ་དང་། སྤྱི་བོ་དང་། མགྲིན་པ་དང་། སྙིང་ག་དང་། ལྟེ་བ་དང་། གསང་བའི་འཁོར་ལོ་དང་དྲུག་གི་དབུས་ན་ཐམས་ཅད་དུ་ནི་འབྲེལ་བར་གནས་པའོ། །འཁོར་ལོ་རྣམས་ཀྱི་བར་ཐག་ཏུ་ནི་སེམས་ཅན་རང་རང་གི་སོར་བཅུ་གཉིས་དང་ཕྱེད་བཅས་ཏེ་ཕྱེད་དང་བཅུ་གསུམ་མོ། །དེ་ཡང་གསང་བའི་འཁོར་ལོ་ནས་སྤྱི་བོ་གཙུག་ཏོར་གྱི་འཁོར་ལོའི་བར་དུ་འབྲེལ་བར་གནས་པའོ། །གཉིས་པ་ལ་ཡང་། རྩ་ཚིག་གཉིས་ལས། དང་པོ་ནི། ཡར་སྣ་ཧཾ་གི་རང་བཞིན་གྱི། །དཀར་ཆའི་དངས་མས་བཀག་པའི་ཚུལ། །ལྟེ་བར་མ་ལས་ཐོབ་པ་ཡི། །དམར་ཆ་ཁྲག་སྟེ་ཨ་ཐུང་བརྗོད། །དེ་གཉིས་བར་ན་ཀུན་གཞིའི་རྟེན། །སྲོག་རླུང་གནས་ཏེ་ནམ་མཁའ་འདྲ། །ཞེས་པའོ། །གཉིས་པ་ནི། རྩ་དབུ་མ་དེའི་ཡར་སྣ་ན་ཧཾ་གི་རང་བཞིན་ཕ་ལས་ཐོབ་པའི་དཀར་ཆའི་དངས་མས་བཀག་པའི་ཚུལ་དུ་གནས་ཤིང་། ལྟེ་བར་མ་ལས་ཐོབ་པའི་དམར་ཆ་ཁྲག་གི་རང་བཞིན་ཨ་ཐུང་གི་རྣམ་པ་ཅན་གྱིས་བཀག་པར་བརྗོད་དོ། །དེ་གཉིས་ཀྱི་དབུས་དྲང་ཐད་ཀྱི་བར་ན་ཀུན་གཞིའི་རྣམ་ཤེས་ཀྱི་རྟེན་དུ་གྱུར་པའི་སྲོག་ཆེན་པོའི་རླུང་གནས་ཏེ། དེ་ཡང་ཁ་དོག་མེད་པའི་ཁ་དོག་ཅན་ཡིན་པས་ནམ་མཁའ་དངས་པ་དང་འདྲ་ཞེས་བྱའོ། །འདི་ལ་དུས་ཀྱི་འཁོར་ལོ་ལས། ཕྱི་རོལ་ན་སྒྲ་གཅན་གྱི་མགོ་བོ་ཆུ། མཇུག་མ་མེ། བར་གྱི་ལུས་ཤེལ་ལྟར་དྭངས་པ་ཡོད་པ་བཞིན་དུ། ནང་དུ་དབུ་མ་ལ་ཡང་། མགོ་བོ་དཀར་ཆ་ཧཾ། འཇུག་མ་དམར་ཆ་ཨ་ཐུང་། བར་སྲོག་རླུང་ནམ་མཁའ་ལྟར་དྭངས་པས་ན་ནང་གི་སྒྲ་གཅན་དུ་གསུངས་སོ། །འོ་ན་འདིར་དབུ་མར་ཁུ་ཁྲག་མི་རྒྱུ་བར་བཤད་ན། ཧེ་བཛྭ་ལས། ཤེས་རབ་ཟླ་བ་འབབ་བཤད་པ། །དེ་ནི་ཀུན་འདར་མ་རབ་གྲགས། །ཤེས་བཤད་པ་དང་ཇི་ལྟར་མི་འགལ་ཞེ་ན། སྐྱོན་མེད་དེ། དེ་ནི་དབུ་མ་ལ་ཆ་གཉིས་སུ་ཕྱེ་ནས། རྩ་གསུམ་འདུས་པ་མན་ཆད་ལ་དུང་ཅན་མ་ཞེས་བྱ་ཞིང་། དེར་ནི་དཀར་ཆ་ཁུ་བ་འབབ་པའི་ཕྱིར། དེ་སྐད་ཅེས་བྱའོ། །འདིར་བཤད་པ་ནི་གསང་བའི་འཁོར་ལོ་ནས་བཟུང་སྟེ། སྤྱི་བོའི་ཧཾ་ལ་ཐུག་པའི་བར་གྱི་དབུ་མ་ནི། དངོས་གཞི་སྟེ། དེར་ནི་སྲོག་རླུང་ཁོ་ན་རྒྱུ་བའི་ཕྱིར་རོ། །རྒྱུ་མཚན་དེའི་ཕྱིར། ལྟེ་འོག་མན་ཆད་དུང་ཅན་ཞེས། །དཀར་ཆ་འབབ་པར་བྱེད་པ་ཡིན། །ཞེས་བཤད་པ་ཡིན་ནོ། །གཉིས་པ་ལུང་དང་སྦྱར་བ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། འདི་ནི་སྡོམ་པ་འབྱུང་བ་ནས། །སྙིང་གའི་ཆུ་སྐྱེས་དབུས་སོན་པ། །ཆུ་ཤིང་མེ་ཏོག་ལྟར་སྟོང་པ། །ཧཾ་ནི་འཕྱང་ཞིང་འོག་ཏུ་བལྟ། །མར་སྣ་མར་མེ་ལྟ་བུས་བརྒྱན། །དེ་འོག་བྱང་སེམས་མཉམ་འབབ་པ། །ཨ་ཝ་དྷཱུ་ཏཱིར་ཤེས་བྱ་སྟེ། །ལྷན་ཅིག་སྐྱེས་སྟེར་བྱེད་པའོ། །ཞེས་སོ། །གཉིས་པ་ནི། རྩ་དབུ་མའི་གནས་ཚུལ་དེ་ལྟར་བཤད་པ་འདི་ནི། བདེ་མཆོག་སྡོམ་པ་འབྱུང་བ་དང་། ཁ་སྦྱོར་ཐིག་ལེ་དང་། ནག་པོ་པའི་རྫོགས་རིམ་ནས་སོ། །ཞེས་པ་ནི་ལུང་ཁུངས་སོ། །ལུང་དེའི་དོན་ནི། སྙིང་གའི་ཆུ་སྐྱེས་ཤེས་པ་ནི་སྙིང་པདྨ་འདབ་བརྒྱད་པ་ཡིན་ལ། དེའི་དབུས་སུ་སོན་པ་ནི་རྩ་ཐམས་ཅད་དང་པོར་ཆགས་པའི་ཚེ་ན། སྙིང་གའི་དཀྱིལ་དྲང་ཐད་ནས་སྟེང་དང་། འོག་དང་། གཡས་གཡོན་མདུན་རྒྱབ་ཐམས་ཅད་དུ་གྱེས་པས་ན། རྩ་ཐམས་ཅད་ཀྱི་རྩ་བ་ནི། སྙིང་གའི་ཆུ་སྐྱེས་ཀྱི་དབུས་སུ་ཟུག་པའོ། །ཆུ་ཤིང་གི་མེ་ཏོག་ལྟར་སྟོང་པ་ནི་ནང་དུ་ཁུ་ཁྲག་མི་རྒྱུ་བའོ། །སྟེང་ནས་ཕ་ལས་ཐོབ་པའི་དཀར་ཆ་ཧཾ་གི་རྣམ་པ་ཅན་འཕྱང་ཞིང་། ཧཾ་དེའི་ཁ་ནི་འོག་ཏུ་ཨ་ཐུང་ཕག་མོའི་རང་བཞིན་ལ་བལྟ་བའོ། །མར་སྣ་ནི་ཏིལ་གྱི་མར་མེ་ལྟ་བུ་ཁ་དོག་དམར་བ་རེག་བྱ་ཚ་བ་བྱེད་ལས་གསལ་བ། ཨ་ཐུང་གི་རྣམ་པ་ཅན་གྱིས་བརྒྱན་པ་སྟེ། ཁ་ནི་སྟེང་དུ་ཧེ་རུ་ཀ་ལ་བལྟ་བའོ། །དཀར་དམར་གཉིས་ནི་ཧེ་རུ་ཀ་དང་། ཕག་མོའོ། །དེའི་འོག་རྩ་གསུམ་འདུས་མདོ་མན་ཆད་ནི། དུང་ཅན་མ་ཡིན་པས་སྐྱེས་པ་དང་བུད་མེད་རྣམས་ཀྱི་བྱང་སེམས་དཀར་ཆ་དང་དམར་ཆ་མཉམ་དུ་འབབ་པས་ན། དེ་ལྟ་བུའི་རྩ་དེ་ལ་ནི་ཨ་ཝ་དྷཱུ་ཏཱིར་ཤེས་པར་བྱ་སྟེ། འབར་འཛག་ལ་སོགས་པའི་ཐབས་ཀྱིས་ཟིན་ན། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྟེར་བར་བྱེད་པའོ། །ཕལ་པ་རྣམས་ལའང་ཆ་མཐུན་ཡོད་ཀྱང་ངོས་མ་ཟིན་པས་ལམ་དུ་མི་འགྱུར་རོ། །འདི་དང་མཐུན་པར་དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ལས་ཀྱང་། སྙིང་གི་ནང་སོན་པདྨ་ནི། །འདབ་མ་བརྒྱད་པ་སྙིང་པོར་བཅས། །དེ་ཡི་ནང་དུ་སོན་པའི་རྩ། །མར་མེའི་རང་གི་ངོ་བོ་ཅན། །ཆུ་ཤིང་གི་ནི་མེ་ཏོག་ལྟར། །བརྐྱང་ཞིང་ཁ་ནི་འོག་ཏུའོ། །དེ་ཡི་ནང་གནས་དཔའ་བོ་ནི། །ཡུངས་དཀར་གྱི་ནི་སྦོམ་ཕྲ་ཙམ། །མི་ཤིགས་ཧཱུཾ་གི་ས་བོན་ནི། །ཁ་བ་ལྟ་བུར་འཛག་པ་ཉིད། །ལུས་ཅན་རྣམས་ཀྱི་སྙིང་དགའ་བ། །དབྱིངས་ཅེས་བྱ་བར་རྣམ་པར་བཤད། །རྒོད་མའི་མེ་ཡི་གཟུགས་ཀྱིས་ནི། །བདག་མེད་མ་ནི་ཐིག་ལེར་བརྗོད། །ལས་ཀྱི་རླུང་གིས་བསྐུལ་བ་ཡི། །ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། །དཔྱིད་ཐོབ་པ་ཡིས་ཆོག་ཤེས་པས། །སྙོམས་པར་འཇུག་པས་རྣམ་པར་གནས། །དཔའ་བོར་ཤྲཱི་ནི་ཧེ་རུ་ཀ། །འདི་ནི་དཔྱིད་ཀྱི་ཐིག་ལེར་བརྗོད། །རྣལ་འབྱོར་མ་ཡི་གཟུགས་འཛིན་མ། །རྒྱུ་དང་མི་རྒྱུ་བཅས་པར་གནས། །སྐུ་གསུང་ཐུགས་ཀྱི་དབྱེ་བས་ནི། །སྒོ་ནི་རྣམ་གསུམ་འབྱུང་བ་ལས། །འགྲོ་བ་དང་ནི་འོང་བར་བྱེད། །འདི་ནི་ཀུན་གྱི་ལུས་ལ་གནས། །ལྟེ་བར་ཨ་ཡི་གཟུགས་ཀྱིས་ནི། །ཐུང་ངུ་རུ་ནི་རབ་ཏུ་གྲགས། །སྙིང་ལ་ཡང་ནི་ཧཱུཾ་ཉིད་ནི། །རིང་པོ་མ་མོ་གཉིས་དང་གནས། །མགྲིན་པར་ཨོཾ་གྱི་གཟུགས་ཀྱིས་ནི། །མ་མོ་གསུམ་བརྗོད་བླུ་ཏ། །དཔྲལ་བར་ཧཾ་གི་རྣམ་པ་འདི། །སྒྲ་དང་ཐིག་ལེ་མི་ཤིགས་བ། །འཁོར་ལོ་བཞི་ཡི་རབ་དབྱེ་བས། །ས་སོགས་འབྱུང་བ་ཆེན་པོ་དང་། །ཐུན་བཞིར་བྱིན་གྱིས་བརླབ་པ་དང་། །པདྨ་བཞི་ལས་བྱུང་བ་དང་། །དགའ་བ་བཞི་ཡི་ངོ་བོ་ཡི། །རྣལ་འབྱོར་བཞི་ནི་མངོན་དུའོ། །ཞེས་གསུངས་སོ། །གསུམ་པ་མཚན་གཞི་ངོས་བཟུང་བ་ལ། །སྤྱི་གཞུང་གཉིས་ལས། དང་པོ་ནི། རྩ་དབུ་མ་འདི་ལ། ཁ་ཅིག་སྒོམ་པའི་དབུ་མ་དང་། གནས་པའི་དབུ་མ་གཉིས་ལས། གནས་པའི་དབུ་མ་ནི། ཤི་བའི་ཚེ་ན་ཡལ་ནས་འགྲོ་བར་འདོད་པ་དང་། ཁ་ཅིག་གཞུངས་པར་འདོད་པ་དང་། གཞུངས་པའི་དབུས་ན་རྟ་རྔ་ཙམ་ཡོད་པར་འདོད་པ་དང་། དོན་ལ་རྩ་དབུ་མ་མེད་པར་འདོད་པ་དག་ཡོད་ཀྱང་། དེ་དག་ནི་བརྗོད་བྱས་སྟོང་པའི་ཚིག་ཡིན་པས། རྣ་བ་གཏད་པར་མི་བྱ་ཞིང་། ཡང་ཁ་ཅིག སྙིང་གི་དཀྱིལ་ན་དངས་མ་ལྔ་འདུས་ཀྱི་རྩ་སྲན་མ་ཙམ་ཡོད་པས། དེ་ལ་རྩ་དབུ་མ་དང་མིང་གི་ཁྱད་པར། འབྲས་སྲན་ཁ་དང་། ཁྱི་མོ་ཉལ་འདྲ་ལ་སོགས་པའི་ཐ་སྙད་བཏགས་ཀྱང་། དེ་ནི་མུ་སྟེགས་གྲངས་ཅན་པ་དག་གིས་སྙིང་གི་དཀྱིལ་ན་བདག་ཅེས་བྱ་བ་སྲན་མའམ་ཙ་ན་ཀའི་འབྲས་བུ་ཙམ་ཡོད་ཅེས་བརྗོད་པ་དང་མཚུངས་སོ། །འོ་ན་གསང་སྔགས་རྙིང་མའི་གཞུང་ལས་དངས་མ་ལྔ་འདུས་གསུངས་པ་མིན་ནམ་ཞེ་ན། དེ་ནི་གོང་དུ་བཤད་པའི་དབུ་མ་དང་མཐུན་ཏེ། ཤའི་དྭངས་མ་དབུ་མ། ཁྲག་གི་དྭངས་མ་ཨ་ཐུང་། རུས་པའི་དྭངས་མ་ཧཾ་ཡིག །རླུང་གི་དངས་མ་སྲོག་རླུང་། དྭངས་མའི་དྭངས་མ་ནི་ཀུན་གཞིའི་རྣམ་ཤེས་ལ་དགོངས་པའི་ཕྱིར་རོ། །འོ་ན་གཞུང་ཁ་ཅིག་ནས་སྐྱེ་བདུན་སྒྲུབ་པའི་སྐབས་ན། དེ་ཡི་སྙིང་གའི་རོ་ཙ་ན། ཞེས་འབྱུང་བ་གང་ཡིན་སྙམ་ན། དེ་ནི་སྟེང་འོག་གི་དྭངས་མ་གཉིས་སྙིང་གར་ཚོགས་པ་ན་རོ་བཅུད་ཆེན་པོ་དང་ལྡན་པའི་ཕྱིར་དེ་སྐད་ཅེས་བརྗོད་པ་ཡིན་ནོ། །རྒྱུ་མཚན་དེས་ན་རང་གི་ལུགས་ནི། གོང་དུ་དྲངས་པའི་རྒྱུད་འགྲེལ་རྣམས་དཔང་བོར་བྱས་ཏེ། དང་པོར་ལུས་འགྲུབ་པའི་ཚེ་ན་ཆགས་པའི་སྲོག་ཆེན་པོའི་རྟེན་དུ་གྱུར་པའི་སྲོག་རྩ་གང་ཡིན་པ་དེ་ཉིད་དོ། །དེ་ཡང་སྲོག་དེའི་ནང་ན་ཡང་མ་ཡིན། ཕྱི་ནའང་མ་ཡིན་པའི་བར་ན་གཏུམ་མོའི་མེ་དང་བཅས་པ་རྟ་རྔ་ཙམ་ཞིག་ཡོད་དེ། དེ་ལ་ལྷན་ཅིག་སྐྱེས་གྲུབ་སོགས་རྫོགས་རིམ་ལ་ལར། མར་མེའི་རྩེ་མོ་ཅན་གྱི་རྩ་ཞེས་གསུངས་སོ། །ཞེས། མཚུངས་མེད་ཆོས་ཀྱི་རྗེ་མ་ཕམ་ཆོས་ཀྱི་གྲགས་པའི་ཞལ་ནས་གསུང་སྟེ་ཤིན་དུ་ལེགས་སོ། །དབུ་མ་འདི་ལ་མིང་གི་རྣམ་གྲངས་མཐའ་གཉིས་སྤངས་པའི་ལམ་ཡིན་པས་ཨ་ཝ་དྷཱུ་ཏཱི་དང་། རྩ་ཐམས་ཅད་ཀྱི་རྟེན་ཡིན་པས་ན་སུ་སུ་མ་དང་། དཀར་ཆ་འབབ་པས་ན་ཀུན་འདར་མ་དང་། རྩ་ཕྲ་མོ་ཐམས་ཅད་ཀྱི་རྩ་བ་ཡིན་པས་ན། ཕྲ་གཟུགས་མ་དང་། མར་སྣ་ལ་ཁམས་འདུ་བས་ན་དུང་ཅན་མ་དང་། ཡར་སྣ་ལ་ཁམས་འཕེལ་བས་ན་སྒྲ་གཅན་གྱི་རྩ་དང་། དབུས་སུ་སྲོག་བརྟེན་པས་ན་སྲོག་རྩ་དང་། ལུས་ཀྱི་སྲོག་ཤིང་ལྟར་གནས་པས་ན་ནང་གི་ཤིང་ཅིག་དང་། ལུས་ཅན་གྱི་སྲོག་ཡིན་པས་ན་སྲོག་ཤིང་སྐུད་པ་དང་། བདེ་བར་གཤེགས་པ་རྣམས་ཀྱི་བགྲོད་པའི་ལམ་ཡིན་པས་ན་ལམ་པོ་ཆེ་སྟེ། ལུས་ཀྱི་དབུས་དྲང་པོར་གནས་ཤིང་ཕྱོགས་གང་དུ་ཡང་མ་ཆད་པས་ན་རྩ་དབུ་མའོ། །གཉིས་པ་གཞུང་ནི། མདོར་ན་ལུས་ཅན་སྲོག་རྩ་ཡིན། །ཞེས་པའོ། །འདི་ལ་སྲོག་རྩ་ཞེས་བྱ་བའི་སྲོག་ནི་སྲོག་རླུང་སྟེ། དེ་གནས་པའི་རྟེན་ནི་སྲོག་རྩའོ། །དེ་སྐད་དུ་ཡང་། སྲོག་ཅེས་བྱ་བ་རླུང་དུ་བརྗོད། །རྩོལ་བ་དེ་ཉིད་དྲན་པའོ། །ཞེས་གསུངས་པས་སོ། །དེ་ཡང་སྔོན་གྱི་ལས་ཀྱིས་མའི་མངལ་དུ་ཉིད་མཚམས་སྦྱར་མ་ཐག་ཏུ་ཆགས་པའི་ཚེ་ཇི་སྲིད་པའི་དངོས་པོའོ། །དེ་ལ་མངོན་པ་ལས་རྣམ་སྨིན་གྱི་ངོ་བོར་བཤད་དེ། མཛོད་ལས། སྲོག་ནི་རྣམ་སྨིན་བཅུ་གཉིས་གཉིས། །ཤེས་གསུངས་པས་སོ། །དེ་ལས་ཀྱང་ངོ་བོ་ངོས་བཟུང་ན་འགྲོ་བ་རིགས་མཐུན་གནས་པར་བྱེད་པའི་དངོས་པོ་སྟེ། དེ་ལ་ཚེ་ཞེས་ཀྱང་བྱ་སྟེ། སློབ་དཔོན་ཐོགས་མེད་ཀྱིས། །སྲོག་གི་དབང་པོ་གང་ཞེ་ན། རིས་མཐུན་པར་སྔོན་གྱི་ལས་ཀྱིས་འཕངས་བའི་གནས་པའི་དུས་ངེས་པ་ལ། ཚེ་ཞེས་གདགས་སོ། །རིས་མཐུན་པ་གང་ཞེ་ན། སེམས་ཅན་གྱི་རིགས་དེ་དང་དེར། སེམས་ཅན་དེ་དང་དེ་དག་གི་ལུས་འདྲ་བ་ལ་རིས་མཐུན་པ་ཞེས་གདགས་སོ། །ཞེས་པ་དང་། མཛོད་ལས། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་གསུངས་པས་སོ། །རླུང་ལ་སྲོག་གི་མིང་གིས་བསྟན་པ་ཡོད་ཀྱང་། འདིར་སྲོག་རླུང་དང་སྲོག་གཉིས་པོ་དོན་མི་གཅིག་སྟེ། སྔགས་ཀྱི་ཐེག་པར། ཉོན་ཡིད་ལ་སྲོག་རླུང་གི་མིང་གིས་བསྟན་པས། ཉོན་ཡིད་ནི་དགྲ་བཅོམ་པ་དང་དག་པའི་ས་མ་ཐོབ་པར་མི་སྤོང་བར་བཤད་པའི་ཕྱིར་རོ། །འདི་དག་ནི་འགྲེལ་པའི་དགོངས་པ་དྲི་མ་མེད་པའོ། །གཉིས་པ་རོ་བརྐྱང་གཉིས་བཤད་པ་ལ། ངོ་བོ་གནས་ཚུལ་དང་བཅས་ཏེ་བཤད། བྱེད་ལས་སོ་སོ་དང་སྦྱར་ཏེ་བཤད། དེ་ཉིད་ལུང་གིས་གྲུབ་པར་བསྟན་པ་དང་གསུམ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། གཡས་གཡོན་རོ་བརྐྱང་གཉིས་པོ་ནི། །ལྟེ་བ་ནས་གྱེས་མཁལ་མར་འབྲེལ། །དེ་ནས་སྙིང་གར་ཅུང་ཟད་འདུས། །མཆན་འོག་བརྒྱུད་ནས་མགྲིན་པར་ཏེ། །རྩེ་ཆུང་ནས་ནི་སྤྱི་བོར་འབྲེལ། །སྣ་བུག་གཉིས་སུ་ཡར་སྣ་འབྱུང་། །འོག་ཏུ་གསུམ་འདུས་ནས་གྱེས་ཏེ། ཞེས་པའོ། །གཉིས་པ་ནི། གཡས་རོ་མ་དང་གཡོན་བརྐྱང་མ་གཉིས་པོ་ནི། དང་པོ་དབུ་མ་ལས་གྱེས་མཚམས་ནི། ལྟེ་འོག་སོར་བཞིའི་ཐད་རྩ་གསུམ་འདུས་མདོ་ནས་གྱེས་ཏེ། མཁལ་མའི་རྩ་ཆེན་པོ་ལ་འབྲེལ་ལོ། །དེ་ནས་སྙིང་གའི་རྩར་གཡས་ནས་ཁྱབ་བྱེད་ཀྱི་རླུང་རྒྱུ་བའི་རྩ་དང་། གཡོན་ནས་ལྷ་སྦྱིན་གྱི་རླུང་རྒྱུ་བའི་རྩ་ལ་འབྲེལ་ཏེ། སྙིང་གར་ཅུང་ཟད་འདུས་པའོ། །དེ་ནས་གྱེས་ཏེ་མཆན་ཁུང་གི་འོག་འཕར་རྩ་ནས་བརྒྱུད་དེ། མགྲིན་པར་ཅུང་ཟད་འདུས་སོ། །དེ་ནས་གྱེས་ཏེ། རྩེའུ་ཆུང་སྟེ་མགྲིན་པའི་རྩ་ཆེན་ལས་བརྒྱུད་ནས་སྤྱི་བོར་འབྲེལ་ཞིང་། སྤྱིར་ནི་དབང་པོའི་སྒོ་ཀུན་དང་འབྲེལ་ཏེ། དེ་ནས་སྣ་བུག་གཉིས་སུ་ཡར་སྣ་འབྱུང་ངོ་། །འདིར་སྙིང་ག་ལ་སོགས་པར་ཅུང་ཟད་འདུས་ཤེས་པ་ནི། ཁ་ཅིག་གནས་དེ་དག་ཏུ་རྒྱ་མདུད་ཀྱི་རྣམ་པ་ལྟ་བུར་འདོད་པའང་ཡོད་པས། རང་གི་ལུགས་ལ་ནི། གནས་དེ་དང་དེ་དག་ཏུ་དབུ་མ་ལ་རེག་ལ་མ་འབྱར་བ་ལ་འདོད་ཅེས་གསུང་རྒྱུན་ལ་འདུག་པ་ལྟར་རོ། །གཉིས་པ་བྱེད་ལས་སོ་སོ་དང་སྦྱར་བ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཁྲག་དང་དྲི་ཆེན་འབྱིན་སྡོམ་གྱི། །ལས་ནི་གཡས་པ་རོ་མས་བྱེད། །གཡོན་ནས་བརྐྱང་མས་དྲི་ཆུ་ཡི། །འབྱིན་སྡོམ་བྱེད་པར་བཤད་པ་ཡིན། །ལྟེ་སྟེང་ཡན་ཆད་རླུང་རྒྱུ་སྟེ། །ལྟེ་བར་རྩ་ནི་དྲུག་བཅུ་བཞི། །ཕྱི་ནང་རླུང་ཀུན་གསོ་བསྐྱེད་བྱེད། །ཅེས་པའོ། །གཉིས་པ་ནི། དམར་ཆ་ཁྲག་དང་དྲི་ཆེན་གཤང་བ་འབྱིན་པ་དང་། སྡོམ་པའི་ལས་ནི་གཡས་རོ་མས་བྱེད་དོ། །གཡོན་ནས་བརྐྱང་མས་དཀར་མ་དང་དྲི་ཆུའི་འབྱིན་སྡོམ་བྱེད་པར་རྒྱུད་རྣམས་ལས་བཤད་པ་ཡིན་ནོ། །དེ་ཡང་རྩ་དབུ་མ་རོ་བརྐྱང་གསུམ་གའི་ལྟེ་བའི་སྟེང་ཡན་ཆད་དུ་ཟླ་བ་ཉི་མ་སྒྲ་གཅན་གྱི་རླུང་གསུམ་རྒྱུ་བར་རྡོ་རྗེ་སྙིང་འགྲེལ་ལས་གསལ་བར་བཤད་དོ། །ཁྱད་པར་དུ་ཡང་ཕྱི་ནང་གི་རླུང་ཐམས་ཅད་གསོ་བསྐྱེད་བྱེད་པ་ནི། ལྟེ་བའི་རྩ་དྲུག་ཅུ་རྩ་བཞི་ཡིན་ལ། དེ་རོ་བརྐྱང་ལས་གྱེས་པའི་ཚུལ་ནི། དང་པོར་རོ་བརྐྱང་གཉིས་ལས་རྩ་བཞི་གྱེས། དེ་རེ་རེ་ལས་གསུམ་གསུམ་གྱེས་པས་བཞི་གསུམ་བཅུ་གཉིས། དེ་རེ་རེ་ལས་ལྔ་ལྔ་གྱེས་པས་ལྔ་ཚན་བཅུ་གཉིས་དྲུག་ཅུར་འགྱུར་རོ། །དྲུག་བཅུ་ལ་རྩ་བ་བཞི་བསྣན་པས་རེ་བཞི་འམ། གྱེས་པ་བཅུ་གཉིས་བསྣན་པས་བདུན་ཅུ་རྩ་གཉིས་སུ་འགྱུར་བ་དེ་དག་གིས་ཕྱི་ནང་གི་རླུང་ཀུན་གསོ་བསྐྱེད་བྱེད་པ་ཡིན་ནོ། །འདི་དག་ཀྱང་ཧེ་བཛྭ་ལས། བརྐྱང་མ་མི་བསྐྱོད་འབབ་པ་སྟེ། །རོ་མ་དེ་བཞིན་ཁྲག་འབབ་ཅིང་། །ཤེས་རབ་ཟླ་བ་འབབ་བཤད་པ། །དེ་ནི་ཀུན་འདར་མ་རབ་གྲགས། །ཤེས་གསུངས་པ་དང་། །དུས་འཁོར་བསྡུས་རྒྱུད་ལས། དེ་སྟེང་སྙིང་གའི་ཕྱོགས་སུ་པདྨ་ནོར་གྱི་འདབ་མ་དག་ལ་རྩ་ཡི་འཁོར་ལོ་ཡང་དག་གནས། །སྲོག་ལ་སོགས་པ་རླུང་གི་ཚོགས་ཏེ་ཟླ་བ་ཉི་མ་མེ་རྣམས་གཡོན་དང་གཡས་དང་དབུས་སུའོ། །གཡོན་དུ་རྩ་ནི་རི་བོང་མཚན་མ་འབབ་སྟེ་ངེས་པར་དཀར་པོ་གཡས་སུ་དམར་པོ་ཉི་མའོ། །དབུས་སུ་དུས་མེའི་གཟུགས་ནི་རབ་ཏུ་འབབ་སྟེ་མཉམ་པ་དག་ལ་དམན་པའི་དབུགས་ནི་དྲུག་ཅུའོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་དེ་ལུང་གིས་གྲུབ་པར་བསྟན་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། འདི་ནི་དང་པོའི་སངས་རྒྱས་ལས། །དེ་ནི་ཐུར་དུ་རྩེ་གསུམ་སྟེ། །དེ་བཞིན་གྱེན་དུའང་རྩེ་གསུམ་མོ། །སྒྲ་གཅན་རྩེ་མོ་དབུས་ན་གནས། །ཉི་མའི་རྩེ་མོ་གཡས་པའོ། །ཟླ་བའི་རྩེ་མོ་གཡོན་པའོ། །ཆུ་དང་མེ་དང་ནམ་མཁའ་རྒྱུ། །གཡས་གཡོན་དབུ་མའི་མར་སྣ་ནས། །གཤང་བ་གཅི་བ་ཁུ་བ་རྒྱུ། །ལྕགས་སྒྲོག་བཅིངས་པ་ལྟ་བུའི་རྩ། །སྲིད་དང་ཐུར་སེལ་ལམ་གསུམ་ཉིད། ཅེས་པའོ། །གཉིས་པ་ནི། གོང་དུ་དེ་ལྟར་བཤད་པའི་གསུམ་ནི། དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་ལས་གསུངས་ཏེ། དེ་ལས་ནི། རྩ་གསུམ་པོ་དེ་ནི་ཐུར་དུ་རྩེ་མོ་གསུམ། གྱེན་དུའང་རྩ་གསུམ་གྱི་རྩེ་མོ་གསུམ་མོ། །དེ་ཡང་སྒྲ་གཅན་གྱི་རྩེ་མོ་ནི། དབུ་མའི་ཡར་མར་གྱི་སྣ་མོ་ཡིན་པས་དབུས་ན་གནས་ལ། ཉི་མའི་རྩེ་མོ་ནི་གཡས་རོ་མའི་སྣ་གཉིས་དང་། ཟླ་བའི་རྩེ་མོ་ནི་གཡོན་བརྐྱང་མའི་སྣ་མོ་གཉིས་སོ། །དེ་དག་ལ་གཡོན་པ་ན་ཆུ་རླུང་དཀར་པོ་དང་། །གཡས་པ་ན་མེ་རླུང་དམར་པོ་དང་། དབུ་མ་ན་སྲོག་རླུང་སྒྲ་གཅན་གྱི་རང་བཞིན་ནམ་མཁའི་ཁམས་རྒྱུའོ། །གཡས་གཡོན་གཉིས་དང་དབུ་མའི་མར་སྣ་ནས་ནི། གཡས་པ་ནས་གཤང་བ་དང་། གཡོན་པ་ནས་གཅི་བ་དང་། དབུ་མའི་མར་སྣ་ནས་དཀར་ཆ་ཁུ་བ་རྒྱུའོ། །གོང་དུ་བཤད་པ་ལྟར་ལྟེ་བ་ནས་གྱེས་ཏེ་མཁལ་མར་འབྲེལ་བས་ན་ལྕགས་སྒྲོག་བཅིངས་པ་ལྟ་བུའི་རྩ་ཞེས་བྱའོ། །རྩ་གསུམ་པོའི་མར་སྣ་ནི་ཁུ་བ་རྒྱུ་བ་སྲིད་པའི་ལམ་དང་། གཤང་གཅི་རྒྱུ་བ་ཐུར་སེལ་གྱི་ལམ་གཉིས་དང་གསུམ་ཉིད་དོ། །གསུམ་པ་སུམ་བཅུ་སོ་བདུན་གྱི་ངེས་པ་བཤད་པ་ལ། སྤྱི་གཞུང་གཉིས་ལས། དང་པོ་ནི། རྩ་སུམ་ཅུ་སོ་བདུན་གྱི་རྐང་གྲངས་ནི། མི་ཕྱེད་མ་ནས་ཡིད་བཟང་མའི་བར་རོ་བརྐྱང་ལས་གྱེས་བའི་རྩ་ཉི་ཤུ་རྩ་བཞི་དང་། གསུམ་བསྐོར་མ་དང་། འདོད་མ་དང་། ཁྱིམ་མ་དང་། གཏུམ་མོ་དང་། བདུད་བྲལ་མ་སྟེ་ཡན་ལག་གི་རླུང་བརྟེན་པའི་རྩ་ལྔ་དང་། དབུ་མ་རོ་བརྐྱང་གཙོ་མོ་གསུམ་དང་། ཐུར་སེལ་གྱི་གནས་དུང་ཅན་མ་དང་། སྲོག་རླུང་གི་གནས་དབུ་མ་དངོས་གཞི་དང་། མེ་མཉམ་རླུང་གི་གནས་ནི་སྙིང་གའི་རྩ་འདབ་བརྒྱད་ཀྱི་ནང་ནས་མདུན་ཕྱོགས་ཤར་གྱི་རྩ་སྣར་མའོ། །གྱེན་རྒྱུའི་གནས་ནི་མེ་མཚམས་ཀྱི་རྩ་ལག་ལྡན་གྱི་ལྕེའོ། །ཁྱབ་བྱེད་ཀྱི་གནས་ནི་གཡས་ཕྱོགས་སུ་རླུང་འབབ་པའི་གནས་སེར་སྐྱ་སྟེ། རྩ་བའི་རླུང་བརྟེན་པའི་གནས་ལྔ་དང་སོ་བདུན་ནོ། །དེ་ཡང་གཞན་དཀྱིལ་འཁོར་གྱི་འཁོར་ལོ་ལ་སྦྱར་ན། རྩ་ཉི་ཤུ་རྩ་བཞི་ནི་བདེ་མཆོག་འཁོར་ལོའི་དཔའ་བོ་དང་། དཔའ་མོ་ཉི་ཤུ་རྩ་བཞིའོ། །ཉེར་བཞི་ལ་ཡན་ལག་རླུང་རྟེན་གྱི་རྩ་ལྔ། གཙོ་བོ་གསུམ་བསྣན་པས་སོ་གཉིས་ལ་བདུད་བྲལ་མ་སྤངས་པའི་སོ་གཅིག་ཡོད་པ་ལས་གཅིག་ཁྱབ་བྱེད་དུ་བཏང་ནས། རྩ་གཉིས་གཉིས་རྣལ་འབྱོར་མ་རེ་རེར་བསྟན་པས་བདག་མེད་ལྷ་མོ་བཅོ་ལྔའི་འཁོར་ལོའོ། །དེ་ལ་ཕྱི་རོལ་དུ་ཟླ་བ་ལ་དཀར་ཆ་བཅུ་དྲུག་དང་ནག་ཆ་བཅུ་དྲུག །ནང་དུ་ལུས་ལ་དཀར་ཆ་འཕེལ་བ་བཅུ་དྲུག །ནག་ཆ་འཕེལ་བ་བཅུ་དྲུག་སྟེ་སོ་གཉིས་ལས། ཐུར་སེལ་གྱི་གནས་དང་བདུད་བྲལ་མ་སྤངས་པའི་སུམ་ཅུ་པོ་ལ་གཉིས་གཉིས་རྣལ་འབྱོར་མར་བྱ་སྟེ། བདུད་བྲལ་གྱི་ཁམས་དཀར་ཆ་གྱེན་དུ་འདྲེན་པས་བཅུ་དྲུག་ཆ་ཐུར་དུ་འབབ་པའི་བྱ་བ་མི་བྱེད་ཅིང་། དུང་ཅན་མས་ཁམས་ཟད་པར་བྱེད་པས་བཅུ་དྲུག་ཆ་མེད་པའམ། ཡང་ན་དབུ་མ་ཁྱབ་བྱེད་དུ་བཏང་ནས་ཡབ་ཧེ་རུ་ཀའི་ངོ་བོ་དང་། ལྷག་མ་རྩ་གཉིས་གཉིས་རྣལ་འབྱོར་མ་རེ་རེར་བྱས་ཏེ་བདུད་བྲལ་མ་སྤངས་པའི་སོ་གཅིག་གོ །དེ་དག་ཀྱང་ཇི་སྐད་དུ། ཧེ་བཛྭ་ལས། རིགས་ཀྱི་ལེའུ་ལས་རྩ་རྣམས་གང་། །བཅུ་དྲུག་གཉིས་ཀྱི་བདག་ཉིད་གསུངས། །རྩ་ནི་གཉིས་གཉིས་རྣལ་འབྱོར་མ། །རེ་རེའི་རྣམ་པ་རྣམས་སུ་བརྗོད། །བརྐྱང་མ་རོ་མ་ཀུན་འདར་མ། །བདག་མེད་རྣལ་འབྱོར་མ་ཞེས་བརྗོད། །གང་ཕྱིར་བཅུ་དྲུག་ཆ་མེད་པས། །འབད་པས་ཀུན་གྱིས་ལྷག་མ་སྤང་། །ཅིའི་སླད་དུ་ཞེ་ན། དོན་གྱི་བྱ་བ་མི་བྱེད་ཕྱིར། །བཅོ་ལྔའི་ཆ་ཡི་བདག་ཉིད་ཀྱི། །ཟླ་བ་བྱང་ཆུབ་སེམས་སུ་འགྱུར། །བདེ་བ་ཆེན་པོ་ཨཱ་ལིའི་གཟུགས། །ཤེས་གསུངས་པའི་དོན་ཕྱིན་ཅི་མ་ལོག་པའོ། །རྩ་བའི་རླུང་བརྟེན་པའི་རྩ་རྣམས་ཀྱི་མིང་ནི། ཇི་སྐད་དུ་བསྡུས་རྒྱུད་ལས། དམར་སེར་ཕྲ་མོ་དག་ཀྱང་ཨི་ཊ་ལ་སོགས་རྣམ་གསུམ་ལམ་གནས་སྣར་མ་དང་ནི་གླང་ཆེན་ལྕེ། །དྲུག་པ་རྒྱལ་དང་རི་ཡང་རྒྱལ་བ་ནོར་དང་དགུ་པ་ཨ་ལྃ་བུ་ཥ་དཔལ་ལྡན་ཀུ་ཧཱའོ། །ཕྱོགས་ཀྱི་གྲངས་ནི་དུང་ཅན་མ་གང་མི་ཡི་བདག་པོ་བྱང་ཆུབ་ས་བོན་བདེ་བའི་མཐར་ཟག་བྱེད། །དཔལ་ལྡན་རྩ་ཡི་འཁོར་ལོ་འདི་ནི་རྣམ་པ་མང་པོར་འགྱུར་ཏེ་ཚིགས་ཀྱི་དབྱེ་བ་དུ་མས་སོ། །ཞེས་དང་། དེའི་འགྲེལ་པར་སྤྱན་རས་གཟིགས་ཀྱིས། ད་ནི་དམར་སེར་ཞེས་པ་ལ་སོགས་པས་རྩའི་མིང་མུ་སྟེགས་བྱེད་ཀྱི་མིང་རྣམས་ཀྱིས་གསུངས་ཏེ། དམར་སེར་ཕྲ་མོ་དག་ཀྱང་ཨི་ཊ་ལ་སོགས་ནི་ཨི་ཊ་ལ་སོགས་པ་རྩ་གསུམ་མོ། །རྣམ་གསུམ་ལམ་གནས་ཤེས་པ་ལ། ཟླ་བའི་ལམ་དུ་གནས་པ་ནི་ཨི་ཊའོ། །ཉི་མའི་ལམ་དུ་གནས་པ་ནི་དམར་སེར་རོ། །སྒྲ་གཅན་གྱི་ལམ་ལ་བགྲོད་པ་ནི་སུ་ཤུ་མ་ནའོ། །སྣར་མ་ནི་བཞི་པའོ། །ལག་ལྡན་ལྕེ་ནི་ལྔ་པའོ། །རྒྱལ་ནི་དྲུག་པའོ། །རི་ཡང་རྒྱལ་བ་ཞེས་པ་བདུན་པའོ། །ཨ་ལྃ་བུ་ཥ་ནི་ནོར་དང་ཞེས་པ་བརྒྱད་པའོ། །ཀུ་ཧཱ་ནི་དགུ་པའོ། །ཕྱོགས་ཀྱི་གྲངས་ནི་དུང་ཅན་མ་གང་སྟེ་བཅུ་བ་དུང་ཅན་མས་བྱང་ཆུབ་ཀྱི་སེམས་བདེ་བའི་མཐར་ཟག་པར་བྱེད་པའོ། །ཞེས་གསུངས་སོ། །དེ་དག་གི་ནང་ནས་རྩ་བའི་རླུང་ལྔ་བརྟེན་པའི་རྩ་ལྔ་ནི་གོང་དུ་སྨོས་ཟིན་པས། སྲོག་དང་ཐུར་སེལ་གྱི་གནས་མ་གཏོགས་པའི་བརྒྱད་ནི་འོག་ཏུ་འཆད་འགྱུར་གྱི་སྙིང་གའི་རྩ་བརྒྱད་ཀྱི་མིང་ངོ་། །གཉིས་པ་གཞུང་ནི། འདི་ལས་གྱེས་པའི་རྩ་ཆེན་པོ། །ཉི་ཤུ་བཞི་སྟེ་སྙིང་ག་ཡི། །ཡན་ལག་རླུང་ནི་བརྟེན་པའི་རྩ། །ལྔ་དང་གཙོ་བོ་གསུམ་བཅས་པས། །སུམ་ཅུ་གཉིས་ཏེ་རྩ་བ་ཡི། །རླུང་བརྟེན་རྩ་བཅས་སུམ་ཅུ་བདུན། །ཞེས་པ་སྟེ། རྩ་གསུམ་པོ་འདི་ལས་གྱེས་པ་མི་ཕྱེད་མ་ནས་ཡིད་བཟང་མའི་བར་ཉི་ཤུ་རྩ་བཞི་སྟེ། དེའི་སྟེང་དུ་ཡན་ལག་གི་རླུང་བརྟེན་པའི་སུམ་སྐོར་མ་སོགས་ལྔ་དང་། དབུ་མ་རོ་བརྐྱང་སྟེ་གཙོ་མོ་གསུམ་དང་སོ་གཉིས། དམར་སེར་ལ་སོགས་རྩ་བའི་རླུང་བརྟེན་པའི་རྩ་ལྔ་སྟེ་སོ་བདུན་ནི་བྱང་ཕྱོགས་སོ་བདུན་དང་། གཞན་དཀྱིལ་འཁོར་ལ་ལྷ་སོ་བདུན་དང་། ཕྱི་རོལ་དུ་ཡུལ་ཆེན་པོ་སོ་བདུན་དང་མ་རྒྱུད་རྣམས་ལས་སྦྱར་བཤད་མཛད་པའི་ཚུལ་མང་དུ་ཡོད་ཀྱང་། ཚིག་མངས་ཀྱིས་དོགས་ནས་མ་སྤྲོས་སོ། །བཞི་པ་རྩའི་གཙོ་མོ་ཉི་ཤུ་རྩ་བཞི་རྒྱས་པར་བཤད་པ་ལ། །སྤྱི་དོན་གྱི་ཚུལ་གྱིས་འབྲེལ་བཤད་པ་དང་། སྐབས་སུ་བབ་པ་གཞུང་ལ་སྦྱར་བ་གཉིས་པ་ལ། དང་པོ་ནི། རྗེ་ནཱ་རོ་པ་ཆེན་པོས། རྩ་སུམ་ཅུའི་རྣམ་གཞག་ལ། གཡས་གཡོན་རོ་བརྐྱང་ལས་གྱེས་པ་བཅོ་ལྔ་བཅོ་ལྔར་གསུངས་ཀྱང་། རེ་ཞིག་དག་པ་སྦྱར་བ་དེ་བ་དང་། དམིགས་རྣམ་གསལ་བ་ཙམ་ལ་དགོངས་ནས་གསུངས་པར་ཟད་ཀྱི། དོན་ལ་མ་ཡིན་ཏེ། བདེ་མཆོག་དང་། སམྦུ་ཊའི་རྒྱུད་རྣམས་དང་མི་མཐུན་པས་སོ། །དེ་དག་དཔང་པོར་བྱས་ཏེ་བཤད་ན། ལུས་ཀྱི་སྟོད་ན་གནས་པའི་མི་ཕྱེད་མ་ལ་སོགས་པ་བཅུ་བཞི་བརྐྱང་མས་བསྐྱེད་པ་དང་། གཞོལ་མ་ལ་སོགས་པ་སྨད་ན་གནས་པ་བཅུ་གཡས་རོ་མས་བསྐྱེད་ཅིང་། རྩ་བ་དང་ཡན་ལག་གི་རླུང་བརྟེན་པའི་རྩ་བཅུ་ནི་དབུ་མ་ལས་སྐྱེས་པར་གསུངས་པ་ལྟར། རྩ་སོ་བཞི་པོ་ཐམས་ཅད་དབུ་མ་རོ་བརྐྱང་གསུམ་ག་ལས་གྱེས་པ་ཤིན་ཏུ་འཐད་དེ། བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས་ཀྱང་དེ་ལྟར་དུ་གསུངས་པས། ཕ་རྒྱུད་དང་མ་རྒྱུད་གཉིས་ཀའི་དགོངས་པ་ཡིན་པས་སོ། །གཉིས་པ་ལ། དངོས་དང་། ཞར་བྱུང་སྦས་པའི་རྩ་ལྔ་བཤད་པ་གཉིས། དང་པོ་ལ། གཡོན་བརྐྱང་མ་ལས་གྱེས་པ་བཅུ་བཞི་བཤད་པ་དང་། གཡས་རོ་མ་ལས་གྱེས་པ་བཅུ་བཤད་པ་གཉིས་ལས། དང་པོ་ནི། འདི་ཡི་གཡོན་པའི་ཆར་སྐྱེས་པ། །མི་ཕྱེད་མ་ནི་འཆོགས་མར་གནས། །ཕྲ་གཟུགས་མ་ནི་སྤྱི་གཙུག་འབྲེལ། །རྩེ་བ་མ་ནི་སྣ་གཡས་ཏེ། །གཡོན་པ་མ་ནི་ལྟག་རྩའོ། །ཐུང་ངུ་ཞེས་བྱ་རྣ་བ་གཡོན། །རུས་སྦལ་སྐྱེས་མ་སྨིན་དབུས་ཏེ། །མིག་གི་ཕྱི་རོལ་སྒོམ་པ་མོ། །དབང་མ་ཕྲག་པ་གཉིས་ཀྱི་རྩ། །སྐྱོན་མ་མཆན་ཁུང་རྩ་ཡིན་ཏེ། །འཇུག་མ་ཞེས་བྱ་ནུ་མའི་རྩ། །མ་མོ་ལྟེ་བའི་རྩ་ཡིན་ཏེ། །སྣ་རྩེར་ཟུག་པ་མཚན་མོའོ། །ཁ་ལ་གནས་པ་བསིལ་སྦྱིན་མ། །མགྲིན་དབུས་ཚ་བ་མ་གནས་སོ། །བརྐྱང་མ་དེ་དག་ཀུན་བརྟེན་པའོ། །འདི་རྣམས་ཤེས་རབ་རང་བཞིན་ནོ། །ཞེས་པ་སྟེ། འདི་རྣམས་ཀྱི་གནས་ལ་སོགས་པ་ནི་གཞུང་ཉིད་ཀྱིས་གོ་ལ། བརྐྱང་མ་ལས་གྱེས་པ་བཅུ་བཞི་པོ་འདི་རྣམས་ཤེས་རབ་ཀྱི་རང་བཞིན་ཡིན་ཞེས་པ་ནི་དག་པ་སྦྱར་བའི་དབང་གིས་སོ། །གཉིས་པ་ནི། རོ་མ་ལ་བརྟེན་ཐབས་ཀྱི་ཆ། །གཞོལ་མ་བྲང་གི་གཞུང་དུ་གནས། །རངས་མ་ལྒངས་པར་འབྲེལ་བ་སྟེ། །ཤིན་དུ་གཟུགས་ཅན་མཚན་མར་གནས། །སྤྱི་མ་འོག་སྒོར་འབྲེལ་བ་སྟེ། །རྒྱུ་སྦྱིན་བརླ་ཡི་རྩ་ཆེན་ཡིན། །སྦྱོར་བྲལ་མ་ནི་བྱིན་པར་གནས། །སྡུ་གུ་རྐང་པའི་སོར་མོར་འབྲེལ། །གྲུབ་མ་བོལ་གོང་རྩ་ཡིན་ཏེ། །འཚེད་མ་རྐང་འཐེབ་སྤུ་འཁྱིལ་རྩ། །ཡིད་བཟང་པུས་མོའི་གཉན་གོང་གནས། །དེ་ལྟར་ལུས་ཀྱི་གནས་སུ་འདོད། །ཅེས་པ་སྟེ། རོ་མ་ལས་གྱེས་པ་བཅུ་ནི་ཐབས་ཀྱི་ཆ་ཡིན་པ་དང་། ལུས་ཀྱི་གནས་ལ་སོགས་པ་ནི་གཞུང་ཉིད་ཀྱིས་གོ་བས་མ་སྤྲོས་སོ། །འདི་དག་ཏུ་ཁམས་འབབ་ཚུལ་ཕྱི་རོལ་གྱི་གནས་དང་སའི་སྦྱར་བཤད་རྣམས་ནི་འོག་ཏུ་ཐིག་ལེའི་སྐབས་སུ་འཆད་པ་ལས་ཤེས་པར་འགྱུར་རོ། །རྩའི་མིང་འདི་དག་ཀྱཻ་རྡོར་ལས་གསུངས་ཤིང་། བདེ་མཆོག་ལས། པུལླིུར་མ་ལ་ཡ་ལ་སོགས་པ་ཕྱི་རོལ་གྱི་གནས་དང་སྦྱར་ནས་བཤད། རྒྱུད་གཞན་ལས་ཀྱང་གནས་ལ་སོགས་པ་དང་སྦྱར་བའི་ཚུལ་མང་དུ་འདུག་ཀྱང་རྒྱས་པར་མ་སྤྲོས་སོ། །གཉིས་པ་ཞར་བྱུང་སྦས་པའི་རྩ་ལྔ་བཤད་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། སུམ་བསྐོར་འདོད་མ་ཁྱིམ་མ་དང་། །གཏུམ་མོ་ཞེས་བྱ་རྩ་བཞི་ནི། །མིག་དང་རྣ་བ་སྣ་དང་ལྕེར། །སྙིང་དབུས་ནས་འབྲེལ་རླུང་རྒྱུའི་རྩ། །བདུད་བྲལ་ལྕེ་ཆུང་དབུས་སུ་ཟུག །ཅེས་པའོ། །གཉིས་པ་ནི། སུམ་བསྐོར་མ་དང་། འདོད་མ་དང་།ཁྱིམ་མ་དང་། གཏུམ་མོ་ཞེས་བྱ་བའི་རྩ་བཞི་ནི། མིག་གི་དབང་པོ་དང་། རྣ་བ་དང་། སྣ་དང་། ལྕེའི་དབང་པོ་རྣམས་སུ་འབྲེལ་ཞིང་། དེ་དག་གི་རྩ་བ་ནི་སྙིང་གི་དབུས་སུ་ཟུག་པས་ན། སྙིང་དབུས་ནས་འབྲེལ་ཞེས་སྦྱར་ལ། ཀླུ་སོགས་ཡན་ལག་གི་རླུང་ལྔ་བརྟེན་ཞིང་། གཟུགས་འཛིན་པ་སོགས་ཀྱི་བདག་རྐྱེན་བྱེད་པའོ། །བདུད་བྲལ་མ་ནི་ལྕེ་ཆུང་གི་དབུས་སུ་ཟུག་ནས། ནོར་རྒྱལ་གྱི་རླུང་བརྟེན་ཞིང་འཇམ་རྩུབ་སོགས་རེག་བྱའི་ཕྱོགས་གཅིག་འབྱུང་གྱུར་གྱི་ཆ་འཛིན་པའི་བདག་རྐྱེན་བྱེད་དོ། །དུས་འཁོར་ལས། གོང་དུ་བཤད་པའི་སྙིང་གའི་རྩ་བཅུའི་ནང་ནས། རྒྱལ་ནི་ཀླུ་དང་། རྒྱལ་བ་རུས་སྦལ། ཨ་ལཾ་བུ་ཥ་རྩངས་པ། ཀུ་ཧཱ་ལྷ་སྦྱིན། དུང་ཅན་མས་ནོར་རྒྱལ་གྱི་རླུང་བརྟེན་པར་བྱེད་པར་བཤད་དོ། །དུང་ཅན་ཐུར་སེལ་གྱི་གནས་ཡིན་ཀྱང་། འདི་ལྟར་བཤད་པ་ནི་ཁམས་གྱེན་དུ་འདྲེན་པའི་བདུད་བྲལ་མ་དུང་ཅན་ལ་འབྲེལ་བར་དགོངས་པའོ། །འདིར་སྦས་པའི་དོན་ལ། ཁ་ཅིག །རྩ་ཉེར་བཞི་སོགས་གཞན་གྱིས་ཤ་ཁྲག་རུས་པའི་ཁམས་བསྐྱེད་ཅིང་། འདི་དག་གིས་ནི་མིག་ཤེས་ལ་སོགས་པ་ལྔ་བསྐྱེད་པས་ན་སྦས་ཤེས་པ་དང་། ཁ་ཅིག རྩ་འདི་རྣམས་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་རྣམས་སུ་སྦས་པའི་དོན་གྱིས་ན། སྦས་པའི་རྩར་བཤད། ཁ་ཅིག རྩ་འདི་རྣམས་བདེ་མཆོག་ཏུ་སྦས་པ་ཀྱེ་རྡོར་ལས་གསལ་བར་བཤད་པའི་དོན་གྱིས་ན། སྦས་པའི་རྩ་ཞེས་བཤད། བླ་མ་ལ་ལའི་གསུང་རྒྱུན་ལ། སྦས་པའི་རྩ་ནི་རྩ་བའི་རླུང་ལྔའི་རྟེན་དུ་གྱུར་པའི་རྩ་རྣམས་ཡིན་པར་བཞེད་ཀྱང་། རང་གི་ལུགས་ལ་ཡན་ལག་གི་རླུང་བརྟེན་པའི་རྩ་རྣམས་ཀྱི་མིང་ནི། རྒྱུད་སོ་སོ་ནས་འཁོར་ལོའི་རྩ་འདབ་རྣམས་ཀྱི་གསེབ་ཏུ་སྦས་ཏེ་བཤད་པ་དང་། བརྟག་གཉིས་ལས་དེ་དག་གི་མིང་གསལ་བར་བཤད་པས་ན། སྦས་པའི་རྩ་ཞེས་བྱ་སྟེ། དེ་ཡང་གསང་འདུས་ལས་ནི། རིན་ཆེན་ཅོད་པན་ལ་སོགས་པའི་མིང་དང་། དུས་འཁོར་ལས་ནི་ཨ་ལྃ་བུ་ཥ་དང་། ཀཱུ་ཧཱ་ལ་སོགས་པའི་མིང་དང་། བཅོམ་ལྡན་འདས་བདེ་མཆོག་ལ་སོགས་པའི་རྒྱུད་ལ་ལར། གནས་ལ་སོགས་པའི་མིང་གིས་བསྟན་པས་ན། སྦས་པ་ཞེས་བརྗོད་པ་ཡིན་ནོ། །དེ་ནས་རྩ་བའི་རླུང་རྒྱུ་བའི་གནས་སུ་གྱུར་པའི་རྩ་ལྔ་བཤད་པར་འདོད་ནས། འདིར་ནི་ལུས་ཀྱི་སྙིང་དབུས་སུ། །རྩ་ལྔ་པོ་ནི་ཡང་དག་གནས། །སྲོག་ནི་ཨ་ཝ་དྷཱུ་ཏཱི་སྟེ། །གཞན་ནི་རྩ་བའི་རླུང་རྒྱུའི་གནས། །ཤེས་གསུངས་ཏེ། དེ་ཡང་སྙིང་གི་དབུས་སུ་བཤད་པ་དང་། འཆད་འགྱུར་གྱི་རྩ་བའི་རླུང་གི་གནས་སུ་གྱུར་པའི་རྩ་ལྔ་པོ་ནི་ཡང་དག་པར་གནས་ཏེ། དེ་དག་ལས་སྲོག་རླུང་གི་གནས་ནི་ལྟེ་སྟེང་ཡན་ཆད་ཀྱི་ཨ་ཝ་དྷཱུ་ཏཱི་དངོས་གཞིའོ་ཐུར་སེལ་གྱི་གནས་ནི་དབུ་མའི་སྨད་ཀྱི་ཆ། ལྟེ་འོག་མན་ཆད་ཀྱི་དུང་ཅན་མའོ། །གཞན་མེ་མཉམ་ལ་སོགས་པའི་རྩ་ནི་དམར་སེར་དང་། སྣར་མ་དང་། གླང་པོ་ཆེའི་རྩ་རྣམས་ཏེ། རྟེན་དང་བརྟེན་པ་སོ་སོར་སྦྱར་ཚུལ་ནི་འོག་ཏུ་རླུང་གི་སྐབས་སུ་རྒྱས་པར་འཆད་འགྱུར་ལས་ཤེས་པར་འགྱུར་རོ། །ལྔ་པ་འཁོར་ལོའི་རྩ་འདབ་རྒྱས་པར་བཤད་པ་ལ། འཁོར་ལོའི་དབྱེ་བ་མདོར་བསྟན་པ། འཁོར་ལོ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་དང་གཉིས་ལས། དང་པོ་ལ། རྩ་ཚིག་གཉིས། དང་པོ་ནི། དེ་ནས་འཁོར་ལོ་བཞི་དང་དྲུག །བཅོ་བརྒྱད་ལ་སོགས་དབྱེ་བ་ནི། ཞེས་པའོ། །གཉིས་པ་ནི། དེ་ལྟར་རྩའི་གཙོ་མོ་གསུམ་དང་། སོ་བདུན་དང་། སྦས་པའི་རྩ་དང་། རྩ་བའི་རླུང་རྟེན་གྱི་རྩ་དང་བཅས་པ་བཤད་ཟིན་པའི་རྗེས་དེ་ནས། ལྟེ། སྙིང་། མགྲིན་པ། སྤྱི་བོའི་འཁོར་ལོ་བཞི་དང་། ཡང་ན། གཙུག་ཏོར་གསང་བ་གཉིས་བསྟན་ནས་དྲུག་གམ། ཡང་ན་དེ་དག་གི་སྟེང་དུ་ཚིགས་ཆེན་བཅུ་གཉིས་ཀྱི་འཁོར་ལོ་རྣམས་བསྣན་ནས་བཅོ་བརྒྱད་དུ་འགྱུར་ཚུལ་རྣམས་བཤད་པར་བྱའོ། །ཞེས་པའི་དོན་ནོ། །གཉིས་པ་འཁོར་ལོ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ། སྤྱིའི་དོན་དང་། ཡན་ལག་གཞུང་གི་དོན་གཉིས་ལས། དང་པོ་ལ། གསང་བ་འདུས་པ་ལས་འཁོར་ལོ་བཞིར་རླུང་གི་རྣལ་འབྱོར་ལ་བརྟེན་ནས་དགའ་བཞི་སྐྱེ་ཚུལ་དང་བཅས་པ་བཤད་པ། དུས་ཀྱི་འཁོར་ལོ་ལས་རིགས་དྲུག་གི་བདག་ཉིད་ཀྱི་རྩ་ཁམས་ཀྱི་རྣམ་བཞག་རྒྱས་པར་བསྟན་པའི་ཚུལ་དང་གཉིས་ལས། དང་པོ་ནི། རྒྱུད་ཀྱི་མན་ངག་པ་ཐམས་ཅད་ལ་ཡོངས་སུ་གྲགས་པར། ཕ་རྒྱུད་ཐམས་ཅད་ལས་སྟོང་པ་བཞི་གཙོ་བོར་སྟོན་པ་དང་། མ་རྒྱུད་ཐམས་ཅད་ནས་དགའ་བ་བཞི་གཙོ་བོར་སྟོན་པའི་རྣམ་བཞག་ཅིག་ཡོངས་སུ་གྲགས་འདུག་ཀྱང་། དེ་ནི་དེ་ལྟར་མ་ངེས་པར་སེམས་ཏེ། ཕ་རྒྱུད་ལས་ཀྱང་དགའ་བཞི་ལུགས་འབྱུང་དང་ལུགས་བཟློག་གི་ཚུལ་ཤིན་དུ་གཙོ་བོར་མཛད་པའི་ཕྱིར་ཏེ། ཇི་སྐད་དུ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། དགའ་བ་བཞི་ཡི་མཚན་ཉིད་ནི། །ལུགས་འབྱུང་ལུགས་ལས་བཟློག་པ་ཡི། །ཇི་ལྟ་བ་ཡི་རིམ་པ་ཡི། །དགའ་བའི་བདེ་བ་དང་པོ་སྟེ། །མཆོག་ཏུ་དགའ་བ་གཉིས་པ་དང་། །དགའ་བྲལ་ཞེས་པ་གསུམ་པ་དང་། །བཞི་པ་ལྷན་ཅིག་སྐྱེས་པར་བཤད། །ཅེས་དང་། ལུགས་འབྱུང་དང་ལུགས་བཟློག་གྱི་རིམ་པ་ཡང་། སྤྲུལ་པའི་འཁོར་ལོར་དགའ་བ་དང་། །མཆོག་དགའ་ཆོས་ཀྱི་འཁོར་ལོར་གནས། །ལོངས་སྤྱོད་བྲལ་བའི་དགའ་བ་དང་། །ལྷན་ཅིག་སྐྱེས་དང་བདེ་བ་ཆེ། །ལུགས་བཟློག་རིམ་པ་ཞེས་ནི་གསུངས། །ཤེས་དང་། དེ་རྗེས་ལུགས་འབྱུང་བཤད་བྱ་སྟེ། །བདེ་ཆེན་འཁོར་ལོ་སྤྱི་བོ་ལ། །དེ་ནི་དགའ་བར་བཤད་པ་ཡིན། །ལོངས་སྤྱོད་འཁོར་ལོར་མཆོག་དགའ་དང་། །དགའ་བྲལ་ཆོས་ཀྱི་འཁོར་ལོར་གནས། །སྤྲུལ་པའི་འཁོར་ལོར་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། །ཅེས་གསུངས་པས་སོ། །དེར་མ་ཟད་སྐད་ཅིག་གི་དབྱེ་བ་ཡང་མ་རྒྱུད་དང་མཐུན་པར། །དང་པོར་རེག་པ་དང་ཙུམྦ་ན་བྱེད་པའི་ཚེ་ན། རྣམ་པ་སྣ་ཚོགས་དང་། འཁྱུད་ནས་རྡོ་རྗེ་པདྨར་བཞག་པ་ན། རྣམ་པར་སྨིན་པར་དང་། །རྡོ་རྗེ་པདྨར་བསྲུབས་ཏེ་བྱང་ཆུབ་ཀྱི་སེམས་འཛག་པའི་ཚེ་ན་རྣམ་པར་ཉེད་པ་དང་། དེ་ལས་བདེ་སྟོང་སྐྱེས་པའི་ཚེ་ན་མཚན་ཉིད་དང་བྲལ་བར་གསུངས་པས་སོ། །གཉིས་པ་ནི། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དུས་ཀྱི་འཁོར་ལོ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་ལ་ཚང་བའི་ཚུལ་གྱིས་བཤད་པར་བྱ་སྟེ། ཁམས་དྲུག་ལས་ཆུ་ཁམས་དང་། ཕུང་པོ་དྲུག་ལས་འདུ་ཤེས་ཀྱི་ཕུང་པོ་དང་། འཁོར་ལོ་དྲུག་ལས་སྤྱི་བོའི་འཁོར་ལོ་དང་། །རྩ་དྲུག་ལས་བརྐྱང་མའི་ཡར་སྣ་ལ་ལ་ན་དང་། རིགས་དྲུག་ལས་འོད་དཔག་མེད་རྣམས་ནི་ཡབ་ཀྱི་སྐུ་དང་། དེ་བཞིན་དུ་རླུང་ཁམས་དང་། །སྙིང་གའི་འཁོར་ལོ་དང་། །བརྐྱང་མའི་མར་སྣ་ལ་གཅི་བ་དང་། །དོན་གྲུབ་ནི་ཡབ་ཀྱི་གསུང་དང་། ནམ་མཁའི་ཁམས་དང་། རྣམ་ཤེས་ཀྱི་ཕུང་པོ་དང་། སྨིན་མཚམས་ཀྱི་འཁོར་ལོ་དང་། །དབུ་མའི་ཡར་སྣ་ཨ་ཝ་དྷཱུ་ཏཱི་དང་། །མི་བསྐྱོད་པ་རྣམས་ནི་ཡབ་ཀྱི་ཐུགས་ཡིན་ཏེ། །ཆུ་རླུང་ནམ་མཁའི་ཡབ་ཀྱི་སྐུ་གསུང་ཐུགས། །ཤེས་པ་དང་། ཡང་ཁམས་དྲུག་ལས་སའི་ཁམས་དང་། གཟུགས་ཀྱི་ཕུང་པོ་དང་། །ལྟེ་བའི་འཁོར་ལོ་དང་། རོ་མའི་མར་སྣ་ལ་གཤང་བ་དང་། རྣམ་པར་སྣང་མཛད་རྣམས་ནི་ཡུམ་གྱི་སྐུ་དང་། དེ་བཞིན་དུ་མེའི་ཁམས་དང་། ཚོར་བའི་ཕུང་པོ་དང་། །མགྲིན་པའི་འཁོར་ལོ་དང་། །རོ་མའི་ཡར་སྣ་རཱ་ས་ན་དང་། རིགས་དྲུག་གི་ནང་ནས་རིན་ཆེན་འབྱུང་ལྡན་རྣམས་ནི་ཡུམ་གྱི་གསུང་དང་། ཁམས་དྲུག་གི་ནང་ནས་ཡེ་ཤེས་ཀྱི་ཁམས་དང་། །ཕུང་པོ་དྲུག་གི་ནང་ནས་ཡེ་ཤེས་ཀྱི་ཕུང་པོ་དང་། གསང་གནས་ཀྱི་འཁོར་ལོ་དང་། དབུ་མའི་མར་སྣ་ལ་ཁུ་བ་འབབ་པའི་གནས་དང་། རིགས་དྲུག་གི་ནང་ནས་རྡོ་རྗེ་སེམས་དཔའ་རྣམས་ནི་ཡུམ་གྱི་ཐུགས་ཡིན་ཏེ། ས་མེ་ཡེ་ཤེས་ཡུམ་གྱི་སྐུ་གསུང་ཐུགས། ཤེས་དུས་འཁོར་བ་རྣམས་ལ་གྲགས་པ་བཞིན་ནོ། །དེ་དག་གི་དོན་ཡང་། ཆུ་རླུང་འདྲེས་པའི་ཡོན་ཏན་ནམ་མཁས་བཟུང་བ་དང་། ས་མེ་འདྲེས་པའི་ཡོན་ཏན་ཡེ་ཤེས་ཀྱིས་བཟུང་བས་སོ། །དེ་ལྟར་ན་འཁོར་འདས་རིགས་དྲུག་ཐམས་ཅད་དུས་ཀྱི་འཁོར་ལོ་ཡབ་ཡུམ་ལ་ཚང་བ་ཡིན་ཏེ། ཇི་སྐད་དུ་དབང་མདོར་བསྟན་ལས། །ཟླ་ཉི་སྒྲ་གཅན་གཤང་གཅི་དང་། །ཁུ་བ་འབབ་པའི་ལམ་རྣམས་སུ། །ཆུ་མེ་སྟོང་པ་ས་རླུང་དང་། །ཡེ་ཤེས་ཁམས་རྣམས་བསྐྱེད་རྣམས་ལ། །གང་ཞིག་ཟླ་ཉི་མུན་ཅན་དང་། །གཤང་གཅི་ཁུ་བ་འབབ་མ་རྣམས། །སྲོག་དང་ཐུར་སེལ་རིམ་པ་ཡིས། །ལུས་དག་སེམས་ཀྱི་རྩ་རྣམས་སོ། །ཟླ་བ་ཐབས་ཀྱི་སྐུ་ཡིན་ཏེ། །ཉིན་མོར་བྱེད་པ་ཤེས་རབ་གསུང་། །ཤེས་རབ་སྐུ་ནི་གཤང་བའི་རྩ། །གཅི་བ་འབབ་མ་གཙོ་བོའི་གསུང་། །སྟེང་འོག་ཐུགས་ཀྱི་རྩ་གཉིས་དག །མུན་ཅན་ཁུ་བ་འབབ་མའོ། །ཐབས་ཀྱི་ཐུགས་ནི་མུན་པ་ཅན། །ཁུ་བ་འབབ་མ་ཤེས་རབ་ཀྱི། །སྟེང་འོག་རིགས་དྲུག་འདི་རྣམས་ནི། །ཞེས་དང་། ཡང་དེ་ཉིད་ལས། ནོར་བུ་ཐུགས་དང་གསང་བར་གསུང་། །ལྟེ་བར་སྐུ་སྟེ་བདེ་ཆེན་ལས། །ཤེས་གསུངས་པས་སོ། །འདི་དག་གི་དོན་ལ། །དུས་འཁོར་བ་ལ་ལས། །དེ་ལྟར་ཁམས་དང་ཕུང་པོའི་རྣམ་འགྱུར་ཐམས་ཅད་ཀྱང་རང་བཞིན་པ་དང་། གློ་བུར་བ་གཉིས་གཉིས་སུ་རིག་པར་བྱ་ཞིང་། རང་བཞིན་པ་རྣམས་ཀྱི་རྟེན་རྩ་ཞེས་པ་ཡང་སྣོད་དུ་མ་ལ་ནམ་མཁའ་གནས་པ་ལྟར་ཡིན་གྱི། མཁར་གཞོང་ལ་རྒྱ་ཤུག་བརྟེན་པ་ལྟར་ཀུན་རྫོབ་ཀྱི་རྟེན་དང་བརྟེན་པ་མཚན་ཉིད་པ་ནི་མ་ཡིན་ནོ། །ཞེས་ཟེར། དེ་དག་གི་དོན་ལ་བརྟགས་ན། རང་བཞིན་པ་ཐམས་ཅད་ནི་སྦྱང་གཞི་བདེ་གཤེགས་སྙིང་པོ་དང་། སྦྱང་བྱ་རྣམས་ནི་གློ་བུར་གྱི་དྲི་མ་འམ། ཆོས་ཅན་ཀུན་རྫོབ་པའི་རྩ་ལ་དགོངས་པར་སྣང་ངོ་། །དེ་ལྟར་བཤད་པའི་རྩ་འཁོར་ལོ་བཞི་པོ་རྣམས་ཀྱི་འཁོར་ལོའི་རྩ་འདབ་ཀྱི་གནས་ཚུལ་ལ། རྔོག་པ་དག་གི་གསུང་སྒྲོས་སུ། ལྟེ་བ་ནས་སྤྱི་བོའི་བར་འཁོར་ལོ་རེ་རེ་ལ་ཡང་རྩ་འདབ་བརྒྱད་བརྒྱད་ལས་མེད་པར་ནི་མཚུངས་ལ། དེ་ལ་ཀྱོག་གི་བྱེ་བྲག་གིས་ལྟེ་བ་ན་རྩ་འདབ་དྲུག་ཅུ་རེ་བཞི་འདོད་པའི་དོན་ཡང་། རྩ་བརྒྱད་པོ་རེ་རེ་ལ་ཀྱོག་བརྒྱད་བརྒྱད་ཡོད་པས་ཀྱོག་མཚམས་རེ་རེ་རྩ་རེར་བརྩི་བས་ན་བརྒྱད་བརྒྱད་དྲུག་ཅུ་རེ་བཞིའོ། །སྙིང་གའི་རྩ་བརྒྱད་ལ་ཀྱོག་མེད་པས་འདབ་མ་བརྒྱད་དང་། མགྲིན་པ་ན་དུས་འཁོར་ལྟར་ན་ཀྱོག་བཞི་བཞི་ཡོད་པས་སོ་གཉིས་དང་། ཀྱེ་རྡོར་ལྟར་ན་ཀྱོག་གཉིས་གཉིས་ཡོད་པས་བཅུ་དྲུག །སྤྱི་བོ་ལ་ཀྱོག་བཞི་བཞི་ཡོད་པས་སུམ་ཅུ་སོ་གཉིས་སུ་འདོད་ཀྱང་། རང་ལུགས་ལ། འདབ་མ་རེ་རེ་རྩ་རེ་རེར་འདོད་པས། ལྟེ་བ་ན་དྲུག་ཅུ་རྩ་བཞི་སོགས་སུ་འགྲེལ་བར་གསལ་ཞིང་། འཁོར་ལོ་ཇི་ལྟར་གནས་པའི་ཚུལ་ཡང་། སྤྱི་བོའི་འཁོར་ལོ་གདུགས་དང་། མགྲིན་པ་གདུགས་འགྱོགས་ཀྱི་ཚུལ་དང་། སྙིང་ག་གདུགས་དང་། ལྟེ་བ་གདུགས་འགྱོགས་ཀྱི་ཚུལ་དུ་གནས་པ་ཡིན་ནོ། །གསང་བ་དང་། གཙུག་ཏོར་གྱི་འཁོར་ལོ་ནི་ཐད་ཀར་གནས་པར་བཞེད་དགོས་སོ། །དེ་ཡང་གཙུག་ཏོར་གྱི་འཁོར་ལོ་ལ་རྩ་འདབ་བཞི་དང་། སྤྱི་བོར་ཐབས་ཤེས་མ་ཕྱེ་ན་བཅུ་དྲུག་དང་། མགྲིན་པར་སོ་གཉིས། སྙིང་གར་བརྒྱད། ལྟེ་བར་རེ་བཞི། གསང་བར་སོ་གཉིས་ཀྱི་རྣམ་དག་གིས་གསུངས་ཏེ། ཇི་སྐད་དུ། སྤྱན་རས་གཟིགས་ཀྱིས་འགྲེལ་ཆེན་ལས། དེ་བཞིན་དུ་དུས་ཀྱི་འཁོར་ལོའི་རྩ་རྣམས་གསུངས་པ། གཙུག་ཏོར་ལ་ནི་ཆུ་གཏེར་ཞེས་པ་ལ་ནི། འདབ་མ་བཞིའི་གཟུགས་ཅན་བཞི་སྟེ། ཐུན་མཚམས་བཞི་འཇུག་པར་བྱེད་པ་རྣམས་སོ། །སྙིང་གར་བརྒྱད་དེ་ཞེས་པ་ནི། རྩ་སྣར་མ་ལ་སོགས་པ་མཉམ་གནས་ལ་སོགས་པ་རྣམས་ཀྱི་རྟེན་དུ་གྱུར་པ་རྣམས་ཏེ་ཉིན་ཞག་སོ་སོར་ཐུན་གྱི་དབྱེ་བས་གཟའ་བརྒྱད་རྒྱུ་བར་བྱེད་པ་རྣམས་སོ། །འདིར་འོག་དང་སྟེང་དུ་རྩ་གཉིས་ཏེ་རླུང་གི་རྟེན་ནོ། །སྤྱི་བོར་མི་བདག་ཅེས་པ་ནི་ཚེས་བཅུ་དྲུག་ལ་འཇུག་པ་རྣམས་སོ། །མགྲིན་པ་ལ་ཡང་སོའི་གྲངས་ཤེས་པ་ནི། མགྲིན་པའི་འཁོར་ལོ་ལ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། དབྱུ་གུའི་སྐར་མ་བཞི་འཇུག་པར་བྱེད་པ་སུམ་ཅུ་རྩ་གཉིས་སོ། །ལྟེ་བར་ཏེ་ལྟེ་བའི་པདྨ་ལ་ཁྱིམ་གྱི་རྩའི་ཕྱི་རོལ་དུ་ཆུ་ཚོད་ཀྱི་རྩ་བརྒྱད་ནི་བརྒྱད་ཀྱིས་བསྒྱུར་བ་རྩ་དྲུག་ཅུ་རྩ་བཞི་སྟེ། དཀྱིལ་འཁོར་དྲུག་ཅུ་འབབ་པར་བྱེད་པ་ན། སྟོང་པ་བཞི་འབབ་པར་བྱེད་པ་སྟེ་དབྱུ་གུ་དྲུག་ཅུ་རྩ་བཞི་འབབ་པར་བྱེད་པའོ། །ཉིས་འགྱུར་མི་བདག་ཅེས་པ་ནི་སུམ་བཅུ་རྩ་གཉིས་ཏེ། གསང་བའི་དབུས་སུ་གསང་བའི་པདྨའི་རྩ་ཁུ་བ་ལ་སོགས་པ་ཁམས་སུམ་ཅུ་རྩ་གཉིས་འཇུག་པར་བྱེད་པ་རྣམས་སོ། །ཞེས་གསུངས་སོ། །ཁ་ཅིག འདིའི་འབྲུ་གནོན་ལ། བརྟག་གཉིས་ལས། མི་ཕྱེད་མ་ལ་སོགས་པ་སོ་གཉིས་དང་། ཁ་སྦྱོར་དང་བདེ་མཆོག་ཏུ་པུལླིུ་ར་མ་ལ་ཡ་ལ་སོགས་པ་གནས་སོ་གཉིས་ལ་སོགས་པའི་མིང་གིས་བསྟན་པ་རྣམས་སོ། །ཞེས་འདོད་པ་ནི་ཤིན་དུ་མི་རིགས་ཏེ། མི་ཕྱེད་མ་ལ་སོགས་པ་རྣམས་འཁོར་ལོ་གང་གིའང་རྩ་འདབ་དུ་མི་ཐེ་བར། རྒྱུད་འགྲེལ་རྣམས་ལས་དངོས་སུ་གསལ་བའི་ཕྱིར་རོ། །རྩ་དེ་དག་སྦྱང་གཞིར་བཞག་པའི་དབང་དུ་བྱས་ན། ལྟེ་བ་ན་དྲུག་ཅུ་རྩ་བཞི་སྦྱང་གཞི་དང་། དེ་སྦྱོང་བྱེད་དུ་དུས་སྦྱོར་གྱི་རླུང་དབྱུ་གུ་དྲུག་ཅུ་རྩ་བཞིའི་གནས་སྒྱུ་ལུས་ཆོས་ཀྱི་ཕྱག་རྒྱ་བཅིངས་ནས་སྦྱངས་འབྲས་སད་པའི་གནས་སྐབས་དག་ནས་སྤྲུལ་པའི་སྐུ་མངོན་དུ་བྱེད་པ་དང་། སྦྱང་གཞི་སྙིང་གའི་རྩ་བརྒྱད་ཉིན་མོ་དང་མཚན་མོའི་ཐུན་བཞི་སྟེ། ཐུན་ཚོད་ཆེན་པོ་བརྒྱད་སྦྱོང་བྱེད་འོད་གསལ་བསྒོམས་ན། སྦྱངས་འབྲས་འོད་གསལ་ཆོས་སྐུ་འཆར་བ་དང་། གཉིད་འཐུག་པོ་དག་གོ །སྦྱང་གཞི་མགྲིན་པའི་བཅུ་དྲུག་འཕོ་བའི་རང་བཞིན་དག་པར་བྱེད་པ་སྦྱོང་བྱེད་རྨི་ལམ་གྱི་གདམས་པ་བསྒོམས་ནས། ཡེ་ཤེས་ཀྱི་ཕྱག་རྒྱས་གནད་བཅིངས་ན། སྦྱངས་འབྲས་རྨི་ལམ་དག་ནས་ལོངས་སྤྱོད་རྫོགས་པའི་སྐུ་འཆར་བར་བྱེད་པ་དང་། སྦྱང་གཞི་སྤྱི་བོ་སོ་གཉིས་ཆུ་ཚོད་ཀྱི་རང་བཞིན་སྦྱོང་བྱེད་གཏུམ་མོ་དམ་ཚིག་གི་ཕྱག་རྒྱས་གནད་བཅིངས་ན། ཆགས་པའི་གནས་སྐབས་དག་ནས་ཡེ་ཤེས་སམ་བདེ་བ་ཆེན་པོའི་སྐུའི་ངོ་བོ་འཆར་ཏེ། འདི་དག་ནི་གསང་འདུས་དང་། བདེ་དགྱེས་ཀྱི་ལུགས་སོ། །དུས་འཁོར་ལས་ནི། མགྲིན་པ་ན་སུམ་ཅུ་སོ་གཉིས་རྒྱུ་སྐར་གྱི་རང་བཞིན་དང་། སྤྱི་བོ་ནས་བཅུ་དྲུག་ཟླ་བའི་རྐང་པ་རྒྱུ་ཚུལ་དང་བཅས་པ་རྣམས་ནི་རྒྱས་པར་བཤད་དུ་ཡོད་ཀྱང་། འོག་ཏུ་རླུང་རྒྱུ་ཚུལ་གྱི་སྐབས་སུ་བཤད་པར་བྱའོ། །རྩ་འཁོར་འདི་རྣམས་ལ་འཁོར་ལོའི་སྒྲས་བརྗོད་པའི་དོན་ཡང་། དབྱིབས་ཀྱང་འཁོར་ལོ་ལྟ་བུར་ཡོད་པ་དང་། གནས་ཚུལ་ཤེས་པའི་སྒོ་ནས་གནད་བཅིངས་ན། གནས་སྐབས་བཞིའི་འཁྲུལ་པ་གཅོད་པའི་དོན་གྱིས་ན་འཁོར་ལོར་བཤད་དོ། །དེ་ལྟར་གོང་དུ་བཤད་པའི་རིགས་དྲུག་གི་རྩ་དང་རིགས་གསུམ་གྱི་རྩ་རྣམས་ནི་གཞུང་ཉིད་ཀྱིས་རྟོགས་ལ། རིགས་སོ་དྲུག་ནི་རྣམ་སྣང་སོགས་དེ་བཞིན་གཤེགས་པ་རེ་རེ་ལའང་རིགས་ཆུང་དྲུག་དྲུག་ཏུ་ཕྱེ་བས་རིགས་སོ་དྲུག་ཏུ་འགྱུར་ལ། དེ་དག་གི་རྟེན་དུ་གྱུར་པའི་རྩ་སོ་དྲུག་ནི། འཁོར་ལོ་དྲུག་གི་དབུས་སམ་གསང་གནས་ཀྱི་ནང་བསྐོར་དྲུག་དང་། སྒྲ་འཛིན་པ་གཉིས་སོགས་གསང་གནས་ཀྱི་བར་བསྐོར་བཅུ་དང་། ལྟེ་བའི་དུས་སྦྱོར་གྱི་རླུང་གི་གནས་འཕོ་བ་བཅུ་གཉིས་ཀྱི་རྩ་བཅུ་གཉིས་དང་། འཁོར་ལོ་གཞན་ཐམས་ཅད་ནི་ཐུན་ཚོད་བརྒྱད་ཀྱི་རང་བཞིན་ཡིན་པས། ཐུན་ཚོད་བརྒྱད་ཀྱི་རྩ་བརྒྱད་བསྣན་པས་ན་སོ་དྲུག་ཏུ་བྱེད་པ་ནི། འགྲེལ་པ་ཉིད་དུ་གསལ་ཞིང་། སྤྱན་རས་གཟིགས་འགྲེལ་ལ་མཆན་བུ་བྱེད་པ་དག་གིས་ཀྱང་དེ་ལྟར་དུ་བཤད་པས་སོ། །མདོར་ན་སྐུ་རྣམས་ཀྱི་རྟེན་རྩ་འཁོར་ཕུང་ཁམས་རྣམས་དང་དག་པ་སྦྱར་ཏེ་བཤད་ན། གཙུག་ཏོར་གྱི་འཁོར་ལོ་ནི་ནམ་མཁའི་ཁམས་དང་རྣམ་ཤེས་ཀྱི་ཕུང་པོའི་རང་བཞིན་མཚོན་པ་དང་། གསང་བའི་འཁོར་ལོ་ནི། ཡེ་ཤེས་ཀྱི་ཁམས་དང་། ཕུང་པོ་ཐམས་ཅད་ལ་ཁྱབ་བྱེད་དུ་འཇུག་པའི་ཆོས་ཁམས་མཚོན་པ་དང་། སྙིང་གའི་འཁོར་ལོ་ནི་རླུང་གི་ཁམས་དང་འདུ་བྱེད་ཀྱི་ཕུང་པོ་མཚོན་པ་དང་། མགྲིན་པའི་འཁོར་ལོ་ནི་མེའི་ཁམས་དང་། ཚོར་བའི་ཕུང་པོའི་རང་བཞིན་དང་། སྤྱི་བོའི་འཁོར་ལོ་ནི་ཆུའི་ཁམས་དང་། འདུ་ཤེས་ཀྱི་ཕུང་པོར་འགྱུར་ཞིང་། རྩ་འཁོར་དེ་དག་རྟེན་དང་། སྐུ་བཞིའམ་ལྔ་ནི་བརྟེན་པར་འགྱུར་ཏེ། དེ་ཡང་གསང་བ་དང་གཙུག་ཏོར་དང་ལྟེ་བའི་པདྨ་རྣམས་སུ་རྣམ་པར་དག་པའི་སྐུ་ལྷག་པའི་ལྷ་རུ་འགྱུར་ཏེ། སྙིང་གའི་པདྨར་ཆོས་ཀྱི་སྐུ་དང་། མགྲིན་པའི་ཆུ་སྐྱེས་ལ་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཐིག་ལེ་སྟེ་སྤྱི་བོའི་ཆུ་སྐྱེས་ལ་སྤྲུལ་པའི་སྐུ་དང་། ཡེ་ཤེས་ཀྱི་རང་བཞིན་གསང་བའི་པདྨ་དང་། །ནམ་མཁའི་རང་བཞིན་གཙུག་ཏོར་གྱི་པདྨ་དང་། སའི་རང་བཞིན་ལྟེ་བའི་འཁོར་ལོར་ལྷན་ཅིག་སྐྱེས་པའི་སྐུ་རྣམས་བརྟེན་པ་ལྷག་པའི་ལྷ་རུ་འགྱུར་ཏེ། ཇི་སྐད་དུ་བསྡུས་རྒྱུད་ལས། གཙུག་ཏོར་སྟོང་པའི་ཁམས་ལ་འགྱུར་ཏེ་ལྷ་དང་མི་རྣམས་ཀྱི་ནི་ཡེ་ཤེས་ཁམས་ལ་གསང་བའོ། །སྙིང་གའི་པདྨ་རླུང་གི་ཁམས་ལ་རབ་གསལ་རྩེ་མོ་ཅན་ལ་མགྲིན་པའི་འཁོར་ལོ་གསལ་བར་རོ། །ཆུ་ལ་སྨིན་མའི་ནང་གི་པདྨ་ནོར་ནི་ནོར་གྱི་འདབ་ལྡན་ལྟེ་བའི་པདྨ་ས་ལའོ། །ཞེས་པ་དང་། གསང་བ་གཙུག་ཏོར་ལྟེ་བ་ལ་ཡང་ལྷན་ཅིག་སྐྱེས་པ་རྒྱལ་བའི་སྐུ་སྟེ་རང་བཞིན་མེད་རང་བཞིན། སྙིང་གའི་ཆུ་སྐྱེས་ལ་ནི་ཆོས་སྐུར་འགྱུར་ཏེ་མགྲིན་པའི་ཆུ་སྐྱེས་ལ་ཡང་ལོངས་སྤྱོད་རྫོགས་པའི་སྐུ། །ཐིག་ལེ་ལ་ནི་སྤྲུལ་པའི་སྐུ་སྟེ་ཡོན་ཏན་དབང་གིས་ལྷག་པའི་ལྷ་རུ་རིམ་པ་དག་གིས་འགྱུར། །སྙིང་གའི་འཁོར་ལོ་མགྲིན་པའི་འཁོར་ལོ་སྤྱི་བོའི་པདྨ་ཆོས་དང་ལོངས་སྤྱོད་རྫོགས་དང་དག་པའོ། །ལྟེ་བ་མགྲིན་པ་དག་དང་གསང་བ་སྤྱི་བོ་དང་ནི་སྙིང་ག་དེ་བཞིན་གཙུག་ཏོར་དབུས་སུ་ནི། ཡུམ་དང་གཙོ་བོའི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་རྣམ་པ་གསུམ་པོ་དག་ཀྱང་རིམ་པས་འགྱུར། །འཁོར་ལོ་རིན་ཆེན་མཁའ་ཡི་པདྨ་ཆུ་སྐྱེས་རལ་གྲི་མཆོག་དང་རྡོ་རྗེ་དང་ལྡན་རིགས་དྲུག་གོ །ཞེས་གསུངས་ཤིང་། འགྲེལ་པར། སྤྱན་རས་གཟིགས་ཀྱིས་རྒྱས་པར་བཤད་པས་སོ། །རྩ་དེ་དག་ལ་རིགས་ཀྱི་དབྱེ་བ་རྟེན་དང་བརྟེན་པར་སྦྱར་ན། རིགས་གསུམ་གྱི་རྩ་ནི། དུས་འཁོར་རྩ་རྒྱུད་དབང་མདོར་བསྟན་ལས། ལྟེ་གསང་ནོར་བུའི་ཆུ་སྐྱེས་ལ། ལུས་ངག་སེམས་རྣམས་འབབ་པ་ནི། ཞེས་གསུངས་པ་ལྟར། ལུས་ངག་སེམས་ཀྱི་ཐིག་ལེ་འཛིན་པའི་རྩ་ལྟེ་བའི་པདྨ་དང་། གསང་བའི་པདྨ་དང་། རྡོ་རྗེ་ནོར་བུའི་ཆུ་སྐྱེས་སོ། །རིགས་དྲུག་གི་རྩ་ནི་དབུ་མ་ལ་སོགས་པའོ། །རིགས་སོ་དྲུག་གི་རྩ་རྣམས་སུ་འགྱུར་བའི་གཞི་ནི། འཁོར་ལོ་དྲུག་གི་རྩ་དྲུག་དང་། རྣ་བ། ལུས། མིག །ལྕེ། སྣ་དང་ལྔ་པོ་རེ་རེ་ལ་སྒྲ་འཛིན་པ་སོགས་རྩ་གཉིས་གཉིས་ཏེ། བཅུ་དྲུག་ཡོད་པ་རྣམས་དང་། ལྟེ་བའི་རྩ་འཁོར་གྱི་ནང་གི་ཟླུམ་པོ་རྣམས་ལ་འཕོ་བ་བཅུ་གཉིས་ཀྱི་རྩ་དང་། ཐུན་ཚོད་བརྒྱད་པོ་རྣམས་བསྡོམས་པས་སོ་དྲུག་ཏུ་འགྱུར་བ་དང་། གཞན་ཡང་ཕུང་པོ། ཁམས། དབང་པོ། ཡུལ། ལས་དབང་། ལས་ཀྱི་དབང་པོའི་ཡུལ་རྣམས་ལ་དྲུག་དྲུག་སོ་དྲུག་ཏུ་འགྱུར་བ་དང་། གཞན་ཡང་ལྟེ་བའི་འཁོར་ལོ་དང་། མགྲིན་པ་དང་། སྤྱི་བོ་དང་། སྙིང་ག་དང་། གཙུག་ཏོར་དང་། གསང་བའི་འཁོར་ལོ་དྲུག་ལ་གཟུགས་ཕུང་འཇུག་པར་བྱེད་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་ཤེས་དང་། ཡེ་ཤེས་རྣམས་ལ་འཇུག་པ་དྲུག་དྲུག་སྟེ་རིགས་དྲུག་པོ་རྣམས་ལ་རྟེན་དང་བརྟེན་པའི་འབྲེལ་པས་བདུན་ཅུ་རྩ་གཉིས་སུ་འགྱུར་ཚུལ་རྣམས་ནི། ཇི་སྐད་དུ་སྤྱན་རས་གཟིགས་འགྲེལ་ལས། ད་ནི་འཁོར་ལོ་དག་གི་རྩ་རྣམས་དེ་བཞིན་ཉིད་ཅེས་པ་ལ་སོགས་པས་དུས་ཀྱི་འཁོར་ལོའི་རྩ་རྣམས་གསུངས་ཏེ། འདིར་ལུས་ལ་རིགས་གསུམ་གྱི་རྩ་གསུམ་ནི། ལྟེ་བ་དང་གསང་བ་དང་རྡོ་རྗེ་ནོར་བུར་ལུས་དང་ངག་དང་སེམས་ཀྱི་ཐིག་ལེ་འཛིན་པ་རྣམས་སོ། །དེ་བཞིན་དུ་རིགས་དྲུག་གི་རྩ་རྣམས་ནི་ལ་ལ་ན་དང་། རཱ་ས་ན་དང་། ཨ་ཝ་དྷཱུ་ཏཱི་དང་། གཤང་བ་དང་། གཅི་བ་དང་། ཁུ་བ་འབབ་པ་རྣམས་སོ། །དེ་བཞིན་དུ་རིགས་སུམ་བཅུ་རྩ་དྲུག་གི་རྩ་རྣམས་ནི། གཙུག་ཏོར་ལ་སོགས་པ་འཁོར་ལོ་དྲུག་གི་རྩ་དྲུག་དང་། སྒྲ་འཛིན་པ་གཉིས་དང་། རེག་འཛིན་པ་གཉིས་དང་། གཟུགས་འཛིན་པ་གཉིས་དང་། རོ་འཛིན་པ་གཉིས་དང་། དྲི་འཛིན་པ་གཉིས་པོ་འདི་དག་ནི་རྩ་བཅུའོ། །ལྟེ་བའི་འཁོར་ལོའི་ནང་དང་། གཞན་གྱི་ཟླུམ་པོ་རྣམས་ལ་འཕོ་བ་བཅུ་གཉིས་ཀྱི་རྩ་རྣམས་དང་། ཐུན་ཚོད་བརྒྱད་ཀྱི་རྩ་རྣམས་སོ། །དེ་ལྟར་ཐམས་ཅད་རིགས་སུམ་ཅུ་རྩ་དྲུག་གི་གཙོ་མོར་འགྱུར་རོ། །རོའི་རང་བཞིན་ཅན་དྲུག་དང་། ཁམས་ཀྱི་རང་བཞིན་ཅན་དྲུག་དང་། དབང་པོའི་རང་བཞིན་ཅན་དྲུག་དང་། །ཡུལ་གྱི་རང་བཞིན་ཅན་དྲུག་དང་། །ལས་ཀྱི་དབང་པོའི་རང་བཞིན་ཅན་དྲུག་དང་། ལས་ཀྱི་དབང་པོའི་ཡུལ་གྱི་རང་བཞིན་ཅན་དྲུག་གོ །དེ་བཞིན་དུ་གཟུགས་འཇུག་པར་བྱེད་པ་དྲུག་དང་། ཚོར་བ་འཇུག་པར་བྱེད་པ་དྲུག་དང་། འདུ་ཤེས་འཇུག་པར་བྱེད་པ་དྲུག་དང་། འདུ་བྱེད་འཇུག་པར་བྱེད་པ་དྲུག་དང་། རྣམ་པར་ཤེས་པ་འཇུག་པར་བྱེད་པ་དྲུག་དང་། ཡེ་ཤེས་འཇུག་པར་བྱེད་པ་དྲུག་སྟེ། རིགས་སུམ་ཅུ་རྩ་དྲུག་གི་རྩ་རྣམས་ཀྱང་རྟེན་དང་བརྟེན་པའི་འབྲེལ་པས་བདུན་ཅུ་རྩ་གཉིས་སོ་ཞེས་ཤེས་པར་བྱའོ། །ཞེས་གསུངས་པས། དེའི་རྒྱུ་མཚན་ཡང་སྦྱང་གཞིའི་གཙོ་བོ་རགས་པ་ནི་ཕུང་པོ་ལྔ་ཡིན་ལ། ཕུང་པོ་ལྔའི་རྒྱུའི་གཙོ་བོ་ནི། རོ་དྲུག་ཡིན་པས་ན་རོའི་རང་བཞིན་ཅན་དྲུག་ནི་ཕུང་པོ་ལྔ་ལ་འཇུག་པའོ། །རྭ་འགྱུར་སོགས་འགྱུར་གཞན་ལས་ནི། །དྲུག་རོའི་གཟུགས་ཅན་མ་སོགས་ཀྱིས་བཤད་དོ། །ཁམས་དང་དབང་པོ་ཡུལ་རྣམས་ནི་གོ་སླ་ལ། །འཁོར་ལོ་དྲུག་ལ་ཚོར་བ་འཇུག་པ་ལ་སོགས་པའི་མིང་གིས་བཤད་པ་ནི། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་མའི་ཁམས་ཡིན་ཞིང་། ཚོར་བ་ཡང་མེའི་ཁམས་ཡིན་པས་དེ་ལྟར་དུ་བཤད་པ་སོགས་གཞན་ལའང་ཚུལ་དེ་ལྟར་དུ་ཤེས་པར་བྱ་ཞིང་། དེ་དག་ལའང་དྲུག་དྲུག་ཏུ་ཕྱེ་བའི་དོན་ཡང་། དེ་དག་རེ་རེ་ལའང་། འབྱུང་ཆུང་གི་དབང་དུ་བྱས་ན། རེ་རེའང་ཁམས་དྲུག་ལྡན་ནམ་གནས་ལུགས་རིགས་དྲུག་གི་སྙིང་པོ་ཁྱབ་བྱེད་དུ་ཡོད་པའི་དབང་དུ་བྱས་པ་ནི། གང་དུ་གཅིག་ཡོད་པ་དེ་ན་ལྔའི་བདག་ཉིད་དུ་གནས་པའི་དོན་ནོ། །རྒྱུད་འགྲེལ་མཁས་པའི་བཤེས་གཉེན་མང་པོས་ཀྱང་། །ཟབ་དོན་རྡོ་རྗེའི་ལུས་ཀྱི་གནས་ལུགས་རྣམས། །འདི་ལྟར་གོ་བདེའི་ངག་ཏུ་སྡེབ་འདོད་ཀྱང་། །བློ་གྲོས་དམན་ནམ་ཡང་ན་སྙིང་ལས་ཆུང་། །དེ་ལྟ་མིན་ན་འདི་བཞིན་བཤད་པར་རིགས། །ཤེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ཡན་ལག་གཞུང་གི་དོན་ལ། འཁོར་ལོ་བཞི་བཤད་པ།དྲུག་བཤད་པ། བཅོ་བརྒྱད་ཀྱི་རྣམ་པར་བཞག་པ། ཞར་བྱུང་ཚིགས་ཕྲན་གྱི་འཁོར་ལོ་བཤད་པ་དང་བཞི་ལས། དང་པོ་ལ། ལྟེ་བ་སྤྲུལ་པའི་འཁོར་ལོ། །སྙིང་ག་ཆོས་ཀྱི་འཁོར་ལོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། །སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་དང་བཞི་ལས། དང་པོ་ལ། རྩ་འདབ་རྣམས་དབུ་མ་ལས་ཇི་ལྟར་གྱེས་པའི་ཚུལ། རྩ་འདབ་སོ་སོའི་མིང་ལུང་དང་སྦྱར་བ་གཉིས་ལས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ལྟེ་བ་སྤྲུལ་པའི་འཁོར་ལོ་ནི། །དབུ་མ་ལས་གྱེས་རྩ་བཞི་ལ། །འཕོ་བ་བཅུ་གཉིས་རིམ་པ་ཡིས། །ལྔ་ཚན་དུ་གྱེས་དྲུག་ཅུ་སྟེ། །གཡས་དང་གཡོན་པའི་འཕོ་བ་བརྟན། །བཞི་པོ་དབུ་མའི་འཕོ་བ་ཡིན། །ཞེས་པའོ། །གཉིས་པ་ལ། དངོས་དང་། ལུང་དང་སྦྱར་བ་གཉིས་ལས། དང་པོ་ནི། ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབ་རྣམས་ཇི་ལྟར་གྱེས་པའི་ཚུལ་ནི། ཐོག་མར་དབུ་མ་ལས་གྱེས་པའི་རྩ་བཞི་པོ་ལ། རྩ་གསུམ་གསུམ་གྱེས་པ་ནི་དུས་སྦྱོར་གྱི་འཕོ་བ་བཅུ་གཉིས་ཀྱི་རིམ་པ་སྟེ་བཅུ་གཉིས་པོ་རེ་རེ་ལ་ལྔ་ཚན་དུ་གྱེས་པ་ནི་དུས་སྦྱོར་གྱི་ཆུ་ཚོད་དྲུག་ཅུའི་རླུང་རྒྱུ་བའི་གནས་ཏེ། དེ་ཡང་ལྔ་ལྔ་ནི་གཡས་ནས་རྒྱུ་བའི་འཕོ་བ་དྲུག་དང་། གཡོན་ནས་རྒྱུ་བའི་འཕོ་བ་དྲུག་པོ་བརྟེན་པར་གནས་པ་གཡས་གཡོན་རོ་བརྐྱང་ལས་རྒྱུ་བའི་དུས་སྦྱོར་ལས་རླུང་གི་འཕོ་བའོ། །རྩ་དབུ་མ་ལས་གྱེས་པའི་རྩ་བཞི་པོ་ནི་དབུ་མའི་འཕོ་བ་སྟེ། སྟོང་པ་ཡེ་ཤེས་ཀྱི་རླུང་རྒྱུ་བའི་གནས་སོ། །ལྟེ་བའི་རྩ་འཁོར་གྱི་གྱེས་ལུགས་ལ། དུས་སྦྱོར་གྱི་རྩ་རྣམས་ནི་རོ་བརྐྱང་གཉིས་ལས། སུམ་ཅུ་སུམ་ཅུ་གྱེས་པ་དང་སྟོང་པའི་ཆ་བཞི་ནི་དབུ་མ་ལས་གྱེས་ཤིང་། དབུ་མ་ལས་གྱེས་པའི་འཕོ་བ་བཞིའི་རྩ་ནི་ཕུགས་རྡུགས་སྒོག་ཙོང་གི་རྣམ་པ་ལྟ་བུ་དབུ་མ་དང་ནང་གཅིག་ཏུ་འདོད་པ་ཡང་སྣང་ངོ་། །གཉིས་པ་ནི། སྤྱན་རས་གཟིགས་འགྲེལ་ལས། ལྟེ་བར་ཏེ་ལྟེ་བའི་པདྨ་ལ་ཁྱིམ་གྱི་རྩའི་ཕྱི་རོལ་དུ་ཆུ་ཚོད་ཀྱི་རྩ་བརྒྱད་ནི་བརྒྱད་ཀྱིས་བསྒྱུར་བ་རྩ་དྲུག་ཅུ་རྩ་བཞི་སྟེ་དཀྱིལ་འཁོར་དྲུག་ཅུ་འབབ་པར་བྱེད་པ་དང་། སྟོང་པ་བཞི་འབབ་པར་བྱེད་པ་ནི་དབྱུ་གུ་དྲུག་བཅུ་རྩ་བཞི་འབབ་པར་བྱེད་པའོ། །ཞེས་གསུངས་པ་དང་། བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས། དེ་བཞིན་སྤྲུལ་པའི་འཁོར་ལོ་ཡང་། །དྲུག་བཅུ་རྩ་བཞིར་འཆར་བར་བཤད། ཅེས་པ་དང་། ཧེ་བཛྭ་ལས། སྤྲུལ་པའི་འཁོར་ལོ་ལ་པདྨ་འདབ་མ་དྲུག་ཅུ་རྩ་བཞི་དང་། ཞེས་བཤད་པས་སོ། །གཉིས་པ་ལ། དབུ་མ་ལས་གྱེས་པའི་རྩ་བཞིའི་མིང་ལུང་དང་སྦྱར་བ་དང་། དུས་སྦྱོར་གྱིས་ཕྱེ་བའི་དྲུག་བཅུ་རྩ་བཞིའི་མིང་ལུང་དང་སྦྱར་བ་གཉིས་ལས། དང་པོ་ལ། ལུང་ཁུངས་སྨོས་པ་དང་། །མིང་དངོས་བསྟན་པ་གཉིས་ལས། དང་པོ་ནི། མིང་ནི་རྡོ་རྗེ་ཕྲེང་བ་ལས། །ཤེས་པའོ། །གཉིས་པ་ནི། ཡང་དག་ཤུགས་དང་ཤིན་དུ་ཤུགས། །ཤིན་ཏུ་བཟང་དང་བཟང་པོར་འགྲོ། །ཞེས་པ་སྟེ། དེ་ཡང་ལུས་ཀྱི་སྟོབས་རྒྱས་པར་བྱེད་པའི་དོན་གྱིས་ན། ཡང་དག་ཤུགས་དང་། སྟོབས་ཤིན་ཏུ་ཆེས་རྒྱས་པར་བྱེད་པའི་དོན་གྱིས་ན་ཤིན་དུ་ཤུགས་དང་། སྲོག་དང་ལུས་ཀྱི་ཁ་དོག་དང་དྲོད་འཛིན་པའི་ནུས་པ་ཆེ་ཆུང་གི་སྒོ་ནས་ཤིན་དུ་བཟང་བ་དང་། བཟང་པོར་འགྲོ་བར་བཏགས་པ་ཡིན་ཏེ། འདི་དག་ཐམས་ཅད་བྱེད་ལས་ལ་བཏགས་པར་བཤད་པའི་ཕྱིར་རོ། །རྡོ་རྗེ་ཕྲེང་བའི་རྒྱུད་ལ་ལར། ཡང་དག་ཞུགས་དང་ཞེས་བཤད་པའང་སྣང་ངོ་། །གཉིས་པ་ལ། ལུག་གླང་འཁྲིག་པ་ཀརྐ་ཊ། སེང་གེ་བུ་མོ་སྲང་སྡིག་པ། །གཞུ་དང་ཆུ་སྲིན་བུམ་པ་ཉ། །ཞེས་པ་ལྟར་ལུག་ལ་སོགས་པའི་དུས་སྦྱོར་བཅུ་གཉིས་ཡོད་པ་ལས། དང་པོ་ལུག་གི་འཕོ་བ་ལྔ་ནི། སྟོབས་ཆེན་དང་ནི་མི་བཟང་ཆེ། །མཛེས་ཆེན་མདུན་དུ་སྐྱེས་པ་ཆེ། །རྒྱགས་པའི་རྟགས་དང་། །ཞེས་པའོ། །གཉིས་པ་གླང་གི་ལྔ་ནི། རྒྱགས་པའི་ཆ། །རྒྱགས་པའི་ཆུ་དང་རྒྱགས་སྨྱོ་བྱེད། །རྒྱགས་དང་རྒྱགས་པའི་རྒྱུ་མཐུན་དང་། །ཞེས་པའོ། །གསུམ་པ་འཁྲིག་པའི་ལྔ་ནི། །རྒྱགས་པའི་རླན་དང་རྒྱགས་པ་འཆང་། །རྩུབ་དང་ཁ་ཆུ་གླང་པོ་དང་། །ཞེས་པའོ། །བཞི་པ་ཀརྐ་ཊའི་ལྔ་ནི། །དབུགས་མི་བདེ་དང་གཡའ་ཁ་འགྲོ། །འདབ་ཆགས་ཡན་ལག་ཁྲ་ཡི་གདོང་། །ཟ་ཕོད་ཅེས་པའོ། །ལྔ་པ་སེང་གེའི་འཕོ་བ་ལྔ་ནི། །མི་བཟད་སྒྲ་སྒྲོག་དང་། །དྲི་ལྡན་བརྡེག་དང་བརཏལ་བ་དང་། །ཞེས་པའོ། །དྲུག་པ་བུ་མོའི་ལྔ་ནི། དབྱངས་དང་དབྱངས་སྐྱེས་དང་ནི་སྤྲིན། །ཆུ་བ་མཐོ་དང་རྒྱ་ལྟར་སྔོ། །ཞེས་པའོ། །བདུན་པ་སྲང་གི་ལྔ་ནི། །ཡུད་ཙམ་གཙོ་བོ་ཡུད་ཙམ་སྐྱེས། །རྒྱབ་ཏུ་ཁ་བལྟས་དབྱུག་པ་དང་། །དབྱུག་སྙོམས་དང་ནི་ཞེས་པའོ། །བརྒྱད་པ་སྡིག་པའི་ལྔ་ནི། །རྙིང་པ་དང་། ཚིགས་ཀྱི་ལྷ་དང་ཚིགས་ཀྱི་ཚིག །ཚིགས་ཀྱི་ཚད་དང་བརཏལ་བ་དང་། །ཞེས་པའོ། །དགུ་པ་གཞུའི་ལྔ་ནི། ཚིགས་ཀྱི་གནས་དང་ཚིགས་ཀྱི་གདོང་། །ཚིགས་འོད་ཚིགས་ཀྱི་ལུ་གུ་རྒྱུད། །དུལ་བྱེད་ཅེས་པའོ། །བཅུ་པ་ཆུ་སྲིན་གྱི་ལྔ་ནི། །དུལ་འགྲོ་གཟི་བརྗིད་དང་། །དྲི་མེད་དུལ་བའི་སྙེམས་པ་དང་། །ཆུན་འཕྱང་ལྟོ་དང་ཞེས་པའོ། །བཅུ་གཅིག་པ་བུམ་པའི་ལྔ་ནི། ཆགས་པ་ཆགས། །ཆུན་འཕྱང་ཆུན་འཕྱང་ཕྱེད་སྦྲང་བུ། །ཕྲུ་གུ་ཕྲུ་གུ་སྟེར་ཞེས་པའོ། །བཅུ་གཉིས་པ་ཉའི་ལྔ་ནི། འགྲོ་བ། ལོ་མ་ལོ་མའི་མགྲིན་པ་དང་། །རབ་མཆོག་མ་དང་རབ་གསལ་ཏེ། །ཞེས་པའོ། །དེ་ཐམས་ཅད་ཀྱི་དོན་བསྡུ་བ་ནི། དེ་ལྟར་དྲུག་ཅུ་རྩ་བཞིའོ། །ཞེས་པའོ། །འགྲེལ་བར། ཡང་ན་སྟོབས་ཆེན་ནས། རྒྱ་ལྟར་སྔོ་བའི་བར་སུམ་བཅུ་ལུག་ལ་སོགས་པ་མི་མཉམ་པའི་ཁྱིམ་དྲུག་དང་། ཡུད་ཙམ་ནས་རབ་གསལ་གྱི་བར་སུམ་ཅུ། གླང་ལ་སོགས་པ་མཉམ་པའི་ཁྱིམ་དྲུག་ཏུ་རིག་པར་བྱའོ། །ཞེས་གསུངས་ཤིང་། ཟིན་བྲིས་ལ་ལར་སྲང་སྡིག་པ་གཞུ་ཆུ་སྲིན་བུམ་པ་ཉ་དྲུག་མཉམ་པ་དང་། ལུག་གླང་འཁྲིག་པ་ཀརྐ་ཊ་སེང་གེ་བུ་མོ་དྲུག་མི་མཉམ་པར་བྱས་ནས་མཉམ་པའི་ཁྱིམ་རྣམས་གཡོན་ན་གནས་ཤིང་། མི་མཉམ་པའི་ཁྱིམ་རྣམས་གཡས་ཁོ་ནར་གནས་པར་བཤད་པ་ནི། ཅུང་ཟད་མི་འཐད་པ་འདྲ་སྟེ། མཉམ་མི་མཉམ་གྱི་ཁྱིམ་རྣམས་སྤེལ་མ་ཁོ་ནར་གནས་པའི་ཕྱིར། རྒྱུ་མཚན་དེས་ན། གཡས་ཕྱོགས་ཀྱི་འཕོ་བ་དྲུག་ལ་རླུང་རྒྱུ་བའི་ཚེ་ན། ལུག་འཁྲིག་སེང་སྲང་གཞུ་བུམ་པ་སྟེ་མི་མཉམ་པའི་ཁྱིམ་དྲུག་ལ་འཕོ་བ་དང་། གཡོན་ཕྱོགས་ཀྱི་འཕོ་བ་དྲུག་ལ། གླང་ཀར་བུ་སྡིག་ཆུ་ཉ་སྟེ་མཉམ་པའི་ཁྱིམ་དྲུག་ལ་རྒྱུ་བར་བྱས་ན། གཞུང་གི་དགོངས་པ་དང་། རྒྱུད་འགྲེལ་དང་ཡང་འགྲིག་གོ །འདི་དག་གི་གཞུང་དོན་རྩ་ལ་མིང་འདོགས་པའི་རྒྱུ་མཚན་དང་བཅས་པ་བཤད་དུ་ཡོད་ཀྱང་། འགྱུར་གྱི་བྱེ་བྲག་གིས་སྒྲ་ཡང་མཐུན་མི་མཐུན་སྣ་ཚོགས་སུ་སྣང་བ་དང་། ཕལ་ཆེར་རང་རང་གི་བྱེད་ལས་ལ་བརྟགས་ནས་བཤད་འདུག་པས། འདིར་ཡང་འགྲེལ་པ་སོར་བཞག་གོ །མིང་འདི་དག་དང་། རྡོ་རྗེ་ཕྲེང་བའི་རྒྱུད་ལ་ལ་མ་མཐུན་ཏེ། འཁྲིག་པའི་འཕོ་བའི་སྐབས་སུ། རྒྱུད་ལ་ལར། རྩུབ་དང་མཁའ་དང་འབྱུང་བརླང་དང་། ཞེས་དང་། ཀརྐ་ཊའི་འཕོ་བར་རྒྱུད་དུ། འདབ་ཆགས་ཡན་ལག་ཁྭ་ཡི་གདོང་། ཞེས་པ་དང་། ཉ་དང་བུམ་པའི་མཚམས་སུ། ཕྲུ་གུ་ཕྲུ་གུ་སྟེང་དྲི་བ། ཞེས་བཤད་པས་སོ། །གཉིས་པ་སྙིང་ག་ཆོས་ཀྱི་འཁོར་ལོ་བཤད་པ་ལ། འཁོར་ལོའི་རྩ་འདབ་མདོར་བསྟན་པ་དང་། རྩ་འདབ་སོ་སོའི་མིང་ལུང་དང་སྦྱར་བ་གཉིས་ལས། དང་པོ་ནི། སྙིང་གའི་འཁོར་ལོའི་རྩ་བརྒྱད་མིང་། ཞེས་པའོ། །གཉིས་པ་ལ། ལུང་དགོད་པ། ཚིག་དོན་བཤད་པ། དུས་ཀྱི་འཁོར་ལོ་ལས་གསུངས་ཚུལ་ཁ་བསྐང་བ་དང་གསུམ་ལས། དང་པོ་རྡོ་རྗེ་ཕྲེང་བའི་ལུང་ནི། རིན་ཆེན་ཅོད་པན་པདྨ་ཆེ། །རྡོ་རྗེ་ཆེན་པོ་སྟོབས་པོ་ཆེ། །མགོན་པོ་ཆ་དང་སྒྲ་ཆེན་པོ། །ཉེར་དགའ་ཆེན་པོ་མྱོས་པ་ཆེ། །འདི་རྣམས་འཁོར་ལོས་ལུས་ཀུན་ཁྱབ། །ཅེས་པའོ། །རྡོ་རྗེ་ཕྲེང་བའི་རྒྱུད་རང་ན་འདིའི་གཤམ་ན། འདི་བརྒྱད་ཆོས་ཀྱི་འཁོར་ལོའི་དབུས། །སྙིང་གའི་པདྨར་ཡང་དག་གནས། ཤེས་གསུངས་སོ། །གཉིས་པ་ཚིག་དོན་རགས་པ་བཤད་ན། འདི་དག་ལ་རིན་པོ་ཆེ་ཅོད་པན་ལ་སོགས་པའི་མིང་འདོགས་པའི་རྒྱུ་མཚན་ཡང་རིན་པོ་ཆེའི་རིགས་དང་། པདྨའི་རིགས་དང་། རྡོ་རྗེ་ཆེན་པོ་ནི་རྡོ་རྗེའི་རིགས་དང་། སྟོབས་པོ་ཆེ་ནི་ལས་ཀྱི་རིགས་དང་། དེ་དག་གིས་དབང་བྱེད་པའི་དོན་གྱིས་ཐབས་དང་ཤེས་རབ་ཀྱི་ཆ་དང་། རིན་ཆེན་ཅོད་པན་ཞེས་པ་ནི་མ་དག་པ་འདྲ་སྟེ། རྒྱུད་ལས་ནི། རིན་ཆེན་ཆེན་པོ་པདྨ་དང་། ཞེས་འབྱུང་བས། འབྲུ་མནན་པའང་དེ་ལྟར་དུ་བདེ་བས་སོ། །དེ་ཡང་། མགོན་པོ་ཆེན་པོ་གཟུགས་འཛིན་པའི་དོན་དང་། སྒྲ་ཆེན་པོ་ནི་སྒྲ་འཛིན་པའི་དོན་དང་། ཉེར་དགའ་ཆེན་པོ་ནི་དྲི་འཛིན་པའི་དོན་དང་། མྱོས་པ་ཆེན་པོ་ནི་རོ་འཛིན་པའི་དོན་དུ། རྗེ་ཉིད་ཀྱིས་འགྲེལ་པར་གསུངས་པ་ལྟར་ན། ཡན་ལག་གི་རླུང་རྒྱུ་བའི་རྩ་རྣམས་ལ་བཞེད་པ་ཡིན་ནམ་བརྟག་པར་བྱའོ། །གསུམ་པ་དུས་ཀྱི་འཁོར་ལོ་ལས་གསུངས་ཚུལ་ཁ་བསྐང་བ་ནི། བསྡུས་རྒྱུད་ལས། དམར་སེར་ཕྲ་མོ་དག་ཀྱང་ཨི་ཌ་ལ་སོགས་རྣམ་གསུམ་ལམ་གནས་སྣར་མ་དང་ནི་ལག་ལྡན་ལྕེ། །དྲུག་པ་རྒྱལ་དང་རི་ཡང་རྒྱལ་བ་ནོར་དང་དགུ་པ་ཨ་ལ་བུ་ཥ་དཔལ་ལྡན་ཀུ་ཧཱའོ། །ཕྱོགས་ཀྱི་གྲངས་ནི་དུང་ཅན་མ་གང་མི་ཡི་བདག་པོ་བྱང་ཆུབ་ས་བོན་བདེ་བའི་མཐར་ཟག་བྱེད། །དཔལ་ལྡན་རྩ་ཡི་འཁོར་ལོ་འདི་ནི་རྣམ་པ་མང་པོར་འགྱུར་ཏེ་ཚིགས་ཀྱི་དབྱེ་བ་དུ་མས་སོ། །ཞེས་དམར་སེར་ཕྲ་མོ་ལ་སོགས་པ་མུ་སྟེགས་པའི་མིང་གིས་གསུངས་ཤིང་། སྤྱན་རས་གཟིགས་འགྲེལ་ལས། སྙིང་གར་བརྒྱད་དེ་ཞེས་པ་ནི་རྩ་སྣར་མ་ལ་སོགས་པ་མཉམ་གནས་ལ་སོགས་པ་རྣམས་ཀྱི་རྟེན་དུ་གྱུར་པ་རྣམས་ཏེ། ཉིན་ཞག་སོ་སོར་ཐུན་གྱི་དབྱེ་བས་གཟའ་བརྒྱད་རྒྱུ་བར་བྱེད་པ་རྣམས་སོ། །འདིར་འོག་དང་སྟེང་གི་རྩ་གཉིས་ཀྱི་རྟེན་པ་ནི་རླུང་ངོ་། །ཞེས་སྲོག་དང་ཐུར་སེལ་མ་གཏོགས་པའི་རྩ་བ་དང་ཡན་ལག་གི་རླུང་བརྒྱད་རྒྱུ་བའི་རྟེན་དུ་བཤད་པ་དང་། བརྟག་གཉིས་ལས་ཀྱང་། ཆོས་ཀྱི་འཁོར་ལོ་ལ་འདབ་མ་བརྒྱད་དང་། ཞེས་གསུངས་སོ། །གསུམ་པ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་བཤད་པ་ལ་འཁོར་ལོའི་མིང་མདོར་བསྟན་པ་དང་། རྩ་འདབ་སོ་སོའི་མིང་ལུང་དང་སྦྱར་ཏེ་བཤད་པ་གཉིས་ལས། དང་པོ་ནི། མགྲིན་པར་རྩ་འདབ་བཅུ་དྲུག་ནི། ཞེས་པའོ། །གཉིས་པ་ལ། རྡོ་རྗེ་འཕྲེང་བའི་ལུང་དང་སྦྱར་བ་དང་། རྒྱུད་གཞན་ལས་གསུངས་ཚུལ་ཁ་བསྐང་བ་གཉིས་ལས། དང་པོ་ནི། ལོངས་སྤྱོད་ལོངས་སྤྱོད་སྟེར་དང་གསང་། །ཉི་འགྲོ་གསལ་དང་སྐལ་བ་དང་། །སྒོམ་པ་དང་ནི་ཐལ་བའི་གདོང་། །བཟའ་སྟེར་ཟ་དང་བཀྲེས་པ་དང་། །བཅུད་ལེན་རོས་ནི་བཀུར་བ་དང་། །རོ་འཇིག་པ་དང་རོ་དང་ནི། །ཁྲུང་ཁྲུང་ལོངས་སྤྱོད་འཁོར་ལོར་གནས། །ཤེས་པའོ། །འདི་དག་ལ་ལུང་དོན་ཅུང་ཟད་བཤད་ན། ལོངས་སྤྱོད་ལ་སོགས་པ་བཅུ་དྲུག་པོ་འདི་རྣམས། མགྲིན་པར་ཟས་ཀྱི་རོ་དྲུག་ཉམས་སུ་མྱོང་བའི་ཆ་ནས་མིང་གི་རྣམ་གྲངས་དེ་དག་བསྟན་པས། དང་པོར་ཉམས་སུ་མྱོང་བ་ལོངས་སྤྱོད་པ་དང་། ཟས་ཀྱི་རོ་བཅུད་ལེན་པས་ཤིན་དུ་ལོངས་སྤྱོད་པ་དང་། དེའི་སྟོབས་ཀྱིས་ལུས་སེམས་ལ་བདེ་བ་སྟེར་བ་དང་། ཟོ་མདོག་བཟང་བར་བྱེད་པ་སོགས་སུ་འབྲུ་མནན་ན་ལུང་དོན་དུ་འགྱུར་རམ་སྙམ་མོ། །རྡོ་རྗེ་ཕྲེང་བར་གཞུང་འདི་དག་གི་གཤམ་དུ། གྲངས་ནི་བཅུ་དྲུག་ཏུ་ནི་བརྗོད། ཅེས་དང་། ཚིག་རིས་མ་མཐུན་པར། ལོངས་སྤྱོད་ལོངས་སྤྱོད་སྟེར་ལྡན་དང་། །ཞེས་འབྱུང་བ་ནི་འགྱུར་གྱི་ཁྱད་པར་རོ། །གཉིས་པ་ནི། དུས་ཀྱི་འཁོར་ལོ་ལས། མགྲིན་པ་ལ་རྩ་འདབ་སུམ་ཅུ་རྩ་གཉིས་ནི། ལས་རླུང་རྒྱུ་བའི་ཆ་རྒྱུ་སྐར་གྱི་རྐང་པ་ཉི་ཤུ་རྩ་བརྒྱད་དང་། སྟོང་པ་ཡེ་ཤེས་ཀྱི་ཆ་བཞི་བསྣན་པས་སོ་གཉིས་ཀྱི་གྲངས་སྦྱར་ནས་བཤད་པ་ཡིན་ཏེ། ཇི་སྐད་དུ། སྤྱན་རས་གཟིགས་འགྲེལ་ལས། མགྲིན་པ་ལ་ཡང་སོ་ཡི་གྲངས་ཤེས་པ་ནི། མགྲིན་པའི་འཁོར་ལོ་ལ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་དབྱུ་གུའི་སྐར་མ་བཞི་འཇུག་པར་བྱེད་པས་སུམ་ཅུ་རྩ་གཉིས་སོ། །ཞེས་གསུངས་པས་སོ། །ཧེ་བཛྭ་ལས་ནི། ལོངས་སྤྱོད་རྫོགས་པའི་འཁོར་ལོ་ལ་འདབ་མ་བཅུ་དྲུག་དང་ཞེས་རྡོ་རྗེ་ཕྲེང་བ་དང་མཐུན་པར་གསུངས་སོ། །འོ་ན་རྒྱུད་དེ་དག་ཕན་ཚུན་འགལ་བ་མ་ཡིན་ནམ་ཞེ་ན། དེ་ལྟར་མི་སེམས་སྟེ། དུས་ཀྱི་འཁོར་ལོར་ཐབས་ཤེས་སོ་སོར་ཕྱེ་ནས་སུམ་ཅུ་རྩ་གཉིས་སུ་གསུངས་པ་ལ། ཀྱེ་རྡོར་དང་གསང་འདུས་སུ་ཐབས་ཤེས་སྡོམས་ནས་བཅུ་དྲུག་ཏུ་བཤད་པས་སོ། །བཞི་པ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་བཤད་པ་ལ། །འཁོར་ལོའི་རྩ་འདབ་མདོར་བསྟན་པ། །རྩ་འདབ་སོ་སོའི་མིང་ལུང་དང་སྦྱར་བ། །འཁོར་ལོ་བཞིའི་རྩ་གྲངས་བཤད་པས་དོན་བསྡུ་བ་དང་གསུམ་ལས། དང་པོ་ནི། སྤྱི་བོ་བདེ་ཆེན་འཁོར་ལོ་ན། ཞེས་པའོ། །གཉིས་པ་ལ། གསང་བ་འདུས་པའི་ལུང་དང་སྦྱར་བ་དང་། རྒྱུད་གཞན་ལས་གསུངས་ཚུལ་ཁ་བསྐང་བ་གཉིས། དང་པོ་ལ། དངོས་དང་། གོ་དོན་བཤད་པ་གཉིས་ལས། དང་པོ་ནི། རིམ་རིགས་དང་ནི་འདོད་པ་ཅན། འདོད་ཅན་མ་དང་སྲོག་གི་ལུས། །ཟླ་ཐུང་ཟླ་སྟེར་མཛེས་པ་ནི། །འདོད་ཅན་མི་སྨྲ་ཀུ་ཤ་དང་། །ཤི་བ་སྤོང་དང་དག་པ་དང་། །མེ་དང་མེ་རོ་ནེ་ཚོ་དང་། །གང་བ་ཉི་དང་རོ་ལྡན་དང་། །ཀོས་རིང་ཆང་སྟེར་བདུད་རྩི་དང་། །དུང་ཅན་དང་ནི་དུང་སྣ་དང་། །དུང་གི་མིག་དང་དུང་གི་སྣ། །རྒྱགས་དང་དབང་རྒྱགས་སྐམ་པ་དང་། །རྒྱགས་པས་བརྒྱལ་དང་ངོ་མཚར་རྒྱགས། །སྙོམས་པ་དང་ནི་ཚིགས་ཀྱི་བརྟེན། །སུམ་ཅུ་རྩ་གཉིས་ཤེས་ནི་བཤད། ཅེས་པའོ། །གཉིས་པ་ནི། རིམ་རིགས་ལ་སོགས་པའི་རྩ་འདི་རྣམས་ཀྱི་མིང་ནི། ཁམས་བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབབ་པའི་བྱེད་ལས་ལ་བརྟེན་ནས་བཏགས་པར་སྣང་བས། རེ་རེ་ལ་སྒྲ་བཤད་མ་བསྟན་ལ། དེ་ཡང་རིམ་རིགས་ནས་ནེ་ཚོའི་བར་བཅོ་ལྔ་ནི་ཟླ་བ་འཕེལ་བའི་ཆ་ཡིན་ལ། གང་བ་ནི་བཅུ་དྲུག་པའི་ཆ་དང་། ཉི་ལྡན་ནས་སྙོམས་པའི་བར་ཕྱི་རོལ་གྱི་ནག་པོའི་ཆ་བཅོ་ལྔ་སྟེ། ཚིགས་ཀྱི་རྟེན་ནི་བཅུ་དྲུག་པའི་ཆ་ཡིན་པས། སུམ་ཅུ་རྩ་གཉིས་སུ་གསུངས་པའི་ངེས་པ་ཡིན་ནོ། །གཉིས་པ་ནི། དུས་ཀྱི་འཁོར་ལོ་ལས་ནི། ཟླ་བའི་རྐང་པ་འཕེལ་བ་རིམ་པའི་སྔ་རྐང་བདུན་དང་། ཕྱི་རྐང་བདུན་དང་བཅུ་བཞི། རྐང་མཚམས་གཉིས་དང་བཅུ་དྲུག །འགྲིབ་པ་རིམ་མིན་གྱི་སྔ་རྐང་ཕྱི་རྐང་བཅུ་བཞི། རྐང་མཚམས་གཉིས་དང་བཅུ་དྲུག །སྡོམས་པས་སུམ་ཅུ་རྩ་གཉིས་སུ་བཤད་ཅིང་། དེ་ཡང་རྐང་པ་ཉེར་བརྒྱད་ལ་ལས་རླུང་རྒྱུ་བ་དང་། མཚམས་བཞི་ལ་ཡེ་ཤེས་ཀྱི་རླུང་རྒྱུ་ཚུལ་བཤད་ཀྱང་། འོག་ཏུ་རླུང་རྒྱུ་ཚུལ་གྱི་སྐབས་སུ་གོ་བར་འགྱུར་རོ། །རྩ་བཤད་པའི་སྐབས་སུ། དུས་འཁོར་ལས། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ལ་རྩ་འདབ་བཅུ་དྲུག་བཤད་པ་ཡིན་ཏེ། ཇི་སྐད་དུ། འགྲེལ་ཆེན་ལས། སྤྱི་བོར་མི་བདག་ཅེས་པ་ནི། ཚེས་བཅུ་དྲུག་འཇུག་པར་བྱེད་པ་རྣམས་སོ། །ཞེས་གསུངས་པས་སོ། །དེ་ལྟར་གཞུང་འདིར་འཁོར་ལོ་བཞིའི་རྣམ་བཞག་བཤད་པ་ནི། གཙོ་བོར་ཀྱེ་རྡོར་དང་གསང་འདུས་གཉིས་དང་མཐུན་ཏེ། དུས་འཁོར་དུ་ནི། བསྡུས་རྒྱུད་ལས། ཇི་སྐད་དུ། གཙུག་ཏོར་ལ་ནི་ཆུ་གཏེར་སྙིང་གར་བརྒྱད་དེ་སྤྱི་བོར་མི་བདག་མགྲིན་པ་ལ་ཡང་སོ་ཡི་གྲངས། །ལྟེ་བར་བརྒྱད་ནི་བརྒྱད་ཀྱིས་བསྒྱུར་བ་དག་སྟེ་ཉིས་འགྱུར་མི་བདག་གསང་བའི་དབུས་སུ་རབ་ཏུ་གྲགས། །ཤེས་འཁོར་ལོ་བཞིའི་རྩ་འདབ་ཀྱི་གྲངས་ཅུང་ཟད་སྔ་མ་གཉིས་དང་མི་མཐུན་པར་གསུངས་པའི་ཕྱིར་རོ། །གསུམ་པ་ནི། དེ་ལྟར་བརྒྱ་དང་ཉི་ཤུ་ནི། །གཙོ་བོ་ཞེས་ནི་བཤད་པ་ཡིན། །ཞེས་པ་ནི། འཁོར་ལོ་བཞིའི་རྩ་འདབ་ཀྱི་གྲངས་སྡོམས་པས་བརྒྱ་དང་ཉི་ཤུར་འགྱུར་བ་དང་། རླུང་དང་བྱང་ཆུབ་ཀྱི་སེམས་རྒྱུ་བ་དང་། གནད་བཅིངས་ནས་ལམ་སྒོམ་པའི་གནས་ཀྱི་གཙོ་བོ་ཞེས་རྒྱུད་སྡེ་རྣམས་ལས་བཤད་པ་ཡིན་ཞེས་པའོ། །གཉིས་པ་འཁོར་ལོ་དྲུག་བཤད་པ་ལ། གཙུག་ཏོར་ནམ་མཁའི་འཁོར་ལོ་བཤད་པ། གསང་བ་ཡེ་ཤེས་ཀྱི་འཁོར་ལོ་བཤད་པ། སྟོང་པ་དྲུག་གི་རྩ་བཤད་པ་དང་གསུམ། དང་པོ་ལ། སྤྱིའི་དོན་དང་། ཡན་ལག་གཞུང་གི་དོན་གཉིས་ལས། དང་པོ་ནི། འཁོར་ལོ་དྲུག་གི་རྣམ་བཞག་འདི་ནི། དུས་ཀྱི་འཁོར་ལོ་དང་གསང་བ་འདུས་པ་ལས་གཙོ་བོར་བཤད་ཀྱི། གཞན་བདེ་དགྱེས་སོགས་མ་རྒྱུད་རྣམས་ལས་ནི། འཁོར་ལོ་བཞི་གཙོ་བོར་བཤད་དོ། །དེ་ལ་དུས་ཀྱི་འཁོར་ལོ་ལས་བཞེད་ཚུལ་ནི་གོང་དུ་དྲངས་མ་ཐག་པའི་བསྡུས་རྒྱུད་དང་། སྤྱན་རས་གཟིགས་འགྲེལ་ལས། དེ་ལྟར་ན་འཁོར་ལོ་དྲུག་པོ་རྣམས་ཀྱི་གྲངས་ནི་ལྔ་བཅུ་རྩ་དྲུག་ལྷག་པའི་བརྒྱ་ཕྲག་གཅིག་སྟེ་འཆད་པར་འགྱུར་བའི་འཁོར་ལོ་དྲུག་པོ་རྣམས་ལ་བརྗོད་པར་བྱའོ། །འཁོར་ལོ་དྲུག་གི་ངེས་པའོ། །ཞེས་གསུངས་སོ། །གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བར་ཇི་སྐད་དུ། དེ་ནས་གཞན་ཡང་རྩ་རྣམས་ནི། །གྲངས་དང་གནས་ནི་བསྡུས་པ་ཉོན། །འཁོར་ལོའི་གྲངས་ཀྱི་དབྱེ་བ་ཡིས། །ཇི་བཞིན་རྨད་དུ་བྱུང་བའི་མཆོག །འཁོར་ལོ་དྲུག་ལ་བརྟེན་བཅུ་དྲུག །ལུས་ལ་ལྷ་ཡི་གཞལ་ཡས་ཁང་། །རྣལ་འབྱོར་ཇི་བཞིན་གནས་ཇི་བཞིན། །མདོར་བསྡུས་ནས་ནི་བཤད་པར་བྱ། །ཞེས་གསུངས་པས་སོ། །དེ་ལྟར་རྒྱུད་གཉིས་པོ་ཡང་འཁོར་ལོ་དྲུག་གི་རྐང་གྲངས་ལ་མཐུན་ཀྱང་། རྣམ་གཞག་ལ་མི་མཐུན་ཏེ། རྡོ་རྗེ་ཕྲེང་བར་ནི། གཙུག་ཏོར་ནམ་མཁའི་འཁོར་ལོ་ལ་རླུང་གི་རང་བཞིན་རྩ་འདབ་དྲུག་དང་། གཙུག་ཏོར་གྱི་མགྲིན་པ་ཡེ་ཤེས་ཀྱི་འཁོར་ལོ་ལ་མེའི་རང་བཞིན་རྩ་འདབ་གསུམ་དང་། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་བཅུ་དྲུག །སྙིང་ག་ལ་བརྒྱད། ལྟེ་བ་ལ་རེ་བཞི། བདེ་ཆེན་འཁོར་ལོ་ལ་སུམ་ཅུ་རྩ་གཉིས་སུ་བཤད་པའི་ཕྱིར་ཏེ། ཇི་སྐད་དུ། དེ་ཉིད་ལས། རླུང་གི་འཁོར་ལོར་གནས་པའི་རྩ། །འདབ་དྲུག་རླུང་གི་མཁའ་ལ་སྤྱོད། །འདབ་གསུམ་མེ་ཡི་འཁོར་ལོར་བཤད། །རྩ་གསུམ་གནས་ནི་རིམ་གྱིས་འཆར། །དེ་བཞིན་ལོངས་སྤྱོད་འཁོར་ལོ་ཡང་། །རྩ་ནི་བཅུ་དྲུག་ཡང་དག་བརྗོད། །ཆོས་ཀྱི་འཁོར་ལོར་གནས་པའི་རྩ། །བརྒྱད་ནི་ཀུན་ལ་ཁྱབ་པའོ། །དེ་བཞིན་སྤྲུལ་པའི་འཁོར་ལོ་ཡང་། །དྲུག་ཅུ་རྩ་བཞིར་འཆར་བར་བཤད། །བདེ་བ་ཆེན་པོའི་འཁོར་ལོ་ཆེར། །རྩ་ནི་སུམ་བཅུ་གཉིས་སུ་བཤད། །དེ་ལྟར་མདོར་བསྡུས་རིམ་པ་ཡང་། །བརྒྱ་དང་སུམ་བཅུ་གཅིག་ལྷག་པར། །རྩ་རྣམས་སུ་ནི་ཡང་དག་བཤད། །ཅེས་གསུངས་པས་སོ། །དེ་ལྟར་ཡང་རྒྱུད་ཕན་ཚུན་འགལ་བར་ནི་མི་བསམ་སྟེ། །རྒྱུད་ཐམས་ཅད་དགོངས་གཞི་སོ་སོ་ལ་དམིགས་ནས་ཐ་དད་དུ་བཤད་པ་ལྟར་སྣང་ཡང་། དོན་ལ་ཐམས་ཅད་དགོངས་པ་མཐུན་པའི་ཕྱིར་རོ། །གཉིས་པ་ཡན་ལག་གཞུང་གི་དོན་ལ། གསང་བ་འདུས་པ་ལས་གསུངས་པའི་ཚུལ་དང་། དུས་ཀྱི་འཁོར་ལོ་ལས་གསུངས་པའི་ཚུལ་གཉིས། དང་པོ་ལ། རྩ་འདབ་མདོར་བསྟན་པ་དང་། ཁམས་དང་སྦྱར་ཏེ་རྒྱས་པར་བཤད་པ་གཉིས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། གཙུག་ཏོར་རླུང་དང་མགྲིན་པ་མེ། །གནས་པའི་རྩ་ནི་དགུ་ཡོད་དེ། །ཞེས་པའོ། །གཉིས་པ་ནི། གཙུག་ཏོར་ནམ་མཁའི་ཁམས་དང་། གཙུག་ཏོར་གྱི་མགྲིན་པ་ཡེ་ཤེས་ཀྱི་ཁམས་ལ་གནས་པའི་རྩ་ནི་དགུ་ཡོད་དེ། གཙུག་ཏོར་ལ་བྱེ་བ་ལ་སོགས་པ་རླུང་གི་རང་བཞིན་རྩ་དྲུག་དང་། དེའི་མགྲིན་པ་ན་འཛིན་པ་ལ་སོགས་པ་མེའི་རང་བཞིན་རྩ་གསུམ་རྣམས་གནས་པའི་ཕྱིར་རོ། །གཉིས་པ་ལ། གཙུག་ཏོར་གྱི་འཁོར་ལོ་དང་། གཙུག་ཏོར་གྱི་མགྲིན་པའི་འཁོར་ལོ་གཉིས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། སྨིན་མའི་དབུས་ན་རླུང་འཁོར་ལོ། །བྱེ་བ་འཁྱིལ་བ་མི་བཟང་བ། །མིང་བཟང་བརྟན་དང་མཚན་ཉིད་ཅན། ཞེས་པའོ། །གཉིས་པ་ཚིག་གི་དོན་ནི། །སྨིན་མཚམས་ཀྱི་མཛོད་སྤུའི་དབུས་ན་རླུང་གི་རང་བཞིན་ཅན་གྱི་རྩ་འཁོར་ལོ་ལ་བྱེ་བ་དང་། འཁྱིལ་བ་དང་། མི་བཟད་པ་དང་། མིང་བཟང་དང་། བརྟན་པ་དང་། མཚན་ཉིད་ཅན་དང་། རྩ་འདབ་མ་དྲུག་ཡོད་ཅེས་པའོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། འཛིན་པ་རྟོག་མེད་གང་བ་ནི། །རྩ་གསུམ་མེ་དང་ལྡན་པའོ། །ཞེས་སོ། །གཉིས་པ་ནི། གཙུག་ཏོར་དེའི་མགྲིན་པ་ན་མེའི་རང་བཞིན་ཅན་གྱི་རྩ་འཁོར་ལོ་ལ་འཛིན་པ་དང་། རྟོག་མེད་དང་། གང་བ་སྟེ་རྩ་འདབ་གསུམ་ཡོད་དོ། །ཞེས་པ་སྟེ། རྩ་འདབ་སོ་སོའི་མིང་ནི་རླུང་དང་བྱང་ཆུབ་ཀྱི་སེམས་འཁོར་བའི་བྱེད་ལས་ལ་བཏགས་པར་སྣང་བས་གོ་བར་ཟད་དོ། །གཉིས་པ་དུས་ཀྱི་འཁོར་ལོར་གསུངས་ཚུལ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དུས་ཀྱི་འཁོར་ལོར་གང་གསུངས་པ། །འདི་བདུན་གསང་བའི་གནས་སུ་སྟེ། །ཞེས་པའོ། །གཉིས་པ་ནི། དུས་འཁོར་ལས། གསང་བའི་རྡོ་རྗེ་ནོར་བུ་ལ་རྩ་བཞི་དང་། སྨིན་མཚམས་ཀྱི་གཙུག་ཏོར་གྱི་རྩ་བཞི་མཐུན་པར་གསུངས་ཤིང་། དེའི་རྩ་བ་ན་གཏུམ་མོའི་མེ་བསྐྱེད་པར་བྱེད་པའི་དབུ་མའི་མར་སྣ་ན་གཤང་བ་དང་། གཅི་བ་དང་། ཁུ་བ་འཕེན་འཛིན་བྱེད་པའི་རྩ་གསུམ་དང་། བདུན་པོ་འདི་གསང་གནས་ན་ཡོད་པར་གསུངས་པའི་ཕྱིར་གོང་གི་རྩ་བདུན་དང་། དབུ་མ་དངོས་གཞི་ལ་ལྟེ་བ་ཡན་ཆད་སྲོག་གི་རླུང་འཛིན་པའི་ཆ་དང་། མན་ཆད་དུང་ཅན་མ་ཁུ་བ་འབབ་པའི་རྩ་སྟེ། དབུ་མ་ལ་ཆ་གཉིས་སུ་བཤད་ནས་དགུ་པོ་འདི་རྣམས་འཁོར་ལོ་ལ་མི་གཏོགས་པར་བཤད་ན། རྒྱུད་གཉིས་དགོངས་པ་མཐུན་པར་འགྲེལ་པས་བཤད་པའི་དོན། འདུས་པར་སྨིན་མཚམས་སུ་བཤད་པའི་རྩ་དང་། དུས་འཁོར་ལས་རྡོ་རྗེ་ནོར་བུར་བཤད་པའི་རྩ་བཞི་གྲངས་མཐུན་པས་སངས་རྒྱས་ཐོབ་པ་ན། གསང་བའི་ལྦ་བ་སྦུབས་སུ་ནུབ་ནས་རྡོ་རྗེ་ནོར་བུ་གཙུག་ཏོར་དུ་འཐོན་པའི་ཚེ་ན། གཙུག་ཏོར་གྱི་འཁོར་ལོར་འགྱུར་བས་རྒྱུ་འབྲས་སོ་སོ་བ་ལ་དགོངས་པས་འགལ་བ་མེད་པའོ། །འདི་ཐམས་ཅད་འཁོར་ལོར་གཏོགས་པར་འདོད་ན་ནི། གཙུག་ཏོར་གྱི་འཁོར་ལོར་རྩ་འདབ་མ་བཞི་པ་སྨིན་མཚམས་སུ་ཡོད་པར་བཞེད་དགོས་ལ། དེ་ལྟར་བཞེད་ན་ནི་ཇི་སྐད་བཤད་པ་དེ་དག་ཐམས་ཅད་ནུས་མེད་དུ་འགྱུར་རོ། །ཡང་ན་དུས་འཁོར་འགྲེལ་ཆེན་ལས། དེ་བཞིན་དུ་དུས་ཀྱི་འཁོར་ལོའི་རྩ་རྣམས་གསུངས་པ། གཙུག་ཏོར་ལ་ནི་ཆུ་གཏེར་ཞེས་པ་ལ་ནི། འདབ་མ་བཞིའི་གཟུགས་ཅན་བཞི་སྟེ་ཐུན་མཚམས་བཞི་འཇུག་པར་བྱེད་པ་རྣམས་སོ། །ཞེས་གསུངས་པའི་དོན་རྡོ་རྗེ་ནོར་བུའི་རྩ་འདབ་བཞི་གཙུག་ཏོར་གྱི་འཁོར་ལོར་བཞེད་དམ། སྨིན་མཚམས་ཀྱི་མཛོད་སྤུར་རྩ་འདབ་བཞི་པའི་འཁོར་ལོ་བཞེད་དམ། དེ་གསུམ་ག་སོ་སོར་བཞེད་པ་ཡིན་བརྟག་པར་བྱའོ། །གཉིས་པ་གསང་བའི་འཁོར་ལོ་བཤད་པ་ལ། གསང་བ་འདུས་པའི་ལུགས་ནི་གོང་དུ་བཤད་ཟིན་ལ། དུས་འཁོར་གྱི་ལུགས་བཤད་པ་ལ། རྩ་བ་དང་། ཚིག་དོན་ལུང་དང་སྦྱར་བ་གཉིས་ལས། དང་པོ་ནི། སྤྱི་བོ་དང་མཚུངས་གསང་འཁོར་ལོ། །སུམ་ཅུ་རྩ་གཉིས་འདབ་མ་ཡིན། །ཞེས་པའོ། །གཉིས་པ་ནི། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་དང་མཚུངས་པར་གསང་བ་ཡེ་ཤེས་ཀྱི་འཁོར་ལོ་ལ་ཡང་རྩ་འདབ་མ་སུམ་ཅུ་རྩ་གཉིས་ཡོད་ཅེས་པ་སྟེ། ལུང་ནི། ཇི་སྐད་དུ་འགྲེལ་ཆེན་ལས། ཉིས་འགྱུར་མི་བདག་ཅེས་པ་ནི། སུམ་བཅུ་རྩ་གཉིས་ཏེ། གསང་བའི་དབུས་སུ་གསང་བའི་པདྨའི་རྩ་ཁུ་བ་ལ་སོགས་པའི་ཁམས་སུམ་ཅུ་རྩ་གཉིས་འཇུག་པར་བྱེད་པ་རྣམས་སོ། །ཞེས་གསུངས་པས་སོ། །འདི་རྣམས་ཀྱེ་རྡོར་ལས། མི་ཕྱེད་མ་ལ་སོགས་པའི་མིང་གིས་གསུངས་ལ། སམྦུ་ཊ་དང་བདེ་མཆོག་ལས། པུལླིུ་ར་མ་ལ་ཡ་ལ་སོགས་པར་གསུངས་པ་རྣམས་ཡིན་པར་ཕྱོགས་ལས་རྣམ་རྒྱལ་འཆད་ཀྱང་། མི་ཕྱེད་མ་ལ་སོགས་པ་རྣམས་འཁོར་ལོ་གང་དུའང་མི་གཏོགས་པར་ལུང་ལ་བརྟེན་པའི་རྗེས་དཔག་གིས་གྲུབ་པས། གྱི་ན་ཁོ་ནའོ། །གསུམ་པ་སྟོང་པ་དྲུག་གི་རྩ་བཤད་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་དག་དབུས་ན་གནས་པ་ནི། །སྟོང་པ་དྲུག་གི་རྩ་ཡིན་ཏེ། །འདི་རྣམས་གསུང་གི་སྒོ་ཞེས་བྱ། ཞེས་པའོ། །གཉིས་པ་ཚིག་གི་དོན་ནི། འདི་ནི་གསང་འདུས་ནས་བཤད་པའི་རྩ་དྲུག་པོ་རྣམས་དུས་འཁོར་ནས་བཤད་པ་དང་མི་འགལ་བར་སླར་ཡང་སྟོན་པ་ཡིན་ཏེ། འགྲེལ་པར་ཡང་ན་རྒྱུད་ཐམས་ཅད་དགོངས་པ་ཅན་ཡིན་པར་བྱང་ཆུབ་སེམས་དཔའི་འགྲེལ་པ་ལས་བཤད་པའི་ཕྱིར། སྨིན་མའི་དབུས་མན་ཆད་དུ་འཁོར་ལོ་དྲུག་ལ་རྩ་བའི་རླུང་གི་རྟེན། སྨིན་དབུས་སུ་ཕྱེ་བ་དང་། སྤྱི་བོར་འཁྱིལ་བ་དང་། མགྲིན་པར་མི་བཟད་པ་དང་། སྙིང་གར་མིང་བཟང་དང་། ལྟེ་བར་བརྟན་པ་དང་། གསང་བར་མཚན་ཉིད་ཅན་དང་། དྲུག་པོ་ནི་འཁོར་ལོའི་དབུས་རྣམས་སུ་འགྱུར་ཏེ། དུས་ཀྱི་འཁོར་ལོ་ལས་སྟོང་པ་དྲུག་གི་རྩ་ཞེས་གསུངས་པ་དང་། འཁོར་ལོ་རྣམས་ནི་སྲོག་ལ་སོགས་པའི་ཡུལ་ཡིན་པའི་ཕྱིར། གསུང་གི་དཀྱིལ་འཁོར་གྱི་སྒོ་བཞིར་ཡང་བཤད་ཅེས་དང་། རྒྱས་པར་སྤྱན་རས་གཟིགས་འགྲེལ་དུ་ལུས་ལ་རིགས་གསུམ་དང་། རིགས་དྲུག་གི་རྩ་བཤད་པ་རྣམས་དྲངས་པས། འཁོར་ལོ་དྲུག་གམ་བཞིའི་དབུས་ཀྱི་སྟོང་པ་རྣམས་འདུས་པར་བཤད་པའི་གཙུག་ཏོར་གྱི་འཁོར་ལོའི་རྩ་རྣམས་སུ་གོ་བར་བྱའོ། །གསུམ་པ་འཁོར་ལོ་བཅོ་བརྒྱད་ཀྱི་རྣམ་གཞག་བཤད་པ་ལ། རྩ་བ་བཀོད་པ་དང་ཚིག་དོན་བཤད་པའོ། །དང་པོ་ལ། ལག་པ་གཡས་པའི་ཚིགས་ཆེན་གྱི་འཁོར་ལོ་གསུམ་བཤད་པ། སོར་ཚིགས་ཀྱི་འཁོར་ལོ་བཤད་པ། ལག་པ་གཡོན་པ་སོགས་ཀྱི་འཁོར་ལོ་རྣམས་མཚོན་ནུས་པར་བསྟན་པ་དང་གསུམ་ལས། དང་པོ་ནི། ལག་པ་གཡས་པའི་ཚིགས་གསུམ་ལ། །རླུང་གི་ཁམས་ཀྱིས་བསྐྱེད་པ་ཡི། །རྩ་ནི་སུམ་ཅུ་སུམ་ཅུ་གནས། །ཤེས་པའོ། །གཉིས་པ་ནི། སོར་མོའི་ཚིགས་ནི་རེ་རེ་ལ། །རྩ་ནི་དྲུག་དྲུག་ཏུ་འགྱུར་ཏེ། །གྲངས་ནི་གོང་དང་མཚུངས་པའོ། །ཞེས་པ་དང་། གསུམ་པ་ནི། དེ་བཞིན་ལག་གཡོན་མེ་ཡི་ཁམས། །རྐང་པ་གཡས་པ་ཆུ་ཁམས་ཏེ། །གཡོན་པ་ས་ཁམས་སྔ་མ་བཞིན། །དེ་ལྟར་འཁོར་ལོ་བཅུ་གཉིས་ལ། །རྩ་ནི་སུམ་བརྒྱ་དྲུག་བཅུའོ། །ཞེས་པ་རྣམས་སོ། །གཉིས་པ་ཚིག་དོན་བཤད་པ་ལ། དངོས་དང་། དེ་དུས་ཀྱི་འཁོར་ལོའི་ལུང་གིས་ཟིན་པར་བསྟན་པའོ། །དང་པོ་ནི། ལག་པ་གཡས་པ་རླུང་གི་ཁམས་དང་། དེའི་ཕྲག་པ་དང་། གྲུ་མོ་དང་། འཁྲིག་མའི་ཚིགས་གསུམ་ལ་རྩ་འདབ་མ་སུམ་ཅུ་སུམ་ཅུ་སྟེ། དེར་མ་ཟད། སོར་མོའི་ཚིགས་ནི་རེ་རེ་ལའང་རྩ་འདབ་མ་དྲུག་དྲུག་གནས་པ་རྣམས་སྡོམས་པའི་གྲངས་ནི་གོང་དང་མཚུངས་པ་སྟེ། དགུ་བཅུ་ཐམ་པའོ། །དཔེ་དེ་བཞིན་དུ། ལག་པ་གཡོན་པ་མེའི་ཁམས་དང་། རྐང་པ་གཡས་པ་ཆུའི་ཁམས་དང་། རྐང་པ་གཡོན་པ་ས་ཁམས་ཏེ། སྔ་མ་བཞིན་ལག་པ་གཡོན་པའི་ཚིགས་གསུམ་དང་། རྐང་པ་གཉིས་ཀྱི་དཔྱི་དང་། པུས་མོ་དང་། ལོང་བུ་སྟེ་ཚིགས་གསུམ་པོ་རྣམས་ལ་རྩ་འདབ་སུམ་ཅུ་སུམ་ཅུ་སྟེ། དེ་ལྟར་འཁོར་ལོ་བཅུ་གཉིས་པོ་ཐམས་ཅད་སྡོམས་པའི་གྲངས་ནི་སུམ་བརྒྱ་དྲུག་ཅུའོ། །གཉིས་པ་ནི། ཇི་སྐད་དུ། བསྡུས་རྒྱུད་ལས། དཔལ་ལྡན་རྩ་ཡི་འཁོར་ལོ་འདི་ནི་རྣམ་པ་མང་པོར་འགྱུར་ཏེ་ཚིགས་ཀྱི་དབྱེ་བ་དུ་མས་སོ། །ཞེས་པ་དང་། དེའི་འགྲེལ་ཆེན་ལས། འདིར་ལུས་ལ་ཚིགས་ཀྱི་དབྱེ་བའི་གྲངས་གསུམ་བརྒྱ་དྲུག་ཅུ་སྟེ། ཚིགས་ཀྱི་དབྱེ་བ་དེ་དག་གིས་རྩའི་འཁོར་ལོའི་དབྱེ་བ་སུམ་བརྒྱ་དྲུག་ཅུར་འགྱུར་ཞིང་། སྲོག་ལ་སོགས་པའི་རླུང་གི་བྱ་བའི་དབྱེ་བ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ཞེས་པ་ནི་རྩའི་འཁོར་ལོའི་ངེས་པའོ། །ཞེས་གསུངས་པས་སོ། །བཞི་པ་ཞར་བྱུང་ཚིགས་ཕྲན་གྱི་འཁོར་ལོ་བཤད་པ་ནི། སོར་ཚིགས་རྩ་གྲངས་དེ་དང་མཉམ། ཞེས་པ་སྟེ། སོར་ཚིགས་ཀྱི་རྩ་གྲངས་ཐམས་ཅད་སྡོམས་ནའང་སུམ་བརྒྱ་དྲུག་ཅུར་འགྱུར་ཞེས་པའོ། །བདེ་ཆེན་ལ་སོགས་འཁོར་ལོའི་རྣམ་གཞག་རྣམས། །རང་བྱུང་གཞུང་གི་དགོངས་པ་ཇི་བཞིན་དུ། །ལེགས་པར་ཤེས་ནས་འཆང་བ་འདི་ལས་གཞན། །ཡོད་ན་རང་གཟུགས་གསལ་བར་མི་སྟོན་ཅི། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དྲུག་པ་ནད་བསྐྱེད་པར་བྱེད་པའི་རྩ་བཤད་པ་ལ། །རང་གི་འདོད་པ་ལུང་དང་སྦྱར་བ་དང་། །གཞན་གྱི་བཞེད་པའི་རྣམ་གྲངས་བཀོད་པ་གཉིས་ལས། དང་པོ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བ་དང་གསུམ་ལས། དང་པོ་ནི། ནད་ནི་བསྐྱེད་པར་བྱེད་པའི་རྩ། ཞེས་པའོ། །གཉིས་པ་ལ། རྩ་བ་བཀོད་པ། ཚིག་དོན་བཤད་པ། ལུང་དང་སྦྱར་བ་དང་གསུམ་ལས། དང་པོ་ནི། གཙུག་ཏོར་རྩ་བཞི་དཔྲལ་བ་ཡི། །བཅུ་དྲུག་བད་ཀན་བསྐྱེད་པར་བྱེད། །མགྲིན་པར་རྩ་ནི་སུམ་བཅུ་གཉིས། །སྙིང་གའི་བརྒྱད་རྣམས་མཁྲིས་པ་བསྐྱེད། །ལྟེ་བའི་དྲུག་བཅུ་རྩ་བཞི་དང་། །གསང་བའི་ཕྱི་རོལ་བཅུ་དྲུག་གིས། །རླུང་གི་ཁམས་འཁྲུག་གསང་བ་ཡི། །ནད་རིམ་བཅུ་དྲུག་འདུས་པ་བསྐྱེད། ཅེས་པའོ། །གཉིས་པ་ཚིག་དོན་བཤད་པ་ནི། །གཞུང་འདི་དག་གི་དོན་ནི། །གཙུག་ཏོར་གྱི་རྩ་བཞི་དང་། དཔྲལ་བའི་བཅུ་དྲུག་དང་། རྩ་ཉི་ཤུས་ནི་བད་ཀན་གྱི་ནད་བསྐྱེད་པར་བྱེད་པ་དང་། མགྲིན་པ་ནས་སུམ་ཅུ་སོ་གཉིས། སྙིང་ག་ནས་བརྒྱད་དང་རྩ་བཞི་བཅུས་མཁྲིས་པའི་ནད་བསྐྱེད་པ་དང་། ལྟེ་བ་ནས་དྲུག་ཅུ་རྩ་བཞི། གསང་བའི་ཕྱི་རོལ་ནས་བཅུ་དྲུག་དང་། རྩ་བརྒྱད་བཅུས་རླུང་གི་ནད་བསྐྱེད་པར་བྱེད་པ་དང་། གསང་བའི་འཁོར་ལོ་ལས་གཞན་ཕྱི་རིམ་བཅུ་དྲུག་གིས་འདུས་པའི་ནད་བསྐྱེད་པས། དེ་ལྟར་ཐམས་ཅད་སྡོམས་ན་ནད་བསྐྱེད་པར་བྱེད་པའི་རྩ་བརྒྱ་རྩ་དྲུག་གོ །གསུམ་པ་ལུང་དང་སྦྱར་བ་དང་ལྔ་བཅུ་ནི། ཇི་སྐད་དུ། དུས་ཀྱི་འཁོར་ལོ་ལས། གཙུག་ཏོར་ལ་ནི་ཆུ་གཏེར་དཔྲལ་བར་རྒྱ་མཚོས་བསྣུན་པའི་དུས་རྣམས་བད་ཀན་ཁམས་ནི་རབ་འཁྲུག་པའོ། །མགྲིན་པར་སོ་དང་སྙིང་གའི་ཆུ་སྐྱེས་དག་ལ་མིག་གིས་བསྒྱུར་བའི་དུས་རྣམས་མཁྲིས་པའི་ཁམས་རབ་འཁྲུག །ལྟེ་བ་གསང་བ་དག་ལ་ཆུ་གཏེར་དྲུག་ཅུ་མི་བདག་དག་ཀྱང་དེ་བཞིན་རླུང་གི་ཁམས་རབ་འཁྲུག །གསང་བར་གཞན་ནི་ཕྱོགས་དང་དྲུག་ཀྱང་རབ་ཏུ་གསལ་བྱས་ངེས་པར་འདུས་པ་དག་སྟེ་འགོག་པའོ། །ཞེས་གསུངས་པ་རྣམས་དང་དོན་གཅིག་གོ །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་བརྒྱ་དང་ལྔ་བཅུ་དྲུག །འདི་རྣམས་འཁོར་ལོའི་ཕྱི་རིམ་སྟེ། ཞེས་པའོ། །འདི་ཡང་དེ་ལྟར་ནད་བསྐྱེད་པར་བྱེད་པའི་རྩ་བརྒྱ་དང་ལྔ་བཅུ་རྩ་དྲུག་པོ་འདི་རྣམས་འཁོར་ལོའི་རྩ་འདབ་ལ་མི་གཏོགས་པར་འཁོར་ལོའི་ཕྱི་རོལ་ན་ནད་བསྐྱེད་པར་བྱེད་པའི་རྩ་ཟུར་དུ་ཡོད་པར་འདོད་དགོས་སོ། །གཉིས་པ་ནི། གཞན་དག་འཁོར་ལོ་ཉིད་དུ་འདོད། ཅེས་པ་སྟེ། འཁོར་ལོའི་རྣམ་གཞག་བྱེད་པ་གཞན་དག་གིས་ནི་ནད་བསྐྱེད་པ་ཡི་རྩ་རྣམས་འཁོར་ལོ་ཉིད་དུ་འདོད་པའང་ཡོད། ཅེས་པའོ། །བདུན་པ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ངེས་པ་ལུང་དང་སྦྱར་བ་ལ། ལུང་ཁུངས་སྨོས་ཏེ་མདོར་བསྟན། དབྱེ་བའི་རང་བཞིན་རྒྱས་པར་བཤད། །དཔེ་དང་སྦྱར་ཏེ་དོན་བསྡུ་བ་དང་རྣམ་པ་གསུམ་ལས། དང་པོ་ནི། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི། །རྣམ་དབྱེ་རྡོ་རྗེ་ཕྲེང་བ་ལས། །ཤེས་པ་སྟེ། དེ་ཡང་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྣམ་དབྱེ་འདི་རྣམས། སྤྱིར་རྒྱུད་སྡེ་དུ་མ་དང་། བྱེ་བྲག་ཏུ་གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་གསུངས་ལ། རྡོ་རྗེ་ཕྲེང་བར་ཡང་། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྩ་གྲངས་ཡོད་པར་མགོ་སྨོས་ཙམ་མ་གཏོགས། རྒྱས་པར་རྩ་རྒྱུད་རྒྱས་པ་དང་། ངེས་པར་བརྗོད་པ་འབུམ་པ་ལ་སོགས་པར་ཁ་འཕངས་ནས་བཤད་དེ། ཇི་སྐད་དུ་དེ་ཉིད་ལས། གཞན་དག་ཏུ་ནི་རྒྱས་པར་ཡང་། །རྩ་ནི་བདུན་ཁྲི་ཉིས་སྟོང་དུ། །གནས་ཀྱི་དབྱེ་བས་ཕྱེ་བ་ནི། །ངེས་པར་བརྗོད་པ་འབུམ་སྡེར་གསུངས། །ཤེས་གསུངས་པས་སོ། །གཞན་ཡང་དེ་ཉིད་ཀྱི་ལེའུ་བཅོ་བརྒྱད་པར། སྐུ་གསུང་ཐུགས་ཀྱི་སྔགས་ཀྱིས་ནི། །གསུམ་ཕྱེ་བདུན་བཅུ་རྩ་གཉིས་གསལ། །དེ་ནི་སྟོང་དུ་རབ་ཕྱེ་བ། །སོ་སོར་འཕྲོས་པའི་བདག་ཉིད་ཅན། །སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི། །རྩ་རྣམས་ཀྱི་ནི་གྲངས་ཤེས་བྱ། །རླུང་དང་མཁྲིས་པ་བད་ཀན་ནི། །ཁམས་གསུམ་གྱི་ནི་དབྱེ་བ་ཡིས། །སྟོང་ཕྲག་ཉིར་ཤུ་རྩ་བཞིར་ནི། །འཁོར་ལོ་འཁོར་ལོའི་དབྱེ་བ་ཡིས། །ཤེས་གསུངས་པས་སོ། །དུས་ཀྱི་འཁོར་ལོ་ལས་ཀྱང་། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྣམ་གཞག །དང་པོར་ལུས་ཆགས་པ་ནས་མཐའ་བསྡུད་པའི་ཚུལ་རྒྱས་པར་གསུངས་ཚུལ་རྣམས་ནི་སྟོད་སྨད་ཐམས་ཅད་དུ་གོ་བར་འགྱུར་རོ། །གཉིས་པ་དབྱེ་བའི་རང་བཞིན་རྒྱས་པར་བཤད་པ་ལ། །ཐབས་དང་ཤེས་རབ་ཀྱི་དབྱེ་བས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འགྱུར་ཚུལ་དང་། བྱེད་ལས་ཀྱི་སྒོ་ནས་དེར་འགྱུར་ཚུལ་གཉིས་ལས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཟླ་བ་འབབ་པ་བརྐྱང་མའི་རིགས། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཉི་མ་འབབ་པ་རོ་མའི་རིགས། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །རླུང་རྒྱུ་དབུ་མའི་རིགས་སུ་བརྗོད། །ཅེས་པའོ། །གཉིས་པ་ནི། དེ་ལྟར་བཤད་རྒྱུད་རྡོ་རྗེ་ཕྲེང་བའི་ལེའུ་སུམ་ཅུ་པ་ལས་གསུངས་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རིམ་པ་འདི་ལ། རྩ་སྟོང་ཕྲག་ཉི་ཤུ་རྩ་བཞི་ནི་ཟླ་བའི་རླུང་དང་ཁམས་དཀར་ཆ་འབབ་པ་བརྐྱང་མའི་རིགས་སོ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི་ཉི་མའི་རླུང་དང་ཁྲག་འབབ་པ་རོ་མའི་རིགས་སོ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི་རླུང་ཁོ་ན་རྒྱུ་བ་སྒྲ་གཅན་གྱི་རང་བཞིན་དབུ་མའི་རིགས་སུ་བརྗོད་དོ། །དེ་ལྟར་སྐུ་གསུང་ཐུགས་ཀྱི་རིགས་གསུམ་དུ་འདུས་པ་ཡང་གོང་དུ་དྲངས་མ་ཐག་པའི་ལུང་གིས་གྲུབ་བོ། །གཉིས་པ་བྱེད་ལས་ཀྱི་སྒོ་ནས་དེར་འགྱུར་ཚུལ་བཤད་པ་ལ། དབྱེ་གཞི་ངོས་བཟུང་བ་དང་། དབྱེ་བ་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། དེ་ཡང་ལུས་ལ་གནས་པས་ན། །རྩ་ནི་ཉི་ཤུ་རྩ་བཞི་པོ། །མི་ཕྱེད་མ་ནས་ཡིད་བཟང་བར། །ཞེས་པ་སྟེ། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་དབྱེ་བ་དེ་ཡང་། རྩ་བའི་དབྱེ་གཞི་ནི་མི་ཕྱེད་མ་ནས་ཡིད་བཟང་མའི་བར་གྱི་རྩ་ཉི་ཤུ་རྩ་བཞི་པོ་དེ་རྣམས་ཡིན་ཞེས་པའི་དོན་ནོ། །གཉིས་པ་ནི། ཐིམ་དང་ལོངས་སྤྱོད་བདག་པོ་ཡི། །དབྱེ་བས་གསུམ་སྟེ་བདུན་ཅུ་གཉིས། །རེ་རེའང་འཁོར་ནི་སྟོང་སྟོང་ངོ་། །ཞེས་པ་སྟེ། འདི་ཡང་སྔར་བཤད་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འགྱུར་པ་ཐམས་ཅད་ཀྱང་མི་ཕྱེད་མ་ནས་ཡིད་བཟང་མའི་བར་ལས་ཕྱེ་བ་ཡིན་ལ། དེ་ཡང་བྱེད་ལས་ཀྱི་སྒོ་ནས་ཉེར་བཞི་པོ་ལ་ཐིམ་པ་དང་། ལོངས་སྤྱོད་པ་དང་། བདག་པོ་གསུམ་གསུམ་དུ་ཕྱེ་ནས་རྩ་བདུན་ཅུ་རྩ་གཉིས་སུ་འགྱུར་ལ། དེ་ཡང་ཐིམ་པ་ནི་ལུས་ཀྱི་གནས་སུ་རླུང་ཁྲག་རྒྱུ་བའི་བྱ་བ་བྱས་ཟིན་པ་སྟེ་འདས་པའི་ཆའོ། །ལོངས་སྤྱོད་པ་ནི་ད་ལྟར་བ་སྟེ། བྱ་བ་བྱེད་བཞིན་པའོ། །བདག་པོ་ནི་བསྐྱེད་པར་བྱེད་པ་སྟེ་མ་འོངས་པའི་ཆ་ཡིན་པའམ་ཡང་ན་ཐིམ་པ་རླུང་། ལོངས་སྤྱོད་པ་དཀར་ཆ། བདག་པོ་ཁྲག་གི་རང་བཞིན་ཡིན་པས་ཀྱང་གསུམ་དུ་འགྱུར་ཏེ་བདུན་བཅུ་རྩ་གཉིས་སོ། །དེ་རེ་རེ་ལ་རྩ་ཕྲན་གྱི་འཁོར་སྟོང་སྟོང་ཡོད་པས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འགྱུར་བ་ཡིན་ཏེ། དཔེར་ན་སྡོང་པོ་གཅིག་ལ་ཡལ་ག་དང་ལོ་འདབ་དུ་མ་གྱེས་པ་བཞིན་ཞེས་པའོ། །གསུམ་པ་དཔེ་དང་སྦྱར་ཏེ་དོན་བསྡུ་བ་ནི། དཔེར་ན་སྡོང་པོ་གཅིག་ལས་ནི། །ཡལ་ག་ལོ་འདབ་གྱེས་པ་བཞིན། ཞེས་པའོ། །འདི་དག་དུས་གསུམ་དང་སྦྱར་ན། །དོན་ལ་རྩ་ཉེར་བཞི་ལས་མེད་པར་འདོད་དགོས་ཏེ། འདས་མ་འོངས་ཀྱི་ཆ་གཉིས་པོ་འགགས་ཟིན་པ་དང་མ་སྐྱེས་པའི་ཕྱིར་རོ། །བརྒྱད་པ་ཕྲ་མོའི་རྩ་བཤད་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ལས་ཕྲ་བའི་རྩ་རྣམས་ནི། །བྱེ་བ་ཕྲག་ནི་ཕྱེད་དང་བཞི། །བ་སྤུ་བསྐྱེད་པར་བྱེད་པ་ཡིན། ཞེས་པའོ། །གཉིས་པ་ནི། སྟོང་ཕྲག་བདུན་བཅུ་རྩ་གཉིས་པོ་དེ་དག་ལས་ཕྲ་བའི་རྩ་རྣམས་ནི་ལུས་ལ་བ་སྤུ་བྱེ་བ་ཕྲག་ཕྱེད་དང་བཞི་བསྐྱེད་པར་བྱེད་པའི་རྩ་བྱེ་བ་ཕྲག་ཕྱེད་དང་བཞི་ཡོད་པར་དུས་ཀྱི་འཁོར་ལོ་ལས་བཤད་ཅིང་། རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་ནི་རྣལ་འབྱོར་མའི་རྒྱུད་བདུན་ཅུ་རྩ་གཉིས་ཀྱི་རིགས། རྩ་ཉི་ཤུ་རྩ་བཞི་པོ་ལས་གྱེས་པ་ཡིན་གྱི། །དེ་ལས་གཞན་པའི་རྩ་ཡོད་པར་མངོན་ཏེ། རྩའི་གཙོ་མོ་གསུམ་དང་། གཙུག་ཏོར་དང་མགྲིན་པ་ན་ཡོད་པར་བཤད་པའི་རྩ་རྣམས་ཀྱང་དེ་དག་ཏུ་མི་གཏོགས་པའི་ཕྱིར་རོ། །དེ་དག་ལས་གཞན་པའི་རྩའི་རྣམ་གྲངས་དགའ་བོ་མངལ་འཇུག་གི་མདོ་ལས། དགའ་བོ་ཞག་བདུན་ཕྲག་བཅོ་ལྔ་ལ་ནི། མའི་མངལ་ནས་པདྨ་ཞེས་བྱ་བའི་རླུང་འབྱུང་སྟེ། མངལ་ན་གནས་པའི་དེའི་རྩར་རྒྱུ་བ་རྣམ་པ་ཉི་ཤུ་བསྐྱེད་ནས་རོ་རྣམས་བཞིབ་པར་བྱེད་དེ། དེ་ཡང་ལུས་ཀྱི་མདུན་ན་ལྔ་དང་། ལུས་ཀྱི་རྒྱབ་ན་ལྔ་དང་། ལུས་ཀྱི་གཡས་ན་ལྔ་དང་། ལུས་ཀྱི་གཡོན་ན་ལྔ་ཡོད་དོ། །རྩར་རྒྱུ་བ་དེ་ཡང་མིང་སྣ་ཚོགས་དང་། ཁ་དོག་སྣ་ཚོགས་དང་ལྡན་པས། མིང་ནི་ས་ཀ་ཞེས་ཀྱང་བྱ། སྟོབས་ཤེས་ཀྱང་བྱ། བརྟན་པ་ཞེས་ཀྱང་བྱ། མཐུ་དང་ལྡན་པ་ཞེས་ཀྱང་བྱའོ། །ཁ་དོག་ནི་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། སྲན་མ་དང་། མར་དང་། འབྲུ་མར་དང་། ཞོ་ལ་སོགས་པའི་ཁ་དོག་དང་ལྡན་པ་གང་ཡིན་པ་དང་། གཞན་ཡང་ཁ་དོག་མང་པོ་ཕན་ཚུན་འདྲེས་པ་གང་ཡིན་པའོ། །དགའ་བོ་རྩ་རྒྱུ་བ་ཉི་ཤུ་པོ་དེ་དག་རེ་རེ་ལ་ཡང་ཡན་ལག་བཞི་བཅུ་བཞི་བཅུ་ཡོད་པས་གཅིག་ཏུ་བསྡུས་ནས། དབུགས་བཞིབ་པའི་རྩར་རྒྱུ་བ་བརྒྱད་བརྒྱ་ཡོད་པར་འགྱུར་ཏེ། ལུས་ཀྱི་མདུན་དང་། རྒྱབ་དང་། གཡས་དང་། གཡོན་ཕྱོགས་པ་རེ་རེ་ལ་ཡང་ཉིས་བརྒྱ་ཉིས་བརྒྱ་ཡོད་དོ། །དགའ་བོ་རྩར་རྒྱུ་བ་བརྒྱད་བརྒྱ་པོ་དེ་དག་རེ་རེ་ལ་ཡང་རྩར་རྒྱུ་བའི་ཡན་ལག་ཕན་ཚུན་འབྲེལ་བ་བརྒྱ་བརྒྱ་ཡོད་པས། གཅིག་ཏུ་བསྡུས་ན་སྟོང་ཕྲག་བརྒྱད་ཅུ་ཡོད་པར་འགྱུར་ཏེ། སྟོང་ཕྲག་ཉི་ཤུ་ནི་ལུས་ཀྱི་མདུན་ན་ཡོད་དོ། །སྟོང་ཕྲག་ཉི་ཤུ་ནི་ལུས་ཀྱི་རྒྱབ་ན་ཡོད་དོ། །སྟོང་ཕྲག་ཉི་ཤུ་ནི་ལུས་ཀྱི་གཡས་ཕྱོགས་ན་ཡོད་དོ། །སྟོང་ཕྲག་ཉི་ཤུ་ནི་ལུས་ཀྱི་གཡོན་ཕྱོགས་ན་ཡོད་དོ། །དགའ་བོ་རྩར་རྒྱུ་བ་སྟོང་ཕྲག་བརྒྱད་ཅུ་པོ་དེ་དག་ལ་ཡང་བུ་ག་མང་པོ་ཡོད་པས། བུ་ག་གཅིག་དང་། གཉིས་དང་ལྡན་པ་ན། བུ་ག་བདུན་གྱི་བར་དང་ལྡན་པ་ཡང་ཡོད་དོ། །དེ་དག་རེ་རེ་ལ་ཡང་བ་སྤུའི་ཁུང་བུ་རེ་རེ་དང་ཕན་ཚུན་དུ་འབྲེལ་ཏེ། འདི་ལྟ་སྟེ་དཔེར་ན། པདྨའི་རྩ་བ་ལ་བུ་ག་མང་པོ་ཡོད་ལ་ཇི་ལྟ་བ་བཞིན་ནོ། །ཞེས་གསུངས་པས་སོ། །དེ་དག་ནི་གསུངས་པའི་རྣམ་གྲངས་ཙམ་ཡིན་གྱི། འདིར་ནི་རྒྱུད་སྡེ་ལས་གསུངས་པ་ཁོ་ན་གཙོ་བོར་བྱ་བ་ཡིན་ནོ། །དགུ་པ་རྩ་རྣམས་ཁམས་གང་གིས་བསྐྱེད་ཚུལ་བསྟན་པ་ནི། འདི་རྣམས་ཁམས་ཀྱི་རིམ་པ་ནི། ལྟེ་བ་ས་སྟེ་སྙིང་ག་རླུང་། །མགྲིན་པ་མེ་སྟེ་སྤྱི་བོ་ཆུ། །གཙུག་ཏོར་ནམ་མཁའ་གསང་བ་ནི། །ཡེ་ཤེས་བདེ་བའི་རིགས་སུ་གསུངས། །དེ་བཞིན་བ་སྤུའི་མཐར་ཐུག་པར། །ཁམས་དྲུག་གིས་ནི་རིམ་པར་བསྐྱེད། །གཡས་གཡོན་དབུ་མའི་དབྱེ་བ་ལས། །སྐུ་གསུང་ཐུགས་ཀྱི་རིགས་གསུམ་ཡིན། །ཞེས་པ་སྟེ། འདི་དག་གི་དོན་ནི། ཇི་སྐད་བཤད་པའི་རྩ་འདི་དག་ཐམས་ཅད་ཀྱི་ཁམས་ཀྱི་རིམ་པ་ནི། ལྟེ་བའི་འཁོར་ལོ་ནི་སའི་ཁམས་དང་། སྙིང་ག་ནི་རླུང་། མགྲིན་པ་ནི་མེ། སྤྱི་བོ་ནི་ཆུ། གཙུག་ཏོར་གྱི་འཁོར་ལོ་ནི་ནམ་མཁའ། གསང་བའི་འཁོར་ལོ་ནི་ཡེ་ཤེས་བདེ་བའི་རིགས་སུ་གསུངས་ལ། འདི་དག་ནི་ཁྱབ་པར་བྱ་བ་འཁོར་ལོ་དྲུག་ལ་སོགས་པའི་རྩ་ཐམས་ཅད་ལ་ཁྱབ་པར་བྱེད་པ་རིགས་དྲུག་གི་ངོ་བོ་ཁམས་དྲུག་གིས་བསྡུས་པ་ཡིན་ཏེ། རྟེན་ཆོས་ཅན་ཀུན་རྫོབ་ཀྱི་འཁོར་ལོ་དྲུག་ལ། བརྟེན་པ་ཆོས་ཉིད་ཀྱི་སྐུ་དང་རིགས་དྲུག་གིས་ཁྱབ་པའི་དོན་ཏོ། །གཞན་ཡང་ཐབས་ཤེས་ཀྱི་རིམ་པ་གསང་བ་ཡེ་ཤེས་སུ་བྱེད་པའི་ཚེ་ན་ལྟེ་བ་རླུང་དུ་འགྱུར་དགོས་པ་དང་། ལྟེ་བ་སར་བྱེད་པའི་ཚེ་ན་ནི་གསང་གནས་སུམ་མདོ་རླུང་དུ་འགྱུར་བ་ལའང་འགལ་བ་མེད་ཅིང་། ཡང་སྤྱི་བོ་རླུང་གི་ཁམས་སུ་བྱས་ན། གཙུག་ཏོར་ཡེ་ཤེས་ཀྱི་ཁམས་སུ་འགྱུར་བས། མགྲིན་སྙིང་ཐབས་ཤེས་སུ་བྱེད་ན། སྙིང་ག་ཆུ་རུ་འགྱུར་ན་མགྲིན་པ་མེར་འགྱུར་རོ། །རྒྱུ་མཚན་འདིས་ན་ཁྱ བ་བྱ་འཁོར་ལོ་བཞི་འམ་དྲུག་ལ། ཁྱབ་བྱེད་ནམ་མཁའ་ཡེ་ཤེས་སམ། ཐབས་ཤེས་གཉིས་ཀྱིས་ཁྱབ་པའམ། ཡབ་ཡུམ་གཉིས་ཀྱི་སྐུ་གསུང་ཐུགས་སུ་འགྱུར་བའོ། །མདོར་བསྡུ་ན། མཁའ་དང་ཡེ་ཤེས་ཤེས་རབ་ཏུ་བྱས་ན་འབྱུང་བ་བཞི་ཐབས་སུ་འགྱུར་ཞིང་། ནང་ཚན་དུ་ས་རླུང་ཐབས་དང་ཤེས་རབ། མེ་ཆུ་ཐབས་དང་ཤེས་རབ་ཡིན་པས་ཕན་ཚུན་དགྲ་དང་གྲོགས་སུ་ཡང་འགྱུར་རོ། །རིམ་པ་འདིས་ནི། བ་སྤུའི་མཐར་ཐུག་པའི་བར་གྱི་རྩ་ཐམས་ཅད་ལ་ཁམས་དྲུག་གིས་ཁྱབ་པ་དང་། ཡང་ན་ཁམས་ལྔ་ལ་ཡེ་ཤེས་ཀྱིས་ཁྱབ་པ་དང་། ཡང་ན་ཁམས་བཞི་ལ་ཡེ་ཤེས་དང་ནམ་མཁས་ཁྱབ་པ་དང་། ཡང་ན་ཐམས་ཅད་ལ་སྐུ་གསུང་ཐུགས་ཀྱི་རིགས་གསུམ་གྱི་ཁྱབ་པ་དང་། ཡང་ན་ཐམས་ཅད་ཐབས་ཤེས་གཉིས་ཀྱི་བདག་ཉིད་དུ་བསྟན་པ་ཡིན་ཏེ། ཇི་སྐད་དུ་དུས་ཀྱི་འཁོར་ལོའི་བསྡུས་རྒྱུད་ལས། གཙུག་ཏོར་སྟོང་པའི་ཁམས་ལ་འགྱུར་ཏེ་ལྷ་དང་མི་རྣམས་ཀྱིས་ནི་ཡེ་ཤེས་ཁམས་ལ་གསང་བའོ། །སྙིང་གའི་པདྨ་རླུང་གི་ཁམས་ལ་རབ་གསལ་རྩེ་མོ་ཅན་ལ་མགྲིན་པའི་འཁོར་ལོ་གསལ་བར་རོ། །ཆུ་ལ་སྨིན་མའི་ནང་གི་པདྨ་ནོར་ནི་ནོར་གྱི་འདབ་ལྡན་ལྟེ་བའི་པདྨ་ས་ལའོ། །རྐང་པ་ལག་པ་དག་གི་ཚིགས་དྲུག་ས་དང་ཆུ་དང་བསྲེག་ཟ་རླུང་རྣམས་དག་ལ་གསུམ་གྱི་གྲངས། ས་སོགས་ཁམས་ལྔ་རྣམས་ལ་རྣམ་གསུམ་ཡོན་ཏན་དབང་གིས་འབྱུང་བ་རྐང་པ་ལག་པ་དག་གི་ནི། །མཐེ་བོང་ལ་སོགས་སོར་མོ་བཅུ་ནི་གསུམ་གྱིས་བསྒྱུར་བའི་ཚིགས་ཀྱི་གཟུགས་དང་ལྡན་པ་མཐའ་དག་སྟེ། དེ་དག་སེན་མོའི་མཐར་ཐུག་ཡང་དག་བཟུང་བྱ་སླར་ཡང་སོ་རྣམས་དེ་ཉིད་རབ་ཏུ་དབྱེ་བས་སོ། །གཞན་གང་སྤུ་ཡི་མཐར་ནི་ལུས་མཆོག་ལ་འགྱུར་དེ་དང་དེ་ནི་དེ་བཞིན་དུ་ཡང་ཁམས་ལའོ། །ཞེས་པ་དང་། གཞན་ཡང་ཧེ་བཛྭ་དང་། འཁོར་ལོ་བདེ་མཆོག་གི་རྒྱུད་ལ་སོགས་པ་རྣམས་ནས་གསུངས་ཚུལ་དཔག་ཏུ་མེད་ཀྱང་། རེ་ཤིག་སྤྲོས་པ་དེ་ཙམ་གྱིས་ཆོག་གོ །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་རྩ་ཡི་མཚན་ཉིད་ཤེས། །ལུས་ཀྱི་གནས་ལུགས་རྟོགས་པར་འགྱུར། །ཞེས་པ་སྟེ། འདིའི་དོན་སྤྱི་དང་མཐུན་པར་བཤད་ན། འདིར་ཇི་སྐད་བཤད་པ་དེ་ལྟར་རྩའི་གཙོ་བོ་དང་འཁོར་ཐམས་ཅད་ཀྱི་མཚན་ཉིད་ཤེས་ན་ལུས་ཀྱི་གནས་ལུགས་རྟོགས་པར་འགྱུར་ཏེ། དེ་ལྟར་ཤེས་ན་ལུས་འདི་རིལ་པོར་བདེན་པ་མིན་ཞིང་། ཕྱི་རོལ་པས་བཏགས་པ་ལྟར་རྟག་གཅིག་རང་དབང་ཅན་ལ་སོགས་པ་མ་ཡིན་པར་རྩའི་དྲ་བར་འབྲེལ་བ་ལ་ཤ་དང་ལྤགས་པ་ལ་སོགས་པ་རྣམས་བརྟེན་པས་ངོ་བོས་སྟོང་པའི་རྟེན་འབྲེལ་དུ་རྟོགས་པའི་ཕྱིར་རོ། །སྔགས་ཀྱི་ཉེ་ལམ་ལ་བརྟེན་པའི་ཕན་ཡོན་བཤད་ན། རྩ་སྒོམ་པ་དང་གནད་བཅིངས་ན་བདེ་སྟོང་གི་ཡེ་ཤེས་སྐྱེ། ཉོན་མོངས་པའི་དྲ་བ་ལས་རྣམ་པར་གྲོལ་བའི་ཆུ་ཟླ་ལྟ་བུའི་གཟུགས་ཀྱི་སྐུ་རྐྱེན་གཞན་གྱིས་གཞོམ་དུ་མེད་པ་རྡོ་རྗེའི་རང་བཞིན་དུ་འགྱུར་ཏེ། སངས་རྒྱས་རྗེས་སུ་དྲན་པ་ཏིང་ངེ་འཛིན་རྒྱ་མཚོའི་མདོ་རང་འགྲེལ་དུ་དྲངས་པ་ལས། དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུའི་བ་སྤུའི་ཁུང་བུ་ཐམས་ཅད་ཀྱང་། རིན་པོ་ཆེ་ཟུར་དྲུག་པའི་རྣམ་པ་ཁ་དོག་དྲུག་དང་ལྡན་པའི་འོད་ཀྱི་རང་བཞིན། གཏན་པ་མེད་པའི་མཆོད་སྦྱིན་དུ་མས་བསྒྲུབས་པའི་ནུས་པ་དང་ལྡན་པར་འགྲུབ་བོ། །ཞེས་གསུངས་པའི་དོན་ཡང་། རྩ་སྦྱངས་པས་གཞན་དོན་གཟུགས་ཀྱི་སྐུ་འགྲུབ་པར་གསུངས་པའི་དོན་ཁོང་དུ་ཆུད་པར་བྱའོ། །གཞན་ཡང་རྒྱུད་སྡེ་རྣམས་ལས་ཀྱང་རྩ་བསྒོམས་པའི་ཕན་ཡོན་དཔག་ཏུ་མེད་པ་གསུངས་ཏེ། ཇི་སྐད་དུ་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། བདེ་བ་ཆེན་པོའི་འཁོར་ལོ་ཆེ། །མཆོག་ཏུ་དགའ་བ་སྟེར་བར་བྱེད། །ཕྲ་དང་རེག་བྱ་མཆོག་ཏུ་ཕྲ། །བཟུང་དང་འཛིན་པ་རྣམ་པར་སྤངས། ཤེས་པ་དང་། རྩ་ཡི་རིམ་མེད་ངེས་པར་ནི། །ཕུང་པོ་ལ་སོགས་མི་འབྱུང་ངོ་། །ཕུང་པོ་མེད་ན་ཡེ་ཤེས་ཆེ། །རྣལ་འབྱོར་པ་ཡིས་ཐོབ་མི་འགྱུར། །ཕུང་པོ་ལྔ་ཡི་བདག་ཉིད་ལུས། །མཁའ་འགྲོ་ལྔར་ནི་རབ་ཏུ་གྲགས། །དེ་ཉིད་འབྱུང་བ་ལྔ་ཡི་ནི། །ཡེ་ཤེས་ལྔར་ནི་རྣམ་པར་གནས། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །རྩ་ཡི་འཁོར་ལོ་ཤེས་པར་བྱ། །ཇི་ལྟར་ཆུ་ཡི་དབུས་ཀྱི་ཤིང་། །མྱུར་དུ་ཡང་ནི་འཕེལ་ནས་འགྲོ། །དེ་ལས་འབྲས་བུ་སོགས་ལྡན་པ། །སྟེར་བར་འདི་ལ་ཐེ་ཚོམ་མེད། །དེ་བཞིན་ཕུང་པོ་ཤིང་ཞེས་བྱ། །རྩ་ཡི་ཆུ་ཡིས་འཕེལ་ནས་ནི། །འཕེལ་བས་ཡང་དག་འབྲས་བུ་ནི། །ཐམས་ཅད་མཁྱེན་པ་ཉིད་སྟེར་བྱེད། །ཅེས་པ་དང་། དུས་འཁོར་བསྡུས་རྒྱུད་ལས། ཇི་སྐད་དུ། འདི་དག་ངེས་པར་འཆི་བ་སྟེར་བྱེད་བླ་མའི་ངེས་པའི་དབང་གིས་ཚེ་དང་ནད་མེད་དག་ཀྱང་སྟེར། །འཁོར་ལོ་དྲུག་ལ་དུས་ཀྱི་རྩ་རྣམས་འཆི་བའི་འཇིགས་འཕྲོག་རྣལ་འབྱོར་རྣམས་ཀྱིས་འདི་ལ་ངོ་མཚར་མེད། །ཅེས་པ་དང་། དྲུག་གི་རྩ་ནི་འཁོར་ལོ་འགོག་པ་ཟླ་ཉི་མེ་ཡི་དབྱེ་བས་རྣམ་གསུམ་ལམ་ལ་གནས་པ་གང་། །སྲོག་ཆགས་རྣམས་ལ་འཆི་བ་སྟེར་བ་དེ་ནི་བླ་མའི་ངེས་པའི་དབང་གིས་ལུས་ལ་བསྲུང་བར་བྱ། །དྲུག་ལ་གལ་ཏེ་སྲོག་ནི་རབ་ཞུགས་གྱུར་ན་དེ་ཚེ་མི་རྣམས་ཀྱི་ནི་འཆི་བ་འཇོམས་པར་ངེས། །ཕྲ་མོ་ལ་ནི་མ་ཞུགས་པ་ན་རྣལ་འབྱོར་རྣམས་ཀྱིས་འཆི་བའི་ཡུལ་ནི་གང་དུ་གཅོད་པར་བྱེད། །ཅེས་གསུངས་པས་སོ། །གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་ལས་ལུས་ཀྱི་རྩ་རྒྱས་པར་བསྟན་པ་སྟེ་གསུམ་པའོ། །ཞེས་པས་བསྟན་པ་ཡིན་ནོ། །གཙོ་བོ་གསུམ་པོར་ཉི་ཤུ་རྩ་བཞིའི་རྩ། །བཞི་དྲུག་བཅོ་བརྒྱད་འཁོར་ལོ་ནད་བསྐྱེད་བཅས། །བདུན་ཁྲི་ཉིས་སྟོང་དང་བཅས་ཕྲ་མོའི་རྩ། །བསྒོམས་པའི་ཕན་ཡོན་བཅས་པ་ལེགས་པར་བཤད། །ཅེས་པ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པའི་བསྟན་བཅོས་ཀྱི་ཚིག་དོན་གསལ་བར་བྱེད་པའི་ལེགས་བཤད་ནོར་བུ་རིན་པོ་ཆེའི་ཕྲེང་བ་ལས་རྩ་བསྟན་པའི་རྣམ་པར་བཤད་པ་སྟེ་ལེའུ་གསུམ་པའོ།། ༈ །།བཞི་པ་རླུང་བསྟན་པའི་ལེའུ་ལ། དངོས་དང་། ལེའུའི་མཚན་བསྟན་པ་གཉིས་ལས། དང་པོ་ལ་གསུམ་སྟེ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ནས་རླུང་གི་ངོ་བོ་དང་། གནས་དང་བྱེད་ལས་རྒྱུ་བའི་ཚུལ། །སྟོབས་དང་སྟོབས་མེད་རིམ་པ་དང་། །འཇུག་ས་བཟུང་ཐབས་སྐྱོན་ཡོན་རྣམས། །རིམ་པ་བཞིན་དུ་འདིར་བཤད་བྱ། ཞེས་པའོ། །གཉིས་པ་ནི། དང་པོའི་གཞུང་ཚིག་ལྔ་པོ་འདིས་ནི་ལུས་མདོར་བསྟན་པ་ཡིན་ཏེ། རྩ་བསྟན་པའི་རྗེས་དེ་ནས་རླུང་གི་ངོ་བོ་ཡི་གེ་དང་བཅས་པ་དང་། རླུང་གི་གནས་དང་། རླུང་བཅུ་སོ་སོའི་བྱེད་ལས་དང་། རླུང་རྣམས་ཇི་ལྟར་རྒྱུ་བའི་ཚུལ་དང་། སྟོབས་དང་། སྟོབས་མེད་པའི་རིམ་པ་དང་། །རླུང་གང་དུ་འཇུག་པའི་ས་དང་། །རླུང་བཟུང་བའི་ཐབས་དང་མ་བཟུང་བའི་སྐྱོན་དང་། ཟིན་པའི་ཡོན་ཏན་རྣམས་སུ་རླུང་ཇི་སྙེད་པ་ཐམས་ཅད་ཀྱི་ཁྱད་ཆོས་ཐམས་ཅད་འདུས་པའི་ཕྱིར་རོ། །དེ་རྣམས་འདིར་བཤད་པར་བྱའོ། །ཞེས་བྱ་བའོ། །གཉིས་པ་ལ། བསྐྱེད་བྱ་སྐྱེད་བྱེད་ཀྱི་ངོ་བོ་བཤད། གནས་བྱེད་ལས་དང་བཅས་པ་བཤད། ཕྱི་ནང་དུ་རྒྱུ་བའི་རིམ་པ་བྱེད་ལས་དང་བཅས་པ་བཤད། འཇུག་སྒོ་ཕན་ཡོན་དང་བཅས་པ་བཤད། འཁོར་འདས་ཐམས་ཅད་རླུང་གི་རང་བཞིན་ཡིན་པར་བསྟན་པ་དང་ལྔ་ལས། དང་པོ་ལ། ངོ་བོ་མདོར་བསྟན་པ་དང་། ངོ་བོ་རྒྱས་པར་བཤད་པའོ། །དང་པོ་ལ་སྤྱིའི་དོན་དང་། ཡན་ལག་གཞུང་གི་དོན་གཉིས་ལས། དང་པོ་ནི། ལུས་ཅན་ཐམས་ཅད་ཀྱི་ངག་གི་བརྗོད་པ་དང་། གནས་སྐབས་སུ་སྲོག་གནས་པ་དང་། སྐྱེ་གནས་གཅིག་ནས་གཅིག་ཏུ་སྐྱེ་བ་ལེན་པ་ཐམས་ཅད་ནི་རྩ་བ་གཞོམ་དུ་མེད་པའི་ཨ་ཡིག་རྐྱང་པ་ལས་འབྱུང་ཞིང་། དེ་ཉིད་སེམས་ཅན་ཀུན་གྱི་སྲོག་ཆེན་པོ་ཡིན་པས་ན་རླུང་དུ་བརྗོད་ཅིང་། རླུང་དང་སྲོག་གཉིས་པོ་ནི་མིང་གི་རྣམ་གྲངས་ཡིན་པར་རྒྱུད་སྡེ་དུ་མ་ལས་བཤད་དེ། ཇི་སྐད་དུ། སྲོག་ཅེས་བྱ་བ་རླུང་དུ་བརྗོད། །ཅེས་སོགས་སོ། །དེ་ལས་ཀྱང་ངོ་བོ་ནི། ཁམས་བདེ་བར་གཤེགས་པའི་སྙིང་པོ་གཞོམ་དུ་མེད་པའི་ནཱ་ད་ཡིན་ལ། སེམས་ཅན་ཐམས་ཅད་ལ་སྲོག་ཆེན་པོའི་ཨ་ཡིག་དེ་ཡོད་པའི་རྒྱུ་མཚན་གྱིས་ངག་བརྗོད་པའི་ཚེ་ན། དབྱངས་དང་གསལ་བྱེད་ཀྱི་ཡི་གེའི་རྣམ་འགྱུར་དཔག་ཏུ་མེད་པ་དང་། དེས་མིང་ཚིག་ཡི་གེའི་ཚོགས་དཔེར་ན་བུམ་པ་མི་རྟག་ཅེས་པ་དང་། ཨ་ཨཱ་དང་། ཀ་ཁ་ལ་སོགས་པ་དཔག་ཏུ་མེད་པ་བརྗོད་པའི་ཕྱིར་ཏེ། ཇི་སྐད་དུ། སྤྱན་རས་གཟིགས་འགྲེལ་ལས། རྣལ་འབྱོར་འདི་མཚན་ཡང་དག་པར་བརྗོད་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་བསྟོད་པ་ལས། ཚིགས་སུ་བཅད་པ་བཅུ་བཞིས་ཡང་དག་པར་བརྗོད་པ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །སྲོག་ཆེན་པོ་སྟེ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་པ་ནས། མགོན་པོ་རིགས་མཆོག་ཆེན་པོ་སྟེ། །བླ་མ་གསང་སྔགས་ཆེ་བའི་མཆོག །ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་པའི་མཐར་ཐུག་པས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་བརྗོད་པར་བྱ་བ་འདི། ཆུང་ངུ་དང་། འབྲིང་དང་། ཆེན་པོའི་སེམས་ཅན་གྱི་བསམ་པའི་དབང་གིས། བཅོམ་ལྡན་འདས་ཀྱིས་ཡང་དག་པར་བརྗོད་དོ། །ཞེས་པ་དང་། བཤད་རྒྱུད་རྡོ་རྗེ་ཕྲེང་བའི་ལེའུ་སོ་དྲུག་པ་ལས། དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །རྣམ་རྟོག་མེད་པའི་རླུང་ཤར་ན། །གང་ཤེས་རྡོ་རྗེ་སེམས་དཔའ་ཡི། །རང་དངོས་གོ་འཕང་བཟང་པོ་ཐོབ། །རྣམ་རྟོག་མེད་པའི་རླུང་ཆེན་པོ། །གཉིས་པ་ཐམས་ཅད་རྣམ་པར་སྤངས། །དངོས་པོ་ཀུན་གྱི་རང་བཞིན་བདག །སྒོམ་དང་སྒོམ་མིན་གོ་འཕང་བྲལ། །རྣལ་འབྱོར་ཆེན་པོའི་ཡེ་ཤེས་ཆེ། །གནས་པ་མེད་ཅིང་དྲི་མ་མེད། །ཕྲ་བའི་ཆ་ཀུན་དབུས་ན་གནས། ཐིག་ལེ་ནཱ་ད་རྣམ་པར་སྤངས། །ཀུན་ལ་ཁྱབ་ཅིང་ཞི་བ་དང་། །བདག་བྱིན་བརླབས་པའི་མཚན་ཉིད་གཅིག །མཚན་བཞི་མཚན་ཉིད་རྣམས་ལས་གྲོལ། །ཞེས་གོང་དུ་དྲངས་པ་དང་མཐུན་པར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་ཆོས་ཀྱི་སྐུ་ཡང་སེམས་ཅན་གྱི་རྒྱུད་ཀྱི་བདེ་གཤེགས་སྙིང་པོ་གཞོམ་དུ་མེད་པའི་ཨ་ཡིག་ལས་བྱུང་བ་དང་། ཨ་ཡིག་དེ་ཉིད་གདོད་མ་ནས་སྐྱེ་བ་མེད་ཅིང་མཆོག་ཏུ་རྣམ་པར་དག་པའི་ཡི་གེ་ཡིན་པའི་དོན་གྱིས་ན། ཡིག་འབྲུ་ཀུན་གྱི་མཆོག་ཡིན་པའམ། །ཡང་ན་འདུས་པའི་རྒྱུད་ཀྱི་དོན། ཀླུ་སྒྲུབ་ཀྱིས་རིམ་ལྔར། ཡོན་ཏན་སྦྱོར་སོགས་ཕྱིས་དང་མཚུངས། །ཐུང་ངུ་མ་ལུས་དག་ཏུ་འགྱུར། །ཞེས་པ་ལྟར། ཡི་གེ་ཐམས་ཅད་ཀྱི་སྲོག་ཏུ་ཨ་ཞུགས་པའི་སྒོ་ནས་བརྗོད་བྱ་ལ་འཇུག་དགོས་པའི་དོན་གྱིས་ན། སྲོག་ཆེན་པོ་ཞེས་བརྗོད་དོ། །དེ་ནི་སྐྱེ་མེད་ཀྱི་བདེ་གཤེགས་སྙིང་པོ་ཡིན་པའི་དོན་གྱིས་ན་སྐྱེ་བ་མེད་པ་དང་། སྨྲ་བརྗོད་ལས་འདས་པའི་དོན་གྱིས་ན། ཚིག་ཏུ་བརྗོད་པ་སྤངས་པ་དང་། དུས་རྟག་ཏུ་སེམས་ཅན་གྱི་རྒྱུད་ལ་གཞོམ་མེད་ཀྱི་སྒྲར་གནས་པའི་དོན་གྱིས་ན། བརྗོད་པ་ཀུན་གྱི་རྒྱུའི་མཆོག་ཡིན་ནོ། །དེ་ལ་བརྟེན་ནས་ཐ་སྙད་ཀུན་རྫོབ་ཀྱི་ཚིག་ཀུན་རབ་ཏུ་གསལ་བར་བྱེད་པ་ཡིན་ནོ། །དེ་ནི་དང་པོའི་མགོན་པོ་དང་། རིགས་ཐམས་ཅད་ཀྱི་རྩ་བ་དང་མཆོག་ཀྱང་ཡིན་ནོ། །རྒྱུ་མཚན་དེས་ན་རྒྱུད་ཐམས་ཅད་དུ། །བསླབ་པའི་གནས་ལྔ་དང་། བརཏལ་ཞུགས་ཉེར་ལྔ་སོགས་དང་། དབང་གི་རིམ་པ་དང་། བསྐྱེད་རྫོགས་ཀྱི་ལམ་གྱི་རིམ་པ་དམན་འབྲིང་མཆོག་གི་རིམ་པས་སྦྱོང་བའི་ཐབས་དཔག་ཏུ་མེད་པ་གསུངས་པའི་ཕྱིར་རོ། །དེ་ལ་བརྟེན་ནས་རྩ་བ་དང་ཡན་ལག་གི་རླུང་བཅུ་འབྱུང་ཞིང་། དེ་དག་ཀྱང་ངག་གི་རང་བཞིན་དང་། དབྱུག་གུ་དང་། འཕོ་བ་དང་། ཐུན་ཚོད་ལ་སོགས་པའི་དུས་སྦྱོར་དང་། འདུ་བྱེད་དུ་གྱུར་པའི་དབྱངས་གསལ་གྱི་ཡི་གེ་རྣམས་ཀྱང་རླུང་དེ་དག་གི་རང་བཞིན་དང་། རླུང་དེ་དག་ལས་སྐྱེས་པའང་ཡིན་ནོ། །དེའི་རྒྱུ་མཚན་གྱིས་རྡོ་རྗེའི་བཟླས་པ་རྣམས་ཀྱང་རླུང་དེ་དག་ལ་བརྟེན་ནས་འགྲུབ་པ་ཡིན་ཏེ། ཇི་སྐད་དུ། གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་དང་། དགོངས་པ་ལུང་སྟོན་རྣམས་མཐུན་པའི་ལུང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་རིམ་ལྔར་དྲངས་པ་ལས། སེམས་ཅན་རྣམས་ཀྱི་སྲོག་གྱུར་པ། །རླུང་ཞེས་བྱ་བ་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། །ལྔ་ཡི་བདག་ཉིད་བཅུ་མིང་ཅན། །རླུང་གི་དེ་ཉིད་རིམ་གྱིས་ནི། །སྔགས་ཀྱིས་དེ་ཉིད་ཡང་དག་འཇུག །སྔགས་ཀྱི་དམིགས་པ་རྟོགས་ནས་ནི། །རྡོ་རྗེའི་བཟླས་པ་རྣམས་ལ་སློབ། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། རླུང་ནི་ངག་དང་དུས་སྦྱོར་ཏེ། །ཡི་གེ་ཐམས་ཅད་འདི་ལས་སྐྱེས། །ཤེས་པའོ། །གཉིས་པ་ནི། རྩ་བ་དང་ཡན་ལག་གི་རླུང་དེ་དག་གི་ངོ་བོ་ནི། ངག་ཏུ་བརྗོད་པ་དང་། དབྱུག་གུ་དང་། འཕོ་བ་ལ་སོགས་པའི་དུས་སྦྱོར་དང་། ཨཱ་ལི་དང་ཀཱ་ལི་ལ་སོགས་པའི་ཡི་གེ་ཐམས་ཅད་ཀྱང་དེ་ལས་སྐྱེས་པས། ངག་དང་། དུས་སྦྱོར་དང་། ཡི་གེ་ཐམས་ཅད་ཀྱང་རླུང་གི་རང་བཞིན་ལས་མ་འདས་ཤིང་། རླུང་ཡང་ཡི་གེ་དེ་དག་དང་ཐ་དད་དུ་བརྗོད་པར་མི་ནུས་པས་ན། དེ་དག་ཀྱང་ངོ་བོ་དབྱེར་མེད་ཀྱི་ཚུལ་དུ་སྲོག་ཆེན་པོའི་ཡི་གེའི་རྣམ་འགྱུར་དུ་གོ་བར་བྱའོ། །གཉིས་པ་ངོ་བོ་རྒྱས་པར་བཤད་པ་ལ། རྩ་བའི་རླུང་ལྔ་བཤད་པ། ཡན་ལག་གི་རླུང་ལྔ་བཤད་པ། རླུང་བཅུ་པོ་བསྐྱེད་སྡུད་ཀྱི་དུས་བསྟན་པ། དེ་རྣམས་ལུང་དང་སྦྱར་བ་དང་བཞི། དང་པོ་ལ། སྲོག་ཆེན་པོའི་རླུང་བཤད་པ། ཐུར་སེལ། གྱེན་རྒྱུ། མཉམ་གནས། ཁྱབ་བྱེད་ཀྱི་རླུང་བསྟན་པ་དང་ལྔ་ལས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཐོག་མར་རྣམ་ཤེས་ལ་བརྟེན་པ། །སྲོག་རླུང་ཨ་ཡི་རྣམ་པ་ཅན། །ནམ་མཁའི་ཁམས་ཀྱི་རང་བཞིན་ཡིན། །ཞེས་པའོ། །གཉིས་པ་ནི། མངལ་སྐྱེས་རྣམས་ཀྱི་རྡོ་རྗེའི་ལུས་འགྲུབ་པའི་ཚེ་ན། རླུང་བཅུ་པོ་རྣམས་ཀྱི་ནང་ནས་ཐོག་མར་དཀར་དམར་གྱི་དབུས་སུ་ཀུན་གཞིའི་རྣམ་ཤེས་ལ་བརྟེན་པའི་སྲོག་ཆེན་པོའི་རླུང་ཡི་གེ་ཨའི་རྣམ་པ་ཅན། ཁམས་དྲུག་གི་ནང་ནས་ནམ་མཁའི་ཁམས་ཀྱི་རང་བཞིན་ཅན་འགྲུབ་པ་ཡིན་ནོ། །ཞེས་པའོ། །གཉིས་པ་ལ་ཡང་། རྩ་ཚིག་གཉིས་ལས། དང་པོ་ནི། ཐུར་སེལ་ས་ཁམས་ལྀ་ཡིག་སྟེ། །ཞེས་པའོ། །གཉིས་པ་ནི། དེའི་འོག་ཏུ་ཐུར་སེལ་གྱི་རླུང་ནི་སའི་ཁམས་ཀྱི་རང་བཞིན་ཅན་ལྀ་ཡིག་གི་རྣམ་པར་འབྱུང་བ་ཡིན་ཏེ། ཞེས་པའོ། །གསུམ་པ་ལ་གཉིས་ལས། དང་པོ་ནི། གྱེན་རྒྱུ་མེ་ཁམས་རྀ་ཡིན་ནོ། །ཞེས་པའོ། །གཉིས་པ་ནི། གྱེན་རྒྱུའི་རླུང་ནི་མེའི་ཁམས་དང་རྀ་ཡིག་གི་རྣམ་པ་ཅན་ནོ། །ཞེས་པའོ། །བཞི་པ་ལ་གཉིས་ལས། དང་པོ་ནི། མེ་མཉམ་རླུང་ཁམས་ཨི་ཞེས་བརྗོད། །ཅེས་པའོ། །གཉིས་པ་ནི། མེ་མཉམ་གྱི་རླུང་ནི་ཁམས་དྲུག་གི་ནང་ནས་རླུང་གི་ཁམས་དང་། ཡི་གེ་ནི་ཨི་ཡིག་གོ །ལྔ་པ་ལ་གཉིས་ལས། དང་པོ་ནི། ཁྱབ་བྱེད་ཆུ་སྟེ་ཨུ་རུ་འགྱུར། ཞེས་པའོ། །གཉིས་པ་ནི། ཁྱབ་བྱེད་ནི་ཆུའི་ཁམས་དང་། ཡི་གེ་ཨུའི་རྣམ་པ་ཅན་ནོ། །ཞེས་པའི་དོན་ནོ། །གཉིས་པ་ཡན་ལག་གི་རླུང་ལྔ་བཤད་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ནས་ཡན་ལག་རླུང་ལྔ་ནི། །ཀླུ་ནི་སས་བསྐྱེད་ནམ་མཁའ་ཨཱ། །རུས་སྦལ་རླུང་སྟེ་ཨེ་རུ་བཤད། །རྩངས་པ་མེ་སྟེ་ཨཱར་ཉིད་ཡིན། །ལྷ་སྦྱིན་ཆུ་ཁམས་ཨཽ་རུ་འགྱུར། །ཨཱལ་ནི་ས་ཁམས་ནོར་ལས་རྒྱལ། །ཞེས་པའོ། །གཉིས་པ་ནི། རྩ་བའི་རླུང་ལྔ་བཤད་པའི་རྗེས་དེ་ནས་ཡན་ལག་གི་རླུང་ལྔ་བཤད་པ་ནི། དེ་ལ་དང་པོ་ཀླུའི་རླུང་ནི་སའི་ཁམས་ཀྱིས་བསྐྱེད་པས་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར། ནམ་མཁའི་ཡི་གེ་ཨཱ་རིང་པོའི་རྣམ་པ་ཅན་ནོ། །རུས་སྦལ་གྱི་རླུང་ནི་རླུང་གི་ཁམས་དང་ཡི་གེ་ཨེའི་རྣམ་པ་ཅན་དུ་བཤད་དོ། །རྩངས་པའི་རླུང་ནི་མེའི་ཁམས་དང་ཡི་གེ་ཨཱར་གྱི་རྣམ་པ་ཅན་ཡིན་ནོ། །ལྷ་སྦྱིན་གྱི་རླུང་ནི་ཆུའི་ཁམས་དང་ཡི་གེ་ཨཽའི་རྣམ་པ་ལྟ་བུ་རུ་འགྱུར་རོ། །ནོར་ལས་རྒྱལ་གྱི་རླུང་ནི་སའི་ཁམས་དང་ཨཱལ་གྱི་ཡི་གེའི་རྣམ་པ་ཅན་ཡིན་ནོ། །ཞེས་པའོ། །དེ་དག་ནི། དུས་འཁོར་བསྡུས་རྒྱུད་ཀྱི། ནང་ལེའི་ཚིགས་བཅད་ཉེར་བཞི་པར། ཇི་སྐད་དུ། ཐུར་སེལ་ཡེ་ཤེས་ཁམས་ལ་རྣམ་གསུམ་ཞེས་པར་འགྱུར་ཏེ་སྲོག་གི་རླུང་ཡང་སྟོང་པ་དག་ལའོ། །རླུང་གི་དབུས་སུ་མཉམ་གནས་རྩེ་མོ་ཅན་ལ་སླར་ཡང་གྱེན་རྒྱུ་ཆུ་ལ་ཁྱབ་པར་བྱེད་པ་ཉིད། །ས་ལ་ཀླུ་སྟེ་དེ་ནས་རུས་སྦལ་རྩངས་པ་དང་ནི་ལྷ་སྦྱིན་ནོར་ལས་རྒྱལ་བ་དག་གི་རླུང་། །བཞི་པོ་རླུང་དང་མེ་དག་དང་ནི་ཆུ་དང་ས་རྣམས་དག་ལ་རིམ་པ་ཡི་ནི་ཡང་དག་འགྱུར། །ཞེས་པ་རྩ་འགྲེལ་རྣམས་ཀྱི་དགོངས་པའོ། །རྒྱུད་འགྲེལ་གཞན་གྱི་དགོངས་པར། གྱེན་རྒྱུ་ཆུ་ཁམས་དང་། མཉམ་གནས་མེ་ཁམས་དང་། ཁྱབ་བྱེད་རླུང་ཁམས་སུ་འཆད་པའང་ཡོད་དེ། དེ་དག་ནི། ཁ་ནས་རྒྱུ་བའི་རླུང་ཆུ་ཡིན་པ་དང་། ཕོ་བར་ཟས་བཞུ་ཞིང་བསྲེག་པའི་དོན་དང་། ལུས་ཐམས་ཅད་ལ་ཁྱབ་པའི་བྱེད་ལས་ཙམ་ལ་དགོངས་པར་སྣང་ངོ་། །ཞེས་འགྲེལ་པར་གསུངས་སོ། །གསུམ་པ་རླུང་བཅུ་པོ་བསྐྱེད་སྡུད་ཀྱི་རིམ་པ་བཤད་པ་ལ། བསྐྱེད་པའི་ཚུལ་དང་། སྡུད་པའི་རིམ་པ་གཉིས་ལས། དང་པོ་ལ། རྩ་ཚིག་གཉིས། དང་པོ་ནི། ཐོག་མར་ཟླ་བ་རེ་རེ་ལ། །རིམ་བསྐྱེད་ད་ལྟ་ལས་ཀུན་བྱེད། །ཅེས་པའོ། །གཉིས་པ་ལ། དངོས་དང་། དེ་ཉིད་ལུང་དང་སྦྱར་བ་གཉིས་ལས། དང་པོ་ནི། མངལ་དུ་ལུས་ཆགས་པ་ན། ཐོག་མར་ཟླ་བ་དང་པོ་ལ་སྲོག་རླུང་ཆགས་ནས། གཉིས་པར་སྲོག་ལས་ཐུར་སེལ་འཕྲོས། དེ་ནས་ཟླ་བ་བཅུ་པའི་བར་དུ་ཟླ་བ་རེ་རེ་ལ་རླུང་སྔ་མ་ལས་ཕྱི་མ་འཕྲོས་ནས་རིམ་གྱིས་བསྐྱེད་ཅིང་། ད་ལྟ་ནི་ལུས་འཛིན་པ་དང་། གཤང་གཅི་འབྱིན་སྡོམ་དང་། ངག་སྨྲ་བ་ལ་སོགས་པའི་ལས་ཀུན་བྱེད་པའོ། །གཉིས་པ་ལུང་དང་སྦྱར་བ་ནི། དུས་ཀྱི་འཁོར་ལོའི་ལུང་ནི། གོང་དུ་ལུས་འགྲུབ་ཚུལ་གྱི་སྐབས་སུ་བསྟན་ལ། འདིར་རྡོ་རྗེ་ཕྲེང་བའི་ལུང་དང་སྦྱར་ན། ཇི་སྐད་དུ། དེ་ཉིད་ལས། དེ་ནས་གཞན་ཡང་བཤད་ཀྱི་ཉོན། །རླུང་སྐྱེ་བ་ཡི་མཚན་ཉིད་ནི། །དུས་ཀྱིས་གླགས་ནི་བཙལ་བ་ན། །ཇི་ལྟར་དངོས་སུ་ཡང་དག་ཤེས། །བག་ཆགས་ཉོན་མོངས་ཅན་གྱི་ཡིད། །རླུང་གི་ངོ་བོས་གཟུགས་གཞན་མཐོང་། །དོན་ནི་ངེས་པར་མི་ཤེས་ཤིང་། །རླུང་ཙམ་གཅིག་པུས་རྨོངས་པའོ། །ཀུན་གཞིའི་རྣམ་ཤེས་བཀུག་ནས་ནི། །བག་ཆགས་ནང་དུ་རྣམ་པར་སྤྱོད། །བག་ཆགས་ཀྱིས་ནི་རྣམ་ཤེས་བཟུང་། །བག་ཆགས་དང་འདྲེས་རིམ་པ་ལས། །ནང་གི་བག་ཆགས་བགོས་པ་ཡིས། །དེ་རྣམས་ཟླ་མཚན་དུས་སུ་ནི། །མངལ་གྱི་རྩ་ལ་འཇུག་པ་ན། །རྡོ་རྗེ་ཁུ་ཁྲག་ཞུ་ཐིག་ལེ། །འདྲེས་པ་རུ་ནི་གྱུར་པ་དང་། །ཀུན་གཞི་ལས་ནི་རྣམ་ཤེས་སྐྱེ། །ཇི་ལྟར་ཆང་རོས་མྱོས་པ་བཞིན། །ཀུན་གཞི་རྣམ་ཤེས་བག་ཆགས་ལས། །རྣམ་པར་ཤེས་པའི་རྒྱུན་ནི་སྐྱེ། །ཉོན་མོངས་ཅན་ནི་སྲོག་རླུང་ཉིད། །སྐད་ཅིག་གཅིག་ལ་ཡང་དག་འགྲོ། །ཐོག་མར་འཕོ་བའི་དུས་སུ་ནི། །ཉ་ཡི་རྣམ་པ་ལྟ་བུར་གྱུར། །ཞེས་པ་ནས། དེ་རྗེས་འཕོ་བ་བཅུ་པ་ལ། །ལྷ་སྦྱིན་རླུང་གིས་གཞུ་རྒྱལ་སྤྲོ། །ཞེས་པའི་བར་དུ་འཕོ་བ་གཉིས་པ་ལ་སྲོག་ལས་ཐུར་སེལ་འཕྲོས་ནས་རུས་སྦལ་ལྟར་གྱུར་བ་དང་། འཕོ་བ་གསུམ་པ་ལ་ཐུར་སེལ་ལས་གྱེན་རྒྱུ་འཕྲོས་ནས་ཕག་རྒོད་འདྲ་བའི་གཟུགས་དང་། དེའི་འགྱུར་བ་ལས་བཞི་པ་ལ་སེང་གེའི་རྣམ་པ་ལྟ་བུ་དང་། འཕོ་བ་ལྔ་པ་ལ་གྱེན་རྒྱུ་ལས་མེ་མཉམ་འཕྲོས་ནས་མིའུ་ཐུང་གི་རྣམ་པར་གྱུར་པ་དང་། འཕོ་བ་དྲུག་པ་ལ་མེ་མཉམ་ལས་ཁྱབ་བྱེད་འཕྲོས་ནས། ལུས་འགུལ་བ་དང་། འདར་བར་བྱེད་ཅིང་མིག་གཉིས་ས་ཁམས་ཀྱི་རང་བཞིན་ཆགས་པ་དང་། འཕོ་བ་བདུན་པ་ལ་ཁྱབ་བྱེད་ཀྱི་རླུང་གིས་ཀླུའི་རླུང་སྤྲོས་ནས། ཆུ་ཁམས་ཀྱི་རྣ་བུག་དོད་པ་དང་། འཕོ་བ་བརྒྱད་པ་ལ་ཀླུ་ལས་རུས་སྦལ་སྤྲོས་ནས་མེ་ཁམས་ཀྱི་སྣ་བུག་དོད་པར་བྱེད་པ་དང་། འཕོ་བ་དགུ་པ་ལ་རུས་སྦལ་ལས་རྩངས་པ་སྤྲོས་ནས་ཚོར་བ་མྱོང་བ་དང་། རྩངས་པ་ལས་ཀྱང་ལྷ་སྦྱིན་གྱི་རླུང་སྤྲོ་བར་བྱེད་དོ། །དེ་ནས་ཟླ་བ་བཅུ་པར་ཕྱིན་པ་ན་ལྷ་སྦྱིན་ལས་ནོར་ལས་རྒྱལ་གྱི་རླུང་སྤྲོས་ནས་སྐྱེས་པ་ན། དྲི་བཅས་ཀྱི་སྤྲུལ་སྐུར་འགྱུར་ཚུལ་བརྟག་གཉིས་དང་མཐུན་པར་གསུངས་པས། རླུང་བཅུ་སྐྱེ་བའི་རིམ་པ་ནི་དེ་ལྟར་ཡིན་ནོ། །གཉིས་པ་ནི། སྡུད་པ་ལོ་ནི་བཅུ་བཅུར་བཤད། །ཅེས་པ་སྟེ། ཚིག་དོན་རླུང་བཅུ་སྡུད་ཚུལ་ནི་སྐྱེས་ཤིང་རྩ་རླུང་རྫོགས་ནས། འཇིག་ཅིང་སྡུད་པ་ནི་ལོ་བཅུ་བཅུར་བཤད་དེ། སྐྱེས་ནས་ལོ་བཅུ་ཚང་བ་ན། ནོར་རྒྱལ་གྱི་རླུང་ནི་ལྷ་སྦྱིན་གྱི་རླུང་དང་སྟོབས་གཅིག་ཏུ་གྱུར་པ་ནས་སྲོག་ལ་ཞུགས་པའི་བར་རྣམས་རྒྱུད་སོ་སོ་ནས་གསུངས་ཚུལ་འོག་སྡུད་རིམ་གྱི་སྐབས་སུ་ཤེས་པར་འགྱུར་རོ། །བཞི་པ་དེ་རྣམས་ལུང་དང་སྦྱར་བ་ལ། རྩ་བ་དགོད། ཚིག་དོན་བཤད་པ། རྒྱུད་སོ་སོའི་ལུང་དང་སྦྱར་བ་དང་གསུམ་ལས། དང་པོ་ནི། འདི་ནི་ཡེ་ཤེས་རྡོ་རྗེ་ལས། །སེམས་ཉིད་འོད་གསལ་ཡེ་ཤེས་རླུང་། །ཀུན་གཞི་མཁའ་སྟེ་ཉོན་ཡིད་བཅས། །འདུ་བྱེད་རླུང་སྟེ་ཚོར་བ་མེ། །འདུ་ཤེས་ཆུ་ལ་གཟུགས་ནི་ས། །རིམ་པས་བསྐྱེད་བྱ་སྐྱེད་བྱེད་གསུངས། ཤེས་པའོ། །གཉིས་པ་ནི། འདི་རྣམས་ཀྱིས་སྐྱེད་ཚུལ་གྱི་རིམ་པ་དང་ཁམས་རྣམས་ནི། གསང་བ་འདུས་པའི་བཤད་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། སེམས་ཉིད་རང་བཞིན་གྱི་འོད་གསལ་བ་ནི། ཡེ་ཤེས་ཀྱི་རླུང་དང་། སྟོང་པ་ཆེན་པོ་དང་། ས་བོན་ཐམས་ཅད་པའི་ཀུན་གཞི་དང་། དེ་ལ་བརྟེན་ཅིང་ཉོན་མོངས་པ་ཅན་དུ་བྱེད་པའི་ཉོན་མོངས་པ་ཅན་གྱི་ཡིད་དང་བཅས་པ་ནི་ནམ་མཁའི་རླུང་དང་། འདུ་བྱེད་ནི་རླུང་གི་རླུང་དང་། ཚོར་བ་ནི་མེའི་རླུང་དང་། འདུ་ཤེས་ནི་ཆུའི་རླུང་དང་། གཟུགས་ནི་སའི་རླུང་དང་། ཐམས་ཅད་ཀྱང་རིམ་པས་བསྐྱེད་བྱ་སྐྱེད་བྱེད་དུ་གསུངས་ཏེ། རིམ་པས་སྣང་བ་སྟེ་འོད་གསལ་སྟོང་པ་ལས་མུན་པ་མ་རིག་པ་འབྲས་བུ་དང་བཅས་པ་འབྱུང་ཞིང་། དེ་ལས་སྣང་བ་མཆེད་པ་ཡུལ་སྣང་འབྱུང་ལ། དེ་ལས་ནི་ཉེར་ཐོབ་ཀྱི་སྣང་བ་འབྱུང་བས་སོ། །གསུམ་པ་ལུང་དང་སྦྱར་བ་ནི། །ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། །བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དྲུག་སྟོང་གིས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་མ་རིག་པ་དང་། སེམས་ལས་བྱུང་བ་དང་། །སེམས་ཞེས་བགྱི་བ་ཅི་ལགས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེས་བཀའ་བསྩལ་པ། རིགས་ཀྱི་བུ་ཉོན་ཅིག །ཡེ་ཤེས་གསུམ་རྡོ་རྗེ་ལས་ཡང་དག་པར་བྱུང་བ་དེའི་ཕྱིར་ཡེ་ཤེས་གསུམ་རྡོ་རྗེའི་རང་བཞིན་ནོ། །བྱམས་པས་གསོལ་བ། བཅོམ་ལྡན་འདས་ཡེ་ཤེས་གསུམ་རྡོ་རྗེའི་ངོ་བོ་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཡང་དག་མཐའ་ཟབ་པ། འགག་པ་མེད་པ། སྐྱེ་བ་མེད་པ་དེའི་རྐྱེན་གྱིས་མ་རིག་པ་སྟེ། མ་རིག་པ་ཞེས་བྱ་བ་དང་། སྣང་བ་ཉེ་བར་ཐོབ་པ་དང་། སྟོང་པ་ཆེན་པོའོ། །དེ་ཡང་རྟོགས་པར་དཀའ་བའོ། །ཞེས་མ་རིག་པ་ལས་སེམས་བྱུང་དང་། སེམས་བྱུང་ལས་སེམས། སེམས་སེམས་བྱུང་གི་རང་བཞིན་བདག་མེད་པས་ན། སྣང་མཆེད། ཐོབ་པ། འོད་གསལ་གྱི་རིམ་པ་གསུངས་ཤིང་། ཡང་དེ་ཉིད་ལས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་བ། གང་འོད་གསལ་བ་ལས་བྱུང་བ་རྣམ་པར་ཤེས་པ་དེ་ཉིད་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་ཞེས་བྱ་ལ། དེ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བདག་ཉིད་དེ་ལས་རྟོག་པ་གཉིས་སུ་འགྱུར་ཏེ། བདག་དང་གཞན་དག་ཏུའོ། །རྣམ་པར་ཤེས་པ་དེའི་བཞེན་པ་རླུང་ངོ་། །རླུང་ལས་མེའོ། །མེ་ལས་ཆུའོ། །ཆུ་ལས་སའོ། །དེ་རྣམས་ལས་ཕུང་པོ་ལྔ་དང་། སྐྱེ་མཆེད་དྲུག་དང་། ཡུལ་ལྔ་སྟེ། དེ་དག་ཐམས་ཅད་ནི་རྣམ་པར་ཤེས་པ་དང་འདྲེས་པའོ། །ཞེས་པ་དང་། དུས་འཁོར་བསྡུས་རྒྱུད་ཀྱི་ནང་ལེའི་ཚིགས་བཅད་ཉེར་གཅིག་པར། ཇི་སྐད་དུ། གྲུབ་པ་གཟུགས་ནི་འཛིན་མ་ལ་སྟེ་སྲིད་པ་གསུམ་གྱི་གནས་སུ་ཆུ་ལ་ཡང་ནི་འདུ་ཤེས་གྲུབ། །མེ་ལ་ངེས་པ་ཉིད་དུ་ཚོར་བར་འགྱུར་ཏེ་རླུང་ལ་ཡང་ནི་ཕུང་པོ་འདུ་བྱེད་ཁོ་ནའོ། །རྣམ་ཤེས་ཡེ་ཤེས་བསྲེས་པ་ནམ་མཁའ་དང་བཅས་རྡོ་རྗེ་དག་ལ་གྲུབ་པ་ཉིད་དེ་ལུས་འདི་ལ། །ཁམས་དང་ཕུང་པོ་ལ་སོགས་ཐམས་ཅད་འགྱུར་བ་དག་ཀྱང་རྡུལ་དང་བྱང་ཆུབ་སེམས་སོགས་སྦྱོར་བས་སོ། །ཞེས་གསུངས་པ་རྣམས་ཀྱི་དོན་བཤད་ཟིན་ཏོ། །གཉིས་པ་གནས་བྱེད་ལས་དང་བཅས་པ་བཤད་པ་ལ། །རྩ་བའི་རླུང་ལྔའི་གནས་བྱེད་ལས་དང་བཅས་པ་བཤད་པ། ཡན་ལག་གི་རླུང་ལྔའི་གནས་བྱེད་ལས་དང་བཅས་པ་བཤད་པ། ཐུན་བརྒྱད་དང་སྦྱར་བས་མཇུག་བསྡུ་བ་དང་གསུམ། དང་པོ་ལའང་ལྔ་ཡོད་པ་ལས། དང་པོ་སྲོག་ཆེན་པོའི་རླུང་ལ། གནས་བཤད་པ། རྒྱུ་བའི་དུས། བྱེད་ལས་བསྟན་པ། ལོག་པའི་སྐྱོན། ཁ་དོག་བཤད་པ་དང་ལྔ། དང་པོ་ནི། ད་ལྟ་ལུས་གནས་ལས་བྱེད་པ། །སྤྱིར་ནི་ལུས་རྣམས་ཀུན་ཁྱབ་ཀྱང་། །རྩ་བ་དབུ་མ་སྲོག་རླུང་ནི། །དབུས་གནས་ཀུན་གཞི་བརྟེན་བར་བྱེད། །ཅེས་པ་སྟེ། ད་ལྟ་ལུས་ལ་གནས་ནས་ལས་བྱེད་པ་ཞེས་བརྗོད་པ་ནི། རླུང་ལྔ་ག་ལ་བྱེད་ལས་ཡོད་པར་སྤྱིར་བསྟན་པའོ། །བྱེ་བྲག་སྲོག་རླུང་བཤད་པ་ནི། རླུང་ཐམས་ཅད་ཀྱི་རྩ་བ་དབུ་མ་ལ་གནས་པའི་སྲོག་ཆེན་པོའི་རླུང་ནི། སྤྱིར་བ་སྤུའི་མཐར་ཐུག་པའི་ལུས་རྣམས་ཀུན་ལ་ཁྱབ་ཀྱང་། ཁྱད་པར་དུ་རྩ་དབུ་མ་ལུས་ཀྱི་དབུས་དྲང་ཐད་དུ་གནས་ནས་སྲོག་འཛིན་པ་དང་། གནས་སྐབས་སུ་ཀུན་གཞིའི་ལུས་ལྟ་བུ་བྱེད་ཅིང་། དོན་ལ་ནི་ཁོ་རང་ཀུན་གཞི་ལ་ཕར་བརྟེན་པར་བྱེད་དོ། །ཞེས་པའོ། །གཉིས་པ་ནི། ནམ་མཁའི་མགོན་པོ་ཞེས་བྱ་བ། །འཆི་བའི་ཚེ་ན་ཡང་དག་རྒྱུ། །ཞེས་པ་སྟེ། འདི་ནི་གསང་བ་འདུས་པའི་རྩ་བཤད་ཀྱི་རྒྱུད་དུ་མ་ལས་གསུངས་པའི་ལུང་ཡིན་པས། དེའི་དོན་ནི། དུས་སྦྱོར་ལ་རྒྱུ་བའི་ནམ་མཁའི་རླུང་ཀྱང་ཡོད་མོད་ཀྱི། འདིར་ནམ་མཁའི་མགོན་པོ་ནི་སྲོག་ཆེན་པོ་ཞེས་བྱ་བའི་རླུང་ཡིན་ལ། དེ་རྒྱུ་བའི་དུས་ནི་འཆི་བའི་ཚེ་ན་ཉིན་ཞག་གཅིག་ཏུ་མུན་པ་ཆེན་པོའི་རླུང་དང་ལྷན་ཅིག་ཏུ་རྒྱུ་བར་དུས་འཁོར་ལས་ཀྱང་བཤད་པས། འདིར་དེ་དང་ཡང་མཐུན་པའོ། །ཁ་ཅིག་འདིའི་དོན་མ་གོ་བར། དིང་སང་ནམ་མཁའི་རླུང་ཡང་རྒྱུ་བའི་དུས་འཆི་བའི་ཚེ་ཁོ་ནར་འདོད་པ་ནི། རྒྱུད་འགྲེལ་གྱི་དོན་ལ་མ་སྦྱངས་པའོ། །གསུམ་པ་ནི། ད་ལྟ་བདག་འཛིན་དྲན་པ་བསྐྱེད། །ཅེས་པ་སྟེ། ད་ལྟ་སེམས་ཅན་རྣམས་ཀྱི་རྒྱུད་ལ་སྲོག་གི་རླུང་ཉོན་མོངས་ཅན་གྱི་ཡིད་འདི་ཡོད་པའི་རྒྱུ་མཚན་གྱིས། དེས་བདག་དང་གཞན་དུ་འཛིན་པ་ལ་སོགས་པའི་ཉོན་མོངས་པ་ཅན་གྱི་དྲན་པ་ཐམས་ཅད་བསྐྱེད་པ་ཡིན་པས། འདི་མཉམ་བཞག་ཡེ་ཤེས་ཀྱི་གེགས་ཀྱི་གཙོ་བོར་གསུངས་པ་ཡིན་ནོ། །བཞི་པ་ནི། ལོག་ན་བརྒྱལ་སྨྱོ་འཆི་བར་བྱེད། ཅེས་པ་སྟེ། དེ་དབུ་མ་ལས་གནས་གཞན་དུ་ལོག་ན་དྲན་མེད་དུ་བརྒྱལ་བ་དང་། སྨྱོ་བ་དང་། འཆི་འཕོ་བར་ཡང་བྱེད་པས། མན་ངག་གི་གནད་མ་ཤེས་ན། རླུང་རྩོལ་ཕལ་ཆེར་འཆི་བའི་རྐྱེན་དུ་འགྱུར་བའི་རྒྱུ་མཚན་ཡང་དེ་ཡིན་ནོ། །ལྔ་པ་ནི། ལས་དང་ཡེ་ཤེས་འདྲེས་པར་གནས། །ཁ་དོག་ནམ་མཁའ་ལྟ་བུར་བཤད། །ཅེས་པ་སྟེ། ད་ལྟ་འདི་དང་ལྷན་ཅིག་ཡེ་ཤེས་ཀྱི་རླུང་གསལ་ལ་མི་རྟོག་པ་པྲ་རྣམས་ཀྱི་རང་བཞིན་ལྟ་བུ་དང་འདྲེས་ནས་ཡོད་པས་ན་ལས་དང་ཡེ་ཤེས་འདྲེས་པར་གནས་པ་དང་། དེ་ཡང་ཁ་དོག་མེད་པའི་ཁ་དོག་ཅན་ཡིན་པས་ན། ཁ་དོག་ནམ་མཁའ་ལྟ་བུར་དུས་འཁོར་ལ་སོགས་པའི་རྒྱུད་འགྲེལ་ཚད་ལྡན་རྣམས་ལས་བཤད་ཅེས་པའོ། །གཉིས་པ་ཐུར་སེལ་ལའང་གནས་དང་བྱེད་ལས་དང་སྐྱོན་རྣམས་སུ་ཡོད་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཐུར་སེལ་འོག་ཏུ་གསུམ་འདུས་ནས། འོག་འགྲོ། ཞེས་པ་དང་། དངས་སྙིགས་འབྱིན་སྡོམ་བྱེད། །དུང་ཅན་ནང་གནས་བདེ་བའི་ཁམས། ཤེས་པ་དང་། ལོག་ན་སྨད་ཀྱི་ནད་བསྐྱེད་བྱེད། །ཅེས་པའོ། །གཉིས་པ་ནི། དེ་ལ་ཐུར་སེལ་གྱི་རླུང་ནི། འོག་ཏུ་རྩ་གསུམ་འདུས་མདོ་མན་ཆད་ཀྱི་དབུ་མ་དུང་ཅན་མ་ལ་གནས་ནས་འོག་ཏུ་འགྲོ་ཞིང་། གཤང་གཅི་ཁུ་ཁྲག་ལ་སོགས་པའི་དངས་མ་དང་སྙིགས་མ་རྣམས་འབྱིན་པ་དང་སྡོམ་པའི་བྱ་བ་རྣམས་བྱེད་ཅིང་། བདེ་བའི་ཁམས་བསྐྱེད་པར་བྱེད་ལ། དེ་ལོག་ན་ནི་རྩ་ཆུ་འགག་པ་ལ་སོགས་པ་སྨད་ཀྱི་ནད་ཐམས་ཅད་བསྐྱེད་པར་བྱེད་དོ། །ཞེས་སོ། །གསུམ་པ་གྱེན་རྒྱུ་ལ་ཡང་དེ་བཞིན་དུ་གསུམ་ལས། དེ་དག་ལ་རྩ་ཚིག་གཉིས། དང་པོ་ནི། གྱེན་རྒྱུ་མེ་མཚམས་རྩ་ལས་བྱུང་། །ཞེས་པ་དང་། མགྲིན་པའི་གནས་སུ་ལས་ཀུན་བྱེད། །ལུས་ངག་གླུ་གར་སོགས་རྣམས་ཡིན། །ཞེས་པ་དང་། ལོག་ན་སྟོད་ནད་ཕལ་ཆེར་བསྐྱེད། །ཅེས་པ་རྣམས་སོ། །གཉིས་པ་ནི། དེ་ལ་གྱེན་རྒྱུ་ནི་ལུས་ཀྱི་མེ་མཚམས་ཀྱི་རྩ་ལ་གནས་ཤིང་སྟོད་དུ་མགྲིན་པའི་གནས་སུ་ལས་ཀུན་བྱེད་དེ། ལུས་ངག་གི་གླུ་གར་ལ་སོགས་པ་དང་། ངག་གི་བརྗོད་པ་ཐམས་ཅད་བྱེད་པ་རྣམས་ཡིན་ནོ། །ཞེས་པའོ། །བཞི་པ་མཉམ་གནས་ལ་ཡང་སྔ་མ་བཞིན་གསུམ་ལས། དེ་དག་ལའང་རྩ་ཚིག་གཉིས་ལས། དང་པོ་ནི། མེ་མཉམ་མདུན་ཕྱོགས་རྩ་ལས་བྱུང་། །ཞེས་པ་དང་། ཕོ་བར་ཟུག་སྟེ་དངས་སྙིགས་འབྱེད། །ལུས་ཀུན་དུ་ཁྱེར་ཞེས་པ་དང་། ལོག་གྱུར་ན། སྦོ་འཁྲོག་འཁྲུ་དང་མ་རུངས་བྱེད། །ཅེས་པའོ། །གཉིས་པ་ནི། མཉམ་གནས་ཀྱི་རླུང་ནི། མདུན་ཕྱོགས་ཀྱི་རྩ་ལས་བྱུང་སྟེ་རྩའི་རྩེ་མོ་ཕོ་བར་ཟུག་པས། བྱེད་ལས་ནི། ཟས་ཐམས་ཅད་བཞུ་ནས་དངས་སྙིགས་འབྱེད་དེ། དངས་མ་རྣམས་ལུས་ཀྱི་རྩ་གནས་ཀུན་དུ་ཁྱེར་ནས་ལུས་གསོ་བར་བྱེད་པའོ། །གལ་ཏེ་དེ་ལོག་པ་སྟེ་གནས་གཞན་དུ་རྒྱུ་ན། ལུས་སྦོས་པ་དང་། ཁོང་དུ་འཁྲོག་པ་དང་། འཁྲུ་བ་ལ་སོགས་པ་ཟས་མི་འཕྲོད་པའི་ནད་ཐམས་ཅད་བསྐྱེད་པར་བྱེད་དོ་ཞེས་པའོ། །ལྔ་པ་ཁྱབ་བྱེད་ལ་ཡང་སྔར་ལྟར་གསུམ་སྟེ། དེ་དག་ལ་རྩ་ཚིག་གཉིས་ལས། དང་པོ་ནི། ཁྱབ་བྱེད་གཡས་ནས་རོ་མ་དང་། །འབྲེལ་ནས་ལུས་ཚིགས་ཀུན་ལ་ཁྱབ། །ཅེས་པ་དང་། ལུས་ཀྱི་སྟོབས་བྱེད་ཅེས་པ་དང་། དེ་ལོག་པས། ཡན་ལག་ཞ་རེངས་ནད་ཀུན་བྱེད། །ཅེས་པའོ། །གཉིས་པ་ནི། དེ་ལ་ཁྱབ་བྱེད་ཅེས་པ་ནི། གཡས་རོ་མ་དང་འབྲེལ་ནས་ལུས་ཚིགས་ཀུན་ལ་ཁྱབ་ཅིང་། ལུས་ཀྱི་སྟོབས་འདེགས་པ་དང་འཇོག་པ་ལ་སོགས་པ་ལ་མཐུ་དང་ལྡན་པར་བྱེད་དོ། །གལ་ཏེ་དེ་གཞན་དུ་ལོག་ན་ཡན་ལག་ཞ་བ་དང་རེངས་པ་ལ་སོགས་པའི་ཡན་ལག་གི་ནད་ཐམས་ཅད་བྱེད་དོ། །ཞེས་པའོ། །གཉིས་པ་ཡན་ལག་གི་རླུང་ལྔ་གནས་བྱེད་ལས་དང་བཅས་པ་བཤད་པ་ལ། གནས་བཤད་པ་དང་། བྱེད་ལས་སོ་སོར་བསྟན་པ་གཉིས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། བདེན་བྲལ་རྒྱབ་ཕྱོགས་རླུང་མཚམས་དང་། །གཡོན་ཕྱོགས་དབང་ལྡན་རིམ་པ་ལྟར། །ཀླུ་སོགས་ཡན་ལག་རླུང་ལྔ་སྟེ། །ཞེས་པའོ། །གཉིས་པ་ཚིག་གི་དོན་ནི། །སྤྱན་རས་གཟིགས་འགྲེལ་ལས། དེ་ལ་སྲོག་ནི་སྟེང་དུ་འབབ་པའོ། །ཐུར་སེལ་ནི་ལྟེ་བའི་འོག་ཏུ་འབབ་པའོ། །མཉམ་གནས་ནི་ཤར་གྱི་འདབ་མའི་རྩ་སྣར་མ་ལ་ལྷག་པའི་ལྷའོ། །གྱེན་རྒྱུ་ནི་མེའི་འདབ་མར་རྩ་ལག་ལྡན་གྱི་ལྕེའོ། །ཁྱབ་བྱེད་ནི་ལྷོའི་འདབ་མར་རྩ་དམར་སེར་ལའོ། །ཀླུ་ནི་བདེན་བྲལ་གྱི་འདབ་མར་རྩ་རྒྱལ་ལའོ། །རུས་སྦལ་ནི་ཆུའི་འདབ་མར་རྩ་རྒྱལ་བ་ལའོ། །རྩངས་པ་ནི་རླུང་གི་འདབ་མར་རྩ་ཨ་ལྃ་བུ་ཥའོ། །ལྷ་སྦྱིན་ནི་བྱང་གི་འདབ་མར་རྩ་ཨི་ཊ་ལའོ། །ནོར་ལས་རྒྱལ་ནི་དབང་ལྡན་གྱི་འདབ་མར་རྩ་ཀུ་ཧཱ་ལའོ། །སྲོག་ནི་རྩ་སུ་ཤུ་མ་ན་ལའོ། །ཐུར་སེལ་ནི་ཕྱོགས་ཀྱི་གྲངས་དུང་ཅན་མ་གང་གིས་བྱང་ཆུབ་ཀྱི་སེམས་ཟག་པར་བྱེད་པ་དེ་ལ་ལྷག་པའི་ལྷའོ། །ཞེས་པ་དེ་ལྟར་རླུང་རྣམ་པ་བཅུ་ནི་རྩའི་འཁོར་ལོ་ལ་ལས་ཀྱི་དབྱེ་བས་ཡང་དག་པར་གནས་སོ། །སྲོག་ལ་སོགས་པ་འདི་དག་ཐམས་ཅད་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་རྣམས་ལ་ཁྱབ་པ་སྟེ། འོན་ཀྱང་གནས་བརྒྱད་ནས་རླུང་བརྒྱད་སྐྱེ་བའི་ཕྱིར། དེ་དང་དུང་ཅན་མཐའ་ཡང་ཨི་ཊ་ལ་སོགས་རང་གི་སྙིང་གའི་འདབ་མ་རྩའི་འཁོར་ལོ་མཐའ་དག་གོ་ཞེས་པ་མཉམ་གནས་ལ་སོགས་པ་རྣམས་ཀྱི་སྐྱེ་བའི་གནས་ཏེ་སྙིང་གའི་འཁོར་ལོའི་ངེས་པའོ། །ཞེས་གསུངས་པ་རྣམས་ཀྱི་དོན་ཡིན་ནོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཀླུ་ཡིས་གཟུགས་འཛིན་ལུས་སྒེག་བྱེད། །རུས་སྦལ་སྒྲ་འཛིན་རྐང་ལག་བསྐྱོད། །རྩངས་པ་དྲི་འཛིན་ཁྲོ་འཁྲུག་བྱེད། །ལྷ་སྦྱིན་རོ་འཛིན་གླལ་བར་བྱེད། །ནོར་རྒྱལ་རེག་འཛིན་ལུས་འདི་ལ། །ཤི་ནས་མ་འཐོར་བར་དུ་གནས། །ཤེས་པའོ། །གཉིས་པ་ནི། ཀླུའི་རླུང་ནི་སྙིང་དབུས་ཟུག་ཅིང་། རྩ་གསུམ་བསྐོར་མ་ལ་བརྟེན་ནས་གཟུགས་འཛིན་པ་དང་། ལུས་སྒེག་པ་ལ་སོགས་པའི་བྱ་བ་བྱེད་དོ། །རུས་སྦལ་ནི་རྩ་འདོད་མ་ལ་བརྟེན་ནས་སྒྲ་འཛིན་པ་དང་། རྐང་ལག་བསྐྱོད་པ་ལ་སོགས་པའི་བྱ་བ་བྱེད་དོ། །རྩངས་པ་ནི་རྩ་ཁྱིམ་མ་དང་འབྲེལ་ནས་དྲི་འཛིན་པ་དང་། ཁྲོ་བ་དང་འཁྲུག་པའི་བྱ་བ་བྱེད་དོ། །ལྷ་སྦྱིན་ནི་རྩ་གཏུམ་མོ་ལ་བརྟེན་ནས་རོ་འཛིན་པ་དང་། གླལ་བ་དང་འཕྱར་བ་ལ་སོགས་པའི་བྱ་བ་བྱེད་དོ། །རྩ་འདི་བཞི་ནི་སྙིང་གའི་རྩ་འདབ་ཡིན་ཀྱང་སྣ་མོ་ནི་མིག་རྣ་སྣ་ལྕེའི་དབང་པོ་གཟུགས་ཅན་བཞི་དང་འབྲེལ་བས་གཟུགས་འཛིན་པ་ལ་སོགས་པའི་བདག་རྐྱེན་བྱེད་པ་ཡིན་ནོ། །དབང་པོ་གཟུགས་ཅན་པ་རྣམས་དང་། ཡན་ལག་གི་རླུང་གཞན་ནི་འཆི་འཕོ་བ་ན་རགས་པ་ཐིམ་པའི་ཚེ་ན་འགག་པ་ཡིན་ལ། ནོར་ལས་རྒྱལ་ནི་རྩ་བདུད་བྲལ་མ་ལ་བརྟེན་ནས་རེག་བྱའི་ཕྱོགས་གཅིག་འབྱུང་གྱུར་འཇམ་རྩུབ་ལ་སོགས་པ་འཛིན་ཞིང་ཤི་ནས་ལུས་དང་ཡན་ལག་སོ་སོར་མ་འཐོར་བར་དུ་གནས་ཏེ། གང་དུ་ཁམས་གཅིག་ཡོད་པ་དེ་ན་ལྔའི་བདག་ཉིད་དུ་གནས་པའི་དོན་ནོ། །ཞེས་པ་རང་འགྲེལ་ལས་གསུངས་པས། དེ་སྲིད་དུ་དེའི་རྟེན་དུ་གྱུར་པའི་རྩ་རོ་མ་ཡང་གནས་དགོས་སམ་སྙམ། དུས་འཁོར་ལས་ནི། ཤི་བའི་ལུས་ལ་ཡང་མི་གཏོང་ཞེས་པ་ཙམ་མ་གཏོགས་གཞན་གསལ་ཁ་མ་གསུངས། འགྱུར་ལ་ལར་ཤི་བའི་ལུས་ལའང་ཞག་གཅིག་མི་གཏོང་བར་བཤད་ཀྱང་། རང་ལུགས་འགྲེལ་པ་ལྟར་རོ། །གསུམ་པ་དེ་ཐམས་ཅད་ཐུན་བརྒྱད་ཀྱི་རང་བཞིན་དུ་སྦྱར་བས་མཇུག་བསྡུ་བ་ནི། ད་ལྟ་ཐུན་བརྒྱད་རང་བཞིན་ཏེ། །འདི་རྣམས་གཙོ་བོ་བསྟན་པ་ཡིན། །ཞེས་པ་སྟེ། རླུང་འདི་རྣམས་ནི་ད་ལྟ་ཉིན་མཚན་གྱི་ཐུན་ཆེན་པོ་བརྒྱད་ཀྱི་རང་བཞིན་ཏེ། ཉིན་མཚན་གྱི་ཆུ་ཚོད་དང་ཐུན་ལ་སོགས་པ་ཐམས་ཅད་ནི། རླུང་འདི་རྣམས་ཀྱི་རྒྱུ་ཚུལ་དང་གྲངས་ལ་བརྟེན་ནས་གཙོ་བོར་ཐུན་དང་དུས་སྦྱོར་ལ་སོགས་པ་བསྟན་པ་ཡིན་ནོ། །དེ་ཡང་ཐུན་གྱི་ཚད་ནི། ཞག་གཅིག་གི་ཆུ་ཚོད་དྲུག་ཅུ་ལ་བརྒྱད་ཀྱིས་བགོས་པའི་ཐོབ་ནོར་གྱི་གྲངས་ཡིན་ནོ། །དེ་ཡང་ཐབས་ཤེས་སོ་སོར་ཕྱེ་ན། ཉིན་མོ་བརྒྱད་དང་མཚན་མོ་བརྒྱད་དུ་འགྱུར་ཚུལ་དུས་འཁོར་དང་དབྱངས་འཆར་གཉིས་ཀ་ལས་གསལ་བར་གསུངས་ཚུལ་དང་། སྙིང་གའི་འཁོར་ལོའི་རྩ་འདབ་དང་རླུང་དང་ཐུན་བརྒྱད་སྦྱོར་ཚུལ་ལུང་མང་དུ་ཡོད་ཀྱང་། རེ་ཞིག་གོང་དུ་བཤད་ཟིན་པ་དང་། ཡི་གེ་མངས་ཀྱིས་དོགས་པས་མ་བྲིས་སོ། །གསུམ་པ་ཕྱི་ནང་དུ་རྒྱུ་བའི་རིམ་པ་བྱེད་ལས་དང་བཅས་པ་བཤད་པ་ལ། དུས་ཀྱི་འཁོར་ལོ་ནས་གསུངས་ཚུལ་བསྡུས་ཏེ་བརྗོད་པ་དང་། དེ་གསང་བ་འདུས་པའི་ལུང་དང་མི་འགལ་བར་བསྟན་པ་གཉིས། དང་པོ་ལ། རྒྱུ་ཚུལ་མདོར་བསྟན་པ། རྒྱས་པར་བཤད་པ། རྟེན་འབྲེལ་གྱི་འཆར་ཚུལ་ཁ་འཕངས་པས་མཇུག་བསྡུ་བ་དང་གསུམ་ལས། དང་པོ་ནི། རྒྱུ་ཚུལ་ཕྱི་ནང་གཉིས་ཡིན་ཏེ། ཞེས་པའོ། །དེ་ཡང་རླུང་རྒྱུ་བའི་ཚུལ་ལ། ཕྱིར་རྒྱུ་ཚུལ་དང་ནང་དུ་རྒྱུ་ཚུལ་གཉིས་ཡོད་ཅེས་པའོ། །གཉིས་པ་ལ། ནང་དུ་རྒྱུ་བའི་ཚུལ་བཤད་པ། ཕྱི་རོལ་ཏུ་རྒྱུ་བའི་ཚུལ་བཤད་པ། ཇི་ལྟར་རྒྱུ་བའི་རིམ་པ་བཤད་པ། རླུང་གི་ཁ་དོག་བཤད་པ། སྟོབས་ཀྱི་ཁྱད་པར་བཤད་པ། རླུང་ཕྱིར་རྒྱུ་བའི་ཚད་བཤད་པ་དང་དྲུག །དང་པོ་ལ། འཁོར་ལོ་བཞིར་རླུང་ཇི་ལྟར་རྒྱུ་བའི་ཚུལ། ཡན་ལག་དང་ཉིང་ལག་གི་ཚིགས་ཀྱི་འཁོར་ལོ་རྣམས་སུ་རླུང་རྒྱུ་བའི་ཚུལ། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་རླུང་རྒྱུ་བའི་ཚུལ། རྩ་དེ་དག་ཏུ་རླུང་འགག་པའི་རིམ་པ་བསྟན་པ། རྩིས་ཀུན་བསྡུས་པར་འགྲེལ་པས་ཁ་འཕང་བ་དང་ལྔ། དང་པོ་ལ། སྙིང་ག །སྤྱི་བོ། མགྲིན་པ། ལྟེ་བའི་འཁོར་ལོར་རླུང་ཇི་ལྟར་རྒྱུ་བའི་ཚུལ། རླུང་ཐམས་ཅད་ཁམས་དང་སྦྱར་བ་དང་ལྔ་ལས། དང་པོ་ནི། སྲོག་རླུང་སྒྲ་གཅན་རང་བཞིན་ནི། །དབུ་མར་རྒྱལ་པོ་ལྟ་བུར་གནས། །ཇི་ལྟར་སྙིང་གའི་འཁོར་ལོ་ལྟར། །འཁོར་ལོ་གཞན་ཡང་དེ་བཞིན་ཏེ། ཞེས་པ་ནི། སྲོག་རླུང་ལ་སྒྲ་གཅན་གྱི་མིང་འཇུག་པའི་རྒྱུ་མཚན་ནི། གོང་དུ་རྩ་དབུ་མ་བཤད་པའི་སྐབས་སུ་བཤད་ཟིན་ལ། དེ་ནི་མངལ་དུ་ཉིང་མཚམས་སྦྱོར་བ་ནས་འཆི་བ་ལ་ཐུག་པའི་བར་དུ་དབུ་མའི་ནང་དུ་རྒྱལ་པོ་ལྟར་གནས་ཤིང་། ལུས་སེམས་ཐམས་ཅད་གནས་པའི་རྟེན་བྱེད་པ་ཡིན་ནོ། །ཇི་ལྟར་སྙིང་གའི་འཁོར་ལོ་ལ་རྩ་བ་དང་ཡན་ལག་གི་རླུང་འབྱུང་བ་བཞིའི་དབྱེ་བས་ཕྱོགས་མཚམས་བརྒྱད་དུ་རྒྱུ་བར་བཤད་པ་དེ་བཞིན་དུ། འཁོར་ལོ་གཞན་ཐམས་ཅད་ལ་ཡང་སྡེ་ཚན་བརྒྱད་དང་། སྟེང་འོག་སྲོག་ཐུར་གཉིས་དང་བཅུ་བཅུ་རྒྱུའོ། །དེ་ལྟར་འཁོར་ལོ་དྲུག་ལ་དྲུག་ཅུ་ཐམ་པའོ། །རྒྱས་པར་ནི་གོང་དུ་རྩ་བ་ཡན་ལག་གི་རླུང་གི་གནས་བཤད་པའི་སྐབས་སུ་ཤེས་པར་བྱའོ། །གཉིས་པ་སྤྱི་བོའི་འཁོར་ལོའི་རྒྱུ་ཚུལ་བཤད་པ་ལ། སྤྱིར་བསྟན་པ། དབུ་མའི་ཆ་བྱེ་བྲག་ཏུ་བཤད་པ། དུས་སྦྱོར་གྱི་རླུང་ཟླ་རྐང་ཉེར་བརྒྱད་དང་སྦྱར་བ་དང་གསུམ་ལས། དང་པོ་ནི། སྤྱི་བོའི་འཁོར་ལོ་སུམ་ཅུ་གཉིས། །ཟླ་བའི་རྐང་པ་དང་མཚུངས་པའི། །རླུང་རྒྱུ་དེ་ཕྱིར་བཅུ་དྲུག་བཤད། །ཅེས་པ་སྟེ། འདི་ཡང་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ལ་སྤྱིར་ནི་རྩ་འདབ་སུམ་ཅུ་རྩ་གཉིས་ཡོད་ཀྱང་། ལུས་ལ་གནས་པའི་ཚེ། ཕྱིའི་རྩ་བཅུ་དྲུག་གི་ནང་ན་ནི་ཁྲག་གཙོ་བོར་འབབ་ལ། ནང་གི་རྩ་བཅུ་དྲུག་ལ་ཟླ་བའི་རྐང་པ་དང་མཚུངས་པའི་རླུང་ཡོན་ཏན་ལྔ་ནས་གཅིག་གི་བར་དུ་ལྡན་པ་དང་། གཅིག་ནས་ལྔའི་བར་དང་ལྡན་པ་འོག་ནས་འཆད་པར་འགྱུར་བ་ལྟར་རྒྱུ་བ་དེའི་ཕྱིར། རླུང་དང་བྱང་ཆུབ་ཀྱི་སེམས་རྒྱུ་བའི་རྩ་འདབ་བཅུ་དྲུག་པའི་སྤྱི་བོའི་འཁོར་ལོ་དུས་འཁོར་ལས་བཤད། ཅེས་པའོ། །གཉིས་པ་ནི། གཉིས་ནི་སྟོང་པའི་རང་བཞིན་ཏེ། །ཞེས་པ་སྟེ། འདི་ནི་སྤྱན་རས་གཟིགས་ཀྱིས་ཇི་སྐད་དུ། སྨིན་མའི་དབུས་སུ་འདབ་མ་བཅུ་དྲུག་རྣམས་ལ་འདབ་མ་གཉིས་ནི་སྟོང་པ་འབབ་པའོ། །ཞེས་གསུངས་པ་ལྟར། འདབ་མ་གཉིས་ལ་ནི་སྟོང་པ་ཡེ་ཤེས་ཀྱི་རླུང་ཁོ་ན་འབབ་པའོ། །གསུམ་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། གཞན་དག་བཅུ་བཞི་རིམ་པ་ལྟར། ལྔ་པ་གསུམ་དང་བཞི་པ་གཅིག །གསུམ་གཉིས་གཅིག་ནི་རིམ་བཞིན་རྒྱུ། །ཕྱི་མའི་རྩ་བདུན་རིམ་པ་བཟློག །དེ་དག་ཡོན་ཏན་རིམ་པ་ཡིས། །དབྱུག་གུ་ཉེར་བརྒྱད་སྟོང་པ་བཞི། །སྤྱིར་ནི་ཞག་གཅིག་སུམ་ཅུ་གཉིས། །ཡུད་ཙམ་བདག་ཉིད་ཡིན་པར་བརྗོད། ཅེས་པའོ། །གཉིས་པ་ནི། རྩ་བཅུ་དྲུག་པོ་དེ་དག་ལས་དབུ་མའི་ཆ་གཉིས་མ་གཏོགས་གཞན་དག་བཅུ་བཞི་པོ་རྣམས་ལ་ནི་རིམ་པ་ལྟར་དུ་དུས་སྦྱོར་གྱི་རླུང་དང་བྱང་ཆུབ་ཀྱི་སེམས་རྒྱུ་བའི་ཚུལ་ནི། གཡོན་ཕྱོགས་ཀྱི་དཔྲལ་བ་ནས་གཡོན་དུ་བསྐོར་བའི་རྩ་དང་པོ་གསུམ་ལ། གཟུགས་སྒྲ་དྲི་རོ་རེག་བྱའི་ཡོན་ཏན་ལྔ་ལྔ་དང་ལྡན་པའི་རླུང་གསུམ་དང་། དེའི་བཞི་པར་གཟུགས་སྤངས་ནས་ཡོན་ཏན་བཞི་དང་ལྡན་པའི་རླུང་གཅིག་དང་། ལྔ་པ་ལ་གཟུགས་སྒྲ་སྤངས་ནས་གསུམ་དང་ལྡན་པའི་རླུང་དང་། དྲུག་པ་ལ་གཟུགས་སྒྲ་དྲི་གསུམ་སྤངས་ནས། །རོ་རེག་གི་ཡོན་ཏན་གཉིས་དང་ལྡན་པའི་རླུང་དང་། བདུན་པ་ལ་རེག་བྱ་གཅིག་པུའི་ཡོན་ཏན་དང་ལྡན་པའི་རླུང་རྒྱུ་བས་སྔ་རྐང་དང་། བརྒྱད་པ་ལྟག་ཁུང་དུ་གནས་པའི་སྟོང་པའི་རྩ་གཅིག་ནི་རྐང་མཚམས་སོ། །དེ་ནས་ཕྱི་མའི་རྐང་པའི་རྩ་བདུན་ནི་རིམ་པས་གཡས་ནས་དཔྲལ་བའི་བར་དུ་བཟློག་སྟེ། རྩ་དགུ་ལ་ཡོན་ཏན་གཅིག་དང་ལྡན་པའི་རླུང་དང་། དེ་བཞིན་དུ་བཅུ་པ་དང་། བཅུ་གཅིག་པ་དང་། བཅུ་གཉིས་པ་དང་། བཅུ་གསུམ་པ་དང་།བཅུ་བཞི་པ་དང་། བཅོ་ལྔ་པའི་བར་དུ་རིམ་བཞིན། ཡོན་ཏན་གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། ལྔ་དང་། ལྔ་རྣམས་དང་ལྡན་པའི་རླུང་རྒྱུ་བ་སྟེ། བཅུ་དྲུག་པ་ནི་རྐང་མཚམས་དང་། སྟོང་པ་ཡེ་ཤེས་ཀྱི་ཁམས་རྒྱུ་བའོ། །དེ་དག་ནི་ཐབས་ཤེས་སྡོམས་ནས་བཅུ་དྲུག་ཏུ། དུས་འཁོར་ལས་བཤད་པའི་དབང་དུ་བྱས་ཀྱི། སོ་སོར་ཕྱེ་ན། ཞག་གཅིག་ལ་སུམ་ཅུ་སོ་གཉིས་རྒྱུ་བ་ཡིན་ལ། རིམ་པ་གཉིས་སུ་བྱས་ནས་ནང་རིམ་ལ་སྔ་རྐང་དང་ཕྱི་རྐང་། ཕྱི་རིམ་ལ་སྔ་རྐང་དང་ཕྱི་རྐང་གི་ཚུལ་སྔར་ལྟར་ཤེས་པར་བྱའོ། །སྤྱིར་ནི་ཐབས་ཤེས་ཀྱི་དབྱེ་བས་ཞག་གཅིག་ལ་སོ་གཉིས་རྒྱུ་བ་དེ་དག་ལས། དུས་སྦྱོར་ལས་རླུང་གི་དབང་དུ་བྱས་པའི་དབྱུག་གུ་ཉེར་བརྒྱད་རྒྱུ་སྐར་དང་མཐུན་པར་རྒྱུ་ལ། བཞི་པོ་ནི་སྟོང་པ་དབུ་མའི་ཆ་ཡིན་ནོ། །དེ་ཡང་ཞག་གཅིག་གི་ཆུ་ཚོད་དྲུག་བཅུ་ལས་ཆུ་ཚོད་གཉིས་གཉིས་སྡོམས་ན་ཡུད་ཙམ་སུམ་ཅུའི་བདག་ཉིད་ཡིན་ཀྱང་ཆུ་སྲང་ང་དྲུག་རྐང་བཅས་ལ་ཆུ་ཚོད་གཅིག་ཏུ་བྱས་པའི་ཞག་གཅིག་ལ་ཆུ་ཚོད་དྲུག་ཅུ་རེ་བཞི་ཡུད་ཙམ་སུམ་ཅུ་སོ་གཉིས་སུ་བརྗོད་དོ། །འདི་དག་ནི་ཇི་སྐད་དུ། དུས་འཁོར་འགྲེལ་ཆེན་ལས། འདབ་མ་བཅུ་བཞི་ལ་འབྱུང་དང་འབྱུང་བ་མདའ་ཞེས་པ་ལ་སོགས་པས་ཟླ་བའི་རྐང་པ་བཅུ་བཞི་རྣམས་སོ། །དེ་ལ་དང་པོའི་འདབ་མ་ལ་འབྱུང་བ་ཞེས་པ་ཆུ་ཚོད་ལྔའི་བདག་ཉིད་ཀྱི་རྐང་པ་སྟེ་དེ་བཞིན་དུ་གཉིས་པ་དང་གསུམ་པ་ལའོ། །ཞེས་སོགས་ཀྱི་དོན་ནོ། །ཆོས་རྗེ་བུའི་བཞེད་པ་ལྟར་ན། ཟླ་རྐང་དང་པོ་གསུམ་ས་ཡིན་པས་དེ་ལ་དོན་ལྔའི་ཡོན་ཏན་དང་ལྡན་ལ། ལྔ་པ་གསུམ་འོང་བའི་རྒྱུ་མཚན་ཡང་ས་ལ་རྡུལ་མུན་སྙིང་སྟོབས་གསུམ་ཡོད་པའི་དོན་ནོ། །བཞི་པ་ཆུ་ཡིན་པས་དྲི་མ་གཏོགས་བཞི་དང་། ལྔ་པ་མེ་ཡིན་པས་དེ་ལ་གཟུགས་དྲི་མ་གཏོགས་གསུམ་དང་། དྲུག་པ་རླུང་ཡིན་པས་དེ་ལ་རོ་གཟུགས་དྲི་གསུམ་མ་གཏོགས་གཉིས་དང་། བདུན་པ་ནམ་མཁའི་ཡོན་ཏན་ཡིན་པས་དེ་ལ་སྒྲ་གཅིག་པུ་ལས་མེད་པའི་དོན་དུ་བཞེད་དོ། །གསུམ་པ་མགྲིན་པར་རྒྱུ་ཚུལ་ལ། སྤྱིར་བསྟན་པ། སྟོང་པའི་ཆ་ངོས་བཟུང་བ། དུས་སྦྱོར་གྱི་རླུང་རྒྱུ་སྐར་དང་སྦྱར་བ། རྒྱུད་གཞན་ནས་ཀྱི་རྣམ་གྲངས་བཀོད་པ་དང་བཞི་ལས། དང་པོ་ནི། མགྲིན་པར་རྩ་ནི་བཅུ་དྲུག་པོ། །ཐབས་ཤེས་དབྱེ་བས་སུམ་ཅུ་གཉིས། །ཤེས་པའོ། །འདི་ནི་རྒྱུད་གཞན་བདེ་དགྱེས་འདུས་པ་སོགས་ལས། མགྲིན་པ་ལ་རྩ་འདབ་བཅུ་དྲུག་བཤད་ཡོད་ལ། དུས་འཁོར་ལས་ཐབས་བཅུ་དྲུག་དང་ཤེས་རབ་བཅུ་དྲུག་སོ་སོར་ཕྱེ་བས་སུམ་ཅུ་རྩ་གཉིས་སུ་བཤད་པའོ། །གཉིས་པ་ནི། དེ་ལ་བཞི་ནི་སྟོང་པ་རྒྱུ། །ཞེས་པ་སྟེ། དེ་དག་གི་ནང་ནས་མཚམས་ཀྱི་རྩ་བཞི་ནི་སྟོང་པ་ཡེ་ཤེས་ཀྱི་ཆ་རྒྱུ་བས་སོ། །གསུམ་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། གཞན་དག་ཕྱོགས་བཞིར་བདུན་བདུན་དུ། །རྒྱུ་སྐར་ལོངས་སྤྱོད་དང་མཚུངས་རྒྱུ། །ཞེས་པའོ། །གཉིས་པ་ནི། སོ་གཉིས་པོ་དེ་ལས་སྟོང་པའི་ཆ་བཞི་མ་གཏོགས་པའི་གཞན་ཉེར་བརྒྱད་པོ་དག་ལ་ཕྱོགས་བཞིར་རྩ་བདུན་བདུན་ཏེ་ཉི་ཤུ་རྩ་བརྒྱད་ལ་རྒྱུ་སྐར་ཉེར་བརྒྱད་ཀྱི་ལོངས་སྤྱོད་དང་མཐུན་པའི་རླུང་རྒྱུ་བ་ཡིན་ཏེ། དེ་སྐད་དུའང་། དུས་འཁོར་འགྲེལ་ཆེན་ལས། ལོངས་སྤྱོད་འཁོར་ལོ་སྟེ་མགྲིན་པའི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་ལ། འདབ་མ་བཞི་ནི་སྟོང་པའོ། །གཞན་འདབ་མ་ཉི་ཤུ་རྩ་བརྒྱད་པོ་རྣམས་ལ། བྱི་ཞིན་དང་བཅས་པའི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ་རྣམས་སུ་འགྱུར་རོ། །དེ་དག་ནི་ཤར་གྱི་ཐུར་མ་བདུན་གྱི་དབུ་མ་ལ་དབུ་མ་གང་ཡིན་པ་ནམ་གྲུའི་མཐར་གཡོན་བསྐོར་གྱིས་ཏེ། གཉིས་པ་ལ་ཐ་སྐར་རོ། །གསུམ་པ་ལ་བྲ་ཉེའོ། །བཞི་པ་ལ་སྨིན་དྲུག་གོ །ཞེས་སོགས་གསུངས་པས་སོ། །བཞི་པ་ནི། གཞན་ནས་འཕོ་བ་བཅུ་དྲུག་བཤད། ཅེས་པ་སྟེ། འདི་ནི་དེ་ལྟར་གྲངས་མི་མཐུན་པས་རྒྱུད་ཕན་ཚུན་འགལ་ལམ་སྙམ་ན། མི་འགལ་ཏེ། གཞན་བདེ་དགྱེས་དང་། གསང་འདུས་སོགས་ནས། མགྲིན་པ་ལ་ཐབས་ཤེས་སྡོམས་ནས་འཕོ་བ་བཅུ་དྲུག་བཤད་ཀྱང་། དུས་འཁོར་ལས། ཐབས་ཤེས་སོ་སོར་ཕྱེ་ནས་སོ་གཉིས་སུ་གསུངས་པའི་ཕྱིར། དོན་ལ་དགོངས་པ་མཐུན་ནོ། །བཞི་པ་ལྟེ་བའི་འཁོར་ལོའི་རྒྱུ་ཚུལ་བཤད་པ་ལ། དུས་སྦྱོར་གྱི་འཕོ་བ་དྲུག་ཅུ་བཤད་པ་དང་། སྟོང་པའི་ཆ་ངོས་བཟུང་བའོ། །དང་པོ་ནི། ལྟེ་བར་རྩ་ནི་དྲུག་ཅུ་བཞི། །།ཁྱིམ་གྱི་དབྱེ་བས་ཕྱེ་བས་ན། །ལྔ་ཚན་བཅུ་གཉིས་དྲུག་ཅུ་སྟེ། །དབྱུག་གུ་དྲུག་ཅུའི་བདག་ཉིད་དོ། །ཞེས་པའོ། །འདིའི་དོན་ནི། སྔར་བཤད་པའི་ལྟེ་བའི་འཁོར་ལོའི་རྩ་འདབ་མ་དྲུག་ཅུ་རྩ་བཞི་པོ་རྣམས་ལ་དུས་སྦྱོར་གྱི་ཁྱིམ་བཅུ་གཉིས་པོ་རྣམས་ཀྱི་དབྱེ་བས་ཕྱེ་བ་ན་ཁྱིམ་རེ་ལ་རྩ་ལྔ་ལྔར་ཕྱེ་བས་ལྔ་ཚན་བཅུ་གཉིས་དྲུག་ཅུ་ཐམ་པར་འགྱུར་ཏེ། དེ་ཡང་འཕོ་ཆུང་དབྱུག་གུ་དྲུག་ཅུ་ཐམ་པའི་བདག་ཉིད་དོ། །ཁྱིམ་སོ་སོའི་རྩ་ནི་སྔར་བཤད་ཟིན་པ་རྣམས་ཡིན་ལ། དེ་དག་ཏུ་རླུང་རྒྱུ་ཚུལ་ནི། ལུག་འཁྲིག་སེང་སྲང་གཞུ་བུམ་པ་སྟེ། གཡས་ཕྱོགས་ནས་རྒྱུ་བ་མི་མཉམ་པའི་ཁྱིམ་དྲུག་ལ། ཁྱིམ་རེ་རེར་རྩ་ལྔ་ལྔའི་ནང་དུ་ས་ཆུ་མེ་རླུང་ནམ་མཁའི་རླུང་འཇིག་རྟེན་སྡུད་པ་དང་མཐུན་པར་སུམ་བརྒྱ་དྲུག་ཅུ་རེ་རེ་རྒྱུའོ། །གླང་ཀར་བུ་སྡིག་ཆུ་ཉ་སྟེ། གཡོན་ཕྱོགས་ནས་རྒྱུ་བ་མཉམ་པའི་ཁྱིམ་དྲུག་ལ། ནམ་མཁའ་རླུང་མེ་ཆུ་སའི་རླུང་འཇིག་རྟེན་བསྐྱེད་པའི་རིམ་པས་སུམ་བརྒྱ་དྲུག་ཅུ་རེ་རེ་རྒྱུ་བ་ནི་གཡས་གཡོན་གྱི་འཕོ་བའི་ལུགས་སོ། །དེ་ཡང་ཞིབ་ཏུ་དཔྱད་ན། གཡས་ཕྱོགས་ཀྱི་ལུག་ལྟ་བུ་ལ་འབྱུང་བ་ལྔའི་རླུང་སུམ་བརྒྱ་དྲུག་ཅུ་ཚན་པ་ལྔ་སྡོམས་པས་སྟོང་དང་བརྒྱད་བརྒྱ་ནི་འཕོ་ཆེན་ཡིན་པས་དེ་རྫོགས་ནས་གཡོན་ཕྱོགས་སུ་གླང་ལྟ་བུའི་ཁྱིམ་དུ་འཕོ། དེར་ཡང་དེ་བཞིན་དུ་རྫོགས་ནས་སླར་ཡང་གཡས་འཕྱོགས་སུ་ཕོ་བའི་ཚུལ་ཞག་གཅིག་ལ་བཅུ་གཉིས་འབྱུང་བ་ནི་ནང་གི་དུས་སྦྱོར་རོ། །འབྱུང་བའི་རླུང་གཅིག་ནས་གཅིག་ཏུ་འཕོ་བ་ལ་འཕོ་ཆུང་གི་ཐ་སྙད་བཏགས་སོ། །དེ་དག་ནི་སྤྱན་རས་གཟིགས་འགྲེལ་ལས། ཇི་སྐད་དུ། ད་ནི་ལྟེ་བ་ཞེས་པ་ལ་སོགས་པས་སྲོག་གི་ནུས་པ་ལྟེ་བ་ལ་སོགས་པའི་འཁོར་ལོར་འཁོར་བ་གསུངས་ཏེ། འདིར། ཕྱི་རོལ་དུ་ཉི་མ་ཁྱིམ་བཅུ་གཉིས་པོ་རྣམས་ལ་ལོའི་འཕོ་བའི་དབྱེ་བས་འཁོར་བ་ཇི་ལྟ་བ་དེ་བཞིན་དུ་ནང་དུ་སྲོག་གི་ནུས་པ་ལ་ཡང་ཁྱིམ་བཅུ་གཉིས་པོ་རྣམས་ལ་ཉིན་ཞག་སོ་སོར་འཕོ་བ་བཅུ་གཉིས་ཀྱི་དབྱེ་བས་འཁོར་རོ། །ཞེས་སོགས་རྒྱ་ཆེར་གསུངས་པ་རྣམས་ཀྱི་དོན་ཕྱིན་ཅི་མ་ལོག་པའོ། །གཉིས་པ་སྟོང་པའི་ཆ་ངོས་བཟུང་བ་ནི། བཞི་ནི་སྟོང་པ་དབུ་མར་རྒྱུ། ཞེས་པ་སྟེ། ལྟེ་བའི་རྩ་འདབ་དྲུག་ཅུ་རྩ་བཞི་ལས། ཕྱོགས་བཞིར་གྱེས་པའི་རྩ་བའི་རྩ་བཞི་ནི་སྟོང་པ་ཡེ་ཤེས་ཀྱི་ཆ་ཁོ་ན་རྒྱུ་ཡི། ལས་རླུང་གི་ཆ་ཤས་ནི་མེད་དོ་ཞེས་པའི་དོན་ནོ། །ལྔ་པ་རླུང་ཐམས་ཅད་ཁམས་དང་སྦྱར་བ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཀུན་ཀྱང་མདུན་ཕྱོགས་ཐམས་ཅད་རླུང་། །གཡས་མེ་གཡོན་ཆུ་རྒྱབ་ཕྱོགས་ས། །མཚམས་དང་བཅས་པ་རགས་པ་ཡིན། །ཞེས་པའོ། །གཉིས་པ་ནི། རྩ་དེ་དག་ཐམས་ཅད་ཀྱི་ཁམས་ཀྱི་རིམ་པ་ཀུན་ཀྱང་། མདུན་ཕྱོགས་ཀྱི་རྩ་ཐམས་ཅད་ནི་རླུང་གི་ཁམས་དང་། གཡས་ཕྱོགས་ཀྱི་ཐམས་ཅད་མེའི་ཁམས་དང་། གཡོན་ཕྱོགས་ཀྱི་ཐམས་ཅད་ཆུའི་ཁམས་དང་། །རྒྱབ་ཕྱོགས་ཀྱི་ཐམས་ཅད་སའི་ཁམས་དང་། མཚམས་དང་བཅས་པ་སྟེ་མེ་མཚམས་རླུང་། བདེན་བྲལ་མེ། རླུང་ས། དབང་ལྡན་ཆུ་སྟེ་འཁོར་ལོའི་དབང་ཕྱུག་ལྷ་ཚོགས་ཀྱི་རྣམ་དག་དང་མཚུངས་པར་བསྟན་པ་ནི་རགས་པ་ཡིན་ཞིང་། དེ་དག་ཐམས་ཅད་ཀྱི་དབུས་ཀྱི་སྟོང་པའི་ཆ་རྣམས་ནི་ཐམས་ཅད་ལ་ཁྱབ་པའི་ནམ་མཁའ་དང་ཡེ་ཤེས་ཀྱི་ཁམས་བདེ་བར་གཤེགས་པའི་སྙིང་པོར་བཤད་ན། དུས་ཀྱི་འཁོར་ལོའི་དགོངས་པ་མཐར་ཐུག་ཏུ་འགྱུར་རོ། །གཉིས་པ་ཡན་ལག་དང་ཉིང་ལག་གི་འཁོར་ལོ་རྣམས་སུ་རླུང་རྒྱུ་ཚུལ་བཤད་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་བཞིན་ཚིགས་ཆེན་བཅུ་གཉིས་ཀྱི། །འཁོར་ལོར་རྒྱུ་བ་སུམ་ཅུ་སྟེ། །ཀུན་ལ་སུམ་བརྒྱ་དྲུག་ཅུའི་སྲོག །ཉིང་ལག་དེ་དང་མཚུངས་པ་ཡིན། །ཞེས་པའོ། །གཉིས་པ་ནི། འཁོར་ལོ་དྲུག་གི་རྩ་རྣམས་སུ། རླུང་རྒྱུ་བ་དེ་བཞིན་དུ་ཚིགས་ཆེན་བཅུ་གཉིས་ཀྱི་འཁོར་ལོ་རེ་རེ་ལ་ཡང་རྩ་སུམ་ཅུ་རེ་ཡོད་པའི་ནང་དུ་རླུང་རྒྱུ་བས་འཁོར་ལོ་རེ་རེ་ལ་ཡང་རླུང་སུམ་ཅུ་རེ་སྟེ། སྡོམས་ན་འཁོར་ལོ་ཀུན་ལ་སུམ་བརྒྱ་དྲུག་ཅུའི་སྲོག་སྟེ། རླུང་གི་གྲངས་སུ་འགྱུར་རོ། །ཉིང་ལག་སོར་མོའི་ཚིགས་རྣམས་ཀྱང་དེ་དང་མཚུངས་པར་སོར་ཚིགས་དྲུག་ཅུ་རེ་རེ་ལ་ཡང་རྩ་འདབ་མ་དྲུག་གིས་བསྒྱུར་བས་སུམ་བརྒྱ་དྲུག་ཅུར་འགྱུར་བའི་ནང་དུ་རླུང་ཡང་སུམ་བརྒྱ་དྲུག་ཅུ་རེ་རྒྱུ་བ་ཡིན་ནོ། །ཞེས་པ་སྟེ། འདི་ཡང་ཇི་སྐད་དུ། དུས་འཁོར་བསྡུས་རྒྱུད་ལས། ནང་ལེའི་ཚིགས་སུ་བཅད་པ་སོ་བདུན་པར། གཟའ་ནི་སྙིང་གའི་པདྨ་ལ་སྟེ་རབ་ཏུ་གསལ་བྱས་ཆུ་ཚོད་དྲུག་ཅུ་ལྟེ་བའི་པདྨ་ལ། སྨིན་མའི་དབུས་སུ་ཉིན་ཞག་རྐང་པ་མ་ནུ་སླར་ཡང་མི་བདག་ལོངས་སྤྱོད་འཁོར་ལོར་སྐར་མའོ། །སླར་ཡང་ལྟེ་བའི་པདྨར་རྒྱུ་སྐར་རྣམས་ཀྱི་ཆུ་ཚོད་རྣལ་འབྱོར་ལྡན་པ་དག་གིས་རིག་པར་བྱ། ཆུ་ཚོད་ཆུ་སྲང་གསལ་བར་མཐའ་དག་ལུས་ལ་ལག་པ་རྐང་པ་ལ་སོགས་དག་གི་ཚིགས་ལའོ། །ཞེས་གསུངས་པས་སོ། །གསུམ་པ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་རླུང་རྒྱུ་ཚུལ་བསྟན་པ་ལ། དཀར་དམར་རླུང་གསུམ་གྱི་རྒྱུ་ཚུལ་མདོར་བསྟན་པ་དང་། སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་རྒྱུ་བའི་རླུང་རྒྱས་པར་བསྟན་པ་གཉིས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ནས་སྟོང་ཕྲག་ཉི་ཤུ་བཞིར། །འགྲོ་བ་དབུ་མའི་བདག་ཉིད་གསུངས། །ཤེས་པ་དང་། དཀར་དམར་གྱིས་ཕྱེ་དེ་དང་མཉམ། །ཞེས་པ་སྟེ། ཕྱི་མ་འདི་ལ་གཞུང་བསྣོལ་ཏེ་བརྗོད་ན། དེ་ནས་སྟོང་ཕྲག་ཉི་ཤུ་བཞིར། །འགྲོ་བ་དཀར་ཆའི་བདག་ཉིད་གསུངས། །དེ་བཞིན་སྟོང་ཕྲག་ཉི་ཤུ་བཞིར། །འགྲོ་བ་དམར་ཆའི་བདག་ཉིད་གསུངས། །ཤེས་བསྣོལ་ན་གཞུང་གོ་བདེ་བར་འགྱུར་རོ། །གཉིས་པ་ནི། གསང་བ་འདུས་པའི་རྒྱུད་འགྲེལ་དང་། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་དགོངས་པར་འབྱུང་བ་ལྔའི་རླུང་ཁོ་ན་རྒྱུ་བར་བྱེད་པའི་རྩ་ཉི་ཁྲི་བཞི་སྟོང་པོ་འདི་ནི་དབུ་མར་ནམ་མཁའ་དང་སྒྲ་གཅན་གྱི་བདག་ཉིད་ཐུགས་རྡོ་རྗེའི་ངོ་བོ་དང་། དམར་ཆ་ཁྲག་ཁོ་ན་འབབ་པ་ཉི་ཁྲི་བཞི་སྟོང་ནི་གསུང་རྡོ་རྗེའི་ངོ་བོ་དང་། དཀར་ཆ་བྱང་ཆུབ་ཀྱི་སེམས་འབབ་པའི་ཉི་ཁྲི་བཞི་སྟོང་ནི་སྐུ་རྡོ་རྗེའི་ངོ་བོར་གསུངས་སོ། །དེ་དག་ཀྱང་དཀར་དམར་རླུང་གསུམ་གཙོ་ཆེ་ཆུང་གི་དབང་དུ་བྱས་པ་ཡིན་གྱི། རླུང་ཅུང་ཟད་ཀྱང་མི་རྒྱུ་ན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་ཐམས་ཅད་དུ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱས་ཁྱབ་པར་གསུངས་པ་དང་འགལ་པའི་ཕྱིར་རོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་། །དེ་ལྟར་ནང་ན་རྒྱུ་བར་འགྱུར། །ཞེས་པའོ། །གཉིས་པ་ནི། རྒྱུད་འགྲེལ་ཚད་ལྡན་ལས། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་རྣམས་སུ་ཞག་གཅིག་གི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལོ་གཅིག་གི་ཆུ་ཚོད་དང་མཐུན་པའི་རླུང་ཕྱི་རོལ་ཇི་ལྟ་བ་དེ་ལྟར་ནང་གི་དུས་སྦྱོར་དུ་རྒྱུ་བར་འགྱུར་ཞེས་པའོ། །འདི་དག་ལ་རྒྱུད་ཀྱི་ལུང་ཟིན་སོ་དཔག་ཏུ་མེད་པ་ཡོད་ཀྱང་ཚིག་མངས་ཀྱིས་དོགས་ནས་མ་བྲིས་སོ། །བཞི་པ་རྩ་དེ་དག་ཏུ་རླུང་འགག་ཚུལ་བསྟན་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། གང་ཚེ་ལུག་སོགས་རྩ་གཅིག་ཏུ། །རླུང་འགགས་དེ་ཚེ་ཕྱོགས་ཀུན་འདྲ། །ཞེས་པའོ། །གཉིས་པ་ནི། གང་གི་ཚེ་ལུས་ཅན་རྣམས་འཆི་བའི་བལྟས་འཆར་བ་དེའི་ཚེ་ན། ལྟེ་བའི་ལུག་ལ་སོགས་པའི་རྩ་འདབ་གང་རུང་གཅིག་ཏུ་རླུང་གི་རྒྱུ་བ་འགགས་པའི་ཚེ་ལུས་ཀྱི་ཕྱོགས་ཀུན་ཏུ་དེ་དང་འདྲ་བར་དེ་དག་དང་འབྲེལ་བའི་རྩ་ཉི་ཤུ་རྩ་བཞི་རྩ་བྲན་དང་བཅས་པ་རྣམས་སུ་ཡང་དེ་ཁོ་ན་བཞིན་དུ་རླུང་འགག་པར་འགྱུར་བ་ཡིན་ཏེ། རྒྱས་པར་འོག་ཏུ་སྡུད་རིམ་གྱི་སྐབས་སུ་འཆད་པར་འགྱུར་རོ། །ལྔ་པ་རྩིས་ཀུན་བསྡུས་པར་འགྲེལ་པས་ཁ་འཕང་བ་ནི། འདི་ལ་དབྱེ་བ་དཔག་མེད་ཀྱང་། །ཕྱི་རོལ་རྩིས་དང་མཚུངས་པ་ཡིན། །ཞེས་པ་སྟེ། འདི་དག་ལ་ནང་གི་གནས་ཚུལ་དང་དེའི་རྟེན་འབྲེལ་གྱི་རྣལ་འབྱོར་པ་ལ་སྣང་བ་འཆར་ཚུལ་དཔག་ཏུ་མེད་ཀྱང་། འདིར་ནི་ཕྱི་རོལ་གྱི་རྩིས་དང་མཚུངས་པར་བཤད་པ་ཡིན་ཏེ། ཕྱི་རོལ་དུ་ལོ་གཅིག་དང་ནང་དུ་ཞག་གཅིག །ཕྱི་རུ་ཟླ་བ་བཅུ་གཉིས་ནི་ནང་དུ་འཕོ་བ་བཅུ་གཉིས། འཕོ་ཆེན་རེ་རེ་ལ་དཀྱིལ་འཁོར་ལྔ་ལྔ་ཡོད་པས་དཀྱིལ་འཁོར་རེ་ལ་རླུང་སུམ་བརྒྱ་དྲུག་བཅུ་རེ་ཆུ་ཚོད་དུ་འགྱུར་ལ། དེ་ལྟ་བུའི་ཆུ་ཚོད་དྲུག་ཅུ་ནི་ཕྱིའི་ཆུ་ཚོད་དྲུག་ཅུ་དང་མཚུངས་སོ། །ཕྱི་རོལ་དུ་ལོ་གཅིག་ལ་ཆུ་ཚོད་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ནི། ནང་དུ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །ནང་དུ་རླུང་དེ་དག་ལ་ཡེ་ཤེས་ཀྱི་ཆ་དྲུག་བརྒྱ་བདུན་ཅུ་རྩ་ལྔ་ཡོད་པ་ནི། ཕྱི་རོལ་དུ་ལོ་གཅིག་ལ་ཞག་བཅུ་གཅིག་དང་བཞི་ཆ་ལྷག་པ་ཡིན་ཏེ། དེའི་ཚུལ་རྒྱས་པར་ནི། རྗེ་ཉིད་ཀྱིས་མཛད་པའི་རྩིས་ཀུན་བསྡུས་པ་ཞེས་བྱ་བའི་བསྟན་བཅོས་དེར་བཤད་ཡོད་པས། དེར་བལྟ་བར་བྱའོ་ཞེས་ཁ་འཕང་བའོ། །གཉིས་པ་ཕྱི་རོལ་དུ་རྒྱུ་བའི་ཚུལ་བཤད་པ་ལ། འཇུག་སྒོ་བསྟན་པ་དང་། རྒྱུ་ཚུལ་བཤད་པ་གཉིས་ལས། དང་པོ་ནི། དེ་ནས་ཕྱི་རོལ་རྒྱུ་བ་བཤད། །བ་སྤུ་དབང་པོའི་སྒོ་ཀུན་ནས། །རྒྱུ་ཡང་ཁྱད་པར་འཇུག་པའི་སྒོ། །ཞེས་པ་སྟེ། ནང་དུ་རྩ་ཐམས་ཅད་དུ་རླུང་རྒྱུ་ཚུལ་བཤད་པའི་རྗེས་དེ་ནས། ཕྱི་རོལ་དུ་རྒྱུ་བའི་རིམ་པ་བཤད་པར་བྱ་སྟེ། དེར་རྒྱུ་བའི་ལམ་ནི་བ་སྤུའི་རྩ་སྒོ་དང་དབང་པོའི་སྒོ་ཀུན་ནས་ཆ་ཤས་ཕྱི་རོལ་དུ་རྒྱུ་ཡང་། ཁྱད་པར་དུ་འབྱུང་གནས་འཇུག་གསུམ་གྱི་སྒོ་ནས་དུས་སྦྱོར་དུ་གཏོགས་པའི་རླུང་འཇུག་པའི་སྒོ་ནི་ཞེས་མདོར་བསྟན་པའོ། །གཉིས་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ལ། དུས་སྦྱོར་གྱི་རླུང་རྒྱུ་ཚུལ་མདོར་བསྟན་པ་དང་། ཡེ་ཤེས་ཀྱི་རླུང་རྒྱུ་ཚུལ་མདོར་བསྟན་པ་གཉིས་ལས། དང་པོ་ལ། རྩ་ཚིག་གཉིས། དང་པོ་ནི། རྩ་ཆེན་གཉིས་བརྒྱུད་སྣ་བུག་ཏུ། །གཡས་པ་ཉི་མ་དུག་གི་རླུང་། །གཡོན་པ་ཟླ་བ་བདུད་རྩི་སྟེ། །ཐབས་དང་ཤེས་རབ་རང་བཞིན་ནོ། །ཞག་རེ་བཞིན་དུ་དེ་ཡི་རླུང་། །ཁྲི་དང་བཞི་བརྒྱ་དྲུག་ཅུ་གཉིས། །ཕྱེད་བཅས་ཉི་ཟླའི་རླུང་དུ་བརྗོད། ཅེས་པའོ། །གཉིས་པ་ནི། ཕྱི་རོལ་དུ་རླུང་རྒྱུ་བའི་ཚེ་ན། རོ་བརྐྱང་གི་རྩ་ཆེན་པོ་གཉིས་ལས་བརྒྱུད་དེ་སྟེང་དུ་སྣ་བུག་གཉིས་ནས། གཡས་པ་ལ་ཉི་མའི་རླུང་སྟེ། སྤྱིར་ལས་གང་ལ་ཡང་མི་བཟང་བས་དུག་གི་རླུང་ཞེས་ཐ་སྙད་བཏགས་ལ། ཐབས་ཀྱི་ཆ་ཡིན་ཀྱང་གསུང་རྡོ་རྗེའི་ངོ་བོ་ཡིན་ནོ། །གཡོན་པ་ནས་ཟླ་བའི་རླུང་བདུད་རྩི་ཞེས་པ་ནི་ལས་གང་ལ་ཡང་བཟང་བས་ན་བདུད་རྩི་ཞེས་པའི་ཐ་སྙད་བཏགས་ལ། ཤེས་རབ་ཀྱི་རང་བཞིན་ཡིན་ཀྱང་ངོ་བོ་ནི་སྐུ་རྡོ་རྗེའོ། །ཞག་རེ་བཞིན་དུ་སྣ་གཉིས་པོ་དེར་ཉི་ཟླ་གཉིས་པོ་དེའི་རླུང་། ཁྲི་བཞི་བརྒྱ་དྲུག་བཅུ་རྩ་གཉིས་ཕྱེད་བཅས་རེ་རེར་བརྗོད་དེ། རྒྱུ་མཚན་ཞག་གཅིག་གི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ། དྲུག་བརྒྱ་བདུན་ཅུ་རྩ་ལྔས་ཕྲི་བའི་ལྷག་མ་ལ་གཉིས་ཀྱིས་བགོས་པའི་ཐོབ་ནོར་གྱིས་ཤེས་སོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། །དེ་གཉིས་དབུས་ནས་རྒྱུ་བའི་རླུང་། །དྲུག་བརྒྱ་བདུན་ཅུ་རྩ་ལྔ་ནི། །སྒྲ་གཅན་མཁའ་དང་ཡེ་ཤེས་ཀྱི། །རླུང་དེ་གཉིས་སུ་མེད་པ་ཐུགས། །དེ་ལ་ངོ་བོའི་དབྱེ་བ་ཡིས། །ས་སོགས་ལྔ་ཡི་བདག་ཉིད་དོ། །ཞེས་པའོ། །གཉིས་པ་ཚིག་དོན་ནི། རླུང་དེ་གཉིས་ཀྱི་དབུས་ནས་རྒྱུ་བའི་དྲུག་བརྒྱ་བདུན་ཅུ་རྩ་ལྔ་ནི་སྟོབས་དང་ལྡན་པའི་ཕྱིར། ཕྱི་རོལ་དུ་སྒྲ་གཅན་དང་། སྟོང་ཞིང་གོ་འབྱེད་པའི་ཕྱིར་ནམ་མཁའ་དང་། དབུ་མ་ལ་འཇུག་ཅིང་ལས་རླུང་གི་གཉེན་པོ་བྱེད་པའི་དོན་གྱིས་ན་ཡེ་ཤེས་ཀྱི་རླུང་སྟེ། དེ་ནི་ཐབས་ཤེས་གཉིས་སུ་མེད་པ་ཐུགས་རྡོ་རྗེའི་རང་བཞིན་དང་། གཡས་པ་ནི་གསུང་གི་རྡོ་རྗེ་དང་། གཡོན་པ་ནི་སྐུ་རྡོ་རྗེའི་རང་བཞིན་ནོ། །དེ་ལ་ངོ་བོ་དང་དབྱེ་བ་ནི་འོག་ནས་སྟོན་པ་ལྟར་ས་ལ་སོགས་པའི་དཀྱིལ་འཁོར་ལྔ་པོ་རེ་རེ་ལ་ཡང་ཡེ་ཤེས་ཀྱི་རླུང་གི་ཆ་ཤས་ཡོད་པས། སོ་གཉིས་ཕྱེད་བཅས་ཀྱི་བདག་ཉིད་དོ། །ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ། དུས་སྦྱོར་གྱི་རླུང་གི་ཚུལ་རྒྱས་པར་བཤད་པ་དང་། ཡེ་ཤེས་ཀྱི་རླུང་རྒྱུ་ཚུལ་རྒྱས་པར་བཤད་པ་གཉིས། དང་པོ་ལ། དུས་སྦྱོར་གྱི་རླུང་རྒྱུ་བའི་ཐོག་མ་ངོས་བཟུང་། དུས་སྦྱོར་བཅུ་གཉིས་ཀྱི་རླུང་རྒྱུ་བའི་རིམ་པ་བཤད། དུས་སྦྱོར་གྱི་རླུང་གི་གྲངས་བསྟན་པ་དང་གསུམ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། སྐྱེ་དུས་མ་དང་འབྲེལ་བའི་རླུང་། །ཆད་ཅིང་དེ་ནས་སྣར་རྒྱུ་བས། །ཀརྐ་ཊ་ཡི་ཁྱིམ་དུ་བཤད། ཅེས་པའོ། །གཉིས་པ་ནི། དང་པོར་མངལ་ནས་སྐྱེ་བའི་དུས་སུ་རང་གི་ལྟེ་བ་ནས་མའི་སྲོག་དང་འབྲེལ་བའི་རླུང་རང་གི་ལྟེ་བའི་ནང་དུ་རྒྱུ་བ་ཆད་ཅིང་འཇུག་པའི་རླུང་རང་གི་སྣ་བུག་ནས་ཕྱིར་རྒྱུ་བའི་ཁྱིམ་དེ་ནི་ཀརྐ་ཊའི་ཁྱིམ་དུ་འདོད་དགོས་པ་ཡིན་ཏེ། ཕྱི་ནང་གི་དུས་སྦྱོར་མཚུངས་པ་གང་ཞིག །ཕྱི་རོལ་དུ་ཉི་མ་ནབ་སོའི་བཞི་གསུམ་གྱི་སྟེང་དུ་སྐྱེས་ཤིང་སྐྱེས་པའི་ཁྱིམ་དེ་ནི་ཀརྐ་ཊའི་ཁྱིམ་ཡིན་ལ། དེའི་རྒྱུ་མཚན་གྱིས་ཕྱི་རོལ་དུ་དུས་སྦྱོར་གྱི་ཐོག་མའང་ཀརྐ་ཊའི་ཁྱིམ་དུ་མཛད་པའི་ཕྱིར་རོ། །དེ་དག་ནི་ཇི་སྐད་དུ། སྤྱན་རས་གཟིགས་འགྲེལ་ལས། དེ་ཡང་དུས་སྦྱོར་ཀརྐ་ཊ་ནས་མི་ཡི་དབང་ཞེས་པ་འདིར་ཕྱི་རོལ་དུ་ཉི་མའི་སྐྱེ་བའི་ཁྱིམ་ནི་ཀརྐ་ཊའོ། །དེ་བཞིན་དུ་སྐྱེས་པ་ཐམས་ཅད་དུས་གང་དུ་སྐྱེས་པར་གྱུར་པའི་ཁྱིམ་དེ་ནི་ཀརྐ་ཊའི་མིང་ཅན་དུ་རིག་པར་བྱ་སྟེ། སྲོག་གི་སྐྱེ་བ་གནས་བར་བྱ་ཞེས་པའི་རིགས་པས་ཏེ། དུས་སྦྱོར་ཀརྐ་ཊ་ནས་མི་ཡི་དབང་། །ཞེས་གསུངས་པའི་དོན་ནོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ད་ནི་དུས་སྦྱོར་བཤད་པར་བྱ། །རྩ་བ་ཡན་ལག་བཅས་པའི་རླུང་། །ལུས་ཀུན་འཁོར་ལོ་རིམ་བརྒྱུད་དེ། །ལྟེ་བར་སྲོག་གི་ནུས་པ་བསྐྱེད། །མཉམ་དང་མི་མཉམ་ཁྱིམ་བཅུ་གཉིས། །རེ་མོས་གཡས་དང་གཡོན་འབྱུང་བས། །ཤེས་པའོ། །གཉིས་པ་ནི། དེ་ལྟར་རླུང་དང་དུས་སྦྱོར་ངོས་བཟུང་ནས། །ད་ནི་དུས་སྦྱོར་གྱི་རླུང་རྒྱུ་ཚུལ་བཤད་པར་བྱ་སྟེ། གོང་དུ་བཤད་པའི་རྩ་བ་དང་ཡན་ལག་གི་རླུང་བཅུ་དང་། དེ་དང་འབྲེལ་བའི་ཆ་ཤས་ཕྲ་མོ་དང་བཅས་པའི་རླུང་རྣམས་ལུས་ཀུན་ནས་འདུས་ཏེ། སྙིང་གའི་འཁོར་ལོའི་ཐུན་བརྒྱད་ཀྱི་རླུང་དང་། མགྲིན་པའི་རྒྱུ་སྐར་གྱི་རླུང་དང་། སྤྱི་བོའི་ཟླ་རྐང་གི་རླུང་དང་། ཡུལ་ཉི་ཤུ་རྩ་བཞིའི་རླུང་དང་། ཚིགས་ཆེན་དང་། ཚིགས་ཕྲན་གྱི་འཁོར་ལོའི་རླུང་ཐམས་ཅད་རིམ་གྱིས་བརྒྱུད་དེ་ལྟེ་བའི་ཁྱིམ་བཅུ་གཉིས་ཀྱི་གནས་སུ་བརྒྱུད་ཅིང་སྲོག་གི་ནུས་པ་བསྐྱེད་ལ། དེ་ནས་སྣར་རྒྱུ་བས་གླང་སོགས་མཉམ་པ་དང་། ལུག་སོགས་མི་མཉམ་པའི་ཁྱིམ་བཅུ་གཉིས་རེ་མོས་ཀྱིས་གཡས་པ་དང་གཡོན་པར་འབྱུང་བས་འཕོ་བ་བཅུ་གཉིས་སུ་འགྱུར་རོ། །འདི་ལའང་རྒྱུད་འགྲེལ་གྱི་ལུང་མང་དུ་ཡོད་ཀྱང་འདིར་མ་བྲིས་ཏེ་མངས་སུ་དོགས་པས་སོ། །གསུམ་པ་ལ། འཕོ་བ་སོ་སོའི་རླུང་གི་གྲངས་བསྟན་པ་དང་། འཕོ་བ་ཐམས་ཅད་ཀྱི་རླུང་གི་གྲངས་བསྟན་པ་གཉིས། དང་པོ་ལ། གཡས་ནས་འཕོ་བ་ཉི་མའི་རླུང་གི་གྲངས་བསྟན་པ་དང་། གཡོན་ནས་འཕོ་བ་ཟླ་བའི་རླུང་གི་གྲངས་བསྟན་པའོ། །དང་པོ་ལ། འཕོ་ཆུང་གི་གྲངས་བསྟན་པ་དང་། འཕོ་ཆེན་གྱི་གྲངས་བསྟན་པ་གཉིས་ལས། དང་པོ་ནི། ཉི་མ་ལྷོར་བགྲོད་དང་པོ་ལ། །སྣ་བུག་གཡས་ནས་འབྱུང་བའི་རླུང་། །ས་ཆུ་མེ་རླུང་མཁའ་རིམ་བཞིན། །སུམ་བརྒྱ་དྲུག་ཅུ་དྲུག་ཅུ་སྟེ། །ཞེས་པའོ། །འདིར་ནི་ཉི་མ་ལྷོར་བགྲོད་པའི་དང་པོ་ནི་ཀརྐ་ཊ་ཡིན་ལ། ཀརྐ་ཊའི་ཁྱིམ་དུ་ཉི་མའི་སྐྱེས་ཁྱིམ་རྫོགས་ནས་ལྷོར་བགྲོད་པའི་ཟླ་བ་དྲུག་ལ་ཉི་མ་འབྲི་བ་དང་། ཟླ་བ་ནི་སྟོབས་དང་ལྡན་པར་བཤད་ལ། ཉི་མ་སྐར་མ་ཆུ་སྨད་ཀྱི་སྟེང་དུ་ལོག་ནས་ཆུ་སྲིན་ལ་སོགས་པའི་བྱང་དུ་བགྲོད་པའི་ཟླ་བ་དྲུག་ལ་ཟླ་བ་འབྲི་ཞིང་ཉི་མའི་ནུས་པ་འཕེལ་བར་བཤད་པ་དེ་བཞིན་དུ་ཡང་། གླང་དང་ཀརྐ་ཊ་ལ་སོགས་པ་གཡས་ཕྱོགས་ཀྱི་འཕོ་བ་དྲུག་ལ་ཉི་མའི་སྟོབས་དང་ལྡན་པ་ཐབས་ཀྱི་རླུང་ཡིན་ཀྱང་། ཕྱིར་རྒྱུ་བས་ནུས་པ་ཟད་པའི་ཕྱིར་འདིར་ཀརྐ་ཊ་གཡས་ཕྱོགས་ཀྱི་འཕོ་བར་བཤད་པས། ནང་དུ་ཡང་དམར་ཆ་དང་ཉི་མའི་རླུང་གི་ནུས་པ་ཟད་ཅིང་ཟླ་བའི་ཁམས་དཀར་ཆ་འཕེལ་བ་དང་། དེ་བཞིན་དུ་གཡོན་ནས་རྒྱུ་བའི་འཕོ་བ་དྲུག་ལ་དམར་ཆ་འཕེལ་བ་དང་། ཟླ་བའི་རླུང་དང་ཁམས་དཀར་ཆའི་ནུས་པ་ཟད་པ་ཡིན་ནོ། །དེ་དག་ནི་རང་གི་ངོ་བོའི་སྒོ་ནས་གཡོན་དུ་དཀར་ཆ་དང་གཡས་སུ་དམར་ཆ་དབང་ཕྱུག་ཏུ་འགྱུར་ཏེ། ཇི་སྐད་དུ། དྲི་མ་མེད་པའི་འོད་ལས། དེ་བཞིན་དུ་ཟླ་བ་དྲུག་ལ། ཟླ་བ་དབང་ཕྱུག་ཏུ་འགྱུར་ཏེ། ལུག་དང་འཁྲིག་པ་དང་སེང་གེ་དང་སྲང་དང་གཞུ་དང་བུམ་པའི་ཁྱིམ་གཡོན་གྱི་རྩ་ལ་ཟླ་བ་ཞེས་པ་ཁུ་བའི་ཁམས་དབང་ཕྱུག་སྟེ་བྱང་དག་ཏུའོ། །ལྷོ་རུ་གླང་དང་ཀརྐ་ཊ་དང་བུ་མོ་དང་སྡིག་པ་དང་ཆུ་སྲིན་དང་ཉའི་ཁྱིམ་ལ་ཉི་མ་སྟེ་རྡུལ་གྱི་ཁམས་དབང་ཕྱུག་ཏུ་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །འདིར་སྣ་བུག་གཡས་ནས་འབྱུང་བ་དུས་སྦྱོར་གྱི་ཐོག་མར་བཤད་ལ། འོག་འཆི་བལྟས་ཀྱི་སྐབས་ནས་སྐྱེ་བའི་དུས་སུ་གཡས་ནས་དང་པོར་རྒྱུས་ན་གཡས་ནས་འཆི་བལྟས་འཕེལ་བ་དང་། གཡོན་ནས་དང་པོར་རྒྱུས་ན་གཡོན་ནས་འཆི་བལྟས་འཕེལ་བར་གསུངས་པ་ལྟར་ན་ནི། ནང་གི་དུས་སྦྱོར་གྱི་ཐོག་མ་ཀརྐ་ཊ་ཡིན་པའི་ངེས་པ་དང་ཐོག་མར་གཡས་ནས་རྒྱུ་བའི་ངེས་པ་མེད་པའམ། ཡང་ན་ཐོག་མར་རླུང་གང་ནས་རྒྱུས་ཀྱང་ཁྱིམ་དེ་ཀརྐ་ཊར་བྱེད་པ་ཡིན་བློ་དང་ལྡན་པ་དག་གིས་ཞིབ་ཏུ་དཔྱད་པར་བྱའོ། །དེ་ལྟར་གཡས་གཡོན་ནས་རྒྱུ་བའི་འཕོ་ཆུང་དཀྱིལ་འཁོར་ལྔ་པོ་རེ་རེའི་གྲངས་ལ་སུམ་བརྒྱ་དྲུག་ཅུ་རེའོ། །གཉིས་པ་ནི། ཀུན་ལ་སྟོང་དང་བརྒྱད་བརྒྱའོ། །ཞེས་པ་སྟེ། འཕོ་ཆུང་དཀྱིལ་འཁོར་ལྔ་གའི་རླུང་ཐམས་ཅད་སྡོམས་ན་སྟོང་བརྒྱད་བརྒྱ་ཡིན་ཏེ། དེ་ལ་འཕོ་ཆེན་དང་དུས་སྦྱོར་གྱི་མིང་གིས་བཏགས་སོ། །གཉིས་པ་གཡོན་ནས་འཕོ་བ་ཟླ་བའི་རླུང་གི་གྲངས་བསྟན་པ་ནི། དེ་འོག་གཡོན་ནས་ཟླ་བའི་རླུང་། །ནམ་མཁའ་རླུང་མེ་ཆུ་ས་ཡི། །རིམ་པས་གྲངས་ནི་གོང་དང་མཚུངས། །ཤེས་པ་སྟེ། གཡས་ནས་རྒྱུ་བ་དེའི་འོག་ཏུ་སྣ་གཡོན་པ་ནས་ཟླ་བ་བདུད་རྩིའི་རླུང་། ནམ་མཁའ་རླུང་མེ་ཆུ་ས་སྟེ་འཇིག་རྟེན་ཆགས་པའི་རིམ་པས་རྒྱུ་ཞིང་དེ་དག་གི་གྲངས་ནི་རིམ་པ་བཞིན་དུ་གོང་མ་དང་མཚུངས་པར་སུམ་བརྒྱ་དྲུག་ཅུ་རེ་རེའོ། །ཞེས་པའི་དོན་ནོ། །གཉིས་པ་འཕོ་བ་ཐམས་ཅད་ཀྱི་རླུང་གི་གྲངས་ནི། དེ་ལྟར་འཕོ་བ་བཅུ་གཉིས་ལ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྟེ། །ཞེས་པ་དེའི་དོན་ནི། དེ་ལྟར་བཤད་པའི་འཕོ་བ་བཅུ་གཉིས་པོ་ཐམས་ཅད་ཀྱི་རླུང་གི་གྲངས་སྡོམས་ན་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཐམ་པ་སྟེ། རགས་པའི་རྩིས་ཡིན་པས་ཡེ་ཤེས་ཀྱི་ཆ་དང་བཅས་པའོ། །གཉིས་པ་ཡེ་ཤེས་ཀྱི་རླུང་རྒྱུ་ཚུལ་རྒྱས་པར་བཤད་པ་ལ། སྤྱིར་བཤད་ལ། དུས་སྦྱོར་ལ་རྒྱུ་བའི་ཆ་ཤས་ངོས་བཟུང་བ། ཇི་ལྟར་རྒྱུ་བའི་ཚུལ་བཤད་པ། དེ་གཟའ་ཐམས་ཅད་ཀྱི་རྐང་པ་ཡིན་པར་བསྟན་པ། ཕྱི་ནང་དུ་རྒྱུ་བའི་སྐྱོན་ཡོན་བསྟན་པ། ལོ་གསུམ་ཕྱོགས་གསུམ་གྱི་ངེས་པ་བསྟན་པས་མཇུག་བསྡུ་བ་དང་དྲུག་ལས། དང་པོ་ནི། དེ་ལ་ཡེ་ཤེས་རླུང་བཤད་པ། །དྲུག་བརྒྱ་བདུན་ཅུ་རྩ་ལྔ་ཡིན། །ཞེས་པ་སྟེ། དེ་ལ་ཡེ་ཤེས་ཀྱི་རླུང་གི་གྲངས་བཤད་པ་ན། ཉིན་ཞག་གཅིག་ལ་དྲུག་བརྒྱ་དང་བདུན་ཅུ་རྩ་ལྔ་གོང་གི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ཁ་ནས་ཆད་པ་ཡིན་ནོ། །གཉིས་པ་ནི། འཕོ་བ་ལྔ་བཅུ་དྲུག་བཞི་ཆ། །དབྱུག་གུ་བཅུ་གཅིག་བཞི་ཆ་སྟེ། །མདོར་ན་དབུགས་གཅིག་སོ་གཉིས་ཆ། །བསགས་པས་དེ་ལྟར་འགྱུར་བ་ཡིན། །ཞེས་པ་སྟེ། འདི་ཡང་བཤད་ན། གོང་གི་འཕོ་ཆེན་བཅུ་གཉིས་དང་འཕོ་ཆུང་དྲུག་ཅུས་ཡེ་ཤེས་ཀྱི་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་ལ་བགོས་ན། འཕོ་ཆེན་རེ་རེས་ཡེ་ཤེས་ཀྱི་རླུང་ལྔ་བཅུ་རྩ་དྲུག་དང་བཞི་ཆ་རེ་ཐོབ། དབྱུག་གུ་སྟེ་ཆུ་ཚོད་དང་རླུང་སུམ་བརྒྱ་དྲུག་ཅུ་དོན་གཅིག་པས་འཕོ་ཆུང་རེ་རེས་ཡེ་ཤེས་ཀྱི་རླུང་བཅུ་གཅིག་དང་བཞི་ཆ་རེ་ཐོབ། མདོར་བསྡུ་ན་དབུགས་གཅིག་ལ་དབུགས་གཅིག་སོ་གཉིས་སུ་བཏང་བའི་ཆ་ཤས་རེ་རྒྱུ་བའམ་ཆད་པར་ཤེས་པར་བྱ་སྟེ། སོ་གཉིས་ཀྱི་ཆ་དེ་དག་བསགས་པ་ལས་ཆ་ཤས་དེ་དང་དེ་དག་ཏུ་འགྱུར་བའི་ཕྱིར་རོ། །གསུམ་པ་ནི། དེ་ཡང་ཕྱེད་ནི་ཕྱིར་རྒྱུ་ལ། ཕྱེད་ནི་དབུ་མར་རྒྱུ་བས་འཕེལ། །ཞེས་པ་ནི་དེ་ཡང་ཡེ་ཤེས་ཀྱི་རླུང་དེའི་ཕྱེད་ནི་སྣ་སྒོ་ནས་དཀྱིལ་འཁོར་ལྔའི་རླུང་ཕྱིར་རྒྱུ་བ་དང་ལྷན་གཅིག་ཏུ། ཕྱི་རོལ་དུ་རྒྱུ་ཞིང་། ཕྱེད་ནི་དཀྱིལ་འཁོར་གྱི་རླུང་ནང་དུ་འཇུག་པ་དང་ལྷན་གཅིག་ཏུ་དབུ་མར་རྒྱུ་བས་ནང་དུ་ལུས་ཀྱི་སྟོབས་དང་བདེ་བ་འཕེལ་བར་བྱེད་པའོ་ཞེས་བསྟན་པ་ཡིན་ནོ། །བཞི་པ་ནི། འདི་ནི་གཟའ་ཀུན་རྐང་པ་སྟེ། །ཞེས་གསུངས་པ་ཡིན་ལ། དེ་ལ་ཡེ་ཤེས་ཀྱི་རླུང་འདི་ནི་ནང་གི་དུས་སྦྱོར་ལ་གཟའ་ཐམས་ཅད་འཆར་བའི་རྐང་པ་དང་། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྒྱུད་དང་། ཕྱི་རོལ་དུ་ཉི་ཟླ་དང་། གཟའ་ལྔ་དང་། དུ་བ་འཇུག་རིངས་ལ་སོགས་པའི་གཟའ་ཐམས་ཅད་ཀྱི་ཁྱིམ་ལ་བགྲོད་པའི་རྐང་པ་ཡང་ཡེ་ཤེས་ཀྱི་རླུང་འདིའི་ལོ་གསུམ་ཕྱོགས་གསུམ་གྱི་ཆ་ལས་ཕྱེ་བའི་ཆུ་ཚོད་དང་། ཞག་དང་། ཕྱོགས་དང་། ཟླ་བའི་ཆ་རྣམས་ལ་བརྟེན་ནས་འཇོག་པར་དུས་འཁོར་རྒྱུད་འགྲེལ་ལས་གསུངས་པའི་ཚུལ་དཔག་ཏུ་མེད་ཀྱང་། འདིར་རྒྱས་པར་མ་བཀྲལ་བའི། ཟླ་རྐང་དུ་འགྱུར་ཚུལ་གྱི་བཤད་པ་ཁོ་བོས་ཟུར་དུ་བཀོད་ཡོད་པས་དེར་བལྟ་བར་བྱའོ། །ལྔ་པ་ནི། ཕྱིར་འགྲོ་འཕེལ་བས་འཆི་བལྟས་ཡིན། །ནང་ཏུ་ཟིན་ན་འཆི་མེད་འགྲུབ། །ཅེས་གསུངས་པ་སྟེ། ཡེ་ཤེས་ཀྱི་རླུང་དེ་དག་དཀྱིལ་འཁོར་ལྔའི་དུས་སྦྱོར་གྱི་རླུང་དང་ལྷན་ཅིག་ཏུ་ཕྱིར་འགྲོ་བའི་རྒྱུ་བ་འཕེལ་བས་འོག་ཏུ་འཆད་འགྱུར་གྱི་འཆི་བལྟས་འཕེལ་བ་ཡིན་ཞིང་། གལ་ཏེ་རྣལ་འབྱོར་བས་རྣལ་འབྱོར་གྱི་སྟོབས་ཀྱིས་ནང་དུ་ཟིན་ན་འཆི་བ་མེད་པའི་གོ་འཕང་འགྲུབ་པའི་ཚེ་འདི་ཉིད་ལ་རྣམ་སྨིན་གྱི་ལུས་སྦྲུལ་གྱི་ཤུན་པ་བཞིན་དུ་བོར་ནས་ཡེ་ཤེས་ཀྱི་སྐུ་འགྲུབ་པར་བཤད་པའི་དོན་ནོ། །དྲུག་པ་ནི། ལོ་བརྒྱའི་རྒྱུ་བ་སྡོམས་པ་ན། །ལོ་གསུམ་ཟླ་བ་ཕྱེད་དང་གཉིས། །ཞག་སོགས་ཤོལ་དང་འཕེལ་འགྲིབ་རྣམས། །འདི་དོན་རྟོགས་པས་མ་ནོར་འཆར། །ཞེས་གསུངས་པ་སྟེ། འདི་དག་གི་དོན་ནི། སྐྱེས་བུ་ལོ་བརྒྱའི་ཡེ་ཤེས་ཀྱི་རླུང་ཐམས་ཅད་སྡོམས་ན་ལོ་གསུམ་དང་། ཟླ་བ་ཕྱེད་དང་གཉིས་འབྱུང་བ་ཡིན་པས། དེ་ཡང་བསྒོམས་པའི་སྟོབས་ཀྱིས་ལས་རླུང་ཇི་སྙེད་པ་ཡེ་ཤེས་ཀྱི་རླུང་དུ་གྱུར་ན་སངས་རྒྱས་ཐོབ་པ་ཡིན་པས་ལོ་གསུམ་ཕྱོགས་གསུམ་གྱིས་རྡོ་རྗེ་འཆང་ཐོབ་པར་དུས་འཁོར་རྒྱུད་འགྲེལ་ལས་གསུངས་པའི་དགོངས་པའང་དེ་ཡིན་ཞིང་། དབུགས་སོ་གཉིས་ཕྱེད་བཅས་ན་དབུགས་རེ་ཆད་པ་དང་ཞག་སོ་གཉིས་ཕྱེད་བཅས་ན་ཞག་རེ་དང་། དེ་བཞིན་དུ་ཟླ་བ་སོ་གཉིས་ཕྱེད་བཅས་ནས་ཟླ་ཤོལ་འབྱུང་བ་ལ་དེའི་རིགས་པས་ལོ་དང་ཞག་ལྷག་པའི་འཕེལ་འགྲིབ་ཀྱི་ཚུལ་རྣམས་ནི་འདིའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པས་འཆར་བར་འགྱུར་རོ་ཞེས་པའོ། །གསུམ་པ་ཇི་ལྟར་རྒྱུ་བའི་རིམ་པ་བཤད་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། རྒྱུ་རིམ་ཁ་དོག་སྟོབས་ཡོན་ཏན། །དང་པོ་སྣ་ཡི་ཀ་བ་ནི། །བྱང་སྟེ་གཉིས་ཀའི་ཆུ་ཡིན་ལ། །ཕྱི་རོལ་གཉིས་ནི་མེ་རུ་འདོད། །སྟེང་གཉིས་རླུང་སྟེ་འོག་གཉིས་ས། །དབུས་ནི་ནམ་མཁའ་ཡེ་ཤེས་ཡིན། །ཞེས་པའོ། །གཉིས་པ་ནི། ཚིགས་སུ་བཅད་པ་འདི་དག་ཤིན་ཏུ་གོ་བདེ་བར་འདུག་པས་ཚིག་དོན་མང་པོ་མི་དགོས་པས། ཅུང་ཟད་བཤད་ན། ཚིག་རྐང་དང་པོ་འདི་ཡོན་ཏན་ཡན་ཆད་ཀྱི་མདོར་བསྟན་དུ་སྣང་སྟེ། གཡས་གཡོན་གྱི་རྒྱུ་བའི་རིམ་པ་དང་། རླུང་ཁམས་ཀྱི་ཁ་དོག་དང་། ལས་གང་ལ་སྟོབས་ཆེ་བ་དང་། སས་བརྟན་པ་དང་། ཆུས་སྣུམ་པ་ལ་སོགས་པའི་ཡོན་ཏན་རྣམས་རིམ་པར་སྨོས་པས་སོ། །དེ་ལ་རྒྱུ་རིམ་བཤད་པའི་དང་པོར་སྣ་སྒོར་རྒྱུ་བའི་ཕྱོགས་ངོས་བཟུང་བ་ནི། སྣ་བུག་གཉིས་ཀའི་ཀ་བའི་ཕྱོགས་ནི་བྱང་ཡིན་ཏེ། དེར་ཆུ་རླུང་རྒྱུ་བ་ཡིན་ནོ། །དེ་ཡང་རི་རབ་ལྷུན་པོ་གླིང་བཞི་ཀུན་གྱི་བྱང་ན་གནས་པ་དང་ཆོས་མཐུན་པར། སྤྱན་རས་གཟིགས་འགྲེལ་ལས་བཤད་པ་ལྟར་རོ། །གཉིས་ཀའི་ཕྱི་རོལ་གཤོག་པ་གཉིས་ནི་ལྷོ་ཕྱོགས་དང་དེ་གཉིས་ཀར་མེ་རླུང་རྒྱུ་བ་ཡིན་ནོ། །གཉིས་ཀའི་སྟེང་གི་ཕྱོགས་གཉིས་ནི་ཤར་ཡིན་པས་དེར་དག་པའི་དབང་གིས་རླུང་གི་རླུང་རྒྱུའོ། །གཉིས་ཀའི་འོག་གདན་ནི་ནུབ་ཕྱོགས་ཡིན་པས་དེར་ས་རླུང་རྒྱུ་བ་ཡིན་ནོ། །གཉིས་ཀའི་དབུས་དྲང་ཐད་ནས་ནི་ནམ་མཁའ་དང་ཡེ་ཤེས་ཀྱི་རླུང་རྒྱུ་བ་ཡིན་ནོ། །བཞི་པ་རླུང་གི་ཁ་དོག་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཁ་དོག་ས་ཆུ་མེ་རླུང་མཁའ། །སེར་དཀར་དམར་ནག་སྔོ་བར་འདོད། །ཅེས་པའོ། །གཉིས་པ་ནི། རླུང་ལྔ་པོ་དེ་དག་གི་ཁ་དོག་ནི། ས་རླུང་སེར་པོ། ཆུ་རླུང་དཀར་པོ། མེ་རླུང་དམར་པོ། རླུང་གི་རླུང་ནག་པོ། ནམ་མཁའི་རླུང་ནི་སྔོན་པོར་འདོད་པའམ། ཡང་ན་སྣ་ཚོགས་ཏེ་ལྗང་ཁུའོ། །ཡེ་ཤེས་ཀྱི་རླུང་ནི་སྔོན་པོར་བཤད་དེ་ཁ་དོག་མེད་པའི་ཁ་དོག་ཅན་ནོ། །དེ་དག་ནི་ཇི་སྐད་དུ་བསྡུས་རྒྱུད་ལས། ལུས་ལ་བསམ་པ་རབ་ཏུ་ཞུགས་པ་ནམ་མཁའ་བཞིན་དུ་རོ་མཉམ་བསམ་པའི་དབུས་སུ་ལུས་དག་ཀྱང་། རྣལ་འབྱོར་ལྡན་པས་ཤེས་བྱ་རང་བཞིན་ཡོན་ཏན་དབང་གིས་ཁམས་ཀྱི་ཁ་དོག་ལ་སོགས་དབྱེ་བས་ཏེ། །སེར་པོ་ནག་པོ་དག་དང་ཁ་དོག་དམར་པོ་ཞེས་དང་དཀར་པོ་ས་རླུང་མེ་དང་ཆུ་ལའོ། །ཡེ་ཤེས་ནམ་མཁའ་ལ་ཡང་སྔོན་པོ་ལྗང་ཁུར་འགྱུར་ཏེ་ལུས་དང་བསམ་པའི་རབ་ཏུ་དབྱེ་བས་སོ། །ཞེས་པ་རྩ་འགྲེལ་གྱི་དོན་ནོ། །ལྔ་པ་སྟོབས་ཆེ་ཆུང་གི་ཁྱད་པར་བཤད་པ་ལ། ལས་རླུང་གི་སྟོབས་བཤད་པ་དང་། ཡེ་ཤེས་ཀྱི་རླུང་གི་སྟོབས་བཤད་པ་གཉིས། དང་པོ་ལ། རླུང་གི་སྟོབས་གཟའ་དང་སྦྱར་བ་དང་། དེ་དག་ལས་གང་ལ་བཟང་བ་བཤད་པ་གཉིས་ལས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། འདི་དག་སྟོབས་ནི་གཡས་པ་རྣམས། །སྤེན་ཕུར་བཀྲ་ཤིས་ཉི་མ་མེ། །ས་སོགས་རིམ་པས་གཡོན་པ་རྣམས། །སྒྲ་གཅན་ཟླ་བ་གཟའ་ལག་དང་། །པ་སངས་འཇུག་རིང་མཁའ་རིམ་བཞིན། །ཞེས་པའོ། །གཉིས་པ་ཚིག་གི་དོན་ནི། དེ་ལ་དབྱངས་རིང་པོ་རྣམས་དང་དྲག་པོའི་གཟའ་རྣམས་ཏེ། །ས་རླུང་ནི་སྤེན་པ་དང་ལཱྀ་ཡིན་ནོ། །ཆུ་རླུང་ལ་ཕུར་བུ་དང་ཨཱུའོ། །མེ་རླུང་ལ་མིག་དམར་དང་རཱྀའོ། །རླུང་གི་རླུང་ལ་ཉི་མ་དང་ཨཱིའོ། །ནམ་མཁའི་རླུང་ལ་དུས་མེ་དང་ཨཱ་སྟེ་གཡས་པའི་དཀྱིལ་འཁོར་རྣམས་ལ་སྡུད་པའི་རིམ་པས་སོ། །གཡོན་པའི་དཀྱིལ་འཁོར་རྣམས་ལ་ནི་ཡི་གེ་ཐུང་ངུ་རྣམས་དང་ཞི་བའི་གཟའ་རྣམས་འཇིག་རྟེན་ཆགས་པའི་རིམ་པས་ནམ་མཁའི་རླུང་ལ་སྒྲ་གཅན་དང་ཨའོ། །རླུང་གི་རླུང་ལ་ཟླ་བ་དང་ཨིའོ། །མེ་རླུང་ལ་གཟའ་ལག་དང་རྀའོ། །ཆུ་རླུང་ལ་པ་སངས་དང་ཨུའོ། །ས་རླུང་ལ་མཇུག་རིངས་དང་ལྀའོ། །དེ་ལྟར་གཟའ་དང་སྦྱར་བའི་རིམ་པས་ཕྱིའི་དུས་སྦྱོར་ཇི་ལྟ་བ་བཞིན་དུ། །ནང་གི་དུས་སྦྱོར་ལ་ཡང་འབྲས་བུ་མཐུན་པར་འབྱུང་བ་ཡིན་ནོ། །འདི་དག་ལ་རྒྱུད་འགྲེལ་གྱི་ལུང་དང་གསུང་སྒྲོས་དཔག་ཏུ་མེད་པ་ཡོད་ཀྱང་ཡི་གེ་མངས་ཀྱིས་དོགས་པས་མ་བྲིས་སོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཕུང་པོ་ཁམས་སོགས་དེ་མཐུན་ཕྱིར། །ནམ་མཁས་བསད་གསོའི་ལས་ཀུན་འགྲུབ། །རླུང་གིས་བསྐྲད་དང་བསད་པ་སྟེ། །དབང་དང་དགུག་པ་མེ་ཡིས་བྱེད། །ཆུས་ནི་ཞི་དང་རྒྱས་པའོ། །རེངས་དང་རྨོངས་པ་ས་ཡི་ལས། །ཤེས་པའོ། །གཉིས་པ་ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། ཕྱི་ནང་གི་ཤེས་བྱའི་དངོས་པོ་ཐམས་ཅད་རྟེན་འབྲེལ་གྱི་དབང་གིས་རང་རང་གི་ནུས་པ་བསམ་གྱིས་མི་ཁྱབ་པའི་ཕྱིར། ནམ་མཁའི་རླུང་དང་དེའི་གཟས་ནི། བསད་པ་མངོན་སྤྱོད་ཀྱི་ལས་དང་། སླར་གསོ་བའི་ལས་ཐམས་ཅད་འགྲུབ་པས་ཤིན་དུ་བཟང་བ་ཡིན་ནོ། །རླུང་གི་རླུང་གིས་ནི་བསྐྲད་པའི་སྦྱིན་བསྲེག་དང་། བསད་པའི་འཁྲུལ་འཁོར་ལ་སོགས་པའི་ལས་ཐམས་ཅད་འགྲུབ་ཅིང་། མེ་རླུང་གིས་ནི་དབང་དང་། དགུག་པའི་སྦྱིན་བསྲེག་དང་། འཁྲུལ་འཁོར་ལ་སོགས་པའི་ལས་འགྲུབ་བོ། །ཆུ་རླུང་གིས་ནི་ཞི་བ་དང་རྒྱས་པ་ལ་སོགས་པའི་སྦྱིན་བསྲེག་དང་ལས་སྦྱོར་རྣམས་འགྲུབ་བོ། །སས་ནི་རེངས་པ་དང་རྨོངས་པར་བྱེད་པའི་ལས་སྦྱོར་དང་། སྦྱིན་བསྲེག་འཁྲུལ་འཁོར་རྣམས་འགྲུབ་སྟེ། རྣལ་འབྱོར་པས་ལེགས་པར་བགྲང་ཞིང་བརྩི་བས་མ་ནོར་བར་བྱས་ན། དེ་དག་ཇི་སྐད་བཤད་པ་བཞིན་འགྲུབ་སྟེ། སངས་རྒྱས་ཀྱི་གསུངས་པས་དེ་ནི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པའི་ཕྱིར་ཏེ། ཇི་སྐད་དུ་ཧེ་བཛྭ་ལས། འདི་ལ་ཐེ་ཚོམ་མི་བྱ་སྟེ། །སངས་རྒྱས་རྫུ་འཕྲུལ་བསམ་མི་ཁྱབ། །ཅེས་གསུངས་པས་སོ། །གཉིས་པ་ཡེ་ཤེས་ཀྱི་རླུང་གི་སྟོབས་བཤད་པ་ནི། །ཡེ་ཤེས་ལས་ནི་ཐམས་ཅད་པ། །ཐུན་མཚམས་མཉམ་དུ་རྒྱུ་དུས་སོ། །ཞེས་པ་སྟེ། དུས་ཀྱི་འཁོར་ལོ་ལས། བསད་པ་མ་གཏོགས་པའི་ལས་ཐམས་ཅད་ཡེ་ཤེས་ཀྱི་རླུང་རྒྱུ་བའི་དུས་སུ་འགྲུབ་པར་གསུངས་པས་སོ། །དེའི་ཁ་དོག་དང་ཡོན་ཏན་ནི་བཤད་ཟིན་ལ། དེ་རྒྱུ་བའི་དུས་ནི་འཕོ་བའི་མཚམས་སུ་རླུང་མཉམ་པར་རྒྱུ་བའི་དུས་སུ་རྒྱུ་བར་བཤད་པས་དེ་དུས་སོ། །དྲུག་པ་ཕྱིར་རྒྱུ་བའི་ཚད་བསྟན་པ་ནི། །ཕྱི་རོལ་ས་ནི་སོར་བཅུ་གཉིས། །ཆུ་མེ་རླུང་མཁའ་བཅུ་དྲུག་བར། །ཡོན་ཏན་དབང་གིས་རིམ་བཞིན་རིང་། །ཞེས་པ་སྟེ། དཀྱིལ་འཁོར་སོ་སོའི་རླུང་ཕྱི་རོལ་དུ་རྒྱུ་བའི་ཚད་ལ། ས་རླུང་ནི་ཕྱི་རོལ་དུ་སོར་བཅུ་གཉིས་ཀྱི་བར་དུ་འགྲོ་ཞིང་། ཆུ་རླུང་སོར་བཅུ་གསུམ་བར་དང་། མེ་རླུང་བཅུ་བཞི་དང་། རླུང་གི་རླུང་བཅོ་ལྔ་དང་། ནམ་མཁའི་རླུང་སོར་བཅུ་དྲུག་གི་བར་དུ་འབྱུང་བའི་ལྕི་ཡང་གི་ཡོན་ཏན་གྱི་དབང་གིས་རིམ་པ་བཞིན་དུ་ཕྱི་རོལ་དུ་རིང་བ་ཡིན་ཏེ། ས་ཆུ་མེ་རླུང་ནམ་མཁའི་བར་དུ་སྔ་མ་ལྕི་བས་རྒྱུ་བ་ཐུང་ཞིང་ཕྱི་མ་ཕྱི་མ་རྣམས་ཡང་བས་རྒྱུ་ཐག་རིང་བ་ནི་དུས་ཀྱི་འཁོར་ལོའི་ལུགས་སོ། །གསང་བ་འདུས་པའི་གདམ་ངག་པ་འགའ་ཞིག་གི་ལུགས་ལ། འབྱུང་བ་བཞིའི་རླུང་ནི་འཁོར་ལོ་བཞི་ལས་འབྱུང་བ་ཡིན་ལ། ནམ་མཁའ་ནི་ཁམས་ཐོགས་བཅས་མེད་པས་ཐམས་ཅད་ལ་ཁྱབ་པ་དང་། སྤྱི་བོ་ནས་རླུང་གི་རླུང་འབྱུང་བས་སོར་ཉི་ཤུ་དང་། མགྲིན་པ་ནས་མེའི་རླུང་འབྱུང་བས་སོར་བཅོ་བརྒྱད་དང་། སྙིང་ག་ནས་ཆུ་རླུང་འབྱུང་བས་སོར་བཅུ་དྲུག །ལྟེ་བ་ནས་ས་རླུང་འབྱུང་བས་སོར་བཅུ་གཉིས་ཏེ་ནང་ནས་ཐག་ཉེ་རིང་གི་ཕྱི་རོལ་དུ་རྒྱུ་བ་རིང་ཐུང་དུ་བཤད་པའང་སྣང་ངོ་། །གསུམ་པ་རྟེན་འབྲེལ་གྱི་འཆར་ཚུལ་ཁ་འཕངས་པས་མཇུག་བསྡུ་བ་ལ། རྩ་བ་དང་། ཚིག་དོན་གཉིས་ལས། དང་པོ་ནི། རྟེན་འབྲེལ་རྩིས་དང་དབྱངས་སྦྱར་བ། །ཁོ་བོས་རྩིས་ཀུན་བསྡུས་པར་བཤད། །ཅེས།་པའོ། །གཉིས་པ་ནི། རྟེན་འབྲེལ་ཕྱི་ནང་མཚུངས་པར་ནང་དུ་རླུང་དང་ལྷན་ཅིག་ཏུ་དབྱངས་གསལ་དང་ཇི་སྐད་བཤད་པ་བཞིན་གྱི་གཟའ་འཆར་བ་དེའི་ཚེ་ཕྱི་རོལ་དུ། རང་གི་དོན་ནམ་གཞན་གྱིས་དྲིས་པའི་ཚེ་ན། ལས་དེ་དག་ལ་བཟང་ངན་གྱི་རྟེན་འབྲེལ་འདི་ལྟར་འཆར་ཏེ། ཆོས་རྗེ་ཉིད་ཀྱིས་རྩིས་ཀུན་བསྡུས་པར། གཡོན་ནས་རྒྱུ་བ་མྱུར་འགྲུབ་ཅིང་། །གཡས་ཕྱོགས་མི་འགྲུབ་ངན་པ་སྟེ། །དབུ་མར་བཏང་སྙོམས་ལས་རྣམས་འགྱང་། །ཞེས་གསུངས་པ་དང་། འདུས་པའི་བཤད་རྒྱུད་རྡོ་རྗེ་འཕྲེང་བར། ཇི་སྐད་དུ། དུས་ནི་དུས་ཚོད་ཅེས་ནི་བཤད། །བསམ་དང་བསམ་བྲལ་རང་དངོས་ནི། །དུས་བཟང་དང་ནི་དུས་ངན་དང་། །རྣམ་ཡི་བུ་ག་ལས་བྱུང་ནས། །ཕྱི་ཡི་སྒོ་ནས་རྟག་ཏུ་འཆར། །ནང་དུ་སྡུད་པར་དུས་བཟང་གསུངས། །འབྱུང་བ་ཡང་ནི་དུས་ངན་འདོད། །དུས་ངན་ལས་ནི་གཞན་པ་མཆོག །དུས་བཟང་མཆོག་སྟེར་རང་ཉིད་ནི། །ཞེས་པ་དང་། དུས་ཀྱི་མཚན་ཉིད་དེ་ལྟར་བཤད། །འཁྲུག་པ་དང་ནི་གནས་པའི་དུས། །དུས་བཟང་པོར་ནི་ཡོངས་སུ་གྲགས། །ལྡང་བ་ཡང་ནི་དུས་ངན་ཏེ། །དེ་ལྟར་དུས་ཀྱི་མཚན་ཉིད་དོ། །དུས་ནི་ཁམས་རྣམས་ཐམས་ཅད་དེ། །མཉམ་པ་རོ་གཅིག་གོ་འཕང་མཆོག །ཡེ་ཤེས་རྣམ་ཤེས་མ་སྤངས་ཏེ། །དུས་ནི་གཅིག་ནི་བརྗོད་པ་ཡིན། །ཞེས་སོགས་གསུངས་པ་རྣམས་དང་། །རྗེ་རང་བྱུང་བ་ཉིད་ཀྱིས་བསྡུས་པའི་ནང་གི་རྟེན་འབྲེལ་གྱི་གསལ་བྱེད་དང་། ཁོ་བོས་ཀྱང་རླུང་རྟགས་བསྡུས་པ་ཟུར་དུ་བྱས་ཡོད་པས་དེ་ལས་ཀྱང་ཤེས་པར་བྱའོ། །ཡང་། ཇི་ལྟར་ཡུན་རིང་ཕྱིན་ལོག་རྒྱུ། །འཆི་བའི་རྟགས་སུ་སྟོན་པར་བྱེད། །དེ་སོགས་དཔག་ཏུ་མེད་པ་ཡིན། །ཞེས་པ་ལྟར་རླུང་དུས་སུ་མི་འཕོ་བར་གཡས་ཁོ་ནར་ཡུན་རིང་དུ་རྒྱུ་བའམ། གཡོན་ཁོ་ནར་ཡུན་རིང་དུ་ཕྱིན་ལོག་ཏུ་རྒྱུ་ན་འཆི་བལྟས་ཡིན་པས་དེ་བཟློག་པའི་ཆོ་ག་རྒྱུད་འགྲེལ་ལས་གསུངས་པ། རྗེ་ཉིད་ཀྱིས་འགྲེལ་བར་བསྡུས་པ་ལས། ཐོག་མར་ལུས་ཀྱི་ངལ་དུབ་བསལ། །རྩ་དག་པ་ཡི་སྦྱོར་བ་སྒོམ། །རྐང་པ་སྐྱིལ་དཀྲུང་ལུས་བསྲང་ནས། །ལག་གཉིས་མཆན་ཁུང་འཕར་རྩ་བསྡམ། །སྟེང་འོག་བར་གསུམ་མཉམ་བཅིངས་ནས། །ལུས་ཀུན་རླུང་གིས་དགང་བར་བྱ། །ཞག་བདུན་གྱིས་ནི་འཆི་བ་འཕྲོག །ཅེས་གསུངས་པ་ལྟར་བྱའོ། །གཉིས་པ་དེ་གསང་བ་འདུས་པའི་ལུང་དང་མི་འགལ་བར་བསྟན་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། བཟླས་པ་བྱ་བའི་ཐབས་བསྟན་པས་མཇུག་བསྡུ་བ་དང་གསུམ་ལས། དང་པོ་ནི། འདི་ནི་རྡོ་རྗེ་ཕྲེང་བ་ལས། ཤེས་པ་སྟེ། འདི་ནི་གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་གསུངས་པའི་ཚུལ་འདི་དང་། གོང་དུ་ཕྱི་ནང་གཉིས་སུ་རྒྱུ་ཚུལ་བཤད་པའི་དུས་ཀྱི་འཁོར་ལོའི་ལུགས་གཉིས་པོ་འགལ་བ་ནི་མ་ཡིན་ཏེ། རྒྱུ་བའི་རིམ་པ་རྒྱས་བསྡུས་ཙམ་ལས་ཁྱད་པར་མེད་པའི་ཕྱིར་ཏེ། ཇི་སྐད་བཤད་པ་ལས་ཤེས་སོ་ཞེས་པའི་དོན་ནོ། །ཞེས་མཚམས་སྦྱར་ནས། དེ་རྣམས་ཀྱི་ལུང་དངོས་ནི། །སྣ་ཡི་བུ་ག་ལས་བྱུང་ཞིང་། །རླུང་ལྔ་སྟེང་དུ་ཡང་དག་རྒྱུ། །གཡོན་པ་གཡས་དང་གཉིས་ཀ་དང་། །དལ་བར་རྒྱུ་བ་རྣམ་པ་བཞི། །ཞེས་གསུངས་པ་སྟེ། འདི་ནི་ལུས་ཀྱི་ནང་གི་འཁོར་ལོ་ལ་སོགས་པའི་རྩ་རྣམས་ཀྱི་ནང་ནས། །སྣའི་བུ་ག་ལས་བྱུང་ཞིང་ས་ཆུ་མེ་རླུང་ནམ་མཁའི་རླུང་ལྔ་སྟེང་དུ་ཡང་དག་པར་རྒྱུ་སྟེ། རྒྱུ་བའི་ཚུལ་ཡང་གཡས་པ་ནས་རྒྱུ་བ་དང་། གཡོན་པ་ནས་རྒྱུ་བ་དང་། སྣ་གཉིས་ཀ་ནས་རྒྱུ་བ་དང་། དལ་བར་རྒྱུ་བའི་ཚུལ་དང་བཞི་པོ་ལ་རྣལ་འབྱོར་པ་རྣམས་ཀྱིས་རྡོ་རྗེའི་བཟླས་པ་རྣམ་པ་བཞི་བྱ་བའི་གྲངས་སོ། །ཞེས་པས་མདོར་བསྟན་བཤད་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ། གཡས་པ་ནས་རྒྱུ་བ་གསུང་རྡོ་རྗེའི་བཟླས་པ་བཤད། གཡོན་པ་ནས་རྒྱུ་བ་སྐུ་རྡོ་རྗེའི་བཟླས་པ་བཤད། གཉིས་ཀ་ནས་རྒྱུ་བ་ཡེ་ཤེས་རྡོ་རྗེའི་བཟླས་པ་བཤད། དལ་ཞིང་རྒྱུ་བ་མེད་པ་ཐུགས་རྡོ་རྗེའི་བཟླས་པ་བཤད། དབུ་མ་ན་གནས་པ་སྲོག་ཆེན་པོའི་རླུང་བཤད། བཟླས་པ་ལ་བཞིར་གྲངས་ངེས་པར་བསྟན། གྲངས་མ་ངེས་པའི་རྩོད་པ་སྤང་བ་དང་བདུན། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། གཡས་པ་ནས་ནི་འབྱུང་བའི་ཁམས། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་པོ་བཟང་པོ་འདི། །པདྨའི་མགོན་པོ་རྒྱུ་བའོ། །ཞེས་སོ། །གཉིས་པ་ནི། རང་ཉིད་ཀྱི་སྣ་གཡས་ནས་འབྱུང་བ་མེའི་ཁམས་ཀྱི་དཀྱིལ་འཁོར་རྣམ་པ་ལྔ་པོ་འདི་ནི། ཉི་མའི་ཁམས་ཀྱི་རང་བཞིན་ཡིན་པས་ཁ་དོག་དམར་པོ། དབང་དང་། དགུག་པ་དང་། ལས་ཐམས་ཅད་འགྲུབ་བར་བྱེད་པའི་རླུང་བཟང་པོ་འདིའི་དུས་སུ་པདྨའི་མགོན་པོ་འོད་དཔག་མེད་ཀྱི་རིགས་པདྨ་མཐར་བྱེད་ཀྱི་ཏིང་ངེ་འཛིན་ལྟ་བུའམ། ཡང་ན་གསུང་རྡོ་རྗེའི་རང་བཞིན་རྒྱུ་བ་ཡིན་པས་གསུང་རྡོ་རྗེའི་རིགས་དང་ཡི་གེ་ཨཿཡི་བཟླས་པ་དང་ལྷན་ཅིག་འགྲུབ་བོ། །གཉིས་པ་ལ་ཡང་། རྩ་ཚིག་གཉིས་ལས། དང་པོ་ནི། གཡོན་པ་ནས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་དང་འདྲེས་པ། །ལྗང་སེར་དག་ཏུ་སྣང་བ་སྟེ། །ལས་ཀྱི་མགོན་པོ་རྒྱུ་བའོ། །ཞེས་པའོ། །གཉིས་པ་ནི། རང་གི་སྣ་གཡོན་པ་ནས་འབྱུང་བ་ཤེས་རབ་ཀྱི་རང་བཞིན་ཟླ་བའི་ཁམས་མཐུན་པའི་ལས་ཐམས་ཅད་བསྒྲུབ་པའི་ཕྱིར་རླུང་གི་དཀྱིལ་འཁོར་དང་འདྲེས་པ། དཀྱིལ་འཁོར་ལྔའི་རིམ་པ་ཁ་དོག་ལྗང་སེར་དུ་སྣང་བ་སྟེ་ཞི་བ་ལ་སོགས་པའི་ལས་སྒྲུབ་པར་བྱེད་པ་སྐུ་རྡོ་རྗེ་དང་། བཅོམ་ལྡན་འདས་དོན་ཡོད་རྡོ་རྗེ་འདྲེས་པའི་རང་བཞིན་གྱིས་རྒྱས་བཏབ་པའི་ལྷ་དང་། ཡི་གེ་ཨོཾ་དང་ལྷན་ཅིག་རྡོ་རྗེའི་བཟླས་པ་བྱའོ། །གསུམ་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། གཉིས་ཀ་ནས་ནི་འབྱུང་བའི་ཁམས། །གསེར་མདོག་དབང་ཆེན་དཀྱིལ་འཁོར་ཉིད། །རིན་ཆེན་མགོན་པོ་རྒྱུ་བའོ། །ཞེས་པའོ། །གཉིས་པ་ནི། རང་གི་སྣ་གཉིས་ཀ་དང་སྟེང་དང་འོག་གི་ཆ་གཉིས་ཀ་ནས་ནི་འབྱུང་བའི་ཁམས་སའི་དཀྱིལ་འཁོར་གྱི་རང་བཞིན་ཁ་དོག་སེར་པོ་ལྟེ་བའི་དཀྱིལ་འཁོར་ནས་ཐུར་དུ་ཡེ་ཤེས་ཀྱི་ཁམས་དཀར་དམར་ལྷན་ཅིག་པའི་རང་བཞིན་རིན་པོ་ཆེའི་མགོན་པོ་རྒྱུ་བ་གོང་བུའི་གཟུགས་ཀྱིས་འོག་གི་སྣ་རྩེར་བཅིངས་ཏེ་ཡེ་ཤེས་རྡོ་རྗེའི་བཟླས་པ་བྱས་ན་ཐིག་ལེའི་རྣལ་འབྱོར་འགྲུབ་བོ། །བཞི་པ་ལ་ཡང་། རྩ་ཚིག་གཉིས་ལས། དང་པོ་ནི། དལ་ཞིང་རྒྱུ་བ་མེད་པའི་ཁམས། །དག་པའི་ཤེལ་ལྟར་སྣང་བ་ནི། །འདི་ནི་ཆུ་ཡི་དཀྱིལ་འཁོར་ཏེ། །རྡོ་རྗེའི་མགོན་པོ་རྒྱུ་བའོ། །ཞེས་པའོ། །གཉིས་པ་ནི། ཡེ་ཤེས་ཀྱི་རང་བཞིན་དལ་ཞིང་ཕྱོགས་གཅིག་ཏུ་རྒྱུ་བ་མེད་པར་ཡེ་ཤེས་ཀྱི་ཁམས་དག་པའི་ཤེལ་ལྟར་དྲི་མ་མེད་ཅིང་འོད་གསལ་བ་འདི་ནི་ཆུའི་དཀྱིལ་འཁོར་རྡོ་རྗེའི་མགོན་པོ་ཐུགས་ཀྱི་རྡོ་རྗེའི་རྒྱུ་བ་ཡིན་པས་དབུ་མར་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་ལྷན་ཅིག་ཏུ་ཡི་གེ་ཧཱུཾ་གི་རྣམ་པས་ཐུགས་རྡོ་རྗེའི་བཟླས་པ་བྱས་ན་འོད་གསལ་འགྲུབ་སྟེ། དེ་ལྟར་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བཟླས་པ་བཞིན་དབྱུང་བ་དང་། རྔུབ་པ་དང་། གནས་པ་དང་། བདེ་བ་ཆེན་པོར་རོ་མཉམ་པར་བྱ་བའི་བཟླས་པ་སྟེ། དེ་དག་ཡི་གེ་དང་སྦྱར་ན། ཨོཾ་ཨཱ་ཧཱུཾ་ཨཾཿཞེས་པ་བཞི་དང་སྦྱར་ན་སྣང་མཆེད་ཐོབ་གསུམ་འོད་གསལ་བ་དང་བཞིའི་བཟླས་པ་སྟེ། དེ་ལྟར་བཟླས་པ་རྣམས་གྲུབ་ན་ནང་དུ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་རྣམས་ནི་ཕྱི་རོལ་དུ་ཚངས་པ་དང་། ཁྱབ་འཇུག་དང་། ཞི་བ་རྣམས་སྟོབས་དང་ལྡན་པ་ལྟར་རྡོ་རྗེ་གསུམ་ནི་ནང་གི་ཚངས་པ་སོགས་སུ་འགྱུར་ཏེ། གསང་བ་འདུས་པའི་འགྲེལ་པ་མཐའ་དྲུག་ཆེན་མོར་ཀླུ་སྒྲུབ་ཀྱིས། ཇི་སྐད་དུ། སྐུ་ཡི་རྡོ་རྗེ་འཛིན་ཚངས་པ། །གསུང་གི་རྡོ་རྗེ་དབང་ཕྱུག་ཆེ། །ཐུགས་ཀྱི་རྡོ་རྗེ་ཁྱབ་འཇུག་ཉིད། །རྩ་བའི་རྒྱུད་དུ་ངེས་གསུངས་པ། །རྡོ་རྗེ་སེམས་དཔར་བདག་ཉིད་སྦྱོར། །ཞེས་རང་འགྲེལ་དུ་དྲངས་ཏེ་གསུངས་པས་སོ། །ལྔ་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཁམས་ཀུན་ལས་ནི་ཡང་དག་འབྱུང་། །རྟེན་དང་བརྟེན་པས་བཟུང་བ་ནི། །རྣམ་པར་སྣང་མཛད་རང་བཞིན་ཏེ། །འཆི་བའི་མཐར་ནི་འབྱུང་བར་འགྱུར། །ཞེས་པའོ། །གཉིས་པ་ནི། གཞུང་འདིའི་དོན་ནི་འདི་ལྟར་གོ་སྟེ། དོན་ལ་འཕོ་ཆུང་གི་ནང་ཚན་ལས་གཞན་པའི་ནམ་མཁའི་རླུང་དང་སྲོག་ཆེན་པོའི་རླུང་རྣམ་གྲངས་སུ་མཛད་ནས་གསུངས་པའི་རྒྱུད་ཚིག་ཡིན་པས་སྲོག་རླུང་ངོས་བཟུང་བའི་ཚེ་ན། ཀུན་གཞིའི་རྣམ་ཤེས་རྒྱུར་བཅས་པ། །ཇི་ལྟར་ཆང་རོས་མྱོས་པ་བཞིན། །ཉོན་མོངས་ཅན་ཡིད་སྲོག་རླུང་ཉིད། །སྐད་ཅིག་ལ་ཡང་ཡང་དག་འགྲོ། །ཞེས་ཕ་མའི་ཁམས་དཀར་དམར་དང་ཁུ་ཁྲག་ལྷན་ཅིག་ཏུ་འདྲེས་པ་གསོ་བར་བྱེད་པའི་ཁམས་ཀུན་ལས་འབྱུང་ཞིང་ཀུན་གཞིའི་རྣམ་ཤེས་རྟེན་དང་བརྟེན་པའི་ཚུལ་དུ་བཟུང་བའི་སྲོག་རླུང་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་མཉམ་ཉིད་དང་མེ་ལོང་ཡེ་ཤེས་ཀྱི་རིགས་ཡིན་ཞེས་པ་སྟེ། དེ་ནི་འཆི་འཕོ་བའི་ཚེ་ན་དཀར་དམར་གྱི་བར་ནས་གནས་གཞན་དུ་འབྱུང་བར་འགྱུར་བའོ། །ཞེས་སོ། །དྲུག་པ་ནི། དཀྱིལ་འཁོར་བཞི་པོ་དེ་དག་ནི། །མཉམ་པར་བཞག་པས་རྟག་ཏུ་བཟློས །ཤེས་པ་སྟེ། གོང་དུ་བཤད་པའི་ས་ཆུ་མེ་རླུང་གི་དཀྱིལ་འཁོར་བཞི་པོ་དེ་མཉམ་པར་བཞག་པའི་རྣལ་འབྱོར་པས་རྡོ་རྗེའི་བཟླས་པ་བཞི་ཁོ་ན་བྱའོ། །ཞེས་པའི་དོན་ནོ། །བདུན་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཤེས་གསུངས་དོན་ནི་བཟླས་པ་ཡི། །དག་པ་བསྟན་ཏེ་གོང་མ་དང་། །འགལ་བའི་ཐེ་ཚོམ་བསྐྱེད་མི་བྱ། །ཞེས་པའོ། །གཉིས་པ་ནི། རྒྱུད་ཚིག་ལ་ལོག་རྟོག་ཤས་ཆེ་བའི་གང་ཟག་ལ་ལ་ན་རེ། བཟླས་པ་བཞིར་ངེས་པ་མི་འཐད་དེ། ཁམས་ཀུན་ལས་ནི་ཞེས་པའི་མཁའ་རླུང་ལ་ཡང་བཟླས་པ་ཡོད་པས་སོ། །ཞེ་ན། རྒྱུད་ལས་ཀྱང་རླུང་རྣམས་འདིར་གསུངས་པའི་གོ་རིམ་དང་ཚིག་རིས་ཇི་ལྟ་བ་བཞིན་གསུངས་པས། དཀྱིལ་འཁོར་བཞི་པོ་དེ་དག་ནི་ཞེས་གསུངས་པའི་དོན་ནི། བཟླས་པ་ལ་བཞིར་གྲངས་ངེས་པའི་དག་པ་བསྟན་པ་ཡིན་པས་གོང་མ་དང་འགལ་བའི་ཐེ་ཚོམ་ངན་པ་བསྐྱེད་པར་མི་བྱའོ། །འོན་ཀྱང་བཟླས་པ་བཞི་པོ་འཁོར་ལོའི་སྣ་རྩེ་རྣམས་སུ་བཅིངས་པའི་ཚེ་ན་སྲོག་དང་ནམ་མཁའི་བཟླས་པ་ཞར་ལ་འགྲོ་བའི་ཚུལ་ཁོང་དུ་ཆུད་པར་བྱའོ། །གསུམ་པ་བཟླས་པ་བྱ་བའི་ཐབས་བསྟན་པས་མཇུག་བསྡུ་བ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ལྟར་རླུང་ནི་སྣ་རྩེར་ནི། །ཁ་དོག་ལྔ་པར་རྣམ་པར་སྒོམ། །སྔགས་བཟླས་པ་ཡི་གྲངས་ཀྱིས་ནི། །ཉིན་མཚན་རྟག་ཏུ་བཟློས་ཤེས་བཤད། །ཅེས་པའོ། །གཉིས་པ་ཚིག་གི་དོན་ནི། དེ་ལྟར་རླུང་བཞི་པོ་དེ་དག་སྟེང་འོག་བར་གསུམ་གྱི་སྣ་རྩེ་གསུམ་པོ་གང་རུང་དུ་ཁ་དོག་ལྔ་པའི་གོང་བུར་རྣམ་པར་བསྒོམས་ཏེ་སྔགས་བཟླས་པའི་གྲངས་ཀྱིས་ནི་རྣལ་འབྱོར་པས་ཉིན་མཚན་དུས་རྟག་ཏུ་མཉམ་པར་བཞག་པས་བཟླས་ན། རྡོ་རྗེ་བཞི་ཐོབ་ནས་འཆི་བ་མེད་པའི་གོ་འཕང་ཐོབ་པར་འགྱུར་རོ། །ཡང་རྒྱུད་དང་། གསུང་སྒྲོས་ཚད་ལྡན་ལས། འཁོར་ལོ་བཞིའི་དབུས་སུ་མགྲིན་པར་པདྨའི་མགོན་པོ། སྤྱི་བོར་ལས་ཀྱི་མགོན་པོ། སྙིང་གར་རྡོ་རྗེ་མགོན་པོ། ལྟེ་བར་རིན་ཆེན་མགོན་པོའི་རང་བཞིན་གྱི་རྡོ་རྗེའི་བཟླས་པ་སྒོམ་པར་གསུངས་པས། དེ་ལྟར་དུ་བྱ་སྟེ། འཁོར་ལོའི་དབུས་རྣམས་ལ་སྣ་རྩེ་ཞེས་པའི་ཐ་སྙད་དོན་གྱིས་ཐོབ་པའི་ཕྱིར་ཏེ། ཇི་སྐད་དུ། རྡོ་རྗེ་འཕྲེང་བ་ལས། པད་འདབ་དྲུག་བཅུ་རྩ་བཞི་ལ། །རྩ་ཡི་འཁོར་ལོ་རིམ་བཞིན་འཆར། །དེ་ཡི་ལྟེ་བ་སྣར་ནི་བཤད། །གསང་བར་བདེ་བ་ཐམས་ཅད་སྟེར། །སྙིང་གའི་པདྨ་འདབ་མ་བརྒྱད། །དེ་ཡང་ལྟེ་བ་སྣར་ནི་བརྗོད། །ཞེ་སྡང་ཉིད་ཀྱི་སེམས་ནི་སྒོམ། །ཞེས་གསུངས་པས་སོ། །ཡང་རྒྱུད་དེ་ཉིད་ལས། འོག་གི་སྣ་རྩེ་དང་། དབུས་ཀྱི་སྣ་རྩེ་དང་། གདོང་གི་སྣ་རྩེ་དང་གསུམ་དུ་གསུངས་ཤིང་། གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་བཅིང་བ་དང་། སྙིང་གར་སྔགས་ཀྱི་ཐིག་ལེ་དང་། གདོང་དུ་རླུང་གི་ཐིག་ལེ་འཆིང་བའི་ཐ་སྙད་ཀྱང་གསུངས་ཏེ། དེ་ཉིད་ལས། དེ་ནས་གཞན་ཡང་བཤད་ཀྱི་ཉོན། །སྣ་རྩེ་གསུམ་གྱི་མཚན་ཉིད་ནི། །གསང་བ་སྙིང་ག་གདོང་སྣའི་མིང་། །གསུམ་པོ་རྒྱུད་ལས་གསལ་བ་ནི། །འཁོར་ལོ་གསུམ་གྱི་དབྱེ་བ་ཡིས། །རྣལ་འབྱོར་པ་ཡི་སྒོམ་པའི་རིམ། །ཞེས་པ་དང་། རླུང་གི་དེ་ཉིད་སྦྱོར་བ་ཡིས། །རྩ་ཡི་འཁོར་ལོ་སད་པར་བྱེད། །བདེ་བ་ཆེན་པོ་ཀུན་ནས་སྐྱེས། །ཞེས་པ་དང་། གསང་བའི་སྣ་རྩེར་རྫས་ཐིག་ལེ། །ཡང་དག་བཟུང་བའི་བདག་ཉིད་ཅན། །ཆགས་ཆེན་སེམས་ནི་གཅིག་བུ་ཡིས། །རྣལ་འབྱོར་མཆོག་ཏུ་ཤེས་པར་བྱ། །ཞེས་དང་། གདོང་གི་སྣ་ནི་ཞེས་བྱར་བཤད། །རླུང་རྣམས་གནས་ཀྱི་མཚན་ཉིད་དང་། །དེ་ལ་གནས་པའི་ཡེ་ཤེས་ཆེ། །ཐིག་ལེ་གཏི་མུག་གིས་གནོན་ཡིད། །ཅེས་གསུངས་པས་སོ། །རྒྱུ་མཚན་དེས་ན། བློ་ཆུང་བ་དག་གིས་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་བཞེད་པ་དང་། སེམས་འགྲེལ་རྣམས་འགལ་བར་བསམ་པར་མི་བྱ་སྟེ། དགོངས་པ་མཐུན་པས་སོ། །བཞི་པ་འཇུག་སྒོ་ཕན་ཡོན་དང་བཅས་པ་བཤད་པ་ལ། འཇུག་སྒོ་བཤད། བཟུང་ཐབས་བཤད། ཕན་ཡོན་བཤད་པ་དང་གསུམ། དང་པོ་ལ། རྩ་བ་དང་། ཚིག་དོན་བཤད་པ་གཉིས་ལས། དང་པོ་ནི། འཇུག་སྒོ་སྟེང་ནས་སྣ་བུག་གཉིས། །ཁ་དང་འོག་ཏུ་ལམ་གསུམ་དང་། །ལུས་ཀུན་ཡིན་ཏེ་རྣམ་པ་བཞི། །ཞེས་པའོ། །གཉིས་པ་ནི། བླ་མ་དམ་པ་རྣམས་ཀྱི་མན་ངག་ལས་འབྱུང་བ་ལྟར། མེ་རླུང་དང་རླུང་གི་རླུང་ནི་སྣ་བུག་ནས་འཇུག་པ་དང་། ཆུ་རླུང་ཁ་ནས་དང་། ས་རླུང་འོག་གི་ལམ་ནས་དང་། མ་ནིང་གི་རླུང་ནི་ལུས་ཐམས་ཅད་ནས་འཇུག་སྟེ། དེ་ལྟར་ཡང་བླ་མ་མར་པའི་ཞལ་ནས། ཕྱི་སྒོ་གཉིས་པོ་སྟེང་ནས་སྡོམ། །ནང་གི་སྒོ་གཉིས་འོག་ནས་སྡོམ། །མཆོད་ཁང་སྒོ་ནི་དབུས་ནས་སྡོམ། །ཞེས་གསུངས་པས་སོ། །གཉིས་པ་ལ། དག་པ་བགྲང་ཞིང་བརྩི་བ་ལ་བརྟེན་ནས་བཟུང་བའི་ཐབས། མི་རྟོག་རྒྱ་ཡན་ལ་བརྟེན་ནས་བཟུང་བའི་ཐབས། ཁ་དོག་དང་དབྱིབས་ལ་བརྟེན་ནས་བཟུང་བའི་ཐབས། བུམ་པ་ཅན་ལ་བརྟེན་ནས་བཟུང་བའི་ཐབས་དང་བཞི། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། བཟུང་ཐབས་དབྱུང་རྔུབ་གནས་བཟློག་དང་། །དག་པ་བགྲང་ཞིང་བརྩི་བ་སྟེ། །ཞེས་སོ། །གཉིས་པ་ནི། དེ་ཡང་ཐུན་མོང་བའི་སྡེ་སྣོད་རྣམས་ལས་ཀྱང་། འདོད་ཆགས་ཤས་ཆེ་བ་དག་གིས་མི་སྡུག་པ་སྒོམ་པ་དང་། རྣམ་རྟོག་ཤས་ཆེ་བ་དག་གིས་རླུང་སྦྱོར་ཚུལ་དྲུག་གསུངས་ཏེ། མངོན་པ་མཛོད་ལས། འདོད་ཆགས་རྣམ་རྟོག་ལྷག་རྣམས་ལ། །ཞེས་པ་དང་། མཛོད་ཀྱི་རང་འགྲེལ་ལས། བགྲང་དང་རྗེས་འགྲོ་འཇོག་པ་དང་། །རྟོག་པ་དང་ནི་བསྒྱུར་བ་དང་། །ཡོངས་དག་རྣམ་པ་དྲུག་ཏུ་འདོད། །ཅེས་གསུངས་པ་ལྟར་རྣམ་རྟོག་ཤས་ཆེ་བ་དག་གིས་བགྲང་ཞིང་བརྩི་བ་ལ་བསླབ་པའི་ཚུལ་ནི། གནས་དབེན་པར་ལུས་གནད་བཅོས་ལ། སེམས་རྣལ་དུ་བཞག་སྟེ། དབུགས་འབྱུང་བ་དང་རྔུབ་པ་ལ་སེམས་འཛིན་པ་སྟེ། དབུགས་ཉི་ཤུ་རྩ་གཅིག་ནས་ཆུ་སྲང་དང་ཆུ་ཚོད་ཀྱི་བར་ལ་སོགས་པར་གྲངས་མ་འཆོལ་བར་བཟུང་བའོ། །རྗེས་སུ་འགྲོ་བ་ནི། དེའི་འོག་ཏུ་རླུང་འདི་ལུས་ཐམས་ཅད་དུ་འཇུག་གམ་ཕྱོགས་འགའ་ཞིག་ཏུ་འཇུག་ཅེས་ལུས་ཐམས་ཅད་ཀྱི་མཐར་ཐུག་པར་འགྲོ་བ་དང་བཟློག་པ་ལ་དམིགས་པའོ། །དེའི་འོག་ཏུ་འཇུག་པ་ནི་ཐམས་ཅད་ལ་ཁྱབ་པར་རྣམ་པར་མི་རྟོག་པ་ལ་སེམས་འཛིན་པའོ། །དེའི་འོག་ཏུ་རྟོག་པ་ནི། རླུང་གི་ངོ་བོ་མི་དམིགས་པར་རྟོག་པའོ། །དེའི་འོག་ཏུ་བསྒྱུར་བ་ནི། དེ་ནས་རླུང་དམིགས་པའི་བློ་གོང་ནས་གོང་དུ་བསྒྱུར་བའོ། །དེའི་འོག་ཏུ་ཡོངས་དག་ནི། དེ་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་གཉེན་པོའི་ལམ་རྣམས་ལ་འགྲོ་བ་དང་འོང་བའི་བློ་བཀག་ནས་ཞི་གནས་རླུང་མེད་པའི་མར་མེ་ལྟ་བུའི་གསལ་དངས་ལྷང་ངེ་བ་ལ་ཞུགས་པས། རང་བཞིན་གྱིས་སྣང་བ་དང་སྟོང་པ་དབྱེར་མེད་པས་དོན་དམ་སྤྲོས་བྲལ་ལ་འཇུག་པས་ན་རྣམ་པར་དག་ཅེས་བརྗོད་པའོ། །ཚུལ་འདི་མདོ་རྒྱུད་གཉིས་ཀ་ལས་བསྟན་ཏེ། རྒྱུད་རྣམས་ལས་རྟེན་རླུང་བཅིངས་ན་བརྟེན་པ་སེམས་ཀྱང་རླུང་སེམས་དབྱེར་མེད་ཀྱི་ཚུལ་དུ་འཆིང་བར་གསུངས་པ་དང་། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས་ཀྱང་། ཚུལ་འདི་ལྟ་བུ་རྒྱས་པར་གསུངས་པའི་རྗེས་སུ། དེ་བཞིན་དུ་འགྲོ་བ་དང་འོང་བ་རྗེས་སུ་དྲན་པས་བཟུང་བར་བསམ་གཏན་དག་ལ་ཞུགས་པ་ནི་ཡང་དག་པའི་ཆོས་དོན་དམ་པ་ལ་གནས་པའི་སེམས་ཅན་ཞེས་བྱའོ། །བསམ་གཏན་ཡང་དག་ཇི་ལྟ་བ་བཞིན་དུ་སྒོམ་པ་ཞེས་བྱའོ། །ཞེས་གསུངས་པས་སོ། །གཉིས་པ་མི་རྟོག་རྒྱ་ཡན་ལ་བརྟེན་ནས་འཆིང་བ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། མི་རྟོག་རྒྱ་ཡན་བཅིང་བ་ནི། །ཞི་གནས་བསྐྱེད་པར་གསུངས་པ་ཡིན། །ཞེས་སོ། །གཉིས་པ་ནི། སོ་སོར་སྡུད་པའི་མན་ངག་ལ་བརྟེན་ནས་འཛིན་པ་དང་། ཕྱག་རྒྱ་ཆེན་པོ་རྟོག་མེད་ཀྱི་མན་ངག་ལ་བརྟེན་ནས་འཛིན་པ་ཡིན་ཏེ། དེ་ཡང་དང་པོའི་སྒྲ་དོན། རྣམ་ཤེས་དྲུག་གཟུགས་སྒྲ་སོགས་ཡུལ་ལ་མི་འཕྲོ་བར་སོ་སོ་ནས་སེམས་སྡུད་པའི་དོན་དང་། གཉིས་པ་ནི་རྣམ་རྟོག་གང་སྐྱེས་ཀྱང་། རྗེས་སུ་མི་འབྲང་བར་དེའི་ངོ་བོ་ལ་བལྟས་པས་མི་རྟོག་པར་ཟིན་པའོ། །འདི་ལ་ལུང་གི་སྤྲོས་པ་མང་དུ་འདུག་ཀྱང་། མངས་བས་འཇིགས་ནས་མ་བྲིས་སོ། །གསུམ་པ་ལའང་། རྩ་ཚིག་གཉིས་ལས། དང་པོ་ནི། ཁ་དོག་དབྱིབས་ལ་རྣམ་པར་སྦྱངས། །མངོན་ཤེས་ཟད་པར་འབྱུང་བའི་རྒྱུ། །ཞེས་པའོ། །གཉིས་པ་ནི། སྔར་རླུང་སོ་སོའི་ཁ་དོག་བཤད་པ་ལྟར་ཁ་དོག་ལ་སེམས་བཞག་པས། ཅུང་ཟད་བརྟན་པ་ཐོབ་ནས་གསལ་སྣང་འབྱུང་བ་དེའི་ཚེ། དེ་ཉིད་ཀྱི་རྣམ་པ་ཕྱི་དང་ནང་གི་ས་ཆུ་སོགས་འབྱུང་བ་དང་། སྔོ་སེར་སོགས་ཁ་དོག་དང་དབྱིབས་ཀྱི་གཟུགས་གང་འགྲུབ་པར་འདོད་པ་དེ་ལ་དམིགས་ནས་སེམས་བརྟན་པར་གྱུར་ན་ཟད་པར་གྱི་ཏིང་ངེ་འཛིན་འགྲུབ་ཏེ། དཔེར་ན་ཡུམ་གྱི་མདོར། དཀར་པོ་ལ་སྐར་མ་པ་ཝ་སངས་ཀྱི་མདོག་ལྟ་བུ་མ་བཅོས་པའི་དཔེ་དང་། ཡུལ་ཝ་ར་ན་སེའི་གོས་ཀྱི་མདོག་ལྟ་བུ་བཅོས་མའི་དཔེ་གཉིས་གཉིས་ཀྱིས་བསྒྲུབ་པའི་ཚུལ་རྒྱ་ཆེར་གསུངས་པ་ལྟར་རོ། །ཡང་རང་གི་སྙིང་གར་དྲི་མ་མེད་པའི་ཀུན་གཞིའི་རྣམ་ཤེས་ཟླ་བའི་དཀྱིལ་འཁོར་ལྟར་དམིགས་ལ། གཞན་གྱི་རྣམས་ཤེས་དམིགས་པས་བཀུག་ལ་དེ་དང་བསྲེས་ནས་བསྒོམས་པས་གཞན་སེམས་ཤེས་པའི་མངོན་ཤེས་འབྱུང་བ་དང་། རང་གི་མིག་ཏུ་པདྨ་དངས་པའི་ལྟེ་བར་ཐིག་ལེ་ཁ་དོག་ལྔ་པ་བསྒོམས་ལ་ཡུལ་སྣ་ཚོགས་བསྲེས་ན་མིག་གི་མངོན་ཤེས་འཆར་བ་སོགས་མངོན་ཤེས་ལྔ་ཡང་འགྲུབ་པ་ཡིན་ཏེ། འདི་དག་ནི། སློབ་དཔོན་ཀུན་སྙིང་དང་། སྐལ་ལྡན་གྲགས་པའི་གསང་འདུས་འགྲེལ་པ་རྣམས་ལས་འབྱུང་བ། རྗེ་ཉིད་ཀྱིས་ཐབས་བཞི་ཆོས་འཁོར་གྱི་འགྲེལ་པ་སོགས་ཡིག་ཆ་མང་པོར་གསུངས་པ་དང་། རྡོ་རྗེ་འཕྲེང་བ་ལས་ཀྱང་། ཁམས་གསུམ་རོ་ཅིག་གྱུར་ནས་ནི། །དགུག་དབང་ཆོ་ག་བཞིན་དུ་བྱ། །ཞེས་གསུངས་པའོ། །བཞི་པ་ལའང་། རྩ་ཚིག་གཉིས་ལས། དང་པོ་ནི། བུམ་ཅན་སྟེང་འོག་བར་གསུམ་དང་། །རྣམ་གྲོལ་བཅས་པས་ལས་ཀུན་བྱེད། །ཅེས་པའོ། །གཉིས་པ་ནི། རླུང་བུམ་པ་ཅན་བཟུང་བའི་ཚུལ་ནི་རྒྱུད་འགྲེལ་ལ་མཁས་པའི་བླ་མའི་མན་ངག་ལ་བརྟེན་ནས་རྩ་དག་པའི་སྦྱོར་བ་བསྒོམས་ལ། དེ་ནས་ལྟེ་བའི་གཏུམ་མོ་ཧོཿཡིག་གམ་ཨ་ཤད་ཙཎྜྻ་ལི་ལ་དམིགས་ནས་སྟེང་རླུང་མནན། འོག་རླུང་གྱེན་དུ་འཐེན་ཏེ་ལྟེ་བར་ཁ་སྦྱོར་དུ་བསྒོམས་ལ་རླུང་འགྲོ་མེད་དང་། ཐིག་ལེ་འཕོ་མེད་དུ་འཆིང་ཞིང་། རྟགས་སྣ་ཚོགས་ཤར་བ་ལ་དམིགས་ནས་བར་སྐབས་སུ་རྒྱུད་འགྲེལ་ལས་གསུངས་པ་ལྟར་སེང་གེ་རྣམ་རོལ་གྱི་འཁྲུལ་འཁོར་ཡང་བྱ་སྟེ། དེ་ནི་སྒྱུ་མ་ཆེན་མོ་ལས་ཕན་ཡོན་དང་བཅས་པར་གསུངས་པས་སོ། །དེ་ལྟར་སྦྱངས་པས་སྟོང་གཟུགས་སྣ་ཚོགས་མཐོང་ཞིང་། དེ་རྗེས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་དང་། དེ་ནས་ལོ་གསུམ་ཕྱོགས་གསུམ་ན་རྡོ་རྗེ་འཆང་ཉིད་འགྲུབ་ཏེ། ཇི་སྐད་དུ། དུས་ཀྱི་འཁོར་ལོ་ལས། སྟོང་པ་ལ་ནི་དུ་བ་སོགས་ལམ་བླ་མའི་ངེས་པའི་དབང་གིས་གཟུགས་བརྙན་མཚམས་སུ་སྒོམ་པར་བྱ། །དེ་ནས་རྩ་ཡི་འཁོར་ལོ་རྣམས་སུ་སྲོག་དང་ཐུར་སེལ་རླུང་ནི་བརྟན་པ་དག་ཀྱང་བྱེད་པ་སྟེ། །ཕྱི་ནས་ཟླ་བ་ངེས་པར་འགོག་པ་གཟའ་བཞིན་དབྱེར་མེད་བྱང་ཆུབ་སེམས་ནི་རྣལ་འབྱོར་པ་ཡིས་སོ། །དེ་ནས་གང་ཞིག་ཅུང་ཟད་འདོད་པ་དག་ནི་ཉིན་ཞག་འགའ་ཡིས་སྐྱེ་བ་འདི་ལ་ཐོབ་པར་འགྱུར། །ཞེས་གསུངས་པའི་དོན་ནོ། །གསུམ་པ་ཕན་ཡོན་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཕན་ཡོན་རྣམ་པ་བརྒྱད་ཡིན་ཏེ། །ཉི་ཟླ་སྒྲ་གཅན་གཙོ་བོ་གསུམ། །དུག་གསུམ་རྣམ་རྟོག་འཇོམས་པ་དང་། །རྡོ་རྗེ་རྣམ་གསུམ་ཐོབ་བྱེད་ཡིན། །དེ་ནི་ཉི་མའི་ཡོན་ཏན་གསུངས། །གཟུགས་སྒྲ་དྲི་རོ་རེག་བྱ་ཡི། །ཡུལ་ལྔ་དབང་བྱེད་ཟླ་བའི་རླུང་། །དེ་ནི་གཟུང་འཛིན་དག་བྱེད་ལ། །བརྟན་དང་སྣུམ་དང་གསལ་དང་མགྱོགས། །དག་ཅིང་ཤེས་རབ་ཆེ་ལྡན་པ། །ས་སོགས་ལུས་ལ་ཡོན་ཏན་བཤད། །ཅེས་པའོ། །གཉིས་པ་ནི། རྐང་པ་དང་པོ་ནི་ཕན་ཡོན་ཐམས་ཅད་ཀྱི་གྲངས་མདོར་བསྟན་པ་དང་། ལྷག་མ་དག་གི་དོན་ནི། གཡས་ཉི་མའི་རླུང་དང་། གཡོན་ཟླ་བའི་རླུང་དང་། དབུས་སྒྲ་གཅན་གྱི་རླུང་དང་གསུམ་པོ་ནི། རླུང་གི་གཙོ་བོ་དང་ཡོན་ཏན་ཐམས་ཅད་ཀྱི་གཞི་ཡིན་ལ། དེ་ཡང་རླུང་གསུམ་ལས་སུ་རུང་ཞིང་ཐིག་ལེ་གསུམ་གནད་དུ་བཅིངས་ན་རྡུལ་མུན་སྙིང་སྟོབས་གསུམ་དང་། དུག་གསུམ་གྱི་རྣམ་རྟོག་དག་ནས་རྡོ་རྗེ་གསུམ་ཐོབ་པ་དང་རླུང་དང་བྱང་སེམས་འཛག་མེད་དུ་འཆིང་བས་ཉི་མའི་ཡོན་ཏན་གསུམ་ནི་འོག་ཏུ་འབྱུང་ཞིང་། ཐུར་སེལ་གྱི་རླུང་ནི་ཟླ་བའི་རང་བཞིན་འོག་ཏུ་འབབ་པ་ཡིན་ཀྱང་། དེའི་ཡོན་ཏན་ནི་སྟེང་དུ་གཟུགས་སྒྲ་དྲི་རོ་རེག་བྱའི་ཡུལ་ལྔ་ལ་དབང་བྱེད་པས་ཡུལ་ལྔ་ལ་བརྟེན་པའི་གཟུང་འཛིན་གྱི་རྟོག་པ་ལྔ་དག་པ་ནི་ཟླ་བའི་ཡོན་ཏན་ཡིན་ལ། དོན་ལ་ཡོན་ཏན་བརྒྱད་ནི་བཟུང་འཛིན་གྱི་རྣམ་རྟོག་བརྒྱད་དག་པ་ཡིན་ནོ། །འོན་ཀྱང་གནས་སྐབས་ཀྱི་ཡོན་ཏན་ནི་སློབ་དཔོན་ཆེན་པོ་ཏི་པུ་པས། རླུང་ལྔ་ཟིན་པ་ན། སའི་ཡོན་ཏན་ལུས་བརྟན། ཆུས་སྣུམ། མེས་མདངས་གསལ། རླུང་གིས་མགྱོགས་པ་དང་། ནམ་མཁའི་ཡོན་ཏན་ཤེས་རབ་ཆེ་བ་ལ་སོགས་པ་འབྱུང་བར་གསུངས་སོ། །ལྔ་པ་འཁོར་འདས་ཐམས་ཅད་རླུང་གི་རང་བཞིན་ཡིན་པར་བསྟན་པ་ལ། རྣམ་པར་རྟོག་པ་ལ་རླུང་གི་མིང་གིས་བརྗོད་དུ་རུང་བར་བསྟན་པ། སེམས་རང་བཞིན་གྱི་འོད་གསལ་བ་རླུང་ཐམས་ཅད་ཀྱི་གཞི་ཡིན་པར་བསྟན་པ། གཉེན་པོ་ཡེ་ཤེས་ལ་རླུང་གི་མིང་འདོགས་སུ་རུང་བར་བསྟན་པ། ཁམས་གསུམ་གྱི་སེམས་དང་སེམས་ལས་བྱུང་བ་ལ་རླུང་གི་མིང་འདོགས་སུ་རུང་བར་བསྟན་པ། རླུང་གི་སྐྱོན་ཡོན་བསྟན་པས་མཇུག་བསྡུ་བ་དང་ལྔ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། མདོར་ན་རླུང་ནི་རྟོག་པ་སྟེ། །གཡོ་དང་འཕྲོ་དང་གཞན་བསྐྱོད་བྱེད། །ཅེས་པའོ། །གཉིས་པ་ནི། མདོར་བསྡུ་ན། ཇི་སྐད་བཤད་པའི་རླུང་ཐམས་ཅད་རྣམ་པར་རྟོག་པར་གསུངས་ཏེ། རླུང་དུ་འདོགས་པའི་མཚན་ཉིད་ཀྱི་ཆོས་གསུམ་ཚང་བའི་ཕྱིར་ཏེ། ཡུལ་གཞན་ལ་གཡོ་བའི་ཕྱིར་དང་། ཡུལ་གཞན་དུ་འཕྲོ་བའི་ཕྱིར་དང་། གཞན་ཡུལ་ལ་བསྐྱོད་པར་བྱེད་པའི་ཕྱིར་རོ། །འདི་དག་ནི་ཇི་སྐད་དུ་རྡོ་རྗེ་ཕྲེང་བ་ལས། དེ་ནས་གཞན་ཡང་བཤད་ཀྱི་ཉོན། །རྣམ་རྟོག་རླུང་ནི་རྣམ་པར་གཅོད། །ཉིན་དང་མཚན་དུ་ཤེས་པར་ནི། །བརྒྱ་དང་བརྒྱད་ནི་ལྷག་པར་རྒྱུ། །རླུང་རྣམས་དེ་ཡི་རྣམ་རྟོག་ནི། །གང་ཕྱིར་རྣམ་པར་གཅོད་པར་བྱེད། །ཅེས་པ་དང་། རྣལ་འབྱོར་ཆེན་པོ་ཡེ་ཤེས་ཆེ། །དེ་ཉིད་ཆེན་པོ་རྨད་བྱུང་ཆེ། །ངེས་པར་བསྒོམས་པས་ཡང་དག་ནི། །རྣམ་རྟོག་རླུང་ནི་འཇོམས་པར་བྱེད། །ཅེས་གསུངས་པ་དང་གནད་གཅིག་ཏུ་ཤེས་པར་བྱའོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། སེམས་ཉིད་གསལ་ལ་མི་རྟོག་པ། །ངོ་བོ་ཡེ་ཤེས་རླུང་ཆེན་པོ། །ཞེས་པའོ། །གཉིས་པ་ནི། སེམས་ཉིད་རང་བཞིན་གྱི་འོད་གསལ་བ་ནི་རླུང་གི་རྩ་བ་དང་། དེ་ཡང་ངོ་བོ་རང་བཞིན་གྱིས་སྟོང་པ་ཡིན་པས་ན། ཡེ་ཤེས་ཀྱི་རླུང་ཆེན་པོ་ཞེས་བརྗོད་པ་ཡིན་ཏེ། གཞོམ་མེད་ཀྱི་ནཱ་ད་ལ་ཨ་ཡིག་གི་མིང་དུ་བརྗོད་པ་བཞིན་ནོ། །གསུམ་པ་ལ་ཡང་། རྩ་ཚིག་གཉིས་ལས། དང་པོ་ནི། གཉེན་པོ་ཡེ་ཤེས་རླུང་ཆེན་ནི། །ཡང་དག་རྟོག་པའི་འདུ་བྱེད་བཤད། །ཅེས་པའོ། །གཉིས་པ་ནི། གཟུང་འཛིན་གྱི་རྟོག་པའི་གཉེན་པོ་ཡེ་ཤེས་ལ་ཡང་རླུང་དུ་བརྗོད་པ་ཡིན་ཏེ། རྣམ་རྟོག་མེད་པའི་རླུང་དུ་བཤད་པའི་ཕྱིར། ཇི་སྐད་དུ། རྡོ་རྗེ་ཕྲེང་བ་ལས། རྣམ་རྟོག་མེད་པའི་རླུང་ཆེན་པོ། །གཉིས་པ་ཐམས་ཅད་རྣམ་པར་སྤངས། །ཤེས་གསུངས་པས་སོ། །བཞི་པ་ལ་ཡང་། རྩ་ཚིག་གཉིས་ལས། དང་པོ་ནི། ཀུན་གཞི་ལ་གནས་ཉོན་ཡིད་ནི། །གཏི་མུག་བསྐྱེད་པའི་རླུང་དུ་བཤད། །འདུ་བྱེད་ཡེ་ཤེས་སྣང་ཆ་ལ། །གཞན་རྟོག་ཆགས་པའི་རླུང་ཞེས་བྱ། །རྣམ་ཤེས་བླང་དོར་དཔྱོད་པའི་རླུང་། །ཞེ་སྡང་རླུང་སྟེ་དེས་བསྐྱེད་ནས། །ཤེས་པའོ། །གཉིས་པ་ནི། ཁམས་གསུམ་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་དུག་གསུམ་དང་འབྲེལ་བའི་ཕྱིར་རླུང་དུ་བརྗོད་དེ། ཀུན་གཞི་ནི་ཡུལ་ལ་གཡོ་ཞིང་ཉོན་ཡིད་ལ་སོགས་པ་བསྐྱེད་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་ནི་བདག་ཏུ་འཛིན་པའི་ལྟ་བ་དང་གཏི་མུག་ལ་སོགས་པ་བསྐྱེད་ཅིང་། སེམས་ཡུལ་ལ་མངོན་པར་འདུ་བྱས་པའི་རྣམ་རྟོག་རྣམས་ཀྱིས་ནི་སེམས་ཀྱི་རང་ངོ་ཡེ་ཤེས་ཀྱི་སྣང་ཆ་ཡུལ་འོད་ལྔའི་རྣམ་པ་གཞན་མ་ཡིན་པ་ལ་གཞན་དུ་རྟོག་པས་ཡིད་དུ་འོང་བ་ལ་སྲེད་ཅིང་ལེན་པའི་ཆགས་པ་སྐྱེ་བས་འདོད་ཆགས་ཀུན་དུ་གཡོ་བའི་ཕྱིར། ཆགས་པའི་རླུང་དང་། རྣམ་པར་ཤེས་པའི་ཚོགས་དྲུག་པོས་ནི་ཡུལ་གྱི་གནས་ཚུལ་རང་གི་ངོ་བོར་མ་རྟོགས་པས། བླང་དོར་གྱི་བློས་དཔྱོད་པའི་ཕྱིར་རླུང་དུ་བཤད་ལ། ཞེ་སྡང་ནི་ཡུལ་ཡིད་དུ་མི་འོང་བ་ལ་ཁོང་ཁྲོ་བསྐྱེད་པའི་ཕྱིར་རླུང་དུ་བཤད་པས་སོ། །ལྔ་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཁམས་གསུམ་རླུང་གི་འདུ་བྱེད་ཅེས། །གསུངས་པས་སྐྱོན་དང་ཡོན་ཏན་ཀུན། །རླུང་བརྟེན་དེ་ལྟར་རྟོགས་བྱས་ནས། །རླུང་གི་སྦྱོར་ཤེས་ཕ་རོལ་འགྲོ། །རླུང་གིས་འཁོར་བར་འཁོར་བྱེད་ལ། །དེ་གཅོད་བྱེད་པའང་འགྲུབ་པར་འགྱུར། །ཞེས་བཤད་བརྒྱུད་རྡོ་རྗེ་ཕྲེང་བའི་ལུང་འདི་གསུངས་པ་དང་། གཞན་ཡང་ཇི་སྐད་དུ། སླར་ཡང་སྲོག་གི་རླུང་ཤར་བས། །ལས་ཀྱི་རླུང་ནི་སྣ་ཚོགས་པ། །དེ་ནི་ལྷན་ཅིག་རྣམ་ཤེས་དང་། །སླར་ཡང་འཇིག་རྟེན་གསུམ་དུ་གནས། །དེ་ལས་ལས་དང་དེ་ལས་སྐྱེས། །དེ་ལས་ཆགས་སོགས་བག་ཆགས་དང་། །དེ་ལས་སླར་ཡང་འཆི་དང་སྐྱེ། །དེ་ལྟར་འཁོར་ལོ་བསྐོར་བ་འདྲ། །ཞེས་གསུངས་པ་རྣམས་སོ། །གཉིས་པ་ནི། ཁམས་གསུམ་གྱི་སེམས་སེམས་བྱུང་དང་སེམས་ཀྱི་ཆོ་འཕྲུལ་གྱི་དངོས་པོ་ཐམས་ཅད་ལ་རླུང་གི་འདུ་བྱེད་དུ་གསུངས་པས། ཆགས་སྡང་དང་གཟུང་འཛིན་ལ་སོགས་པའི་སྐྱོན་དང་། གཉེན་པོ་ཡེ་ཤེས་ལ་སོགས་པའི་ཡོན་ཏན་ཀུན་རླུང་ལ་བརྟེན་ནས་དེ་དང་དེ་ལྟར་དུ་རྟོགས་པར་བྱས་ནས་རླུང་གི་སྦྱོར་བ་ཤེས་ན་འཁོར་བ་སྤངས་ནས་ཕ་རོལ་མྱ་ངན་ལས་འདས་པར་འགྲོ་ཞིང་། རླུང་དང་རྣམ་རྟོག་གི་གནས་ཚུལ་མ་ཤེས་པར་དེའི་རྗེས་སུ་འབྲངས་ན་སླར་ཡང་འཁོར་བར་འཁོར་ལ། གནད་དང་གནས་ཚུལ་ཤེས་ན་འཁོར་བ་གཅོད་པར་བྱེད་པའང་འགྲུབ་པར་འགྱུར་རོ། །གསུམ་པ་དོན་བསྡུ་བ་ནི། ཕྱི་ནང་རླུང་མིང་བྱེད་ལས་ཀུན། །རྒྱལ་བས་མདོ་རྒྱུད་ལས་གསུངས་པ། །འདིར་ནི་བསྡུས་ཏེ་བསྟན་པ་ཡིན། །ཞེས་པ་སྟེ། དེ་ལྟར་ཕྱི་ནང་དུ་རྒྱུ་བའི་རླུང་ཐམས་ཅད་ཀྱི་མིང་དང་། བྱེད་ལས་ཀུན་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མདོ་དང་རྒྱུད་སྡེ་ཀུན་ལས་གསུངས་པ་བཞིན། གོང་དུ་ལུས་འགྲུབ་པའི་སྐབས་དང་། ལེའུ་འདིར་བསྡུས་ཏེ་བསྟན་པ་ཡིན་ནོ་ཞེས་པའོ། །གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་ལས་རླུང་གི་རྒྱུ་ཚུལ་བསྟན་པ་སྟེ་བཞི་པའོ། །ཞེས་སོ། །རླུང་བཅུའི་ངོ་བོ་གནས་དང་བྱེད་ལས་བཅས། །རྒྱུ་ཚུལ་རྒྱུད་སྡེ་སོ་སོའི་བཞེད་པ་དང་། །འཇུག་ས་བཟུང་ཐབས་ཕན་ཡོན་དང་བཅས་པ། །རྒྱུད་དང་མཐུན་པའི་ངག་གིས་གསལ་བར་བཤད། །ཅེས་པ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པའི་བསྟན་བཅོས་ཀྱི་ཚིག་དོན་གསལ་བར་བྱེད་པའི་ལེགས་བཤད་ནོར་བུ་རིན་པོ་ཆེའི་ཕྲེང་བ་ལས་རླུང་བསྟན་པའི་ལེའུ་རྣམ་པར་བཤད་པ་སྟེ་བཞི་པའོ།། ༈ །།ལྔ་པ་ཐིག་ལེ་ཇི་ལྟར་རྒྱུ་ཚུལ་བཤད་པའི་ལེའུ་ལ། དངོས་དང་། ལེའུའི་མཚན་བསྟན་པ་གཉིས་ལས། དང་པོ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བ་དང་གསུམ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ནས་རྩ་དང་རླུང་བརྟེན་ནས། །ཐིག་ལེ་གནས་དང་རྒྱུ་ཚུལ་ནི། །རྩ་བ་སྤྲོས་བྲལ་ཐིག་ལེ་དང་། །འཁྲུལ་པ་མ་རིག་ཐིག་ལེ་དང་། །དེ་ཡི་གཉེན་པོ་ཐིག་ལེ་གསུམ། །ཞེས་པའོ། །གཉིས་པ་ནི། རླུང་གི་ལེའུ་བཤད་ཟིན་པ་དེ་ནས་རྩ་དང་རླུང་ལ་བརྟེན་ནས་གནས་པའི་ཐིག་ལེ་གནས་པ་དང་རྒྱུ་བའི་ཚུལ་བཤད་པ་ནི་རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་དང་འཁྲུལ་བ་མ་རིག་པའི་ཐིག་ལེ་དང་དེའི་གཉེན་པོར་གྱུར་པའི་ཐིག་ལེ་གསུམ་གྱི་སྒོ་ནས་སོ། །ཐིག་ལེ་གསུམ་གྱི་རྣམ་བཞག་འདི་ནི། དཔལ་གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་གསུངས་ཤིང་། དཔལ་ས་ར་ཧ་པའི་ཞལ་སྔ་ནས་ཀྱང་། ཐིག་ལེ་གསུམ་དང་ཡིད་དྲན་པ་དང་དྲན་པ་མེད། ཅེས་པ་དང་། གཞན་རྒྱུད་སྡེ་དུ་མ་ལས། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ལུགས་གཞོམ་མེད་ཀྱི་ནཱ་ད་དང་། མི་ཤིགས་པའི་ཐིག་ལེ་ཉག་ཅིག་གི་ངོ་བོར་གནས་པར་གསུངས་ཚུལ་དཔག་ཏུ་མེད་ཀྱང་། འདིར་རྒྱས་པར་མ་སྤྲོས་སོ། །གཉིས་པ་ལ། རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་བཤད། འཁྲུལ་པ་མ་རིག་པའི་ཐིག་ལེ་མདོར་བསྟན། རྫས་ཀྱི་ཐིག་ལེ་རྒྱས་པར་བཤད། གཉེན་པོ་ཡེ་ཤེས་ཀྱི་ཐིག་ལེ་འཆིང་བའི་ཚུལ་བཤད། ཞར་ལ་སྐྱོན་བསལ་ཚུལ་བསྟན་པ་དང་ལྔ་ལས། དང་པོ་ལ། ངོ་བོ་བཤད། སྒྲུབ་བྱེད་ཀྱི་ཡུལ་རྟགས་བཤད། རྟགས་བཅུ་མཐོང་བའི་ཡུལ་ཅན་གྱི་ཤེས་པ་མ་འཁྲུལ་བར་བསྟན། དེ་རང་བཟོ་མ་ཡིན་པར་བསྟན་པ་དང་བཞི། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དང་པོ་རང་སེམས་ལྷན་ཅིག་སྐྱེས། །ངོ་བོ་སྟོང་པ་སྤྲོས་བྲལ་ཏེ། །རང་བཞིན་གསལ་བ་ལོངས་སྤྱོད་རྫོགས། །འགག་མེད་ཐུགས་རྗེ་ཅིར་ཡང་འགྲུབ། །ཅེས་པའོ། །གཉིས་པ་ནི། དེ་ལ་རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་ནི། རང་གི་སེམས་འཁོར་འདས་དབྱེར་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས། ངོ་བོ་སྟོང་། རང་བཞིན་གསལ། རྣམ་པ་འགག་པ་མེད་པ་ཐུགས་རྗེས་ཅིར་ཡང་འགྲུབ་པ་དང་ལྡན་པ་སྟེ། དེ་སྐད་དུ་ཡང་། ཡང་དག་སྦྱོར་བའི་རྒྱུད་ལས། སྤྱི་བོའི་ནང་དུ་གླད་པ་ནི། །གང་ཞིག་གནས་པ་དེ་རུ་གསུངས། །དེ་ནང་ཧཾ་གི་རྣམ་པ་ཉིད། །ཐིག་ལེའི་གཟུགས་ཅན་མི་ཤིགས་པ། །འཇིག་རྟེན་ཀུན་གྱི་རྩ་བ་སྟེ། །བརྟན་པའི་བདག་ཉིད་གཡོ་བའི་བདག །གསལ་དང་མི་གསལ་གཟུགས་ལས་ནི། །ས་བོན་གཟུགས་ཀྱི་ཡང་དག་གནས། །ཤེས་པ་དང་། གང་དེ་རྫོགས་པའི་བྱང་ཆུབ་སེམས། །གོང་བུར་གྱུར་པ་རྙོག་པ་མེད། །འཁོར་བའི་ལམ་ནི་རྣམ་བཅད་ཅིང་། །སྤྲོས་པ་ཉེར་ཞི་དགེ་བ་སྟེ། །གཉིས་མེད་མཆོག་ཏུ་དག་པ་ཉིད། །དཔལ་ལྡན་རྡོ་རྗེ་སེམས་དཔའི་གཟུགས། །ཤྲཱི་ནི་ཧེ་རུ་ཀ་ཞེས་བརྗོད། །ཅེས་སྤྲོས་པ་དང་བྲལ་བའི་ཐིག་ལེ་དེ་ཉིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བར་གསུངས་པས་སོ། །དེ་ཡང་ངོ་བོ་སྟོང་པ་ཆོས་སྐུ། །རང་བཞིན་གསལ་བ་ལོངས་སྐུ། རྣམ་པ་སྣ་ཚོགས་ཀྱི་རྩལ་འགག་པ་མེད་པ་དང་ཐུགས་རྗེས་ཅིར་ཡང་འགྲུབ་པ་ནི་སྤྲུལ་སྐུ་ཡིན་པས་སྐུ་གསུམ་གྱི་རང་བཞིན་དུ་བཤད་ཟིན་པ་དང་། འཆད་འགྱུར་ལས་ཤེས་པར་བྱའོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་གསུམ་རྟགས་ནི་ད་ལྟ་ཡང་། །ཐམས་ཅད་སྟོང་པར་སྣང་བ་དང་། །དབྱིངས་རིག་རྟགས་བཅུ་འཆར་བ་དང་། །ཡུལ་སྣང་ནུས་པ་འབྱིན་པ་སྟེ། །གསུམ་པོ་སླུ་མེད་ཡུལ་རྟགས་ཡིན། །ཞེས་པའོ། །གཉིས་པ་ནི། དེའི་རྟགས་ཇི་ལྟ་བུ་ཞེ་ན། དེ་གསུམ་ཡོད་པའི་རྟགས་ནི་ད་ལྟ་ཡང་། །དངོས་པོ་ཐམས་ཅད་ཀྱི་རང་བཞིན་ནི་སྟོང་པ་ཉིད་ལས་མ་འདས་པའི་དོན་ཡིན་པས། ལུང་རིགས་སམ་རྣལ་འབྱོར་པས་བསྒོམས་པའི་སྟོབས་ལ་བརྟེན་ནས། ད་ལྟ་ཡང་དངོས་པོ་ཐམས་ཅད་སྟོང་པར་སྣང་བ་སྟེ་དཔེ་རིམ་བཞིན་དུ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཐག་ཆོད་པའི་ངེས་ཤེས་དང་། རྣལ་འབྱོར་པས་སྟོང་ཉམས་སྣང་སེམས་འདྲེས་པའི་ཚེ་ན། རི་ར་བ་ཁང་ཁྱིམ་ལ་སོགས་པ་ཐོགས་བཅས་ཀྱི་དངོས་པོ་ཐམས་ཅད་ལ་ཐོགས་མེད་ཏུ་རྒྱུ་བ་ལྟ་བུ་ཡིན་ནོ། །རང་བཞིན་གསལ་བ་ལོངས་སྤྱོད་རྫོགས་པའི་རྟགས་ནི། བླ་མའི་ངེས་པ་ལ་བརྟེན་ནས་སྦྱོར་བ་ཡན་ལག་དྲུག་གི་རྣལ་འབྱོར་ལ་གོམས་པའི་རྣལ་འབྱོར་པའི་མིག་གི་ཡུལ་དུ། དུ་བ། སྨིག་སྒྱུ། མེ་ཁྱེར། མཁའ་སྣང་། མར་མེ། ཟླ་བ། ཉི་མ། མེ་འབར། ཐིག་ལེ། འཇའ་ཚོན་འགྲོ་བ་སོགས། གཟུགས་སྣ་ཚོགས་པའི་རྟགས་བཅུ་འཆར་བ་ཡིན་ཏེ། དེ་དག་ཀྱང་ཇི་སྐད་དུ། བསྡུས་རྒྱུད་ལས། ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམ་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡིས། །སྟོང་པ་ལས་ནི་དུ་བ་སྨིག་སྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང་། །འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། །དེ་ཡི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་པར་བྲལ་བ་དུ་མ་ལོངས་སྤྱོད་པ་ཡི་སྐུ། །ནམ་མཁའ་ཆུ་འཛིན་བྲལ་བ་དག་ལ་རྣལ་འབྱོར་པ་ཡིས་བསྒྲད་པའི་མིག་གིས་བལྟ་བར་བྱ་བ་སྟེ། རེ་ག་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་མཐོང་བར་གྱུར་གྱི་བར་དུའོ། །ཞེས་གསུངས་པ་ལྟ་བུའོ། །འགག་མེད་ཐུགས་རྗེ་སྤྲུལ་སྐུའི་རྟགས་ནི། མིག་ཤེས་ལ་སོགས་པའི་རྣམ་ཤེས་ཚོགས་དྲུག་གི་རང་སྣང་གི་ཡུལ་སྣང་གི་ནུས་པ་མིག་གིས་གཟུགས་སྣ་ཚོགས་མཐོང་བ་ལ་སོགས་པ་སོ་སོར་འབྱིན་པ་ལྟ་བུ་སྟེ། གསུམ་པོ་ནི། སླུ་བ་མེད་པའི་ད་ལྟར་གྱི་ཡུལ་རྟགས་ཡིན་ནོ། །གསུམ་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཡུལ་ཅན་དེར་འབྲེལ་ཤེས་པའོ། །དེ་ནི་རྟོག་བྲལ་མ་འཁྲུལ་བ། །རྩ་བ་སྤྲོས་བྲལ་ཐིག་ལེ་ཡིན། ཞེས་པའོ། །གཉིས་པ་ནི། སྤྲུལ་སྐུའི་ཡུལ་རྟགས་འཛིན་པའི་རྣམ་ཤེས་ཀྱི་ཆ་འཁྲུལ་ཀྱང་། ལོངས་སྐུའི་རྟགས་དབྱིངས་རིག་དབྱེར་མེད་ཀྱི་རྟགས་བཅུ་འཛིན་པའི་ཡུལ་ཅན་གྱི་ཡེ་ཤེས་ནི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་ཤེས་པ་ཡིན་ཏེ། དེ་ནི་རྣམ་ཤེས་དང་ཡེ་ཤེས་དབྱེར་མེད་པའི་རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་ཅུང་ཟད་དག་པའི་ཆ་ཡིན་པའི་ཕྱིར། དཔེར་ན་གཡའ་དང་བཅས་པའི་མེ་ལོང་གི་ཕྱོགས་གཅིག་དག་པའི་ཆ་དང་། སྤྲིན་བཅས་ཀྱི་ནམ་མཁའི་མཐའ་ཅུང་ཟད་དག་པ་ལྟ་བུའོ། །ཞེས་བྱ་བ་འདི་གཞུང་དོན་ཡིན་པར་གོར་མ་ཆག་གོ །དེ་ལ་རྟོག་བྲལ་མ་འཁྲུལ་བའི་དོན་གང་ཞེ་ན། ཡུལ་གང་དང་གང་ལ་དམིགས་ནས་འདི་ནི་འདི་ལྟ་བུའོ་སྙམ་དུ་འཛིན་པ་དང་བྲལ་ནས་གང་ལ་ཡང་མི་རྟོག་པ་སྟེ། རྣལ་འབྱོར་མངོན་སུམ་ནི་ཡང་དག་པའི་དོན་ལ་རྩེ་ཅིག་ཏུ་མི་རྟོག་པའི་ངང་ལ་འཇོག་ཅིང་། བསླད་པ་མ་ཞུགས་པའི་སྒོ་ནས་ཡོད་མེད་དང་། ཡིན་མིན་ལ་སོགས་པའི་སྒྲོ་འདོགས་དང་བྲལ་བའོ། །འདི་དག་ནི་ཇི་སྐད་དུ། ཡང་དག་སྦྱོར་བའི་རྒྱུད་ལས། །ཆོས་དབྱིངས་ཤིན་ཏུ་མཉམ་པ་ཉིད། །ཆུ་ཤིང་ལྟ་བུར་ཡོངས་སུ་བཟུང་། །སྟོང་པ་སྒོམ་པར་མི་བྱ་སྟེ། །སྟོང་མིན་སྒོམ་པར་མི་བྱའོ། །སྟོང་པ་མི་སྤོང་རྣལ་འབྱོར་པས། །སྟོང་མིན་ཡོངས་སུ་མི་སྤང་ངོ་། །སྟོང་དང་སྟོང་མིན་བཟུང་བ་ལས། །རྟོག་པ་ཉུང་མིན་སྐྱེ་བར་འགྱུར། །ཡོངས་སུ་སྤངས་ན་ཀུན་རྟོག་ཏེ། །དེ་ཕྱིར་དེ་གཉིས་ཡོངས་སུ་སྤང་། །གཉིས་ཀྱི་བཟུང་བ་ཡོངས་སྤངས་པ། །རྣམ་གྲོལ་གནས་དང་བྲལ་བ་སྟེ། །ང་ཞེས་བྱ་བའི་ཀུན་རྟོག་འདི། །དེ་ཕྱིར་དེ་ནི་ཡང་དག་སྤངས། །རྣམ་པ་མེད་ཅིང་དགོས་པ་མེད། །འདོད་པ་མེད་ཅིང་སྡིག་པ་བྲལ། །ཐོག་མ་མཐའ་མའི་རྟོག་ལས་གྲོལ། །ནམ་མཁའ་ལྟ་བུར་མཁས་པས་སྒོམ། །ཞེས་གསུངས་པ་དང་། བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་ཆོས་དབྱིངས་བསྟོད་པར། ཡིད་གཙོར་གྱུར་པའི་ཆོས་རྣམས་ལ། །རྟོག་དང་བཏགས་པ་རྣམ་སྤངས་ནས། །ཆོས་རྣམས་རང་བཞིན་མེད་པ་ཉིད། །ཆོས་ཀྱི་དབྱིངས་སུ་སྒོམ་པར་བྱ། །མཐོང་དང་ཐོས་དང་བསྣམས་པ་དང་། །མྱངས་དང་རེག་པར་གྱུར་པ་དང་། །ཆོས་རྣམས་དེ་ལྟར་རྣལ་འབྱོར་པས། །ཤེས་ན་མཚན་ཉིད་རྫོགས་པ་ཡིན། །མིག་དང་རྣ་བ་སྣ་དག་དང་། །ལྕེ་དང་ལུས་དང་དེ་བཞིན་ཡིད། །སྐྱེ་མཆེད་དྲུག་པོ་རྣམ་དག་པ། །འདི་ཉིད་དེ་ཉིད་མཚན་ཉིད་དོ། །སེམས་ཉིད་རྣམ་པ་གཉིས་སུ་མཐོང་། །ཇི་ལྟར་འཇིག་རྟེན་འཇིག་རྟེན་འདས། །བདག་ཏུ་འཛིན་ལས་འཁོར་བ་སྟེ། །སོ་སོར་རིག་ན་དེ་ཉིད་དོ། །འདོད་ཆགས་ཟད་པས་མྱ་ངན་འདས། །ཞེ་སྡང་གཏི་མུག་ཟད་པ་དང་། །དེ་དག་འགགས་པ་སངས་རྒྱས་ཉིད། །ལུས་ཅན་ཀུན་གྱི་སྐྱབས་ཉིད་དོ། །ཞེས་གསུངས་པ་དང་། སློབ་དཔོན་དབང་པོ་རྡོ་རྗེའི་ཕྱག་རྒྱ་བཞི་རིམ་རང་འགྲེལ་དུ་དྲངས་པ་ལས། མངོན་སུམ་རྟོག་བྲལ་རྒྱུན་བསྲིངས་ནས། །བསྒོམས་སོ་ཞེས་ནི་ཐ་སྙད་འདོགས། །ཤེས་གསུངས་པ་དང་། གྲུབ་པའི་དབང་ཕྱུག་མདའ་བསྣུན་གྱིས་ཀྱང་། ཇི་སྐད་དུ། མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་གང་མཐོང་བ་དེ་དེ་ཉིད། །ཅེས་སོགས་གསུངས་པ་དང་། །གཞན་ཡང་མདོ་རྒྱུད་བསྟན་བཅོས་དག་ལས། རྟོག་བྲལ་སྒོམ་པའི་ཚུལ་དཔག་ཏུ་མེད་པ་གསུངས་ཀྱང་། སྤྲོས་པ་དེ་ཙམ་གྱིས་མཆོག་གོ །འདིར་ཐིག་ལེའི་སྒྲ་དོན་ནི་ལེགས་སྦྱར་དུ། ཏི་ལ་ཀ་ཞེས་པ་སྟེ། བོད་སྐད་སྒྲ་དྲང་ཐད་དུ་ཐིག་ལེ་དང་། དོན་འགྱུར་གྱི་དབང་དུ་བྱས་ན། བདེ་བ་ཆེན་པོའི་སྙིང་པོའི་དོན་ཡིན་པར་རང་འགྲེལ་ལས་བཤད་དོ། །བཀའ་བཞི་པ་རིན་ཆེན་བཟང་པོས་འགྲེལ་བཤད་དུ། ཐིག་གི་དོན་འཁོར་འདས་སམ། མཐའ་གཉིས་སུ་མ་ཡོ་བར་དྲང་པོར་གནས་པའི་དོན་དང་། ལེ་ནི་བི་མ་ལས་བཤད་པ་ལྟར། སྣང་བ་དུ་མ་བདལ་བའི་དོན་དུ་འཆད་པ་ནི། སྒྲ་དོན་དུ་འགྱུར་བར་མ་མངོན་ཏེ། སྒྲ་བཤད་ན་ཏི་ལ་ཀ་ཞེས་པའི་ལེགས་སྦྱར་བཤད་དགོས་པ་ལས་དེར་ཡང་དེ་ལྟར་དུ་མ་ངེས་པའི་ཕྱིར་རོ། །གཉིས་པ་ནི། རྒྱས་པར་མདོ་རྒྱུད་ཀུན་ལས་གསུངས། ཤེས་པ་སྟེ། དེ་དག་གི་ཚུལ་རྒྱས་པར་ནི་མདོ་རྒྱུད་ཀུན་ལས་གསུངས་པའི་ཕྱིར། བསྟན་བཅོས་རྩོམ་པ་པོའི་རང་བཟོ་མ་ཡིན་ཞེས་པའོ། །གཉིས་པ་འཁྲུལ་པ་མ་རིག་པའི་ཐིག་ལེ་མདོར་བསྟན་པ་ལ། དངོས་དང་། དེ་ཉིད་ལུང་དང་སྦྱར་བ་དང་གཉིས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། འཁྲུལ་པ་མ་རིག་ཐིག་ལེ་ནི། །མ་རིག་འདུ་བྱེད་རྣམ་ཤེས་ལས། །ཀུན་བཏགས་མིང་བཞི་ལས་བསྒྱུར་བ། །བཏགས་པ་སྔགས་ཀྱི་ཐིག་ལེ་དང་། །གཞན་དབང་ཡིད་ཀྱི་ནུས་པ་ལ། །རླུང་གི་ཐིག་ལེ་ཞེས་སུ་བཤད། །ཡུལ་སྣང་གཟུགས་ཀྱི་ཕུང་པོ་ལ། །ཁམས་ལྔ་རྫས་ཀྱི་ཐིག་ལེ་ཞེས། །ཤེས་པའོ། །གཉིས་པ་ནི། རྫས་ཀྱི་ཐིག་ལེ་ལ་སོགས་པ་འཁྲུལ་པ་མ་རིག་པའི་ཐིག་ལེ་འདི་དག་ནི། ཀུན་བཏགས་དང་གཞན་དབང་གཉིས་ལས་ཕྱེ་བ་ཡིན་ཞིང་། ཡོངས་གྲུབ་ནི་གོང་གི་སྤྲོས་བྲལ་གྱི་ཐིག་ལེ་ཡིན་ནོ། །དེ་ཡང་སྔགས་ཀྱི་ཐིག་ལེ། རླུང་གི་ཐིག་ལ། ཁམས་ལྔ་རྫས་ཀྱི་ཐིག་ལེ་གསུམ་གྱི་མཚན་གཞི་ནི། རྒྱུ་མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་གསུམ་ལས། ཀུན་བཏགས་ཀྱི་ཆར་གྱུར་བའི། ཚོར་བ། འདུ་ཤེས། འདུ་བྱེད་རྣམ་ཤེས་ཏེ་མིང་གི་གཞིར་གྱུར་བའི་ཕུང་པོ་བཞི་ལ་དེ་དང་དེར་འཛིན་པའི་གཉེན་པོར་ལྷ་དང་སྔགས་དང་། རྣམ་རྟོག་སྤྱོད་པའི་ཐབས་སུ་གྱུར་པའི་བསྐྱེད་རིམ་གྱི་དབང་དུ་བྱས་པའི་ལྷ་དང་སྔགས་བཟླ་བ་རྣམས་སོ། །ཡང་གཞན་དབང་དུ་གྱུར་པའི་ཡུལ་ཅན་གྱི་ཤེས་པ་དེ་དག་དམིགས་རྐྱེན་དང་བདག་རྐྱེན་དང་དེ་མ་ཐག་རྐྱེན་གསུམ་ལ་བརྟེན་ནས་ཡུལ་ལ་གཡོ་བར་བྱེད་པ་ནི་རླུང་གི་བྱེད་པས་དེ་འཆིང་བའི་ཐབས་ལ་རླུང་གི་ཐིག་ལེ་ཞེས་བཤད་པ་ཡིན་ནོ། །མདོར་ན་བསྐྱེད་རིམ་གྱི་དབང་དུ་བྱས་པའི་སྔགས་དང་ཏིང་ངེ་འཛིན་རྣམས་ནི་ཀུན་བཏགས་སྔགས་ཀྱི་ཐིག་ལེ་ཡིན་པ་དང་། རྫོགས་རིམ་རྣམ་པར་མི་རྟོག་པའི་སྔགས་དང་ཏིང་ངེ་འཛིན་རྣམས་ནི་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཏུ་འདོད་དགོས་ཏེ། དེ་ནི་སྤྲོས་བྲལ་གྱི་ཐིག་ལེ་ཡིན་པའི་ཕྱིར། ཁམས་ལྔ་རྫས་ཀྱི་ཐིག་ལེ་ནི་དབང་ཤེས་ལྔའི་ཡུལ་དུ་སྣང་བའི་འབྱུང་བ་དང་། འབྱུང་གྱུར་གྱི་ཆོས་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ། གཟུགས་ཀྱི་ཕུང་པོར་གྱུར་པ་རྣམས་ཡིན་ཏེ་རྒྱས་པར་ནི་འོག་ཏུ་འཆད་དོ། །གཉིས་པ་དེ་ཉིད་ལུང་དང་སྦྱར་བ་ནི། རྒྱལ་བས་རྣལ་འབྱོར་རྒྱུད་དུ་གསུངས། །ཤེས་པ་སྟེ། ཚུལ་འདི་དག་འདིར་བཤད་པའི་གོ་རིམ་ཇི་ལྟ་བ་བཞིན་དུ། རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་འཕྲེང་བ་ལས་གསུངས་ཤིང་། སྤྱིར་ཚད་ལྡན་གྱི་རྒྱུད་སྡེ་ཀུན་ལས་གསུངས་ཤེས་པའི་དོན་ནོ། །གསུམ་པ་རྫས་ཀྱི་ཐིག་ལེ་རྒྱས་པར་བཤད་པ་ལ། བར་དོའི་རྐྱེན་ཉེ་བར་སྦྱོར་བའི་ཚུལ། དངས་མ་ཇི་ལྟར་གནས་པའི་ཚུལ། སྙིགས་མ་ཇི་ལྟ་འབྱུང་བའི་ཚུལ། ཁམས་སུམ་ཅུ་སོ་དྲུག་གི་རྒྱས་བཤད། ཐིག་ལེ་འཕོ་བའི་ཚུལ་བཤད་པ་དང་ལྔ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ལ་རྫས་ཀྱི་ཐིག་ལེ་ལ། །ཕྱི་ནང་གཉིས་ཏེ་ནང་གི་དོན། །དང་པོ་སྐྱེ་བར་སྦྱོར་བའི་ཚེ། །བར་དོའི་ཤེས་པའི་ངོ་བོ་དེ། །ཕ་མའི་རྐྱེན་ལ་ཞེན་པ་ཡིས། །ཁམས་འགྱུར་གོང་དུ་བསྟན་པ་བཞིན། །ཞེས་པའོ། །གཉིས་པ་ནི། དེ་ལ་རྫས་ཀྱི་ཐིག་ལེ་ལ་ཕྱི་ནང་གཉིས་ལས། ནང་གི་ཐིག་ལེ་ཇི་ལྟར་འབྱུང་བའི་ཚུལ་ནི། དང་པོར་སྐྱེ་བ་ལེན་པའི་ཚེ་ན། བར་དོའི་ཤེས་པའི་ངོ་བོ་དེ་བག་ཆགས་ཉོན་མོངས་ཅན་གྱི་ཡིད་དང་ལྷན་ཅིག་ཏུ་ཕ་མའི་བྱང་སེམས་དཀར་དམར་ཕྲད་པའི་རྐྱེན་ལ་ཞེན་པའི་སྟོབས་ཀྱིས་དེར་ཞུགས་ནས་ཆང་རོས་མྱོས་པ་ལྟར་གྱུར་ནས་ནུར་ནུར་ལ་སོགས་པའི་ཚེ་ན། དབུ་མ་སྲོག་རླུང་དང་བཅས་པ་ཆགས་པའི་ཚེ་དབུ་མའི་ཡར་སྣར་ཕ་ལས་ཐོབ་པའི་དཀར་ཆ་དང་། མར་སྣར་མ་ལས་ཐོབ་པའི་དམར་ཆ་འབྱུང་བ་ཡིན་ཏེ། རྒྱས་པར་གོང་དུ་ལུས་འགྲུབ་ཚུལ་གྱི་སྐབས་སུ་བསྟན་པ་བཞིན་ཡིན་ནོ། །ཕྱིའི་རྫས་ཀྱི་ཐིག་ལེ་ནི་ཕྱིའི་གཟུགས་ཕུང་ལྟ་བུ་སྟེ་གོ་སླ་ཞིང་འོག་ཏུ་ཡང་འཆད་པར་འགྱུར་རོ། །གཉིས་པ་ལ། མདོར་བསྟན་དང་། རྒྱས་བཤད་གཉིས་ལས། དང་པོ་ནི། ད་ལྟར་གནས་ཚེ་དངས་སྙིགས་གཉིས། །རླུང་སེམས་དྭངས་མ་སྔར་བསྟན་ལ། །ཐིག་ལེའི་དྭངས་མ་དཀར་དམར་གཉིས། ཤེས་པ་སྟེ། དེ་ཡང་རླུང་སེམས་ཀྱི་དྭངས་མ་ནི། སྔར་རྒྱུ་རྐྱེན་སྤྱིར་བསྟན་པ་དང་། རྩའི་སྐབས་སུ་བསྟན་ཟིན་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ། ཕ་ལས་ཐོབ་པའི་དཀར་ཆ་ཇི་ལྟར་གནས་པའི་ཚུལ། མ་ལས་ཐོབ་པའི་དམར་ཆ་ཇི་ལྟར་གནས་པའི་ཚུལ། དེ་གཉིས་ཀྱི་མིང་གི་རྣམ་གྲངས་བཤད་པ། དེ་ཕྱི་རོལ་གྱི་གནས་དང་སྦྱར་བ་དང་བཞི་ལས། དང་པོ་ནི། དཀར་ཆ་དབུ་མའི་ཡར་སྣ་ན། །ཧཾ་གི་རང་བཞིན་ཡུངས་ཀར་ཙམ། །དཀར་ལ་སྣུམ་པ་ཤེལ་དང་མཚུངས། །ཕ་ལས་ཐོབ་པ་ཀུན་གྱི་མཆོག །ཅེས་པ་སྟེ། དེ་ཡང་དྭངས་མ་དཀར་ཆ་ནི། རྩ་དབུ་མའི་ཡར་སྣ་ན་གནས་ཤིང་། དེའི་རྣམ་པ་ནི་ཡིག་གེ་ཧཾ་གི་རྣམ་པ་ལྟ་བུའོ། །ཆེ་ཆུང་ནི་ཡུངས་ཀར་གྱི་ཚད་ཙམ་མོ། །ཁ་དོག་ནི་དཀར་ལ་སྣུམ་པ་སྟེ། དཔེར་ན་ཆུ་ཤེལ་ལྟ་བུའོ། །རྒྱུ་གང་ལས་བྱུང་ན་དང་པོར་སྐྱེས་པའི་ཚེ་ན་ཕ་ལས་ཐོབ་པ་བདེ་བ་འབྱུང་བའི་རྒྱུ་ཀུན་གྱི་མཆོག་ཡིན་ནོ། །ཞེས་པའོ། །གཉིས་པ་ནི། དམར་ཆ་རྩ་གསུམ་འདུས་ས་ན། །དམར་གསལ་རྒོད་མའི་མེ་འདྲ་བ། །ཨ་ཐུང་ཕག་མོའི་རང་བཞིན་ཏེ། །ཞེས་པ་སྟེ། འདི་ལ་ཡང་། ཁམས་དམར་ཆའི་གནས་ནི་རྩ་གསུམ་འདུས་ས་ནའོ། །ཁ་དོག་དམར་ལ་གསལ་བ་དང་། རེག་བྱ་རབ་ཏུ་ཚ་བའི་དཔེ་རྒོད་མའི་མེ་ལྟ་བུ་སྟེ། ཕྱི་རོལ་རྟ་གདོང་གི་མེ་རི་ལ་བརྗོད་དོ། །རྣམ་པ་ནི་ཨ་ཐུང་སྟེ། ཕག་མོའི་རང་བཞིན་ཨ་ཤད་གྱི་རྣམ་པ་ལྟ་བུའོ། །ཞེས་སོ། །གསུམ་པ་ནི། དཔྱིད་དང་ཐིག་ལེ་ཞེས་ཀྱང་བཤད། །དེ་གཉིས་ཀུན་གཞི་སྲོག་རླུང་རྟེན། །ཞེས་པ་སྟེ། འདིའི་དོན་ནི་བདེ་དགྱེས་རྩ་བཤད་ཆ་མཐུན་གྱི་རྒྱུད་དང་བཅས་པ་རྣམས་ལས། ཁམས་དཀར་ཆ་ལ་དཔྱིད་ཀྱི་ཐ་སྙད་དང་། དཔལ་ཧེ་རུ་ཀའི་ངོ་བོར་བཤད་ཅིང་། །དམར་ཆ་ལ་ཐིག་ལེའི་མིང་དང་། ཡུམ་རྡོ་རྗེ་ཕག་མོའི་ངོ་བོར་བཤད་ལ། དེ་གཉིས་པོ་ནི། ཀུན་གཞི་དང་སྲོག་ཆེན་པོའི་རླུང་གི་རྟེན་དུ་བཤད་དེ། ཇི་སྐད་དུ་ཁ་སྦྱོར་ལས། མི་ཤིགས་ཧཱུཾ་གི་ས་བོན་ནི། །ཁ་བ་ལྟ་བུར་འཛག་པ་ཉིད། །ལུས་ཅན་ཀུན་གྱི་སྙིང་དགའ་བ། །དཔྱིད་ཅེས་བྱ་བར་རྣམ་པར་བཤད། །ཅེས་པ་དང་། དཔའ་བོ་ཤྲཱི་ནི་ཧེ་རུ་ཀ། འདི་ནི་དཔྱིད་ཀྱི་ཐིག་ལེར་བརྗོད། ཅེས་དང་། རྒོད་མའི་མེ་ཡི་གཟུགས་ཀྱིས་ནི། །བདག་མེད་མ་ནི་ཐིག་ལེར་བརྗོད། །ལས་ཀྱི་རླུང་གིས་བསྐུལ་བ་ཡི། །ལྟེ་བ་དཀྱིལ་འཁོར་དུ་ནི་འབར། །ཞེས་གསུངས་པ་དང་། ཧེ་བཛྭ་ལས་ཀྱང་། ཁུ་བའི་རྣམ་པ་བཅོམ་ལྡན་ཉིད། །དེ་ཡི་བདེ་བ་འདོད་མར་བརྗོད། །ཅེས་པ་དང་། སམྦུ་ཊ་ལས། དེ་ཡི་ནང་གནས་དཔའ་བོ་ནི། །ཡུངས་ཀར་གྱི་ནི་སྦོམ་ཕྲ་ཙམ། །མི་ཤིགས་ཧཱུཾ་གི་ས་བོན་ནི། །ཁ་བ་ལྟ་བུར་འཛག་པ་ཉིད། །ལུས་ཅན་རྣམས་ཀྱི་སྙིང་དགའ་བ། །དཔྱིད་ཅེས་བྱ་བར་རྣམ་པར་བཤད། །རྒོད་མའི་མེ་ཡི་གཟུགས་ཀྱིས་ནི། །བདག་མེད་མ་ནི་ཐིག་ལེར་བརྗོད། །ཅེས་བྱ་བ་ལ་སོགས་པ་མ་རྒྱུད་ཀྱི་རྒྱུད་སྡེ་རྣམས་ལས། དཔྱིད་ཐིག་གི་རྣམ་བཞག་མང་དུ་གསུངས་ཀྱང་། སྤྲོས་པ་དེ་ཙམ་གྱིས་ཆོག་གོ །བཞི་པ་ནི། བྱང་ཆུབ་སྙིང་པོའི་ངོ་བོ་ཞེས། །སྡོམ་འབྱུང་རྡོ་རྗེ་མཁའ་འགྲོར་གསུངས། །ཤེས་པ་སྟེ། ཕྱི་རོལ་གྱི་གནས་ཉེ་བར་མཚོན་ན། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བྱང་ཆུབ་སྙིང་པོའི་གནས་རྡོ་རྗེ་གདན་དང་། ནང་དུ་ཀུན་གཞིའི་རྟེན་དབུ་མ་དཀར་དམར་དང་བཅས་པ་ཡིན་པར། བདེ་མཆོག་སྡོམ་འབྱུང་དང་། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་བཤད་ཅེས་ལུང་སྦྱོར་དང་བཅས་པ་སྟེ། རྒྱུད་དེ་གཉིས་ལས། སྤྱི་བོ་བདེ་ཆེན་འཁོར་ལོ་སྟེ། །པདྨ་འདབ་མ་བཞི་པ་ནི། །ཕྲ་བ་བྱང་ཆུབ་སེམས་ཀྱི་གནས། །ཐམས་ཅད་རྟེན་པའི་གཟུགས་ཡིན་པས། །བྱང་ཆུབ་སྙིང་པོའི་ངོ་བོ་ཉིད། །ཅེས་གསུངས་པས་སོ། །གསུམ་པ་སྙིགས་མ་ཇི་ལྟར་འབྱུང་བའི་ཚུལ་བཤད་པ་ལ། དཀར་དམར་གྱི་སྙིགས་མ་ཇི་ལྟར་འབྱུང་བའི་ཚུལ་བཤད་པ། སྤྱིར་དངས་མ་དང་སྙིགས་མའི་ཁམས་ཇི་ལྟར་འབྱུང་བའི་ཚུལ་བཤད་པ་དང་གཉིས། དང་པོ་ནི། དེ་བརྟེན་སྙིགས་ཀྱང་དངས་སྙིགས་གཉིས། །དམར་ཆ་མེས་བསྐྱེད་གྱེན་འགྲོ་ལ། །དཀར་པོ་སྤྱི་བོ་ནས་འོག་འགྲོ། །ཞེས་པ་སྟེ། དྭངས་མ་རྟེན་དང་བཅས་པ་དེ་ལ་བརྟེན་པའི་སྙིགས་མ་ལ་ཡང་དྭངས་སྙིགས་གཉིས་ཏེ། དམར་ཆ་ནི་ཨ་ཐུང་གི་མེས་བསྐྱེད་ཅིང་། མེ་ཡིན་པས་གྱེན་དུ་འགྲོ་ལ། སྙིགས་མའི་དྭངས་མ་དཀར་ཆ་ནི་ཧཾ་ཡིག་གི་ཆུས་བསྐྱེད་ཅིང་ཆུ་ཡིན་པས་སྤྱི་བོ་ནས་འོག་ཏུ་འགྲོ་བ་ཡིན་ནོ། །ཞེས་པའི་དོན་ནོ། །གཉིས་པ་ལ། བསྐྱེད་བྱེད་ཀྱི་རྒྱུ་བཤད་པ། ཇི་ལྟར་བསྐྱེད་པའི་ཚུལ་བཤད་པ། བསྐྱེད་བྱ་དྭངས་སྙིགས་ངོས་བཟུང་བ་དང་གསུམ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དང་པོ་སྦྱིན་བསྲེག་རྒྱུས་བསྐྱེད་པ། །ཕྱི་རོལ་ཟས་ཀྱི་དངོས་པོ་རྣམས། །བསྲེག་རྫས་ལག་པ་དགང་བླུགས་ཏེ། །ཁར་ནི་ཕུང་པོའི་ལྷ་ལ་མཆོད། །ཅེས་པའོ། །གཉིས་པ་ནི། དང་པོ་དྭངས་སྙིགས་ཀྱི་དངོས་པོ་རྣམས་ནི་ནང་གི་སྦྱིན་བསྲེག་གི་རྒྱུས་བསྐྱེད་པ་ཡིན་ཏེ། དེ་ཇི་ལྟར་ཞེ་ན། ཕྱི་རོལ་གྱི་བཟའ་བཏུང་གི་དངོས་པོ་རྣམས་ནི་བསྲེག་རྫས། རོ་བརྐྱང་གིས་བསྐྱེད་པའི་ལག་པ་གཉིས་ནི་དགང་གཟར་དང་། བླུགས་གཟར། ཁ་ནི་ཧོམ་ཁུང་། དེས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ལྷ་རྣམས་གསོ་བར་བྱེད་པ་སྟེ། ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་རྣམས་ལ་མཆོད་པར་བྱེད་པའོ། །ཚུལ་འདི་ཡང་། ཡང་དག་སྦྱོར་བའི་རྒྱུད་ལས། ཤེས་རབ་མེ་ནི་ཆེར་འབར་བར། །ནང་གི་ཁུ་བ་ལ་སོགས་དང་། །དེ་བཞིན་ཕྱི་རོལ་གཟུགས་སོགས་ཀྱི། །བསྲེག་རྫས་ཀྱིས་ནི་སྦྱིན་བསྲེག་བྱ། །སྐྱེ་མཆེད་དྲུག་དང་ཁམས་རྣམས་དང་། །ཕུང་པོ་ལ་སོགས་ཁྱད་པར་ལས། །དེ་རྣམས་ཀྱིས་ནི་གཟུགས་ཅན་ལྷ། །དེ་བཞིན་མཁའ་འགྲོ་མ་ཉིད་ནི། །དེས་ནི་དེ་མཆོད་གང་གི་ཕྱིར། །རྣལ་འབྱོར་མཆོད་པར་ཡང་དག་བཤད། །ཐོད་པ་འདི་ནི་མགོ་བོ་ཉིད། །བསྲེག་རྫས་ཀྱི་ནི་སྣོད་དུ་གསུངས། །བླུགས་གཟར་རོ་མར་བཤད་པ་སྟེ། །སྙིང་གའི་འཁོར་ལོར་བརྐྱང་མ་དག །དགང་གཟར་ཞེས་བྱར་ཡང་དག་བརྗོད། །ཐབ་ཁུང་ལྟེ་བའི་དཀྱིལ་འཁོར་དུ། །ལས་ཀྱི་རླུང་གིས་བསྐྱོད་པ་ཡི། །ཚངས་པའི་མེ་ནི་སུམ་མདོར་གནས། །སྒྲ་ནི་སྔགས་ཤེས་བརྗོད་པ་སྟེ། །བཟླས་པ་འཁོར་བར་བྱེད་པ་ཡིན། །སྡོམ་པ་མཚུངས་པར་སྣང་བ་ཉིད། །ཅེས་གསུངས་པ་དང་མཐུན་ནོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཕོ་བར་ལས་བྱེད་ལྷ་གསུམ་ཏེ། །མེ་མཉམ་རླུང་དང་བད་ཀན་ནི། །མྱགས་བྱེད་མཁྲིས་པ་མདོག་འགྱུར་གསུམ། །བསྲེག་བཞུས་སྦྱངས་ནས་དེ་ཡི་དངས། །མཆིན་པར་རྩ་ཆེན་བཞི་ལ་བརྒྱུད། །ཁྲག་ཆེན་གྱུར་ནས་རྩ་ཀུན་འགྲོ། ཞེས་པའོ། །གཉིས་པ་ནི། མེ་ལྷ་ཞལ་གསུམ་པའི་རྣམ་པ་ཅན་གྱི་འཕོ་བར་ལས་བྱེད་པའི་ལྷ་གསུམ་ནི། མེ་མཉམ་གྱི་རླུང་གིས་བསྲེག་པར་བྱེད་པ་དང་། བད་ཀན་མྱགས་བྱེད་ཀྱིས་མྱགས་པར་བྱེད་པ་དང་། །མཁྲིས་པ་མདོག་འགྱུར་གྱིས་མདོག་འགྱུར་བར་བྱེད་པ་དང་། དེ་རྣམས་ཀྱིས་བསྲེགས་བཞུས་སྦྱངས་ནས། དེ་དག་གི་དངས་མ་ནི་མཆིན་པ་རུ། ཟངས་མ། བྱ་སྔོན། བཤའ་རིངས། མཁྲེན་བུ་དང་། རྩ་ཆེན་པོ་བཞི་ལ་བརྒྱུད་དེ་ཁྲག་ཏུ་འགྲོ་ཞིང་། དེ་ནས་རྩ་ཐམས་ཅད་དུ་འགྲོ་བ་ཡིན་ནོ། །གསུམ་པ་ལ། དངས་མ་བཤད་པ་དང་། སྙིགས་མ་བཤད་པ་གཉིས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཁྲག་གིས་ཤ་བསྐྱེད་དེ་ལས་ཚིལ། །རུས་པ་རྐང་དང་ཕུ་བ་སྟེ། །ལུས་ཟུངས་དྭངས་མ་བདུན་ཞེས་བྱ། །ཞེས་པའོ། །གཉིས་པ་ནི། ཟས་སྐོམ་གྱི་དངས་མས་ཁྲག་བསྐྱེད་པའི་ཚུལ་དེས་ཁྲག་གིས་ཤ་བསྐྱེད་ཅིང་། ཤས་ཚིལ་བསྐྱེད་པ་དང་། ཚིལ་གྱིས་རུས་པ་དང་། དེས་རྐང་མར་དང་། དེས་ཁུ་བ་བསྐྱེད་པ་སྟེ། དེ་དག་ལ་ལུས་ཀྱི་ཟུངས་སུ་གྱུར་པའི་དངས་མ་བདུན་ཞེས་བྱ་བ་རྒྱུད་དུ་མ་དང་། གསོ་བ་རིག་པའི་བསྟན་བཅོས་ལས་ཀྱང་བཤད་དེ། དེ་སྐད་དུ། སློབ་དཔོན་དཔའ་བོས། ལུས་ཟུངས་དྭངས་མ་ཁྲག་དང་ཤ། །ཚིལ་དང་རུས་རྐང་ཁུ་བ་སྟེ། །གནོད་བྱ་བདུན་ཡིན་དྲི་མ་གཅིན། །གཤང་བ་རྡུལ་ལ་སོགས་པའང་ཡིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཕོ་བའི་སྙིགས་ལས་སྐ་སླ་གཉིས། །སྐ་བ་རྒྱུ་མར་བརྒྱུད་ནས་འགྲོ། །སླ་བ་རྒྱུ་སྒྲོག་ནས་སོང་ནས། །ལྒངས་པ་ནས་ནི་འབབ་པར་བྱེད། །ཁྲག་སྙིགས་མཆིན་ལས་མཁྲིས་པ་ནི། །བསྐྱེད་ནས་དེ་སྙིགས་འོག་ཏུ་འགྲོ། །མཁྲིས་སྙིགས་ཆུ་ཡི་ཀུ་ཡ་དང་། །དྲི་ཆེན་གྱི་དང་སེར་པོར་བྱེད། །ཤ་ཡི་སྙིགས་མ་ལྤགས་དྲི་མ། །ཚིལ་སྙིགས་རྨེན་བུར་གྱུར་པ་སྟེ། །རུས་སྙིགས་སོ་དང་སེན་མོ་ཡིན། །རྐང་སྙིགས་སྦུབས་ཀྱི་མཆིལ་བསྣབས་བཤད། །ཁུ་བའི་སྙིགས་མ་འོག་ཏུ་འབབ། །དངས་མ་སྟོབས་དང་ཁ་དོག་བྱེད། །དེ་ནི་སྤྱི་ཙམ་བཤད་པ་ཡིན། །ཞེས་པའོ། །གཉིས་པ་ཚིག་དོན་ནི། ཟས་ཀྱི་དྭངས་མ་རྣམས་རྩ་ཐམས་ཅད་དུ་བརྒྱུད་ཟིན་ནས་ཕོ་བར་ལུས་པའི་སྙིགས་མ་ལ་སྐ་སླ་གཉིས་ཏེ། སྐ་བ་རྒྱུ་མར་རྒྱུད་ཅིང་འོག་ཏུ་འགྲོ་བ་གཤང་བ་དང་། སླ་བ་རྒྱུ་སྒྲོག་ནས་ལྒངས་པར་འབབ་པ་གཅི་བའོ། །སྙིགས་མ་དེ་གཉིས་ལ་དྲི་ཆེན་དང་དྲི་ཆུ་ཞེས་ཀྱང་བྱའོ། །ཁྲག་གི་དྭངས་མ་ནི་ཤ། སྙིགས་མ་ནི་མཆིན་པ། མཆིན་པ་ལས་ནི་དེའི་སྙིགས་མ་མཁྲིས་པ་འབྱུང་ལ། མཆིན་པ་དེས་བསྐྱེད་པའི་མཁྲིས་པ་དེའི་སྙིགས་མ་ནི་འོག་ཏུ་འགྲོ་ཞིང་། མཁྲིས་སྙིགས་དེས་ཆུའི་ཀུ་ཡ་དང་། །དྲི་ཆེན་གྱི་དྲི་དང་མདོག་སེར་པོར་བྱེད་དོ། །ཤའི་དངས་མ་ནི་ཚིལ། །སྙིགས་མ་ནི་ལྤགས་པ་དང་དྲི་མ། ཚིལ་གྱི་དངས་མ་ནི་རུས་པ། སྙིགས་མ་ནི་རྨེན་བུར་གྱུར་ལ། རུས་པའི་དྭངས་མ་ནི་རྐང་། རུས་སྙིགས་ནི་སོ་དང་སེན་མོ་ཡིན་ནོ། །རྐང་གི་དྭངས་མ་ནི་ཁུ་བ། རྐང་སྙིགས་ནི་སྦུབས་ཀྱི་མཆིལ་མ་དང་སྣབས་སུ་བཤད་དོ། །ཁུ་བའི་སྙིགས་མ་ནི་དུང་ཅན་ནས་འོག་ཏུ་འབབ་ལ། དྭངས་མས་ནི་ལུས་ཀྱི་སྟོབས་དང་ཁ་དོག་བྱེད་དོ། །དངས་མ་དེ་དག་ལ་རྒྱུད་རྣམས་ལས་ནང་གི་སྐྱེ་བ་བདུན་པ་ཞེས་བཤད་དོ། །དེ་དག་ནི་ཁམས་ཀྱི་སྤྱི་ཙམ་བཤད་པ་ཡིན་ནོ། །བཞི་པ་ཁམས་སུམ་ཅུ་སོ་དྲུག་གི་རྒྱས་བཤད་ལ། མདོར་བསྟན་དང་། རྒྱས་བཤད་གཉིས་ལས། དང་པོ་ནི། རྒྱས་བཤད་ཁམས་ནི་སུམ་ཅུ་དྲུག །ཅེས་པ་སྟེ། དྭངས་སྙིགས་ཀྱི་ཁམས་རྣམས་རྒྱས་པར་བཤད་ན། སུམ་ཅུ་སོ་དྲུག་ཡོད་ཅེས་པ་སྟེ་གོ་སླའོ། །གཉིས་པ་ལ། དྭངས་མ་བཅུ་གཉིས་ཇི་ལྟར་རྒྱུ་བའི་ཚུལ་དང་། སྙིགས་མ་ཉི་ཤུ་རྩ་བཞི་རྒྱས་པར་བཤད་པ་གཉིས། དང་པོ་ལ། ཡན་ལག་གི་རླུང་ལྔ་རྒྱུ་བའི་གནས་ལ་ཁམས་ཇི་ལྟར་རྒྱུ་བའི་ཚུལ། རྩ་བའི་རླུང་ལྔ་རྒྱུ་བའི་གནས་ལ་ཁམས་ཇི་ལྟར་གནས་པའི་ཚུལ། དབུ་མའི་སྟེང་འོག་གི་ཆ་ལ་ཁམས་ཇི་ལྟར་གནས་པའི་ཚུལ། དེ་དག་ལུང་དང་སྦྱར་བ་དང་བཞི། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། བཞི་ནི་མིག་སོགས་ཤེས་པ་དང་། །འབྲེལ་པ་མཆོད་པ་བཞི་ཞེས་བྱ། །བདུད་བྲལ་ནས་བྱུང་ཁམས་དེ་ནི། །སྟེང་འགྲོ་ལྕེ་ཆུང་དབུས་སུ་ཟུག །རྒྱུ་དེས་ནག་ཕྱོགས་དང་མཐུན་བཤད། །འདི་ཡང་རེག་བྱའི་ཕྱོགས་གཅིག་འཛིན། །ཞེས་པའོ། །གཉིས་པ་ནི། འདི་རྒྱས་པར་གོང་དུ་རྩ་རླུང་གི་སྐབས་སུ་བཤད་ཟིན་ལ། འོན་ཀྱང་། སུམ་བསྐོར། འདོད་མ། ཁྱིམ་མ། གཏུམ་མོ་ཞེས་བྱའི་རྩ་བཞི་ནི། མིག་ལ་སོགས་པ་སྟེ་སོགས་ཁོངས་ནས་རྣ་བ་སྣ་ལྕེ་གསུམ་འདོན་པས། །མིག་གི་རྣམ་ཤེས་ལ་སོགས་པ་བཞི་དང་། །རྟེན་དང་བརྟེན་པར་འབྲེལ་བས། ནང་གི་སྐྱེ་མཆེད་བཞི་ལ། གཟུགས་སྒྲ་དྲི་རོའི་མཆོད་པ་བཞིར་བྱེད་དོ། །ཞེས་བཤད་པ་ཡིན་ནོ། །འདུད་བྲལ་མ་ནི་སྙིང་གར་འབྲེལ་ནས། ཁམས་བྱང་ཆུབ་ཀྱི་སེམས་གྱེན་དུ་འདྲེན་པས་དེ་ནས་བྱུང་བའི་ཁམས་དེ་སྟེང་དུ་འགྲོ་བས་ལྕེའུ་ཆུང་གི་དབུས་སུ་ཟུག་ལ། དེས་ཁམས་དཀར་ཆ་སྟེང་དུ་འདྲེན་ཅིང་ཟད་པར་བྱེད་པའི་ཕྱིར། རྒྱུ་དེས་ན་རྒྱུད་ལས། ནག་ཕྱོགས་དང་མཐུན་པར་བཤད་དེ། གོང་དུ་རྩའི་སྐབས་སུ། གང་ཕྱིར་བཅུ་དྲུག་ཆ་མེད་པས། །ཤེས་པའི་ལུང་དང་བཅས་པ་བསྟན་ཟིན་ཅིང་། བདུད་བྲལ་མས་བཞི་པོ་དང་མཐུན་པར་ལུས་དབང་དང་འབྲེལ་ནས་ཡུལ་འཛིན་པའི་སྐབས་འདིར་ཡང་རེག་བྱའི་ཕྱོགས་གཅིག་འབྱུང་གྱུར་གྱི་ཆ་འཇམ་རྩུབ་ལ་སོགས་པ་འཛིན་པས། ལུས་དང་འབྲེལ་བས་རེག་བྱའི་མཆོད་པར་བཤད་ནའང་རུང་བའོ། །གཉིས་པ་ནི། རྩ་བའི་རླུང་ལྔ་དང་འབྲེལ་བ། སྔར་བཤད། ཅེས་པ་སྟེ། དེ་ཡང་། རྩ་བའི་རླུང་རྒྱུ་བའི་རྩ་ཁམས་དང་བྱེད་ལས་ཀྱི་འབྲེལ་པ་གོང་དུ་ལུས་འགྲུབ་ཚུལ་དང་། རྩ་དང་རླུང་བཤད་པའི་སྐབས་སུ་བསྟན་ཟིན་པས་དེ་དག་ཏུ་ཡང་ཁམས་བྱང་ཆུབ་ཀྱི་སེམས་རྒྱུ་ཚུལ་ཤེས་པར་བྱའོ། །ཞེས་པའི་དོན་ནོ། །གསུམ་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། འདིར་ཡང་དབུ་མའི་ཆ། སྟེང་དུ་རླུང་གསུམ་འོག་ཕྱོགས་སུ། །དྲི་ཆུ་ཁུ་བ་རྣམ་གསུམ་རྟེན། །ཁྱད་པར་མར་སྣ་དུང་ཅན་མ། །བཅོ་ལྔ་ཆ་ཡི་ཐིག་ལེ་ནི། །གང་བ་བདེ་བ་སྐྱེ་བའི་རྩ། །རོ་མས་ཁྲག་གི་ཁམས་འཛིན་པས། །སྐྱེས་པ་བུད་མེད་ཁྱད་པར་བྱེད། །དབང་མཆོག་བསྐྱེད་པར་བྱེད་པའོ། །ཞེས་པའོ། །གཉིས་པ་ཚིག་གི་དོན་ནི། རྩ་བའི་རླུང་ལྔ་རྒྱུ་བའི་རྩའི་བྱེད་ལས་སྔར་བཤད་ཟིན་ནས། འདིར་ཡང་དབུ་མ་ལ་ཆ་གཉིས་སུ་ཕྱེ་ནས། ལྟེ་སྟེང་ཡན་ཆད་དུ་ཉི་ཟླ་སྒྲ་གཅན་སྐུ་གསུང་ཐུགས་ཀྱི་རླུང་གསུམ་རྒྱུ་ལ། ལྟེ་འོག་མན་ཆད་ཀྱི་ཕྱོགས་སུ། དྲི་ཆེན་དང་དྲི་ཆུ་ཁུ་བ་རྣམ་གསུམ་རྟེན་ཅིང་འབབ་བོ། །ཁྱད་པར་དུ་དབུ་མའི་མར་སྣ་དུང་ཅན་མའི་ནང་དུ་ནི་དཀར་ཆ་རྒྱས་པ་བཅོ་ལྔའི་ཆའི་ཐིག་ལེ་ནི་གང་བས་ཏེ་འཛག་མེད་དུ་བཅིངས་ན་འདི་ལ་བསྐྱེད་ཅིང་། འཕོ་ན་འཁོར་བ་བསྐྱེད་པའི་རྩ་གནས་པ་ཡིན་ནོ། །གཡས་པ་རོ་མའི་མར་སྣས་ནི་ཁྲག་གི་ཁམས་འཛིན་ཅིང་། སྐྱེས་པ་དང་བུད་མེད་ཀྱི་ཁྱད་པར་ཐབས་དང་ཤེས་རབ་གཙོ་ཆེ་ཆུང་འབྱེད་པར་བྱེད་ཅིང་། རྟེན་དང་བརྟེན་པ་དེ་དག་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་མན་ངག་གིས་ཟིན་པའི་སྒོ་ནས་བཅིངས་ན། བདེ་བ་ཆེན་པོ་ལ་དབང་འབྱོར་ནས་མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་བསྐྱེད་པར་བྱེད་པ་ཡིན་ནོ་ཞེས་བཤད་ན་གཞུང་དོན་དུ་འགྱུར་རམ་སྙམ་མོ། །བཞི་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། འདི་ནི་ཁ་སྦྱོར་ཐིག་ལེ་ལས། །ཕྱོགས་བཞི་འདབ་མའི་རྩ་གནས་པ། །འབྱུང་བ་ཆེ་རྣམས་མར་མེའི་དངོས། །མཚམས་རྩར་བདུད་རྩི་ལྔ་འབར་གནས། །དེ་བརྟེན་མཆོད་པ་བཞི་ཞེས་བཤད། །འདིར་ནི་ལུས་ཀྱི་སྙིང་དབུས་སུ། །རྩ་ལྔ་པོ་ནི་ཡང་དག་གནས། །ཤེས་སོ། །གཉིས་པ་ནི། འདི་ལྟར་བཤད་པའི་ཚུལ་འདི་དག་ནི་ཁ་སྦྱོར་ཐིག་ལེ་ལས་གསུངས་པ་བསྡུས་པ་སྟེ། དེ་ལས་སྙིང་གའི་ཕྱོགས་བཞིའི་འདབ་མའི་རྩ་བཞི་ནི། འབྱུང་བ་ཆེན་པོ་བཞིའི་རང་བཞིན་མར་མེའི་དངོས་པོ་ཏེ་རྣམ་པ་དེ་ཡང་སྟོང་པའི་ཡེ་ཤེས་སོ། །ཡན་ལག་གི་རྩ་བདུད་བྲལ་མ་ནི་ཁམས་དཀར་ཆ་འབབ་པ་གཙོ་ཆེ་ཞིང་། ཁམས་གྱེན་དུ་འདྲེན་པས་འདབ་མའི་རྩར་མ་བགྲངས་ལ་རྩ་བཞི་པོ་ནི་མཁའ་འགྲོ་མ་བཞིའི་ངོ་བོ་དང་། མཚམས་ཀྱི་རྩར་བདུད་རྩི་ལྔ་འབབ་པ་ནི་རྩ་བའི་རླུང་དང་བྱང་ཆུབ་ཀྱི་སེམས་འབབ་པ་རྣམས་ཡིན་ཏེ། དེ་ཡང་བདེ་བ་ཆེན་པོའི་ཡེ་ཤེས་ཡིན་པར་བསྟན་ལ། །མཚམས་ཀྱི་འདབ་མ་གསུམ་ནི་རྩ་བའི་རླུང་རྟེན་དང་། །གཅིག་ནི་དེ་དག་ལ་བརྟེན་པའི་རྩ་ཟུར་པའོ། །མདོར་ན་ཕྱོགས་བཞི་མར་མེའི་དངོས་པོ་ནི་རྣལ་འབྱོར་མ་བཞི་དང་། །མཚམས་རྩར་བདུད་རྩི་འབབ་པ་བཞི་ནི། དཔའ་བོ་དེ་བཞིན་གཤེགས་པ་བཞིའི་ངོ་བོར་རྣལ་འབྱོར་མའི་རྒྱུད་རྣམས་ལས་བཤད་པ་ཡིན་ནོ། །དེ་ལྟར་བཤད་པའི་རྒྱུད་ཡིན་ན་མ་རྒྱུད་ཀྱི་ཁྱབ་པ་ནི་མེད་དེ། གཤེད་དམར་ལྷ་ལྔ་བཞིན་ནོ། །བྱེ་བྲག་ཏུ་སྙིང་གའི་རྩ་ལྔ་སྨོས་པ་ནི་མིང་སྦས་ཏེ་བསྟན་པས་ན་སྦས་པའི་རྩ་སྟེ། སུམ་བསྐོར། འདོད་མ། ཁྱིམ་མ། གཏུམ་མོ། །བདུད་བྲལ་མ་དང་ལྔའོ། །དེ་ལྟར་དྭངས་མ་བཅུ་གཉིས་སུ་རྒྱུ་བའི་ཚུལ་ཁ་སྦྱོར་ཐིག་ལེ་ལས་གསུངས་པ་འདི་དང་མཐུན་པར། སམྦུ་ཊ་ལས་ཀྱང་། འདི་ནི་ཇི་ལྟར་བདེ་བར་རོལ། །འདབ་མ་རྣམས་ཀྱི་བཞི་ལ་ཡང་། །འབྱུང་བ་བཞི་ཡི་རྩ་རྣམས་ནི། །མར་མེའི་རང་བཞིན་ལྟ་བུར་ནི། །ཕྱོགས་བཞི་ལ་ནི་རྣམ་པར་གནས། །རྩ་རྣམས་བཞི་ཡང་མཚམས་རྣམས་སུ། །རྣམ་པར་གནས་ཤིང་དེར་སོན་པའང་། །བདུད་རྩི་ལྔ་ནི་འབབ་པ་སྟེ། །དེ་མཆོད་རང་གི་གཟུགས་གནས་པས། །དེ་ཡི་དངོས་པོའི་ངོ་བོ་ལས། །མཆོད་པ་བཞི་ནི་རྣམ་པར་བཤད། །ལུས་ཀྱི་སྙིང་གི་ནང་དུ་ནི། །རྩ་རྣམས་ལྔ་ནི་རྣམ་པར་གནས། །ཤེས་གསུངས་པ་རྣམས་མཐུན་ནོ། །གཉིས་པ་སྙིགས་མ་ཉི་ཤུ་རྩ་བཞི་བཤད་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས། །ཉི་ཤུ་རྩ་བཞི་ཉེ་བར་བརྗོད། །གནས་སོགས་བྱེ་བྲག་ལ་བརྟེན་ནས། །གནས་གནས་སུ་ནི་ཉེ་བར་བརྗོད། །ཅེས་པའོ། །གཉིས་པ་ནི། སྙིགས་མ་འབབ་པའི་གནས་དག་ལ། སྐུའི་གནས་བརྒྱད་དང་། གསུང་གི་གནས་བརྒྱད་དང་། ཐུགས་ཀྱི་གནས་བརྒྱད་དེ། འཁོར་ལོ་གསུམ་གྱི་བྱེ་བྲག་གིས། །བརྒྱད་གསུམ་ཉི་ཤུ་རྩ་བཞིར་ཉེ་བར་བརྗོད་པའམ། ཡང་ན་མཁའ་སྤྱོད། ས་སྤྱོད། ས་འོག་ན་སྤྱོད་པ་གསུམ་པོ་རེ་རེ་ལ་བརྒྱད་བརྒྱད་དུ་ཕྱེ་བས་དེར་འགྱུར་ཏེ། དེ་དག་ལ་གནས་དང་སོགས་པ་ཉེ་བའི་གནས་སོགས་ཀྱི་བྱེ་བྲག་ལ་བརྟེན་ནས། ཐིག་ལེ་རྒྱུན་དུ་གནས་པས་ནང་གི་གནས་དང་། མཁའ་འགྲོ་མ་རྒྱུན་དུ་གནས་པས་ཕྱིའི་གནས་དང་། དེ་བཞིན་དུ་ཞིང་དང་། ཉེ་བའི་ཞིང་དུ་ནི་ཉེ་བར་བརྗོད་དོ། །ཅེས་པ་སྟེ། ཇི་སྐད་དུ། སམྦུ་ཊ་ལས། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཉི་ཤུ་རྩ་བཞི་ཉེ་བར་བརྗོད། །གནས་སོགས་དབྱེ་བ་ལ་གནས་ནས། །གནས་དང་གནས་ལ་རྣམ་པར་གནས། །ཤེས་གསུངས་པས་སོ། །མདོར་ན། ནང་དུ་ཁམས་བྱང་ཆུབ་ཀྱི་སེམས་གནས་པ་དང་། །ཕྱི་རོལ་དུ་པུལླིུ་ར་མ་ལ་སོགས་པར། མཁའ་འགྲོ་མ་རྣམས་གནས་པའི་སྦྱར་བཤད་ནི་འཆད་འགྱུར་ལས་ཤེས་པར་འགྱུར་རོ། །གཉིས་པ་རྒྱས་པར་བཤད་པ་ལ། གཞུང་ལ་སྦྱར་བ་དང་། བཞེད་པའི་རྣམ་གྲངས་བཀོད་པ་གཉིས་ལས། དང་པོ་ལ། གནས་དང་ཉེ་བའི་གནས་དང་སྦྱར་ཏེ་བཤད་པ། ཞིང་དང་ཉེ་བའི་ཞིང་དང་སྦྱར་ཏེ་བཤད་པ། ཚནྡྷོ་དང་ཉེ་བའི་ཚནྡྷོ་དང་སྦྱར་ཏེ་བཤད་པ། འདུ་བ་དང་ཉེ་བའི་འདུ་བ་དང་སྦྱར་ཏེ་བཤད་པ། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་དང་སྦྱར་ཏེ་བཤད་པ་དང་ལྔ། དང་པོ་ལ། གནས་བཤད་པ་དང་། ཉེ་བའི་གནས་བཤད་པ་གཉིས་ལས། དང་པོ་ནི། དེ་ནས་དེ་རྣམས་ལས་བྱུང་བ། །ཁམས་ནི་ཉི་ཤུ་རྩ་བཞིའོ། །སྔར་བཤད་རྩ་དང་བཅས་པ་ནི། །མི་ཕྱེད་པུ་ལླིུ་ར་ཡིན་ཏེ། །སོ་དང་སེན་མོ་འབབ་པར་བརྗོད། །ཕྲ་མོ་ཛ་ལནྡྷ་ར་ཏེ། །དེ་བཞིན་སྐྲ་དང་བ་སྤུ་འབབ། །རྩེ་བ་མ་ནི་ཨོ་རྒྱན་ཏེ། །རྣ་གཡས་བརྟེན་ཏེ་ལྤགས་པ་འབབ། །གཡོན་པ་མ་ནི་ཨརྦུ་ཏ། །རྒྱབ་སོགས་ཤ་རྣམས་འབབ་པའོ། །དཀར་ཆ་རྟག་ཏུ་གནས་པས་གནས། །ཤེས་པ་སྟེ། གནས་དེ་རྣམས་ལས་བྱུང་བའི་ཁམས་ཉི་ཤུ་རྩ་བཞི་པོ་སྔར་བཤད་པའི་རྩ་ཉི་ཤུ་རྩ་བཞི་དང་བཅས་པ་ལ། མི་ཕྱེད་མ་ནི་ཕྱི་རོལ་གྱི་པུ་ལླིུ་ར་མ་དང་། མགོ་བོ་ལ་གནས་ཤིང་སོ་དང་སེན་མོ་རྣམས་བསྐྱེད་དོ། །ཕྲ་གཟུགས་མ་ནི་ཕྱིའི་ཛ་ལནྡྷ་ར་དང་། སྤྱི་གཙུག་ཏུ་གནས་ཤིང་སྐྲ་དང་བ་སྤུ་རྣམས་བསྐྱེད་དོ། །རྩེ་བ་མ་ནི་ཨཽ་ཌྲན་དང་རྣ་བ་གཡས་པར་གནས་ཤིང་ལྤགས་པ་དང་དྲི་མ་རྣམས་བསྐྱེད་དོ། །གཡོན་པ་མ་ནི་ཕྱིའི་ཨརྦུ་ཏ་ཡིན་ལ། ནང་དུ་ལྟག་པར་གནས་ཤིང་རྒྱབ་དང་སོགས་པ་ཚང་རའི་ཤ་རྣམས་བསྐྱེད་དོ། །འདི་རྣམས་ཕྱི་རོལ་དུ་པུ་ལླིུ་ར་མ་སོགས་ལ་མཁའ་འགྲོ་མ་རྣམས་རྒྱུན་དུ་གནས་པ་དང་། ནང་དུ་རྩ་དེ་དག་ལ་ཁམས་དཀར་ཆ་རྟག་ཏུ་གནས་པས་གནས་ཤེས་བྱའོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། གཽ་ཏ་ཝ་རི་ཐུང་ངུ་མ། །རྒྱུས་པ་བསྐྱེད་པའི་ཁམས་རྣམས་འབབ། །རསྨི་ཤྭ་རི་རུས་སྦལ་སྐྱེས། །རུས་པའི་ཕྲེང་བ་འབབ་པ་ཡིན། །དེ་བི་ཀོ་ཊི་སྒོམ་པ་མོ། །མཆིན་པའི་ཤ་ཀུན་བསྐྱེད་པ་ཡིན། །དབང་བསྐུར་མ་ལ་ཝ་ཞེས་བྱ། །སྙིང་གི་ཤ་བསྐྱེད་བྱེད་པ་སྟེ། །རྟག་ཏུ་ཉེ་བའི་གནས་ཤེས་བརྗོད། །ཅེས་པའོ། །གཉིས་པ་ནི། རྩ་ཐུང་ངུ་མ་ནི་ཕྱིའི་གོ་ཏ་ཝ་རི་དང་། ནང་དུ་རྣ་བ་གཡོན་པར་གནས་ཤིང་། རྒྱུས་པ་བསྐྱེད་དོ། །ཕྱིའི་རསྨི་ཤྭ་རི་ནི་ནང་དུ་རུས་སྦལ་སྐྱེས་མ་སྟེ་སྨིན་ཕྲག་ཏུ་གནས་ཤིང་རུས་པ་བསྐྱེད་དོ། །དེའི་ཀོ་ཊི་ནི་རྩ་སྒོམ་པ་མོ་དང་མཆིན་པ་ལ་གནས་ཤིང་མིག་གཉིས་བསྐྱེད་དོ། །དབང་བསྐུར་མ་ནི་མ་ལ་ཝ་དང་དཔུང་པའི་རྩ་དང་འབྲེལ་ཞིང་སྙིང་དང་ཕྲག་པ་བསྐྱེད་དོ། །འདི་དག་ལའང་ཕྱི་རོལ་དུ་མཁའ་འགྲོ་མ་རྣམས་རེས་འགའ་གནས་པ་དང་། །ནང་དུ་དཀར་ཆ་རེས་འགའ་གནས་པས་ཉེ་བའི་གནས་ཤེས་བྱའོ། །གཉིས་པ་ལ། ཞིང་བཤད་པ་དང་། ཉེ་བའི་ཞིང་བཤད་པ་གཉིས་ལས། དང་པོ་ནི། སྐྱོན་མ་ཞེས་བྱ་ཀཱམ་རུ་སྟེ། །མིག་འབྲས་ཤ་རྣམས་འབབ་པ་ཡིན། །མཇུག་མ་ཨཽ་ཌི་ཡ་ཡིན་ཏེ། །ནུ་མཚམས་ནས་བརྒྱུད་མཁྲིས་པ་བསྐྱེད། ཅེས་པ་སྟེ། སྐྱོན་མ་ནི་ཕྱི་རོལ་དུ་ཀཱ་མ་རཱུ་པ་དང་། ནང་དུ་མཆན་འོག་གཉིས་ནས་འབྲེལ་ཞིང་། མིག་འབྲས་ཀྱི་ཤ་བསྐྱེད་དོ། །མཇུག་མ་ནི་ཕྱི་རོལ་གྱི་གནས་ཨཽ་ཌི་ཡ་དང་། ནུ་མཚམས་ནས་བརྒྱུད་དེ་མཁྲིས་པ་བསྐྱེད་པར་བྱེད་དོ། །ཕྱི་རོལ་དུ་མཁའ་འགྲོ་མ་རྣམས་ལོངས་སྤྱོད་པ་དང་། ནང་དུ་ཁམས་ལ་ལོངས་སྤྱོད་པ་ཡིན་ནོ། །ཞེས་པ་ཡིན་ནོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། མ་མོ་ཏྲི་ཤ་ཀུ་ན་སྟེ། །གློ་བ་བསྐྱེད་པར་བྱེད་པའོ། །མཚན་མོ་ཞེས་བྱ་ཀོ་ས་ལ། །རྒྱུ་མའི་ཕྲེང་བ་འབབ་པར་བྱེད། །ལོངས་སྤྱོད་ཞིང་དང་ཉེ་ཞིང་བརྗོད། །ཅེས་སོ། །གཉིས་པ་ནི། རྩ་མ་མོ་ནི་ཕྱི་རོལ་གྱི་ཏྲི་ཤ་ཀུ་ན་སྟེ་ལྟེ་བར་འབྲེལ་ཞིང་གློ་བ་བསྐྱེད་པར་བྱེད་དོ། །རྩ་མཚན་མོ་ཞེས་བྱ་བ་ནི། ཕྱི་རོལ་དུ་ཀོ་ས་ལ་དང་ནང་དུ་རྒྱུ་མ་དང་སྣ་རྩེར་འབྲེལ་ཞིང་རྒྱུ་མའི་ཕྲེང་བ་འབབ་ཅིང་བསྐྱེད་པར་བྱེད་དོ། །ཕྱི་རོལ་དུ་མཁའ་འགྲོ་མ་རྣམས་རེས་འགའ་ལོངས་སྤྱོད་པ་དང་། ནང་དུ་ཁམས་ལ་རེས་འགའ་ལོངས་སྤྱོད་པས་ཉེ་བའི་ཞིང་ཞེས་བྱ་སྟེ། དེ་གཉིས་ལ་ཞིང་དང་ཉེ་བའི་ཞིང་ཞེས་བྱའོ། །གསུམ་པ་ལ། ཚནྡྷོ་བཤད་པ་དང་། ཉེ་བའི་ཚནྡྷོ་བཤད་པ་གཉིས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། བསིལ་སྦྱིན་ཀ་ལིངྐ་ཡིན་ཏེ། །སྟ་ཟུར་ནས་འབྲེལ་གྲོད་པ་བསྐྱེད། །ཚ་པ་མ་ནི་ལམ་པ་ཀ། །ལྟོ་བ་གཉེ་མ་བསྐྱེད་པ་ཡིན། །ཞེས་པའོ། །གཉིས་པ་ནི། ནང་དུ་རྩ་བསིལ་སྦྱིན་མ་ནི་ཕྱི་རོལ་དུ་ཀ་ལིངྐ་ཡིན་ཏེ། སྟ་ཟུར་དང་འགྲམ་པ་དང་རྩིབས་ལོགས་ནས་འབྲེལ་ཏེ་གྲོད་པ་བསྐྱེད་དོ། །ཚ་བ་མའམ་དྲོད་མ་ནི་ལམ་པ་ཀ་ཏེ། མགྲིན་པ་ནས་ལྟེ་བར་གནས་ཤིང་ལྟོ་བ་དང་གཉེ་མ་བསྐྱེད་པར་བྱེད་དོ། །འདི་དག་ལ། ཕྱི་རོལ་དུ་མཁའ་འགྲོ་མ་རྣམས་རྒྱུན་དུ་ཁྲུས་བྱེད་པ་དང་། ནང་དུ་རྩ་དེ་དག་ཏུ་དྭངས་སྙིགས་རྒྱུན་ཏུ་འདྲེས་པས་ཚནྡྷོ་ཧའོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། གཞོལ་མ་ཀཉྩྨིར་བཤད་པ་སྟེ། །གཤང་བ་འབབ་པའི་བདག་རྐྱེན་བྱེད། །རངས་མ་ཧི་མ་ལ་ཡ་སྟེ། །མཚམས་དབུས་འགེངས་པའི་རྒྱུངས་པ་འབབ། །དྭངས་སྙིགས་འདྲེས་པར་གནས་པས་ན། །ཚནྡྷོ་ཉེ་བའི་ཚནྡྷོར་བཤད། ཅེས་པའོ། །གཉིས་པ་ནི། འདི་དག་གཡས་རོ་མ་ལ་བརྟེན་པ་ཐབས་ཀྱི་ཆ་ཡིན་ཞིང་། རྩ་གཞོལ་མ་ནི་ཕྱི་རོལ་དུ་ཀནྩི་དང་། ནང་དུ་སྙིང་ག་དང་གཤང་ལམ་དུ་འབྲེལ་ནས་གཤང་བ་བསྐྱེད་པར་བྱེད་དོ། །རངས་མ་ནི་ཕྱིའི་ཧི་མ་ལ་ཡ་སྟེ། །འཚོགས་མ་དང་ལྒངས་པར་འབྲེལ་ནས། །དེ་གཉིས་ཀྱི་མཚམས་ཏེ་བར་དང་། ལུས་ཀྱི་དབུས་འགེངས་པའི་འཚོགས་མའི་ཤ་དང་བརྒྱུངས་པ་བསྐྱེད་དོ། །འདི་དག་ལ་ཕྱི་རོལ་དུ་མཁའ་འགྲོ་མ་རྣམས་རེས་འགའ་འཁྲུས་བྱེད་པ་དང་། ནང་དུ་རྩ་དེ་དག་ཏུ་རེས་འགའ་དྭངས་སྙིགས་འདྲེས་པས་ན་ཉེ་བའི་ཚནྡྷོ་ཞེས་བྱ་སྟེ། འདི་དང་སྔ་མ་གཉིས་ལ་ཚནྡྷོ་དང་ཉེ་བའི་ཚནྡྷོ་ཞེས་བྱའོ། །བཞི་པ་ལ་འདུ་བ་དང་། ཉེ་བའི་འདུ་བ་གཉིས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། པྲེ་ཏ་པུ་ར་གཟུགས་ཅན་མ། །རྟག་ཏུ་རྣག་ནི་འབབ་པ་ཡིན། །གྲི་ཧ་དེ་བ་ཐུན་མོང་མ། །བད་ཀན་འབབ་པར་བྱེད་པའོ། །ཞེས་སོ། །གཉིས་པ་ནི། ཤིན་ཏུ་གཟུགས་ཅན་མ་ནི་ཕྱི་རུ་པྲེ་ཏ་པུ་ར་དང་། མཚན་མ་ལ་གནས་ཤིང་རྣག་བསྐྱེད་དོ། །ཕྱི་རུ་གྲི་ཧ་དེ་བ་ནི། ནང་དུ་རྩ་ཐུན་མོང་མའམ་སྤྱི་མ་ཡིན་ཏེ། གཤང་ལམ་དུ་གནས་ཤིང་བད་ཀན་འབབ་པར་བྱེད་དོ། །འདི་དག་ལ་ཕྱི་རོལ་དུ་མཁའ་འགྲོ་མ་རྣམས་ཚོགས་ཀྱི་འཁོར་ལོར་དུས་རྟག་ཏུ་འདུ་བ་དང་། ནང་དུ་ཁམས་དུས་རྟག་ཏུ་འདུ་བས་ན་འདུ་བ་ཞེས་བྱའོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། རྒྱུ་སྦྱིན་སཽ་རཥྚ་སྟེ། ཁྲག་གི་ནུས་པ་བསྐྱེད་པར་བྱེད། །སཽརྑ་དྭཱི་བ་སྦྱོར་བྲལ་མ། །རྟག་ཏུ་རྡུལ་ནི་འབབ་པར་བྱེད། །དྭངས་སྙིགས་འདུ་དང་ཉེར་འདུར་གསུངས། །ཤེས་པའོ། །གཉིས་པ་ནི། ནང་གི་རྒྱུ་སྦྱིན་མ་ནི་སཽ་རཥྚ་སྟེ་བརླ་ཟུར་ལ་གནས་ཤིང་ཁྲག་གི་ནུས་པ་བསྐྱེད་པར་བྱེད་དོ། །ཕྱི་རོལ་གྱི་སཽརྑ་དྭཱི་བ་ནི་ནང་དུ་རྩ་སྦྱོར་བྲལ་མ་དེ་ནི་བྱིན་པ་ལ་གནས་ཤིང་རྡུལ་བསྐྱེད་དོ། །ཕྱི་རོལ་དུ་མཁའ་འགྲོ་མ་རྣམས་ཚོགས་ཀྱི་འཁོར་ལོར་རེས་འགའ་འདུ་བ་དང་། ནང་དུ་དྭངས་སྙིགས་རེས་འགའ་འདུ་བས་ན། ཉེ་བའི་འདུ་བ་ཞེས་བྱ་སྟེ། འདི་དང་གོང་མ་གཉིས་ནི་འདུ་བ་དང་། ཉེ་བའི་འདུ་བའོ། །ལྔ་པ་ལ། དུར་ཁྲོད་དང་། ཉེ་བའི་དུར་ཁྲོད་གཉིས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། སྡུ་གུ་ཞེས་བྱ་ནཱ་ག་ར། །ཚིལ་ནི་འབབ་པར་བྱེད་པ་ཡིན། །གྲུབ་མ་ཞེས་བྱ་སིནྡྷུར་བརྗོད། །མཆི་མ་སྐྱེད་པར་བྱེད་པ་ཡིན། །ཞེས་པའོ། །གཉིས་པ་ནི། རྩ་སྡུ་གུ་མ་ཞེས་བྱ་བ་ནི་ཕྱི་རོལ་དུ་ནཱ་ག་ར་དང་། སོར་མོ་ལ་གནས་ཤིང་ཚིལ་བསྐྱེད་དོ། །གྲུབ་མ་ནི་ཕྱི་རོལ་དུ་སིནྡྷུ་དང་། ནང་དུ་རྐང་བའི་རྒྱབ་བམ་པོ་ལ་ལ་གནས་ཤིང་མཆི་མ་བསྐྱེད་དོ། །འདི་དག་ནི། ཕྱི་རོལ་དུ་མཁའ་འགྲོ་མ་རྣམས་ཀྱིས་དུས་རྟག་ཏུ་རྣམ་རྟོག་གསོད་པ་དང་། ནང་དུ་རྒྱུན་དུ་བདེ་སྡུག་གི་རྟོག་པ་གསོད་པའི་དོན་གྱིས་ན་དུར་ཁྲོད་ཅེས་བྱ་བའམ། ཡང་ན་འགྲེལ་པར་ཕྱི་རུ་ཁམས་འདོར་བ་དང་། །ནང་དུ་བདེ་བ་མེད་པའི་ཕྱིར་དུར་ཁྲོད་དོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། མ་རུ་ཞེས་བྱ་མཚེད་མ་སྟེ། །ལུད་པ་མཆིལ་མ་བསྐྱེད་ཅིང་འབབ། །ཀུ་ལུ་ཏ་ནི་ཡིད་བཟང་སྟེ། །རྟག་ཏུ་སྣ་ཆུ་འབབ་པ་ཡིན། །བདེ་མེད་དུར་ཁྲོད་དེ་ཉེ་བའོ། །ཞེས་སོ། །གཉིས་པ་ནི། ཕྱི་རོལ་དུ་མ་རུ་ཞེས་བྱ་བ་ནི། ནང་དུ་རྩ་མཚེད་མ་སྟེ། མཐེ་བོང་ལ་གནས་ནས་ལུད་པ་དང་མཆིལ་མ་བསྐྱེད་པར་བྱེད་པའོ། །ཕྱི་རུ་ཀུ་ལུ་ཏ་ནི་ནང་དུ་ཡིད་བཟང་མ་སྟེ། པུས་མོའི་གཉའ་གོང་ལ་གནས་ཤིང་རྟག་ཏུ་སྣ་ཆུ་འབབ་པར་བྱེད་པ་ཡིན་ནོ། །འདི་དག་ལ། ཕྱིར་རེས་འགའ་རྣམ་རྟོག་གཅོད་པ་དང་། ནང་དུ་རེས་འགའ་བདེ་སྡུག་གི་རྟོག་པ་གཅོད་པའམ། །ཕྱི་རུ་རེས་འགའ་ཁམས་འདོར་བ་དང་། ནང་དུ་རེས་འགའ་བདེ་བ་མེད་པས་ན་ཉེ་བའི་དུར་ཁྲོད་ཅེས་བྱའོ། །དུར་ཁྲོད་ཀྱི་དོན་ནི། ཕྱི་རུ་དབུགས་མི་རྒྱུ་ཞིང་རྣམ་རྟོག་དང་བྲལ་བའི་རོའི་གླིང་ལ་དུར་ཁྲོད་ཅེས་བྱ་ལ། ནང་དུ་ནི། རྣམ་རྟོག་མི་རྒྱུ་བ་ལ་དུར་ཁྲོད་ཅེས་བྱ་སྟེ། དེ་སྐད་དུ་ཧེ་བཛྭ་ལས། དབུགས་རྒྱུ་ཞེས་བྱའི་རིག་པ་འདི། །དུར་ཁྲོད་ཅེས་ནི་མངོན་པར་བརྗོད། །ཅེས་གསུངས་པས་སོ། །གཉིས་པ་བཞེད་པའི་རྣམ་གྲངས་བཀོད་པ་ལ། དགྱེས་པ་རྡོ་རྗེ་དང་། །འཁོར་ལོ་བདེ་མཆོག་གི་རྒྱུད་རྣམས་ལས། ཡུལ་ཉི་ཤུ་རྩ་བཞི་དང་། །ས་བཅུའི་སྦྱར་བཤད་གསུངས་ཏེ། །དེ་སྐད་དུ་ཡང་རྩ་རྒྱུད་བརྟག་གཉིས་ལས། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་ཉིད་དང་། ཚནྡྷོ་ཉེ་བའི་ཚནྡྷོ་དང་། །དེ་བཞིན་འདུ་བ་ཉེ་འདུ་བ། །འཐུང་གཅོད་ཉེ་བའི་འཐུང་གཅོད་ཉིད། །དུར་ཁྲོད་ཉེ་བའི་དུར་ཁྲོད་ཉིད། །འདི་རྣམས་ས་ནི་བཅུ་གཉིས་ཏེ། །ས་བཅུའི་དབང་ཕྱུག་མགོན་པོ་ཉིད། །འདིས་ནི་གཞན་གྱིས་བརྗོད་མི་བྱ། །ཞེས་གསུངས་པའི་དོན། །ས་བཅུ་གཉིས་ནི། །དང་པོ་མོས་སྤྱོད་ཀྱི་ས་དང་། །གཉིས་པ་རབ་ཏུ་དགའ་བ་ནས། །བཅུ་གཅིག་པ་ཆོས་སྤྲིན་གྱི་བར་དང་། བཅུ་གཉིས་པ་སངས་རྒྱས་ཀྱི་སར་བཤད་ན་ཐོག་མཐའ་གཉིས་པོ་གནས་དང་མ་སྦྱར་ན་འཐད་དེ། གཞུང་ལས། གནས་དང་ས་སྦྱར་བའི་ཚེ་ན། རབ་དགའ་ནས་ཆོས་སྤྲིན་གྱི་བར་དུ་སྦྱར་བའི་ཕྱིར་ཏེ། དེ་སྐད་དུ་ཡང་། བདེ་དགྱེས་གཉིས་ཀའི་བཤད་རྒྱུད་སམྦུ་ཊ་ལས། གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་ནི་འོད་འཕྲོ་ཅན། །ཚནྡྷོ་མངོན་དུ་གྱུར་པར་ངེས། །ཉེ་བའི་ཚནྡྷོ་སྦྱང་དཀའ་བ། །འདུ་བ་རིང་དུ་སོང་བ་སྟེ། །ཉེ་བའི་འདུ་བ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཉིད། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཕ་རོལ་ཕྱིན་བཅུ་ས་རྣམས་ལ། །ཞེས་དང་པོ་གཉིས་པ་ལ་སོགས་པའི་མིང་གིས་མ་སྨོས་པར་གསུངས་ཤིང་། །འདི་དང་ཕལ་ཆེར་མཐུན་པར། །འདུས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་ཀྱང་། །པུ་ལླིུ་ར་ནི་མགོ་བོར་ཤེས། །སྤྱི་གཙུག་ཛ་ལནྡྷ་ར་དང་། །ཞེས་པ་ནས། ཀུ་ལུ་ཏ་ནི་རྐང་པའི་མཐིལ། །ཞེས་པའི་བར་གནས་བཤད་ནས། །དེ་ལྟར་གནས་ཀྱི་རྣམ་དག་དང་། །ས་བཅུ་རྣམ་པར་དག་པ་ཉིད། །དེ་ཉིད་དང་ལྡན་ཤེས་པར་བྱ། །ཞེས་གསུངས་ལ། ཕྱིའི་གནས་དང་། ལུས་སྦྱོར་བ་ཅུང་ཟད་མི་མཐུན་པར་གསུངས་ཏེ། བདེ་དགྱེས་སུ། ཀུ་ལུ་ཏ་ཡིད་བཟང་ལ་སྦྱར། ཡིད་བཟང་པུས་མོའི་གཉའ་གོང་དུ་གནས་པར་བཤད་ལ། འདིར་རྐང་མཐིལ་དུ་གནས་པར་གསུངས་པའི་ཕྱིར་རོ། །བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་རྒྱུད་ལས། །མཁའ་ལ་སྤྱོད་པའི་གནས་བརྒྱད། ས་སྤྱོད་ཀྱི་གནས་བརྒྱད། ས་འོག་ན་སྤྱོད་པའི་གནས་བརྒྱར། ཕྱི་རོལ་གྱི་དུར་ཁྲོད་ཆེན་པོ་བརྒྱད། རི་རབ་ཀྱི་ཕྱོགས་བཞི་ན་དབང་ཕྱུག་ཆེན་པོའི་ཆུང་མའི་གནས་བཞི་པོ་རྣམས་སུ་དབང་ཕྱུག་ཆེན་པོས་བདག་ཏུ་བཟུང་ནས་ལིང་ག་རེ་རེ་བཞག་ཡོད་པ་ལས། བཅོམ་ལྡན་འདས་ཀྱིས་ལྷ་ཆེན་པོ་བཏུལ་ནས་གནས་རྣམས་འཁོར་ལོ་བདེ་མཆོག་གི་གནས་སུ་བྱིན་གྱིས་བརླབས་པས་གནས་སོ་དྲུག དེ་དག་གི་སྟེང་དུ་འཁོར་ལོ་བདེ་མཆོག་གི་རྒྱུད་གསུངས་པའི་གནས་འཛམ་བུའི་གླིང་བསྣན་པས་སོ་བདུན་དུ་འགྱུར་བར་གསུངས་ལ། དེ་དག་ནང་དུ་སྦྱར་བའི་ཚུལ་ནི་གོང་དུ་རྩ་སུམ་ཅུ་སོ་བདུན་གྱི་སྐབས་ལས་ཤེས་སོ། །རྩ་དང་ཡུལ་ཉི་ཤུ་རྩ་བཞིའི་མིང་རྐྱང་པའི་སྦྱར་བཤད་ནི། བདེ་མཆོག་སྡོམ་འབྱུང་ལས། །མགོ་བོ་པུལླིུ་ར་ཡིན་ཏེ། །སོ་དང་སེན་མོ་འབབ་པས་གནས། །ཤེས་སོགས་གསུངས་པ་ལ། ནག་པོ་པས་ཀྱང་དེ་ལ་བརྟེན་ནས་མངོན་རྟོགས་དང་། དཔྱིད་ཐིག་རྒྱས་པར་གསུངས་ཤིང་། གསེར་གླིང་པས་ཀྱང་དགྱེས་རྡོར་འགྲེལ་པར་དེ་ལྟར་བཤད། འདིར་ནི་གཙོ་ཆེར་སམྦུ་ཊ་ནས་གསུངས་པ་ལྟར་འདོད། སམྦུ་ཊ་ལས། ཡུལ་ཉི་ཤུ་རྩ་བཞི་པོ་རྣམས་སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ་སྦྱར་ཚུལ་ནི། གནས་དང་ཉེ་བའི་གནས་ཀྱི་ཡུལ་བརྒྱད་ནི་ཐུགས་ཀྱི་འཁོར་ལོ་དང་། མཁའ་སྤྱོད་ཀྱི་གནས་སུ་བཤད་ཅིང་། ཞིང་དང་ཉེ་བའི་ཞིང་། ཚནྡྷོ་དང་ཉེ་བའི་ཚནྡྷོ་བཞིའི་ཡུལ་བརྒྱད་ནི་གསུང་གི་འཁོར་ལོ་དང་། ས་སྤྱོད་དུ་བཤད། འདུ་བ་དང་ཉེ་འདུ། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་བཞིའི་ཡུལ་བརྒྱད་ནི། སྐུའི་འཁོར་ལོ་དང་། ས་འོག་ན་སྤྱོད་པའི་གནས་སུ་གསུངས་ཤིང་། དེ་དག་ལུས་ལ་རྩའི་གཟུགས་ཀྱིས་གནས་པར་བཤད་དེ། སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ། །ཉི་ཤུ་རྩ་བཞིར་ཕྱེ་བ་ཡིས། །མཁའ་འགྲོ་མ་ནི་ཀུན་གྱི་གནས། །ཐམས་ཅད་དུ་ནི་ཡང་དག་བཤད། །འདི་རྣམས་གནས་སུ་མཁའ་འགྲོ་མ། །རྩ་ཡི་གཟུགས་ཀྱི་ཡང་དག་གནས། ཤེས་གསུངས་པས་སོ། །དུས་ཀྱི་འཁོར་ལོ་ལས་ཇི་ལྟར་གསུངས་པའི་ཚུལ་ནི། འགྲེལ་ཆེན་པདྨ་དཀར་པོས་མཛད་པ་ལས། ད་ནི་ཞིང་ཞེས་པ་ལ་སོགས་པས་ཞིང་ལ་སོགས་པ་རྣམས་གསུངས་ཏེ། འདི་ལྟར་ལུས་ཀྱི་དཔུང་བའི་ཚིགས་གཉིས་ལ་ཞིང་གཉིས་སོ། །བརླའི་ཚིགས་གཉིས་ལ་ཉེ་ཞིང་གཉིས། །ཉེ་བའི་དཔུང་པའི་ཚིགས་གཉིས་ལ་ཚནྡྷོ་ཧ་གཉིས། །པུས་མོའི་ཚིགས་གཉིས་ལ་ཉེ་བའི་ཚནྡྷོ་གཉིས། ལག་པའི་ཚིགས་གཉིས་ལ་འདུ་བ་གཉིས། རྐང་པའི་ཚིགས་གཉིས་ལ་ཉེ་བའི་འདུ་བ་གཉིས། །ལག་པའི་མཐིལ་གཉིས་ལ་དུར་ཁྲོད་གཉིས། །རྐང་པའི་མཐིལ་གཉིས་ལ་ཉེ་བའི་དུར་ཁྲོད་གཉིས་སོ། །ལག་པ་གཉིས་ཀྱི་སོར་མོ་ལ་དུར་ཁྲོད་ཆེན་པོ་བཞི། རྐང་པ་གཉིས་ཀྱི་སོར་མོ་ལ་ཉེ་བའི་དུར་ཁྲོད་ཆེན་པོ་བཞི་སྟེ་ཞིང་ལ་སོགས་པའི་ངེས་པའོ། །ཞེས་གསུངས་སོ། །འདིར་དུས་འཁོར་ལས། གནས་སོ་གཉིས་གསུངས་པའི་དུར་ཁྲོད་བཅུ་དྲུག་ཏུ་བཤད་པའི་དང་པོ་བརྒྱད་ནི་སྐུའི་འཁོར་ལོ་དང་། ཕྱི་མ་བརྒྱད་ནི་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ཕྱོགས་མཚམས་བརྒྱད་ཀྱི་དུར་ཁྲོད་དོ། །དེ་བཞིན་དུ་བདེ་མཆོག་ནས་བཤད་པའི་ཚུལ་ལའང་སྐུ་འཁོར་དུ་གྱུར་པའི་དུར་ཁྲོད་དང་། ཕྱི་རོལ་གྱི་དུར་ཁྲོད་གཉིས་གཉིས་སུ་དབྱེ་བའི་ཚུལ་ཡང་དོན་གྱིས་ཐོབ་བོ། །གོང་དུ་སྨོས་པ་ལྟར་ས་བཅུ་གཉིས་ཀྱི་སྦྱར་ཚུལ་ནི། རྗེ་རང་བྱུང་པ་ཉིད་ཀྱིས་མཛད་པའི་བརྟག་གཉིས་ཀྱི་འགྲེལ་པ་དང་། དམ་ཚིག་རྒྱ་མཚོ་དང་། འཇམ་དབྱངས་ཆེན་པོ་དོན་གྲུབ་འོད་ཟེར་གྱིས་མཛད་པའི་དུས་ཀྱི་འཁོར་ལོའི་དཀྱིལ་ཆོག་རྣམས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་ཡིན་ནོ། །གཞན་ཡང་བཅོམ་ལྡན་འདས་མཁའ་འགྲོ་རྒྱ་མཚོ་ལས། འཁོར་ལོ་བཅུ་གཉིས་དང་ས་བཅུ་གཉིས་སྦྱར་ཚུལ་རྒྱས་པར་བཤད་ཡོད་ཀྱང་གཞན་དུ་ཤེས་པར་བྱའོ། །གནས་འདི་རྣམས་ཕྱི་རོལ་དུ་གནས་ཚུལ་ནི་ཡིག་གེ་མངས་ཀྱིས་དོགས་ནས་མ་བྲིས་སོ། །གནས་འདི་དག་རྩའི་གཟུགས་སུ་ལུས་ལ་བཀོད་པ་ནི་གནས་སྐབས་ཐམས་ཅད་དུ་ཁྱབ་པའི་སྦྱང་གཞི་བདེ་གཤེགས་སྙིང་པོ་རྒྱུ་རྒྱུད་ཀྱི་ཚུལ་དུ་སེམས་ཅན་ཐམས་ཅད་ལ་བཞུགས་པ་ལ་དགོངས་པ་ཡིན་ནོ། །ལྔ་པ་དཀར་ཆ་འཕོ་བའི་ཚུལ་བཤད་པ་ལ། དུས་ཀྱི་འགྱུར་བ་ལ་བརྟེན་ནས་ཁམས་ཇི་ལྟར་གནས་པའི་ཚུལ་བཤད་པ། རྡོ་རྗེའི་ལུས་ལ་ཁམས་ཇི་ལྟར་གནས་པའི་ཚུལ། དགའ་བ་བཅུ་དྲུག་གི་རིམ་པས་དཀར་ཆ་འབབ་པའི་ཚུལ་དང་གསུམ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ལྟར་ཁམས་ནི་ཉི་ཤུ་བཞི། །ཐིམ་པ་སྙིགས་མར་གྱུར་པ་སྟེ། །ལོངས་སྤྱོད་དྭངས་མ་དཀར་ཆ་ཡིན། །བདག་པོ་རྩ་བ་རླུང་ཁྲག་འདྲེས། །རེ་རེའང་སྟོང་ཕྲག་གསུམ་གསུམ་སྟེ། །ཞེས་པའོ། །གཉིས་པ་ནི། དེ་ལྟར་རྩའམ་ཡུལ་ཉི་ཤུ་རྩ་བཞི་པོ་དེ་དག་ཏུ་འབབ་པའི་ཁམས་ཉི་ཤུ་རྩ་བཞི་རེ་རེ་ལ་ཡང་ཐིམ་པ་དང་ལོངས་སྤྱོད་པ་དང་བདག་པོ་གསུམ་གསུམ་དུ་ཕྱེ་བས་བདུན་བཅུ་རྩ་གཉིས་སུ་འགྱུར་ལ། དེ་ལ་ཐིམ་པ་ནི་བྱ་བ་རྫོགས་ནས་སྙིགས་མར་གྱུར་པ་འདས་པའི་ཆ་དང་། ལོངས་སྤྱོད་པ་ནི་ཁམས་ཀྱི་དངས་མ་རྩ་གནས་སུ་རྒྱུ་བཞིན་པ་སྟེ་གཙོ་བོར་དཀར་ཆང་ལྟར་བ་ཡིན་ཞིང་། བདག་པོ་ནི་དངས་སྙིགས་གཉིས་ཀའི་རྩ་བ་སྟེ་རྒྱུ་ཡིན་ལ།དེ་ལྟར་རླུང་ཁྲག་འདྲེས་པར་གནས་སྟེ་རྩ་གནས་སུམ་རྒྱུས་པའོ། །དེ་ལྟར་ཉི་ཤུ་རྩ་བཞི་པོའི་རེའང་སྟོང་ཕྲག་གསུམ་གསུམ་དུ་ཕྱེ་བ་སྟེ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ། །དེ་ལྟར་གསུམ་དུ་ཕྱེ་བའི་རྣམ་བཞག་ནི། རྡོ་རྗེ་ཕྲེང་བ་ལས། ཐིམ་དང་ལོངས་སྤྱོད་བདག་པོ་ཉིད། །གྲངས་ནི་བདུན་བཅུ་རྩ་གཉིས་བརྗོད། །རེ་རེའང་འཁོར་ནི་སྟོང་སྟོང་ངོ་། །ཐིམ་པ་ལོངས་སྤྱོད་བདག་འདོད་པ། །ཞེས་གསུངས་པ་དང་། ཕྱག་ན་རྡོ་རྗེས་བདེ་མཆོག་བསྟོད་འགྲེལ་ལས། ཐིམ་པ་དང་ལོངས་སྤྱོད་པ་དང་བདག་པོ་ཞེས་པའི་དོན་རང་འགྲེལ་དུ། ཐིམ་པ་ནི་བྱ་བ་ཡོངས་སུ་རྫོགས་ནས་ཁམས་ཀྱི་སྙིགས་མར་གྱུར་བ་སྟེ་འབྲས་བུའོ། །ལོངས་སྤྱོད་པ་ནི་ཁམས་དེ་དག་གི་དྭངས་མ་དང་དཀར་ཆ་ཡིན་ཏེ་དངོས་གཞིའོ། །དེ་དག་བསྐྱེད་པར་བྱེད་པའི་བདག་པོ་ནི། རྩ་བར་རླུང་ཁྲག་འདྲེས་པ་རེ་རེ་ལའང་སྟོང་ཕྲག་གསུམ་གསུམ་ཏེ། རླུང་དང་དཀར་དམར་གསུམ་གྱི་བདག་ཉིད་བྱེ་བ་ཕྲག་ཕྱེད་དང་བཞིའི་བ་སྤུའི་མཐར་ཐུག་པར་ཁྱབ་ཅིང་ཀུན་དུ་བསྐྱེད་དོ། །ཞེས་གསུངས་པ་རྣམས་ཀྱི་དགོངས་པའོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། རླུང་དང་དཀར་དམར་གསུམ་བདག་ཉིད། །བ་སྤུའི་མཐར་ཐུག་ཀུན་ཏུ་ཁྱབ། །ཅེས་པའོ། །གཉིས་པ་ཚིག་དོན་ནི། དེ་རྣམས་ལ་འབབ་པའི་ཁམས་ཀྱི་གཙོ་བོ་ནི་རླུང་དང་དཀར་དམར་གཉིས་དང་གསུམ་གྱི་བདག་ཉིད་ཡིན་ལ་དེ་གསུམ་གྱིས་ནི་ལུས་ཀྱི་ནང་ཀུན་དུ་བ་སྤུ་བྱེ་བ་ཕྲག་ཕྱེད་དང་བཞིའི་མཐར་ཐུག་པར་ཁྱབ་ཅིང་བསྐྱེད་པར་བྱེད་པའི་དོན་ཏེ། གོང་གི་ཕྱག་ན་རྡོ་རྗེའི་ལུང་དོན་ནོ། །གསུམ་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཁྱད་པར་དྭངས་མ་ཟླ་བ་ནི། །སྤྱི་བོ་ནས་ནི་བཅུ་དྲུག་རྩ། །ཁམས་བཞི་ལྡན་པ་མགྲིན་པར་འབབ། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །མེ་ལ་གཅིག་ཏུ་འབབ་པས་ན། །དུང་ཅན་མཐར་ནི་འཛག་པར་བྱེད། །ལུས་ཅན་ཀུན་གྱི་སྙིང་དགའ་བ། །ཆགས་བསྐྱེད་རྨོངས་བྱས་སྡང་སེམས་སྐྱེ། །འཁོར་བ་བསྐྱེད་བྱེད་གཞིར་གྱུར་ཏོ། །ཞེས་པའོ། །གཉིས་པ་ནི། དེ་ལྟར་བཤད་པའི་ཁམས་དེ་དག་གི་ནང་ནས་ཁྱད་པར་དཀར་ཆ་དྭངས་མ་ཟླ་བ་ནི། སྤྱི་བོ་ནས་ནི་ཐབས་ཤེས་མ་ཕྱེ་ན་བཅུ་དྲུག་པའི་རྩ་འཁོར་དང་། ཕྱེ་ན་སོ་གཉིས་པའི་རྩ་ནས་ས་ཆུ་མེ་རླུང་གི་ཁམས་བཞི་པོ་རེ་རེར་ཡང་སའི་ས་ཆུ་མེ་རླུང་ལ་སོགས་པ་བཞི་བཞིར་ཕྱེ་བས་བཅུ་དྲུག་ཏེ་སུམ་ཅུ་སོ་གཉིས་ཀྱི་ཕྱེད་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་འབབ་བོ། །མགྲིན་པ་ནས་བཅུ་དྲུག་པོ་དེའི་ཕྱེད་བརྒྱད་ནི་སྙིང་ག་ཆོས་ཀྱི་འཁོར་ལོར་འབབ་ལ། དེའི་ཕྱེད་བཞི་ནི་ལྟེ་བ་སྤྲུལ་པའི་འཁོར་ལོའི་མཚམས་ཀྱི་ཕྱོགས་སུ་འབབ་བོ། །དེ་ནས་དེ་ལྟ་བུའི་ཐིག་ལེ་ཅན་ཏེ་དམར་ཆའི་རང་བཞིན་ཨ་ཐུང་གི་རྣམ་པ་ཅན་གྱི་མེ་ལ་གཅིག་ཏུ་བབ་ནས། དུང་ཅན་མའི་མཐའི་བར་དུ་འཛག་སྟེ་དུང་ཅན་དེའི་ནང་དུ་ཟླ་བ་ཡོངས་སུ་རྫོགས་པ་བཅུ་དྲུག་པའི་ཆར་གྱུར་ཏེ།དེས་ལུས་ཅན་ཀུན་གྱི་སྙིང་དགའ་བར་བྱེད་ལ། འདོད་ཆགས་བསྐྱེད་ཅིང་འཛག་བདེ་ལ་ཆགས་ན་དེའི་དབང་གིས་ལས་འབྲས་དང་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་བསྐྱེད་པར་བྱེད་ལ། ཡུལ་ཡིད་དུ་འོང་བ་ལ་ཆགས་པ་དང་། མི་འོང་བ་ལ་སྡང་བའི་སེམས་བསྐྱེད་ཅིང་འཁོར་བའི་ཆོས་རྣམས་བསྐྱེད་པའི་གཞིར་གྱུར་ཏོ། །འདི་དག་ནི་ཧེ་བཛྭ་ལས། །བཅོ་ལྔའི་ཆ་ཡི་བདག་ཉིད་ཀྱི། །ཟླ་བ་བྱང་ཆུབ་སེམས་སུ་འགྱུར། །བདེ་བ་ཆེན་པོ་ཨཱ་ལིའི་གཟུགས། །རྣལ་འབྱོར་མ་རྣམས་དེ་ཡི་ཆ། །ཞེས་གསུངས་པ་དང་། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལས་ཀྱང་། ལུས་ཀྱི་ཕྱི་རོལ་གྱི་ཚིགས་ཐམས་ཅད་དུ་ཡང་ཚེས་ཀྱི་བདག་ཉིད་ཀྱི་ཁམས་འཕེལ་བ་དང་འགྲིབ་པའི་རྣམ་བཞག་གསུངས་ཏེ། དེ་སྐད་དུ་ཡང་། བསྡུས་བརྒྱུད་ལས། མཐེ་བོའི་ཚིགས་ནས་གཙུག་ཏོར་དག་ཏུ་ཉ་ཡི་མཐར་ནི་རང་སེམས་འགྲོ་སྟེ་ཚེས་ཀྱི་དབང་གིས་སོ། །གཙུག་ཏོར་ནས་ནི་སོར་མོ་རྣམས་སུ་སླར་ཡང་འདི་ནི་འགྲོ་སྟེ་ནག་པོའི་ཕྱོགས་ཀྱི་མཐའ་རུའོ། །ཞེས་གསུངས་པས་སོ། །དེ་ལྟར་གསུངས་པའི་དོན་ནི། ཡར་ངོའི་ཚེས་གཅིག་ལ་རྐང་པ་གཡོན་པའི་སོར་མོའི་ཚིགས་དང་པོ་ལ་ཨའོ། །གཉིས་པ་ལ་ཚིགས་གཉིས་པ་ལ་ཨིའོ། །གསུམ་པ་ལ་རིའོ། །བཞི་པ་ལ་ལོང་བུ་རུ་ཨུའོ། །ལྔ་པར་པུས་མོ་ལ་ལིའོ། །དྲུག་པར་བརླ་དང་དཔྱིའི་མཚམས་སུ་ཨའོ། །བདུན་པ་ལ་ལག་པ་གཡོན་པའི་ཚིགས་དང་པོ་ལ་ཨེའོ། །བརྒྱད་པ་ལ་སོར་ཚིགས་གཉིས་པར་ཨར་རོ། །དགུ་པ་ལ་ཚིགས་གསུམ་པར་ཨའོ། །བཅུ་པ་ལ་ལག་པའི་འཁྲིག་མར་ཨལ་ལོ། །བཅུ་གཅིག་པ་ལ་གྲུ་མོར་ཧའོ། །བཅུ་གཉིས་པ་ལ་ཕྲག་པ་དང་དཔུང་པའི་ཚིགས་ལ་ཡའོ། །བཅུ་གསུམ་པ་ལ་སྙིང་གར་རའོ། །བཅུ་བཞི་པ་ལ་མགྲིན་པར་ཝའོ། །བཅོ་ལྔ་པ་ལ་དཔྲལ་བར་ལའོ། །བཅུ་དྲུག་པ་ལ་ཚིག་གི་རང་བཞིན་ཚངས་བུག་ཏུ་འགྲོ་སྟེ། དེ་དག་ནི་གཡོན་ཕྱོགས་ནས་དཀར་ཆ་འཕེལ་བའི་ཚུལ་གསུངས་ལ། དེ་ནས་སྔར་གྱི་གནས་ཇི་ལྟ་བ་བཞིན་དུ་ཚངས་བུག་ནས་ལུགས་བཟློག་ཏུ་གཞོགས་གཡས་པར་མར་ངོའི་ཚེས་རེ་རེ་ལ་ཡི་གེ་རིང་པོའི་རྣམ་པས་ཁམས་འཕོ་ཞིང་འགྲིབ་པར་འགྱུར་བའོ། །རིམ་པ་འདི་དང་ཕྱོགས་མཐུན་པར་བདེ་མཆོག་སྡོམ་འབྱུང་ལས་ཀྱང་། ཇི་སྐད་དུ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རི་རཱི་ལི་ལཱི་ཨེ་ཨཻ་ཨོ་ཨཽ་ཨཾ་གི་ཡི་གེའི་རིམ་པས། ཇི་སྐད་དུ། ཡར་ངོ་ཡི་ནི་ཚེས་གཅིག་ལ། །རྐང་པའི་སོར་མོའི་ཡི་གེ་ཨ། ཞེས་བྱ་བ་ལ་སོགས་ཡི་གེ་ཅུང་ཟད་མ་མཐུན་ཀྱང་རིགས་མཐུན་པར་གསུངས་པས་སོ། །དེ་བཞིན་དུ་སྨན་གྱི་བསྟན་བཅོས་ལས་ཀྱང་། ཀུན་ཏུ་ཁྱབ་པའི་བླ་གནས་ཀྱི་རྩ་ཞེས་གསུངས་ཏེ། འདི་རྣམས་ཡོད་པའི་གནས་སུ་གཏར་བསྲེག་ལ་སོགས་པ་ཡང་མི་བྱ་བར་བཤད་དོ། །བཞི་པ་གཉེན་པོ་ཡེ་ཤེས་ཀྱི་ཐིག་ལེ་འཆིང་བའི་ཚུལ་བཤད་པ་ལ། ལམ་གྱི་རིམ་པ་མདོར་བསྟན་པ། ལམ་རིམ་རྒྱས་པར་བཤད་པ། འབྲས་བུ་ངོས་བཟུང་བ་དང་གསུམ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། རྒྱལ་བས་གསུངས་པའི་ཐབས་ལྡན་པས། །འཛག་བྲལ་དངུལ་ཆུ་ལྟ་བུར་ནི། །ཕྱག་རྒྱ་གསུམ་གྱི་མེས་བཅིངས་ན། །ཞེས་པའོ། །གཉིས་པ་ནི། ཇི་སྐད་བཤད་པའི་བྱང་ཆུབ་ཀྱི་སེམས་འཆིང་བའི་རིམ་པ་ནི། རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་ཐབས་ཁྱད་པར་ཅན་དང་ལྡན་པས་འཛག་པ་དང་བྲལ་བ་དངུལ་ཆུ་ལྟ་བུར་ཕྱག་རྒྱ་གསུམ་གྱི་མེ་ལ་བརྟེན་ནས་བཅིངས་ན། དུ་བ་ལ་སོགས་པའི་རྟགས་བཅུ་དང་སྤྱན་དང་མངོན་ཤེས་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་འབྱུང་ཞིང་ལོ་གསུམ་ཕྱོགས་གསུམ་གྱིས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་འགྲུབ་བོ། །ཞེས་པའི་དོན་ཏེ། ཐབས་དེ་ལས་བྱུང་བའི་བདེ་བ་ནི། ཧེ་བཛྭ་ལས། གཅིག་དང་དུ་མ་བྲལ་བ་སྟེ། །སྐད་ཅིག་གཅིག་ལས་མཆོག་དགའ་བ། །རང་གིས་རིག་པའི་ཡེ་ཤེས་འདི། །ངག་གི་ལམ་འདས་སྤྱོད་ཡུལ་ཏེ། །འདི་ནི་བྱིན་བརླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་གསུངས་པ་དང་། །རྡོ་རྗེ་འཕྲེང་བ་ལས། །དམ་ཚིག་དེ་དང་རྟོག་པར་འཇུག །ཕྱག་རྒྱ་ཆེན་པོའི་བདེ་བ་ཆེ། །རྡོ་རྗེ་སེམས་དཔའི་གོ་འཕང་ཞིག །ཡེ་ཤེས་མཆོག་ནི་བླ་ན་མེད། །དེ་ལྟར་ཕྱག་རྒྱའི་གོ་འཕང་གསལ། །ཞེས་གསུངས་པ་ལྟར་རོ། །དེ་འཆིང་བའི་ཕྱག་རྒྱ་གསུམ་ནི་དུས་ཀྱི་འཁོར་ལོ་རྩ་འགྲེལ་གྱི་ལུང་རང་འགྲེལ་དུ་དྲངས་པ་ལས། ཕྱག་རྒྱ་དེ་ནི་རྣམ་པ་གསུམ་སྟེ་ལས་དང་བཏགས་པ་བཟང་མོའོ། །ཞེས་གསུངས་པ་དང་། དེའི་འགྲེལ་པར་སྤྱན་རས་གཟིགས་ཀྱིས། ལས་ཀྱི་ཕྱག་རྒྱ་ནི། སྔགས་བསྒྲུབས་པའི་སྟོབས་ཀྱིས་གྲུབ་པ་སྔགས་སྐྱེས་སམ་ཞིང་ལས་སྐྱེས་པའམ། རིགས་ལས་སྐྱེས་པ་སྟེ། ནུ་མ་དང་སྐྲ་དང་ལྡན་པའོ། །ཀུན་བཏགས་པ་ཡེ་ཤེས་ཀྱི་ཕྱག་རྒྱ་ནི་ཡིད་ཀྱིས་བཏགས་པའི་རྣམ་པ་བསྒོམས་པ་ལས་བྱུང་བའོ། །ཕྱག་རྒྱ་བཟང་མོ་ནི་གཞོན་ནུ་མ་ལ་པྲ་ཕབ་པ་ལྟ་བུ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ཡིད་ཀྱིས་བཏགས་པ་ཐམས་ཅད་དང་བྲལ་བའོ། །ཞེས་གསུངས་པ་ལྟ་བུའོ། །དེ་དག་གི་ནང་ནས་ལས་ཀྱི་ཕྱག་རྒྱ་ལ། ཧེ་བཛྭ་ལས་རིགས་བརྒྱད་ཀྱི་དབྱེ་བ་དང་། དུས་འཁོར་དང་མཁའ་འགྲོ་རྒྱ་མཚོ་ལས་རིགས་སོ་དྲུག་དང་། གསང་བ་འདུས་པ་ལས། རིགས་དྲུག་གི་རྣམ་བཞག་གསུངས་ཏེ། དེ་སྐད་དུ་རྡོ་རྗེ་ཕྲེང་བ་ལས། ཕྱག་རྒྱའི་དབྱེ་བ་བླ་ན་མེད། །རིགས་དང་ཕ་རོལ་ཕྱིན་དབྱེ་བས། །ཕྱག་རྒྱ་དྲུག་ཏུ་ཡང་དག་བཤད། །ཡཾ་རཾ་ལཾ་ཝཾ་ཨཾ་ཧཾ་དང་། །ལྷ་མོ་རྣམས་ཀྱི་རིམ་པ་ལས། །མཆོད་པའི་རིམ་པ་རོ་གཅིག་པ། །རྟག་ཏུ་ཡང་ནི་མཆོད་པར་བྱ། །གདོལ་བ་མོ་དང་ཁྲུས་མཁན་མོ། །རྨེ་ཤ་ཅན་དང་གར་མཁན་མ། །རོ་བསྲེག་མོ་དང་བྲམ་ཟེ་མོ། །འགྲུབ་འགྱུར་དོན་དུ་རྣལ་འབྱོར་པས། །བདག་ཉིད་རོལ་ཞིང་གནས་པར་བྱ། །ཞེས་གསུངས་པས་སོ། །དེ་བཞིན་དུ་ཕྱག་རྒྱའི་སྟོབས་ཀྱིས་འཆིང་བའི་དཔེ་དངུལ་ཆུ་འཆིང་བ་ལྟ་བུར་གསུངས་ཏེ། དུས་འཁོར་གྱི་ལུང་རང་འགྲེལ་དུ་དྲངས་པ་ལས། དངུལ་ཆུ་མེ་དང་ཕྲད་ན་སྐད་ཅིག་ཀྱང་ནི་མི་བསྡོད་འབྲོས་པ་བཞིན། །དེ་བཞིན་སྐྱེ་གནས་རེག་པ་ལས་ནི་རྟག་ཏུ་ཁུ་བ་འཕོ་བ་ཡིན། །སྨན་དང་སྣུམ་ལ་སོགས་པའི་སྟོབས་ཀྱིས་གཡོ་བ་ཡང་ནི་འཆིང་བ་ལྟར། །དེ་བཞིན་ཕྱག་རྒྱའི་སྟོབས་ཀྱིས་ཁུ་བའི་བློ་ནི་སྦྱོང་བའོ། །ཞེས་གསུངས་པའི་དོན་ནི། སྤྱིར་དངུལ་ཆུ་མེ་དང་ཕྲད་ན་སྐད་ཅིག་ཀྱང་མི་བསྡོད་པར་འབྲོས་ཀྱང་། ཐབས་མཁས་པས་ལྷང་ཚེར་ལ་སོགས་པའི་སྨན་དང་། སྣུམ་ལ་སོགས་པའི་རྫས་དང་སྦྱར་ཏེ་ཟངས་ལ་སོགས་པ་ལ་མེས་བཅིངས་ན་འཆིང་བ་ལྟར། བླ་མའི་ངེས་པའི་དབང་གིས་རླུང་གི་སྦྱོར་བ་དང་ལྡན་པའི་རྣལ་འབྱོར་པས་ཀྱང་ཕྱག་རྒྱའི་སྐྱེ་གནས་ཀྱི་མེས་བཅིངས་ན་བྱང་ཆུབ་ཀྱི་སེམས་འཛག་མེད་དུ་འཆིང་བའི་དོན་ནོ། །གཉིས་པ་ལ། མཐོང་ལམ་ཐོབ་བྱེད་ཀྱི་ལམ་ཇི་ལྟར་བསྒོམ་པའི་ཚུལ་བཤད་པ། སྒོམ་ལམ་དུ་ལམ་གྱི་རིམ་བསྒོམ་པའི་ཚུལ། སྒོམ་བྱ་ལམ་གྱི་རིམ་པ་ངོས་བཟུང་བ་དང་གསུམ་གྱི། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། རྒྱལ་མཚན་རྩ་བཞི་དག་པ་རུ། །འགགས་པས་བདེན་མཐོང་དོན་ལ་སྦྱོར། །ཞེས་པའོ། །གཉིས་པ་ནི། ཐོག་མར་སོ་སོར་བསྡུད་པ་དང་། བསམ་གཏན་དང་། སྲོག་རྩོལ་ལེགས་པར་སྦྱངས་ནས། འཛིན་པའི་སྐབས་སུ་ཁམས་བྱང་ཆུབ་ཀྱི་སེམས་སྐ་བ་མི་འཛག་པ་སྦྱོར་ལམ་དང་། སླ་བ་མི་འཛག་པ་རྒྱལ་མཚན་ཏེ་གསང་བའི་རྡོ་རྗེ་ནོར་བུའི་རྩ་བཞི་རུ་འགགས་པས་བདེན་པ་མཐོང་པའི་ལམ་ལ་སྦྱོར་བ་ཡིན་ནོ། །འདི་ནི་སྤྱན་རས་གཟིགས་འགྲེལ་ལས། དེ་ནས་གཟུགས་ནི་མཐོང་བར་གྱུར་ན་ཉིན་ཞག་སོ་སོའི་དུས་སུ་སྲོག་གི་རླུང་ནི་འགོག་པ་ཞེས་པ་བུམ་པ་ཅན་རབ་ཏུ་བྱ་སྟེ། འོད་ཟེར་འཁོར་ལོ་རང་གི་ལུས་ལ་ཡོངས་སུ་བསྐོར་ཞིང་འཁོར་བར་བྱེད་པ་མཐོང་གི་བར་དུའོ། །ཞེས་པ་སྔར་བརྗོད་པའི་གཟུགས་ལས་ནང་དུའོ། །དེ་ནས་ཟླ་བ་དྲུག་གི་སྡོམ་བརྩོན་ཏེ་ལས་དང་པོ་པའི་ཚངས་པར་སྤྱོད་པ་རྣམས་ཀྱི་རེག་བྱས་དམན་པ་ཞེས་པ་དབང་པོ་གཉིས་ཀྱི་འཁྲིག་པ་དང་བྲལ་ཞིང་བདེ་བ་མཉམ་པ་སྟེ་མི་འགྱུར་བའི་བདེ་བ་ལམ་གྱི་ཤེས་པ་སྟོང་པ་ཉིད་ཀྱི་གཟུགས་ཀྱི་སེམས་སུ་འགྱུར་རོ། །དེ་ནས་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ཀྱི་སྐད་ཅིག་མ་ལས་ཏེ། ཆགས་དང་ཆགས་བྲལ་མཐའ་ཐོག་ལ་གནས་སྐད་ཅིག་མ་ཞེས་པ་ལ། ཆགས་པ་ཞེས་པ་དཀར་པོའི་ཕྱོགས་ཏེ། དེའི་མཐར་གནས་པ་ནི་ཆ་བཅུ་དྲུག་པའི་མཚན་ཉིད་དོ། །ཆགས་བྲལ་ནི་ནག་པོའོ། །དེའི་དང་པོ་ལ་གནས་པ་ནི་ནག་པོའི་ཕྱོགས་ལ་མ་ཞུགས་པ་སྟེ་མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་ཀྱི་མཚན་ཉིད་དོ། །སྐད་ཅིག་མ་དེ་ཉིད་ཀྱང་དབུགས་ཀྱི་གྲངས་ཤེས་པ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་གྲངས་འཕེལ་ལོ། །གསང་བར་རྡོ་རྗེ་ནོར་བུའི་རྩེ་མོ་ལས་སྐད་ཅིག་མ་བརྒྱ་ཕྲག་སུམ་ཅུ་རྩ་དྲུག་རྣམས་ཀྱིས་འཕེལ་ཏེ། དེའི་གྲངས་ཀྱི་སྲོག་རྣམས་བསད་ནས་གསང་བའི་པདྨ་ཐོབ་བོ། །དེ་ཡིས་ས་གཉིས་སུ་འགྱུར་ཏེ། ཞེས་དང་པོར་ལས་རླུང་བརྒྱ་ཕྲག་བཅོ་བརྒྱད་འགོག་པ་མོས་སྤྱོད་ཀྱི་ས་དང་། གསང་བའི་རྩ་བཞིར་ཐིག་ལེ་འགགས་པ་མཐོང་ལམ་དུ་གསུངས་པའི་དོན་ནོ། །གཉིས་པ་ནི། རྗེས་དྲན་བཅུ་དྲུག་དང་ལྡན་པས། །བརྟན་བྱས་གྱེན་ལ་འགྲོ་བ་ཡིན། ཞེས་པ་སྟེ། དོན་ནི། བྷ་ག་ལ་ནི་ལིང་ག་བཞག །སངས་རྒྱས་གཟུགས་ནི་རབ་ཏུ་སྒོམ། །ཞེས་པ་ལ་སོགས་པའི་རྒྱུད་ཚད་ལྡན་རྣམས་ལས་གསུངས་པ་ལྟར། །འཆིང་བྱེད་ཀྱི་ཐབས་དང་ཕྲད་ནས་འཆིང་བའི་ཚེ་ན། །སངས་རྒྱས་ཆོས་དགེ་འདུན་ཚུལ་ཁྲིམས་གཏོང་བ་ལྷ་རྗེས་སུ་དྲན་པ་དྲུག་གམ། །འཁོར་ལོ་བཞིར་ལུས་ངག་སེམས་ཡེ་ཤེས་ཀྱི་དགའ་བ་བཞི་བཞི་བཅུ་དྲུག་རྗེས་སུ་དྲན་པ་དང་ལྡན་པས། རྗེས་དྲན་གྱི་མན་ངག་དེས་ཐིག་ལེ་རྣམས་བརྟན་པར་བྱས་ནས་གསང་གནས་ནས་རིམ་བཞིན་གྱེན་ལ་ལྟེ་བ་སྙིང་ག་མགྲིན་པ་སྤྱི་བོ་གཙུག་ཏོར་གྱི་བར་དུ་འགྲོ་སྟེ་འཕོ་བ་བཅུ་གཉིས་རིམ་གྱིས་འགག་ཅེས་པའི་དོན་ནོ། །འདི་ཡང་སྤྱན་རས་གཟིགས་ཀྱིས། ཇི་སྐད་དུ། དེ་བཞིན་དུ་ལྟེ་བ་དང་། སྙིང་ག་དང་། ལྐོག་མ་དང་། དཔྲལ་བ་རྣམས་སུ་བཞི་དང་། དྲུག་དང་། བརྒྱད་དང་། བཅུའི་ས་རྣམས་སུ་འགྱུར་རོ། །སྤྱི་གཙུག་ཏུ་བཅུ་གཉིས་ཀྱི་རླུང་ཐམས་ཅད་འགག་པར་འགྱུར་རོ། །ཞེས་གསུངས་པའི་དོན་ནོ། །གསུམ་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ས་ནི་བཅུ་གཉིས་རིམ་པ་ལྟར། །ཐོབ་བྱེད་དགའ་བ་བཅུ་དྲུག་ནི། །མཐར་སོན་རྟེན་འབྲེལ་བཅུ་གཉིས་དག །ཅེས་པའོ། །གཉིས་པ་ནི། དེ་ལྟར་དུས་སྦྱོར་བཅུ་གཉིས་ཀྱི་རླུང་རྣམས་རིམ་པ་བཞིན་དུ་འགག་པ་ན་ས་བཅུ་གཉིས་རིམ་བཞིན་ཐོབ་བྱེད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དགའ་བ་བཞི་བཞི་བཅུ་དྲུག་ལ་བརྟེན་ནས་ས་བཅུ་གཉིས་ཀྱི་མཐར་ཡེ་ཤེས་ཀྱི་སྐུར་སོན་པའི་ཚེ་ན་རྟེན་འབྲེལ་ཡན་ལག་བཅུ་གཉིས་དག་ནས་བདེན་དོན་རྣམ་པ་བཅུ་གཉིས་རིག་ཅིང་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་འགྱུར་ཞེས་པའི་དོན་ཏེ། ཇི་སྐད་དུ་དུས་འཁོར་འགྲེལ་ཆེན་ལས། ལུས་དང་ངག་དང་སེམས་དང་མ་རིག་པའི་བདུད་སྔར་བརྗོད་པ་འདི་རྣམས་ཀྱིས་བསྐྱེད་པར་བྱེད་པ་ནི་འགྱུར་བའི་སྐད་ཅིག་སྟེ་འདོད་པའི་ལྷར་མངོན་པར་བརྗོད་དོ། །དེ་ནི་དེ་བཞིན་གཤེགས་པས་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་གིས་རྣམ་པར་བཅོམ་མོ། །དེ་བཅོམ་པ་ནི་བདུད་ཀྱི་དཔུང་བཅོམ་པ་སྟེ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ཁོང་ཁྲོ་མ་རིག་པའི་རང་བཞིན་ཅན་རྣམས་ཟད་པའོ། །ཞེས་དང་། དེ་རྣམས་འགགས་པས་མ་རིག་པ་འགག་པ་སྟེ། དེ་བཞིན་དུ་རིམ་པས་ཡན་ལག་བཅུ་གཉིས་རྣམས་འགག་གོ །ཡན་ལག་བཅུ་གཉིས་འགགས་པས་སྲིད་པའི་འཁོར་ལོ་འགག་གོ །སྲིད་པའི་འཁོར་ལོ་འགགས་པས་སྒྲིབ་པ་མེད་པའི་སངས་རྒྱས་ཉིད་དུ་འགྱུར་རོ། །ཞེས་གསུངས་པ་དང་། མཆོག་གི་དང་པོའི་སངས་རྒྱས་ཀྱི་རྩ་བའི་རྒྱུད་ལས། དུ་བ་ལ་སོགས་སྒོམ་བྱས་ཤིང་། །སེམས་ནི་གཡོ་བ་མེད་བྱས་ཏེ། །དབུ་མ་སྦྱང་བ་བྱས་ནས་ནི། །མཆོག་ཏུ་མི་འགྱུར་སྒོམ་པར་བྱ། །པདྨར་རྡོ་རྗེ་རབ་བཀོད་ནས། །སྲོག་ནི་ཐིག་ལེར་གཞུག་པར་བྱ། །འཁོར་ལོར་ཐིག་ལེ་ཐིག་ལེ་ཡིས། །གཡོ་བ་རྡོ་རྗེར་དགག་པར་བྱ། །རྟག་ཏུ་རྟག་རེངས་རྣལ་འབྱོར་པས། །རྟག་ཏུ་སྟེང་དུ་ཁུ་བར་འགྱུར། །ཕྱག་རྒྱ་ཆེན་པོའི་སྦྱོར་བ་ཡི། །རྡོ་རྗེ་འབེབས་པས་བྱིན་གྱིས་བརླབས། །མཆོག་ཏུ་མི་འགྱུར་སྐད་ཅིག་ནི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་། །དྲུག་བརྒྱ་རྫོགས་པས་རྒྱལ་པོ་ཆེ། །རྡོ་རྗེ་སེམས་དཔའ་རང་ཉིད་འགྱུར། །ཞེས་གསུངས་པས་སོ། །གསུམ་པ་འབྲས་བུ་ངོས་བཟུང་བ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ལུས་ཀུན་མཚན་དཔེའི་མེ་ཏོག་རྒྱས། །སྐད་ཅིག་མངོན་པར་བྱང་ཆུབ་ཅེས། །བཅོམ་ལྡན་དེ་ཉིད་གཟིགས་པས་གསུངས། །ཤེས་པའོ། །གཉིས་པ་ནི། དེ་ལྟར་འབད་པས་བསྒོམས་པའི་འབྲས་བུ་ནི་རང་དོན་དོན་དམ་ཆོས་ཀྱི་སྐུ་དང་། གཞན་དོན་ཀུན་རྫོབ་པ་གཟུགས་ཀྱི་སྐུ་མཚན་དང་དཔེ་བྱད་ཀྱི་མེ་ཏོག་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པའི་སངས་རྒྱས་སུ་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་བོ་ཞེས་བཅོམ་ལྡན་འདས་དེ་ཁོ་ན་ཉིད་གཟིགས་པས་མདོ་དང་རྒྱུད་སྡེ་ལས་གསུངས་སོ། །ཅེས་པ་སྟེ། འདི་དག་ཀྱང་རྒྱལ་བའི་ཡུམ་ལས། བླ་མ་རྣམས་ལ་བསུ་བ་དང་བསྐྱལ་བ་དག་དང་ཆོས་ཉན་པ་དང་མེ་ཏོག་གི་འཕྲེང་བ་འབུལ་བ་དང་གཙུག་ལག་ཁང་དང་མཆོད་རྟེན་ལ་སོགས་པའི་གན་དུ་འགྲོ་བ་དང་གཡོག་འཁོར་བྱིན་པས་ན་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་ཡིན་ཏེ། ཞེས་གསུངས་ཤིང་། དེ་དག་གི་དོན་བསྡུས་པ་ནི་རྗེ་བཙུན་གྱིས། མངོན་པར་རྟོགས་པའི་རྒྱན་ལས། ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས། ཤེས་སོགས་དང་། ཐུབ་པའི་སེན་མོ་ཟངས་མདོག་དང་། །ཞེས་སོགས་གསུངས་ཤིང་། སྤྱན་རས་གཟིགས་ཀྱི་འགྲེལ་ཆེན་ལས། སྒྲིབ་པ་མེད་པའི་ཆོས་ཀྱི་དོན་དམ་པར་ནི་བཞུགས་པ་མེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་འཕགས་ཀྱི་ལེའུ་ལས། །སངས་རྒྱས་རྣམས་ལ་གང་དུའང་གཤེགས་པའམ་འབྱོན་པ་མ་བྱུང་ངོ་། །འབྱུང་བར་མི་འགྱུར་རོ། །མི་འབྱུང་ངོ་ཞེས་གསུངས་སོ། །ཞེས་པ་དང་། གཟུགས་ཀྱི་རང་བཞིན་ནི་སངས་རྒྱས་ཀྱི་སྐུ་གཟུགས་སྤྲུལ་པའི་སྐུ་སྟེ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའོ། །འདིར་སྐྱེས་བུའི་མཚན་རྣམས་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྐུའི་ཕྱག་དང་ཞབས་ཀྱི་མཐིལ་འཁོར་ལོས་མཚན་པ་སྟེ། འཁོར་ལོ་རྩིབས་སྟོང་ཡོངས་སུ་རྫོགས་པ་ལྟེ་བ་དང་བཅས་པ་དང་། ཞེས་སོགས་རྒྱས་པར་གསུངས་པའི་དོན་ཏེ། །ལྔ་པ་ཞར་ལ་སྐྱོན་བསལ་བའི་ཚུལ་བསྟན་པ་ལ། མདོར་བསྟན་དང་། རྒྱས་བཤད་གཉིས་ལས། དང་པོ་ནི། སྙིགས་མ་ཕལ་ཆེར་ནད་བསྐྱེད་པ། །ཞེས་པ་སྟེ། དེ་ཡང་ཁམས་ཀྱི་སྙིགས་མ་རྣམས་ཀྱིས་ནི་ཕལ་ཆེར། རླུང་མཁྲིས་བད་ཀན་ལ་སོགས་པའི་ནད་རྣམས་བསྐྱེད་པར་བྱེད་ཅེས་པའི་དོན་ཏོ། །གཉིས་པ་རྒྱས་པར་བཤད་པ་ལ། ཆུ་མེ་རླུང་གསུམ་སྣོད་བཅུད་ཀྱི་འཇིག་རྟེན་འཇིག་པའི་རྒྱུ་ཡིན་པར་བསྟན། ས་དང་ནམ་མཁའ་གཉིས་དེ་གཉིས་ཀྱི་རྟེན་དང་གཉེན་པོ་ཡིན་པར་བསྟན་པ་དང་གཉིས་ལས། དང་པོ་ལ། བཅུད་ཀྱི་སེམས་ཅན་འཇིག་པའི་རྒྱུད་ཡིན་པར་བསྟན་པ་དང་། སྣོད་ཀྱི་འཇིག་རྟེན་འཇིག་པའི་རྒྱུ་ཡིན་པར་བསྟན་པ་གཉིས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། གླད་པ་དཀར་ཆ་བད་ཀན་ཏེ། །སྟེང་དུ་གནས་ཀྱང་ས་ཆུ་ཡི། །རང་བཞིན་ཐུར་ལ་འབྱུང་བ་སྟེ། །ལྟེ་བ་གསང་བ་རླུང་རང་བཞིན། །འོག་ཏུ་གནས་ཀྱང་གྱེན་ལ་འགྲོ། །མཁྲིས་ཁྲག་མཆིན་བརྟེན་བར་གནས་ཀྱང་། །རླུང་ལྡན་མེ་བཞིན་གྱེན་དུ་འབར། །བད་ལྡན་ཆུ་བཞིན་འོག་ཏུ་འགྲོ། །བད་ཀན་གཏི་མུག་ལྡན་པ་སྟེ། །མཁྲིས་པ་ཞེ་སྡང་ལྷན་ཅིག་ཉིད། །རླུང་དང་ཆགས་ལྡན་ཀུན་གྱི་གྲོགས། །ཆུ་མེ་རླུང་གསུམ་ནད་ཡིན་ཏེ། །ལུས་ལ་ནད་བྱེད་སེམས་ལ་ཡང་། །བདེ་དང་རྟོག་དཔྱོད་རྟོག་པ་གཡོ། །ཞེས་པའོ། །གཉིས་པ་ཚིག་གི་དོན་ནི། དེ་ལ་བད་ཀན་གྱི་ནད་ནི། གཞི་གླད་པ་དཀར་ཆ་ལ་བརྟེན་ནས་སྟེང་དུ་གནས་ཀྱང་། ངོ་བོ་ས་ཆུ་ཡི་རང་བཞིན་ཡིན་པས་ཐུར་ལ་འགྲོ་བ་དང་། རླུང་གི་ནད་ནི། ལྟེ་བ་དང་གསང་གནས་ལ་བརྟེན་ནས་འོག་ཏུ་གནས་པ་ཡིན་ཀྱང་། འབྱུང་བའི་ཁམས་དང་མཐུན་པར་གྱེན་དུ་འགྲོ་ཞིང་། སྟེང་དུ་འཕྱོ་སྟེ་འབར་བར་བྱེད་དོ། །མཁྲིས་པའི་ནད་ནི། གནས་ཁྲག་དང་མཆིན་པ་ལ་བརྟེན་ནས་བར་ན་གནས་ཀྱང་། རེས་འགའ་རླུང་དང་ལྷན་ཅིག་ཏུ་སྡོངས་ནས་གྱེན་དུ་འགྲོ་ཞིང་སྟོད་དུ་ནད་བསྐྱེད་པར་བྱེད་ལ། རེས་འགའ་བད་ཀན་དང་སྡོངས་ནས་ཆུ་འབབ་པ་བཞིན་དུ་འོག་ཏུ་འགྲོ་སྟེ། ལུས་ཀྱི་སྨད་དུ་ནད་བསྐྱེད་པར་བྱེད་པས། དེ་དག་ལ་གསོ་བ་རིག་པའི་གཞུང་ལས། རླུང་མཁྲིས་ཞེས་པ་དང་། བད་མཁྲིས་ཞེས་པའི་ཐ་སྙད་བཏགས་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །ནད་དེ་དག་བསྐྱེད་པའི་རྒྱུ་ནི། འདོད་ཆགས་ཞེ་སྡང་གཏི་མུག་སྟེ་དུག་གསུམ་མོ། །དེ་ལ་བད་ཀན་ནི་གཏི་མུག་གིས་བསྐྱེད་ཅིང་གཉིད་འཐུག་པོ་ལོག་པ་ཡང་དེའི་ཆར་རྟོགས་ཡིན་པས། བད་ཀན་གྱི་རྒྱུར་འགྱུར་བ་ཡིན་ལ། མཁྲིས་པ་ནི་ཡུལ་ཡིད་དུ་མི་འོང་བ་ལ་སེམས་ཁོང་དུ་འཁྲུགས་པའི་ཞེ་སྡང་གིས་བསྐྱེད་ཅིང་། རླུང་ནི་ཡུལ་ཡིད་དུ་འོང་བ་ལ་ལྷག་པར་ཆགས་པའི་འདོད་ཆགས་ཀྱིས་བསྐྱེད་པར་བྱེད་དོ། །ཁྱད་པར་དུ་རླུང་ནི། དུག་གསུམ་གས་བསྐྱེད་པའི་ནད་ཐམས་ཅད་ཀྱི་གྲོགས་སུ་འགྱུར་བ་ཡང་ཡོད་དེ། དཔེར་ན། བད་རླུང་ཞེས་པ་དང་། རླུང་མཁྲིས་ཞེས་པའི་ཐ་སྙད་འབྱུང་བ་ལྟ་བུ་སྟེ། དེ་སྐད་དུ་ཡང་། སློབ་དཔོན་དཔའ་བོས་ཡན་ལག་བརྒྱད་པ་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །རླུང་མཁྲིས་བད་ཀན་བསྐྱེད་པའི་རྒྱུ། །ཞེས་གསུངས་པའི་ཕྱིར། མདོར་ན། ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བ་ལྔའི་ནང་ནས། ཆུ་དང་མེ་དང་རླུང་གསུམ་ནི། ལུས་འཇིག་པར་བྱེད་པའི་རྒྱུའི་ནད་ཡིན་ཏེ། ལུས་ལ་ནད་བྱེད་ཅིང་སེམས་ལ་བདེ་སྡུག་སྣ་ཚོགས་འབྱུང་བར་བྱེད་པས། ནད་དེ་ཡང་སེམས་ཀྱི་ཆོ་འཕྲུལ་ལས་བྱུང་བའི་ཕྱིར་རོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། བདེ་དང་རྟོག་དཔྱོད་རྟོག་པ་གཡོ། །གསུམ་གྱིས་བསམ་གཏན་སྐྱོན་ཡིན་ལ། །དེ་ཡི་རྒྱུ་ཡིས་འཇིག་རྟེན་འཇིག །ཅེས་པའོ། །གཉིས་པ་ཚིག་དོན་ནི། ཕྱི་སྣོད་ཀྱི་འཇིག་རྟེན་འཇིག་པའི་ཚེ་ན་བསམ་གཏན་དང་པོ་མན་ཆད་མེས་འཇིག་ཅིང་། བསམ་གཏན་དང་པོ་དེ་ནི་མེས་འཇིག་གི་རྩེ་མོ་ཡིན་ཏེ། བསམ་གཏན་དང་པོ་ན་སྐྱོན་དུ་གྱུར་བའི་རྟོག་དཔྱོད་མེ་ལྟ་བུ་ཡོད་པའི་ཕྱིར། བསམ་གཏན་གཉིས་པ་མན་ཆད་ཆུས་འཇིག་པས། བསམ་གཏན་གཉིས་པ་དེ་ཆུས་འཇིག་གི་རྩེ་མོ་ཡིན་ཏེ། དེ་ན་སྐྱོན་དུ་གྱུར་བའི་དགའ་བདེ་ཆུ་ལྟ་བུ་ཡོད་པའི་ཕྱིར། བསམ་གཏན་གསུམ་པ་མན་ཆད་རླུང་གིས་འཇིག་པ་ཡིན་པས། གསུམ་པ་དེ་ནི་རླུང་འཇིག་གི་རྩེ་མོ་ཡིན་ཏེ། དེ་ན་སྐྱོན་དུ་གྱུར་པའི་རྣམ་རྟོག་གཡོ་བ་དང་དབུགས་འབྱུང་རྔུབ་རླུང་ལྟ་བུ་ཡོད་པའི་ཕྱིར། བསམ་གཏན་བཞི་པ་ཡན་ཆད་ནི། ཆུ་མེ་རླུང་གསུམ་གང་གིས་ཀྱང་འཇིག་མི་ནུས་ཤིང་། གཡོ་བ་མེད་པར་གནས་པ་ཡིན་ནོ། །འོ་ན་དེ་རྣམ་པ་ཐམས་ཅད་དུ་རྟག་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། རྟེན་གཞལ་ཡས་ཁང་དང་བརྟེན་པ་བཞི་པའི་ལྷ་གཉིས་པོ་དེ། སྐྱེ་བའི་ཚེ་ན་གཅིག་ཅར་དུ་མཉམ་དུ་འབྱུང་ཞིང་སྐྱེ་བ་དང་། འཇིག་པའི་ཚེ་ན་རྟེན་དང་བརྟེན་པ་གཅིག་ཅར་དུ་འཇིག་པའི་ཕྱིར། འདི་དག་ནི་ཇི་སྐད་དུ། སློབ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད་ལས། དེ་ཡི་སྐྱོན་དང་ཆོས་མཐུན་ཕྱིར། །བཞི་པ་ན་མེད་མི་གཡོའི་ཕྱིར། །མི་རྟག་དེ་ཡི་གཞལ་མེད་ཁང་། །སེམས་ཅན་བཅས་ཏེ་འབྱུང་འཇིག་ཕྱིར། །མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །དེ་ལྟར་ཆུ་བདུན་ཐལ་ནས་ཀྱང་། །མེ་ཡིས་བདུན་ནོ་དེ་ནས་ནི། །མཇུག་ཏུ་རླུང་གིས་འཇིག་པ་ཡིན། །ཞེས་གསུངས་པ་དང་། དེ་ཉིད་ལས། བསམ་གཏན་གྱི་སྐྱོན་ངོས་བཟུང་བའི་ཚེ་ན། རྟོག་དང་དཔྱོད་དང་དབུགས་དག་དང་། །བདེ་བ་ལ་སོགས་བཞི་ཡིན་ནོ། །ཞེས་གསུངས་པ་ལྟ་བུའོ། །གཉིས་པ་ས་དང་ནམ་མཁའ་གཉིས་དེ་གཉིས་ཀྱི་རྟེན་དང་གཉེན་པོ་ཡིན་པར་བསྟན་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། མཁའ་དང་ས་ནི་དེ་གཉིས་ཀྱི། །རྟེན་བྱེད་སྐྱོན་ནི་མེད་པ་ཡིན། །དེ་ཕྱིར་མཁས་པས་དེ་གཉིས་ཀྱི། །གནད་ཤེས་གསུམ་པོའི་སྐྱོན་གཞོམ་བྱ། །ཞེས་པའོ། །གཉིས་པ་ནི། ནམ་མཁའ་དང་ས་གཉིས་ནི། སྣོད་བཅུད་གཉིས་པོ་དེའི་རྟེན་བྱེད་ཅིང་། སྣོད་བཅུད་ཀྱི་འཇིག་རྟེན་འཇིག་པར་བྱེད་པའི་སྐྱོན་ནི་མེད་པ་ཡིན་པས། རྒྱུ་མཚན་དེའི་ཕྱིར། མཁས་པ་རྣམས་ཀྱིས་ས་དང་ནམ་མཁའ་དེ་གཉིས་ཀྱི་གནད་ཤེས་ནས། ཆུ་མེ་རླུང་གསུམ་པོ་དེས་བསྐྱེད་པའི་ནད་ཀྱི་སྐྱོན་རྣམས་གཞོམ་པར་བྱའོ། །དེ་ཡང་འདི་ལྟར། ནང་དུ་སའི་ཁམས་ནི་ཐུར་སེལ་གྱི་རླུང་ཡིན་ལ། ནམ་མཁའ་ནི་སྲོག་དང་ལས་རླུང་དང་ལྷན་ཅིག་ཏུ་ཕྱི་རོལ་དུ་འབྱུང་བའི་རླུང་ཡང་ཡིན་པས། ནད་དེ་དག་གི་གཉེན་པོར་ནམ་མཁའི་རླུང་དང་། ཐུར་སེལ་གྱི་རླུང་གཉིས་པོ་གནད་དུ་བསྣུན་པའི་སྒོ་ནས་སྒོམ་དགོས་པ་ཡིན་ཏེ། དེ་སྐད་དུ་ཡང་། དུས་ཀྱི་འཁོར་ལོའི་ལུང་རང་འགྲེལ་དུ་དྲངས་པ་ལས། དབྱུང་བ་ཡིས་ནི་མཁྲིས་པའི་གཤེད་ཡིན་སྲོག་དང་རྩོལ་བ་ཡིས་ནི་བད་ཀན་ལ། །རླུང་ནད་མ་ལུས་པ་ལ་ཐུར་དུ་སེལ་བ་བསྡམས་པ་ཡིས་ནི་སེལ་བར་འགྱུར། །ཞེས་པ་དང་། བསྡུས་རྒྱུད་ལས། ཐུར་སེལ་བསྐུམ་ན་འདོད་པར་འགྱུར་ཏེ་ལུས་མཆོག་དག་ལ་རླུང་གི་ནད་ནི་མ་ལུས་དག་ལའོ། །སྲོག་རྩོལ་དག་ནི་བད་ཀན་ལ་འགྱུར་སླར་ཡང་དེ་དག་གཏོང་ལ་མཁྲིས་པ་དག་གི་སྐྱོན་ལའོ། །སྟེང་དང་འོག་ནི་ཡང་དག་འགོག་པ་བདེ་བ་བྱེད་པར་འགྱུར་ཏེ་འདུས་པ་དག་དང་རིམས་ལའོ། །ལྟེ་བའི་སྟེང་དུ་སྲོག་གི་རླུང་ནི་མཐའ་དག་ནད་འཕྲོག་ལྟེ་བའི་རྩ་བར་གཞན་པ་དག་ཀྱང་ངོ་། །ཞེས་གསུངས་པས་སོ། །གསུམ་པ་དོན་བསྡུ་བ་ལ། དངོས་དང་། རྩ་རླུང་ཐིག་ལེ་གསུམ་རྡོ་རྗེའི་ལུས་ཡིན་པར་བསྟན་པས་དོན་བསྡུ་བ་གཉིས། དང་པོ་ལ། རྩ་རླུང་ཐིག་ལེ་གསུམ་གྱི་གནད་མ་ཤེས་པའི་སྐྱོན་བསྟན། ཐབས་ཀྱིས་ཟིན་ན་གཉེན་པོར་བསྟན། གཉེན་པོ་གསུངས་པའི་དགོས་པ་བཤད་པ་དང་གསུམ། དང་པོ་ལ། རྩ་བ་དང་། ཚིག་དོན་གཉིས་ལས། དང་པོ་རྩ་བ་ནི། དེ་ལྟར་རྫས་སྔགས་རླུང་གསུམ་གྱི། །ཐིག་ལེ་མ་རིག་དང་འབྲེལ་བས། །འཁོར་བ་བསྐྱེད་པར་གསུངས་པ་སྟེ། །ཞེས་པ་སྟེ། གཉིས་པ་ནི། དེ་ལྟར་གསུངས་པའི་རྫས་དང་སྔགས་དང་རླུང་གསུམ་གྱི་ཐིག་ལེ་མ་རིག་པ་དང་འབྲེལ་བས། འགྱུར་བ་ལ་སོགས་བའི་བདེ་བ་ལ་ཞེན་ན། འཁོར་བ་བསྐྱེད་པའི་གཞིར་འགྱུར་བ་ཡིན་པས། འགྱུར་པའི་བདེ་བ་ལ་ཆགས་པར་མི་བྱ་ཞེས་པའོ། །གཉིས་པ་ནི། ཐབས་ཀྱིས་ཟིན་ན་གཉེན་པོར་བཤད། ཅེས་པ་སྟེ། དེ་ཡང་། བླ་མའི་ངེས་པའི་དབང་གིས་འཆིང་བྱེད་ཀྱི་ཐབས་ཀྱིས་ཟིན་ན་འཁོར་བ་འཇོམས་པར་བྱེད་པའི་གཉེན་པོ་བྱེད་པ་ཡིན་ཏེ། དེ་སྐད་དུ་ཡང་། ཧེ་བཛྭ་ལས། སྐྱེ་བོ་མི་ཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཆགས་པས་འཇིག་རྟེན་འཆིང་འགྱུར་བ། །འདོད་ཆགས་ཉིད་ཀྱི་རྣམ་གྲོལ་འགྱུར། །བཟློག་པའི་སྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཤེས་གསུངས་པའི་ཕྱིར་རོ། །གསུམ་པ་གཉེན་པོ་གསུངས་པའི་དགོས་པ་རྒྱས་པར་བཤད་པ་ལ། རྩ་བ་དང་།ཚིག་དོན་གཉིས་ལས། དང་པོ་ནི། སྒོམ་པར་བྱེད་པའི་རྒྱུ་མཚན་ཡང་། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །ཡུན་རིང་ཆགས་ཆེན་དབང་སོང་བས། །སྲིད་པ་གསུམ་དུ་སྐྱེ་བ་རྣམས། །དེ་དག་གྲོལ་བའི་དོན་དུ་ནི། །རྫས་ཀྱི་ཐིག་ལེ་གསུངས་པ་ཡིན། །ཞེ་སྡང་ཆེན་པོའི་དབང་སོང་བས། །མི་གང་མི་བསྲུན་པ་ཡི་ལུས། །དེ་རྣམས་མྱུར་དུ་གྲོལ་དོན་དུ། །སྔགས་ཀྱི་ཐིག་ལེ་གསུངས་པ་ཡིན། །གཏི་མུག་ཆེན་པོས་ཀུན་ནས་འཁྲུགས། །སྲིད་སྐྱོབ་དངོས་གྲུབ་འབྲས་བུ་བརྒྱད། །ཐོབ་ཕྱིར་ཡེ་ཤེས་འབྲས་བུ་ནི། །རླུང་གི་ཐིག་ལེ་གསུངས་པ་ཡིན། ཞེས་པའོ། །གཉིས་པ་ནི། སྦྱང་གཞི་བདེ་བར་གཤེགས་པའི་སྙིང་པོའི་སྟེང་དུ། སྦྱང་བྱ་རྣམ་པར་རྟོག་པ་སྦྱོང་བྱེད་ཀྱི་ལམ་དང་བསྟུན་ནས་སྒོམ་པར་བྱེད་པའི་རྒྱུ་མཚན་ཡང་། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། རྒྱུ་མཚན་འདི་དག་ཅི་ལྟ་བ་བཞིན་གསུངས་པ་ཡིན་ཏེ། དེ་ཡང་ཡུན་རིང་པོ་ནས་འདོད་ཆགས་ཆེན་པོའི་དབང་དུ་སོང་བས་ཡང་ནས་ཡང་དུ་སྲིད་པ་གསུམ་དུ་སྐྱེ་བ་རྣམས་སྲིད་པ་གསུམ་པོ་དེ་དག་ལས་གྲོལ་བའི་དོན་དུ་ནི། བཅོམ་ལྡན་འདས་ཀྱིས་ཁམས་ལྔ་རྫས་ཀྱི་ཐིག་ལེ་རྣམས་གསུངས་པ་ཡིན་ནོ། །འདི་དང་མཐུན་པར་བཅོམ་ལྡན་འདས་དཔལ་མཆོག་གི་དང་པོའི་སངས་རྒྱས་ཀྱི་རྩ་བའི་རྒྱུད་དབང་མདོར་བསྟན་ལས། འཕོས་པ་ལས་ནི་ཆགས་བྲལ་འགྱུར། །ཆགས་བྲལ་ལས་ནི་སྡུག་བསྔལ་འབྱུང་། །སྡུག་བསྔལ་སྐྱེས་བུའི་ཁམས་ཟད་བྱེད། །ཟད་པ་ལས་ནི་འཆི་བར་བརྗོད། །ཤི་ནས་སླར་ཡང་དེ་རྣམས་ཀྱིས། །སྲིད་པའི་སྲིད་ལས་སླར་འཆི་འཕོ། །དེ་ལྟར་སེམས་ཅན་གྱི་སྲིད་པ། །ཆགས་བྲལ་ལས་འབྱུང་གཞན་དུ་མིན། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །འཕོ་བའི་ཆགས་པ་རྣམ་པར་སྤང་། །ཞེས་གསུངས་པས་སོ། །མི་གང་ཞིག་ཞེ་སྡང་ཆེན་པོའི་དབང་དུ་སོང་བས་ཤིན་ཏུ་མི་བསྲུན་པ་རྣམ་པར་འཁྲུག་པའི་བསམ་པ་ཅན་དེ་རྣམས་མྱུར་དུ་གྲོལ་བར་བྱ་བའི་དོན་དུ། རྣམ་པར་རྟོག་པས་ཀུན་དུ་བཏགས་པའི་བསྐྱེད་རིམ་གྱི་ལྷ་སྒོམ་པ་དང་། བཟླས་པའི་མན་ངག་དང་འབྲེལ་བའི་སྦྱིན་བསྲེག་དང་ལས་སྦྱོར་དང་། འཁྲུལ་འཁོར་གྱི་དབྱེ་བ་ལ་སོགས་པ་གདུག་པ་ཅན་ཚར་བཅད་པའི་མན་ངག་ཏུ་བསྔགས་ཀྱི་ཐིག་ལེ་གསུངས་པ་ཡིན་ནོ། །མི་གང་ཞིག་གཏི་མུག་ཆེན་པོས་རྒྱུད་ཀུན་ནས་འཁྲུགས་པར་གྱུར་ཅིང་ལས་འབྲས་དང་གནས་ལུགས་ཀྱི་དོན་ལ་རྨོངས་པ་རྣམས་ལ་སྲིད་པ་སྡུག་བསྔལ་ལས་སྐྱོབ་པར་བྱ་བའི་ཕྱིར་དུ་འཇིག་རྟེན་པའི་དངོས་གྲུབ་ཀྱི་འབྲས་བུ་ཐོབ་བར་བྱེད་པའི་ཐབས། རལ་གྲི་དང་། མིག་སྨན་དང་། རིལ་བུ་དང་། ས་འོག་དང་། རྐང་འགྱོགས་དང་། མི་སྣང་བ་དང་། མཁའ་ལ་སྤྱོད་པ་ལ་སོགས་པའི་དངོས་གྲུབ་བརྒྱད་ཐོབ་པའི་ཕྱིར་དང་། དེ་ལས་ཀྱང་། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་ཉིད་རྟོགས་པའི་མི་འགྱུར་བའི་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པའི་ཕྱིར་དུ་རླུང་གི་ཐིག་ལེ་གསུངས་པ་ཡིན་ནོ། །དེའི་ཕྱིར་འདི་དག་ནི། གསང་སྔགས་རྡོ་རྗེ་ཐེག་པའི་ཐབས་ལ་མཁས་པའི་ཁྱད་པར་བསམ་གྱིས་མི་ཁྱབ་པའི་ཡན་ལག་ཏུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་པར་ཤེས་པར་བྱའོ། །གཉིས་པ་རྩ་རླུང་ཐིག་ལེ་གསུམ་རྡོ་རྗེའི་ལུས་ཡིན་པར་བསྟན་པས་དོན་བསྡུ་བ་ནི། དེ་ལྟར་རྩ་རླུང་ཐིག་ལེ་གསུམ། །རྟེན་ཅིང་འབྲེལ་བར་སྣང་བ་ནི། །རྟེན་འགྱུར་རྡོ་རྗེའི་ལུས་ཤེས་གསུངས། ཤེས་པ་སྟེ། འདི་ཡང་། གོང་དུ་རྩ་དང་རླུང་བསྟན་པའི་ལེའུ་དང་ཐིག་ལེ་བསྟན་པའི་ལེའུ་གསུམ་དུ་བཤད་པའི་རྩ་རླུང་ཐིག་ལེ་གསུམ་ནི་རྩ་ལ་བརྟེན་ནས་རླུང་རྒྱུ་ཞིང་། རླུང་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་གཡོ་བ་དང་། འཛིན་པའི་རྟེན་ཅིང་འབྲེལ་བར་སྣང་བ་ནི། རྡོ་རྗེ་ཐེག་པའི་ལམ་སྒོམ་པའི་རྟེན་དུ་གྱུར་པ་རྡོ་རྗེའི་ལུས་སུ་གསུངས་པ་ཡིན་ནོ། །དེ་དག་གི་དོན་ཡང་རྩ་རླུང་ཐིག་ལེ་རྣམས་སེམས་ཀྱི་སྣང་བ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལས་གྲུབ་ཅིང་། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟེན་དུ་གྱུར་པའི་རྡོ་རྗེའི་ལུས་ཀྱི་གནས་ལུགས་སུ་གསུངས་སོ་ཞེས་འགྲེལ་པར་བཤད་ཅིང་། འདི་དག་ནི་ཧེ་བཛྭ་ལས། བཙུན་མོའི་བྷ་ག་བདེ་ཅན་དུ། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་བཅུར་ལྡན། །ཁུ་བ་ཞེས་བྱའི་རྣམ་པར་གནས། །དེ་མེད་ན་ནི་བདེ་མེད་འགྱུར། །བདེ་བ་མེད་ན་དེ་མེད་འགྱུར། །ནུས་པ་མེད་ཕྱིར་ལྟོས་དང་བཅས། །ལྷ་ཡི་རྣལ་འབྱོར་ལས་བདེ་བ། །དེ་ཕྱིར་སངས་རྒྱས་དངོས་པོ་མིན། །དེ་ཉིད་དངོས་མེད་ཚུལ་ཡང་མིན། །ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །མཆོག་ཏུ་བདེ་བས་གཟུགས་མེད་པ། །དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །ཤེས་གསུངས་པ་ལས་རྟོགས་པར་བྱའོ། །གཉིས་པ་ལེའུའི་མཚན་ནི། །ཟབ་མོ་ནང་གི་དོན་གསལ་བར་བྱེད་པ་ལས་ཐིག་ལེ་གསུམ་བསྟན་པ་སྟེ་ལྔ་པའོ། །ཞེས་སོ། །ཐིག་ལེ་གསུམ་དང་རྫས་སྔགས་རླུང་གསུམ་དང་། །དྭངས་སྙིགས་རྒྱུ་དང་ཁམས་ཀྱི་རྒྱས་བཤད་དང་། འཛིན་པའི་ཐབས་དང་སྐྱོན་དང་ཡོན་ཏན་བཅས། །གསུངས་པའི་དགོས་དང་བཅས་པ་ལེགས་པར་བཤད། །ཅེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པའི་བསྟན་བཅོས་ཀྱི་ཚིག་དོན་གསལ་བར་བྱེད་པའི་ལེགས་བཤད་ནོར་བུ་རིན་པོ་ཆེའི་ཕྲེང་བ་ལས་ཐིག་ལེ་གསུམ་བསྟན་པའི་རྣམ་པར་བཤད་པ་སྟེ་ལྔ་པའོ།། ༈ །།ལེའུ་དྲུག་པ་གནས་སྐབས་བཞིའི་རྣམ་ཤེས་དང་ཡེ་ཤེས་གཞི་ལམ་འབྲས་བུ་འབྲེལ་བའི་ཚུལ་བཤད་པ་ལ། དངོས་དང་། ལེའུའི་མཚན་བསྟན་པ་རྣམ་པ་གཉིས། དང་པོ་དངོས་ལ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བ་དང་གསུམ། དང་པོ་ལ། རྩ་བ་དང་། ཚིག་དོན་བཤད་པ་གཉིས། དང་པོ་ནི། དེ་ནས་རྣམ་ཤེས་སོགས་འབྲེལ་བ། །མདོར་བསྡུས་རགས་པ་བཤད་པར་བྱ། ཞེས་པའོ། །གཉིས་པ་ནི། དེ་ནས་ཤེས་པ་ནི། རྩ་རླུང་ཐིག་ལེ་གསུམ་གྱི་རྣམ་བཞག་བཤད་ཟིན་པའི་རྗེས་དེ་ནས། གཞི་ལམ་འབྲས་བུའི་རྣམ་ཤེས་དང་ཡེ་ཤེས་ཀྱི་འབྲེལ་བ་བཤད་པའི་དགོས་པ་དང་གོ་རིམ་བསྟན་པ་ཡིན་ཏེ། རྣམ་ཤེས་ལ་སོགས་པའི་འབྲེལ་བ་མ་ཤེས་ན། ལུས་ཀྱི་རྒྱུའི་གནས་ཚུལ་མི་ཤེས། ལུས་ཀྱི་རྒྱུའི་གནས་ཚུལ་མ་ཤེས་ན། ལུས་ཀྱི་གནས་ཚུལ་མི་ཤེས་ཤིང་། ལུས་སེམས་ཀྱི་འབྲེལ་བ་ཡང་མི་ཤེས་པས། རྩ་ཐིག་རླུང་གསུམ་བསྟན་པའི་རྗེས་དེ་ནས། རྣམ་པར་ཤེས་པའི་ཚོགས་བརྒྱད་སོགས་པས་ཡེ་ཤེས་ལྔ་དང་། ཕྱག་རྒྱ་བཞི་དང་ཕུང་ཁམས་སྐྱེ་མཆེད་ལ་སོགས་པའི་གཞི་དང་ལམ་དང་འབྲས་བུས་བསྡུས་པའི་ཆོས་ཐམས་ཅད་ཀྱི་འབྲེལ་བ་བཅོམ་ལྡན་འདས་ཀྱིས་མདོ་དང་རྒྱུད་སྡེར་གསུངས་པ་ནི་བསམ་གྱིས་མི་ཁྱབ་ཀྱང་། འདིར་ནི། མདོར་བསྡུས་ནས་རགས་པ་ཙམ་ཞིག་བཤད་པར་བྱའོ། །ཞེས་སོ། །གཉིས་པ་ལ། གནས་སྐབས་བཞི་སྤྱིར་བཤད་པ་དང་། གནས་སྐབས་སོ་སོའི་རང་བཞིན་རྒྱས་པར་བཤད་པ་གཉིས། དང་པོ་ནི། ཐོག་མར་བསྐྱེད་ཚུལ་གོང་དུ་བཤད། །གནས་དུས་གནས་སྐབས་བཞི་ཡིན་ཏེ། །གཉིད་དང་རྨི་ལམ་སྙོམས་འཇུག་དང་། །ཐ་མལ་དུས་དང་རྣམ་པ་བཞི། །མ་དག་སྐུ་བཞིའི་གནས་སྐབས་ཡིན། །ཞེས་པ་སྟེ། དེ་ཡང་མ་དག་པའི་དུས་ཀྱི་གནས་སྐབས་བཞིའི་ཐོག་མར་སྐྱེ་བའི་ཚུལ་ནི། གོང་དུ་མངལ་སྐྱེས་ཀྱི་ལུས་འགྲུབ་པའི་སྐབས་སུ་བཤད་ཟིན་ལ། ད་ལྟ་གནས་པའི་དུས་ན་གནས་སྐབས་རྣམ་པ་བཞི་ཡིན་ཏེ། སྤྱན་རས་གཟིགས་འགྲེལ་ལས། སད་རྨི་གཉིད་འཐུག་བཞི་པ་ཡི། །ཞེས་གསུངས་པ་ལྟར། གཉིད་འཐུག་པོ་ལོག་པའི་གནས་སྐབས་དང་། རྨི་ལམ་ཉིད་འཁྲུལ་ཏེ་མེད་བཞིན་དུ་སྣང་བའི་གནས་སྐབས་དང་། སྙོམས་འཇུག་ཆགས་པ་དང་བཅས་པ་ཕོ་མོ་དབང་པོ་གཉིས་སྦྱོར་གྱི་གནས་སྐབས་དང་། ཐ་མལ་སད་པ་ཉིན་པར་གྱི་དུས་ཀྱི་གནས་སྐབས་དང་རྣམ་པ་བཞི་ལ། དྲི་མས་མ་དག་པའི་གནས་སྐབས་ན་མ་དག་པའི་སྐུ་བཞིའི་གནས་སྐབས་ཡིན་པར་བཤད་དེ། དེ་ཡང་། གཉིད་གཏི་མུག་ཆོས་སྐུ། རྨི་ལམ་ལོངས་སྤྱོད་རྫོགས་པའི་སྐུ། སྙོམས་འཇུག་ཆགས་པ་དང་བཅས་པ་ནི་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་སྐུ་དང་། སད་པ་ནི་སྤྲུལ་པའི་སྐུར་བཤད་པས་སོ། །གཉིས་པ་ལ། གཉིད་འཐུག་པོའི་གནས་སྐབས་རྒྱས་པར་བཤད། །རྨི་ལམ་གྱི་གནས་སྐབས་རྒྱས་པར་བཤད། །ཆགས་པ་སྙོམས་འཇུག་གི་གནས་སྐབས་རྒྱས་པར་བཤད། སད་པ་ཐ་མལ་གྱི་གནས་སྐབས་རྒྱས་པར་བཤད་པ་དང་བཞི་ལས། དང་པོ་ལ། སྦྱང་གཞི་ངོས་བཟུང་བ། སྦྱང་བྱ་དྲི་མས་ཇི་ལྟར་སྒྲིབ་པའི་ཚུལ། སྦྱོང་བྱེད་ལམ་གྱི་རིམ་པ་བཤད་པ་དང་གསུམ། དང་པོ་ལ། གཉིད་ཀྱི་གཞི་གང་ཡིན་པར་བསྟན་པ། ཡེ་ཤེས་གང་ཡིན་པར་བསྟན་པ། སྐུ་གང་ཡིན་པར་བསྟན་པ་དང་གསུམ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དབྱེ་བ་རྣམ་པ་མང་བཤད་ཀྱང་། །གཉིད་དུས་ཀུན་གཞི་གཙོ་བོ་སྟེ། །སྙིང་ག་ཆོས་ཀྱི་འཁོར་ལོར་གནས། །ཚོགས་དྲུག་མི་གསལ་གཅིག་ཏུ་བསྡུས། །ཤེས་པའོ། །གཉིས་པ་ནི། རྒྱུད་འགྲེལ་ཚད་ལྡན་རྣམས་ལས་གཞི་ལམ་འབྲས་བུའི་དབྱེ་བ་རྣམ་པ་མང་དུ་བཤད་ཀྱང་། གཞིའི་གནས་སྐབས་སུ། གནས་པའི་དུས་ནི་གཉིད་དང་རྨི་ལམ་དང་སྙོམས་འཇུག་དང་ཐ་མལ་གྱི་དུས་དང་རྣམ་པ་བཞིར་ངེས་པ་ཡིན་ཏེ། དེ་སྐད་དུ་ཡང་། འགྲེལ་ཆེན་ལས། སད་རྨི་གཉིད་འཐུག་བཞི་པ་ཡི། །དབང་པོ་གཉིས་སྐྱེས་བདེ་མིན་ཞིང་། །ཡེ་ཤེས་སེམས་དང་ངག་དང་ལུས། །གནས་བཞིར་ཡང་དག་མི་གནས་ཏེ། །ཞེས་པ་དང་། བསྡུས་རྒྱུད་ལས། སད་པ་དང་ནི་རྨི་ལམ་རང་བཞིན་སླར་ཡང་གཞན་པ་འདི་ནི་གཉིད་དང་བཞི་པའི་རང་བཞིན་ནི། ལུས་ལ་གནས་དང་དབུགས་ལ་ཞེན་པ་ཡུལ་རྣམས་རྣམ་པར་གཅོད་ཅིང་གཡོ་མེད་སེམས་ལ་ཞེན་པ་སྟེ། །ཡེ་ཤེས་ལ་གནས་བུད་མེད་རབ་ཏུ་འགྲོགས་ལས་བྱང་ཆུབ་སེམས་ནི་ཞུ་བ་ལ་ཡང་སྐད་ཅིག་འགྱུར། །སྤྲུལ་པ་ལ་སོགས་དག་གིས་སེམས་ཀྱི་རྡོ་རྗེ་རྣམ་པ་བཞིར་ནི་རིམ་པས་ངེས་པར་རབ་ཏུ་འགྱུར། །དེ་ལྟར་སེམས་ནི་རྣམ་བཞིར་སྲིད་པ་གསུམ་ལ་གནས་པའི་སྲོག་ཆགས་རྣམས་ཀྱི་ཐིག་ལེའི་དབུས་སུ་ཏེ། །ཞེས་པ་ལྟར་རོ། །གནས་སྐབས་དེ་དག་གི་ནང་ནས་གཉིད་འཐུག་པོའི་དུས་སུ་ནི་ཀུན་གཞིའི་རྣམ་ཤེས་གཙོ་བོ་ཡིན་ཏེ། ལུས་ལ་གནས་པའི་ཚེ་ན་སྙིང་ག་ཆོས་ཀྱི་འཁོར་ལོར་གནས་ལ། གཉིད་དེའི་ངོ་བོ་ནི། རྣམ་པར་ཤེས་པ་ཚོགས་དྲུག་པོ་གཞན་རྣམས་ཡུལ་སོ་སོ་ལ་འཇུག་པ་མི་གསལ་བར་རང་དབང་མེད་པར་གཅིག་ཏུ་བསྡུས་ཏེ། གནས་སྐབས་སུ་བྱ་བ་ཤོར་བའི་རྟེན་བྱེད་པའི་ལས་ཅན་ཡིན་ཏེ། དེ་སྐད་དུ་ཡང་མངོན་པ་ཀུན་ལས་བཏུས་པ་ལས། གཉིད་གང་ཞེ་ན། གཉིད་ཀྱི་རྒྱུ་ལ་བརྟེན་ནས་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། དུས་དང་དུས་མ་ཡིན་པ་དང་། རིགས་པ་དང་། མི་རིགས་པ་ལ་སེམས་སྡུད་པ་གཏི་མུག་གི་ཆར་གཏོགས་པ་སྟེ། བྱ་བ་ཤོར་བའི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་གསུངས་པའི་ཕྱིར། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དག་ན་འོད་གསལ་འབྲས་བུ་ནི། །མེ་ལོང་ལྟ་བུ་ཞེས་ཀྱང་བྱ། །ཞེས་པའོ། །གཉིས་པ་ནི། དེ་ལ་གཉིད་ཀྱི་འཁྲུལ་པ་དག་ན། འོད་གསལ་བ་ཆོས་ཀྱི་སྐུའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་འབྲས་བུ་མངོན་དུ་བྱེད་པར་འགྱུར་ཏེ། དེ་སྐད་དུ་ཡང་། བསྡུས་རྒྱུད་ལས། གཉིད་ཡུར་ཉིད་ནི་ཆོས་ཀྱི་ཐུགས་ཏེ་གཉིད་ནི་འདི་ཡི་སྲིད་པའི་འཇིགས་འཇོམས་ཡེ་ཤེས་ཁོ་ནའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་ཡེ་ཤེས་བཞིའི་ནང་ནས་མེ་ལོང་ལྟ་བུའི་ཡེ་ཤེས་ཁོ་ནའོ། །དེ་ཡང་ཞེས་ཀྱང་བྱ་ཞེས་པ་ལ་ཀྱང་གི་སྒྲ་སྨོས་པ་ནི། གཞུང་ལ་ལ་ནས། ཆོས་སྐུ་སྤྲོས་བྲལ་གྱི་ངོ་བོ་ཉིད་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ་ཞེས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་འདོད་པ་དག་ཀྱང་ཡོང་བའི་ཕྱིར་ན་ཀྱང་གི་སྒྲ་སྨོས་པ་ཡིན་ནོ། །མདོར་ན། ཆགས་པའི་གནས་སྐབས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་སྦྱོར་བའི་ཚེ་ན། གཉིད་དག་པ་འདི་ཆོས་དབྱིངས་ཡེ་ཤེས་སུ་འཐད་ལ། ཆགས་པའི་གནས་སྐབས་ཆོས་དབྱིངས་ཡེ་ཤེས་སུ་འདོད་ན། འདི་མེ་ལོང་ཡེ་ཤེས་སུ་འཐད་དོ། །གསུམ་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཆོས་སྐུ་སྤྲོས་བྲལ་ངོ་བོ་ཉིད། ཅེས་པ་སྟེ། དེ་ཡང་ཆོས་ཀྱི་སྐུ་ནི། སྤྲོས་པ་ཐམས་ཅད་དང་བྲལ་བའི་ངོ་བོ་ཉིད་ཅེས་གསུངས་ཏེ། དེ་ཡང་ཆོས་ཀྱི་སྐུའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་རྣམ་པ་བཞིར་ཕྱེ་ན། འདུས་བྱས་ཀྱི་ལུས་འགགས་པའི་འདུས་མ་བྱས་ཀྱི་དགའ་བ་ནི་ཆོས་ཀྱི་སྐུ་དང་། འདུས་བྱས་ཀྱི་ངག་འགགས་པའི་འདུས་མ་བྱས་ཀྱི་མཆོག་དགའ་ནི་ཆོས་ཀྱི་སྐུའི་གསུང་དང་། འདུས་བྱས་ཀྱི་སེམས་འགགས་པའི་འདུས་མ་བྱས་ཀྱི་ཁྱད་པར་གྱི་དགའ་བ་ནི་ཆོས་ཀྱི་སྐུའི་ཐུགས་དང་། འདུས་བྱས་ཀྱི་ཡེ་ཤེས་འགགས་ནས་འདུས་མ་བྱས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་ནི་ཆོས་ཀྱི་སྐུའི་ཡེ་ཤེས་རྡོ་རྗེ་སྟེ། དེ་རྣམས་གཅིག་ཏུ་སྦྱོར་བ་ནི་ཆོས་ཀྱི་སྐུའོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། བག་ཆགས་བརྟེན་ཀྱང་མི་གསལ་ཞིང་། །འདུ་བྱེད་གཡོ་བའི་རྐྱེན་ཡོད་ཕྱིར། །མ་རིག་དྲི་མ་ཅན་ཞེས་བྱ། །ཞེས་པའོ། །གཉིས་པ་ནི། ཀུན་གཞིའི་རྣམ་པར་ཤེས་པ་དེ་ཉིད་ཀྱི་སྟེང་དུ། གཉིད་ཀྱི་ངོ་བོ་འོད་གསལ་བ་མེ་ལོང་ལྟ་བུའི་ཡེ་ཤེས་དེའི་བག་ཆགས་བརྟེན་ནས་ཡོད་ཀྱང་། རང་གི་ངོ་བོ་གསལ་བར་མི་མཐོང་བ་ཡིན་ཏེ། འདུ་བྱེད་ཀྱི་ལས་དང་ཉོན་མོངས་པའི་ཡིད་ཀྱིས་གཡོ་ཞིང་སྒྲིབ་པའི་རྐྱེན་ཡོད་པའི་ཕྱིར། རྒྱུ་མཚན་དེས་ན། ཇི་སྲིད་དྲི་མ་དེ་དག་མ་སྤངས་པའི་བར་དུ་མ་རིག་པའི་དྲི་མ་ཅན་མ་དག་པའི་གནས་སྐབས་ཤེས་བྱའོ། །ཞེས་སོ། །གསུམ་པ་ལ། ཐུན་མོང་པའི་ལམ་གྱི་རིམ་པ་བསྟན་པ་དང་། ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པ་བསྟན་པ་གཉིས། དང་པོ་ལ། སྒོམ་བྱ་བདག་མེད་ངོས་བཟུང་བ་དང་། སྒོམ་བྱེད་ཐེག་པ་གསུམ་གྱི་ལམ་འབྲས་བུ་དང་བཅས་པ་བཤད་པ་གཉིས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། གང་ཟག་ཆོས་ལ་བདག་མེད་པ། །གཅིག་དང་ཕྱེད་དང་གཉིས་དང་གཉིས། །རིམ་བཞིན་གཉེན་པོའི་ཤེས་པ་སྟེ། །དེས་སྦྱངས། ཤེས་པའི་བར་རོ། །གཉིས་པ་ནི། དེ་ལ་ཐེག་པ་གསུམ་གྱི་ནང་ནས། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱིས་རང་རྒྱུད་ཀྱི་གནས་སྐབས་བཞི་སྦྱང་བར་བྱ་བའི་ཕྱིར་དུ། སྒོམ་པ་པོའི་རྟེན་གྱི་གང་ཟག་རང་རྒྱུད་ཀྱི་ཕུང་པོ་ལྔ་ལ་བདག་ཏུ་འཛིན་པའི་རྟག་འཛིན་སེམས་དང་འདུ་ཤེས་དང་ལྟ་བ་ཕྱིན་ཅི་ལོག་ལ་སོགས་པ་གང་ཟག་གི་བདག་ཏུ་འཛིན་པའི་རྟོག་པ་བཞིའི་གཉེན་པོར། སྡུག་བསྔལ་བདེན་པ་ལ་བརྟེན་པའི་མི་རྟག་སྡུག་བསྔལ་སྟོང་བདག་མེད་བཞི་དང་། ཀུན་འབྱུང་བདེན་པ་ལ་བརྟེན་པའི་རྒྱུ་ཀུན་འབྱུང་རབ་སྐྱེ་རྐྱེན་དང་བཞི། འགོག་པའི་བདེན་པ་ལ་བརྟེན་པའི་འགོག་པ་ཞི་བ་གྱ་ནོམ་ངེས་འབྱུང་དང་བཞི། ལམ་གྱི་བདེན་པ་ལ་བརྟེན་པའི་ལས་རིགས་པ་སྒྲུབ་པ་ངེས་འབྱིན་དང་བཞི་སྟེ། མི་རྟག་ལ་སོགས་བཅུ་དྲུག་ལ་ལུགས་མཐུན་དང་ལུགས་མི་མཐུན་དུ་མཉམ་པར་བཞག་པའི་ཤེས་རབ་ཀྱིས་གང་ཟག་གི་བདག་མེད་རྐྱང་པ་སྒོམ་པར་བྱེད། དེ་ལས་ཅུང་ཟད་ཁྱད་པར་དུ་འཕགས་པ་རང་སངས་རྒྱས་རྣམས་ཀྱིས་ཀྱང་། ཆོས་ཀྱི་བདག་མེད་ལ་བཟུང་བ་ཆོས་ཀྱི་བདག་མེད་དང་། འཛིན་པ་ཆོས་ཀྱི་བདག་མེད་གཉིས་ཡོད་པའི་ནང་ནས་བཟུང་བ་ཕྱི་རོལ་གྱི་དོན་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ལ་བརྟེན་ནས་བཟུང་བ་ཆོས་ཀྱི་བདག་མེད་དང་། སྔར་གྱི་ཉན་ཐོས་ཀྱི་སྐབས་སུ་བཤད་པའི་གང་ཟག་གི་བདག་མེད་དེ་བདག་མེད་ཕྱེད་དང་གཉིས་སྒོམ་པར་བྱེད་དོ། །དེ་གཉིས་ཀ་ལས་ཁྱད་པར་དུ་གྱུར་པ་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པས། གང་ཟག་གི་བདག་མེད་དང་བཟུང་བ་ཆོས་ཀྱི་བདག་མེད་དང་འཛིན་པ་ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་ལ་བརྟེན་ནས། གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་གཉིས་ཀ་ཡོངས་སུ་རྫོགས་པར་སྒོམ་པ་ཡིན་པས་ན། ཉན་ཐོས་ལ་བདག་མེད་པ་གཅིག་དང་། རང་སངས་རྒྱས་ཀྱི་བདག་མེད་པ་ཕྱེད་དང་གཉིས་དང་། བྱང་ཆུབ་སེམས་དཔའ་ལ་ཡོངས་སུ་རྫོགས་པའི་བདག་མེད་པ་གཉིས་སྒོམ་པ་ཡོད་པས། དེ་དག་ནི་རིམ་པ་བཞིན་དུ། ཉན་ཐོས་ཀྱི་ཐར་པ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་དང་། རང་རྒྱལ་གྱི་བྱང་ཆུབ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་རྣམས་ཀྱི་གཉེན་པོ་ཡིན་ཏེ། དེས་རིམ་པ་བཞིན་དུ་ཐེག་པ་གསུམ་གྱི་སྒྲིབ་པ་རྣམས་སྦྱོང་བ་ཡིན་པའི་ཕྱིར། གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཐེག་གསུམ་སོ་སོ་ཡི། །རྒྱུན་མཐའ་རྡོ་རྗེ་ལྟ་བུ་ཡིས། །དྲི་བཅོམ་དག་པ་གསུམ་ཐོབ་གསུངས། །ཤེས་པའོ། །གཉིས་པ་ནི། གོང་དུ་ཇི་སྐད་བཤད་པ་ལྟར། ལམ་བསྒོམས་པའི་རྒྱུན་གྱི་མཐར་རང་རང་གི་འབྲས་བུ་མྱང་འདས་མངོན་དུ་བྱེད་པ་ལ་ཐུག་པའི་སྐད་ཅིག་མ་དང་པོའི་དུས་སུ། ཐེག་པ་གསུམ་པོ་སོ་སོའི་རྒྱུན་མཐའ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པ་ཡིན་ལ། དེ་ཡང་ཉན་ཐོས་ཀྱི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ནི་ཉོན་སྒྲིབ་ཀྱི་དྲི་མའི་ལྷག་མ་ལུས་པར་བཅོམ་ནས་དག་པ་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པར་བྱེད། རང་རྒྱལ་གྱི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ནི་ཤེས་སྒྲིབ་བཟུང་རྟོག་གི་ལྷག་མ་ལུས་པར་བཅོམ་ནས་རང་རྒྱལ་གྱི་བྱང་ཆུབ་ཐོབ་པར་བྱེད། ཐེག་པ་ཆེན་པོའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ནི་སྒྲིབ་པ་ཐམས་ཅད་ཀྱི་གནས་ངན་ལེན་གྱི་དྲི་མ་ཕྲ་ཞིང་ཕྲ་བ་བཅོམ་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པ་ཡིན་ཏེ། དེ་སྐད་དུ་ཡང་། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །རྟོག་པས་མི་ཤིགས་ཐོབ་ནས་ནི། །གནས་གཞན་གྱུར་པ་མཐར་ཐུག་པ། །སྒྲིབ་པ་ཀུན་གྱི་དྲི་མེད་དང་། །གང་ལ་གནས་ལ་སེམས་ཅན་ཀུན། །ཕན་ཕྱིར་རབ་ཏུ་སྒྲུབ་བྱེད་པ། །རྣམ་པ་ཐམས་ཅད་མཁྱེན་པ་ཡི། །གོ་འཕང་བླ་ན་མེད་པ་ཐོབ། །ཅེས་གསུངས་པས་སོ། །འོ་ན་ཐེག་པ་གསུམ་ཀ་ལ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡོད་ཅིང་། །རང་རང་གི་ངོ་སྐལ་གྱི་སྤང་བྱ་སྤངས་པའི་བྲལ་བ་ཐོབ་པ་ལ་ཁྱད་པར་མེད་ན། ཐེག་པ་གསུམ་ཀ་ལ་ཀུན་གཞིའི་རྣམ་པར་ཤེས་པ་སྤངས་མ་སྤངས་ཀྱི་ཁྱད་པར་མེད་དམ་ཞེ་ན། ཡོད་དེ། ཉན་རང་རྣམས་ཀུན་གཞིའི་རྣམ་པར་ཤེས་པ་ལ་མཐོང་བ་མི་འཇུག་པའི་ཕྱིར་དང་། ཉན་རང་གི་ཐེག་པ་ནི། གདུལ་བྱ་མ་ངེས་པའི་རིགས་ཅན་རྣམས་ཐེག་པ་ཆེན་པོར་རིམ་གྱི་དཀྲི་བར་བྱ་བའི་ཕྱིར་དུ། གནས་སྐབས་སུ་ངལ་བསོ་བའི་ཐེག་པར་གསུངས་པ་ཡིན་གྱི། མཐར་ཐུག་གི་ཐེག་པར་གསུངས་པ་མ་ཡིན་པའི་ཕྱིར་ཏེ། དེ་སྐད་དུ་ཡང་། ལང་གར་གཤེགས་པ་ལས། ཐེག་པ་རྣམ་པར་བཞག་མེད་ཀྱང་། །སེམས་ཅན་རྣམས་ནི་དྲང་བའི་ཕྱིར། །ཐེག་པ་ཐ་དད་ངས་བཤད་དོ། །ཐེག་པ་གཅིག་ཏུ་ངས་བསྟན་ཏོ། །ཞེས་གསུངས་པ་དང་། ཐེག་བསྡུས་ལས། ཅིའི་ཕྱིར་ཉན་ཐོས་ཀྱི་ཐེག་པར་སེམས་དེ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བར་རམ། ལེན་པའི་རྣམ་པར་ཤེས་པ་ཞེས་བྱ་བར་མ་བསྟན་ཅེ་ན། ཤེས་བྱ་ཕྲ་མོ་བསྡུ་བའི་ཕྱིར་ཏེ། ཉན་ཐོས་རྣམས་ནི་ཤེས་བྱ་ཐམས་ཅད་ལྷག་པར་ཤེས་པར་བྱེད་པ་ལ་འཇུག་པ་མ་ཡིན་ནོ། །དེའི་ཕྱིར་དེ་དག་ནི་དེ་བསྟན་པ་མེད་པར་ཡང་ཤེས་པ་རབ་ཏུ་གྲུབ་པས་རྣམ་པར་གྲོལ་བ་རབ་ཏུ་གྲུབ་པའི་ཕྱིར་མ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཤེས་བྱ་ཐམས་ཅད་ལྷག་པར་ཤེས་པར་བྱེད་པ་ལ་འཇུག་གོ །དེའི་ཕྱིར་དེ་དག་ལ་དེ་བསྟན་ཏེ། དེ་ཤེས་པ་མེད་པར་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་སླ་བ་མ་ཡིན་ནོ། །ཞེས་གསུངས་པ་དང་། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་བྱང་ཆུབ་སེམས་འགྲེལ་ལས། སྲིད་པའི་ལམ་ལ་སྐྱོ་རྣམས་ལ། །ངལ་བསོའི་དོན་དུ་ཐེག་པ་ཆེར། །འབྱུང་བའི་ཡེ་ཤེས་གཉིས་པོ་ཡང་། །གསུངས་པ་ཡིན་ཏེ་དོན་དམ་མིན། །ཇི་སྲིད་སངས་རྒྱས་ཀྱིས་མ་བསྐུལ། །དེ་སྲིད་ཡེ་ཤེས་ལུས་དངོས་ཅན། །ཏིང་འཛིན་མྱོས་པས་བརྒྱལ་འགྱུར་བའི། །ཉན་ཐོས་དེ་དག་གནས་པར་འགྱུར། །བསྐུལ་ན་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན་ལ་ཆགས་གྱུར་ཞིང་། །བསོད་ནམས་ཡེ་ཤེས་ཚོགས་བསགས་ནས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་པ་དང་། གཞན་ཡང་། དམ་ཆོས་པདྨ་དཀར་པོ་ལས་གསུངས་པའི་དོན། ཐེག་པ་ཆེན་པོ་རྒྱུད་བླ་མར་བསྡུས་པ་ན། མི་རྟག་སྡུག་བསྔལ་བདག་མེད་དང་། །ཞི་བའི་སྒྲ་ཡིས་ཐབས་མཁྱེན་པས། །སེམས་ཅན་སྲིད་གསུམ་སྐྱོ་བསྐྱེད་ནས། །མྱ་ངན་འདས་ལ་རབ་འཇུག་མཛད། །ཞི་བའི་ལམ་ལ་རབ་ཞུགས་པ། །མྱ་ངན་འདས་ཐོབ་འདུ་ཤེས་ཅན། །དམ་ཆོས་པདྨ་དཀར་ལ་སོགས། །ཆོས་ཀྱི་དེ་ཉིད་བསྟན་པ་ཡིས། །དེ་དག་སྔར་འཛིན་ལས་བཟློག་སྟེ། །ཐབས་དང་ཤེས་རབ་ཡོངས་བཟུང་བས། །ཐེག་པ་མཆོག་ལ་སྨིན་མཛད་དེ། །བྱང་ཆུབ་མཆོག་ཏུ་ལུང་སྟོན་ཏོ། །ཞེས་པ་དང་། གཞན་ཡང་ལང་གར་གཤེགས་པ་ལས། ཏིང་ངེ་འཛིན་གྱི་ལུས་ཐོབ་ནས། །བསྐལ་པའི་བར་དུ་དེ་མི་སད། །ཇི་ལྟར་སྐྱེས་བུ་ར་རོ་བ། །ཆང་དང་བྲལ་ནས་སད་འགྱུར་བཞིན། །དེས་ན་དེ་དག་ང་ཡི་ཡང་། །ཆོས་ཀྱི་སྐུ་ནི་ཐོབ་པར་འགྱུར། །ཞེས་གསུངས་པའི་ཕྱིར། གཉིས་པ་ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པ་བསྟན་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ཕྱིར་གསལ་ལ་མི་རྟོག་པའི། །ཉིན་མཚན་གཉིས་ཀྱི་འོད་གསལ་སྒོམ། །རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད། །ཕྱག་རྒྱ་ཆེན་ལ་རོལ་པར་བྱ། །ཞེས་པའོ། །གཉིས་པ་ནི། དེ་ལྟ་བུའི་གཉིད་འཐུག་པོའི་སྒྲིབ་བྱེད་ཀྱི་དྲི་མ་དག་པའི་ཕྱིར་དུ། །གསང་སྔགས་རྡོ་རྗེ་ཐེག་པ་བླ་ན་མེད་པའི་ལམ་ལ་བརྟེན་ནས་ཐོག་མར་རྒྱུད་སྨིན་ཞིང་། གྲོལ་ལམ་བསྐྱེད་རིམ་དང་། ཀུན་རྫོབ་ཀྱི་བདེན་པ་ལ་བཞི་བརྟན་པ་ཐོབ་ནས། དོན་དམ་འོད་གསལ་བ་སྟོང་པ་བཞིའི་ཁྱད་པར་དུ་བྱས་པ་ལ། མི་རྟོག་པའི་ངང་ནས་ཉིན་མཚན་གཉིས་ཀྱི་འོད་གསལ་བའི་གདམས་པ་བསྒོམས་ཏེ། བླ་མའི་ངེས་པའི་དབང་གིས་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་གཟུགས་མངོན་སུམ་དུ་མ་མཐོང་གི་བར་དུ་སྒོམ་ཞིང་། དེ་ཉིད་དུ་སེམས་གནས་པས་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ངང་དུ་རོལ་པར་བྱའོ། །དེ་དག་ནི་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། འོད་གསལ་བའི་རིམ་པ་འཆད་པའི་སྐབས་སུ། དེ་སྐད་དུ་ཡང་རྒྱ་ཆེ་རོལ་པའི་མདོ་ལས། །ཤཱཀྱ་ཐུབ་པ་དེ་བཞིན་གཤེགས། །མངོན་པར་བྱང་ཆུབ་འདི་བཞེད་ནས། །སྟོང་པ་ཆེན་པོ་སངས་རྒྱས་ཉིད། །ཐོབ་པར་བྱ་ཞེས་མངོན་པར་དགོངས། །ནཻ་རཉྫྱ་ནའི་ཆུ་འགྲམ་དུ། །མི་གཡོའི་ཏིང་འཛིན་ལ་བཞུགས་ལ། །དེ་ཚེ་རྒྱལ་བས་མཁའ་རྡོ་རྗེ། །ཏིལ་གྱི་གང་བུའི་གང་བཞིན་བཞུགས། །རྒྱལ་བའི་སྲས་ལ་སེ་གོལ་དང་། །དེ་ལ་དབྱངས་གཅིག་གིས་གསུངས་པ། །བསམ་གཏན་འདི་ནི་ཡང་དག་མིན། །འདི་ནི་མཐར་ཐུག་མི་ཐོབ་སྟེ། །ནམ་མཁའི་ངོས་ལྟར་མཆོག་གྱུར་བའི། །འོད་གསལ་བ་ནི་དེ་དམིགས་ཕྱིར། །འོད་གསལ་བ་ཡི་གནས་ཐོབ་ནས། །རང་དགའི་གཟུགས་སུ་སྐྱེ་བར་འགྱུར། །དེ་ཚེ་རང་དགའ་རྡོ་རྗེའི་སྐུ། །ཀུན་གྱི་དབང་ཕྱུག་ཐོབ་པར་འགྱུར། །འདི་ལྟར་སྒྲ་དེ་གསན་པ་དང་། །དེ་ནས་ཏིང་འཛིན་མི་གཡོ་བཏང་། །འདི་ལྟར་ནམ་ཕྱེད་དུས་སུ་ནི། །རྒྱལ་བའི་སྲས་ཀྱིས་དེ་ཉིད་དམིགས། །སྐུ་ནི་དྲང་པོ་མ་ཡིན་ཞིང་། །མི་དྲང་བ་ཡང་མ་ཡིན་ཞིང་། །དབུགས་སྟོང་པ་དང་རྔུབ་པ་མིན། །གསུང་པ་མ་ཡིན་མི་གསུང་མིན། །སྤྱན་བཟང་བཙུམ་པ་མ་ཡིན་ཞིང་། །སྤྱན་ཕྱེ་བ་ཡང་མ་ཡིན་པས། །ཐམས་ཅད་སྟོང་པ་རྨད་ཆེན་པོ། །དྭངས་ཤིང་གསལ་བའི་ཡེ་ཤེས་ཆེ། །བླ་མ་ཉིད་ཀྱི་དྲིན་གྱིས་ནི། །དེ་ནས་དེ་ནི་གསལ་མཐོང་འགྱུར། །འདས་པ་དང་ནི་མ་འོངས་དང་། །ད་ལྟར་བྱུང་བའི་སྲིད་པ་གསུམ། །སྐད་ཅིག་དེ་ལ་མ་ལུས་མཐོང་། །འོད་གསལ་བ་ནི་རྣམ་དག་འཆད། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །སྐྱ་རེངས་འཆར་ཁའི་དུས་སུ་ནི། །ཆུ་ཟླ་དང་ནི་སྨིག་སྒྱུ་སོགས། །སྒྱུ་མའི་ཡོན་ཏན་རྣམས་ཀྱིས་བརྒྱན། །བྱང་ཆུབ་སྙིང་ཆེར་བཞུགས་ནས་ནི། །དེར་ནི་བདུད་རྣམས་བཅོམ་པར་མཛད། །ཤཱཀྱའི་མགོན་པོས་ཡང་དག་པའི། །ཡེ་ཤེས་བླ་མེད་ལེགས་ཐོབ་ནས། །འགྲོ་བ་བསྐྱབ་ཅིང་ཕན་པའི་ཕྱིར། །དེ་ཉིད་འདིས་ནི་སྟོན་པར་མཛད། །ཅེས་གསུངས་པ་དང་། དུས་ཀྱི་འཁོར་ལོའི་བསྡུས་རྒྱུད་ལས། གང་ལ་ཐོག་མཐའ་དབུས་མེད་གནས་དང་འཆི་དང་སྲིད་པ་དང་ནི་སྒྲ་དང་དྲི་དང་རོ་དག་དང་། །རེག་བྱ་གཟུགས་དང་སེམས་མེད་རང་བཞིན་དང་ནི་སྐྱེས་བུ་མེད་ཅིང་འཆིང་དང་གྲོལ་ལས་བྱེད་པོ་མེད། །ས་བོན་དང་ནི་གསལ་བའི་དུས་མེད་མཐའ་དག་སྲིད་པའི་སྡུག་བསྔལ་བདེ་བ་ཉིད་ཀྱི་རང་བཞིན་མེད། །མྱ་ངན་འདས་པ་མཚན་མ་མེད་ཅིང་བྱེད་པ་རྣམ་བྲལ་ཡོན་ཏན་མེད་པ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་ལ། གཞན་ཡང་ཕྱག་རྒྱ་ཆེན་པོ་གཞི་མེད་རྩ་བྲལ་གསལ་སྟོང་འཛིན་མེད་དུ་སྒོམ་པའི་ཚུལ་བསམ་གྱིས་མི་ཁྱབ་ཀྱང་། ཁྲིད་རིམ་སོ་སོའི་སྐབས་སུ་ཤེས་པར་འགྱུར་བས་འདིར་མ་སྤྲོས་སོ། །རྣམ་ཀུན་མཆོག་ལྡན་གྱི་དོན་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པར་དེ་ནས་འགྱུར། །ཞེས་པ་དང་། རྒྱུད་བླ་མ་ལས། སྦྱིན་དང་ཚུལ་ཁྲིམས་བཟོད་ལ་སོགས། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་པ་ཉིད་ནི་གཟུགས་སུ་བརྗོད། །ཤེས་རབ་ཡེ་ཤེས་རྣམ་གྲོལ་རྣམས། །གསལ་དང་འཕྲོ་དང་དག་ཕྱིར་དང་། །ཐ་དད་མེད་ཕྱིར་འོད་དང་ཟེར། །ཉི་མའི་དཀྱིལ་འཁོར་དག་དང་མཚུངས། །དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་ཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་བལྟ་བར་མི་ནུས་བཞིན། །ཞེས་གསུངས་ཤིང་། དུས་འཁོར་འགྲེལ་ཆེན་ལས། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །པྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་མ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །ཅེས་སྟོང་གཟུགས་ལ་བཤད་པས་སོ་སོའི་དགོངས་པ་མ་འདྲེས་པར་ཤེས་པར་བྱའོ། །གཉིས་པ་རྨི་ལམ་གྱི་གནས་སྐབས་རྒྱས་པར་བཤད་པ་ལ། མ་དག་པ་དང་དག་པ་རྨི་ལམ་གྱི་ངོ་བོ་བཤད་པ། རྨི་ལམ་གྱི་སྣང་བ་རྒྱས་པར་བཤད་པ། གནད་བཅིང་བ་འབྲས་བུ་དང་བཅས་པ་བཤད་པ་དང་གསུམ། དང་པོ་ལ། མ་དག་པའི་རྨི་ལམ་གྱི་ངོ་བོ་ངོས་བཟུང་བ་དང་། རྨི་ལམ་དག་པའི་འབྲས་བུ་བཤད་པ་གཉིས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། གཉིས་པ་རྨི་ལམ་ཤེས་པ་ནི། །བག་ཆགས་ཉོན་མོངས་ཅན་གྱི་ཡིད། །སྲོག་རླུང་འདུ་བྱེད་བཅས་ཏེ་ལངས། །རྩ་གནས་བརྒྱད་དེ་བཟུང་དང་འཛིན། །གཉིས་སྣང་འཁྲུལ་པར་བྱེད་པ་ཡིན། །ཞེས་པའོ། །གཉིས་པ་ནི། གནས་སྐབས་གཉིས་པ་རྨི་ལམ་གྱི་ཤེས་པ་ནི། ཀུན་གཞིའི་རྣམ་པར་ཤེས་པའི་སྟེང་ནས་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་བག་ཆགས་དང་བཅས་པ་དེ་ཉོན་མོངས་པ་ཅན་གྱི་ཡིད་སྲོག་གི་རླུང་ཞེས་བྱ་བ་དེའི་རྐྱེན་གྱིས་བསྐྱོད་ནས། ཡིད་དེའི་ཡུལ་སྣང་གི་འདུ་བྱེད་དང་བཅས་ཏེ་ལངས་པ་ནི་རྨི་ལམ་གྱི་ངོ་བོ་ཡིན་ལ། དེ་རྩ་གནས་ཐམས་ཅད་ལ་བརྒྱུད་དེ། མེད་བཞིན་དུ་སྣང་བའི་ཡུལ་ལ་བཟུང་བར་ཞེན་ཅིང་། དེ་ལ་འདིའོ་སྙམ་པའི་མཚན་འཛིན་གྱི་འདུ་ཤེས་དང་གཉིས་པོས་མེད་བཞིན་དུ་ཐག་པ་ལ་སྦྲུལ་དུ་འཁྲུལ་པ་བཞིན་དུ་སྣང་བར་བྱེད་པ་ཡིན་ནོ། །མདོར་ན་རྨི་ལམ་གྱི་ཤེས་པ་ནི་དྲུག་པ་ཡིད་ཀྱི་རྣམ་ཤེས་གཙོ་ཆེ་བ་ཡིན་ནོ་ཞེས་སོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དག་ན་ལོངས་སྤྱོད་རྫོགས་པ་སྟེ། །གསལ་ལ་མ་འདྲེས་སྟོང་པར་གནས། །ཤེས་སོ། །གཉིས་པ་ནི། རྨི་ལམ་དེ་ཉིད་ཀྱི་སྟེང་གི་འཁྲུལ་པའི་དྲི་མ་དག་ན། སྐུ་བཞིའི་ནང་ནས་ལོངས་སྤྱོད་རྫོགས་པའི་སྐུར་འགྱུར་ཞིང་། རྨི་ལམ་གྱི་གནས་སྐབས་དེ་ན། ཡུལ་དང་དབང་པོ་དང་ཤེས་པ་ཐ མས་ཅད་གསལ་ལ་མ་འདྲེས་པ། ཡིད་ལས་གཞན་དུ་གྱུར་པའི་རྡུལ་ཕྲ་རབ་འདུས་པའི་ཡུལ་ལ་སོགས་པ་མེད་པས་ན་རང་གི་ངོ་བོ་སྣང་བ་དང་སྟོང་པ་དབྱེར་མེད་པའི་རང་བཞིན་ཡིན་ནོ། །ཞེས་སོ། །གཉིས་པ་ལ། དངོས་དང་། ལུང་དང་སྦྱར་བ་གཉིས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། མ་དག་འཁྲུལ་པའི་སྣང་བར་ཡང་། །སྟེང་སོང་སྤྱི་བོར་ལྷ་ཡུལ་དང་། །མཁའ་སྣང་མཐོར་ཕྱིན་གྱེན་དུ་འགྲོ། །གཟུགས་སྒྲ་ལ་སོགས་མ་འདྲེས་འཆར། །འོག་འགྲོ་དམྱལ་སོགས་སྣང་བ་དང་། །ཐུར་འགྲོ་བྲག་རོང་འཐིབས་པོ་དང་། །མུན་ཁུང་སོགས་འཆར་སྣང་བ་འབྱུང་། །བར་དུ་གླིང་བཞི་ས་སྟེང་སྟེ། །མདུན་གཡས་རྒྱབ་དང་གཡོན་ཕྱོགས་སུ། །ཤར་ལྷོ་ནུབ་བྱང་སྣང་བ་འབྱུང་། །རྩ་གནས་ཡངས་ལ་ཡངས་པར་སྣང་། །དོག་ལ་དོག་སྣང་དེ་བཞིན་དུ། །ཁམས་ཀྱི་རྐྱེན་གྱིས་ཡུལ་དེར་ཡང་། །རླུང་ལ་རྫས་དང་གོས་སྔོ་ནག །བྱ་ནག་འཕུར་དང་རྟ་ཞོན་དང་། །ནོར་བུ་སྔོ་དང་རིག་པ་དྭངས། །ཡང་ན་མི་བརྟན་དུ་མ་འཆར། །མཁྲིས་ཁྲག་གནས་སོང་མེ་དང་ནི། །གོས་དམར་ས་དང་གསེར་སྣང་དང་། །བཙུན་པ་དེ་བཞིན་སྣ་ཚོགས་སྣང་། །བད་ཀན་དཀར་ཆའི་གནས་རེག་ན། །ཆུ་དང་ཁ་བ་མུ་ཏིག་དང་། །གོས་དཀར་བུད་མེད་གླང་པོ་དང་། །དངུལ་སོགས་དུ་མ་སྣང་བ་སྟེ། །ཞེས་པའོ། །གཉིས་པ་ནི། རྨི་ལམ་དེར་འཁྲུལ་པ་མ་དག་པའི་གནས་སྐབས་སུ། རྨི་ལམ་གྱི་སྣང་བ་ཅི་ལྟ་བུར་འགྱུར་ཞེ་ན། རྨི་ལམ་གྱི་ངོ་བོ་ནི་གོང་དུ་བཤད་པ་ལྟར་ཡིན་ལ། དྲུག་པ་ཡིད་ཀྱི་རྣམ་ཤེས་སྲོག་རླུང་གིས་བསྐྱོད་པ་ལ་བརྟེན་ནས། སྟེང་དུ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་གནས་སུ་སོང་ན་སུམ་བཅུ་རྩ་གསུམ་ལ་སོགས་པ་ལྷའི་ཡུལ་རྣམས་ཀྱི་སྣང་བ་དང་། ནམ་མཁའ་ལ་ཕྱིན་པ་དང་རི་མཐོན་པོ་ལ་སོགས་པ་ལ་གྱེན་དུ་འགྲོ་བའི་སྣང་བ་འབྱུང་། གལ་ཏེ་རྨི་ལམ་གྱི་ཤེས་པ་དེ་མིག་གི་རྩ་ལ་སོང་ན་གཟུགས་ཀྱི་རྣམ་པ་སྣ་ཚོགས་པ་མ་འདྲེས་པར་ཤིན་ཏུ་གསལ་བར་མཐོང་བ་དང་། དེ་བཞིན་དུ། རྣ་བ། སྣ། ལྕེ། ལུས་ཀྱི་དབང་པོའི་རྩ་རྣམས་སུ་སོང་ན། སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ཤིན་ཏུ་གསལ་ལ་མ་འདྲེས་པའི་སྣང་བ་འཆར་རོ། །གལ་ཏེ་རྨི་ལམ་གྱི་ཤེས་པ་དེ་སྲོག་གི་རླུང་དང་ལྷན་ཅིག་ཏུ་ལུས་ཀྱི་སྙིང་གའི་འོག་གསང་གནས་མན་ཆད་ཀྱི་རྩ་རྣམས་སུ་སོང་ན། དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་ལ་སོགས་པའི་སྣང་བ་འབྱུང་བ་དང་། ཐུར་དུ་འགྲོ་བ་དང་། བྲག་རོང་དོག་པོ་དང་། ནགས་འཐིབས་པོ་ལ་སོགས་པར་འགྲོ་བ་དང་། མུན་ཁུང་དང་དངོས་པོ་ཐམས་ཅད་མི་གསལ་བའི་རྣམ་པ་ཅན་དུ་འཆར་བར་འགྱུར་རོ། །གལ་ཏེ་རྨི་ལམ་གྱི་ཡིད་དེ་སྲོག་གི་རླུང་དང་ལྷན་ཅིག་ལུས་ཀྱི་སྙིང་གའི་གཡས་གཡོན་བར་སྐབས་ཀྱི་རྩ་རྣམས་སུ་འགྲོ་ན། དེའི་ཚེ་ལྷོ་འཛམ་བུའི་གླིང་ལ་སོགས་པ་གླིང་བཞི་པོའི་ས་སྟེང་གི་སྣང་བ་འཆར་ཏེ། དེའང་མདུན་གྱི་རྩ་ལ་སོང་བའི་ཚེ་ཤར་ཕྱོགས་ཀྱི་སྣང་བ་འབྱུང་ངོ་། །གཡས་ཀྱི་རྩ་ལ་ལྷོ་དང་། རྒྱབ་ཀྱི་རྩ་ལ་ནུབ་དང་། གཡོན་གྱི་རྩ་ལ་བྱང་ཕྱོགས་ཀྱི་སྣང་བ་འབྱུང་ངོ་། །དེ་ཡང་རྩ་གནས་ཡངས་པའི་གནས་སུ་སོང་ན་ཡུལ་ཡངས་པ་དང་། དོག་པའི་གནས་སུ་སོང་ན་ཡུལ་དོག་པའི་སྣང་བ་འབྱུང་སྟེ། དེའི་ཚེ་སྲོག་ཡང་དག་པར་རྒྱུ་བའི་འཆི་བལྟས་འབྱུང་བའི་ཚེ་ན། རྨི་ལམ་དུ་ཡང་ལྷོ་ཕྱོགས་སུ་ཡང་ནས་ཡང་དུ་ཕྱིན་པར་རྨི་བས། ལྷོ་ཕྱོགས་སུ་འགྲོ་བ་འཆི་བལྟས་སུ་བཤད་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །རྨི་ལམ་དེར་དངོས་པོ་ཇི་ལྟ་བ་བཞིན་དུ་ཁམས་ཀྱི་རྐྱེན་གྱིས་སྣང་བ་འབྱུང་བ་ཡང་། རྒྱུད་རྣམས་ལས། སྲོད་ལ་བད་ཀན་ཤས་ཆེ་སྟེ། །ནམ་ཕྱེད་དུས་སུ་མཁྲིས་པར་བརྗོད། །ཐོ་རངས་རླུང་གི་དུས་ཉིད་དེ། །དེ་ཚེ་ཁམས་ཀྱི་རང་བཞིན་གྱིས། །རྨི་ལམ་ཡུལ་དུ་སྣང་བར་འགྱུར། །ཞེས་གསུངས་པས། ཁམས་ཀྱི་རྐྱེན་གྱིས་ཡུལ་དེར་ཡང་། རླུང་གི་རྨི་ལམ་གྱི་སྡེ་ཚན་ནི། །གང་དུ་ཕྱིན་པའི་ས་ཕྱོགས་ནིའུ་སིང་ལ་སོགས་པ་རྫས་ཐམས་ཅད་སྔོན་པོ་དང་། གོས་སྔོན་པོ་དང་ནག་པོ་དང་བྱ་ནག་དང་རང་ཉིད་ནམ་མཁར་འཕུར་བ་དང་རྟ་ཞོན་པ་དང་ནོར་བུ་སྔོན་པོ་དང་རིག་པ་དྭངས་པ་དང་། ཡང་ན། རྨི་ལམ་གྱི་སྣང་བ་ཐམས་ཅད་མི་བརྟན་ཞིང་སྐད་ཅིག་ལ་འགྱུར་བ་ཡད་ཡུད་དུ་སྣང་བ་སོགས་ཡིན་ནོ། །མཁྲིས་པའི་ཁམས་ཀྱི་རྨི་ལམ་གྱི་སྡེ་ཚན་ནི། །རྨི་ལམ་གྱི་ཤེས་པ་དེ་སྲོག་རླུང་དང་ལྷན་ཅིག་མཁྲིས་ཁྲག་གི་གནས་སུ་སོང་ན། མེ་འབར་བ་དང་། གོས་དམར་པོ་དང་སེར་པོ་གོན་པ་དང་། ས་གཞི་དམར་པོ་དང་གསེར་དང་བཙུན་པ་ལ་སོགས་གོས་དམར་སེར་ཅན་སྣ་ཚོགས་སྣང་བ་དང་། སེམས་ཅན་དང་རྫས་ལ་སོགས་པ་ཐམས་ཅད་སེར་པོ་ཤས་ཆེ་བ་དང་། དེའི་ཚེ་སྣང་བ་དེ་ཡང་དལ་ཞིང་བརྟན་པ་དང་། རིག་པ་ཡང་སྐྲག་པ་ལ་སོགས་པ་རྣམས་དང་འབྲེལ་བ་སྣང་བ་ཡིན་ནོ། །བད་ཀན་དང་འབྲེལ་བའི་རྨི་ལམ་གྱི་སྡེ་ཚན་ནི། ཡིད་སྲོག་རླུང་དང་བཅས་ཏེ་བད་ཀན་དཀར་ཆའི་གནས་སུ་སོང་ན། ཆུ་དང་ཁ་བ་མུ་ཏིག་དང་ས་ཕྱོགས་དཀར་པོ་དང་གོས་དཀར་པོ་དང་བུད་མེད་དང་གླང་པོ་དང་དངུལ་ལ་སོགས་པའི་ནོར་བུ་དཀར་པོ་དང་། སྣང་བའི་དངོས་པོ་ཐམས་ཅད་རེག་པ་བདེ་བ་དང་བརྟན་པ་ལ་སོགས་པ་དུ་མ་སྣང་སྟེ། ཇི་ལྟར་རྨི་ལམ་གྱི་སྣང་བ་ནི། རྩ་དང་རླུང་དང་ཁམས་ཀྱི་རིམ་པས་དཔག་ཏུ་མེད་པ་སྣང་བར་འགྱུར་རོ། །གཉིས་པ་ལུང་དང་སྦྱར་བ་ནི། ཇི་ལྟར་རྩ་རླུང་ཁམས་ཀྱི་རིམ། །བག་ཆགས་ལ་བརྟེན་སྣང་བ་ནི། །རྒྱལ་བས་འཇམ་དཔལ་རྩ་རྒྱུད་གསུངས། །ཤེས་པ་སྟེ། ཇི་ལྟར་བཤད་པའི་རྩ་དང་རླུང་དང་ཁམས་ཀྱི་རིམ་པ་དང་བག་ཆགས་ལ་བརྟེན་ནས། རྨི་ལམ་གྱི་ཡུལ་སྣ་ཚོགས་སུ་སྣང་བའི་ཚུལ་འདི་དག་ནི། །རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འཇམ་དཔལ་རྩ་བའི་རྒྱུད་ལས་གསུངས་པ་ཇི་ལྟ་བ་བཞིན་དུ་ཡིན་ནོ་ཞེས་པའོ། །གསུམ་པ་གནད་བཅིང་བ་འབྲས་བུ་དང་བཅས་པ་བཤད་པ་ལ། རྨི་ལམ་ཟིན་པའི་དགོས་པ་བཤད་པ། གནད་བཅིང་བའི་ཐབས་བཤད་པ། དག་པའི་རྨི་ལམ་ཡོད་པར་བསྟན་པ། སངས་རྒྱས་ལ་རྨི་ལམ་མེད་པར་བསྟན་པ་དང་བཞི། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ཕྱིར་རྣལ་འབྱོར་སྒོམ་པ་ན། །གང་གང་རྩ་ཁམས་བག་ཆགས་རྣམས། །དག་དང་མ་དག་འདིས་ཤེས་ཤིང་། །བར་དོ་ཕྱི་མའི་འཕོ་བ་ཡི། །སྣང་བའི་ཚོད་འཛིན་བྱེད་པ་ཡིན། ཞེས་པའོ། །གཉིས་པ་ནི། དེ་ལྟར་འཁྲུལ་པའི་སྒོ་ནས། ཉིང་འཁྲུལ་རྨི་ལམ་གྱི་སྣང་བ་སྣ་ཚོགས་པ་འཆར་བ་དེའི་ཕྱིར་རྣལ་འབྱོར་པས་སྒོམ་པའི་ཚེ། རྨི་ལམ་གང་དང་གང་གི་སྣང་བ་འཆར་བ་ན། རྩ་དང་ཁམས་དང་བག་ཆགས་རྣམས་དག་པའི་ཚེ་རྨི་ལམ་གྱི་སྣང་བ་སྒྱུ་མ་ལྟ་བུར་ཤེས་པ་དང་། མ་དག་པའི་ཚེ་ན་རྨི་ལམ་འདིའི་རང་གི་ངོ་བོ་མ་ཤེས་པས་རྨི་ལམ་གྱི་སྣང་བ་དེ་དང་དེར་ཞེན་ཞིང་རྗེས་སུ་འཇུག་པ་སྟེ། དཔེར་ན་རྨི་ལམ་གྱི་གནས་སྐབས་སུ་བདེ་བ་དང་ཡིད་དུ་འོང་བའི་སྣང་བ་བྱུང་ན་དེར་ཆགས་པ་དང་། མི་འོང་ཞིང་སྐྲག་པ་ལ་སོགས་པའི་སྣང་བ་བྱུང་ན་ཞེ་སྡང་སྐྱེ་བས་འཁོར་བའི་རྒྱུར་གྱུར་པ་ཡིན་ལ། དེ་ལྟར་རྨི་ལམ་དག་པ་དང་མ་དག་པའི་ཁྱད་པར་ཤེས་པའི་རྣལ་འབྱོར་པ་འདིས་འཆི་བའི་དུས་ལ་བབ་པའི་ཚེ་འཆི་བ་རྨི་ལམ་ལྟ་བུར་ཤེས་ཤིང་གང་དུ་འཕོ་བའི་ཐབས་ངོས་ཟིན་པ་དང་། འཇིག་རྟེན་འདིའི་སྣང་བ་ནུབ་ནས་བར་དོ་ཕྱི་མའི་འཕོ་བའི་གནས་སུ་བར་དོའི་སྣང་བ་འཆར་བ་ན་སྔར་རྨི་ལམ་བྱང་བའི་སྟོབས་ཀྱིས་བར་དོ་ཟིན་པ་དང་། རྨི་ལམ་ལ་མ་བྱང་ན་བར་དོ་མི་ཟིན་པས། ཚོད་འཛིན་བྱེད་པ་ཡང་རྨི་ལམ་ལ་རག་ལས་པ་ཡིན་ནོ། །མདོར་ན། རྨི་ལམ་ཟིན་པ་ལ་ཡོན་ཏན་ཤིན་ཏུ་ཆེ་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་འཕོ་བའི་སྐབས་སུ། རྣམ་ཤེས་འགྲོ་བའི་ལམ་སོ་སོར་གསུངས་པ་རྣམས་ལ། རྨི་ལམ་སྤྲུལ་བསྒྱུར་ལ་དབང་ཐོབ་པའི་གང་ཟག་ཅིག་གིས། གང་འགྲོ་འདོད་པའི་གནས་དེ་དང་དེར་རྣམ་ཤེས་འཕོ་ནུས་པར་གསུངས་པའི་ཕྱིར། གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ཕྱིར་ཡེ་ཤེས་ཕྱག་རྒྱ་བཅིང་། །དེ་སོགས་རྒྱུ་འབྲས་དུ་མ་རྣམས། །འདིར་ནི་རྒྱས་པར་མ་བསྟན་ཏོ། །ཞེས་པའོ། །གཉིས་པ་ནི། རྨི་ལམ་གྱི་གནས་ཚུལ་ཤེས་པ་ལ་ཕན་ཡོན་ཤིན་ཏུ་ཆེ་བ་དེའི་ཕྱིར་ཡེ་ཤེས་ཀྱི་ཕྱག་རྒྱ་བཅིང་བར་བྱ་སྟེ། འདིར་ཡེ་ཤེས་ཀྱི་ཕྱག་རྒྱ་ནི། རྨི་ལམ་གྱི་གནས་སྐབས་སུ། བླ་མའི་ངེས་པ་ལ་བརྟེན་ནས་ཀུན་ནས་བཏགས་པའི་གཞལ་ཡས་ཀྱི་ཁང་པ་དང་ལྷ་དང་ལྷ་མོ་དང་། སངས་རྒྱས་ཀྱི་ཞིང་རྣམ་པ་སྣ་ཚོགས་ཀྱི་སྣང་བ་དང་། རང་གི་དམིགས་པས་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་སྤྲོ་ནུས་པའི་ཟད་པར་དང་། རྫུ་འཕྲུལ་དང་ལྷའི་རྣ་བ་ལ་སོགས་པའི་མངོན་ཤེས་རྣམས་ཀྱིས་ཀུན་དུ་བཏགས་པའི་གཟུགས་དང་། དབང་འབྱོར་བའི་གཟུགས་རྣམས་ལ་དབང་འབྱོར་བ་ནི། རྨི་ལམ་བཟུང་བ་དང་སྦྱང་བ་དང་བསྒྱུར་བ་དང་སྤེལ་བའི་ཁྱད་པར་རྣམས་བདེ་བླག་ཏུ་འགྲུབ་ནས། ཚེ་འདི་ཉིད་དུ་ཟུང་འཇུག་ཆོས་ཀྱི་སྐུ་མངོན་དུ་འགྱུར་བའམ། འཆི་བ་འོད་གསལ་ཆོས་ཀྱི་སྐུ་ལས་བར་དོར་ཟུང་འཇུག་གཟུགས་ཀྱི་སྐུ་འགྲུབ་པར་ནུས་པ་ཡིན་ནོ། །འདི་དག་གི་རིམ་པ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས་རིམ་པ་ལྔ་པ་ལས། རླུང་གི་སྦྱོར་བ་མེད་པར་ནི། །སེམས་ཀྱི་རང་བཞིན་བཟུང་དུ་མེད། །སེམས་ཀྱི་རང་བཞིན་རྒྱུར་གྱུར་བས། །ལས་དང་སྐྱེ་བ་ཀུན་དུ་འབྱུང་། །དེ་ཉིད་རླུང་དང་ཡང་དག་ལྡན། །རྣམ་ཤེས་གསུམ་པོ་སླར་ཡང་ཡིན། །རྣལ་འབྱོར་བ་ཡི་ལུས་སུ་འགྱུར། །སྒྱུ་མའི་ལུས་ཤེས་དེ་ལ་བཤད། །དེ་བས་འདི་ལྟར་འགྲོ་བ་ཀུན། །སྒྱུ་མ་ལྟ་བུར་འདིར་བཤད་དེ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཐམས་ཅད་དེ་དང་འདྲ་བར་མཐོང་། །ཞེས་སོགས་རྒྱ་ཆེར་གསུངས་པ་རྣམས་སོ། །དེ་ལྟ་བུའི་ཡེ་ཤེས་ཀྱི་ཕྱག་རྒྱ་བཅིང་བ་ལ་སོགས་པའི་རྨི་ལམ་དང་སྒྱུ་ལུས་ལྷན་ཅིག་ཏུ་སྒོམ་པའི་རིམ་པ་རྒྱུ་དང་འབྲས་བུར་བཅས་པ་དཔག་ཏུ་མེད་པ་མདོ་རྒྱུད་རྣམས་ནས་གསུངས་ཀྱང་། ཚིག་མངས་ཀྱིས་དོགས་པའི་དབང་གིས་འདིར་ནི་རྒྱས་པར་མ་བསྟན་ཏོ་ཞེས་སོ། །གསུམ་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། འཁྲུལ་པའི་རྨི་ལམ་འཁོར་བ་སྟེ། །མ་འཁྲུལ་རྨི་ལམ་གཉེན་པོ་ཡིན། །དེ་ཕྱིར་རྒྱལ་སྲས་ས་བཅུ་ལ། །རྨི་ལམ་བསྟན་པ་མདོ་ལས་གསུངས། །དེ་རྒྱུ་ཟག་མེད་ཁམས་བཟུང་ཕྱིར། །ཞེས་པའོ། །གཉིས་པ་ཚིག་གི་དོན་ནི། འདི་ལ་ཁ་ཅིག་རྨི་ལམ་གྱི་སྣང་བ་ཐམས་ཅད་སྤྱིར་འཁོར་བའི་བག་ཆགས་ལ་བརྟེན་ནས་འཁྲུལ། ཁྱད་པར་དུ་གཉིད་ལ་བརྟེན་ནས་འཁྲུལ་བས་ཉིད་འཁྲུལ་ཡིན་པར་འཇིག་རྟེན་ཐམས་ཅད་དུ་གྲགས་ན། འཁྲུལ་པའི་གཉེན་པོར་གྱུར་པའི་རྨི་ལམ་ཡོད་དམ་ཞེ་ན། དེ་ནི་ཤིན་ཏུ་ཡོད་པ་ཡིན་ཏེ། འཁྲུལ་པའི་རྨི་ལམ་ནི་འཁོར་བ་བསྐྱེད་པའི་རྒྱུ་ཡིན་ལ། ཉོན་མོངས་པ་རགས་པ་དང་མ་འདྲེས་པའི་མ་འཁྲུལ་པའི་རྨི་ལམ་ནི་འཁྲུལ་པའི་རྨི་ལམ་གྱི་གཉེན་པོར་འགྱུར་བ་ཡིན་པའི་ཕྱིར། འདིར། མི་དགེ་བ་བྱས་པ་ལ་འགྱོད་པ་དང་གཉིད་དང་རྟོག་དཔྱོད་རྣམས་ནི་དགེ་བ་དང་ངེས་པ་དང་མ་ངེས་པ་ཐམས་ཅད་དུ་འབྱུང་བ་ཡིན་པའི་ཕྱིར། དེས་ན་ཉིང་འཁྲུལ་དང་མ་འདྲེས་པའི་རྨི་ལམ་ནི། བྱང་ཆུབ་སེམས་དཔའ་ས་དང་པོ་ནས་བཅུ་པའི་བར་ལ་གནས་པ་རྣམས་ཀྱི་རྨི་ལམ་ཡིན་ནོ། །འོ་ན་དེ་དག་ལ་རྨི་ལམ་གྱི་རྒྱུ་ཉོན་མོངས་པ་མེད་ན་རྨི་ལམ་ཡོད་པར་འགལ་ལོ་ཞེ་ན་མི་འགལ་ཏེ། ཟག་བཅས་ཀྱི་ལས་དང་ཉོན་མོངས་པ་མེད་ཀྱང་། ཟག་མེད་ཀྱི་རྨི་ལམ་གྱི་རྒྱུ། མ་རིག་བག་ཆགས་ཀྱི་སའི་དབང་གིས་ཟག་པ་མེད་པའི་ལས་བསགས་ནས་སེམས་ཅན་གྱི་དོན་དུ་འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པའི་ཕུང་ཁམས་བཟུང་བའི་ཕྱིར། རྒྱལ་བའི་སྲས་པོ་ས་དང་པོ་ནས་བཅུ་པའི་བར་ལ། རྨི་ལམ་བསྟན་པའི་ཚུལ་བརྒྱ་རྩ་བརྒྱད། བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་བྱང་ཆུབ་སེམས་དཔའ་རྡོ་རྗེ་རབ་འཇོམས་ལ་གསུངས་པ་ཡིན་ནོ། །རྨི་ལམ་དེ་དག་མདོར་བསྡུས་ཙམ་སྨོས་ན་རྨི་ལམ་ངེས་བསྟན་གྱི་མདོར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྡོ་རྗེ་རབ་འཇོམས་ལ། རྨི་ལམ་གྱི་མཚན་མ་བརྒྱ་རྩ་བརྒྱད་བཀའ་བསྩལ་བ། གཉིད་ལོག་པའི་རྨི་ལམ་ན། དེ་བཞིན་གཤེགས་པའི་སྐུ་གཟུགས་མཛེས་པས་བཀའ་བསྩལ་བ་མཐོང་བ་དང་། དེས་ཅང་མི་གསུང་བ་དང་། དབུ་ཞབས་གཡོགས་པར་མཐོང་བ་དང་། ཞལ་ཕྱིར་ཕྱོགས་པ་དང་། འཇིམ་པ་ལས་བྱས་པའི་སྐུ་འབུར་དུ་དོད་པ་དང་། རིས་སུ་བྲིས་པ་དང་། དེ་བཞིན་གཤེགས་པ་བཞུད་པ་དང་། འགྲོ་བའི་ཚེ་དེ་བཞིན་གཤེགས་པ་མཐོང་བ་དང་། ཆོས་སྟོན་པ་མཐོང་བ་དང་། ནམ་མཁའ་ལ་གཤེགས་པ། མྱ་ངན་ལས་འདས་པ། ཞུགས་ལ་ཞེན་པ། སྐུ་གདུང་རྙེད་པ། དབུ་སྐྲ་རྙེད་པ། སྔར་མ་མཐོང་བའི་མཆོད་རྟེན་མཐོང་བ། མཆོད་རྟེན་རིན་པོ་ཆེས་བརྒྱན་པ། མཆོད་རྟེན་ཆོ་འཕྲུལ་མཛད་པ། དེ་བཞིན་གཤེགས་པའི་འོད་མཐོང་བ་ལ་སོགས་ནས། གཞན་ཡང་རྨི་ལམ་ལ་བུམ་པ་གང་བ་རྙེད་པ་སྟེ། བརྒྱ་རྩ་བརྒྱད་རྒྱས་པར་གསུངས་པའི་རྗེས་སུ། རྡོ་རྗེ་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའི་མཚན་མ་བརྒྱ་རྩ་བརྒྱད་པོ་དེ་དག་གིས་ན། གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཡིན་པར་རིག་པར་བྱ་ཞིང་ཤེས་པར་བྱའོ། །ཞེས་གསུངས་པ་དང་། གསེར་འོད་དམ་པའི་མདོ་དང་། དཀོན་མཆོག་བརྩེགས་པ་ལས། ས་ཐོབ་པའི་སྔ་བལྟས་ལ། མཆོད་རྟེན་ལ་རྡོ་ཐལ་གྱིས་བྱུགས་པ་རྨི་བ་སོགས་གསུངས་པ་ནི། སྦྱོར་ལམ་དུ་རྨི་བས་ས་ཐོབ་པའི་སྔ་བལྟས་ཡིན་པར་བཤད་ལ། འདི་ནི་ས་ཐོབ་ཟིན་པའི་རྨི་ལམ་ཡིན་པས། །བྱེ་བྲག་མ་འདྲེས་པར་ཤེས་པར་བྱའོ། །ཕ་རོལ་ཏུ་ཕྱིན་པའི་གཞུང་ལས། རྟགས་ཀྱི་རྩེ་སྦྱོར་གྱི་སྐབས་སུ་རྨི་ལམ་བཤད་ནས། བཟོད་པ་ཡན་ཆད་ནས་གཉིད་དང་རྨི་ལམ་གཉིས་ཀ་མི་འབྱུང་བར་བཤད་པ་ནི། གོང་དུ་བཤད་པའི་སྲོད་ལ་བད་ཀན་ཤས་ཆེ་བ་ལ་སོགས་ཀྱི་རྨི་ལམ་དང་། འཇུག་པ་ལ་སེམས་རང་དབང་མེད་པར་སྡུད་པའི་གཉིད་མི་འབྱུང་བ་ལ་དགོངས་པ་ཡིན་གྱི། སྤྱིར་གཉིད་དང་རྨི་ལམ་མེད་པར་གསུངས་པ་ནི་མ་ཡིན་ནོ། །འདི་དག་ནི་རྒྱུད་བླ་མ་ལས། སྐྱེ་འཆི་ན་དང་རྒ་བ་ལས་གྲོལ་བ། །འདི་ཡི་རང་བཞིན་ཇི་བཞིན་མི་རྟོགས་ཏེ། །སྐྱེ་སོགས་འཕོངས་དང་བྲལ་ཡང་དེ་ཡི་རྒྱུས། །བློ་ལྡན་འགྲོ་ལ་སྙིང་རྗེ་བསྐྱེད་ཕྱིར་བརྟེན། །ཞེས་པ་དང་། དེ་ནི་འཇིག་རྟེན་ཐམས་ཅད་ལས། །འདས་ཀྱང་འཇིག་རྟེན་ལས་མ་གཡོས། །འཇིག་རྟེན་དོན་དུ་འཇིག་རྟེན་ན། །འཇིག་རྟེན་དྲི་མས་མ་གོས་སྤྱོད། །ཇི་ལྟར་པདྨ་ཆུ་ནང་དུ། །སྐྱེས་ཀྱང་ཆུ་ཡིས་གོས་པ་མེད། །དེ་བཞིན་འདི་ནི་འཇིག་རྟེན་དུ། །སྐྱེས་ཀྱང་འཇིག་རྟེན་ཆོས་མི་གོས། །ཞེས་གསུངས་པའི་དོན་ནོ། །བཞི་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། བཅོམ་ལྡན་རྨི་ལམ་བྲལ་བ་སྟེ། །ཟག་མེད་འདུ་བྱེད་རྐྱེན་བྲལ་ཕྱིར། །ཞེས་པའོ། །གཉིས་པ་ནི། སངས་རྒྱས་བཅོམ་ལྡན་འདས་ནི། རྨི་ལམ་ཐམས་ཅད་དང་བྲལ་བ་ཡིན་ཏེ། རྨི་ལམ་གྱི་རྒྱུ་ཟག་བཅས་འགགས་ཤིང་ཟག་མེད་ཀྱི་ལས་མངོན་པར་འདུ་བྱས་པའི་རྨི་ལམ་བསྐྱེད་པར་བྱེད་པའི་རྐྱེན་ཐམས་ཅད་དང་བྲལ་བའི་ཕྱིར། དཔེར་ན། ས་བོན་མེད་པ་ལ་མྱུ་གུ་མི་འབྱུང་བ་བཞིན་ནོ། །དོན་འདི་དག་བཅོམ་ལྡན་འདས་ཀྱིས་མཚན་ཡང་དག་པར་བརྗོད་པའི་ལུང་། སྤྱན་རས་གཟིགས་ཀྱིས་མཆོག་ཏུ་མི་འགྱུར་བ་ཡེ་ཤེས་གྲུབ་པའི་མདོར་བསྡུས་སུ་དྲངས་པ་ལས། སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་ཞི། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཤེས་པ་དང་། །འཁོར་བའི་ཕ་རོལ་མཐར་སོན་པ། །བྱ་བ་བྱས་པ་སྐམ་སར་གནས། །ཤེས་པ་འབའ་ཞིག་ངེས་གསལ་བ། །ཤེས་རབ་མཚོན་ཆས་རྣམ་འཇོམས་པ། །ཞེས་གསུངས་པ་རྣམས་དོན་གཅིག་པ་ཉིད་དུ་རིག་པར་བྱའོ། །ཆོས་ཀྱི་ཕྱག་རྒྱའི་བྱེ་བྲག་ཡེ་ཤེས་ཀྱི་ཕྱག་རྒྱ་བཤད་ཟིན་ཏོ། །གསུམ་པ་ཆགས་པ་སྙོམས་འཇུག་གི་གནས་སྐབས་རྒྱས་པར་བཤད་པ་ལ། མ་དག་པ་དང་དག་པའི་ངོ་བོ་བཤད་པ། འཁོར་བ་བསྐྱེད་པའི་ཚུལ་བཤད་པ། མྱ་ངན་ལས་འདས་པར་འགྲོ་བའི་གོ་རིམ་བཤད་པ། གནད་བཅིང་བ་དངོས་བཤད་པ་དང་རྣམ་པ་བཞི། དང་པོ་ལ། མ་དག་པའི་གནས་སྐབས་ཀྱི་ཆགས་པ་སྙོམས་འཇུག་ངོས་བཟུང་བ། དེ་དག་པ་ན་བདེ་བ་ཆེན་པོའི་ཡེ་ཤེས་སུ་འགྱུར་ཚུལ་བཤད་པ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཆོས་ཐམས་ཅད་ཀྱི་གནས་ལུགས་སུ་བསྟན་པ་དང་གསུམ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། སྙོམས་འཇུག་ཆགས་བཅས་དེ་ཚེ་ནི། །དགའ་བཞི་གོ་རིམ་རྣམ་ཤེས་ལྡན། །འདོད་སྲེད་དང་པོ་སྤྱི་བོ་སྟེ། །གཉིས་པ་མགྲིན་པ་གསུམ་པ་ན། །ལྟེ་བར་རྣམ་ཤེས་འདུས་པ་ཡིས། །མེ་དང་ཟླ་བ་གཉིས་འདྲེས་ཚེ། །དུང་ཅན་ནང་དུ་ལྷན་སྐྱེས་མྱོང་། །ཞེས་པའོ། །གཉིས་པ་ནི། ཕོ་མོ་དབང་པོ་གཉིས་སྦྱོར་གྱི་སྙོམས་པར་འཇུག་པ་ཕན་ཚུན་ཆགས་པ་དང་བཅས་པས་འགྱུར་བའི་བདེ་བ་ཉམས་སུ་མྱོང་བ་དེའི་ཚེ་ན། དགའ་བ་བཞིའི་གོ་རིམ་ཇི་ལྟ་བ་བཞིན་དུ། དགའ་བཞི་ཉམས་སུ་མྱོང་བའི་རྣམ་ཤེས་དང་ལྡན་པ་ཡིན་ཏེ། དེ་ཡང་འདོད་སྲེད་ཀྱི་དང་པོ་ནི་སྤྱི་བོའི་འཁོར་ལོར་བྱང་ཆུབ་ཀྱི་སེམས་གནས་པ་སྟེ། གཉིས་པ་དགའ་བའི་ཚེ་ན་མགྲིན་པར་སླེབ་པ་དང་། གསུམ་པ་མཆོག་ཏུ་དགའ་བའི་དུས་ན་ལྟེ་བའི་འཁོར་ལོར་རྣམ་པར་ཤེས་པ་འདུས་པ་ཡིས་དམར་ཆ་གཏུམ་མོའི་མེ་དང་དཀར་ཆ་ཟླ་བ་གཉིས་པོ་དེ་རྩ་དབུ་མའི་མར་སྣ་དུང་ཅན་མའི་ནང་དུ་འདྲེས་པའི་ཚེ་ན། ལྷན་ཅིག་སྐྱེས་པའི་དགའ་བར་འགྱུར་ཞིང་ཤེས་པ་སྐད་ཅིག་མ་གཅིག་གིས་ཉམས་སུ་མྱོང་བ་ཡིན་ནོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ནི་སྐད་ཅིག་ཤེས་པ་སྟེ། །ཚོགས་བརྒྱད་མ་འགགས་སོ་སོར་གསལ། །བདེ་ལ་མི་རྟོག་ཉོན་མོངས་མིན། །དེ་ཕྱིར་ཡེ་ཤེས་སྐུ་ཞེས་བརྗོད། །དག་ན་ཐམས་ཅད་དེ་ཉིད་ཕྱིར། །འགག་མེད་འཛག་བྲལ་སྟོང་དང་ལྡན། །ཞེས་པའོ། །གཉིས་པ་ནི། དེ་ལྟ་བུའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཡུན་རིང་ཐུང་ཅི་ཙམ་གྱི་བར་དུ་གནས་ཤེ་ན། དེ་ནི་དུས་སྐད་ཅིག་མ་གཅིག་གི་ཤེས་པ་ཡིན་ཏེ། དེ་སྐྱེས་པའི་ཚེ་ན། དེ་རང་གི་ངོ་བོ་ནི་ཚོགས་བརྒྱད་པོ་རང་རང་གི་ངོ་བོ་མ་འགགས་པར་སོ་སོར་གསལ་ཞིང་བདེ་གསལ་མི་རྟོག་པ་རང་གི་ངོ་བོ་ཉོན་མོངས་པའི་དྲི་མ་དང་མ་འདྲེས་པ་ཡིན་ཀྱང་། དེ་མ་ཤེས་པས་སྐད་ཅིག་དེ་ཉིད་ལ་འགགས་ནས་བྱང་ཆུབ་ཀྱི་སེམས་འགྱུར་བས་དགའ་བྲལ་གྱི་དགའ་བ་འཆར། དེ་ཉིད་ངོ་འཕྲོད་ན་ཐབས་ཀྱིས་ཟིན་པའི་དགའ་བཞི་མངོན་དུ་གྱུར་ནས་ཡེ་ཤེས་ཀྱི་སྐུར་འགྱུར་བ་དེའི་ཕྱིར། མ་དག་པའི་གནས་སྐབས་ནའང་དེ་ལ་ཡེ་ཤེས་ཀྱི་སྐུར་བརྗོད་པ་ཡིན་ནོ། །གང་གི་ཚེ་གཉེན་པོས་རྣམ་པར་སྦྱངས་ནས་སྒྲིབ་པ་ཐམས་ཅད་རྣམ་པར་དག་ན། ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང་ངོ་ཡིན་པའི་ཕྱིར་འགག་པ་མེད་པ་ནི། ཚོགས་དྲུག་གི་རང་གི་ངོ་བོ་གསལ་ལ་མ་འདྲེས་པ་སྤྲུལ་པའི་སྐུའི་རང་བཞིན་ཡིན་པ་དང་། འཛག་བྲལ་ནི་ཉོན་མོངས་པའི་ཟག་པ་ཐ མས་ཅད་དང་བྲལ་ཞིང་། བདེ་བ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱེད་པ་ལ་བརྗོད། སྟོང་པ་དང་ལྡན་པ་ནི་རང་བཞིན་འོད་གསལ་ཆོས་ཀྱི་སྐུ་དང་ལྡན་པའོ། །དེ་ལྟར་ལུས་ཅན་ཐམས་ཅད་ཀྱི་དབང་པོ་གཉིས་སྦྱོར་གྱི་སྙོམས་འཇུག་ཉམས་སུ་མྱོང་བའི་ཚེ་ན། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐད་ཅིག་མ་གཅིག་སྐྱེས་ཀྱང་། དེ་ངོས་མ་ཟིན་ན་འཁོར་བར་འགྱུར་ལ། ཟིན་ན་གཉེན་པོར་འགྱུར་བ་སྲིད་ཀྱང་། ཕལ་ཆེར་ལས་ཀྱི་དབང་གིས་འཁོར་བའི་རྒྱུར་འགྱུར་བ་གཙོ་ཆེའོ། །དེ་ཡང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར། དགའ་བ་བཞིའི་ནང་ནས་ལྷན་ཅིག་སྐྱེས་པའི་དགའ་བ་ཁྱད་པར་དུ་འཕགས་པ་ཡིན་ཏེ། དེ་སྐད་དུ་ཡང་ཧེ་བཛྭ་ལས། དགའ་བའི་བདེ་བ་ཅུང་ཟད་དེ། །མཆོག་ཏུ་དགའ་བ་དེ་ལས་ལྷག །དགའ་བྲལ་དགའ་བས་ཆགས་བྲལ་ཡིན། །ལྷག་མས་ལྷན་ཅིག་སྐྱེས་དགའ་ཉིད། །ཅེས་གསུངས་པའི་ཕྱིར། གསུམ་པ་ནི། ཀུན་འགྲོ་ཀུན་བདག་གནད་དུ་བསྣུན། །ཞེས་པ་སྟེ། དེ་ལ་ཀུན་དུ་འགྲོ་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ནི་ཆོས་ཐམས་ཅད་ཀུན་ལ་ཁྱབ་བྱེད་དུ་འགྲོ་ཞེས་པ་དང་། ཀུན་བདག་ཅེས་པ་ནི། ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་བདག་ཉིད་དུ་གནས་ཤེས་པའོ། །གནད་དུ་བསྣུན་པ་ནི། བླ་མའི་ངེས་པ་དང་ལྡན་པའི་ཐབས་ཀྱིས་ཟིན་པའི་སྒོ་ནས་སྒོམ་པར་བྱེད་པའོ་ཞེས་པའི་དོན་ནོ། །འདི་དག་ནི་དུས་ཀྱི་འཁོར་ལོ་ལས་མཁའ་ཁྱབ་མཁའི་རྡོ་རྗེ་ཞེས་པའི་སྒྲས་གསུངས་ཏེ། ཇི་སྐད་དུ་བསྡུས་རྒྱུད་ལས། སྒྲ་ལ་སོགས་པ་དྲུག་པོ་རྣམས་ནི་ལས་སུ་འགྱུར་ཏེ་དབང་པོ་དྲུག་པོ་དག་ཀྱང་བྱེད་པའོ། །ལོ་དང་ཟླ་བ་ཕྱོགས་དང་ཉིན་དང་མཚན་མོ་ཚེས་དང་ཟླ་བ་ཉི་མ་དག་ཀྱང་བྱེད་པ་པོ། །དེ་དག་སྡུད་པའི་བྱེད་པོ་གཞན་དུ་འདིར་འགྱུར་བསྐྱེད་པའི་བྱེད་པ་པོ་ནི་བྱེད་པ་པོ་མ་ཡིན། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་དེ་ཡུལ་དང་རྣམ་བྲལ་ཡོན་ཏན་མེད་ལ་རང་བཞིན་མེད་པའོ། །ཞེས་གསུངས་པ་དང་། ལྷན་ཅིག་སྐྱེས་གྲུབ་ལས། ཀུན་འགྲོ་ལྷན་ཅིག་སྐྱེས་ཞི་བ། །ཞེས་གསུངས་པ་དང་དོན་གཅིག་ཏུ་གོ་བར་བྱའོ། །གཉིས་པ་འཁོར་བར་བསྐྱེད་པའི་ཚུལ་བཤད་པ་ལ། གང་འཁྲུལ། གང་གིས་འཁྲུལ། ཚུལ་ཇི་ལྟར་འཁྲུལ། འཁྲུལ་པའི་དབང་གིས་འཁོར་བ་བསྐྱེད་པའི་ཚུལ་བཤད་པ་དང་བཞི་ལས། དང་པོ་ནི། མ་དག་འཁྲུལ་པའི་སེམས་ཅན་རྣམས། །ཤེས་པ་སྟེ། བདེ་བ་ཆེན་པོའི་ཡེ་ཤེས་མ་རྟོགས་པའི་དབང་གིས་འཁྲུལ་ནས་འཁོར་བར་སྐྱེ་བ་ཡིན་ལ། གང་འཁྲུལ་ཞེ་ན། དྲི་མ་མ་དག་པའི་དབང་གིས་བདག་གཞན་སྣ་ཚོགས་སུ་འཁྲུལ་བའི་སེམས་ཅན་རྣམས་འཁྲུལ་ཞེས་པའོ། །གཉིས་པ་ནི། སྐད་ཅིག་བདེ་ཆེན་མི་ཤེས་པས། །ཤེས་སོ། །འདི་ཡང་སེམས་ཅན་ཐམས་ཅད་ཀྱིས་རང་ལ་གནས་པའི་སྐད་ཅིག་གི་བདེ་བ་ཆེན་པོ་དེ་ཉིད་ངོ་མ་ཤེས་པས་བཟུང་འཛིན་ཐ་དད་དུ་ཞེན་པས་འཁྲུལ། འདིའི་འབྲུ་གནོན་ལ་འགྲེལ་པར། དེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པ་ལ། གཞན་དུ་ཡུལ་ལ་ཀུན་དུ་རྟོག་པ་དང་། །ཞེས་བཤད། དེ་ལ་འཁྲུལ་ནས་ཁམས་བྱང་ཆུབ་ཀྱི་སེམས་འཛག་པའི་སྐྱོན་ནི། དུས་འཁོར་བསྡུས་རྒྱུད་ལས། དེ་ལྟར་སེམས་ནི་རྣམ་བཞི་སྲིད་པ་གསུམ་ལ་གནས་པའི་སྲོག་ཆགས་རྣམས་ཀྱི་ཐིག་ལེའི་དབུས་སུ་སྟེ། །རྣལ་འབྱོར་དབང་པོ་རྣམས་ཀྱིས་བདེ་མཉམ་འབྲས་སྟེར་ཁྱབ་བྱེད་དག་ནི་ཐར་པའི་སླད་དུ་བསྲུང་བར་བྱ། །ཐིག་ལེ་བཏང་ན་རྣལ་འབྱོར་རྣམས་ཀྱི་སྐྱེ་བའི་ས་བོན་མཆོག་གི་བདེ་བ་སོང་ལ་ཐར་པ་གང་། །དེ་ཕྱིར་འཁོར་བའི་བདེ་བའི་སྐད་ཅིག་འདིར་ནི་སྡོམ་བརྩོན་རྣམས་ཀྱིས་ཐམས་ཅད་དུས་སུ་དོར་བར་བྱ། །ཞེས་གསུངས་པ་ལྟ་བུའོ། །གསུམ་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། རང་ལ་གནས་པ་གཞན་དུ་བཟུང་། །བདེ་ཉམས་དུག་གསུམ་བསྐྱེད་བྱེད་ཅིང་། །མི་འདོད་བཞིན་དུ་འཁོར་བར་རྒྱུ། །དང་པོ་དགའ་ལྡན་འདོད་ཆགས་ཡིན། །བར་མ་མ་རྟོགས་གཏི་མུག་སྟེ། །རྗེས་ལ་ཆགས་བྲལ་ཞེ་སྡང་སེམས། །བདེ་འདོད་རང་ཆགས་སེར་སྣ་དང་། །ཕྲག་དོག་ཀུན་བསྐྱེད་མི་དགེ་སྤྱོད། །ཅེས་པའོ། །གཉིས་པ་ནི། འཁོར་བ་ལ་མངོན་པར་ཞེན་པའི་ལུས་ཅན་རྣམས་ཀྱིས། བདེ་བ་ཆེ ན་པོའི་ཡེ་ཤེས་དང་ཡུལ་གྱི་སྣང་བ་སྣ་ཚོགས་པ་རྣམས་རང་ལ་གནས་པ་སྟེ། རང་གི་སེམས་ལས་གཞན་དུ་མ་གྲུབ་ཀྱང་རང་ལས་རྫས་ཐ་དད་དུ་བཟུང་ནས་དང་པོར་དགའ་ཞིང་ཡུལ་ཡིད་དུ་འོང་བ་དང་ལྡན་པ་མཐོང་བ་དེའི་ཚེ། འདོད་ཆགས་སྐྱེ་བ་ཡིན་ལ། ཡིད་དུ་འོང་མི་འོང་བར་མའི་ངོ་བོ་མ་རྟོགས་པས་གཏི་མུག་སྐྱེ་སྟེ། ཡུལ་ཡིད་དུ་མི་འོང་བ་དང་དབང་པོ་གཉིས་སྦྱོར་གྱི་བདེ་བ་ལ་ཆགས་པའི་རྗེས་སུ་ཆགས་བྲལ་ཞེ་སྡང་གི་སེམས་སྐྱེ་ལ། དེ་ཡང་རང་ཉིད་བདེ་བར་འདོད་ཅིང་རང་གི་རྫས་ལ་ཆགས་པ་ལ་བརྟེན་ནས་སེར་སྣ་སྐྱེ། གཞན་ཕུན་སུམ་ཚོགས་པ་ལ་ཁོང་ནས་འཁྲུགས་པའི་ཕྲག་དོག་ཀུན་ནས་བསྐྱེད་པར་བྱེད་ཅིང་མི་དགེ་བའི་ལས་རྣམས་སྤྱོད་པར་བྱེད་དོ། །ཞེས་བྱ་བ་ནི་མདོ་རྒྱུད་ཐམས་ཅད་དང་། ཁྱད་པར་དུ་སེམས་འགྲེལ་སྐོར་གསུམ་རྣམས་ཀྱི་དགོངས་པ་ཡིན་ནོ། །བཞི་པ་ནི། དེ་ཡིས་ངན་འགྲོ་ཀུན་བསྐྱེད་བྱེད། །ཅེས་པ་སྟེ། དེ་ལྟར་གོང་དུ་བཤད་པའི་ཆགས་སྡང་རྨོངས་གསུམ་ཕྲག་དོག་སེར་སྣ་ལ་སོགས་པ་ཉོན་མོངས་པ་དེ་དག་སྤྱད་པའི་དབང་གིས། དམྱལ་བ་ཡི་དྭགས་དུད་འགྲོ་སྟེ་ངན་སོང་གསུམ་གྱི་འགྲོ་བ་ཀུན་བསྐྱེད་པར་བྱེད་པ་ཡིན་ནོ། །ཞེས་པའོ། །གསུམ་པ་མྱ་ངན་ལས་འདས་པར་འགྲོ་བའི་གོ་རིམ་བཤད་པ་ལ། སྐྱེས་བུ་ཆུང་བའི་ལམ་གྱི་རིམ་པ་བཤད། འབྲིང་པོའི་ལམ་གྱི་རིམ་པ་བཤད། ཆེན་པོའི་ལམ་གྱི་རིམ་པ་བཤད་པ་དང་གསུམ། དང་པོ་ལ། བསོད་ནམས་ཀྱི་ལས་བསགས་པ་ལ་བརྟེན་ནས་འདོད་ཁམས་ཀྱི་མཐོ་རིས་སུ་སྐྱེ་བར་བཤད། མི་གཡོ་བའི་ལས་བསགས་པ་ལ་བརྟེན་ནས་གཟུགས་དང་གཟུགས་མེད་དུ་སྐྱེ་ཚུལ་བཤད། སྙོམས་འཇུག་ལ་ཆགས་ན་སླར་ཡང་འཁོར་བར་སྐྱེ་བའི་ཚུལ་བཤད་པ་དང་གསུམ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ལས་ཅུང་ཟད་ལོག་བྱས་ནས། །རང་གཞན་ཕན་འདོད་སེར་སྣ་དང་། །ཕྲག་དོག་ཆགས་པ་དོར་བྱས་ནས། །སྦྱིན་དང་ལྡན་ཞིང་ཁྲོ་བ་དོར། །ཚུལ་ལྡན་བདེ་འདོད་མཐོ་རིས་ཏེ། །ཞེས་པའོ། །གཉིས་པ་ནི། གང་ཟག་ཅུང་ཟད་ཐོས་པའི་རྐྱེན་གྱིས་ཁམས་ཀྱི་བག་ཆགས་སད་པ་དག་གིས་ནི། སྔར་བསྟན་པའི་མ་རིག་པའི་དབང་གིས་ཆགས་སྡང་རྨོངས་གསུམ་སྐྱེ་བའི་ཚུལ་དེ་དག་ལས་ཅུང་ཟད་ལོག་པར་བྱས་ནས། རང་དང་གཞན་ལ་ཕན་པར་འདོད་པའི་སེམས་བསྐྱེད་དེ། རྫས་ལ་ཆགས་པའི་སེར་སྣ་དང་། གཞན་གྱི་ཕུན་སུམ་ཚོགས་པ་ལ་ཁོང་འཁྲུག་པའི་ཕྲག་དོག་དང་། ཡུལ་ཡིད་དུ་འོང་བ་ལ་ཆགས་པའི་འདོད་ཆགས་ལ་སོགས་པ་རྣམས་དོར་བར་བྱས་ནས། གཞན་ལ་སྦྱིན་པ་གཏོང་བ་དང་ལྡན་ཞིང་གཞན་ལ་ཁོང་ཁྲོ་བ་དོར་བ་དང་། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ལ་སོགས་པ་དང་ལྡན་ཞིང་། འདོད་པ་ཁམས་ཀྱི་བདེ་འགྲོའི་བདེ་བ་འདོད་པས་འདོད་ཁམས་ཀྱི་ལྷ་དང་མི་དང་ལྷ་མ་ཡིན་གྱི་གོ་འཕང་ཐོབ་པར་འགྱུར་རོ། །ཞེས་པའོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། འདོད་སྲེད་བཅད་ནས་བསམ་གཏན་གྱི། །བདེ་ཚོལ་གཟུགས་དང་གཟུགས་མེད་ལེན། །ཞེས་པའོ། །གཉིས་པ་ནི། དེ་ལས་ཀྱང་བག་ཆགས་ཅུང་ཟད་སད་པའི་གང་ཟག་རྣམས་ཀྱིས། འདོད་པ་ཁམས་ཀྱི་ཡོ་བྱད་རྣམས་སྙིང་པོ་མེད་ཅིང་ངན་པར་མཐོང་ནས་འདོད་པ་ལ་ཆགས་པའི་སྲེད་པ་བཅད་དེ། བསམ་གཏན་དང་གཟུགས་མེད་པའི་ཏིང་ངེ་འཛིན་ལ་རིམ་གྱི་སྲེད་དེ། བསམ་གཏན་གྱི་བདེ་བ་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་ལ་ཆགས་པའི་དབང་གིས་བསམ་གཏན་དང་གཟུགས་མེད་པའི་སྙོམས་འཇུག་བསྒོམས་པ་ལ་བརྟེན་ནས། བསམ་གཏན་བཞི་དང་གཟུགས་མེད་པའི་གནས་བཞི་པོ་རྣམས་སུ་ཅི་རིགས་པར་སྐྱེ་བ་ལེན་པའི་ཚུལ་སྔར་གོང་དུ་ལུས་གྲུབ་པའི་སྐབས་སུ་བཤད་ཟིན་པ་ལྟར་རོ། །གསུམ་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ཡང་སྔར་ལྟར་རོ་མྱོང་ནས། །ཆགས་ལྡན་དུག་གསུམ་དབང་གིས་འཁོར། །ཞེས་པའོ། །གཉིས་པ་ནི། བསམ་གཏན་དང་གཟུགས་མེད་པ་དེ་དག་ལ་ཡང་། སྔར་འདོད་པ་ལ་ཆགས་པ་ལྟར་བསམ་གཏན་དང་གཟུགས་མེད་པའི་རོ་མྱོང་ནས་ཆགས་པ་དང་ལྡན་ན། སྲེད་པ་ཤས་ཆེའི་སྙོམས་འཇུག་ཉོན་མོངས་ཅན་གྱི་ཆགས་སྡང་ལ་སོགས་པ་དུག་གསུམ་བསྐྱེད་པའི་དབང་གིས། སླར་ཡང་འདོད་པའི་ཁམས་ལ་སོགས་པ་ཁམས་གསུམ་འཁོར་བའི་སྐྱེ་གནས་སུ་ཡང་ནས་ཡང་དུ་འཁོར་རོ། །ཞེས་པའོ། །གཉིས་པ་སྐྱེས་བུ་འབྲིང་གི་ལམ་བཤད་པ་ལ་ཡང་། རྩ་ཚིག་གཉིས་ལས། དང་པོ་ནི། སེམས་སུ་ཤེས་ནས་ཁམས་གསུམ་གྱི། །ཆགས་སོགས་མཐོང་སྒོམ་གྱིས་བཅོམ་ནས། །མྱ་ངན་འདས་སྲེད་དེ་ཐོབ་པ། །དེར་གནས་ཉན་རང་ཞེས་བརྗོད་དོ། །ཞེས་པའོ། །གཉིས་པ་ནི། སྔ་མ་དེ་དག་ལས་ཀྱང་། ཐོས་པའི་རྐྱེན་གྱིས་ཁམས་ཀྱི་བག་ཆགས་ཆེས་སད་པའི་གང་ཟག་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་རྣམས་ཀྱིས། དེ་ལྟར་ཁམས་གསུམ་གྱི་འཛག་པ་དེ་དག་བཅད་ནས། ཁམས་གསུམ་པོ་དེ་དག་ནི་སེམས་ལས་བྱུང་བར་ཤེས་ཤིང་། དེའི་རྩ་བ་ནི་གང་ཟག་གི་བདག་འཛིན་དང་ཆོས་ཀྱི་བདག་འཛིན་གཉིས་ཡིན་པར་རྟོགས་ནས། གང་ཟག་གི་བདག་འཛིན་ཉོན་མོངས་པ་དང་ཆོས་ཀྱི་བདག་འཛིན་བཟུང་བ་ཕྱི་རོལ་གྱི་དོན་ལ་བདེན་པར་འཛིན་པ་སྟེ། ཆགས་སོགས་ཉོན་མོངས་དང་ཤེས་སྒྲིབ་བཟུང་རྟོག་རྣམས་མཐོང་ལམ་དང་སྒོམ་ལམ་གྱིས་བཅོམ་ནས། ཞི་བ་མྱ་ངན་ལས་འདས་པ་ལ་སྲེད་དེ་མྱ་ངན་ལས་འདས་པ་དེ་ཐོབ་པ་ན། ཉན་རང་རྣམས་སེམས་ཅན་གྱི་དོན་མི་བྱེད་པར་དེར་གནས་པ་ལ་ཉན་རང་ཞེས་པའི་ཐ་སྙད་བརྗོད་པ་ཡིན་ནོ། །ཞེས་པའོ། །གསུམ་པ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་བཤད་པ་ལ། ཕར་ཕྱིན་ཐེག་པའི་ལུགས་དང་། གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་གཉིས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། སྲིད་དང་ཞི་བ་གཉིས་ཀ་ལ། སྲེད་སྤངས། ཤེས་པའོ། །གཉིས་པ་ནི། ཉན་རང་དེ་དག་ལས་ཀྱང་། ཁམས་ཀྱི་སྟེང་གི་ཐོས་པའི་བག་ཆགས་ཆེས་ཆེར་སད་པའི་གང་ཟག་བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་ཀྱིས་ནི། སྤྱིར་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ལས་གཞན་དུ་མ་གྲུབ་པར་ཤེས་ཤིང་། སེམས་བདེ་སྟོང་སྤྲོས་བྲལ་དུ་རྟོགས་པའི་ཤེས་རབ་ལ་བརྟེན་ནས། སྲིད་པ་འཁོར་བ་དང་ཞི་བ་མྱ་ངན་ལས་འདས་པ་གཉིས་ཀ་ལ་སྲེད་པ་སྤངས་ཏེ། སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པའི་མྱང་འདས་མངོན་དུ་བྱས་པ་ལ་སངས་རྒྱས་ཤེས་བརྗོད་ཅིང་། དེའི་ལམ་དུ་ཞུགས་པའི་གང་ཟག་ཐེག་པ་ཆེན་པོའི་ཚོགས་ལམ་ནས། ས་བཅུ་པའི་བར་ལ་གནས་པ་རྣམས་ལ་བྱང་ཆུབ་སེམས་དཔའ་ཞེས་བརྗོད་པར་བྱའོ། །དེ་ཡང་སྲིད་ཞི་གཉིས་ལ་མི་གནས་པའི་དོན་ནི། སྲིད་པ་འཁོར་བ་ལ་མི་གནས་ཏེ། འཁོར་བ་རང་བཞིན་མེད་པར་རྟོགས་པའི་ཕྱིར། །ཞི་བ་མྱང་འདས་ལ་མི་གནས་ཏེ། སེམས་ཅན་གྱི་དོན་དུ་ལྷག་པར་ཆགས་པའི་ཕྱིར་ཏེ། དེ་སྐད་དུ་ཡང་། མངོན་པར་རྟོགས་པའི་རྒྱན་ལས། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །ཐབས་མ་ཡིན་པས་རིང་བ་དང་། །ཐབས་ཀྱིས་རིང་བ་མ་ཡིན་ཉིད། །ཅེས་པ་དང་། རྒྱུད་བླ་མ་ལས། བདག་སྲེད་མ་ལུས་ཤེས་རབ་ཀྱིས་བཅད་དེ། །སེམས་ཅན་སྲེད་ཕྱིར་བརྩེ་ལྡན་ཞི་ཐོབ་མིན། །དེ་ལྟར་བློ་བརྩེ་བྱང་ཆུབ་ཐབས་བརྟེན་ནས། །འཕགས་པ་འཁོར་བའམ་མྱ་ངན་འདས་མི་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། འཛག་མེད་དབང་ཐོབ་པ། །རྡོ་རྗེ་ཐེག་པར་གསུངས་པ་ཡིན། །ཞེས་པའོ། །གཉིས་པ་ནི། སྔ་མ་དེ་དག་ལས་ཀྱང་ཤིན་དུ་ཆེས་ཆེར་ཁམས་ཀྱི་སྟེང་གི་ཐོས་པའི་བག་ཆགས་སད་ཅིང་། མི་འགྱུར་བའི་བདེ་བ་ཆེན་པོ་ལ་མངོན་པར་དགའ་བའི་གང་ཟག་རྡོ་རྗེ་ཐེག་པའི་རིགས་ཅན་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། ཐོག་མར་སྦྱང་གཞི་སྦྱོང་བྱེད་ལེགས་པར་ངོ་འཕྲོད་པའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་རྣམས་ལེགས་པར་ཐོབ་ཅིང་། དེའི་རྗེས་སུ་གྲོལ་ལམ་བསྐྱེད་རིམ་ལ་བརྟེན་ནས་ལས་བཞི་བསྒྲུབ་ཏུ་རུང་བའི་བསྙེན་པ་སྔོན་དུ་སོང་ཞིང་དེའི་རྗེས་སུ་མི་འགྱུར་བའི་བདེ་བ་ཆེན་པོ་བསྒྲུབ་པའི་གེགས་སུ་གྱུར་པའི་འཛག་པའི་བདེ་བ་རྒྱུན་བཅད་ནས། འཛག་མེད་ཆོས་ཀྱི་སྐུ་ལ་དབང་ཐོབ་པའི་ལམ་གྱི་རིམ་པ་ནི་རྡོ་རྗེ་ཐེག་པ་བླ་ན་མེད་པར་གསུངས་པ་ཡིན་ནོ། །རྒྱུ་མཚན་དེའི་ཕྱིར་རྡོ་རྗེ་ཐེག་པ་ནི་སྔ་མ་དེ་དག་ལས་དུས་དང་ཐབས་གཉིས་ཀྱི་སྒོ་ནས་ཁྱད་པར་དུ་འཕགས་པའི་ཚུལ་ནི་འོག་ཏུ་རྒྱས་པར་འཆད་འགྱུར་ལས་ཤེས་པར་བྱའོ། །འདིའི་སྐབས་སུ་འཛག་པ་ལ། རྟེན་ལུས་ཀྱི་འཛག་པ་བཞི་དང་། །རྟེན་པ་སེམས་ཀྱི་འཛག་པ་བཞི་ཡོད་པ་ལས། དང་པོ་རྣམས་ནི་སྟེང་དང་འོག་དང་བ་སྤུའི་བུ་ག་དང་དབང་པོ་གཞན་ཡུལ་ལ་འཛག་པ་དང་བཞིའོ། །གཉིས་པ་སེམས་ཀྱི་འཛག་པ་བཞི་ནི། །འདོད་པའི་ཟག་པ་དང་། སྲེད་པའི་ཟག་པ་དང་། མ་རིག་པའི་ཟག་པ་དང་། ལྟ་བའི་ཟག་པ་དང་བཞིའོ། །དེ་དག་གི་ནང་ནས་ཉན་ཐོས་རྣམས་ཀྱིས་ནི། འདོད་པ་དང་སྲེད་པའི་ཟག་པ་སྤང་བྱའི་གཙོ་བོར་བྱེད་ཅིང་། མ་རིག་པ་དང་ལྟ་བའི་ཟག་པ་ནི། མ་ལུས་པར་སྤང་མི་ནུས་པ་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། མ་རིག་པ་དང་ལྟ་བའི་ཟག་པ་ནི་ཆེད་དུ་གཉེར་ནས་སྤོང་ཞིང་འདོད་པ་དང་སྲེད་པའི་ཟག་པ་ནི་མི་སྤོང་བ་ཡིན་ཏེ། དེ་གཉིས་གཞན་དོན་སྒྲུབ་པའི་གྲོགས་སུ་དགོས་པའི་ཕྱིར། ཞེས་བྱ་བ་ནི་མདོ་རྒྱུད་གཉིས་ཀའི་དགོངས་པའོ། །བཞི་པ་གནད་བཅིང་བ་དངོས་བཤད་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དགའ་བཞིའི་ངོ་བོ་གོ་རིམ་དང་། །དབྱེ་བ་འཛག་སྐྱོན་བཅིང་ཐབས་དང་། །ཕན་ཡོན་རྣམ་པར་དག་པ་དང་། །རྒྱུ་འབྲས་ལུགས་འབྱུང་ལུགས་བཟློག་ཀུན། །རྒྱལ་བས་བླ་མེད་རྒྱུད་ཀུན་གསུངས། །དེ་ཕྱིར་ལས་ཀྱི་ཕྱག་རྒྱ་བཅིང་། །འདིར་ནི་རྒྱས་པར་མ་བྲིས་སོ། །ཞེས་པའོ། །གཉིས་པ་ནི། དེ་ལ་དགའ་བ་བཞིའི་ངོ་བོ་ནི། །བྱང་ཆུབ་ཀྱི་སེམས་ལ་བརྟེན་པའི་བདེ་བ་ཡིན་ལ། གོ་རིམ་ནི། ལུགས་འབྱུང་གི་དབང་དུ་བྱས་ན། དང་པོར་དགའ་བ། མཆོག་དགའ། དགའ་བྲལ། ལྷན་ཅིག་སྐྱེས་པའི་དགའ་བའི་རིམ་པ་དང་། ལུགས་བཟློག་ཏུ་སྦྱར་ན། ལྷན་སྐྱེས་ནས་དགའ་བའི་བར་དུ་བཟློག་པའམ། ལྟེ་བར་དགའ་བ། སྙིང་གར་མཆོག་དགའ་སོགས་ལུགས་ལས་བཟློག་པའི་རིམ་པ་གཉིས་ནི་ཕ་རྒྱུད་དང་མ་རྒྱུད་གཉིས་ཀ་ལས་གསུངས་སོ། །འོ་ན་དགའ་བདེ་གཉིས་ཀྱི་ངོ་བོ་ལ་ཁྱད་པར་མེད་དམ་ཞེ་ན་ཡོད་དེ། དགའ་བདེ་གཉིས་ཀྱི་ཟླས་ཕྱེ་བའི་བདེ་བ་ནི་ལུས་བདེ་ཡིན་པའི་ཕྱིར་རོ། །དབྱེ་བ་ནི་བཞི་ཡོད་དོ། །འཛག་པའི་སྐྱོན་དང་བཅིང་བའི་ཐབས་རྣམས་ནི་གོང་དུ་ཇི་སྐད་བཤད་པར་ལྟར་རོ། །ཕན་ཡོན་དང་རྒྱུ་འབྲས་རྣམ་པར་དག་པའི་ཚུལ་ནི། ལུས་ལ་བདེ་བ་དང་སེམས་ལ་རྟོགས་པ་འཆར་བ་དང་། ཕྱི་མ་ཕྱི་མ་རྣམས་སྔ་མ་སྔ་མའི་འབྲས་བུ་ཡིན་པ་དང་། ཡང་ན་དགའ་བ་བཞི་གའི་འབྲས་བུ་ནི་སྐུ་བཞི་ཡིན་པའི་དོན་ནོ། །ལུགས་འབྱུང་དང་ལུགས་བཟློག་གི་ཚུལ་ནི་ཇི་སྐད་བཤད་པ་ལྟར་ཡིན་ལ། ཚུལ་དེ་དག་ནི་རྒྱལ་བས་བླ་ན་མེད་པའི་རྒྱུད་ཀུན་ལས་གསུངས་པའི་ཕྱིར་ལས་ཀྱི་ཕྱག་རྒྱ་བཅིང་བ་གལ་ཆེ་བ་ཡིན་ནོ། །འདིར་ནི་མདོར་བསྡུས་པ་ཙམ་ལས་རྒྱས་པར་ནི་མ་བྲིས་སོ། །ཞེས་པའོ། །དེ་དག་གི་རྣམ་བཞག་རྣམས་ནི། ཧེ་བཛྭ་ལས། རེ་ཞིག་བཙུན་མོ་ཤེས་རབ་ཡིན། །སྐྱེས་བུ་ཐབས་སུ་བརྗོད་པ་ཉིད། །ཀུན་རྫོབ་དོན་དམ་དབྱེ་བ་ལས། །ཕྱི་ནས་དེ་ཡི་རྣམ་བ་གཉིས། །རེ་ཞིག་སྐྱེས་བུ་རྣམ་པ་གཉིས། །དེ་ཡི་ཁུ་བ་བདེ་བ་ཉིད། །སྐྱེས་བུ་ཇི་བཞིན་ཤེས་རབ་ལས། །དེ་ཡི་ཁུ་བའང་བདེ་བ་ཉིད། །དེ་ཉིད་ཕྱིར་ན་དགའ་བ་ནི། །བཞི་ཡིས་རབ་ཏུ་དབྱེ་བ་ཡིས། །སྐྱེ་མེད་རིམ་པའི་ཕྱོགས་ལས་ནི། །འདི་ལྟར་ལྷན་ཅིག་སྐྱེས་རྣམ་བཞི། །ཞེས་དགའ་བ་བཞིའི་ངོ་བོ་ཐབས་ཤེས་ལ་བརྟེན་པའི་དབྱེ་བ་དང་བཅས་པ་གསུངས་ཤིང་། །དགའ་བ་བཞིའི་གོ་རིམ་ཀྱང་དེ་ཉིད་ལས། དང་པོར་དགའ་བ་ཙམ་ཉིད་དེ། །གཉིས་པའི་གྲངས་ལས་མཆོག་དགའ་ཉིད། །གསུམ་པ་ལས་ནི་དགའ་བྲལ་བཤད། །བཞི་པ་ལྷན་ཅིག་སྐྱེས་པར་བརྗོད། །ཅེས་གསུངས་པ་དང་། དེ་དག་ལ། དུས་ཀྱི་འཁོར་ལོ་ལས་ནི། སྤྱི་བོར་སྐུའི་དགའ་བ་བཞི། །མགྲིན་པར་གསུང་གི་དགའ་བ་བཞི། །སྙིང་གར་ཐུགས་ཀྱི་དགའ་བ་བཞི། །གསང་བར་ཡེ་ཤེས་ཀྱི་དགའ་བ་བཞི་སྟེ། །བཅུ་དྲུག་ཏུ་གསུངས་པ་དང་། སྐུ་བཞི་ལ་བརྟེན་པའི་དགའ་བ་བཞི་བཞི་བཅུ་དྲུག་ཏུ་གསུངས་པའི་ཚུལ་རྣམས་ནི་གོང་འོག་གི་སྐབས་རྣམས་སུ་དོན་གྱི་ཤེས་པར་འགྱུར་བས་འདིར་མི་སྤྲོའོ། །བཅིང་པའི་ཐབས་ནི། དུས་ཀྱི་འཁོར་ལོའི་བསྡུས་རྒྱུད་ལས། མེ་ནི་དངུལ་ཆུའི་དགྲ་ཉིད་ཡིན་ཏེ་མེ་དང་རྣམ་པར་བྲལ་ན་ནམ་ཡང་དངུལ་ཆུ་འཆིང་བ་མེད། །མ་བཅིངས་ན་ནི་གསེར་བྱེད་མེད་དེ་གསེར་དང་བྲལ་ན་སྨྲ་པོ་རྣམས་ལ་ལོངས་སྤྱོད་མེད་པ་ཉིད། །དེ་བཞིན་བུད་མེད་སྦྱོར་བ་བྲལ་ན་རྟག་ཏུ་རྣལ་འབྱོར་པ་རྣམས་དག་གི་སེམས་ནི་འཆིང་མི་འགྱུར། །བཅིངས་པ་མེད་ན་ལུས་འབིགས་མེད་དེ་མ་ཕུག་ལུས་ཀྱིས་འདིར་ནི་ལྷན་སྐྱེས་བདེ་བ་སྟེར་བ་མིན། །ཞེས་གསུངས་པ་ལྟ་བུའོ། །འདི་དག་ལ། དབབ་པ་དང་བཟུང་བ་དང་བཟློག་པ་དང་ཐམས་ཅད་དུ་ཁྱབ་པ་ལ་སོགས་པའི་མན་ངག་ནི་ཆོས་དྲུག་དང་སྦྱོར་བ་ཡན་ལག་དྲུག་ལ་སོགས་པའི་ཁྲིད་ཀྱི་མན་ངག་རྣམས་ལས་རྟོགས་པར་བྱའོ། །ཕན་ཡོན་དང་ལུགས་འབྱུང་དང་ལུགས་བཟློག་གི་རིམ་པ་སྒོམ་པའི་ཚུལ་རྣམས་ནི་སྔར་ཐིག་ལེའི་སྐབས་སུ་རྒྱས་པར་བཤད་ཟིན་པས་དེར་ཤེས་པར་བྱའོ། །རྒྱུ་མཚན་དེའི་ཕྱིར། བསྡུས་རྒྱུད་ལས། རྒྱལ་བའི་ལྷན་སྐྱེས་བདེ་བ་འདི་ནི་འཕེལ་བའི་དོན་སླད་དང་པོར་ལས་ཀྱི་ཕྱག་རྒྱ་བསྟེན་པར་བྱ། །དེ་ནས་ཉི་མའི་གཟུགས་ནི་ལུས་དང་གདོང་དང་རྐང་པ་གཙུག་ཏོར་ཡན་ལག་ཐམས་ཅད་རྫོགས་པ་སྟེ། གློག་གི་དབྱུག་པའི་རྗེས་མཐུན་འཕོ་མེད་བདེ་བ་བསྐྱེད་པར་བྱེད་མ་མཚན་ཉིད་ཡན་ལག་རབ་ཏུ་རྫོགས། །རྡོ་རྗེ་རྣམས་ཀྱི་རབ་ཏུ་སྣང་བར་བྱེད་མ་སྲིད་གསུམ་གནས་ལུས་ཆོས་ཀྱི་དབྱིངས་ནི་དེ་ནས་འགྱུར། །འགྱུར་བ་མེད་པའི་བདེ་བའི་འབྲས་སྟེར་ཕྱག་རྒྱ་བཞི་པོ་འདི་རྣམས་གྲོང་དང་འབྲོག་དགོན་དུར་ཁྲོད་དང་། །མི་གཙང་བ་དང་གཙང་བའི་གནས་དང་ཁྱིམ་དང་ལྷ་ཡི་ཁང་པ་ཐམས་ཅད་དུ་ནི་དུས་ཀུན་དུ། །ཤིན་དུ་དགའ་བའི་དགའ་བ་ལ་གནས་འཇིག་རྟེན་ལམ་ལས་རབ་གྲོལ་རིགས་དང་རིགས་མིན་མངོན་སྤྱོད་ཅིང་། །ལུས་སྟོབས་བདེ་སྟེར་བཟའ་བ་བཏུང་བ་ལ་སོགས་ལོངས་སྤྱོད་དང་ལྡན་རྣལ་འབྱོར་རྣམས་ཀྱིས་སྒོམ་པར་བྱ། །ཞེས་གསུངས་པ་ཡིན་ནོ། །འདི་རྣམས་ཀྱིས་ནི་ལས་ཀྱི་ཕྱག་རྒྱ་བཤད་ཟིན་ཏོ། །བཞི་པ་ཐ་མལ་སད་པའི་གནས་སྐབས་རྒྱས་པར་བཤད་པ་ལ། ཐ་མལ་གྱི་སྣང་བའི་ངོ་བོ་ངོས་བཟུང་བ། དེ་དག་པ་ན་སྐུ་དང་ཡེ་ཤེས་སུ་ཇི་ལྟར་འགྱུར་བའི་ཚུལ། སྤང་གཉེན་འབྲས་བུ་དང་བཅས་པ་བཤད་པ་དང་གསུམ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཐ་མལ་དུས་ཀྱི་ཤེས་པ་ནི། ཀུན་གཞི་ཉོན་ཡིད་འདུ་བྱེད་ཀྱིས། །སྔར་བཤད་རྐྱེན་བཞི་ཉེར་སྦྱོར་བས། །མིག་སོགས་རྣམ་ཤེས་དྲུག་པོ་རྣམས། །དབང་པོ་དྲུག་དང་འབྲེལ་བྱས་ཏེ། །གཟུགས་སོགས་ཡུལ་དྲུག་རྣམས་སུ་སྣང་། །བདེ་སྡུག་བཏང་སྙོམས་ཚོར་བ་གསུམ། །ཆགས་དང་ཞེ་སྡང་གཏི་མུག་བསྐྱེད། །དེ་མ་ཐག་པའི་ཡིད་ཀྱིས་ཁྱེར། །ཀུན་གཞིའི་སྟེང་བཞག་ཡང་འདུ་བྱེད། །ཅེས་པའོ། །གཉིས་པ་ནི། དེ་ལྟར་གནས་སྐབས་བཞིའི་ནང་ནས། ཐ་མལ་སད་པའི་གནས་སྐབས་ཀྱི་ཤེས་པའི་ངོ་བོ་ནི། ཀུན་གཞིའི་སྟེང་དུ་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་མངོན་པར་འདུ་བྱེད་པའི་རྐྱེན་གྱིས། སྔར་རྒྱུ་རྐྱེན་བསྟན་པའི་སྐབས་སུ་བཤད་པའི་དམིགས་རྐྱེན། བདག་རྐྱེན། དེ་མ་ཐག་རྐྱེན། རྒྱུའི་རྐྱེན་དང་བཞི་ཉེ་བར་སྦྱོར་བ་ལས། མིག་སོགས་རྣམ་ཤེས་དྲུག་པོ་རྣམས་མིག་ལ་སོགས་པའི་དབང་པོ་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་དྲུག་དང་འབྲེལ་བར་བྱས་ཏེ། གཟུགས་དང་སོགས་པའི་སྒྲས་བསྡུས་པ་སྒྲ་དྲི་རོ་རེག་བྱ་ཆོས་དང་ཡུལ་དྲུག་པོ་རྣམས་སུ་སྣང་བའི་རྣམ་པ་འཆར་ཞིང་། དེ་དག་ལ་ཡུལ་ཡིད་དུ་འོང་བ་ལ་ཆགས་པ་དང་མཚུངས་པའི་བདེ་བ་དང་། མི་འོང་བ་ལ་ཞེ་སྡང་དང་མཚུངས་པའི་སྡུག་བསྔལ་དང་། བར་མ་མ་རྟོགས་པ་ལ་བདེ་སྡུག་གཉིས་ཀ་མ་ཡིན་པའི་ཚོར་བ་བཏང་སྙོམས་དང་། ཚོར་བ་གསུམ་པོ་དེས་འདོད་ཆགས་དང་ལྡན་པ་དང་གཞན་ལ་ཞེ་སྡང་བ་དང་གནས་ཚུལ་ལ་རྨོངས་པའི་གཏི་མུག་དང་གསུམ་བསྐྱེད་ཅིང་འདི་དག་ཕན་ཚུན་གཅིག་གི་རྒྱུར་གཅིག་འགྱུར་བ་ཡིན་ནོ། །དེ་ནས་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་ལས་དེ་དག་གིས་བསགས་པའི་བག་ཆགས་རྣམས་ཀུན་གཞིའི་སྟེང་དུ་བཞག་ཅིང་། འདུ་བྱེད་པའི་ལས་དེའི་བག་ཆགས་ལ་བརྟེན་ནས་ཡང་འདུ་བྱེད་པའི་ལས་གསར་པ་གཞན་སོག་ཅིང་ལས་དང་ཉོན་མོངས་པ་དེ་དག་གི་དབང་གིས་འཁོར་བའི་འཁོར་ལོར་ཡང་ནས་ཡང་དུ་འཁོར་བར་བྱེད་དོ་ཞེས་པའི་དོན་ཏེ། གོང་དུ་རྟེན་འབྲེལ་གྱི་སྐབས་སུ་ཀླུ་སྒྲུབ་ཀྱིས་གསུངས་པའི་ལུང་དང་རྒྱས་པར་སྦྱར་བ་ལྟར་ཡིན་ནོ། །འདིར་ཕྱོགས་མཐུན་གྱི་ལུང་ནི། མཁས་པའི་དབང་པོ་བི་མ་ལས་རྫོགས་པ་ཆེན་པོའི་དོན་བསྡུས་རང་འགྲེལ་དུ་དྲངས་པ་ལས། ཐོག་མ་ཀ་དག་འཁྲུལ་མེད་ལ། །ངེས་པ་མེད་པའི་ལྷུན་གྲུབ་ལ། །འཁྲུལ་པའི་ཡེ་ཤེས་སྦག་སྦོག་དེ། །མ་རིག་པ་ནི་གསུམ་དག་པ། །ཤེས་པ་གསལ་གསལ་རིག་རིག་དེ། །ཡུད་ཙམ་ཕྱིར་འགྱུས་སྣང་ཆ་ལས། །ཡུལ་ལ་བདག་ཏུ་བཟུང་བའི་བློས། །རྐྱེན་བཞིའི་དམིགས་པ་མ་དག་པས། །ཡུལ་དྲུག་སོ་སོའི་སྣང་བ་ཤར། །ཉོན་མོངས་དྲུག་གིས་བདག་ཏུ་བཅིངས། །དེར་བལྟས་ཡུལ་ལ་བདག་བཟུང་བའོ། །དེ་ནས་རིམ་གྱིས་སྣོད་བཅུད་ཀྱི། །སྣང་བ་དུ་མའི་གཟུགས་འདུས་པའོ། །འདི་ཉིད་མི་ཤེས་བྱིས་པ་རྣམས། །ཟོ་ཆུན་བཞིན་དུ་རྒྱུན་མར་གནས། །ཤེས་གསུངས་པ་ལྟ་བུའོ། །གཉིས་པ་དེ་དག་པ་ན་སྐུ་དང་ཡེ་ཤེས་སུ་ཇི་ལྟར་འགྱུར་བའི་ཚུལ་བཤད་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། འདི་ཉིད་དག་པ་ཡེ་ཤེས་གསུམ། །ཡིད་ནི་མི་གཡོ་མཉམ་ཉིད་དེ། །ཀུན་རྟོག་དག་པ་སོ་སོར་རྟོག །སྒོ་ལྔའི་ཡུལ་རྣམས་བྱ་བ་གྲུབ། །ཅེས་པའོ། །གཉིས་པ་ནི། ཐ་མལ་སད་པའི་གནས་སྐབས་ཀྱི་ཤེས་པ་འདི་ཉིད་དག་པ་ན་ཡེ་ཤེས་རྣམ་པ་གསུམ་དུ་འགྱུར་བ་ཡིན་ཏེ། ཉོན་མོངས་པ་ཅན་གྱི་ཡིད་ནི་དག་པའི་ཚེ་ན་གཡོ་མེད་ཀྱི་ཐུགས་རྗེས་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་དུ་འཇུག་པའི་མཉམ་ཉིད་ཡེ་ཤེས་སུ་འགྱུར་བ་དང་། ཀུན་རྟོག་སྟེ་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་དག་པའི་ཚེ་ན་སོ་སོར་རྟོག་པའི་ཡེ་ཤེས་སུ་འགྱུར། སྒོ་ལྔའི་ཡུལ་རྣམས་དག་པའི་ཚེ་ན་མིག་ལ་སོགས་པའི་རྣམ་ཤེས་ལྔ་པོ་བྱ་བ་གྲུབ་པའི་ཡེ་ཤེས་སུ་འགྱུར་བའི་ཕྱིར། དེ་དག་གི་སྟེང་དུ་སྔར་གཉིད་དག་པ་ན་མེ་ལོང་ཡེ་ཤེས་སུ་འགྱུར་བར་བཤད་པ་དང་། དེ་ཐམས་ཅད་ལ་ཁྱབ་བྱེད་དུ་འཇུག་པའི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་འགྱུར་བའི་ཕྱིར། མདོར་ན། གནས་སྐབས་བཞིའི་འཁྲུལ་པ་དག་པའི་ཚེ་ན་ཡེ་ཤེས་ལྔ་དང་སྐུ་ལྔར་གནས་གྱུར་པ་ཡིན་ནོ། །སྤྱིར་དེ་ལྟ་བུའི་གནས་གྱུར་མདོ་རྒྱུད་དུ་མ་ལས་གསུངས་ཤིང་། སློབ་དཔོན་ཐོགས་མེད་ཀྱིས་ཐེག་པ་ཆེན་པོ་བསྡུས་པ་ལས་ཀྱང་ཕུང་པོ་ལྔ་གནས་གྱུར་པའི་ཚུལ་གསུངས་ཏེ། དེ་སྐད་དུ་ཡང་། དབང་འབྱོར་བ་རྣམ་པ་དུས་ཆོས་ཀྱི་སྐུས་དབང་འབྱོར་བ་ཐོབ་ཅེ་ན། མདོར་བསྡུ་ན་རྣམ་པ་ལྔས་ཐོབ་སྟེ། གཟུགས་ཀྱི་ཕུང་པོ་གྱུར་པའི་ཕྱིར་ཞིང་དང་ལུས་དང་མཚན་དང་དཔེ་བྱད་བཟང་པོ་དང་། དབྱངས་མཐའ་ཡས་པ་དང་། སྤྱི་གཙུག་ལྟར་མི་མཐོང་བ་ལ་དབང་འབྱོར་བ་དང་། ཚོར་བའི་ཕུང་པོ་གྱུར་པའི་ཕྱིར་ཁ་ན་མ་ཐོ་བ་མེད་ཅིང་ཚད་མེད་ལ་རྒྱ་ཆེ་བའི་བདེ་བར་གནས་པ་ལ་དབང་འབྱོར་བ་དང་། འདུ་ཤེས་ཀྱི་ཕུང་པོ་གྱུར་པའི་ཕྱིར་མིང་གི་ཚོགས་དང་། ཚིག་གི་ཚོགས་དང་ཡི་གེའི་ཚོགས་ཐམས་ཅད་ཀྱི་བརྟན་པ་ལ་དབང་འབྱོར་བ་དང་། འདུ་བྱེད་ཀྱི་ཕུང་པོ་གྱུར་པའི་ཕྱིར་སྤྲུལ་པ་དང་བསྒྱུར་བ་དང་འཁོར་བསྡུ་བ་དང་། དཀར་པོའི་ཆོས་བསྡུ་བ་ལ་དབང་འབྱོར་བ་དང་། རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར་པའི་ཕྱིར་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་སོ་སོར་རྟོག་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་ལ་དབང་འབྱོར་བས་དབང་འབྱོར་བ་ཐོབ་བོ་ཞེས་གསུངས་སོ། །དེ་ཡང་རྣམ་པར་ཤེས་པའི་གནས་གྱུར་ནི། ཀུན་གཞིའི་རྣམ་ཤེས་གནས་གྱུར་པས་མེ་ལོང་ལྟ་བུའི་ཡེ་ཤེས་དང་། ཀུན་གཞི་ལ་གནས་པའི་ཡིད་གནས་གྱུར་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པས་སོ་སོར་རྟོག་པའི་ཡེ་ཤེས་དང་། དངོས་པོ་ལ་འཇུག་པ་སྟེ་སྒོ་ལྔའི་དབང་ཤེས་གནས་གྱུར་པས་ནི་བྱ་བ་གྲུབ་པའི་ཡེ་ཤེས་དང་། ཡེ་ཤེས་དེ་དག་ལ་ཁྱབ་བྱེད་དུ་འཇུག་པའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་རང་བཞིན་འོད་གསལ་ལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་འདོད་པ་ཡིན་ནོ། །དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ནི། གཡོ་བ་མེད་པར་གནས་པ་དང་། ང་ཡི་བ་མེད་པ་དང་། རྟག་པ་དང་ཆད་པ་དང་། ཡོད་མེད་ལ་སོགས་པའི་ཕྱོགས་གང་དུའང་རྒྱར་མ་ཆད་པ་དང་། དུས་རྟག་ཏུ་ལྡན་པ་དང་། ཤེས་བྱ་ཐམས་ཅད་ལ་མ་རྨོངས་ཤིང་གསལ་བར་གཟིགས་ཀྱང་དེ་ལ་མངོན་དུ་ཕྱོགས་པ་མ་ཡིན་པ་དང་། ཡེ་ཤེས་གཞན་ཐམས་ཅད་བསྐྱེད་པར་བྱེད་པའི་རྒྱུའི་མཚན་ཉིད་འཛིན་པའི་ཕྱིར་དང་། ལོངས་སྤྱོད་རྫོགས་པའི་སྐུ་གཟུགས་བརྙན་གྱི་ཚུལ་དུ་འབྱུང་བས་ན་ལོངས་སྐུའི་རྐྱེན་དུ་བསྟན་པ་རྣམ་པར་བཞག་པ་ཡིན་ཏེ། དེ་སྐད་དུ་ཡང་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས། མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་ལ། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་ཏེ། །ཞེས་གསུངས་པས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་འདི་སྐུ་གསུམ་གྱི་ནང་ནས་ཆོས་ཀྱི་སྐུ་ཡིན་ཏེ། དེ་སྐད་དུ་ཡང་ཐེག་བསྡུས་ལས། སངས་རྒྱས་ཀྱི་ཆོས་རྣམ་པར་དག་པས་ནི། ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་ནས་ཆོས་ཀྱི་སྐུ་ཐོབ་པའི་ཕྱིར་རོ། །ཞེས་གསུངས་པ་དང་། གསེར་འོད་དམ་པའི་མདོ་ལས་ཀྱང་། འཇུག་པའི་རྣམ་པར་ཤེས་པ་སྦྱངས་ན། སྤྲུལ་པའི་སྐུ་མངོན་དུ་འགྱུར་རོ། །ཀུན་གཞི་ལ་གནས་པའི་ཡིད་སྦྱངས་པས་ལོངས་སྤྱོད་རྫོགས་པའི་སྐུ་སྟོན་ཏོ། །ཀུན་གཞིའི་རྣམ་པར་ཤེས་པ་སྦྱངས་པས་ནི་ཆོས་ཀྱི་སྐུ་འཐོབ་སྟེ། ཞེས་གསུངས་པ་དང་། བཅོམ་ལྡན་འདས་དཔལ་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས་ཀྱང་། དེ་ཡང་ཀུན་གཞིར་ཤེས་བྱ་སྟེ། །མེ་ལོང་དུ་ཡང་རབ་ཏུ་བཤད། །ཆོས་ཀྱི་སྐུ་ལ་སོགས་པའང་དེ། །ཞེས་གསུངས་པས་སོ། །ཁ་ཅིག འདི་ལོངས་སྐུར་འདོད་པ་ཡོད་ཀྱང་། དེ་དག་གིས་ནི་རྒྱན་གྱི་འགྲེལ་པར་དབྱིག་གཉེན་གྱིས། དེ་ནི་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱང་ཡིན་ལ། ཞེས་གསུངས་པའི་དགོངས་པ་མ་ལོན་པ་སྟེ། ཀྱང་གི་སྒྲ་ནི། ལོངས་སྐུའི་རྒྱུའི་རྐྱེན་དུ་ཆོས་སྐུ་མེ་ལོང་ལྟ་བུའི་ཡེ་ཤེས་སྦྱོར་བའི་ཚིག་ཡིན་པས་སོ། །དཔེར་ན་ཚོགས་བདུན་གྱི་རྒྱུའི་རྐྱེན་དུ་ཀུན་གཞི་སྦྱོར་བ་བཞིན་ནོ། །མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་ནི། རྒྱུའི་ཁྱད་པར་བདག་གཞན་མཉམ་པ་ཉིད་དུ་སྒོམ་ཞིང་གང་གིའང་ཕྱོགས་སུ་མ་ལྷུང་བར་སྲིད་ཞི་མཉམ་པ་ཉིད་དུ་རྟོགས་པའི་སྒོ་ནས་སེམས་ཅན་གྱི་མོས་པ་དང་མཐུན་པར་ཐུགས་རྗེ་ཆེན་པོ་འཇུག་པ་ཡིན་ཏེ། དེ་སྐད་དུ་ཡང་རྒྱན་ལས། སྒོམ་པ་དག་པས་སེམས་ཅན་ལ། །མཉམ་པ་ཉིད་ཀྱི་ཡེ་ཤེས་འདོད། །མི་གནས་ཞི་བར་ཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །དུས་རྣམས་ཀུན་དུ་བྱམས་པ་དང་། །ཐུགས་རྗེ་ཆེན་པོ་དག་དང་ལྡན། །སེམས་ཅན་རྣམས་ལ་མོས་པ་བཞིན། །སངས་རྒྱས་སྐུ་ནི་ངེས་པར་སྟོན། །ཞེས་གསུངས་པས་སོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ནི། །ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་ལ་བརྟེན་ནས་ཤེས་བྱ་ཐམས་ཅད་སོ་སོར་མ་འདྲེས་པར་སྒོམ་པ་རྒྱུའི་ཁྱད་པར་དང་། ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི་གཏེར་དང་འདྲ་བ་དང་། འཁོར་གྱི་དཀྱིལ་འཁོར་རྣམས་སུ་ཐེ་ཚོམ་གཅོད་ཅིང་ཆོས་ཀྱི་ཆར་འབེབས་པར་བྱེད་པ་བྱེད་ལས་ཀྱི་ཁྱད་པར་གཉིས་དང་ལྡན་པ་ཡིན་ཏེ། དེ་སྐད་དུ་ཡང་མདོ་སྡེའི་རྒྱན་ལས། སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་ཡང་། །འབྱོར་པ་ཐམས་ཅད་སྟོན་མཛད་ཅིང་། །ཐེ་ཚོམ་ཐམས་ཅད་གཅོད་པ་ཡི། །ཆོས་ཆེན་ཆར་ནི་རབ་ཏུ་འབེབས། །ཤེས་གསུངས་པས་སོ། །འདིའི་ཆ་ཤས་ནི་ལོངས་སྐུར་འགྱུར་ཞིང་། ཆ་རེ་སྤྲུལ་པའི་སྐུར་འགྱུར་བའི་གོ་སྐབས་ཀྱང་གསུངས་སོ། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ནི། རྒྱུའི་ཁྱད་པར་འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་སེམས་ཅན་གྱི་དོན་མཛད་པ་དང་། བྱེད་ལས་ཀྱི་ཁྱད་པར་དཔག་ཏུ་མེད་པའི་སྤྲུལ་པ་འཛིན་པའི་སྒོ་ནས་སངས་རྒྱས་ཀྱི་ཞིང་བསམ་གྱིས་མི་ཁྱབ་པར་སེམས་ཅན་གྱི་དོན་མཛད་པའི་ཡེ་ཤེས་ཡིན་ཏེ། དེ་ཉིད་ལས་བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང་། །དཔག་མེད་བསམ་ཡས་སྤྲུལ་པ་ཡི། །སེམས་ཅན་དོན་ཀུན་སྒྲུབ་བྱེད་དོ། །སངས་རྒྱས་སྤྲུལ་པ་དེ་རྟག་ཏུ། །མཛད་པ་སྒྲུབ་པའི་བྱེ་བྲག་དང་། །གྲངས་དང་ཞིང་གི་རྣམ་ཀུན་དུ། །བསམ་མི་ཁྱབ་པར་ཤེས་པར་བྱ། །ཞེས་གསུངས་པས་སོ། །དེ་ལྟར་ཡེ་ཤེས་བཞིའི་སྒྲ་དོན་ནི། ཡེ་ཤེས་ཐམས་ཅད་འཛིན་པར་བྱེད་པ་དང་། སེམས་མཉམ་པ་ཉིད་ཀྱི་ཕྱིར་དང་། གཞན་ལ་ཆོས་སྟོན་པའི་ཕྱིར་དང་། གཞན་གྱི་བྱ་བ་དཔག་ཏུ་མེད་པ་བསྒྲུབ་ནུས་པའི་ཕྱིར་ན་བཞིར་ངེས་པ་ཡིན་ཏེ། དེ་ཉིད་ལས། འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར། །ཡང་དག་ཆོས་རབ་སྟོན་ཕྱིར་དང་། །བྱ་བ་གྲུབ་པ་ཉིད་ཀྱི་ཕྱིར། །ཡེ་ཤེས་བཞི་པོ་ཡང་དག་འབྱུང་། །ཞེས་གསུངས་པས་སོ། །ཡེ་ཤེས་ལྔ་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་སྤྲོས་པ་ཐམས་ཅད་དང་བྲལ་བས་དག་པ་གཉིས་ལྡན་གྱི་ཆོས་དབྱིངས་ལ་བརྗོད་ལ། དེ་ཡང་། རིགས་དང་དོན་ཐ་དད་དུ་མེད་པ་དང་། འཁོར་འདས་ཐམས་ཅད་གཅིག་ཏུ་རྫོགས་པ་དང་། ཐོག་མ་དང་ཐ་མ་མེད་པའི་དབྱིངས་ཡིན་པ་དང་། གཅིག་པ་ཡང་མ་ཡིན་ཞིང་ཐ་དད་པ་ཡང་མ་ཡིན་པས། རྣམ་རྟོག་གི་མཚན་མ་ཐམས་ཅད་དང་བྲལ་བའི་ངོ་བོར་བཤད་དེ། དེ་ཉིད་ལས། ཐ་དད་རིགས་དོན་མེད་ཕྱིར་དང་། །རྫོགས་དང་ཐོག་མ་མེད་པའི་ཕྱིར། །སངས་རྒྱས་གཅིག་མིན་དྲི་མེད་གནས། །ཐ་དད་མེད་ཕྱིར་མང་པོའང་མིན། །ཞེས་གསུངས་པས་སོ། །འདིའི་དོན་ལ་སྔ་རབས་པ་དག །སངས་རྒྱས་གཅིག་ཡིན་ན། སེམས་ཅན་གྱི་རིགས་ཐ་དད་མེད་པ་དང་། ཐམས་ཅད་ཀྱིས་སངས་རྒྱས་ཆེད་དུ་འབད་པ་དོན་མེད་པ་དང་། རྫོགས་སངས་རྒྱས་ཀྱི་ཕྲིན་ལས་སེམས་ཅན་ལ་འཇུག་པ་དོན་མེད་པར་ཐལ་བའི་སྐྱོན་བརྗོད་ནས། རང་དོན་ཆོས་སྐུ་གཅིག་ཡིན་པས་མང་པོའང་མིན་པའི་དོན་དུ་འཆད་དོ། །སྐུ་དང་སྦྱར་ན། འདི་ངོ་བོ་ཉིད་ཀྱི་སྐུའམ། དག་པའི་སྐུར་འདོད་དགོས་སོ། །ཡེ་ཤེས་བཞི་པོ་དེ་དག་གི་ནང་ནས། མེ་ལོང་ཡེ་ཤེས་ཆོས་སྐུ་དང་། མཉམ་ཉིད་དང་སོར་རྟོག་གི་ཆ་ཅིག་ལོངས་སྐུ། སོར་རྟོག་གི་ཆ་ཅིག་དང་བྱ་གྲུབ་སྤྲུལ་སྐུ་ཡིན་ལ། དེ་དག་གི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེར་འགྱུར་ཚུལ། ཆོས་སྐུའི་གཞི་ནི་སྔར་བཤད་ཟིན་ལ། མ་དག་པའི་ལུས་ཀྱི་དགའ་བ་འགགས་ནས། འདུས་མ་བྱས་ཀྱི་དགའ་བ་ཐོབ་པ་ནི་སྤྲུལ་པའི་སྐུ་རྡོ་རྗེ་དང་། མ་དག་པའི་ངག་འགགས་ནས་འདུས་མ་བྱས་པའི་ངག་གི་དགའ་བ་ཐོབ་པ་ནི་སྤྲུལ་པའི་གསུང་རྡོ་རྗེ་དང་། འདུས་བྱས་ཀྱི་སེམས་འགགས་ནས་འདུས་མ་བྱས་ཀྱི་དགའ་བ་ཐོབ་པ་ནི་སྤྲུལ་པའི་ཐུགས་རྡོ་རྗེ་དང་། འདུས་བྱས་ཀྱི་ཡེ་ཤེས་འགགས་ནས་འདུས་མ་བྱས་ཀྱི་ཡེ་ཤེས་ཀྱི་དགའ་བ་ཐོབ་པ་ནི་སྤྲུལ་པའི་ཡེ་ཤེས་རྡོ་རྗེ་དང་། འདུས་བྱས་ཀྱི་ལུས་འགགས་ནས་འདུས་མ་བྱས་ཀྱི་མཆོག་དགའ་ཐོབ་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་རྡོ་རྗེ་དང་། དེ་བཞིན་དུ་འདུས་བྱས་ཀྱི་ངག་དང་སེམས་དང་ཡེ་ཤེས་འགགས་ནས་འདུས་མ་བྱས་ཀྱི་མཆོག་དགའ་གསུམ་ཐོབ་པ་ནི་ལོངས་སྤྱོད་རྫོགས་པའི་གསུང་དང་ཐུགས་དང་ཡེ་ཤེས་རྡོ་རྗེའོ། །འདུས་བྱས་ཀྱི་ལུས་ངག་སེམས་དང་ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་དགའ་བཞི་འགགས་ནས་འདུས་མ་བྱས་ཀྱི་ལྷན་ཅིག་སྐྱེས་དགའ་བཞི་ཐོབ་པ་ནི། ལྷན་ཅིག་སྐྱེས་པའི་སྐུའམ་ཡེ་ཤེས་ཀྱི་སྐུའི་རྡོ་རྗེ་བཞིའོ། །འདི་དག་ནི་ཇི་སྐད་དུ། སྤྱན་རས་གཟིགས་ཀྱི་འགྲེལ་པར། ད་ནི་སྐུ་བཞི་རྣམས་ཀྱི་རབ་ཏུ་དབྱེ་བ་བཅུ་དྲུག་གསུངས་པ་འདོད་པ་ཞེས་པ་ལ་སོགས་པ་སྟེ། འདིར་ཀུན་འབྱུང་གི་བདེན་པ་ལས་གང་ན་སྐུ་གཅིག་ཡོད་པ་དེ་ན་གཞན་གསུང་དང་ཐུགས་ལ་སོགས་པ་རྣམས་ཀྱང་ངོ་། །འདོད་པ་ཞེས་པ་ལུས་ཀྱི་དགའ་བ་འགགས་པ་ལས་སངས་རྒྱས་ཀྱི་སྤྲུལ་པའི་སྐུར་ངེས་པར་འགྱུར་རོ། །རྫོགས་པ་སྟེ། ངག་གི་དགའ་བ་ཟད་པ་གང་ཡིན་པ་དེ་ནི་སྤྲུལ་པ་དེའི་གསུང་ཉིད་དོ། །ཞེས་སོགས་རྒྱས་པར་གསུངས་པའི་དོན་ཡིན་ནོ། །གསུམ་པ་སྤང་གཉེན་འབྲས་བུ་དང་བཅས་པ་བཤད་པ་ལ། སྤང་བྱ་སྒྲིབ་པ་བཤད། སྤོང་བྱེད་གཉེན་པོ་བཤད། དེས་སྤངས་པའི་འབྲས་བུ་བཤད་པ་དང་གསུམ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། སྒྲིབ་པ་མཐོང་སྤང་སྒོམ་སྤང་སྟེ། །ཞེས་པའོ། །གཉིས་པ་ནི། ཐ་མལ་གྱི་ཤེས་པ་དེ་ལ་སྒྲིབ་པར་བྱེད་པའི་སྒྲིབ་པ་ནི་མཐོང་ལམ་གྱིས་སྤང་བར་བྱ་བ་གྲུབ་མཐའ་ངན་པས་སྒྲོ་བཏགས་པའི་རྟོག་པ་དང་། སྒོམ་ལམ་གྱིས་སྤང་བར་བྱ་བ་ལྷན་ཅིག་སྐྱེས་པའི་རྟོག་པ་གཉིས་ཏེ། སྤང་བྱའི་རིགས་ཐམས་ཅད་བསྡུ་ན་དེ་གཉིས་སུ་འདུས་པའི་ཕྱིར་ཞེས་པའོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། གཉེན་པོ་མོས་དང་བདག་མེད་དང་། །ཏིང་འཛིན་སྙིང་རྗེ་རྣམ་པ་བཞི། །དེས་སྦྱངས་སྤྲུལ་སྐུས་འགྲོ་དོན་མཛད། །ཅེས་པའོ། །གཉིས་པ་ནི། སྒྲིབ་པ་དེ་དག་གི་གཉེན་པོའི་གཙོ་བོ་ནི། ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང་། སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་ཤིང་ཆོས་ཐམས་ཅད་བདག་མེད་པར་རྟོགས་པའི་ཤེས་རབ་དང་། སེམས་ཅན་ཐམས་ཅད་ལ་དམིགས་པའི་བརྩེ་བ་སྙིང་རྗེ་ཆེན་པོ་དང་། ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་ཁྱད་པར་ཅན་རྣམས་ཡིན་ཞིང་། དེ་དག་གིས་ཁམས་ཀྱི་སྟེང་དུ་སྒྲིབ་པ་སྦྱངས་པ་ལ་བརྟེན་ནས་སྤྲུལ་སྐུ་མངོན་དུ་བྱེད་དེ། འགྲོ་བ་སེམས་ཅན་གྱི་དོན་མཛད་པ་ཡིན་པའི་ཕྱིར། །ཞེས་སོ། །འདི་དག་ནི་ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་བསྐྱེད་མ་དང་བསམ་གཏན་གྱི། །བདེ་བ་མངལ་གནས་སྙིང་རྗེའི་མ་མ་ཅན། །གང་ཡིན་དེ་དག་ཐུབ་པའི་རྗེས་སྐྱེས་སྲས། །ཤེས་པ་དང་། མདོ་སྡེའི་རྒྱན་ལས། ཆོས་ལ་མོས་པ་ས་བོན་དང་། །ཕ་རོལ་ཕྱིན་མཆོག་མ་ལས་བཅས་སྐྱེས། །བསམ་གཏན་ལས་བྱུང་བདེ་བའི་མངལ། །སྙིང་རྗེ་བསྐྱེད་པའི་མ་མའོ། །ཞེས་གསུངས་པས། མདོ་སྔགས་ཐམས་ཅད་ཀྱི་སྐབས་སུ། ཟག་མེད་ཀྱི་ཕུང་པོ་བསྐྱེད་པ་ལ་གཉེན་པོ་འདི་བཞི་པོ་གཙོ་ཆེ་བ་ཡིན་ནོ། །གསུམ་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཡིད་དང་རྨི་ལམ་གཅིག་པའི་ཕྱིར། །ལོངས་སྐུར་བརྗོད་དེ་འབྲས་བུ་ཡིན། །རྒྱས་པར་ཆོས་རྣམས་ཐམས་ཅད་དུ། །གསུངས་ཕྱིར་འདིར་ནི་བསྡུས་པ་ཡིན། །དེ་ཕྱིར་ཆོས་ཀྱི་ཕྱག་རྒྱ་བཅིང་། །ཞེས་པའོ། །གཉིས་པ་ནི། ཉོན་མོངས་པ་ཅན་གྱི་ཡིད་གཡོ་བ་ལ་བརྟེན་པའི་དྲུག་པ་ཡིད་དང་རྨི་ལམ་གཉིས་པོ་གཅིག་པའི་ཕྱིར། དྲུག་པ་ཡིད་ཀྱི་ཆ་ཤས་རྨི་ལམ་གྱི་གནས་སྐབས་ཀྱི་ཤེས་པ་ནི་ལོངས་སྐུར་བརྗོད་དེ། དེ་ཡང་རྨི་ལམ་དག་པའི་འབྲས་བུ་ཡིན་ནོ། །འདིའི་ཚུལ་རྒྱས་པར་རྨི་ལམ་གྱི་རྒྱུ་འབྲས་སྟོན་པའི་ཆོས་མདོ་རྒྱུད་ཐམས་ཅད་དུ་གསུངས་པའི་ཕྱིར་འདིར་ནི་མདོར་བསྡུས་པ་ཙམ་ཞིག་བསྟན་པ་ཡིན་ནོ། །རྒྱུ་མཚན་དེའི་ཕྱིར། གཟུགས་ལ་སོགས་པ་ཡུལ་སྣ་ཚོགས་ཀྱི་སྣང་བ་འཆར་བ་དེའི་ཚེ་ན། འདིའོ་སྙམ་དུ་རྣམ་པར་རྟོག་པས་གང་དུའང་མི་འཛིན་ཞིང་མི་རྟོག་པའི་ཚུལ་གྱིས་ཆོས་ཀྱི་ཕྱག་རྒྱ་བཅིང་དགོས་པ་ཡིན་ནོ། །གཉིས་ཀྱི་ཤེས་པ་ཡང་། དྲུག་པ་ཡིད་ཀྱི་ཤེས་པ་གཙོ་ཆེ་མོད། རེ་ཞིག་འཇུག་པ་ལ་སེམས་རང་དབང་མེད་པར་བསྡུས་ནས་ཀུན་གཞི་ལ་ཐིམ་པ་ཙམ་ལ་དགོངས་ཏེ། གཉིད་དག་པ་མེ་ལོང་ཡེ་ཤེས་སུ་བཤད་པ་ཡིན་ནོ། །ཆོས་ཀྱི་ཕྱག་རྒྱ་བཅིང་བའི་ཚུལ་ཡང་། །སློབ་དཔོན་དཔའ་བོ་རྡོ་རྗེའི་ཞལ་སྔ་ནས། །གཟུགས་ལ་སོགས་པའི་དངོས་པོ་རྣམས་ལ་དང་པོར་དགའ་བའོ། །དེ་ལ་རྟོག་པ་ནི་མཆོག་དགའ་འོ། །ཡིད་སྐྱོན་དགའ་བྲལ་དུ་འགྱུར་རོ། །དེའི་ཕྱིར་གསལ་ལ་མི་རྟོག་པའི་ཤེས་པ་ལྷན་ཅིག་སྐྱེས་པ་བསྒོམས་ཏེ། ཞེས་པ་དང་། ཡང་དེ་ཉིད་ཀྱིས། གང་གང་ལ་ནི་སེམས་བསྡུས་ནས། ནང་གི་བདག་ཉིད་གཡོ་མེད་པར། །གནས་པ་མིག་གི་གཟུགས་དག་གམ། །གནས་པ་རྣ་བའི་སྒྲ་དག་གམ། །གནས་པ་སྣ་ཡི་དྲི་དག་གམ། །གནས་པ་ལྕེ་ཡི་རོ་དག་གམ། །གནས་པ་ལུས་ཀྱི་རེག་དག་གམ། །གནས་པ་ཡིན་གྱི་ཆོས་རྣམས་ལ། །བདེ་ཆེན་ཤེས་ན་སྒོམ་པའི་མཆོག །ཅེས་རང་འགྲེལ་དུ་དྲངས་པ་ལྟ་བུའོ། །གསུམ་པ་དོན་བསྡུ་བ་ནི། གནས་སྐབས་བཞི་དང་འཁྲུལ་པ་དང་། །མ་འཁྲུལ་ཡེ་ཤེས་ལམ་རིམ་དང་། །ཕྱག་རྒྱ་བཞི་དང་སྐུ་བཞི་དང་། །འབྲེལ་བའི་རྟེན་དང་བརྟེན་པ་ཡིན། །ཞེས་པ་སྟེ། འདིའི་དོན་ཅུང་ཟད་བཤད་ན། དེ་ལྟར་བཤད་པའི་དོན་ཐམས་ཅད་ཀྱིས་གནས་སྐབས་བཞིའི་དག་མ་དག་གི་ངོ་བོ་དང་། འཁྲུལ་པ་དང་མ་འཁྲུལ་བའི་ཁྱད་པར་དང་། དག་ན་ཡེ་ཤེས་གང་དུ་འགྱུར་བ་དང་། དེ་ལ་སྒྲིབ་པ་སྦྱོང་བྱེད་ཀྱི་ལམ་གྱི་རིམ་པ་བཤད་པ་དང་། ཕྱག་རྒྱ་བཞི་སྒོམ་པའི་ཚུལ་དང་། སྐུ་བཞིར་འགྱུར་བའི་ཚུལ་དང་། དེ་དག་རྒྱུ་དང་འབྲས་བུར་འབྲེལ་བའི་རྟེན་དང་བརྟེན་པ་གང་ཡིན་པ་དེ་དག རིམ་པ་བཞིན་དུ་ལེགས་པར་བཤད་པ་ཡིན་ནོ། །གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་ལས་རྣམ་ཤེས་དང་ཡེ་ཤེས་གཞི་ལམ་འབྲས་བུའི་འབྲེལ་པ་བསྟན་པ་ཏེ་དྲུག་པའོ། །ཞེས་སོ། །གནས་སྐབས་བཞི་པོ་སོ་སོའི་ངོ་བོ་དང་། །དེ་ལ་སྒྲིབ་པ་སྦྱོང་བྱེད་ལམ་རིམ་དང་། །དག་པའི་འབྲས་བུ་སྐུ་དང་ཡེ་ཤེས་དང་། །ཚོགས་བརྒྱད་དག་པའི་འབྲས་བུ་ལེགས་པར་བཤད། །ཅེས་པ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པའི་བསྟན་བཅོས་ཀྱི་ཚིག་དོན་གསལ་བར་བྱེད་པའི་ལེགས་བཤད་ནོར་བུ་རིན་པོ་ཆེའི་ཕྲེང་བ་ལས། རྣམ་ཤེས་དང་ཡེ་ཤེས་གཞི་ལམ་འབྲས་བུ་འབྲེལ་བའི་ཚུལ་རྣམ་པར་བཤད་པ་སྟེ་དྲུག་པའོ།། ༈ །།ལེའུ་བདུན་པ་ཕྱི་སྣོད་ལ་སྦྱར་བའི་ཚུལ་བསྟན་པ་ལ། ལེའུ་བདུན་པ་བཤད་པའི་དགོས་པ་བསྟན་པ་དང་། ལེའུ་བདུན་པ་ཇི་ལྟར་བཤད་པའི་ཚུལ་གཉིས་ལས། དང་པོ་ནི། ལེའུ་དྲུག་པའི་འོག་ཏུ་བདུན་པ་སྣོད་ལ་སྦྱར་བ་བཤད་དགོས་པ་ཡིན་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན་ནང་རྡོ་རྗེའི་ལུས་ལ་ཚང་བའི་ཚུལ་མ་ཤེས་ན། ནང་རྡོ་རྗེའི་ལུས་དང་ཕྱི་འཇིག་རྟེན་གྱི་ཁམས་ཐ་དད་དུ་འཛིན་པས་བླ་ན་མེད་པའི་བྱང་ཆུབ་ཀྱི་གེགས་ཀྱི་གཙོ་བོར་འགྱུར་བའི་ཕྱིར། དེས་ན། ནང་ལུས་དང་ཕྱི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་རང་གི་སེམས་ཀྱི་སྣང་བ་ལ་ཤར་བ་ཡིན་ཀྱང་། སེམས་ཅན་རྣམས་ཀྱི་ཀུན་བཏགས་པའི་བསམ་པའི་དབང་གིས་ཐ་དད་པ་དུ་མར་སྣང་བ་ཡིན་ཏེ། ཕྱི་རོལ་པ་ཚངས་པ་བ་དག་གིས་འཇིག་རྟེན་གྱི་ཁམས་སྣ་ཚོགས་པ་དེ་ཚངས་པས་བྱས་པར་འདོད་པ་དང་། ཁྱབ་འཇུག་པ་རྣམས་ཀྱིས་ཁྱབ་འཇུག་གིས་བྱས་པར་འདོད་པ་དང་། དབང་ཕྱུག་པ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་འདི་དབང་ཕྱུག་གིས་བསྒྲུབས་པར་འདོད་པ་ཡིན་ཏེ། དེ་སྐད་དུ་ཡང་། དབང་ཕྱུག་པའི་གཞུང་ལས། བ་ནི་བ་བེལ་རྣམས་ཀྱི་རྒྱུ། །ཆུ་ཤེལ་གྱིས་ནི་ཆུ་བཞིན་དང་། །བླག་ཤ་ཡལ་ག་རྣམས་ཀྱི་ལྟར། །དེ་ནི་འགྲོ་བ་ཀུན་གྱི་རྒྱུ། །ཞེས་བཤད་པ་དང་། རང་སྡེ་ཉན་ཐོས་པ་རྣམས་ཀྱིས་ནི། སྣོད་ཀྱི་འཇིག་རྟེན་འདི་རྡུལ་ཕྲ་རབ་དུ་མ་འདུས་པ་ལས་གྲུབ་པར་འདོད་ཀྱང་། དེ་དག་ནི་ཐེག་པ་ཆེན་པོ་པ་བདག་གིས་ཐར་པའི་བྱང་ཆུབ་ཀྱི་རྒྱུར་དགག་པར་བྱ་བ་ཡིན་གྱི་སྒྲུབ་པར་བྱ་བ་ནི་མ་ཡིན་པས་འདིར་མ་སྤྲོས་ལ། དོན་དམ་པར་ནི་ཕྱི་རོལ་དུ་འཇིག་རྟེན་གྱི་ཁམས་གྲུབ་པ་མེད་དེ། དཔེར་ན་ཕུག་ཁྲུ་ལྔ་པའི་ནང་དུ་འདོད་ཆགས་དང་བྲལ་བའི་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་དང་། འཁོར་ལོ་བསྒྱུར་བའི་རྒྱལ་པོ་དཔུང་གི་ཚོགས་དང་བཅས་པ་རྣམས་འོངས་སུ་ཟིན་ཀྱང་། ཡེ་ཤེས་ཀྱི་སྟོབས་དང་བསོད་ནམས་ཀྱི་སྟོབས་ཀྱིས་ཕུག་པ་ཆེ་བར་ཡང་མི་སྣང་། དེ་དག་གི་སྤྱོད་ཡུལ་དོག་པར་ཡང་མི་སྣང་བར་འཕགས་པ་འཇིག་རྟེན་དབང་ཕྱུག་གིས་གསུངས་པ་དང་། མདོ་སྡེ་རྣམས་ལས་ཀྱང་། འཇིག་རྟེན་གྱི་ཁམས་འདིའི་མཐོང་ཚུལ་ཐ་དད་པ་དུ་མར་གསུངས་ཏེ། མདོ་ལ་ལར། འཇིག་རྟེན་གྱི་ཁམས་འདི་རྔ་བོ་ཆེའི་རྣམ་པ་ལྟ་བུ་ལ་སོགས་པ་དབྱིབས་སྣ་ཚོགས་དང་གནས་ཚུལ་སྣ་ཚོགས་སུ་གསུངས་ཤིང་། འཕགས་པ་མོའུ་འགལ་གྱི་བུས་འཇིག་རྟེན་གདགས་པར་གསུངས་པའི་དོན་སློབ་དཔོན་དབྱིག་གཉེན་གྱིས་མངོན་པའི་མཛོད་དུ་བསྡུས་པ་དང་། རྟ་མགྲིན་གནམ་ས་བཀོད་པའི་མདོ་ལས་གསུངས་པ་རྣམས་དབྱིབས་ཐ་དད་དུ་བཤད་པ་རྣམས་ལ། གང་ལ་ཡིད་ཆེས་ནས་གང་ཞིག་དགག་པར་ནུས་ཏེ། ལོག་རྟོག་ཅན་ཁ་ཅིག་གི་བསམ་པ་ལ། དུས་ཀྱི་འཁོར་ལོར་གསུངས་པའི་འཇིག་རྟེན་གྱི་ཁམས་ཀྱི་གནས་ཚུལ་དང་། མངོན་པ་མཛོད་ལས་གསུངས་པའི་འཇིག་རྟེན་གྱི་ཁམས་ཀྱི་གནས་ཚུལ་མི་མཐུན་པས། རྒྱུ་མཚན་དེའི་ཕྱིར་དུས་འཁོར་འདི་ཆོས་མ་ཡིན་པར་སྒྲོག་སྟེ། ཇི་སྐད་དུ་གཞོན་ནུ་བློ་གྲོས་ཀྱིས། གླིང་བཞི་རི་རབ་སོགས་ཀྱི་དབྱིབས་དང་ཚད། །རྒྱ་ཆེན་མངོན་པའི་གཞུང་དང་འགལ་བར་མཐོང་། །འཇིག་རྟེན་ཡུངས་འབྲུར་འཛུད་སོགས་དཔེར་མི་རུང་། །ཞེས་བརྗོད་ཀྱང་། དེ་དག་ནི་རང་གི་བློའི་ཉེས་པ་ཁོ་ནར་ཟད་དེ། བཅོམ་ལྡན་འདས་ཀྱིས་སེམས་ཅན་རྣམས་ཀྱི་བློའི་མོས་པ་ལ་བརྟེན་ནས། དེ་དང་མཐུན་པར་ཆོས་ཀྱི་འཁོར་ལོ་གསུངས་པ་ཡིན་པས། འཇིག་རྟེན་གྱི་ཁམས་འདི་ཡང་སེམས་ཅན་དེ་དང་དེའི་སྣང་ཚུལ་དང་ཁམས་དང་བག་ལ་ཉལ་ལ་བརྟེན་ནས། མངོན་པ་ལས་གསུངས་པའི་འཇིག་རྟེན་གྱི་ཁམས་དང་དུས་འཁོར་ལས་གསུངས་པ་ཚད་དང་དབྱིབས་ཐ་དད་དུ་གསུངས་པའི་ཕྱིར། དེ་ལྟར་ཐ་དད་པ་ཙམ་གྱིས་འགལ་ན། མདོ་ལ་ལར་ཡང་ཚད་དང་དབྱིབས་ཐ་དད་དུ་གསུངས་པ་ནི་ཤིན་ཏུ་མང་བས། དེ་དག་ཀྱང་དགག་པར་ནུས་སམ། མངོན་པའི་མདོ་སྟོང་ཕྲག་བརྒྱ་པ་ལས། ཟླ་བའི་དབྱིབས་སྒོང་ང་ལྟ་བུར་གསུངས་པ་དང་། འཇིག་རྟེན་གདགས་པར་ཁ་ཁྱེར་དང་བཅས་པའི་གྲིབ་མ་ཅན་དུ་གསུངས་པ་རྣམས་འགལ་བར་སྒྲོག་ན་ནི། ལོག་པར་རྟོག་པས་བཏགས་པའི་རྣམ་གྲངས་ལ་རྩད་བཅད་པ་ནི་སུ་ཞིག་གིས་ལང་། འཇིག་རྟེན་ཡུངས་འབྲུར་འཛུད་པ་སོགས་མཐུ་ལྡན་རྣམས་ཀྱི་སྤྱོད་ཡུལ་དུའང་མ་བཀག་ཅིང་། རིགས་དྲུག་གི་སེམས་ཅན་རྣམས་ཀྱང་ཆུའི་དངོས་པོ་གཅིག་ཉིད་ལ་མཐོང་ཚུལ་ཐ་དད་དུ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དེ་སྐད་དུ་ཡང་ཐེག་པ་ཆེན་པོ་བསྡུས་པ་ལས། ཡི་དྭགས་དུད་འགྲོ་མི་རྣམས་དང་། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་གསུངས་པ་ལའང་ཅུང་ཟད་མ་བརྟགས་པའི་སྐྱོན་ཡིན་ནོ། །ཡང་དེ་ཉིད་ཀྱིས། སེམས་ཅན་བསམ་པའི་དབང་གིས་མི་འགལ་ན། །ཚངས་པའི་ཡུལ་ལ་དཔག་ཚད་བྱེ་བའི་ཁྱོན། །ཡོད་པར་འདོད་པའི་འཇིག་རྟེན་ཅིའི་ཕྱིར་འགོག །ཅེས་བརྗོད་པའང་ཤིན་ཏུ་མི་རིགས་ཏེ། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཁམས་སྣ་ཚོགས་གསུངས་པ་ནི་གདུལ་བྱའི་ཁམས་དང་བག་ལ་ཉལ་མ་ལུས་པར་མཁྱེན་ནས་གསུངས་པ་ཡིན་ལ། ཚངས་པ་ལ་སོགས་པ་རྣམས་ཀྱིས་ནི་རང་ཉིད་ཀྱི་གནས་ཚུལ་ཀྱང་མི་ཤེས་ན། གཞན་ལྟ་ཅི་སྨོས། དེ་ཉིད་ཀྱི་ངོར་བདེན་པ་ཙམ་ལ་འདོད་ན་ནི་སྐྲ་ཤད་འཛག་སྣང་གི་དབང་ཤེས་ཀྱིས་སྐྱོན་མེད་ཀྱི་དབང་པོ་སུན་འབྱིན་པ་དང་། མ་རིག་པའི་བསླད་པ་ཞུགས་པའི་ཤེས་པས་ཡེ་ཤེས་སུན་འབྱིན་པར་ཧ་ཅང་ཐལ་བའི་ཕྱིར་རོ། །གལ་ལྟེ་ཁྱོད་ཀྱིས། དུས་ཀྱི་འཁོར་ལོའི་ཐ་སྙད་ཙམ་ཡང་དགག་པར་འདོད་ན་ཤིན་དུ་ནས་ཀྱང་ཐ་ཆད་པར་འགྱུར་ཏེ། བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་མཁས་ཤིང་གྲུབ་པ་ཐོབ་པའི་སྐྱེས་མཆོག་དུ་མ་ལ་ཚད་མར་མཆོག་ཏུ་གྲུབ་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། རྡོ་རྗེ་དེ་ནི་རྡོ་རྗེ་སེམས། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང་། །ཧེ་རུ་ཀ་དང་དུས་འཁོར་ལོ། །དང་པོའི་སངས་རྒྱས་ཐུབ་པ་ཆེ། །ཞེས་གསུངས་པའི་ཕྱིར། དེས་ན། དུས་ཀྱི་འཁོར་ལོའི་འཇིག་རྟེན་གྱི་ཁམས་ཀྱི་རྣམ་བཞག་འདི་འཐད་པར་གྲུབ་ཅིང་། དེ་ཉིད་ཕྱི་རོལ་དུ་ཇི་ལྟར་གྲུབ་པ་བཞིན་དུ་རྣལ་འབྱོར་པའི་ལུས་ལའང་གནས་པར་འདོད་དགོས་པ་ཡིན་ཏེ། དེ་སྐད་དུ་ཡང་བསྡུས་རྒྱུད་ལས། འཁོར་ལོ་ཅན་ནི་རང་གི་ལུས་ལ་རྡོ་རྗེ་ཅན་ཏེ་ལྷ་མཆོག་བདག་རྣམས་ཡན་ལག་བཅུ་གཉིས་འགོག །རིགས་ལྡན་དག་ནི་ཡང་དག་ཡེ་ཤེས་གླང་པོ་རྟ་དང་ཤིང་རྟ་མངག་གཞུག་འཕགས་པའི་ཚད་དེ་རྣམས། །དྲག་པོ་རང་རྒྱལ་མིང་ཅན་དུ་འགྱུར་ཧཱ་ནུ་མ་ནི་ཉན་ཐོས་དག་སྟེ་གདུག་པ་ཀླ་ཀློའི་དབང་། །སྲོག་ཆགས་རྣམས་ཀྱི་སྡིག་པ་དག་སྟེ་གང་ཞིག་བྱེད་པའི་བློ་གྲོས་སྡུག་བསྔལ་སྦྱིན་བྱེད་མི་དགེའི་ལམ། །ཞེས་གསུངས་པའི་ཕྱིར་དང་། ཡང་དེ་ཉིད་ལས། ས་ཡིས་སྲ་ལ་ཆུ་ཡིས་གཤེར་ཞིང་མེ་ཡིས་དྲོ་བར་འགྱུར་ཏེ་རླུང་གིས་ཀྱང་ནི་ཡང་བ་ཉིད། །བུ་ག་སྟོང་བ་བརྟན་པ་རུས་པ་ཉིད་དམ་ལྷ་ཡི་རིགས་མཆོག་འདིར་ནི་ཆར་པ་བདུད་རྩིར་འགྱུར། །ཞེས་གསུངས་པ་ལ་སོགས་པ་རྣམས་ཀྱི་དོན་ནི། རྣལ་འབྱོར་པའི་ལུས་ལས་གཞན་དུ་ཕྱི་འཇིག་རྟེན་གྱི་ཁམས་མ་གྲུབ་ཅིང་སྲིད་པ་གསུམ་དང་འཇིག་རྟེན་གྱི་ཁམས་ཐམས་ཅད་རྣལ་འབྱོར་པའི་ལུས་ལ་ཚང་བར་བསྟན་པའི་ཕྱིར་དང་། ལུས་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲོ་བ་དང་བསྡུ་བ་ལ་དབང་འབྱོར་བར་བྱ་བའི་དོན་དང་། ཕྱི་འཇིག་རྟེན་གྱི་ཁམས་དང་ནང་རྡོ་རྗེའི་ལུས་དང་གཞན་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་གཅིག་ཏུ་གོ་བར་བྱ་བའི་ཕྱིར་དུ། རྣལ་འབྱོར་བའི་ལུས་ལ་སྲིད་གསུམ་མཐའ་དག་ཚང་བར་བསྟན་པ་ནི་དགོས་པ་ཡིན་པས་སོ། །གཉིས་པ་ལེའུ་བདུན་པ་ཇི་ལྟར་བཤད་པའི་ཚུལ་ལ། དངོས་དང་། ལེའུའི་མཚན་བསྟན་པ་གཉིས། དང་པོ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བ་དང་གསུམ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ནས་ཇི་ལྟར་ནང་གི་ལུས། །ཕྱི་རོལ་ཇི་བཞིན་གནས་པ་ནི། །ཁམས་གསུམ་ནང་གི་བདག་ཉིད་དེ། །ཞེས་པའོ། །གཉིས་པ་ནི། རྣམ་ཤེས་དང་ཡེ་ཤེས་གཞི་ལམ་འབྲས་བུ་འབྲེལ་བ་བཤད་པའི་རྗེས་དེ་ནས། དུས་འཁོར་ལས་གསུངས་པ་ཇི་ལྟ་བར་ནང་རྡོ་རྗེའི་ལུས་ལ་ཡང་། ཕྱི་རོལ་འཇིག་རྟེན་གྱི་ཁམས་ཀྱི་གནས་ལུགས་ཇི་ལྟར་བཤད་པ་བཞིན་གླིང་བཞི་རི་རབ་ལ་སོགས་པ་གནས་པ་ནི། ཁམས་གསུམ་པོ་ཐམས་ཅད་ན་རྡོ་རྗེའི་ལུས་ཀྱི་བདག་ཉིད་ཡིན་པ་དེའི་ཕྱིར། ལུས་ལས་ཐ་དད་པའི་འཇིག་རྟེན་གྱི་ཁམས་གཞན་དུ་མ་གྲུབ་བོ་ཞེས་པའི་དོན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ། སྲིད་པ་སུམ་ཅུ་སོ་གཅིག་དང་སྦྱར་ཏེ་བཤད། འབྱུང་བ་རིམ་བརྩེགས་དང་སྦྱར་ཏེ་བཤད། རི་རྣམས་དང་སྦྱར་ཏེ་བཤད། གླིང་རྣམས་དང་སྦྱར་ཏེ་བཤད། འབྱུང་བ་ལྔ་དང་སྦྱར་ཏེ་བཤད། མཚོ་བདུན་དང་སྦྱར་ཏེ་བཤད། གཟའ་ལ་སོགས་པ་རྣམས་དང་སྦྱར་ཏེ་བཤད། མེ་གསུམ་དང་སྦྱར་ཏེ་བཤད། སྐྱེ་གནས་བཞི་དང་སྦྱར་ཏེ་བཤད། བདུད་རྩིའི་ཆར་དང་སྦྱར་ཏེ་བཤད། ཐུན་དང་དུས་སྦྱོར་དང་སྦྱར་ཏེ་བཤད། ནང་གི་རྟེན་འབྲེལ་ལ་བརྟེན་ནས་ཟླ་ཉི་སྒྲ་གཅན་རྟོགས་པའི་ཚུལ་དང་བཅུ་གཉིས་ལས། དང་པོ་ལ། གནས་གཞན་ཉི་ཤུ་དང་སྦྱར་ཏེ་བཤད་པ་དང་། འདོད་པ་བཅུ་གཅིག་དང་སྦྱར་ཏེ་བཤད་པ་གཉིས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། སྤྱི་བོ་ནས་ནི་སོར་བཞི་པོ། །གཟུགས་མེད་གནས་ཏེ་དེ་འོག་ཏུ། །སོར་ནི་བཅུ་དྲུག་གཟུགས་ཁམས་ཉིད། །ཅེས་པའོ། །གཉིས་པ་ནི། རྡོ་རྗེའི་ལུས་ལ་གྲུ་བཞི་དང་། ཕྱི་འཇིག་རྟེན་གྱི་ཁམས་ལ་འབུམ་ཕྲག་བཞིར་བྱས་པ་ལ། ཕྱིའི་འབུམ་ཕྲག་རེ་དང་། ནང་གི་ཁྲུ་རེ་མཐུན་པར་དག་པ་སྦྱར་བ་སྟེ། ནང་དུ་ཁྲུ་རེ་རེ་ལ་སོར་ཉི་ཤུ་རྩ་བཞི་རེ་ཡོད་ཅིང་། དེའང་། ལུས་ཀྱི་ལྟེ་བ་ཡན་ཆད་ཀྱི་ཁྲུ་དོ་ལ་ནི་མི་དང་ལྷ་རྣམས་གནས་པ་ཡིན་ལ། དེ་མན་ཆད་ལ་ནི་ལྷ་མ་ཡིན་དང་ཀླུ་དང་ཡི་དྭགས་དང་དམྱལ་བ་རྣམས་གནས་པ་ཡིན་པས་ཕྱིར་རི་རབ་དང་། ནང་ལུས་ཀྱི་སྤྱི་བོ་ནས་སོར་བཞི་ན་གཟུགས་མེད་པའི་ཁམས་བཞིའོ། །དེ་ཡང་གླད་པའི་སྟེང་དུ་ཐོད་པ་ལ་མ་རེག་པའི་སྟོང་པའི་ཆ་བཞི་ལ་བྱེད་དོ། །སྤྱི་བོ་དེའི་འོག་ནས་རི་རབ་དང་། ལུས་ཀྱི་གདོང་གི་ཆ་སོར་བཅུ་དྲུག་ནི་གཟུགས་ཀྱི་ཁམས་གནས་རིས་བཅུ་དྲུག་གོ །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་འོག་འདོད་ལྷ་མིར་བཅས་པ། །ལྟེ་བ་ནས་ནི་རྐང་མཐིལ་བར། །ལྷ་མིན་ཀླུ་དང་ཡི་དྭགས་དང་། །དམྱལ་བ་བརྒྱད་ཀྱི་གནས་རིམ་གསུངས། །ཤེས་པའོ། །གཉིས་པ་ནི། དེའི་འོག་ནས་མགྲིན་པའི་བར་དུ་སོར་བཞི་ནི་འདོད་པའི་ལྷ་རིགས་དྲུག་གི་གནས་དང་། དེའི་འོག་ཏུ་ལྟེ་བའི་བར་དུ་བྲང་གི་ཆ་ཐམས་ཅད་ནི་མི་ཐམས་ཅད་ཀྱི་གནས་ཡིན་ནོ། །ལྟེ་བ་ནས་སུམ་མདོའི་བར་དུ་ནི་ཕྱི་རོལ་དུ་སའི་དཀྱིལ་འཁོར་མཚོན་ཏེ། དཔག་ཚད་འབུམ་ཕྲག་ཕྱེད་ཡིན་པ་ལས་ཕྱེད་གོང་མ་ནི་ལྷ་མ་ཡིན་དང་ཀླུའི་གནས་དང་། ཡི་དྭགས་ནི་ཅི་རིགས་པར་གནས་ལ། ཕྱེད་འོག་མ་ནི་གསེག་མ་ཆུའི་དམྱལ་བ་གནས་ཤིང་། འདི་ནི་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔར་བཤད་དོ། །བརླ་ནི་ཆུའི་དཀྱིལ་འཁོར་སྟེ། །བྱེ་མ་ཆུའི་དམྱལ་བ་དང་། །འདམ་གྱི་ཆུའི་དམྱལ་བའོ། །རྗེ་ངར་ནི་མེ་སྟེ་མི་ཟད་པ་དུ་བའི་དམྱལ་བ་དང་། མེའི་དམྱལ་བ་གཉིས་གནས་སོ། །དེ་མན་ཆད་ནི་རླུང་གི་དཀྱིལ་འཁོར་ཏེ། དྲག་པོའི་རླུང་ཆེན་པོའམ་མུན་པའི་དམྱལ་བ་དང་། ངུ་འབོད་མུན་པ་ཆེན་པོའི་དམྱལ་བ་གཉིས་གནས་སོ། །རྐང་མཐིལ་དུ་ནི་བརྒྱད་པ་རྡོ་རྗེའི་དམྱལ་བའི་གནས་རྣམས་རིམ་པ་བཞིན་དུ་གསུངས་པ་ཡིན་ནོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། རྐང་ལག་ཚིགས་གསུམ་རིམ་པ་ལྟར། །རླུང་མེ་ཆུ་ཡི་དཀྱིལ་འཁོར་ཡིན། །བྲང་ནི་ས་སྟེ། ཞེས་པའོ། །གཉིས་པ་ནི། རྐང་པའི་ཚིགས། དཔྱི་དང་པུས་མོ་དང་ལོང་བུའི་ཚིགས་གསུམ། ལག་པའི་ཕྲག་པ་དང་གྲུ་མོ་དང་འཁྲིག་མའི་ཚིགས་གསུམ་རྣམས། ཕྱོགས་ཐམས་ཅད་དུ་འཁོར་བའི་ཕྱི་ནས་རིམ་པ་ལྟར། རླུང་གི་དཀྱིལ་འཁོར་གྱི་རྒྱར་འབུམ་ཕྲག་བཞི། མེའི་དཀྱིལ་འཁོར་ལ་གསུམ། ཆུ་ལ་གཉིས། ས་ལ་གཅིག་ཡོད་པའི་འབྱུང་བ་བཞིའི་དཀྱིལ་འཁོར་རྣམས་ཡིན་ནོ། །བྲང་ནི་འབུམ་ཕྲག་ཅིག་ཡོད་པའི་སའི་དཀྱིལ་འཁོར་ཡིན་ནོ། །གསུམ་པ་རི་རྣམས་བསྟན་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། སྒལ་ཚིགས་ནི། རི་རབ་དེ་བཞིན་རི་བདུན་ནི། །བརླ་དང་རྗེ་ངར་དེ་འོག་རུས། །དཔུང་པ་ལག་ངར་ལག་པ་དང་། །སེན་མོའི་བར་དུ་རིམ་པ་ལྟར། །སྔོན་པོ་མནྡྷ་ར་མཚན་མོ། །ནོར་བུའི་འོད་དང་བྲེ་བོ་དང་། །ཁ་བ་ཅན་དང་རྡོ་རྗེའི་རི། །ཞེས་པའོ། །གཉིས་པ་ནི། སྒལ་ཚིགས་ནི་རིའི་རྒྱལ་པོ་རི་རབ་བོ། །ཞེས་པ་སྟེ། དེའང་ནང་དུ་ལྟག་ཚིགས་པ་ནས་རྐུབ་ཆུང་བའི་བར་ནི། རིའི་རྒྱལ་པོ་རི་རབ་ཀྱི་གདོང་པ་དང་མགྲིན་པ་མ་གཏོགས་པའི་ལུས་དངོས་གཞིའོ། །ཞེས་པའི་དོན་ནོ། །དེའི་འཁོར་ཡུག་གི་རི་ཆེན་པོ་བདུན་ནི་ནང་ནས་རིམ་པ་བཞིན་དུ། བརླའི་རུས་པ་ནི་མདོག་སྔོན་ཅན་གྱི་རིའོ། །རྗེ་ངར་གྱི་རུས་པ་ནི་མནྡྷ་རའོ། །བོལ་གོང་གི་རུས་པ་ནི་མཚན་མོའི་རིའོ། །དཔུང་པའི་རུས་པ་ནི་ནོར་བུའི་འོད་དོ། །ལག་ངར་གྱི་རུས་པ་ནི་བྲེ་བོའི་རིའོ། །ལག་མགོའི་རུས་པ་ནི་ཁ་བ་ཅན་ནོ། །སེན་མོ་རྣམས་ནི་རྡོ་རྗེའི་རི་སྟེ་འཁོར་ཡུག་གི་རི་ཡིན་ནོ། །འདི་ནི་ཕྱི་རོལ་གྱི་རྟ་གདོང་གི་མེ་འམ། རྒོད་མ་ཁའི་མེའི་དཀྱིལ་འཁོར་གྱི་ལྷག་མ་མཚོན་པ་ཡིན་ནོ། །དེ་ནི་ཕྱི་རོལ་རྡོ་སོལ་གྱི་རི་དང་ཆུ་འཕྲོད་པ་ཡིན་པར་གྲགས་སོ། །བཞི་པ་གླིང་རྣམས་བཤད་པ་ལ། ནང་གི་གླིང་དྲུག་དང་སྦྱར་ཏེ་བཤད་པ་དང་། ཕྱི་རོལ་གྱི་གླིང་བཅུ་གཉིས་དང་སྦྱར་ཏེ་བཤད་པ་གཉིས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། གླིང་དྲུག་ནང་ན་བད་ཀན་དང་། །རྒྱུ་མ་ཚིལ་སྙིང་མཆིན་པ་ཤ། །ཟླ་བ་དཀར་པོ་ཀུ་ཤ་དང་། །མིའམ་ཅི་དང་ཁྲུང་ཁྲུང་གླིང་། །དྲག་པོའི་གླིང་རྣམས་རིམ་པ་སྟེ། །ཞེས་པའོ། །གཉིས་པ་ནི། ནང་གི་གླིང་དྲུག་ནི། འཁོར་ཡུག་གི་རི་རྣམས་ཀྱི་རྩ་བར་རིམ་པ་བཞིན་དུ་གནས་ཏེ། དེ་ནང་ལ་སྦྱར་ན། ལུས་ཀྱི་བད་ཀན་གྱི་ཁམས་ནི་ཟླ་བའི་གླིང་ངོ་། །རྒྱུ་མ་ནི་དཀར་པོའི་གླིང་ངོ་། །ཚིལ་ནི་ཀུ་ཤའི་གླིང་ངོ་། །སྙིང་ནི་མི་འམ་ཅིའི་གླིང་ངོ་། །མཆིན་པ་ནི་ཁྲུང་ཁྲུང་གི་གླིང་ངོ་། །ཤ་ནི་དྲག་པོའི་གླིང་སྟེ། དེ་དག་ནི་ནང་གི་གླིང་དྲུག་གོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། རྐང་ལག་དུམ་བུ་བཅུ་གཉིས་ནི། །འཛམ་བུའི་གླིང་སོགས་གླིང་ཕྲན་བཅས། །ཤེས་སོ། །གཉིས་པ་ནི། དེ་ལ་ལག་པ་གཡས་པའི་དུམ་བུ་གསུམ་ནི་ལུས་འཕགས་ཀྱི་གླིང་ངོ་། །དེ་བཞིན་དུ། གཡོན་པའི་དུམ་བུ་གསུམ་ནི་འཛམ་བུའི་གླིང་ངོ་། །རྐང་པ་གཡོན་པའི་དུམ་བུ་གསུམ་ནི་བ་གླང་སྤྱོད་ཀྱི་གསུམ་མོ། །གཡས་པའི་དུམ་བུ་གསུམ་ནི་བྱང་སྒྲ་མི་སྙན་གྱི་གསུམ་མོ། །དེས་ན། གོང་དུ་རི་དྲུག་པོའི་སྐབས་སུ་བཤད་པའི་བརླ་དང་དཔུང་པ་ལ་སོགས་པ་རྣམས་ནི་རུས་པའི་ཆ་ཡིན་ལ། འདིར་བཤད་པ་རྣམས་ནི་ཤའི་ཁམ་ཚད་ཀྱི་ཆ་ཡིན་པར་ཤེས་ན་གོ་བདེ་བར་འགྱུར་རོ། །ལྔ་པ་འབྱུང་བ་ལྔ་ལ་སྦྱར་ཏེ་བཤད་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། སྲ་བ་རླན་དང་དྲོད་དང་དབུགས། ཁམས་བཞི་བུ་ག་ནམ་མཁའ་ཡིན། །ཞེས་པའོ། །གཉིས་པ་ནི། དེ་ལ་ལུས་ཀྱི་སྲ་བའི་ཆ་རྣམས་ནི་ས་དང་རླན་པ་ནི་ཆུ་དང་དྲོད་རྣམས་ནི་མེ་དང་དབུགས་འབྱུང་བ་དང་འཇུག་པ་རྣམས་ནི་རླུང་སྟེ་ཁམས་བཞི་པོ་རྣམས་ཡིན་ལ། ལུས་ཀྱི་མིག་རྣ་བ་སྣ་དང་ཁ་དང་འོག་སྒོའི་བུ་ག་རྣམས་ནི་ནམ་མཁའི་ཁམས་སུ་བསྡུས་པ་ཡིན་ཏེ། ཞེས་པའོ། །དྲུག་པ་མཚོ་བདུན་དང་སྦྱར་བ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཁུ་བ་ཞག་དང་གླད་པ་དང་། །བད་ཀན་འོ་མ་མཆིལ་མ་རྡུལ། །དྲི་ཆུ་ནང་གི་རྒྱ་མཚོ་བདུན། །སྦྲང་རྩི་མར་ཞོ་འོ་མ་ཆུ། །ཆང་དང་བ་ཚྭའི་རང་བཞིན་ནོ། །ཞེས་པའོ། །གཉིས་པ་ནི། གླིང་རྣམས་ཀྱི་ནང་དུ་རིམ་པ་བཞིན་དུ་གནས་པ་ལས་ནང་དུ་སྦྲང་རྩིའི་རྒྱ་མཚོ་ནི་ཁུ་བའོ། །མར་གྱི་རྒྱ་མཚོ་ནི་ཞག་གོ །ཞོའི་རྒྱ་མཚོ་ནི་མགོའི་གླད་པའོ། །འོ་མའི་རྒྱ་མཚོ་ནི་བུད་མེད་རྣམས་ཀྱི་འོ་མ་དང་སྐྱེས་པ་རྣམས་ཀྱི་བད་ཀན་གྱི་ཁམས་སོ། །ཆུའི་རྒྱ་མཚོ་ནི་མཆིལ་མའོ། །ཆང་གི་རྒྱ་མཚོ་ནི་རྡུལ་ལོ། །ཕྱི་རོལ་དུ་བ་ཚྭའི་རྒྱ་མཚོ་ནི་ནང་དུ་གཅིན་ནོ། །འདིར། གཞན་རྣམས་ནི་གླིང་རྣམས་ཀྱི་ནང་དུ་ཡིན་ཀྱང་། བ་ཚྭའི་རྒྱ་མཚོ་ནི་འཛམ་གླིང་ཆེན་པོའི་ཕྱི་རོལ་དུ་འདོད་དགོས་ཏེ། ཆུའི་དཀྱིལ་འཁོར་དང་དོན་གཅིག་པའི་ཕྱིར་རོ། །བདུན་པ་གཟའ་ལ་སོགས་པ་ལ་སྦྱར་ཏེ་བཤད་པ་ལ། གཟའ་དང་། རྒྱུ་སྐར་དང་། སྤྲིན་དང་། ཉེ་བའི་གཟའ་དང་སྦྱར་བ་བཞི་ལས། དང་པོ་ནི། དབང་པོ་གཟའ་དགུའི་རང་བཞིན་ཏེ། །ཞེས་པ་ནི། ནང་དུ་མིག་ལ་སོགས་པའི་དབང་པོ་རྣམས་ནི། ཕྱི་རོལ་དུ་གཟའ་དགུའི་རང་བཞིན་ཏེ། དེ་ཡང་སྣ་བུག་གཉིས་ནི། རླུང་གི་གཟའ་ཉི་མ་དང་ཟླ་བའོ། །མིག་གཉིས་ནི་མེའི་གཟའ་ལྷག་པ་དང་བཀྲ་ཤིས་སོ། །ཁ་དང་དྲི་ཆུའི་སྒོ་གཉིས་ནི་ཆུའི་གཟའ་པ་བ་སངས་དང་ཕུར་བུའོ། །དྲི་ཆེན་དང་སྤྱི་གཙུག་གི་བུ་ག་གཉིས་ནི། སའི་གཟའ་སྤེན་པ་དང་མཇུག་རིངས་སོ། །རྣ་བའི་བུ་ག་གཉིས་ནི་ནམ་མཁའི་གཟའ་སྒྲ་གཅན་དང་དུས་མེའོ། །འགའ་ཞིག་ཏུ་གཟའ་བཅུར་བཤད་པས། །འདིར་དགུའི་རང་བཞིན་དུ་བཤད་པས་མི་འཐད་ཅེ་ན། འགལ་བ་མེད་དེ། སྒྲ་གཅན་དང་དུས་མེ་གཉིས་པོ་གཟའ་གཅིག་གི་རང་བཞིན་དུ་འདུས་པའི་ཕྱིར་ཏེ། སྒྲ་གཅན་མགོ་དང་དུས་མེ་ནི་འཇུག་མ་ལ་མིང་བཏགས་པས་སོ། །གཞན་ཡང་སྙིང་གའི་རྩ་བཅུ་ལ་གཟའ་བཅུའི་རང་བཞིན་དུ་བཤད་པ་ཡང་ཡོད་པས་འགལ་བ་ཉིད་དུ་སེམས་པར་མི་བྱའོ། །གཉིས་པ་ནི། སོ་ནི་རྒྱུ་སྐར་རྩ་ཆུའོ། །ཞེས་པ་སྟེ། ནང་དུ་སོ་རྣམས་ནི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་རང་བཞིན་ནོ། །ཕྱིའི་ཆུ་བོ་རྣམས་ནི་ནང་དུ་རྩ་ཐམས་ཅད་དུ་ཁམས་འབབ་པའོ། །གསུམ་པ་ནི། རྒྱུ་མ་སྤྲིན་དང་ནང་གི་རླུང་། །ཞེས་པ་སྟེ། འདིའི་དོན་ཡང་། ཕྱི་རོལ་གྱི་སྤྲིན་ནི་ནང་དུ་རྒྱུ་མ་ཡིན་ལ། ཆོས་མཐུན་པའི་རྒྱུ་མཚན་ནི་ཕྱི་རོལ་དུ་སྤྲིན་གྱིས་ཆུ་འཛིན་པ་ལྟར། ནང་དུ་རྒྱུ་མས་རོ་འཛིན་ཅིང་འཛག་པའི་ཕྱིར། ཕྱིའི་རླུང་གི་དཀྱིལ་འཁོར་ནི་ནང་དུ་ལུས་ལ་གནས་པའི་རླུང་རྣམས་སོ། །བཞི་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། སྙིང་གའི་སྒྲ་ནི་ཐོག་ཡིན་ཏེ། །ལྟོ་བའི་སྒྲ་ནི་འབྲུག་ཏུ་གསུངས། །ཤེས་པའོ། །གཉིས་པ་ནི། ཕྱི་རོལ་དུ་ཉེ་བའི་གཟའ་ཐོག་ནི་ནང་དུ་སྙིང་ག་ལས་བྱུང་བའི་སྒྲའོ། །ནང་དུ་ལྟོ་བའི་སྒྲ་ནི་ཕྱི་རོལ་དུ་ཉེ་བའི་གཟའ་འབྲུག་གོ །བརྒྱད་པ་མེ་གསུམ་བཤད་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། སྙིང་ག་མགྲིན་པ་ལྟེ་བ་ན། །གློག་དང་ཉི་དྲོད་བསྲེག་བྱེད་མེ། །ཞེས་པའོ། །གཉིས་པ་ནི། སྙིང་གར་ནི་གློག་གི་མེ་སྟེ་ཞེ་སྡང་བསྐྱེད་པར་བྱེད་པའོ། །འདི་ནི་ཕྱི་རོལ་དུ་ཉེ་བའི་གཟར་དབང་ཕྱུག་ཆེན་པོས་བཤད་དོ། །མགྲིན་པར་ནི་ཉི་མའི་མེ་སྟེ་བྱ་བ་བྱེད་པའི་མེའོ། །ལྟེ་བར་ཤ་ཟའི་མེ་སྟེ་ཟས་བསྲེག་པར་བྱེད་པའི་དོན་ཏོ། །དགུ་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། གཞན་ཡང་ལྤགས་པ་དྲོད་དང་སྤུ། །མེ་དང་རླུང་གི་རང་བཞིན་ནོ། །ལུས་སྐྱེས་སྲིན་བུ་སྐྱེ་གནས་བཞི། །ཞེས་པའོ། །གཉིས་པ་ནི། གོང་དུ་བསྟན་པ་དེ་དག་ལས། གཞན་ཡང་། ལུས་ཀྱི་ལྤགས་པ་དང་དྲོད་དང་། སྤུ་ཐམས་ཅད་ནི་མེ་དང་རླུང་གི་རང་བཞིན་ཡིན་ནོ། །ལུས་ལ་སྐྱེས་པའི་སྲིན་བུའི་རིགས་ཐམས་ཅད་ནི་ཕྱི་རོལ་དུ་སྐྱེ་གནས་བཞི་བཅས་ཡིན་ཏེ། ཕྱིར་རླུང་གི་ཁམས་སྒོང་སྐྱེས་ནི་ནང་དུ་ཤིག་གོ། །ཕྱི་རོལ་དུ་ཆུའི་ཁམས་དྲོད་གཤེར་ལས་སྐྱེས་པ་ནི། ལུས་ཀྱི་ནང་གི་སྲིན་བུ་རྣམས་ཡིན་ནོ། །ཕྱིར་མེའི་ཁམས་མངལ་སྐྱེས་ནི་ནང་དུ་ཁམས་དཀར་དམར་ལས་སྐྱེས་པ་རྣམས་སོ། །ཕྱི་རོལ་དུ་ནམ་མཁའི་ཁམས་རྫུས་ཏེ་སྐྱེས་པ་ནི་ནང་དུ་ལུས་ལ་འབྱུང་བའི་སྲོག་ཆགས་ཕྲ་མོ་གཞན་རྣམས་སོ། །བཅུ་པ་ནི། ཆར་ནི་ལྕེ་ཆུང་བདུད་རྩི་སྟེ། །ཞེས་གསུངས་པ་ཡིན་ལ། །འདིར་ཡང་ཕྱི་རོལ་དུ་ཆར་པ་ནི། ནང་དུ་ལྕེའུ་ཆུང་ནས་འབབ་པའི་བདུད་རྩིའི་ཁམས་ཡིན་ནོ། །ཞེས་པའོ། །བཅུ་གཅིག་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཐུན་ནས་སྐད་ཅིག་བར་གྱི་ནི། །དུས་སྦྱོར་ཐམས་ཅད་སྔར་བསྟན་པའི། །རྩ་རླུང་ཐིག་ལེ་སེམས་བཅས་སོ། །དེ་སོགས་རྣམ་བཤད་དུ་མ་རྣམས། །ཕྱི་ནང་གཞན་གསུམ་ཡེ་ཤེས་སོ། །སྦྱོར་ཕྱིར་དཔག་ཏུ་མེད་པ་གསུངས། །ཤེས་པའོ། །གཉིས་པ་ནི། ཐུན་ཆེན་པོ་བཞི་དང་བརྒྱད་ཀྱི་དབྱེ་བ་ནས། སྐད་ཅིག་དང་ཡུད་ཙམ་ལ་སོགས་པའི་བར་གྱི་ནི་འཕོ་བ་ཆེ་ཆུང་གི་དུས་སྦྱོར་ཐམས་ཅད་ནི། རྩ་རླུང་ཐིག་ལེ་སེམས་བཅས་ལས་འབྱུང་བར་སྔར་གོང་དུ་རྩ་དང་རླུང་དང་ཐིག་ལེའི་གནས་སྐབས་སུ་ཇི་སྐད་བསྟན་པ་ལྟར་ཡིན་ནོ། །སེམས་ཀུན་གཞིའི་རྣམ་ཤེས་ཀྱང་སྔར་རྩའི་གནས་སྐབས་སུ་སྒྲ་གཅན་དང་སྦྱར་ནས་བཤད་པ་རྣམས་སོ། །དེ་དག་ལ་སོགས་པའི་ཕྱི་ནང་གི་དག་པ་སྦྱར་བའི་རྣམ་བཤད་རྣམས་ནི། ཕྱི་འཇིག་རྟེན་གྱི་ཁམས་དང་ནང་རྡོ་རྗེའི་ལུས་དང་གཞན་དཀྱིལ་འཁོར་གྱི་འཁོར་ལོ་དང་། ཐམས་ཅད་ལ་ཁྱབ་བྱེད་དུ་འཇུག་པ་ཡེ་ཤེས་ཀྱི་ཁམས་སུ་བསྟན་པའི་ཕྱིར་ཕྱི་ནང་གཞན་གསུམ་དང་སྦྱར་བའི་བཤད་པ་དཔག་ཏུ་མེད་པ་རྣམས། བཅོམ་ལྡན་འདས་ཀྱིས་དུས་ཀྱི་འཁོར་ལོ་ལས་གསུངས་པས། གོང་གི་དེ་ཙམ་གྱིས་གོ་བས་ན་འདིར་རྒྱས་པར་མ་སྤྲོས་སོ། །བཅུ་གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། སྲོག་རླུང་དཀར་དམར་སྦྱོར་བ་ན། །ཟླ་ཉི་འཛིན་པར་སྣང་བ་དང་། །ཞེས་པའོ། །གཉིས་པ་ནི། ཕྱི་ནང་གི་རྟེན་འབྲེལ་ཐམས་ཅད་མཐུན་པའི་དོན་གྱིས་ན། ནང་དུ་སྲོག་གི་རླུང་ལ། གཡས་གཡོན་ཉི་ཟླའི་རླུང་གཉིས་དང་ཁམས་དཀར་དམར་གཉིས་པོ་དབུ་མའི་ནང་དུ་སྲོག་རླུང་ལ་རེག་པ་དེའི་ཚེ་ན། ཕྱི་རོལ་དུ་དུས་སྦྱོར་གྱི་མཚམས་ཀྱི་མཐའ། རྡུལ་མུན་པ་སྙིང་སྟོབས་ཀྱི་དུས་གསུམ་དང་། གཟའ་འཛིན་བྱུང་མ་ཐག་པའི་དབྱར་ཉི་ལོག་ནས་ཟླ་བ་དྲུག་དང་། དགུན་ཉི་ལོག་ནས་ཟླ་བ་དྲུག་གི་མཐར་གཟའ་འཛིན་འབྱུང་བ་ནང་གི་རྟེན་འབྲེལ་ལས་རྟོགས་པའམ། ཡང་ན། སྔར་ཟླ་བ་ལ་སྒྲ་གཅན་ཞུགས་ནས་ཟླ་བ་དྲུག་སོང་བའི་རྗེས་སུ་སླར་ཡང་དེ་ལ་སྒྲ་གཅན་འཇུག་པ་ནང་གི་སྲོག་རླུང་དཀར་དམར་གྱི་རྟེན་འབྲེལ་ལས་རྟོགས་པ་དང་། ཉི་མ་ལ་སྒྲ་གཅན་ཞུགས་ནས། ཟླ་དྲུག་སོང་བའི་རྗེས་ལ་སླར་ཡང་སྒྲ་གཅན་འཇུག་པ་ནང་གི་རྟེན་འབྲེལ་ལས་རྟོགས་པ་ལྟ་བུ་ནི། ཕྱི་ནང་གཉིས་པོ་རྟེན་འབྲེལ་མཐུན་པར་སྒྲུབ་པའི་གཏན་ཚིགས་སུ་འགྱུར་ཏེ། དུས་ཀྱི་འཁོར་ལོ་ལས། དཀར་ནག་གི་ཚིགས་མཚམས་སུ་རྟེན་འབྲེལ་རེག་པའི་དབུས་དེར་སྒྲ་གཅན་གྱིས་ཟླ་བ་ཉི་མའི་རྐང་པ་ལ་འཛིན་པ་དང་། ནང་དུ་སྲོག་རླུང་ལ་དཀར་དམར་གྱིས་རེག་ཅིང་རླུང་སེམས་དབུ་མར་ཚུད་པའི་རྣམ་འགྱུར་ཅུང་ཟད་ཅིག་འབྱུང་བའི་ཕྱིར། དེའི་ཚེ་དགེ་བ་གང་བྱས་སྟོབས་ཆེ་བར་གསུངས་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །འདི་དག་ནི་དུས་ཀྱི་འཁོར་ལོའི་བསྡུས་རྒྱུད་ལས། ས་དང་ཆུ་མེ་རླུང་དང་རྡོ་རྗེ་ལྷ་ཡི་གཞུ་དང་རླུང་རྣམས་དང་ནི་ཁྱིམ་གྱི་འཁོར་ལོ་དང་། །ཟླ་བ་ཉི་མ་སྒྲ་གཅན་ལྷུན་པོ་གདེངས་ཅན་མི་དང་ལྷ་ཡི་གནས་དང་འཁྱོག་པོ་སྐར་མར་བཅས། །འཕོ་བ་ཟླ་བ་དག་དང་ཕྱོགས་དང་ཉི ན་དང་མཚན་མོ་ཚེས་རྣམས་མཐའ་དག་ལུས་ཀྱི་དབུས་སུ་ནི། །རང་རང་ཡི་གེས་ཤེས་བྱ་རྣམ་གསུམ་ཁྱབ་བདག་བགྲོད་པ་རྣལ་འབྱོར་པ་ཡི་སྟོང་པའི་དབྱེ་བས་སོ། །ཞེས་པ་དང་། སྤྱན་རས་གཟིགས་འགྲེལ་ལས། ཇི་ལྟར་ཕྱི་རོལ་དུ་འཇིག་རྟེན་པའི་ཚད་ཀྱི་ལྷུན་པོའི་དཔངས་དཔག་ཚད་འབུམ་ཡིན་ནོ། །དེ་བཞིན་དུ་ལུས་ཀྱི་སྒལ་ཚིགས་ཀྱི་དཔངས་ཁྲུ་གང་སྟེ་ཁྲུའི་ཚད་དེས་ལུས་ནི་ཁྲུ་བཞིའོ། །ལྷུན་པོ་དཔག་ཚད་འབུམ་གྱི་ཚད་ཀྱིས་འཇིག་རྟེན་གྱི་ཁམས་འབུམ་ཕྲག་བཞིའོ། །རྣམ་པ་གཞན་དུ་ན། ཇི་ལྟར་ཕྱི་རོལ་དེ་བཞིན་ལུས་སུ་མི་འགྱུར་ཏེ་མི་མཉམ་པའི་ཕྱིར་རོ། །ཞེས་གསུངས་པ་རྣམས་ཀྱི་དོན་ནོ། །གསུམ་པ་དོན་བསྡུ་བ་ནི། དེ་སོགས་རྟེན་འབྲེལ་རྟོགས་པ་ན། །ཐབས་དང་ཤེས་རབ་སྦྱོར་ཤེས་པས། །སྣ་ཚོགས་ཡོན་ཏན་འབྱུང་ཕྱིར་རོ། །འདིར་ནི་མདོར་བསྡུས་ཅུང་ཟད་བརྗོད། །ཅེས་པ་སྟེ། འདི་ཡང་། དེ་ལྟར་ཇི་སྐད་བཤད་པ་ལ་སོགས་པའི་རྟེན་འབྲེལ་རྟོགས་པ་ན། ཕན་ཚུན་ཐབས་དང་ཤེས་རབ་དང་ཀུན་རྫོབ་དང་དོན་དམ་དང་ལུས་དང་བསམ་པ་དང་ཡུལ་དང་ཡུལ་ཅན་ལ་སོགས་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་གནས་ལུགས་ཤེས་ནས། རང་བཞིན་མེད་པའི་དོན་ཁོང་དུ་ཆུད་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་འབྱུང་བ་དེའི་ཕྱིར། འདིར་ནི་ཕྱི་འཇིག་རྟེན་གྱི་ཁམས་དང་ནང་རྡོ་རྗེའི་ལུས་དང་གཞན་དཀྱིལ་འཁོར་གྱི་འཁོར་ལོ་དང་གསུམ་པོ་ལ་ཁྱབ་བྱེད་དུ་འཇུག་པའི་ཡེ་ཤེས་ཀྱི་གནས་ལུགས་མདོར་བསྡུས་པ་ཙམ་ཞིག་བརྗོད་པས། དེ་ཉིད་ཀྱི་ལྷ་དང་སྔགས་དང་དཀྱིལ་འཁོར་གྱི་དོན་ཡང་རྟོགས་པར་འགྱུར་རོ། །ཞེས་པའི་དོན་ནོ། །གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་ལས་སྣོད་ལ་སྦྱར་བ་བསྟན་པ་སྟེ་བདུན་པའོ། །ཞེས་སོ། །སྲིད་པ་སོ་གཅིག་དཀྱིལ་འཁོར་རི་མཚོར་བཅས། །གཟའ་དགུ་རྒྱུ་སྐར་སྤྲིན་དང་སྐྱེ་གནས་བཞི། །སྲོག་རླུང་སྦྱོར་བས་སྒྲ་གཅན་འཇུག་ཚུལ་དང་། །ཐབས་ཤེས་སྦྱོར་བའི་གནས་ལུགས་ལེགས་པར་བཤད། །ཅེས་པ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པའི་བསྟན་བཅོས་ཀྱི་ཚིག་དོན་གསལ་བར་བྱེད་པའི་ལེགས་བཤད་ནོར་བུ་རིན་པོ་ཆེའི་ཕྲེང་བ་ལས་སྣོད་ལ་སྦྱར་བ་རྣམ་པར་བཤད་པ་སྟེ་བདུན་པའོ།། ༈ །།བརྒྱད་པ་ཀུན་བཏགས་ཀྱི་ལྷ་བསྐྱེད་ཚུལ་བསྟན་པའི་ལེའུ་ལ། དངོས་དང་། ལེའུའི་མཚན་བསྟན་པ་རྣམ་པ་གཉིས། དང་པོ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བ་དང་གསུམ་ལས། དང་པོ་ལ། སྤྱིའི་དོན་དང་། ཡན་ལག་གཞུང་གི་དོན་རྣམ་པ་གཉིས། དང་པོ་སྤྱིའི་དོན་ལ། གོང་མ་དང་མཚམས་སྦྱར་བའི་སྒོ་ནས་བསྐྱེད་རིམ་བསྟན་པའི་དགོས་པ་བཤད། བསྐྱེད་པའི་རིམ་པ་ཇི་ལྟར་སྒོམ་པའི་རྣམ་གྲངས་བསྟན་པ་དང་གཉིས། དང་པོ་ནི། དེ་ལྟར་ནང་རྡོ་རྗེའི་ལུས་དང་། ཕྱི་འཇིག་རྟེན་ཁམས་སྦྱར་བཤད་བསྟན་པའི་རྗེས་དེ་ནས། ཀུན་བཏགས་ཀྱི་ལྷ་སྒོམ་པའི་བསྐྱེད་རིམ་གྱི་ཚུལ་འཆད་པ་ལ་དགོས་པ་ཡོད་པ་ཡིན་ཏེ། གཞན་དཀྱིལ་འཁོར་གྱི་འཁོར་ལོའི་གནས་ལུགས་བདེ་བླག་ཏུ་རྟོགས་པའི་ཆེད་ཡིན་པའི་ཕྱིར། འོ་ན་བསྐྱེད་རིམ་ནི། ཀུན་རྟོག་གིས་བཏགས་པ་ཙམ་ཡིན་པས། དོན་ལ་མ་གྲུབ་བཞིན་དུ་སྒོམ་པ་ལ་དགོས་པ་ཅི་ཡོད་ཅེ་ན། ཡོད་དེ། དགོས་པ་རྣམ་པ་གསུམ་ཡོད་པའི་ཕྱིར་ཏེ། སྔགས་ལ་འཇུག་པའི་ལས་དང་པོ་པ་རྣམས་ཀྱིས། སེམས་མ་ཟིན་པ་ཟིན་པར་བྱེད་པའི་ཐབས་སུ་འགྱུར་བའི་ཕྱིར་དང་། བསྐྱེད་རིམ་གྱི་རྟེན་དང་བརྟེན་པའི་སྦྱར་བཤད་ལ་མཁས་ན་ཕྱི་ནང་གི་ཤེས་བྱའི་དོན་ཤིན་དུ་ཕྲ་བ་རྣམས་རེ་རེ་ལའང་། ཕྱི་རོལ་རྟེན་གཞལ་ཡས་ཁང་དང་ནང་ལྷའི་རྣམ་པ་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ལྷའི་སྦྱར་བཤད་ཤེས་པའི་དོན་དང་། དེ་ལྟར་དཀྱིལ་འཁོར་གྱི་ལྷ་ལ་ཞེན་པས་ཞུགས་པའི་རྗེས་སུ་འབྲེལ་བས་མི་སླུ་བས། མ་འོངས་པ་ན་འབྲས་བུ་གྲུབ་པའི་གནས་སྐབས་ན། གཞན་ངོར་གཟུགས་ཀྱི་སྐུ་ཞལ་ཕྱག་མང་པོ་དང་། ཉུང་ངུ་དང་སྐུ་མདོག་དང་། རྟགས་དང་ཆ་ལུགས་སྣ་ཚོགས་པའི་རྣམ་འགྱུར་ཅན། གང་ལ་གང་འདུལ་གྱི་སྤྲུལ་པའི་སྐུ་དཔག་ཏུ་མེད་པ་སྟེན་པ་ལ་དབང་འབྱོར་པའི་སྒོ་ནས། རང་རང་གི་ཁམས་དང་མཐུན་པའི་ཆོས་ཀྱི་འཁོར་ལོ་ཕྱོགས་མེད་དུ་བསྐོར་ནུས་པའི་དགོས་པ་ཡོད་པའི་ཕྱིར་དང་། རང་རྒྱུད་ཀྱི་ཐ་མལ་གྱི་ལུས་འདི་ལ་ཐ་མལ་དུ་འཛིན་པའི་རྟོག་པ་སྤངས་ནས། དག་སྣང་ལྷའི་སྐུར་གོ་བའི་དགོས་པ་ཡོད་པའི་ཕྱིར། དེས་ན། སྔགས་ལ་འཇུག་པ་ལ། ཐོག་མར་སྨིན་བྱེད་ཀྱི་དབང་དགོས་ཤིང་། དེའི་རྗེས་སུ་ལམ་གྱི་གཞུང་ཤིང་ནི་བསྐྱེད་རྫོགས་གཉིས་པོ་ཡིན་ཏེ། དེ་སྐད་དུ་ཡང་། ཧེ་བཛྭ་ལས། བསྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པ་ཡི་ཡང་རིམ་པ་ཉིད། །རིམ་གཉིས་རྣམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་འཆད་དོ། །ཞེས་པ་དང་། དཔལ་གསང་བ་འདུས་པའི་ལུང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་རིམ་པ་ལྔའི་གཞུང་དུ་དྲངས་པ་ལས། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཤེས་གསུངས་པའི་ཕྱིར། འོ་ན་བཅོམ་ལྡན་འདས་ཀྱིས། ཆོས་ཐམས་ཅད་སྤྲོས་བྲལ་དུ་སྒོམ་དགོས་པར་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་སྐད་དུ་ཡང་ཧེ་བཛྭ་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །བརཏལ་ཞུགས་ཅན་གྱིས་སྤྲོས་པ་སྒོམ། །སྤྲོས་པ་རྨི་ལམ་ལྟར་བྱས་ནས། །སྤྲོས་པ་ཉིད་ནི་སྤྲོས་མེད་བྱེད། །ཅེས་གསུངས་ཤིང་། དེའི་འགྲེལ་པར་རྡོ་རྗེ་སྙིང་པོས། ཐོག་མ་ཉིད་དུ་སྤྲོས་པའི་རྣལ་འབྱོར་ལ་འབད་བར་བྱའོ། །དེ་ཡང་ཇི་སྐད་དུ། སེམས་ཅན་རྣམས་ནི་བློ་དམན་ཞིང་། །བྱ་བ་ཙམ་གྱིས་རྨོངས་པ་རྣམས། །དངོས་པོའི་དོན་ལ་ཆགས་དགའ་བ། །མ་འོངས་དུས་ན་འབྱུང་བར་འགྱུར། །འདི་ལྟའི་ཚུལ་ནི་མི་ཤེས་པས། །ཡུལ་དང་དུས་དང་བྱ་བ་ལས། །དགེ་དང་མི་དགེའི་མཚན་མ་ཡིས། །རྨོངས་པ་འབྲས་བུས་འདོད་བྱེད་དེ། །སེམས་དཔའ་ཆེན་པོས་དེ་དག་ཕྱིར། །ཆོ་ག་འདི་ནི་བརྗོད་པ་ཡིན། །ཞེས་སོ། །ཞེས་གསུངས་པའི་ཕྱིར། དང་པོར་དེ་ལྟར་བསྒོམས་ཀྱང་། རྗེས་སུ་སྤྲོས་མེད་དུ་བསྒོམས་པས་མཚན་འཛིན་དུ་མི་འགྱུར་བའི་ཚུལ་ནི། བརྟག་གཉིས་ལས། ཇི་ལྟར་སྒྱུ་མ་རྨི་ལམ་དང་། །ཇི་ལྟར་བར་མའི་སྲིད་ཡིན་པ། །རྟག་ཏུ་གོམས་པའི་སྦྱོར་བ་ཡིས། །དཀྱིལ་འཁོར་ཉིད་ནི་དེ་བཞིན་འདོད། །ཅེས་བྱ་བ་དང་། དེའི་རྡོ་རྗེ་སྙིང་འགྲེལ་དུ། རྫོགས་པ་འདི་ནི་རང་གི་ལྷའི་དཀྱིལ་འཁོར་འདི་ཉིད་སྒྱུ་མ་དང་། རྨི་ལམ་དང་། སྲིད་པ་བར་མ་དོའི་སྐྱེ་བོ་ལྟར་ཆགས་པ་དང་། ཐོགས་པ་དང་བྲལ་བར་སྒོམ་པ་ཉིད་རྫོགས་པ་ཞེས་འདོད་དེ། འདོད་པ་སྤོང་བའི་ཕྱིར། སོ་སོར་སྤང་བ་ཞེས་བཤད་ཅིང་། ཞེས་གསུངས་པས་སོ། །གཉིས་པ་བསྐྱེད་རིམ་སྒོམ་པའི་ཚུལ་ལ མི་འདྲ་བའི་ཁྱད་པར་མ་རྒྱུད་རྣམས་ལས། ཕོ་བྲང་རྣམ་པར་སྣང་མཛད་ཀྱི་ཡན་ལག །དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག །མཆོད་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག །བསྟོད་པ་དོན་ཡོད་གྲུབ་པའི་ཡན་ལག །བདུད་རྩི་མྱང་བ་འོད་དཔག་མེད་ཀྱི་ཡན་ལག །རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི་ཡན་ལག་དང་དྲུག་ཏུ་གསུངས་ཏེ། ཨ་ཝ་དྷུ་ཏཱི་པས་མཛད་པའི་ཀྱེའི་རྡོ་རྗེའི་སྒྲུབ་ཐབས་སུ། ཕོ་བྲང་རྣམ་པར་སྣང་མཛད་དེ། །རྗེས་སུ་ཆགས་པ་རྡོ་རྗེ་སེམས། །དབང་ནི་མི་བསྐྱོད་རྡོ་རྗེ་དག །བདུད་རྩི་མྱང་བ་འོད་དཔག་མེད། །ཅེས་སོགས་གསུངས་པ་དང་། གྲུབ་ཆེན་མཚོ་སྐྱེས་ཀྱིས་མཛད་པའི་ཀྱེའི་རྡོ་རྗེའི་འགྲེལ་པར། རྗེས་ཆགས་དང་དབང་བསྐུར་བའི་འོག་ཏུ། མཆོད་བསྟོད་བདུད་རྩི་མྱང་བ་དང་། དག་པ་དང་རྗེས་སུ་དྲན་པར་བྱ་སྟེ། ཞེས་གསུངས། ཡང་མ་རྒྱུད་ལ་ལར། དང་པོའི་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་དང་། ཐིག་ལེའི་རྣལ་འབྱོར་དང་། ཕྲ་མོའི་རྣལ་འབྱོར་དང་ལྔར་བཤད་པ་དང་། ཡང་ལ་ལར། བསྙེན་པ་དང་། སྒྲུབ་པ་དང་། ཉེ་བར་བསྙེན་པ་དང་། སྒྲུབ་པ་ཆེན་པོ་དང་བཞིར་བཤད་པ་ཡང་ཡོད་དེ། དཔེར་ན་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་སྒྲུབ་པའི་རིམ་པ་ལྟ་བུའོ། །ཡང་མ་རྒྱུད་ཀྱི་གཞུང་ལ་ལར། །དང་པོར་རྒྱུའི་རྡོ་རྗེ་འཆང་ནས། འཁོར་བསྐྱེད་པ་ཡོངས་སུ་རྫོགས་པའི་བར་དུ་ནི་གོང་བུའི་རྣལ་འབྱོར་དང་། སྙོམས་འཇུག་གི་ཆགས་པས་ཞུ་ནས་ཆུར་གནས་པ་དང་། རྒྱས་གདབ་ཀྱི་བར་གཟུགས་སུ་གནས་པ་དང་། དཀྱིལ་འཁོར་དུ་བསྡུ་བ་གཟུགས་ལས་འདས་པ་སྟེ། ཡན་ལག་བཞིར་བསྐྱེད་པའི་ཚུལ་ཡང་བཤད་དེ། དེ་སྐད་དུ། གོང་བུ་ཆུ་དང་གཟུགས་སུ་གནས། །གཟུགས་ལས་འདས་པ་བཞིར་རྟོགས་བྱ། །ཞེས་གསུངས་པས་སོ། །མངོན་བྱང་ལྔས་བསྐྱེད་པའི་ཚུལ་བསྡུ་ན། འབྲས་བུ་རྡོ་རྗེ་འཛིན་པ་རྣལ་འབྱོར་དང་། སྐུ་སྤྲོས་ནས་སེམས་ཅན་གྱི་དོན་བྱེད་པ་རྗེས་སུ་རྣལ་འབྱོར་དང་། སྐྱེ་མཆེད་བྱིན་གྱིས་བརླབ་པས་ཤིན་དུ་རྣལ་འབྱོར་དང་། འཁོར་ལོ་བཞི་སྒོམ་པ་རྣལ་འབྱོར་ཆེན་པོ་སྟེ་བཞིར་བཤད་པ་ཡང་ཡོད་དེ། ཛ་ལནྡྷ་ར་པས། རྡོ་རྗེ་སྒྲོལ་མའི་འགྲེལ་པར། རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང་། །ཤིན་དུ་རྣལ་འབྱོར་རྣལ་འབྱོར་ཆེ། །ཞེས་གསུངས་པས་སོ། །དུས་འཁོར་ལས་ནི། དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་དང་ཐིག་ལེའི་རྣལ་འབྱོར་དང་ཕྲ་མོའི་རྣལ་འབྱོར་ཏེ་སྒྲུབ་ཆེན་བཞིའི་ཐ་སྙད་མཛད། གཞན་ཡང་བསྐྱེད་ཚུལ་ལ། །རྡོ་རྗེ་སྙིང་འགྲེལ་དུ། །རྩ་རྒྱུད་འབུམ་ལྔའི་ལུང་དྲངས་པར། །ལུས་བསྐྱེད་པ་ནི་བསྙེན་པར་འགྱུར། །སྲོག་འབྱུང་བ་ནི་སྒྲུབ་པའོ། །གཉིས་སྐྱེས་སོགས་རྣམས་སླར་སྐྱེ་བ། །ཉེ་བའི་སྒྲུབ་པར་བརྗོད་པར་བྱ། །ཤེས་རབ་ཐབས་ནི་སྙོམས་ཞུགས་པས། །སྒྲུབ་པ་ཆེན་པོ་ཐ་མའོ། །ཞེས་པ་སྐྱེ་བ་བསྐྱེད་རིམ་འགྱུར། །ཞེས་གསུངས་པའི་དོན། རྩ་རྒྱུད་བརྟག་གཉིས་སུ་མདོར་བསྡུས་པ་ནི།ཡང་ནི་སྟོང་པའི་བྱང་ཆུབ་སྟེ། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་གསུངས་ལ། དེ་དག་གི་དོན་དང་མཐུན་པར། དུས་འཁོར་འགྲེལ་ཆེན་ལས། ད་ནི་དམན་པ་དང་མཆོག་གི་དབྱེ་བས་བསྙེན་པ་ལ་སོགས་པ་གསུངས་པ། དང་པོར་ཞེས་པ་ལ་སོགས་པ་སྟེ། འདིར་བསྐྱེད་པའི་རིམ་པ་ལ། དང་པོར་སྟོང་ཉིད་བྱང་ཆུབ་ཅེས་པ་ནི། སྲོག་ཆགས་རྣམས་ཤི་བའི་མཐར་ཕུང་པོ་ཡོངས་སུ་དོར་ནས། སྐྱེ་བའི་ཆ་ཤས་ཅན་གྱི་ཕུང་པོ་འཛིན་པ་ལས། བར་གང་ཡིན་པ་སྟོང་པ་ཉིད་ཀྱི་སྐད་ཅིག་མ་གཅིག་པོ་སྲིད་པ་གསུམ་མཐོང་བ་ནི་སྟོང་པ་ཞེས་གསུངས་ཏེ། ངེས་པར་ནི་གདོན་མི་ཟ་བར་རོ། །སྐད་ཅིག་དེའི་ཕྱི་ནས་ཟླ་བ་ཐིག་ལེ་དག་ནི་ཡང་དག་འཛིན་ཞེས་པ་ནི། འདིར་ཀུན་གཞིའི་རྣམ་པར་ཤེས་པས་མའི་མངལ་དུ་ཁུ་བའི་ཐིག་ལེ་རྣམས་འཛིན་ཞེས་བྱ་བ་ནི་ཡང་དག་འཛིན་པའོ། །དེའི་འོག་ཏུ་ཁུ་བ་ལ་སོགས་པ་བཟུང་བ་དེ་ནས་གཟུགས་བསྐྱེད་པ་ཞེས་བྱ་བ་ནི་ཟླ་བ་བདུན་གྱིས་མངལ་རྫོགས་པ་སྟེ་ལུས་རྫོགས་པའོ་ཞེས་པའི་དོན་ནོ། །དེ་ནས་རབ་མཆོག་རོའི་རིགས་རྣམ་དག་གིས་ཤེས་པ་ཕུང་པོ་དྲུག་པོ་རྣམས་ཀྱིས་མིག་ལ་སོགས་པ་རྣམས་ཀྱི་ཡི་གེ་དགོད་པ་སྟེ། གཟུགས་ལ་སོགས་པའི་ཡུལ་ལ་རབ་ཏུ་འཇུག་པའོ། །དེ་བཞིན་དུ་ལྷའི་སྒྲུབ་ཐབས་ལ་ཡང་། ལས་དང་པོ་པས་བཏགས་པའི་བདག་ཉིད་སྒོམ་པར་བྱའོ། །ཞེས་པ་དང་། རྩ་རྒྱུད་འབུམ་ལྔ་ལས་ཀྱང་དེ་ལྟ་བུར་རྒྱས་པར་བཤད་པའི་དོན་ནི། དང་པོ་སྟོང་པར་སྦྱང་བ་ནི་བར་དོ་སྦྱོང་བྱེད། ས་བོན་དགོད་པ་ནི་མངལ་དུ་དཀར་དམར་འཕྲད་པ། གཟུགས་བརྙན་རྫོགས་པ་ནི་མངལ་དུ་ལུས་རྫོགས་པ། ཡིག་འབྲུ་དགོད་པ་སྐྱེ་མཆེད་གསལ་བར་དོད་པ། དེ་དག་སྦྱོང་བྱེད་དུ་ལྷ་སྒོམ་པ་ནི། སྟོང་པར་སྦྱང་བ། ས་བོན་གདན་དང་བཅས་པ། ཞལ་ཕྱག་ཡོངས་སུ་རྫོགས་པ། སྐྱེ་མཆེད་བྱིན་གྱིས་བརླབ་པའོ། །ཕ་རྒྱུད་རྣམས་ལས། འོད་གསལ་སྟོང་པ། གདན་པདྨ། གསུང་ཡིག་འབྲུ། སྐུ་ཡོངས་རྫོགས་ལས་བྱང་ཆུབ་པའི་ཚུལ་རྒྱས་པར་བཤད་ཀྱང་། འདིར་སྤྲོས་པ་དེ་ཙམ་གྱིས་ཆོག་གོ །གཉིས་པ་གཞུང་གི་དོན་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ནས་སེམས་ཅན་ཀུན་རྟོག་ལ། །ཀུན་བཏགས་ལྷ་རྣམས་སྒོམ་པའི་དོན། །སེམས་འཛིན་ཕྱི་ནང་དོན་ཤེས་དང་། །དབང་འབྱོར་གཞན་དོན་གཟུགས་སྟོན་ཕྱིར། །ཞེས་པའོ། །གཉིས་པ་ནི། དེ་ལྟར་སྣོད་ལ་སྦྱར་བའི་ཚུལ་བཤད་པའི་རྗེས་དེ་ནས། སེམས་ཅན་གྱི་ཀུན་རྟོག་གིས་བཏགས་པ་ལས་བྱུང་བའི་ཀུན་བཏགས་ཀྱི་ལྷ་རྣམས་སྒོམ་པའི་དོན་ནི་དགོས་པ་རྣམ་པ་གསུམ་གྱི་ཕྱིར་ཏེ། ལས་དང་པོ་པ་རྣམས་ཀྱི་སེམས་འཛིན་པའི་དོན་དང་། ཤེས་བྱ་ཤིན་དུ་ཕྲ་བ་ལ་ཡང་ཕྱི་ནང་གཞན་གསུམ་གྱི་དོན་ལ་སྦྱར་བཤད་ཤེས་དགོས་པའི་དོན་དང་། འབྲས་བུ་གྲུབ་པའི་གནས་སྐབས་ན་གདུལ་བྱ་དུ་མའི་ངོར་གཟུགས་ཀྱི་སྐུ་དཔག་ཏུ་མེད་པ་སྤྲོ་བ་ལ་དབང་འབྱོར་བའི་དགོས་པ་ཡོད་པའི་ཕྱིར་རོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ། དཀྱིལ་འཁོར་གྱི་ལྷ་གྲངས་བཤད་པ། ལུས་ལ་དཀྱིལ་འཁོར་འགྲུབ་ཚུལ་ཁ་འཕང་བ། ཐབས་དང་ཤེས་རབ་ཀྱི་རྣམ་གྲངས་བཤད་པ། བརྗོད་བྱེད་རྒྱུད་ཀྱི་ཁྱད་པར་བསྟན་པ། བརྗོད་བྱ་བསྐྱེད་རྫོགས་ཀྱི་ངེས་པ་བསྟན་པ་དང་ལྔ་ལས། དང་པོ་ལ། མདོར་བསྟན་དང་། རྒྱས་བཤད་གཉིས། དང་པོ་ནི། དཔའ་བོ་གཅིག་ནས་མཐའ་ཡས་པར། །གསུངས་པའི་ངེས་པ་འདི་ལྟ་སྟེ། ཞེས་པ་ཡིན་ལ། འདིའི་དོན་ནི་རྒྱུད་སྡེ་སོ་སོ་ནས་ལྷ་འཁོར་མེད་པ་དཔའོ་གཅིག་པ་ནས་འཁོར་མཐའ་ཡས་པ་བྱེ་བ་ཕྲག་དུ་མས་བསྐོར་བའི་བར་གྱི། དཀྱིལ་འཁོར་གྱི་འཁོར་ལོ་མཐའ་ཡས་པ་རྒྱུད་ཐམས་ཅད་ནས་གསུངས་པའི་ངེས་པ་ནི། འདི་ལྟ་སྟེ། རིམ་པ་ཇི་ལྟ་བ་བཞིན་དུ་འདི་མན་ཆད་དུ་བཤད་པར་བྱའོ། །ཞེས་པའོ། །རིམ་པ་འདི་དག་ནི། འདུལ་བྱ་དབང་པོ་རབ་འབྲིང་ཐ་གསུམ་གྱི་དབང་དུ་བྱས་ནས། རབ་ལ་ལྷ་དཔའོ་གཅིག་པ་དང་ཀྲོངས་ཏེ་བསྐྱེད་པ་དང་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་བརྟེན་པ་སོགས་བཤད་ལ། འབྲིང་རས་རིས། ཐ་མ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་རིམ་པ་རྣམས། སློབ་དཔོན་རྡོ་རྗེ་དྲིལ་བུ་པའི་ཞལ་སྔ་ནས། བཅོས་མ་གཉིས་ཀྱི་ངོ་བོ་གང་། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པའི་སྒྲུབ་བྱ་དེ་མིན་ཏེ། །ཡང་དག་དོན་མཐོང་གྲོལ་ཕྱིར་རོ། །འཁོར་ལོ་གསུམ་གྱི་དཀྱིལ་འཁོར་གྲུབ། །དཀྱིལ་འཁོར་ལྷ་རྣམས་གྲུབ་པའོ། །དེ་ཡི་དབང་སྐུར་ལ་སོགས་རིམ། །ཅི་ནས་མ་གྲུབ་ཡང་གྲུབ་བྱེད། ཅེས་པ་དང་། འགྲོ་བ་འདི་ཉིད་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་གསལ་བར་གསུངས་པ་རྣམས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དབུ་མ་ཀུན་བཞི་ཡང་དག་དོན། །ཡེ་ཤེས་རླུང་དང་ཐིག་ལེ་ནི། །དཔའ་བོ་གཅིག་པ་ཧེ་རུ་ཀ། །སྐུ་གཉིས་ཐབས་དང་ཤེས་རབ་དང་། །སྟེང་འོག་དཀར་དམར་བདེན་གཉིས་དང་། །དེ་སོགས་ཡབ་ཡུམ་གཉིས་པའོ། །ལུས་ངག་ཡིད་དང་ཐིག་ལེ་རྩ། །སྟེང་འོག་བར་གསུམ་ཡི་གེ་གསུམ། །རླུང་གསུམ་སོགས་ཕྱིར་ལྷ་གསུམ་ཏེ། །ཁམས་བཞི་སོགས་ལྡན་ཁྱབ་བྱ་བཞི། །ཡེ་ཤེས་ལྔ་དང་ཕུང་པོ་ལྔ། །འཁོར་ལོ་རླུང་དང་ཁྱབ་བྱེད་བཅས། །ལྷ་ལྔ་བསྟན་ཏེ་དུ་མར་གསུངས། །ནམ་མཁའ་ཡེ་ཤེས་རྣམ་ཤེས་དྲུག །ལྷ་དྲུག་ཉོན་ཡིད་དང་བཅས་བདུན། །ཚོགས་བརྒྱད་སོགས་ཕྱིར་བརྒྱད་པ་དང་། །སྙིང་གའི་རྩ་རླུང་ས་བཅུ་སྟོབས། །དེ་སོགས་དགུ་དང་བཅུ་པ་དང་། །ཕུང་པོ་ཁམས་བཅུ་དབང་པོ་ཡུལ། །དྲུག་དྲུག་དེ་བཞིན་ལས་བྱེད་པ། །དབང་དྲུག་དང་བཅས་དཀྱིལ་འཁོར་ནི། །ལྷ་ལྔ་དགུ་དང་བཅུ་གསུམ་དང་། །ཉེར་ལྔ་སོ་གཉིས་སོ་བཞི་དང་། །སོ་བདུན་རིགས་བརྒྱ་དུ་མའི་བར། །རྩ་རླུང་ཐིག་ལེ་འཁོར་ལོའི་གྲངས། །རྣམ་རྟོག་གྲངས་བཞིན་བསྟན་པ་སྟེ། །ཞལ་དང་ཕྱག་མཚན་དེ་དང་མཚུངས། །ཤེས་པའོ། །གཉིས་པ་ནི། ལྷ་དཔའ་བོ་གཅིག་པ་གསུངས་པའི་ངེས་པ་ནི། རྩ་དབུ་མ་དང་། ཀུན་གཞིའི་རྣམ་པར་ཤེས་པ་དང་། ཐམས་ཅད་ལ་ཁྱབ་པའི་ཡང་དག་པའི་གནས་ལུགས་ཀྱི་དོན་དང་། ཡེ་ཤེས་ཀྱི་རླུང་དང་། ཐིག་ལེ་ཉག་གཅིག་ནི་སྦྱང་གཞི་ཡིན་ལ། དེའི་དྲི་མ་སྦྱོང་བར་བྱ་བའི་ཕྱིར་དུ་ལྷ་དཔའ་བོ་གཅིག་པ་གསུངས་པ་ཡིན་ཞིང་། སྦྱང་གཞི་སྦྱོང་བྱེད་དབྱེར་མེད་ཀྱི་ཚུལ་དུ་ཁྱབ་པའི་ཡེ་ཤེས་ལ། ལྷ་དཔའ་བོ་གཅིག་པ་ཧེ་རུ་ཀའི་ངེས་པར་བརྗོད་དེ། དེ་སྐད་དུའང་། ཧེ་རུ་ཀའི་དོན་བཤད་པ་ན་བདེ་མཆོག་དང་དགྱེས་རྡོར་གཉིས་ཀར། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་ཉིད། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་གསུངས་པ་དང་། དང་པོའི་སངས་རྒྱས་ལས། རྡོ་རྗེ་སེམས་དཔའ་དང་། དུས་འཁོར་གྱི་ངོས་འཛིན་བྱེད་པའི་ཚེ་ན། ཨེ་གསང་མཁའ་ཁམས་བྷ་གའམ། །ཆོས་འབྱུང་ཆུ་སྐྱེས་སེང་གེའི་ཁྲིར། །བཞུགས་པའི་རྡོ་རྗེ་ཅན་ཝཾ་དང་། །རྡོ་རྗེ་ཅན་དང་རྡོ་རྗེ་སེམས། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང་། །ཧེ་རུ་ཀ་དང་དུས་འཁོར་དང་། །དང་པོའི་སངས་རྒྱས་ལ་སོགས་མཚན། ཞེས་པ་དང་། ཀཱ་ལ་ཙཀྲའི་སྒྲ་དོན་བཤད་པ་ན། སྤྱན་རས་གཟིགས་ཀྱིས། ཀཱ་ཡིག་ལས་ནི་རྒྱུ་ཞི་བ། །ལ་ཡིག་འདི་ལ་ཐིམ་པ་ཉིད། །ཙ་ཡིག་གིས་ནི་གཡོ་བའི་སེམས། །ཀྲ་ཡིག་རིམ་པས་བཅིངས་ལས་སོ། །ཞེས་གསུངས་པས། དེ་རྣམས་ཀྱིས་ནི་གཞོམ་དུ་མེད་པའི་བདེ་བར་གཤེགས་པའི་སྙིང་པོ་གཅིག་ཉིད་བསྟན་པའི་ཕྱིར་རོ། །དེའང་ལྷ་གཙོ་འཁོར་གཉིས་པ། བདེ་མཆོག་ལྷན་སྐྱེས་ལྟ་བུའི་སྐུ་གཉིས་པ་ཅན་ནི། ལུས་དང་བསམ་པ་དང་། ཐབས་དང་ཤེས་རབ་དང་། ཡུལ་དང་ཡུལ་ཅན་དང་། རྟེན་དང་བརྟེན་པ་དང་། སྟེང་འོག་དང་། ཁམས་དཀར་དམར་དང་། ལུས་དང་སེམས་དང་། ཀུན་རྫོབ་དང་དོན་དམ་གྱི་བདེན་པ་གཉིས་དང་། དེ་ལ་སོགས་པའི་གཉིས་ཚན་གྱི་ཆོས་རྣམས་སྦྱང་བའི་ཕྱིར་དུ། ལྷ་ཡབ་ཡུམ་གཉིས་གསུངས་པའོ། །དེ་བཞིན་དུ་གསུམ་ཚན་དུ་གསུངས་པའི་ངེས་པ་ནི། ལུས་ངག་ཡིད་གསུམ་དང་། རྩ་བ་སྤྲོས་བྲལ། འཁྲུལ་པ་མ་རིག །གཉེན་པོ་ཡེ་ཤེས་ཀྱི་ཐིག་ལེ་གསུམ་དང་། དབུ་མ་རོ་བརྐྱང་གཙོ་མོ་གསུམ་སྟེ་རྩ་གསུམ་དང་། མཁའ་སྤྱོད། ས་སྤྱོད། ས་འོག་སྟེ། སྟེང་འོག་བར་གསུམ་དང་། ཨོཾ་ཨཱཿཧཱུཾ་སྟེ། སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་དང་། ཉི་ཟླ་སྒྲ་གཅན་གྱི་རླུང་གསུམ་དང་། དེ་ལ་སོགས་པའི་གསུམ་ཚན་གྱི་ཆོས་མཐའ་དག་སྦྱང་བའི་ཕྱིར་དུ་ལྷ་གཙོ་འཁོར་གསུམ་པ་གསུངས་པ་ཡིན་ཏེ། དཔེར་ན་རིགས་གསུམ་མགོན་པོའི་སྒྲུབ་ཐབས་ལྟ་བུ་དང་། དཔལ་མཆོག་ལས་མིང་པོ་གསུམ་གྱི་དཀྱིལ་འཁོར་བཤད་པ་ལྟ་བུའོ། །དེའང་རྣལ་འབྱོར་གྱི་རྒྱུད་ཀྱི་ལུང་རང་འགྲེལ་དུ་དྲངས་པ་ལས། རྩ་གསུམ་རླུང་གསུམ་སེམས་གསུམ་དང་། སྣང་བ་གསུམ་གྱི་བདག་ཉིད་ཕྱིར། །ལྷ་གསུམ་ཡིག་གསུམ་ཞལ་གསུམ་ཏེ། ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་ལྷ་གཙོ་འཁོར་བཞི་གསུངས་པའི་ངེས་པ་ནི། ནམ་མཁའ་དང་ཡེ་ཤེས་གཉིས་པོ་ཁྱབ་བྱེད་དུ་བཏང་ནས། ཁམས་བཞི་ལ་སོགས་པ་དང་ལྡན་པའི་ཁྱབ་བྱའི་ཆོས་བཞི་ཚན་དུ་གསུངས་པ་རྣམས་ཏེ། ས་ཆུ་མེ་རླུང་བཞི་དང་། ལུས་ངག་སེམས་དང་ཡེ་ཤེས་བཞི་དང་། དགའ་བ་བཞི་དང་། འཁོར་ལོ་བཞི་དང་། སྐད་གཅིག་བཞི་ལ་སོགས་པ་རྣམས་དག་པའི་ཕྱིར་དུ། ལྷ་གཙོ་འཁོར་བཞི་པ་གསུངས་ཏེ། དཔལ་མཆོག་ལས། སྲིང་མོ་བཞིའི་དཀྱིལ་འཁོར་ལྟ་བུའོ། །འདི་དག་ནི། ཧེ་བཛྭ་ལས། དེ་ལྟར་ཐམས་ཅད་བཞིའོ། །ཞེས་སྦྱར་ནས་གསུངས་པའི་དོན་ནོ། །དེ་བཞིན་དུ་ལྷ་གཙོ་འཁོར་ལྔ་སྒོམ་པའི་ངེས་པ་ཡང་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་དང་། གཟུགས་སོགས་ཕུང་པོ་ལྔ་དང་། ལྟེ་སྙིང་མགྲིན་པ་སྤྱི་བོ་གཙུག་ཏོར་ཏེ་འཁོར་ལོ་ལྔ་དང་། ས་ཆུ་མེ་རླུང་ནམ་མཁའི་རླུང་ལྔ་དང་། ཁམས་བཞིའི་སྟེང་དུ་ཁྱབ་བྱེད་ནམ་མཁའ་བསྣན་པ་དང་བཅས་པས་ལྔ་སྟེ། ལྔ་ཚན་གྱི་ཆོས་རྣམས་སྦྱང་བའི་ཕྱིར་དུ་ལྷ་གཙོ་འཁོར་ལྔ་པ་གསུངས་པ་ཡིན་ཏེ། རིགས་ལྔ་དང་ཕག་མོ་ལྷ་ལྔ་ལ་སོགས་པའི་དཀྱིལ་འཁོར་ལྟ་བུ་གྲགས་ཆེ་བའི་ལྔ་ཚན་གྱི་དཀྱིལ་འཁོར་རྣམས་སོ། །དེ་བཞིན་དུ་ལྷ་དྲུག་གི་དཀྱིལ་འཁོར་སྒོམ་པའི་ངེས་པ་ཡང་། ནམ་མཁའ་ཡེ་ཤེས་བསྣན་པས་ཁམས་དྲུག་དང་། རྣམ་ཤེས་ཚོགས་དྲུག་དང་། གསང་བའི་འཁོར་ལོ་བསྣན་པས་འཁོར་ལོ་དྲུག་ལ་སོགས་པ་དྲུག་ཚན་གྱི་ཆོས་རྣམས་སྦྱང་བའི་ཕྱིར་དུ་ལྷ་གཙོ་འཁོར་དྲུག་པ་གསུངས་ཏེ། འཁོར་ལོ་བསྒྱུར་བ་དྲུག་གི་དཀྱིལ་འཁོར་གསུངས་པ་ལྟ་བུ་དང་། རྡོ་རྗེ་རྣམ་འཇོམས་ལྷ་དྲུག་གི་དཀྱིལ་འཁོར་ལྟ་བུའོ། །ལྷ་བདུན་སྒོམ་པའི་ངེས་པའང་། །ཀུན་གཞི་གནས་སུ་བཏང་ནས། ཚོགས་དྲུག་ཉོན་ཡིད་དང་བདུན་སྦྱང་བའི་ཕྱིར་དུ་བདེ་མཆོག་ཡི་གེ་བདུན་པའི་དཀྱིལ་འཁོར་གསུངས་པ་ལྟ་བུའོ། །དེ་བཞིན་དུ་ལྷ་བརྒྱད་ཀྱི་ངེས་པ་ཡང་། རྣམ་ཤེས་ཚོགས་བརྒྱད་སྦྱོང་བའི་ཕྱིར་དུ་ལྷ་བརྒྱད་གསུངས་པ་རྣམས་ཏེ། འདི་ནི། དྲུག་པ་ཡིད་ཀྱི་སྤྲུལ་པ་སྟེ། །དག་པ་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པའོ། །ཞེས་མ་རྒྱུད་ཀྱི་གཞུང་ལ་ལར་གསུངས་པ་ལྟ་བུ་ལ་འགྲེལ་པར་བཤད། དེ་བཞིན་དུ་ལྷ་དགུ་གསུངས་པའི་ངེས་པ་ནི། རྣམ་པར་ཤེས་པའི་ཚོགས་བརྒྱད་དང་། དེའི་ཡུལ་གཅིག་ཏུ་བྱས་པས་ཏེ་དགུ་དང་། གཞན་ཡང་དགུ་ཚན་གྱི་ཆོས་རྣམས་སྦྱང་བར་བྱ་བའི་ཐབས་ཏེ། དཔེར་ན་སྙིང་གའི་རྩ་འདབ་བརྒྱད་དབུས་དང་དགུ་སྦྱང་བའི་ཕྱིར་དུ་དགྱེས་རྡོར་ལྷ་དགུ་གསུངས་པ་ལྟ་བུའོ། །དེ་བཞིན་དུ་བཅུའི་ངེས་པ་ནི། རྩ་བ་དང་ཡན་ལག་གི་རླུང་བཅུ་དང་ས་བཅུ་དང་དེ་ལ་སོགས་པ་བཅུ་ཚན་གྱི་ཆོས་རྣམས་སྦྱང་བའི་ཕྱིར་དུ་གཙོ་འཁོར་བཅུ་པ་གསུངས་ཏེ། ཡང་དག་གི་དཀྱིལ་འཁོར་ལྟ་བུ་ཡིན་པར་གསུངས་སོ། །དེ་བཞིན་དུ་བཅོ་ལྔ་གསུངས་པའི་ངེས་པ་ཡང་། ཕུང་པོ་ལྔ་དང་ཁམས་ལྔ་དང་དབང་པོ་ལྔ་དང་བཅོ་ལྔ་སྦྱང་བའི་ཕྱིར་དུ་གཙོ་འཁོར་བཅོ་ལྔ་པ་གསུངས་ཏེ། བདག་མེད་ལྷ་མོ་བཅོ་ལྔ་ལྟ་བུའོ། །གཞན་ཡང་ཡེ་ཤེས་ལ་སོགས་པའི་ཕུང་པོ་དྲུག་དང་ཁམས་དྲུག་དང་དབང་པོ་དྲུག་དང་ཡུལ་དྲུག་གི་དབྱེ་བས། ལྷ་གཙོ་འཁོར་དྲུག་པ་གསུངས་པ་དང་། ཐབས་ཤེས་རབ་ཀྱི་དབྱེ་བས་བཅུ་གཉིས་པ་གསུངས་པ་དང་དྲུག་ཚན་གསུམ་སྦྱང་བའི་ཕྱིར་དུ་གཙོ་འཁོར་བཅོ་བརྒྱད་པ་དང་། དྲུག་ཚན་བཞི་སྤྱང་བའི་ཕྱིར་དུ་ཉེར་བཞི་པ་དང་། ཡེ་ཤེས་ཀྱི་ཁམས་དང་ཕུང་པོ་གཉིས་གཅིག་ཏུ་བྱས་ནས་ཉེར་གཉིས་པ་དང་། དྲུག་དྲུག་གི་ཚན་པ་དེ་བཞིན་དུ། སྦྱང་གཞི་དང་མཐུན་པའི་སྦྱོང་བར་བྱེད་པའི་དཀྱིལ་འཁོར། དབང་པོ་དྲུག་དང་བཅས་པ་ལ་བརྟེན་པའི་དཀྱིལ་འཁོར་ནི། དེ་དག་ལ་ཕུང་པོ་ལྔ་སྦྱང་བའི་ལྷ་ལྔ་པ་དང་། ནམ་མཁའ་ཡེ་ཤེས་ཁྱབ་བྱེད་དུ་བཏང་བའི་ཁམས་བཞི་བསྣན་པས་དགུ་པ་དང་། ཕུང་པོ་དྲུག་དང་། ཁམས་དྲུག་སྟེ་བཅུ་གཉིས། དབང་པོ་ཡུལ་སྣང་གཅིག་ཏུ་བྱས་པས་བཅུ་གསུམ་པ་དང་། ཕུང་པོ་ལྔ་ཁམས་ལྔའི་སྟེང་དུ་སྐྱེ་མཆེད་བཅུ་གཉིས་དང་ལུས་ངག་ཡིད་གསུམ་བསྣན་པས་ཉེར་ལྔ་པ་དང་། དེ་བཞིན་དུ་དབང་པོ་ལྔ་དང་ཡུལ་ལྔ་དང་ཕུང་པོ་ལྔ་དང་ཁམས་ལྔའི་སྟེང་དུ་སྐྱེ་མཆེད་བཅུ་གཉིས་བསྣན་པས་སོ་གཉིས་པའམ། མགྲིན་པ་དང་གསང་བའི་འཁོར་ལོའི་རྩ་འདབ་སོ་གཉིས་སྦྱོང་བའི་ཕྱིར་དུ་ལྷ་སོ་གཉིས་པ་དང་། དེ་བཞིན་དུ་ཕུང་ཁམས་དབང་ཡུལ་དྲུག་ཚན་དུ་ཕྱེ་བའི་ཉེར་བཞིའི་སྟེང་དུ་ལག་པ་དང་རྐང་པ་དང་ངག་དང་གཤང་བའི་དབང་པོ་དང་གཅི་བའི་དབང་པོ་དང་དབང་པོ་མཆོག་སྟེ་ལས་དབང་དྲུག་དང་ལུས་ངག་སེམས་ཡེ་ཤེས་བཞི་བསྣན་པས་སོ་བཞི་པ་དང་། ཕུང་ཁམས་དབང་ཡུལ་ལས་དབང་ལས་ཀྱི་དབང་པོའི་བྱ་བ་དང་བཅས་པས་དྲུག་དྲུག་སོ་དྲུག་གི་སྟེང་དུ་ལུས་ངག་གཅིག་པ་ཉིད་བསྣན་པས་སོ་བདུན་དུ་འགྱུར་བ་དང་། དེ་བཞིན་དུ་ཕུང་པོ་ལྔ་ཁམས་ལྔ་དབང་པོ་ལྔ་ཡུལ་ལྔ་ཡུལ་ཅན་ལྔ་སྟེ་ཉི་ཤུ་རྩ་ལྔ་ལ་ལུས་དང་བསམ་པའི་དབྱེ་བས་ལྔ་བཅུ། དེ་ལ་ཡུལ་དང་ཡུལ་ཅན་གྱི་དབྱེ་བས་རིགས་བྱེ་བ་ཕྲག་དུ་མའི་བར་དུ་འགྱུར་བའང་བཤད་དོ། །དེ་ལྟར་ན། ལྷའི་དཀྱིལ་འཁོར་གྱི་འཁོར་ལོའི་ཡན་ལག་གི་དབྱེ་བ་རྒྱས་པར་བསྟན་པ་ནི། སྔར་བཤད་པའི་ཙ་རླུང་ཐིག་ལེ་འཁོར་ལོའི་གྲངས་ཀྱིས་བསྟན་པ་ཡིན་ཏེ། དེ་ཡང་དུས་འཁོར་ལས། རྒྱུ་སྐར་གྱི་ཆུ་ཚོད་དང་སྦྱར་ནས་སྟོང་དྲུག་བརྒྱ་ཉི་ཤུའི་དཀྱིལ་འཁོར་དང་། དཔལ་མཁའ་འགྲོ་རྒྱ་མཚོ་ལས་དུར་ཁྲོད་ཀྱི་ལྷ་དང་བཅས་པའི་ཉིས་སྟོང་བརྒྱད་བཅུ་རྩ་བརྒྱད་ལན་བཅུ་གཉིས་སུ་འཁོར་བ་ལ་སོགས་པ་རྣམས་ཀྱང་གསུངས་ཏེ། མདོར་བསྡུ་ན། སེམས་ཅན་གྱི་རྣམ་རྟོག་གི་གྲངས་བཞིན་དུ། དེའི་གཉེན་པོར་བསྟན་པ་ཡིན་ཏེ། དེ་བཞིན་དུ་ཞལ་དང་ཕྱག་མཚན་ལ་ཡང་། ཞལ་གཅིག་པ་དང་། ཞལ་གཉིས་པ་དང་། ཞལ་གཅིག་ཕྱག་གཉིས་པ་དང་། ཞལ་གསུམ་ཕྱག་དྲུག་པ་ལའང་དེ་བཞིན་དུ་སྦྱར་ཚུལ་ཤེས་པར་བྱའོ། །ཚུལ་འདི་དག་ནི། ཧེ་བཛྭ་ལས། རིགས་གཅིག་ལ་ནི་དེ་བཞིན་གཤེགས་པའི་ཚོགས། །རིགས་ཀྱི་ཚོགས་ལ་རིགས་ནི་རྣམ་པ་བརྒྱ། །དེ་རྣམས་རིགས་ལ་འབུམ་ཕྲག་རིགས་ཅན་རྣམས། །བྱེ་བའི་རིགས་ལ་གྲངས་ནི་མེད་པར་འགྱུར། །དེ་ལ་གྲངས་མེད་རིགས་ལས་རིགས་ཆེན་རྣམས། །མཆོག་ཏུ་དགའ་བའི་རིགས་ལས་འབྱུང་བའོ། །ཞེས་གསུངས་པའི་དོན་ནོ། །གཉིས་པ་ལུས་ལ་དཀྱིལ་འཁོར་འགྲུབ་ཚུལ་ཁ་འཕང་བ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ལུས་ལ་དཀྱིལ་འཁོར་བཤད་པ་ནི། །ཕྱི་རོལ་ཇི་བཞིན་ས་དང་ཐིག །དབྱིབས་དང་བཅས་པ་བསྡུས་པ་ནི། །ཁོ་བོས་དཀྱིལ་འཁོར་སྣང་བར་བཤད། །ཅེས་པའོ། །གཉིས་པ་ནི། ནང་རྡོ་རྗེའི་ལུས་ལ་དཀྱིལ་འཁོར་བཤད་པ་ནི། ཕྱི་རོལ་གྱི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ། དཀྱིལ་འཁོར་གྱི་ས་གཞི་དང་ཐིག་དང་གྲུ་བཞི་ལ་སོགས་པའི་དབྱིབས་དང་བཅས་པ་བསྡུས་པ་ནི། ཁོ་བོས་དཀྱིལ་འཁོར་གྱི་སྣང་བ་ཞེས་བྱ་བའི་བསྟན་བཅོས་དེ་ཉིད་དུ་བཤད་ཟིན་ཏོ་ཞེས་པའི་དོན་ཏེ། དེ་ཡང་དཀྱིལ་འཁོར་སྣང་བ་རང་འགྲེལ་དུ་དྲངས་པ་ལས། རྐང་པའི་ཞབས་སུ་རྩོམ་ཆེན་རླུང་། །གཞུ་ཡི་དབྱིབས་སུ་རྣམ་པར་གནས། །ཤེས་འབྱུང་བ་རིམས་བརྩེགས་དང་། སིནྡྷུ་རྡོ་རྗེའི་ཐིག་ཟླུམ་པོ། །ཞེས་ནང་གི་དཀྱིལ་འཁོར་གྱི་སྐབས་སུ་བཤད་ལ། འདི་དག་གི་ཚུལ་ནི་ཇི་སྐད་དུ་སམྦུ་ཊ་ལས། ལྷ་ལགས་ཉན་པར་འཚལ་ལགས་ན། །ནང་གི་དཀྱིལ་འཁོར་མཆོད་པ་ལ། །སོགས་པའི་ལས་ནི་ཇི་ལྟར་ལགས། །སྦྱིན་བསྲེག་ལས་ནི་མི་འཚལ་བས། །བདེ་བ་ཆེན་པོས་བཤད་དུ་གསོལ། །ཞེས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །ཧེ་རུ་ཀ་ལ་སོགས་པའི་ལྷ། །རྩ་གཟུགས་མཛེས་པར་ཡང་དག་འབྱུང་། །ལུས་ཀྱི་དཀྱིལ་འཁོར་ཉམས་དགའ་བར། །སྒོ་བཞི་ཇི་སྐད་གསུངས་པའོ། །རང་གི་ཡན་ལག་བརྒྱད་བྱུང་བས། །ཀ་བ་དེ་ཡི་བསྐོར་ནས་གནས། །ཤེས་པ་དང་། རྐང་པའི་མཐིལ་དུ་རྩོམ་ཆེན་རླུང་། །གཞུ་ཡི་དབྱིབས་སུ་རྣམ་པར་གནས། །སུམ་མདོ་ཡི་ནི་གནས་སུ་ནི། །དེ་བཞིན་གྲུ་གསུམ་འབར་བ་ཉིད། །ཅེས་སོགས་རྒྱ་ཆེར་གསུངས་པ་དང་། །ངེས་བརྗོད་ལས་ཀྱང་དེ་ལྟར་གསུངས་ཤིང་། དུས་འཁོར་བསྡུས་རྒྱུད་ལས། ཀ་བ་རྣམས་དང་རྡོ་རྗེ་ཕྲེང་བ་ས་ཡི་དཀྱིལ་འཁོར་རྩིག་པ་ཉིད་ནི་རུས་པ་རྣམས་ཀྱི་མཛོད། །ཤ་ཁྲག་ཆུ་དང་གཤང་བ་རྣམས་ཀྱིས་ལྷ་དང་གཤིན་རྗེ་ནོར་སྦྱིན་གཞན་དུ་རྡུལ་ཚོན་གདབ་པ་སྟེ། །མཁྲིས་པ་བད་ཀན་གྱིས་ནི་ཉི་མ་རི་བོང་ཅན་ཡང་དེ་བཞིན་ཆུ་རྒྱུས་རྣམས་ཀྱིས་ཆུ་སྐྱེས་རྣམས། ར་བ་ལྔ་ཡི་རེ་ཁ་ས་དང་ཆུ་དང་བསྲེག་ཟ་རླུང་དང་ནམ་མཁའ་ལས་སྐྱེས་རྣམས་ཀྱིས་སོ། །དུས་ཀྱི་རྩ་ཡི་གཙོ་བོའི་ཆུ་སྐྱེས་གཡོ་བ་མེ་ཡི་དཀྱིལ་འཁོར་ལ་སོགས་ལྤགས་པ་ལ་སོགས་ཀྱིས། །ཉི་མའི་སྒོ་རྣམས་བུག་པ་རྣམས་ཀྱིས་ནོར་བུའི་རང་བཞིན་བཀོད་པ་སོ་ཡི་ཕྲེང་བ་དེ་བཞིན་ཉིད། །དུར་ཁྲོད་བརྒྱད་དུ་འཁོར་ལོ་གཡོ་བའི་དཀྱིལ་འཁོར་ལ་གནས་རྣམས་ནི་སོར་མོ་རྣམས་ཀྱི་སེན་མོ་ཡིས། །བ་སྤུ་རྣམས་ཀྱི་རྡོ་རྗེ་མེ་ལྕེ་དཀྱིལ་འཁོར་གྱི་ནི་མཐའ་རུ་ཕྱོགས་དང་ཕྱོགས་བྲལ་དག་ལ་གནས། །དེ་ལྟར་ངེས་པར་སྐུ་ཡི་རྡོ་རྗེ་མཆོག་གི་ཡོན་ལྟར་ངེས་པར་སྐུ་ཡི་རྡོ་རྗེ་མཆོག་གི་ཡོན་ཏན་རྣམ་མང་དཀྱིལ་འཁོར་གྱི་ནི་རྣམ་པར་གསུངས། ཤེས་གསུངས་པས་སོ། །གསུམ་པ་ཐབས་དང་ཤེས་རབ་ཀྱི་རྣམ་གྲངས་བཤད་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཕན་ཚུན་ཐབས་དང་ཤེས་རབ་དང་། །གཡས་གཡོན་ལུས་སེམས་དཀར་དམར་དང་། །རྟེན་དང་བརྟེན་པ་མ་ལུས་པ། །ཐབས་དང་ཤེས་རབ་རང་བཞིན་གསུངས། །ཤེས་པའོ། །གཉིས་པ་ནི། གོང་དུ་ཇི་སྐད་བཤད་པའི་ལྷ་དང་དཀྱིལ་འཁོར་གྱི་དབྱེ་བ་དེ་དག་ཐམས་ཅད་ཀྱང་ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་གནས་པ་དང་། ཕྱིར་ཤེས་བྱ་ཐམས་ཅད་ཀྱང་བདེན་པ་གཉིས་ཀྱི་རང་བཞིན་ལས་མ་འདས་པའི་ཕྱིར། ཐབས་དང་ཤེས་རབ་ཀྱི་རྣམ་བཞག་བཤད་ན། ཕན་ཚུན་ཐབས་དང་ཤེས་རབ་ཀྱི་ཚུལ་ནི། གང་གི་ཚེ་གཡས་པ་ཐབས་སུ་བརྗོད་པ་དེའི་ཚེ་གཡོན་པ་ཤེས་རབ་ཏུ་འགྱུར་ཞིང་། གང་གི་ཚེ་ལུས་སེམས་ཐབས་དང་ཤེས་རབ་ནི་ལུས་ཐབས་སུ་གྱུར་པ་ན་སེམས་ཤེས་རབ་ཏུ་འགྱུར་བ་དང་། དཀར་དམར་ཐབས་དང་ཤེས་རབ་ནི་ཐབས་ཀྱི་ལུས་ལས་བྱུང་བའི་དཀར་ཆ་ཤེས་རབ་ཏུ་འགྱུར་བའི་ཚེ་ཤེས་རབ་ཀྱི་ལུས་ལས་བྱུང་བའི་དམར་ཆ་ནི་ཐབས་སུ་འགྱུར་རོ། །རྟེན་བརྟེན་པའི་ཐབས་ཤེས་ནི། འཇིག་རྟེན་གྱི་ཁམས་ཐབས་སུ་བཤད་ན། དེ་ལ་བརྟེན་པའི་སེམས་ཅན་རྣམས་ཤེས་རབ་ཏུ་འགྱུར་བའོ། །དེ་ཕན་ཚུན་བཟློག་ནས་བཤད་པའང་རུང་སྟེ། གང་གི་ཚེ་གཡས་ཕྱོགས་ཤེས་རབ་ཏུ་འགྱུར་བ་དེའི་ཚེ་གཡོན་པ་ཐབས་སུ་འགྱུར་བའི་ཕྱིར་ཚུལ་དེ་ལྟ་བུ་ཡང་ཤེས་པར་བྱའོ། །རིམ་པ་འདི་དག་ལ་བརྟེན་ནས་རྒྱས་གདབ་ཀྱི་ཚུལ་ཐམས་ཅད་ཀྱང་ཤེས་པར་འགྱུར་ཏེ། དུས་འཁོར་ལས། ཤར་ནུབ་ལྷོ་བྱང་སྟེང་འོག་རྣམས་ཕན་ཚུན་མཁྱུད་པས་ཐབས་ཤེས་སུ་གསུངས་པ་ནི། རིགས་གཞན་གྱི་རྒྱས་གདབ། རྒྱུ་འབྲས་ཀྱི་ཚུལ་ཡང་བཤད་ལ། གཡས་གཡོན་རྩ་རླུང་གི་རིམ་པ་ཡིན་པ་དང་། ལུས་ལ་སེམས་ཀྱིས་རྒྱས་གདབ་པ་ནི་མ་ལོག་པའི་རྒྱས་གདབ་ཅེས་བྱ་སྟེ། རིམ་པ་འདི་དག་ནི་དགྱེས་རྡོར་ལས་ཀྱང་། སེམས་ལུས་དང་ལྡན་ན་གནས་པ་དང་། ལུས་སེམས་དང་ལྡན་ན་མཛེས་པའི་ཕྱིར། སྐུ་ལ་ཐུགས་ཀྱིས་རྒྱས་གདབ་པ་དང་། སེམས་ལ་སྐུ་ཡིས་རྒྱས་གདབ་པ་དང་། འདོད་ཆགས་འོད་དཔག་མེད་ལ་སེར་སྣ་རིན་འབྱུང་གིས་རྒྱས་གདབ་པ་དང་། ཕྲག་དོག་དོན་གྲུབ་ལ་འདོད་ཆགས་སྣང་མཐས་རྒྱས་གདབ་པར་གསུངས་ཤིང་། དཀར་དམར་དང་ཟླ་ཉི་ལ་སོགས་པ། བདེ་བ་ལ་སྟོང་པ། སྟོང་པ་ལ་བདེ་བའི་རྒྱས་གདབ། ནམ་མཁའ་དང་ཡེ་ཤེས་ཀྱི་རང་བཞིན་ཏེ། རྟེན་དང་བརྟེན་པ་རྒྱུ་ལ་འབྲས་བུས། འབྲས་བུ་ལ་རྒྱུས། ཆུ་ཁམས་ལ་མེ། མེ་ཁམས་ལ་རླུང་ལ་སོགས་པའི་རྒྱས་གདབ་དཔག་ཏུ་མེད་པ་གསུངས་མོད། དེ་ཙམ་གྱི་གོ་ནུས་པས་འདིར་མ་སྤྲོས་སོ། །བཞི་པ་བརྗོད་བྱེད་རྒྱུད་ཀྱི་ཁྱད་པར་བསྟན་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཤེས་རབ་གཙོར་བསྟན་ཤེས་རབ་རྒྱུད། །ཐབས་གཙོར་བསྟན་པ་ཕ་རྒྱུད་དེ། །ཀུན་ཀྱང་གཉིས་མེད་རང་བཞིན་ཡིན། །ཞེས་པའོ། །གཉིས་པ་ནི། དེ་ལྟར་དཀྱིལ་འཁོར་གྱི་རྐང་གྲངས་སྟོན་པའི་བླ་མེད་ཀྱི་རྒྱུད་སྡེ་རྣམས་ལ། དྲང་དོན་ཀུན་རྫོབ་ཀྱི་དབང་དུ་བྱས་པའི་དབྱེ་བ་བྱས་ན། ཤེས་རབ་སྟེ་དོན་དམ་སྟོང་ཉིད་ཀྱི་ཆ་གཙོ་བོར་སྟོན་པའི་རྒྱུད་རྣམས་ནི་ཤེས་རབ་ཀྱི་རྒྱུད་དང་། ཐབས་ཏེ་བསྐྱེད་རིམ་ལ་སོགས་པ་ཐབས་ཀྱི་ཡན་ལག་གཙོ་བོར་སྟོན་པའི་རྒྱུད་རྣམས་ནི་ཕ་རྒྱུད་ཡིན་ནོ། །ཞེས་འཆད། རྒྱུད་སྡེའི་དབྱེ་བ་བྱེད་པ་ལ་ལས། དཀྱིལ་འཁོར་གྱི་གཙོ་བོ་དང་ལྷ་ལ། ཕོ་གཙོ་ཆེ་བ་རྣམས་ནི་ཐབས་ཀྱི་རྒྱུད་དང་། མོ་གཙོ་ཆེ་བ་རྣམས་ནི་ཤེས་རབ་ཀྱི་རྒྱུད་དུ་བཤད་ཀྱང་དེ་དག་མ་ཡིན་པ་ནི་གོ་སླའོ། །ཡང་ལ་ལས། རྒྱན་གྱིས་འབྱེད་པར་བྱེད་དེ། ཕ་རྒྱུད་ལ་རིན་པོ་ཆེ་གཙོ་ཆེ་བ་དང་། མ་རྒྱུད་ལ་རུས་པའི་རྒྱན་གྱིས་ཁྱད་པར་འབྱེད་ཀྱང་། དེ་ཡང་མ་ངེས་སོ། །ཡང་དབྱེ་བ་བྱེད་པ་གཞན་དག །ལྷ་ཕོས་ཞུས་པ་ནི་ཕ་རྒྱུད། མོས་ཞུས་པ་ནི་མ་རྒྱུད་དུ་འདོད་ཀྱང་། ངེས་པ་མེད་དེ། འདུས་པ་ལྷ་མོ་བཞིས་ཞུས་དང་། རྟག་པ་དང་པོ་ལྟ་བུའོ། །ངེས་པའི་དོན་དུ་ནི། བླ་མེད་ཀྱི་རྒྱུད་སྡེ་ཀུན་ཀྱང་གཉིས་མེད་ཀྱི་རང་བཞིན་དུ་འདོད་དགོས་པ་ཡིན་ཏེ། ཐབས་ཤེས་ཆ་མ་སྙོམས་པར་བཤད་ན། ལམ་གྱི་ཡན་ལག་ཡོངས་སུ་མ་རྫོགས་པའི་ཕྱིར་རོ། །ཚུལ་དེ་དག་ནི་ཇི་སྐད་དུ། མ་རྒྱུད་ཧེ་བཛྭ་ལས། ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ན་ང་ཡིས་བཤད་ཀྱིས་ཉོན། །ཞེས་པ་དང་། ཕ་རྒྱུད་དུ་འདོད་པའི་འདུས་པའི་ལུང་དྲི་མེད་འོད་དུ་དྲངས་པ་ལས། ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་པར་མངོན་པར་བརྗོད། །འདུས་པ་སྦྱོར་བར་རབ་གསུངས་ཏེ། །སངས་རྒྱས་ཐམས་ཅད་མངོན་བརྗོད་བྱེད། །ཅེས་དང་། དང་པོའི་སངས་རྒྱས་ལས། ཐབས་ཀྱི་ལུས་ཀྱི་རྣལ་འབྱོར་མིན། །ཤེས་རབ་གཅིག་པུས་འགྱུར་མ་ཡིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །དེ་བཞིན་གཤེགས་པས་རྣལ་འབྱོར་གསུངས། །ཤེས་པ་དང་། ཧེ་བཛྭ་ལས། གང་ཕྱིར་ཐབས་ནི་འབྱུང་བ་ཉིད། །འཇིག་པ་ཤེས་རབ་སྲིད་མཐར་བྱེད། །ཅེས་སོགས་རྒྱ་ཆེར་གསུངས་པའི་དོན་ནོ། །ལྔ་པ་བརྗོད་བྱ་བསྐྱེད་རྫོགས་ཀྱི་ངེས་པ་བཤད་པ་ལ། ཐབས་ཤེས་སུ་འགྱུར་ཚུལ་སྤྱིར་བཤད་པ་དང་། བསྐྱེད་རྫོགས་ཀྱི་ངེས་པ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། མིག་ནི་ཐབས་ཏེ་གཟུགས་ཤེས་རབ། །གཟུགས་ནི་ཐབས་གྱུར་མིག་ཤེས་རབ། །རོ་མ་ཐབས་ཏེ་རླུང་ཤེས་རབ། །བརྐྱང་མ་ཤེས་རབ་རླུང་ནི་ཐབས། །སྐྱེས་བུ་ཐབས་ཏེ་སེམས་ཤེས་རབ། །བུད་མེད་ཤེས་རབ་སེམས་ནི་ཐབས། །དབུས་ནི་ཤེས་རབ་ཕྱོགས་ནི་ཐབས། །དོན་དམ་ཐབས་ཏེ་ཀུན་རྫོབ་ནི། །ཤེས་རབ་དེ་བཞིན་བཟློག་པའང་ཡིན། །དེ་སོགས་དཔག་མེད་ཤེས་པར་བྱ། །ཁ་དོག་ཡོན་ཏན་རིམ་པ་རྣམས། །རླུང་དུ་ཇི་སྐད་བསྟན་བཞིན་གསུངས། །ཤེས་པའོ། །གཉིས་པ་ནི། འདི་དག་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ལས་རྒྱས་པར་འབྱུང་བའི་དོན་མདོར་བསྡུས་ཏེ་བསྟན་པ་ཡིན་པས། གང་གི་ཚེ་མིག་ཐབས་སུ་གྱུར་པ་དེའི་ཚེ། གཟུགས་ཤེས་རབ་བོ། །གང་གི་ཚེ་གཟུགས་ཐབས་སུ་གྱུར་པ་དེའི་ཚེ་མིག་ཤེས་རབ་བོ། །དེ་བཞིན་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་རྣམས་ཐབས་སུ་གྱུར་བ་དེའི་ཚེ་རྣ་བ་ལ་སོགས་པ་ཤེས་རབ་བོ། །གང་གི་ཚེ་རྣ་བ་ལ་སོགས་པ་ཐབས་སུ་གྱུར་པ་དེའི་ཚེ་སྒྲ་ལ་སོགས་པ་ཤེས་རབ་ཏུ་འགྱུར་བའི་ཚུལ་རྣམས་ཀྱང་ཤེས་པར་བྱ་སྟེ། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་། མིག་སའི་སྙིང་པོར་གསུངས་ནས། གཟུགས་ལ་སོགས་ལ་སྦྱོར་བ་སྒོམ། །ཞེས་རང་འགྲེལ་དུ་དྲངས་པ་ལྟར་ས་སྙིང་དང་། གཟུགས་རྡོ་རྗེ་མ་ཐབས་ཤེས་སུ་གསུངས་པའང་འདིའི་དགོངས་པའོ། །དེ་བཞིན་དུ་རྩ་རོ་མ་ཐབས་སུ་གྱུར་པ་ན་དེའི་རླུང་ཤེས་རབ་དང་། བརྐྱང་མ་ཤེས་རབ་ཏུ་གྱུར་ན་དེ་ལས་བྱུང་བའི་རླུང་ཐབས་དང་། སྐྱེས་བུ་ཐབས་ཡིན་ན་སེམས་ཤེས་རབ་དང་། བུད་མེད་ཤེས་རབ་ཏུ་གྱུར་ན་སེམས་ཐབས་དང་། དབུས་ཤེས་རབ་ཏུ་སོང་ན་ཕྱོགས་རྣམས་ཐབས་དང་། དོན་དམ་ཐབས་སུ་སོང་ན་ཀུན་རྫོབ་ཤེས་རབ་ཏུ་འགྱུར་ཞིང་། དེ་ལས་བཟློག་སྟེ། མིག་ཤེས་རབ་དང་། གཟུགས་ཐབས་ཀྱི་ཚུལ་སྔར་ལྟར་ཡང་སྒོམ་དུ་རུང་ཞིང་། དེ་ཉིད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་ཁོང་དུ་ཆུད་པ་ཡིན་པས་རྒྱར་མ་ཆད་པའི་ཚུལ་ཁོང་དུ་ཆུད་པར་བྱ་སྟེ། དེ་སྐད་དུ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་ལུང་རང་འགྲེལ་དུ་དྲངས་པ་ལས། གང་གིས་རྟེན་ཅིང་འབྲེལ་པར་འབྱུང་། །ཐུབ་པས་ཡང་དག་དོན་དུ་གཟིགས། །དེ་ཡིས་འགྲོ་བ་སྟོང་པར་མཁྱེན། །ཞེས་གསུངས་པ་དང་། དཔལ་འཕྲེང་གི་མདོ་རང་འགྲེལ་དུ་དྲངས་པ་ལས། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ལ་བརྟེན་ནས་རྣམ་པར་གྲོལ་ཐོབ་པ་འདི་ནི། དེ་བཞིན་གཤེགས་པའི་སྙིང་པོ་ལ་འཇུག་པའི་ཐབས་ལགས་སོ། །ཞེས་གསུངས་པས་སོ། །དེ་ལྟ་བུའི་ཚུལ་ལ་སོགས་པ་དཔག་ཏུ་མེད་པར། ཐབས་དང་ཤེས་རབ་ཀྱི་སྦྱོར་ཚུལ་དེ་བཞིན་དུ་བརྟགས་ནས་ཤེས་པར་བྱ་ཞིང་། ཁ་དོག་ལ་སོགས་པའི་ཐབས་དང་ཤེས་རབ་ཏུ་འགྱུར་ཚུལ་དང་། དེ་ལྟར་བསྒོམས་པའི་ཡོན་ཏན་རྣམས་ནི། སྔར་རླུང་གི་སྐབས་སུ་ཇི་སྐད་བཤད་པ་བཞིན་དུ་གསུངས་པ་ཡིན་ཏེ། དེའང་། ས་རླུང་ཐབས་ཤེས། སེར་ནག་ཐབས་ཤེས། དཀར་དམར་ཐབས་ཤེས་ལ་སོགས་པ་ཡིན་པར་གོ་ཞིང་། ཡོན་ཏན་ནི། ཆུས་སྣུམ་པ་ལ་སོགས་ཡིན་པར་ཤེས་པར་བྱའོ། །གཉིས་པ་བསྐྱེད་རྫོགས་ཀྱི་ངེས་པ་བཤད་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དབྱིབས་སྐུ་རླུང་དང་བརྗོད་པ་སྔགས། །ཡིད་ནི་ཐིག་ལེ་རྫོགས་རིམ་བརྗོད། །སྐྱེ་བ་བསྐྱེད་རིམ་བསྟན་པ་སྟེ། །འཆི་བ་རྫོགས་རིམ་ཉིད་ཡིན་ནོ། །ཀུན་བཏགས་བསྐྱེད་རིམ་ཞེས་བྱ་སྟེ། །གཞན་དབང་འབྲེལ་པ་རྫོགས་རིམ་བཤད། །བདེན་གཉིས་ཐབས་རྣམས་བསྐྱེད་རིམ་སྟེ། །དབྱེར་མེད་ཤེས་རབ་རྫོགས་རིམ་གསུངས། །ཤེས་པའོ། །གཉིས་པ་ནི། དེ་ལ་བསྐྱེད་པའི་རིམ་པ་ནི། ཐོག་མར་སྟོང་པ་ལས། ས་བོན་ཕྱག་མཚན་བསྒྱུར་ནས་དབྱིབས་ཞལ་ཕྱག་གི་རྣམ་པ་ཅན་གྱི་སྐུ་བསྐྱེད་པ་དང་། རླུང་ལ་བརྟེན་ནས་སྒྲ་བཅས་ཀྱི་བརྗོད་པ་སྔགས་ཀྱི་བཟླས་པ་གང་ཡིན་པ་དེ་དག་ནི་བསྐྱེད་པའི་རིམ་པ་སྟེ། ཟབ་པའི་བསྐྱེད་རིམ་གྱི་དབང་དུ་བྱས་ན། སྒྲ་མེད་ཀྱི་བཟླས་པ་ལ་བརྟེན་པ་དང་། ཐིག་ལེ་དང་ནཱ་ད་ལ་དམིགས་ནས་སེམས་འཛིན་པའང་ཡོད་དེ། བསྐྱེད་རིམ་གྱི་སྒྲ་བཤད་ན། བྱིས་པ་རིམ་གྱི་སྐྱེ་བ་དང་ཆོས་མཐུན་པར། གདན་ས་བོན་ལས་སྐུ་ཡོངས་སུ་རྫོགས་པར་རིམ་གྱི་བསྐྱེད་པའི་དོན་གྱིས་ན་བསྐྱེད་རིམ་ཞེས་བྱའོ། །འོ་ན་ཀྲོངས་ཏེ་བསྐྱེད་པ་ལ་སྒྲ་མི་འཇུག་པར་འགྱུར་རོ་ཞེ་ན། འགལ་བ་མེད་དེ། ཀུན་སློང་ལས་རིམ་གྱི་འབྱུང་བའི་ཕྱིར་དང་། སྔོན་གྱི་ལས་ལས་གྲུབ་པའི་སྦྱང་གཞི་དང་མཐུན་པའི་ཕྱིར། རྫོགས་རིམ་གྱི་སྒྲ་དོན་ནི། རིམ་པ་ལྟར་དུ། སྣོད་བཅུད་ལ་སེམས་བསྡུས་ནས་ཐིག་ལེ་དང་ནཱ་ད་ལས་རིམ་གྱིས་ཁ་དོག་དང་དབྱིབས་དང་། བཟླས་པའི་རིམ་པ་རྣམས་རིམ་གྱི་འགགས་ཏེ་རྫོགས་ནས། །དམིགས་མེད་ཀྱི་ངང་དུ་འཇོག་པའི་རིམ་པ་ལ་བརྗོད་དེ། འདི་ལའང་རྫོགས་རིམ་ཞེས་པའི་སྒྲ་བཤད་ན། དམིགས་པའི་ཡུལ་རགས་པ་སྤྲོས་བཅས་རྣམས་རིམ་གྱིས་འགགས་ཏེ་རྫོགས་ནས། སྤྲོས་མེད་ལ་འཇོག་པའི་རིམ་པ་ཡིན་པའི་དོན་གྱིས་ན། རྫོགས་རིམ་ཞེས་བྱའོ། །འདི་ལ་མི་ཟབ་པ་རྟོག་བཅས་ཀྱི་རྫོགས་རིམ་དང་། ཟབ་པ་སྤྲོས་མེད་ཀྱི་རྫོགས་རིམ་གཉིས་ཡོད་དོ། །བསྐྱེད་རིམ་གྱི་ཚུལ་འདི་དག་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འགྲེལ་ཆེན་དུ། འདིར་མངལ་གྱི་ལུས་བསྐྱེད་པ་ཇི་ལྟ་བ་དེ་བཞིན་དུ་ལྷ་བསྐྱེད་པ་ལ་དཀྱིལ་འཁོར་རྒྱལ་མཆོག་དང་བསྙེན་པའི་ཡན་ལག་གོ། །ངག་བསྐྱེད་པ་ཇི་ལྟ་བ་དེ་བཞིན་དུ་ལས་རྒྱལ་མཆོག་དང་ཉེ་བའི་སྒྲུབ་པའོ། །བྱང་ཆུབ་སེམས་ཀྱི་ཐིག་ལེ་བསྐྱེད་པ་ཇི་ལྟ་བ་དེ་བཞིན་དུ་ཐིག་ལེའི་རྣལ་འབྱོར་དང་སྒྲུབ་པའོ། །ཁུ་བ་འཕོ་བ་ན་བདེ་བ་བསྐྱེད་པ་ཇི་ལྟ་བ་དེ་བཞིན་དུ་ཕྲ་མོའི་རྣལ་འབྱོར་དང་བསྒྲུབ་པ་ཆེན་པོ་སྟེ། དེ་ལྟར་ཡན་ལག་བཞིའི་སྒྲུབ་པ་ནང་གི་ལེའུ་ལས་སྔར་གསུངས་པ་རྒྱ་ཆེར་སྦྱང་བར་བྱའོ་ཞེས་པ་ནི་ངེས་པའོ། །ཞེས་གསུངས་པའི་དོན་ནོ། །དེ་ཡང་འཇིག་རྟེན་གྱི་ཆགས་འཇིག་ཐམས་ཅད་དང་། །བདེན་གཉིས་རྣམས་བསྐྱེད་རྫོགས་ལ་སྦྱར་ན། །སྐྱེ་བ་བསྐྱེད་རིམ་གྱི་སྦྱང་གཞི་ཡིན་པས་བསྐྱེད་རིམ་ཞེས་བརྗོད་ལ། འཆི་བ་རྫོགས་རིམ་གྱི་སྦྱང་གཞི་ཡིན་པས། དེའི་ཐ་སྙད་རྫོགས་རིམ་ཉིད་ཡིན་པར་བརྗོད་ཅིང་། ཀུན་བཏགས་ནི་བསྐྱེད་རིམ་གྱི་སྦྱང་གཞི་ཡིན་པས་བསྐྱེད་རིམ་ཞེས་བྱ་སྟེ། རྟོག་པས་སྒྲོ་བཏགས་ནས་ལྷའི་དབྱིབས་སྒོམ་པའི་ཕྱིར། གཞན་དབང་ནི་རྫོགས་རིམ་གྱི་སྦྱང་གཞི་དང་འབྲེལ་བས་རྫོགས་རིམ་ཞེས་བྱ་སྟེ། རྣམ་པ་དང་བཅས་པའི་ཕྱི་རོལ་གྱི་སེམས་བསྡུས་ནས་ནང་དུ་ཐིག་ལེ་དང་ནཱ་ད་ལ་བརྟེན་ནས་རྣམ་པར་ཤེས་པ་ཙམ་ལ་སེམས་འཛིན་པའི་ཕྱིར། ཀུན་རྫོབ་ཀྱི་བདེན་པ་ལ་བསྐྱེད་རིམ་ཞེས་བྱ་སྟེ། བསྐྱེད་རིམ་གྱི་སྦྱང་གཞི་ཡིན་ཞིང་། བསྐྱེད་རིམ་འགྲུབ་པ་ན་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་འགྲུབ་པའི་ཕྱིར། དོན་དམ་གྱི་བདེན་པ་ལ་རྫོགས་རིམ་ཞེས་བྱ་སྟེ། རྫོགས་པའི་རིམ་པ་བསྒོམས་པ་ལ་བརྟེན་ནས་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་གཞོམ་མེད་ཀྱི་དོན་དམ་བདེན་པ་ཁོང་དུ་ཆུད་པའི་ཕྱིར། དེའང་བདེན་པ་གཉིས་ལ་འཇུག་པའི་ཐབས་རྣམས་ནི་བསྐྱེད་པའི་རིམ་པ་ཡིན་ཏེ། ཡེ་ཤེས་ཀྱི་ཡོན་ཏན་ཐམས་ཅད་རིམ་གྱི་བསྐྱེད་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །བདེན་གཉིས་དབྱེར་མེད་ཀྱི་ཤེས་རབ་ནི་རྫོགས་པའི་རིམ་པ་ཡིན་ཏེ། བདེན་གཉིས་ངོ་བོ་དབྱེར་མེད་བསྒོམས་པ་ལ་བརྟེན་ནས་སྤྲོས་མེད་དོན་དམ་པའི་བདེན་པ་སངས་རྒྱས་ཀྱི་སྙིང་པོ་ལ་འཇུག་པ་ཡིན་པའི་ཕྱིར། འདི་དག་ནི་རྣལ་འབྱོར་མ་ཀུན་དུ་སྤྱོད་པའི་རྒྱུད་ལས། ཐམས་ཅད་བདེན་པ་གཉིས་ལ་ནི། བརྟེན་པར་ངས་ནི་སྔོན་བཤད་པ། རྣལ་འབྱོར་པ་ཡིས་དངོས་གྲུབ་ཀྱིས། །སྒོམ་པ་མངོན་དགར་གྱུར་པ་ཡིན། །སྤྲོས་པ་ཀུན་ལ་དམིགས་ནས་ནི། །སྤྲོས་པས་སྤྲོས་པ་མེད་པར་བྱ། །རྒྱུད་རྣམས་ཀུན་དུ་གསང་བ་གང་། །སྤྲུལ་པ་རྣམས་ཀྱི་དེ་ཉིད་བསྟན། །རྒྱུད་འདི་ཡིས་ནི་རྣལ་འབྱོར་བ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་པ་དང་། སྦྱང་གཞི་ནི་རྒྱུད་བླ་མ་ལས། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་པས། གནས་སྐབས་སུ་ཕུང་པོ་ལྔ་ག་སྦྱང་གཞིར་གསུངས་ཀྱང་། དོན་ལ་ནི་རང་བཞིན་འོད་གསལ་བདེ་བར་གཤེགས་པའི་སྙིང་པོ་ཁོ་ན་སྦྱང་གཞིར་འདོད་དགོས་པ་ཡིན་ནོ། །གསུམ་པ་དོན་བསྡུ་བ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ལ་སོགས་པ་ཐམས་ཅད་ཀྱང་། །ཕྱི་དང་ནང་དང་གཞན་གྱི་རིམ། །ཡེ་ཤེས་གཅིག་ཏུ་སྦྱོར་བ་ནི། །རྩ་བ་མདོར་བསྡུས་བརྗོད་པ་ཡིན། །ཇི་ལྟར་ཨེ་ཝཾ་བཤད་པ་བཞིན། །ཤེས་བྱ་འཛིན་མེད་ངང་དུ་སྦྱང་། །ཞེས་པའོ། །གཉིས་པ་ནི། དེ་ལྟར་བཤད་པའི་ཐབས་ཤེས་སུ་སྦྱོར་ཚུལ་དང་། བསྐྱེད་རྫོགས་ལ་སོགས་པའི་རིམ་པ་ཐམས་ཅད་ཀྱང་ཕྱི་ནང་གཞན་གསུམ་གྱི་རིམ་པ་ལ་སྦྱོར་ཚུལ་དང་། ཐམས་ཅད་གནས་ལུགས་ཀྱི་ཡེ་ཤེས་ཉག་ཅིག་ཏུ་སྦྱོར་བའི་ཚུལ་ནི་རྩ་བ་མདོར་བསྡུས་པ་ཙམ་ཞིག་འདིར་བརྗོད་པ་ཡིན་གྱི། དེ་ལྟར་ཤེས་བྱའི་རྣམ་བཞག་ལ་རྒྱས་པར་དབྱེ་ན་དཔག་ཏུ་མེད་ཀྱང་། གནས་ལུགས་མདོར་བསྡུ་ན། གནས་ཚུལ་བདེ་བར་གཤེགས་པའི་སྙིང་པོ་གཅིག་ཉིད་དུ་འདུས་པ་ཡིན་ཏེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་མདོ་རྒྱུད་རྣམས་ལས་གསུངས་པའི་བདེ་བར་གཤེགས་པའི་ཆོས་ཐམས་ཅད་བསྡུ་ན། ཨེ་ཝཾ་གྱི་ཡི་གེ་གཉིས་སུ་འདུས་པར་གསུངས་པའི་ཕྱིར་རོ། །མདོར་ན་རྣལ་འབྱོར་པས། བདེན་པ་གཉིས་ཀྱིས་བསྡུས་པའི་ཤེས་བྱ་ཐམས་ཅད་ལ་སོ་སོར་འཛིན་པའི་རྣམ་རྟོག་སྤངས་ནས་སྤྲོས་བྲལ་འཛིན་མེད་ཀྱི་ངང་ལ་སྦྱངས་ན་ཡང་དག་པའི་བདེན་པ་ཁོང་དུ་ཆུད་པར་འགྱུར་རོ། །ཞེས་པའི་དོན་ཏོ། །ཨེ་ཝཾ་གྱི་ཡི་གེ་གཉིས་པོའི་ཚུལ་ནི། ཧེ་བཛྭ་ལས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །ཨེ་ཝཾ་རྣམ་པ་བདེ་ཆེན་པོ། །དབང་ལས་ཡང་དག་ཤེས་པར་བྱ། །ཞེས་གསུངས་པ་དང་། གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། །ཨེ་ཝཾ་ཞེས་བྱ་ཡི་གེ་གཉིས། །ཨེ་ནི་སྟོང་པ་ཉིད་དུ་བཤད། །དེ་བཞིན་ཝཾ་ནི་ཐུགས་རྗེ་དང་། །ཐིག་ལེ་དེ་ཉིད་སྦྱོར་ལས་བྱུང་། །དེ་ནི་རྣལ་འབྱོར་རྨད་མཆོག་བྱུང་། །ཨེ་ཝཾ་གཉིས་ནི་སངས་རྒྱས་དང་། །མདོར་བསྡུས་ཆོས་ཀྱི་ཕྱག་རྒྱའོ། །རྒྱལ་པོ་ཆེན་པོ་ཕྱག་རྒྱ་གཉིས། །རྒྱུད་རྣམས་སུ་ནི་ཐོག་མ་གསུངས། །ཤེས་པ་དང་། གཉིས་མེད་ཡེ་ཤེས་མཚན་མ་ནི། །རྒྱུད་ཀུན་གྱི་ནི་གླེང་གཞིར་གསུངས། ཤེས་པ་དང་། ཨེ་ཝཾ་ཞེས་བྱའི་ཡི་གེ་གཉིས། །གང་ལ་འདི་གཉིས་མེད་པ་ནི། །དེ་ལ་དེ་ཁོ་ན་ཉིད་མེད། །ཅེས་གསུངས་པ་དང་། དེའི་རྒྱས་བཤད་དུ། ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་དག་པ་སྦྱར་ནས་གསུངས་ཏེ། དེ་དག་ནི། ཨེ་ཝཾ་མ་ཡཱ་ཤུ་ཏཾ་ལཾ་ཨེ་ཀ་སྨིན་ན་མ་ཡེ་བྷ་ག་ཝཱན་སརྦྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཀྐ་ཙིཏྟ་ཧྲི་ད་ཡ་བཛྭ་ཡོ་ཥཱི་བྷ་གེ་ཥུ་ནི་ཛ་ཧཱ་ར། ཞེས་པ་སྟེ་དོན་བརྗོད་ན། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ། །ཞེས་པ་སྟེ། འདི་ལ་རྒྱུད་ལས། ཨེ་ནི་ཤེས་རབ་དམ་པ་སྟེ། འདོད་ཆགས་བྲལ་སོགས་སྐད་གཅིག་བདག །སྲིད་པ་གསུམ་ན་ཡོངས་ཤེས་པ། །འདི་ནི་རྩ་བར་རྣམ་པར་བསྟན། ཞེས་སོགས་ཡི་གེ་རེ་རེ་ལའང་དོན་བཤད་རྒྱས་པར་གསུངས་ཀྱང་། དོན་ལ་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱང་ཡི་གེ་འདི་དག་ལས་བཞེངས་པའི་ཚུལ་ནི། གོང་དུ་ཨེ་ཝཾ་གྱི་སྐབས་སུ་སམཱུ་ཊ་ནས་གསུངས་པའི་ཡི་གེ་དང་སྦྱར་ནས་བཤད་པ་ལྟར་རོ། །ཕྲེང་བར་ཡི་གེ་འདི་དག་གི་དོན་བཤད་པའི་རྗེས་སུ། འདི་སྐད་ལ་སོགས་དང་པོའི་ངག །མཆོག་ཏུ་གསུངས་པའི་དོན་རྒྱས་པ། །གསང་བ་འདུས་པའི་རྩ་བའི་མདོ། །དེ་ཉིད་བཤད་པ་བསྡུས་པ་ནི། །རིམ་པ་ཇི་ལྟ་བ་བཞིན་ཤེས། །ཤེས་གསུངས་སོ། །དེ་ཙམ་གྱིས་ཨེ་ཝཾ་གྱི་དོན་རགས་པ་གོ་ནུས་པས་རྒྱས་པར་མ་སྤྲོས་པའི་རྒྱུ་མཚན་དེ་ཡིན་ནོ། །གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་གི་དོན་རྒྱས་པར་བཤད་པ་ལས་ཀུན་བཏགས་ཀྱི་ལྷ་འབྱུང་བའི་ཚུལ་བསྟན་པ་སྟེ་བརྒྱད་པའོ། །ཞེས་སོ། །ཀུན་བཏགས་བསྐྱེད་རིམ་སྒོམ་པའི་དགོས་པ་དང་། །སྦྱང་གཞི་དང་མཐུན་སོ་སོའི་ལྷ་གྲངས་དང་། །ཕན་ཚུན་ཐབས་ཤེས་བསྐྱེད་རྫོགས་སྒོམ་པའི་ཚུལ། །རྟོག་མེད་ཨེ་ཝཾ་སྒོམ་ཚུལ་ལེགས་པར་བཤད། །ཅེས་པ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པའི་བསྟན་བཅོས་ཀྱི་ཚིག་དོན་གསལ་བར་བྱེད་པའི་ལེགས་བཤད་ནོར་བུ་རིན་པོ་ཆེའི་ཕྲེང་བ་ལས་ཀུན་བཏགས་ཀྱི་ལྷ་སྒོམ་པའི་ཚུལ་རྣམ་པར་བཤད་པ་སྟེ་བརྒྱད་པའོ།། ༈ །།དགུ་པ་ཆོས་རྣམས་ཀྱི་སྦྱང་གཞི་དང་སྦྱོང་བྱེད་བསྟན་པའི་ལེའུ་ལ། དངོས་དང་། ལེའུའི་མཚན་བསྟན་པ་གཉིས། དང་པོ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བ་དང་གསུམ་ལས། དང་པོ་ནི། དེ་ནས་ཆོས་རྣམས་ཐམས་ཅད་ཀྱི། །སྦྱང་གཞི་སྦྱོང་བྱེད་གསུངས་པ་ཡི། །ངེས་པ་འདིར་ནི་བསྟན་པར་བྱ། ཞེས་པ་སྟེ། དེ་ལྟར་ཀུན་བཏགས་ཀྱི་ལྷ་སྒོམ་པའི་ལེའུ་བཤད་པའི་རྗེས་དེ་ནས། དག་པ་དང་མ་དག་པའི་གནས་སྐབས་ཀྱི་ཆོས་ཐམས་ཅད་ཀྱི་སྦྱང་གཞི་དོན་དམ་པའི་བདེན་པ་དང་། སྦྱང་བྱ་གློ་བུར་གྱི་དྲི་མ་དང་། །སྦྱོང་བྱེད་ལམ་གྱི་རིམ་པ་དང་། སྦྱངས་འབྲས་སྐུ་དང་ཡེ་ཤེས་སུ་གསུངས་པ་རྣམས་ལེའུ་དགུ་པ་འདིར་བསྟན་པར་བྱའོ། །ཞེས་པའི་དོན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ། ཡང་དག་པའི་བདེན་པ་གཉིས་བཤད་པ། བདེན་པ་གཉིས་མ་ཤེས་པའི་ལོག་རྟོག་དགག །སྤང་གཉེན་གྱི་རྩ་བ་མདོར་བསྟན། གཉེན་པོ་རྒྱུད་སྡེའི་ངེས་པ་བྱེ་བྲག་ཏུ་བཤད། །དཀྱིལ་འཁོར་གྱི་ལྷ་གྲངས་རྩ་ཁམས་དང་སྦྱར་བ་དང་ལྔ། དང་པོ་ལ། བདེན་གཉིས་ཀྱི་ངོ་བོ་ངོས་བཟུང་། དེ་གསང་བ་འདུས་པའི་ལུང་དང་སྦྱར་བ། དེ་ལ་བརྟེན་ནས་གཉེན་པོ་ཡེ་ཤེས་སྐྱེ་བའི་ཚུལ་དང་གསུམ་ལས། དང་པོ་ལ། སྤྱིའི་དོན་དང་། ཡན་ལག་གཞུང་གི་དོན་རྣམ་པ་གཉིས། དང་པོ་ལ། བདེན་གཉིས་ཀྱི་རྣམ་བཞག་སྤྱིར་བཤད་པ་དང་། རྡོ་རྗེ་ཐེག་པའི་ལུགས་ཀྱི་བདེན་གཉིས་བྱེ་བྲག་ཏུ་བཤད་པ་རྣམ་པ་གཉིས་ལས། དང་པོ་ནི། སྤྱིར་སེམས་ཅན་ཐམས་ཅད་འཁོར་བར་ཡང་ནས་ཡང་དུ་འཁོར་ཞིང་བདག་ཏུ་འཛིན་པས་འཁྲུལ་པའི་རྒྱུ་ནི། བདེན་པ་གཉིས་ཀྱི་གནས་ལུགས་མ་ཤེས་པའི་དབང་གིས་འཁྲུལ་པ་ཡིན་ཏེ། རྒྱུ་མཚན་དོན་དམ་པའི་བདེན་པ་ནི་མ་རྟོགས་ཤིང་། རང་གི་བག་ཆགས་ཀྱི་དབང་གིས་སྣང་བའི་ཀུན་རྫོབ་སླུ་བའི་ཆོས་ཅན་ལ་བདེན་པར་འཛིན་པའི་དབང་གིས་སླར་ཡང་འཁོར་བར་འཁོར་བ་ཡིན་པའི་ཕྱིར། དཔེར་ན་བྱིས་པ་འགའ་ཞིག་གིས་སྔར་རང་ཉིད་ཀྱིས་མི་གཙང་བའི་འདམ་ཆེན་པོ་གཡོས་ཏེ། ཕྱིས་རང་ཉིད་དེར་ལྷུང་པ་ལ་བྱེད་པོ་གཞན་མེད་པ་ལྟ་བུ་དང་། ཡང་རི་མོ་མཁན་མཁས་པས་ཐོག་མར་རང་ཉིད་ཀྱིས་སེམས་ཅན་གྱི་སྲོག་ལ་ཟ་བའི་གནོད་སྦྱིན་གྱི་གཟུགས་ཆེན་པོ་འཇིགས་ཤིང་ཡ་ང་བ་དྲན་པ་ཙམ་གྱིས་བརྒྱལ་ཞིང་འབོག་པར་ནུས་པ་བྲིས་ནས། ཕྱིས་མ་བརྟགས་པར་རང་ཉིད་ཀྱིས་གཟུགས་དེ་མཐོང་བའི་ཚེ་ན་སྐྲག་ཅིང་འགྱེལ་བར་འགྱུར་བ་ལ་བྱེད་པ་པོ་གཞན་མེད་པར་འགྱུར་བ་ལྟ་བུ་ཡིན་ཏེ། དེ་སྐད་དུའང་། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་ཉི་ཤུ་པ་རང་འགྲེལ་དུ་དྲངས་པ་ལས། སྒྱུ་མ་ཇི་ལྟ་ཇི་ལྟ་བར། དེ་བཞིན་སེམས་ཅན་ཡུལ་ལ་སྤྱོད། །འགྲོ་བ་སྒྱུ་མའི་རང་བཞིན་སྦྱོང་། །དེ་བཞིན་དུ་ནི་བརྟེན་ནས་བྱུང་། །ཇི་ལྟར་རི་མོ་མཁན་གྱིས་གཟུགས། །གནོད་སྦྱིན་འཇིགས་པ་བྲིས་པ་ཡིས། །དེ་ཡིས་བདག་ཉིད་སྐྲག་པ་ལྟར། །མི་མཁས་འཁོར་བར་དེ་བཞིན་ནོ། །ཇི་ལྟར་རང་གིས་འདམ་གཡོས་པས། །བྱིས་པ་འགའ་ཞིག་བྱིང་བ་ལྟར། །དེ་བཞིན་རྟོག་པའི་འདམ་བྱིང་བས། །སེམས་ཅན་རྣམས་ནི་འབྱུང་མི་ནུས། །དངོས་མེད་དངོས་པོར་ལྟ་བ་ཡིས། །སྡུག་བསྔལ་ཚོར་བ་ཉམས་སུ་མྱོང་། །ཡུལ་དང་ཤེས་པ་དེ་དག་ཏུ། །རྣམ་པར་རྟོག་པའི་དུག་གིས་བཅིངས། །ཤེས་གསུངས་པས། དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་རྟ་དང་གླང་པོ་དང་ཤིང་རྟ་དང་ཁྲོམ་མང་པོ་ལ་སོགས་པ་དག་ལ་ནི། སེམས་དང་འདུ་ཤེས་དང་ལུས་སུ་གྲུབ་པ་མེད་ཀྱང་། སྨན་དང་སྔགས་ཀྱིས་བསླད་པ་བཞུགས་པའི་སྐྱེས་པ་དང་བུད་མེད་རྣམས་ནི་རྟ་དང་གླང་པོ་ལ་སོགས་པར་སྣང་ཞིང་སྣང་བ་པོ་དང་དེར་ཞེན་པར་བྱེད། སྒྱུ་མ་མཁན་རང་ཉིད་ཀྱིས་ནི་སྨན་དང་སྔགས་ཀྱིས་བསྒྱུར་བ་ཙམ་མ་གཏོགས། དེར་མི་ཞེན་པ་བཞིན་དུ། མ་རིག་པའི་བསླད་བཞུགས་པའི་སེམས་ཅན་རྣམས་ནི། ཀུན་རྫོབ་འཇིག་རྟེན་གྱི་སྣང་བ་ལ་དགྲ་གཉེན་དང་ཡིད་དུ་འོང་མི་འོང་སོགས་ལ་བླང་དོར་བྱེད་ཅིང་ཞེན་ལ། ཆོས་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ལས་གཞན་དུ་མ་གྲུབ་པར་ཤེས་པའི་མཁས་པ་དེ་ཁོ་ན་ཉིད་ལྟ་བའི་མིག་དང་ལྡན་པ་དག་གིས་ནི་ཞེན་པར་མི་བྱེད་པ་ཡང་ཚུལ་དེ་ལྟ་བུ་ཡིན་ནོ། །དེ་ལ་ཀུན་རྫོབ་བདེན་པའི་སྒྲ་དོན་ནི། སྃ་བྲྀ་ཏ་ཞེས་པའི་སྒྲ་ལས་དྲངས་ན། ཡང་དག་པའི་གནས་ཚུལ་ལ་སྒྲིབ་པར་བྱེད། འགེབས་པར་བྱེད་པའི་དོན་དུ་བཤད་པ་ཡིན་ཏེ། དེ་སྐད་དུ་ཡང་དབུ་མ་འཇུག་པ་ལས། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །ཞེས་གསུངས་པས་སོ། །དེས་ན་ཀུན་རྫོབ་ནི་མཐོང་བ་བརྫུན་པས་རྙེད་པའམ། །རྟེན་འབྲེལ་སྣ་ཚོགས་སུ་སྣང་བ་ནི་ཀུན་རྫོབ་ཀྱི་དོན་ཡིན་ནོ། །དེ་ལ་ཡང་། ཆོས་ཀྱི་གནས་ཚུལ་ཤེས་པའི་འཕགས་པ་ལ་སྒྱུ་མ་ལྟ་བུར་སྣང་བ་འཕགས་པའི་ཀུན་རྫོབ་དང་། གནས་ཚུལ་ལ་རྨོངས་པའི་བྱིས་པ་སོ་སོ་སྐྱེ་བོ་ལ་རང་རྐྱ་ཐུབ་པའི་རྫས་ཡོད་ལྟར་སྣང་བ་ནི་བྱིས་པའི་ཀུན་རྫོབ། ཕྱི་མ་འདི་ལ་ཡང་ཐ་སྙད་དུ་ཆུར་སྣང་ཡང་ཆུའི་དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་དང་། ཐ་སྙད་དུ་ཆུའི་དོན་བྱེད་ནུས་པ་ཡང་དག་པའི་ཀུན་རྫོབ་གཉིས་སུ་གསུངས་ཏེ། འདི་དག་ནི་དབུ་མ་འཇུག་པ་ལས། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས། །དངོས་སྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། ཞེས་པ་དང་། མཐོང་བ་བརྫུན་པའང་རྣམ་པ་གཉིས་འདོད་དེ། དབང་པོ་གསལ་དང་དབང་པོ་སྐྱོན་ལྡན་ནོ། །ཞེས་གསུངས་པ་དང་། སློབ་དཔོན་ཡེ་ཤེས་སྙིང་པོས་བདེན་གཉིས་ལས། ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་གཅིག་ཤོས་ཡིན། །ཞེས་པ་དང་། །སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པས། །ཀུན་རྫོབ་གྱི་ནི་དབྱེ་བ་བྱས། །ཤེས་གསུངས་པས་སོ། །མདོར་ན་ཀུན་རྫོབ་ཀྱི་བདེན་པ་ཐམས་ཅད་ནི་ཐ་སྙད་དུ་སྣང་ཙམ་མ་གཏོགས། དོན་གྱི་སྟེང་ནས་ཡང་དག་པའི་ཚད་མའི་ངོར་མ་གྲུབ་པར་འདོད་དགོས་པ་ཡིན་ཏེ། དེ་སྐད་དུ་ཡང་། དབུས་མཐའ་ལས། དོན་དང་སེམས་ཅན་བདག་རྣམ་རིག །སྣང་བའི་རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེའོ་དེ་དོན་མེད། །དེ་མེད་པས་ན་དེ་ཡང་མེད། ཅེས་ཀུན་བཏགས་ཀྱི་ཆ་དང་ཀུན་རྫོབ་ཀྱི་ཆ་རྣམས་རྣམ་པ་ཐམས་ཅད་དུ་གཏན་མེད་པ་ཉིད་དུ་གསུངས་པའི་ཕྱིར། འོ་ན་མེད་ན་བདེན་པར་ཅི་ལྟར་བཞག་ཅེ་ན། དེ་ནི་བློ་ཀུན་རྫོབ་པ་འཁྲུལ་པའི་ངོ་བོར་བདེན་པའི་དོན་གྱིས་ན་བདེན་པ་ཞེས་བརྗོད་པ་ཡིན་གྱི། འགྱུར་མེད་ཀྱི་བདེན་པ་ནི་མ་ཡིན་པའི་ཕྱིར་སྐྱོན་མེད་དོ། །དོན་དམ་པའི་སྒྲ་དོན་ནི། །པར་མཱརྠ་ཞེས་པའི་སྒྲ་ལས་དྲངས་ན། དོན་ཡང་ཡིན། དམ་པའང་ཡིན་པའི་དོན་གྱིས་ན་དོན་དམ་པར་འཇོག་ཏེ། འདིའི་བདེན་པ་ནི་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་ངོར་བདེན་པའོ། །དེ་ལ་དོན་དམ་བདེན་པའི་དོན་ལྡོག་ནི། མཐོང་བ་ཡང་དག་པས་རྙེད་པའི་རྙེད་དོན་ནམ། རང་བཞིན་སྤྲོས་བྲལ་གང་ཞིག ཡོངས་གཅོད་དུ་ཤེས་བརྗོད་གཞལ་བྱ་ལས་འདས་པའི་དོན་ཡིན་ཏེ། དེ་སྐད་དུ་ཡང་དབུ་མ་རྩ་བ་ཤེས་རབ་ལས། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མེད། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་གསུངས་པས་སོ། །དེ་ལྟར་བདེན་པ་གཉིས་རྣམ་པར་བཞག་པ་ལ་རྒྱུ་མཚན་ཡོད་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཇི་སྙེད་གསུངས་པ་ཐམས་ཅད་བདེན་པ་གཉིས་པོ་འདི་གཉིས་ལ་བརྟེན་ནས། དྲང་དོན་དང་། ངེས་དོན་གྱི་སྒོ་ནས་རྣམ་པར་བཞག་པར་འཆད་དགོས་པ་ཡིན་པའི་ཕྱིར་ཏེ། དེ་སྐད་དུ་ཡང་རྩ་བ་ཤེས་རབ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །གང་དག་བདེན་པ་འདི་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ནི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །ཤེས་གསུངས་པ་དང་། དེའི་འགྲེལ་བ་སློབ་དཔོན་ཀླུ་སྒྲུབ་རང་ཉིད་ཀྱིས་མཛད་པའི་ག་ལ་འཇིགས་མེད་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་ནི་བདེན་པ་གཉིས་པོ་འདི་དག་ལ་བརྟེན་ནས་འབྱུང་སྟེ། འཇིག་རྟེན་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་བ་ནི། ཆོས་རྣམས་ངོ་བོ་ཉིད་སྟོང་པ་དག་ལ་འཇིག་རྟེན་གྱི་ཕྱིན་ཅི་ལོག་མ་གཏོགས་པས། ཆོས་ཐམས་ཅད་སྐྱེ་བར་མཐོང་བ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལ། ཀུན་རྫོབ་ཏུ་བདེན་པ་ཉིད་ཡིན་པས་ཀུན་རྫོབ་ཀྱི་བདེན་པའོ། །དོན་དམ་པའི་བདེན་པ་ནི། འཕགས་པ་རྣམས་ཀྱིས་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པས་ཆོས་ཐམས་ཅད་སྐྱེ་བ་མེད་པར་གཟིགས་པ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལ་དོན་དམ་པར་བདེན་པ་ཉིད་ཡིན་པས་དོན་དམ་པའི་བདེན་པའོ། །དེ་ལ་གང་དག་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་དེ་གཉིས་ཀྱི་རྣམ་པར་དབྱེ་བ་དེ་ལྟར་རྣམ་པར་མི་ཤེས་པ་དེ་དག་ནི་སངས་ཀྱི་བསྟན་པ་ཟབ་མོའི་དེ་ཉིད་རྣམ་པར་མི་ཤེས་པ་ཡིན་ནོ། །ཞེས་གསུངས་པས་སོ། །དེ་ལ་ཁ་ཅིག་འདི་སྙམ་དུ། ཀུན་རྫོབ་ཀྱི་བདེན་པ་གཞི་མ་གྲུབ་ཅིང་དོན་དམ་པའི་བདེན་པ་ཁོ་ན་ཡོད་ན། དོན་དམ་བདེན་པ་གཅིག་ཉིད་བསྟན་པས་ཆོག་གི། ཀུན་རྫོབ་ཀྱི་བདེན་པ་བསྟན་པ་ལ་དགོས་པ་མེད་དོ་སྙམ་ན་དེ་ནི་མ་ཡིན་ཏེ། ཐོག་མར་ཐ་སྙད་ཀུན་རྫོབ་ཀྱི་བདེན་པ་མ་བསྟན་པར་དོན་དམ་བདེན་པ་རྟོགས་མི་ནུས་ཤིང་། དོན་དམ་བདེན་པ་མ་རྟོགས་པར་མྱ་ངན་ལས་འདས་པ་ཐོབ་མི་ནུས་པའི་ཕྱིར། དེ་སྐད་དུ་ཡང་རྩ་བ་ཤེས་རབ་ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། ཞེས་པ་དང་། དབུ་མ་འཇུག་པ་ལས། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །དེ་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ། །དེ་ནི་རྣམ་རྟོག་ལོག་པས་ལམ་ངན་ཞུགས། ཤེས་གསུངས་པའི་ཕྱིར། དེ་དག་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་མཐུན་པར་བདེན་གཉིས་ཀྱི་རྣམ་བཞག་རགས་པ་ཙམ་ཞིག་བཤད་པ་ཡིན་ནོ། །གཉིས་པ་རྡོ་རྗེ་ཐེག་པའི་ལུགས་ལ། འཁྲུལ་བའི་སྣང་བ་ཐམས་ཅད་ནི། ཀུན་རྫོབ་ཀྱི་བདེན་པར་འཆད་པ་དབུ་མ་པ་དང་མཐུན་ཞིང་། རྣམ་རྟོག་གི་ངོ་བོར། དག་པ་ལྷ་སྐུའི་གཟུགས་བརྙན་འཆར་བ་ཡང་ཀུན་རྫོབ་ཀྱི་བདེན་པར་འདོད་དགོས་ལ། ནང་དུ་ཏིང་ངེ་འཛིན་བསྒོམས་པའི་སྟོབས་ཀྱིས་ཤའི་མིག་གམ་རྣལ་འབྱོར་པའི་མངོན་སུམ་གྱི་སྟོབས་ཀྱིས་ནམ་མཁར་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ་མཐོང་བའི་དུ་བ་ལ་སོགས་པའི་རྣམ་པ་ནི་དོན་དམ་བདེན་པ་ཡིན་པར་བཤད། མདོར་ན་རྡོ་རྗེ་ཐེག་པའི་ལུགས་ལ། ཡང་དག་པའི་འབྲས་བུ་ཡེ་ཤེས་དང་དེ་ཐོབ་པ་དང་རྗེས་སུ་མཐུན་པའི་གཉེན་པོ་ལམ་གྱི་ཡེ་ཤེས་དང་། དེ་དག་འབྱུང་བའི་རྒྱུ། གཞི་དུས་ཀྱི་ཁམས་བདེ་བར་གཤེགས་པའི་སྙིང་པོ་དབྱེར་མེད་པའི་ཡེ་ཤེས་ཉིད་དོན་དམ་པའི་བདེན་པ་དང་། རྒྱུ་རྒྱུད་ལམ་རྒྱུད་འབྲས་བུའི་རྒྱུད་ཀྱི་ངོ་བོར་འདོད་པ་ནི། འབྲས་བུ་ལམ་དུ་བྱེད་པའི་རྣམ་བཞག་ཡིན་པས། རྡོ་རྗེ་ཐེག་པའི་ཐུན་མོང་མ་ཡིན་པའི་ལུགས་ཡིན་པར་འདོད་དགོས་སོ། །འདིའི་སྐབས་ཀྱི་རང་འགྲེལ་དུ། དོན་དམ་པར་ན་རྒྱུ་དང་འབྲས་བུ་དང་ལམ་དུ་ཉེ་བར་འདོགས་པ་དང་སེམས་པ་དང་རྟོག་པ་དག་གི་རྣམ་པར་རྟོག་པས་སྒྲོ་བཏགས་པ་ཙམ་སྟེ་དོན་ལ་ཡོད་པ་མ་ཡིན་ནོ། །འོ་ན་དོན་དམ་པར་གང་ཞིག་ཡོད་ན། རྟོག་པའི་དྲ་བ་ཐམས་ཅད་ལས་འདས་པའི་སེམས་རང་བཞིན་གྱི་དག་པའི་སེམས་ཅན་གྱི་ཁམས་སངས་རྒྱས་ཀྱི་སྙིང་པོ་དག་ནི་ཡོད་པས། ཤེས་གསུངས་སོ། །དེ་དག་ནི་གསང་བ་འདུས་པའི་རྩ་རྒྱུད་ལས། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །བཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་གསུངས་ཤིང་། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་བྱང་ཆུབ་སེམས་འགྲེལ་དུ། །དེའི་དོན་འཆད་པར་བཞེད་ནས། །སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །བདག་དང་ཕུང་པོ་རྣམ་རིག་གི །རྟོག་པ་རྣམས་ཀྱིས་མ་བསྒྲིབས་ཤིང་། །རྟག་ཏུ་སྟོང་ཉིད་མཚན་ཉིད་བཞེད། ཅེས་དེ་ལྟ་བུ་དེ་ལ། དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་མིང་གིས་བསྟན་ཞིང་། །འདི་ལ་བཤད་རྒྱུད་རྡོ་རྗེ་ཕྲེང་བར། །བདག་གི་དེ་ཁོ་ན་ཉིད་ཀྱི་ཐ་སྙད་དང་། །ཨ་ཧྃ་གི་སྒྲས་བསྟན་པ་ཡང་ཡོད་དེ། དེ་སྐད་དུའང་། དེ་ཉིད་ལས། བདག་ཅེས་བྱ་བ་སྒྲ་ཡིས་བསྟན། །གང་གིས་ཡང་དག་ཤེས་པ་ཡིས། །སྲིད་པའི་འཆིང་བའི་མཚན་ཉིད་ནི། །ཨ་ཧྃ་འཁོར་ལོའི་འཆིང་བ་དག །ཅེས་དང་། ཨ་ནི་དངོས་པོ་ཀུན་གྱི་མཆོག །ལུས་རྣམས་ཀུན་ལ་ལྷག་པར་གནས། །རྣམ་པ་ཀུན་གྱི་མཆོག་དང་ལྡན། །ཀུན་ཁྱབ་ཀུན་མཁྱེན་ཟད་པ་མེད། ཅེས་གསུངས་པས། ཨའི་དོན་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་རྒྱུད་ཀྱི་ངོ་བོ་དང་། ཧྃ་གི་དོན་ནི། དེའི་ངོ་བོ་ལ་རང་བཞིན་གྱི་དྲི་མས་མ་གོས་ཤིང་། གློ་བུར་གྱི་དྲི་མ་དང་མ་འདྲེས་པར་གནས་པའི་དོན་དུ་བཤད་དེ། དེ་ཉིད་ལས། ཧྃ་ནི་དངོས་པོ་དང་བྲལ་བ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །དངོས་པོ་ལས་འདས་མི་གསལ་བ། །རྣམ་པ་ཐམས་ཅད་རྣམ་པར་སྤངས། །ཤེས་པ་དང་། དེ་གཉིས་ཀྱི་དོན་བསྡུས་སུ། །ཨ་ཧྃ་དངོས་པོ་ཐམས་ཅད་ལ། །ཁྱབ་པ་ཡིས་ནི་ལྷག་པར་གནས། །ཨ་ཧྃ་དང་བྲལ་སྐྱེས་བུ་ནི། །རྩ་བ་བཅད་པའི་ཤིང་བཞིན་ནོ། །ཞེས་གསུངས་པས་སོ། །དུས་འཁོར་ལས་ནི། འདི་སྦྱང་བའི་ཐབས་གསུངས་པ་ན། རྣལ་འབྱོར་པ་གང་གིས་བསྐྱེད་རྫོགས་ཀྱི་ལམ་བསྒོམས་ནས་གནས་སྐབས་བཞིའི་འཁྲུལ་པ་དག་སྟེ། ཆོས་སྐུ་མངོན་དུ་མཛད་པའི་ཚེ་ན། དེ་ལྟ་བུའི་ཆོས་སྐུ་དེ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་དང་དབྱེར་མེད་ཀྱི་ཚུལ་དུ་འགྱུར་ཏེ། དཔེར་ན་སའི་ཕྱོགས་འགའ་ཞིག་ཏུ་བུམ་པ་ཡོད་པ་ལས། རེ་ཤིག་བུམ་པའི་ནང་གི་ཐད་ཀྱི་ནམ་མཁའ་དེ་ཉི་ཚེ་བ་ཡིན་ཀྱང་། བུམ་པ་གཡས་གཡོན་དུ་ཁྱེར་བའི་ཚེ་ན། དེའི་ཐད་ཀྱི་ནམ་མཁའ་གཡས་གཡོན་དུ་འགྲོ་བ་མ་ཡིན་པ་དང་། གལ་ཏེ་བུམ་པ་བཅག་པའི་ཚེ་ན། དེའི་ཐད་ཀྱི་ནམ་མཁའ་མི་ཆག་ཅིང་ལོགས་སུ་ངོས་བཟུང་མེད་པར་ནམ་མཁའ་དང་དབྱེར་མེད་དུ་འགྱུར་བ་བཞིན་དུ་རང་བཞིན་འོད་གསལ་བདེ་བར་གཤེགས་པའི་སྙིང་པོ་དེས་ཀྱང་སེམས་ཅན་ཐམས་ཅད་ལ་ཁྱབ་ནས་ཡོད་ཅིང་། ནམ་མཁའ་གཟུགས་ཅན་ཐམས་ཅད་ལ་ཞུགས་པའི་དཔེས། དེ་ལ་མཁའ་ཁྱབ་མཁའི་རྡོ་རྗེ་ཞེས་པའི་ཐ་སྙད་དང་བརྗོད་པ་ཡིན་ཏེ། དེ་སྐད་དུའང་བསྡུས་རྒྱུད་ལས། བདག་ནི་བྱེད་པོ་སྡུག་བསྔལ་བདེ་བ་རབ ཏུ་སྦྱིན་པར་མི་ཡི་བདག་པོ་དེར་ནི་འགྱུར་བ་ཡིན། འགའ་ཡང་བཅིངས་དང་གྲོལ་བར་འགྱུར་མིན་མི་ཡི་བདག་པོ་སེམས་ཀྱི་ནུས་པ་རྣམ་པར་སྤངས་ནས་སོ། །ནམ་མཁའ་བུམ་པའི་དབུས་ནས་ཆུ་ནི་ལེན་པར་བྱེད་པ་ན་ཡང་འགྲོ་བ་མིན་པ་ཇི་ལྟ་བ། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་ཡུལ་དང་རྣམ་བྲལ་ལུས་ཀྱི་དབུས་ངག་དུ་ཡང་དེ་བཞིན་ནོ། །ཞེས་གསུངས་པ་དང་། རྡོ་རྗེ་སྙིང་འགྲེལ་ལས་ཀྱང་དེ་ལྟར་གསུངས་པས་སོ། །དེས་ན་སེམས་འོད་གསལ་གཅིག་ཉིད་ལ་སྒྲིབ་པ་དང་བཅས་པའི་ཚེ་ན་སེམས་ཅན་དང་། ཁམས་སྦྱོང་བྱེད་ཀྱི་ལམ་སྒོམ་པའི་ཚེ་ན་བྱང་ཆུབ་སེམས་དཔའ་དང་། དག་པའི་འབྲས་བུ་མངོན་དུ་བྱེད་པའི་ཚེ་ན་སངས་རྒྱས་ཞེས་བྱ་བའི་ཐ་སྙད་བཏགས་ཏེ། དཔེར་ན་ཆུ་རྔུལ་དང་བཅས་པའི་ཚེ་ན་རྙོག་མ་དང་། རྡུལ་དང་བྲལ་བའི་ཚེ་ན་ཆུ་དྭངས་པར་འཇོག་ཀྱང་། ཆུའི་ངོ་བོ་མི་འགྱུར་བ་དང་། དེ་བཞིན་དུ་ཆུ་དྲོ་གྲང་དུ་གྱུར་བའི་ཚེ་ན་མིང་སོ་སོར་འདོགས་ཀྱང་ཆུའི་ངོ་བོ་མི་འགྱུར་བ་དང་། རང་བཞིན་གྱི་དྲི་མ་མེད་པའི་ཉི་མ་དང་ཟླ་བ་ཡང་། སྒྲ་གཅན་གྱི་གདོང་དང་ཁུག་སྣ་ལ་སོགས་པའི་སྒྲིབ་པ་ལྔས་བསྒྲིབས་ཀྱང་རང་གི་ངོ་བོ་མི་འགྱུར་བ་བཞིན། སེམས་ལ་ཡང་འདོད་ཆགས་གནོད་སེམས་ལེ་ལོ་སོགས་ཀྱི་བསྒྲིབས་ཀྱང་ངོ་བོ་ལ་འགྱུར་བ་མེད་པ་ཡིན་ནོ། །ཞེས་དཔེ་དང་བཅས་ཏེ་བསྟན་པ་ནི། བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས། །ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། །དེ་བཞིན་ས་བོན་ཐམས་ཅད་ལས། །རྒྱུ་དང་འདྲ་བའི་འབྲས་བུ་འབྱུང་། །ས་བོན་མེད་པར་འབྲས་ཡོད་པར། །ཤེས་ལྡན་གང་གིས་སྒྲུབ་པར་ནུས། །ས་བོན་གྱུར་པ་ཁམས་དེ་ཉིད། །ཆོས་རྣམས་ཀུན་གྱི་རྟེན་དུ་འདོད། །རིམ་གྱི་སྦྱངས་པར་གྱུར་པ་ལས། །སངས་རྒྱས་གོ་འཕང་ཐོབ་པར་འགྱུར། །དྲི་མེད་ཉི་མ་ཟླ་བ་ཡང་། །སྤྲིན་དང་དུ་བ་ཁུག་སྣ་དང་། །སྒྲ་གཅན་གདོང་དང་རྡུལ་ལ་སོགས། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་གྱུར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་དང་གནོད་སེམས་ལེ་ལོ་དང་། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་གྱུར། །ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མས་དྲི་མ་ཅན། །ཇི་ལྟར་མེ་ཡི་ནང་བཅུག་ན། །དྲི་མ་འཚིག་འགྱུར་གོས་མིན་ལྟར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་ཆགས་ལ་སོགས་དྲི་མ་ཅན། །ཡེ་ཤེས་མེ་ཡིས་ཉོན་མོངས་བསྲེག །དེ་ཉིད་འོད་གསལ་མ་ཡིན་ནོ། །ཞེས་གསུངས་པས་སོ། །དེ་ལ་ཁ་ཅིག་ན་རེ། དེ་ལྟ་བུའི་རང་བཞིན་འོད་གསལ་འགྱུར་མེད་ཡོད་ན། ཡུམ་གྱི་མདོ་ལས། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་མི་འགལ་ཏེ། དེར་གསུངས་པ་དེ་དག་ནི། ཁམས་ལ་སྒྲིབ་བྱེད་ཀྱི་དྲི་མ་ཀུན་རྫོབ་པའི་ཆ་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པ་རྣམས་ལ་བདེན་བརྫུན་འགོག་པ་ཡིན་གྱི། སེམས་འོད་གསལ་འགོག་པ་མ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་ཆོས་དབྱིངས་བསྟོད་པ་ལས། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་གང་། །དེ་དག་ཀུན་གྱིས་ཉོན་མོངས་བཟློག །ཁམས་དེ་ཉམས་པར་བྱེད་མ་ཡིན། ཞེས་གསུངས་པ་དང་། རྒྱུད་བླ་མ་ལས་ཀྱང་། ཉོན་མོངས་སྤྲིན་འདྲ་བྱ་བ་ཡི། །ལས་ནི་རྨི་ལམ་ལོངས་སྤྱོད་བཞིན། །ཞེས་སོགས་གསུངས་པས་སོ། །ཁམས་དེ་ཉིད་ལ་མིང་གི་རྣམ་གྲངས་ནི། །ཆོས་སྐུ་དང་དེ་བཞིན་ཉིད་དང་རིགས་གསུམ་གྱི་ཐ་སྙད་མཛད་དེ། རྒྱུད་བླ་མ་ལས། འདི་ཡི་རང་བཞིན་ཆོས་སྐུ་དང་། །དེ་བཞིན་ཉིད་དང་རིགས་ཀྱང་སྟེ། ཞེས་གསུངས་སོ། །འདི་དག་གི་རྣམ་པར་བཞག་པ་རྒྱས་པར་ནི། གོང་དུ་རྒྱུ་རྐྱེན་སྤྱིར་བསྟན་པའི་སྐབས་སུ་བཤད་ཟིན་པས་འདིར་རེ་ཤིག་སྤྲོས་པ་དེ་ཙམ་གྱིས་ཆོག་གོ །གཉིས་པ་གཞུང་གི་དོན་ལ། རྩ་ཚིག་གཉིས་ལས། དང་པོ་ནི། སེམས་ཅན་ཁམས་ནི་སངས་རྒྱས་ཀྱི། །སྙིང་པོ་དྲི་མེད་བདེན་གཉིས་ལྡན། །ཞེས་པའོ། །གཉིས་པ་ནི། འདིར་སྦྱང་གཞིའི་ངོ་བོ་ནི། སེམས་ཅན་གྱི་རྒྱུད་ཀྱི་ཁམས་བདེ་བར་གཤེགས་པའི་སྙིང་པོ་གང་ཡིན་པ་སྟེ། དེ་ནི་སངས་རྒྱས་ཀྱི་སྙིང་པོ་ངོ་བོ་རང་བཞིན་གྱི་དྲི་མ་མེད་ཅིང་། མ་དག་པའི་གནས་སྐབས་སུ། འཁྲུལ་པའི་དྲི་མ་སྣ་ཚོགས་དང་བཅས་པའི་དོན་གྱིས་ན་ཀུན་རྫོབ་ཀྱི་བདེན་པ་སྣ་ཚོགས་པ་དང་། རང་གི་ངོ་བོ་རང་བཞིན་གྱི་དག་པའི་སྤྲོས་བྲལ་དོན་དམ་པའི་བདེན་པ་ཡིན་པས་ན་བདེན་པ་གཉིས་དང་ལྡན་པ་སྟེ། དེའང་མ་དག་པའི་སེམས་ཅན་རྣམས་ཀྱིས་འཁྲུལ་པའི་ཆ་ངོས་མ་ཟིན་པས། སླར་ཡང་དེ་ལ་ཞེན་ཅིང་རྗེས་སུ་ཞུགས་ནས་འཁོར་བ་ལེན་པར་བྱེད་ཅིང་འཕགས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་ཀྱི་བདུད་རྩི་བླངས་ནས་མྱང་འདས་ཆོས་ཀྱི་སྐུ་མངོན་དུ་བྱེད་པ་ཡིན་ནོ་ཞེས་པའི་དོན་ནོ། །གཉིས་པ་ལུང་དང་སྦྱར་བ་ལ་ཡང་། རྩ་ཚིག་གཉིས་ལས། དང་པོ་ནི། འདི་ནི་ཡེ་ཤེས་རྡོ་རྗེ་རུ། །ཀུན་རྫོབ་བཟུང་འཛིན་སྣང་བ་སྟེ། །བདེན་པ་ཆུ་ཟླ་ལྟ་བུའོ། །དོན་དམ་སྟོང་ཉིད་བཅོ་བརྒྱད་དེ། །བདེན་པ་གཉིས་མེད་ཡེ་ཤེས་བརྗོད། །ཅེས་པའོ། །གཉིས་པ་ནི། དེ་ལྟ་བུའི་བདེན་པ་གཉིས་ཀྱི་ཚུལ་འདི་ནི། དཔལ་གསང་བ་འདུས་པའི་བཤད་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་དེ་རུ། ཀུན་རྫོབ་ཀྱི་བདེན་པ་ཐམས་ཅད་ནི་བཟུང་འཛིན་གཉིས་སུ་འཁྲུལ་པའི་སྣང་བ་སྟེ། དེའི་བདེན་པ་ནི་ཆུའི་ཟླ་བ་ལྟ་བུ་དོན་ལ་མ་གྲུབ་པའི་དཔེ་དང་། དོན་དམ་པའི་བདེན་པ་ནི་ནང་སྟོང་པ་ཉིད་ལ་སོགས་པ་སྟོང་པ་ཉིད་བཅོ་བརྒྱད་དུ་གསུངས་པ་སྟེ། དེའི་བདེན་པ་ནི། ཡུལ་དང་ཡུལ་ཅན་དབྱེར་མེད་པའི་གཉིས་མེད་ཀྱི་ཡེ་ཤེས་ལ་བརྗོད་དོ་ཞེས་སོ། །འདི་དག་ནི་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། ཇི་སྐད་དུ། བདེན་པ་རྣམ་པ་གཉིས་ཀྱི་དགོངས་པ་ནི་འདི་ལྟ་སྟེ། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པའོ། །རིགས་ཀྱི་བུ་ཀུན་རྫོབ་ནི་མི་བརྟན་པ་དང་གཡོ་བའོ། །དེའི་བདེན་པ་ནི་ཆུ་ཟླ་ལྟ་བུའོ། །དོན་དམ་པའི་བདེན་པ་ནི་སྟོང་པ་ཆེན་པོ་བཅོ་བརྒྱད་དོ། །དེའི་མཐའ་ནི་གནས་སོ། །ཞེས་གསུངས་པའི་དོན་ཏོ། །དེ་དག་ནི། ཀུན་རྫོབ་དང་དོན་དམ་སོ་སོར་ཕྱེ་ནས། དོན་དམ་བདེན་པ་འཆད་པའི་སྐབས་སུ། །སྟོང་ཉིད་བཅོ་བརྒྱད་པོ་ཡུལ་ཡུལ་ཅན་གཉིས་ཀ་ལ། དེ་དང་དེའི་མིང་གིས་བསྟན་པ་སྟེ། །རྡོ་རྗེ་ཕྲེང་བ་ལས་སྣོད་གྱི་འཇིག་རྟེན་དང་བྲལ་བ། །ཆེན་པོ་སྟོང་པ་ཉིད་དུ་བརྗོད། །ཡེ་ཤེས་གང་གིས་དེ་སྟོང་པར། །མཐོང་བ་དེ་ཡང་སྟོང་པར་བརྗོད། །ཅེས་གསུངས་པས་སོ། །གསུམ་པ་གཉེན་པོ་ཡེ་ཤེས་སྐྱེ་ཚུལ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་རྟོག་བྱེད་པའི་རྟོག་པས་བསྐྱེད། །གཉེན་པོ་སྦྱོང་བྱེད་ཡིན་པར་བཤད། །སྦྱང་གཞིའི་གྲངས་བཞིན་ཆོས་ཀུན་བསྟན། །ཞེས་པའོ། །གཉིས་པ་ནི། བདེན་པ་གཉིས་ཀྱི་གནས་ཚུལ་ལ་ལོག་པར་འཛིན་པའི་རྟོག་པ་ནི། ཀུན་རྫོབ་ཀྱི་བདེན་པ་གང་ལ་ཅི་ལྟ་བ་བཞིན་དུ་མ་གྲུབ་པ་ལ་གྲུབ་པ་དེར་རྟོག་པར་བྱེད་པའི་རྣམ་པར་རྟོག་པས་བསྐྱེད་ནས། སྦྱང་གཞི་དེ་ལ་སྒྲིབ་པར་བྱེད་པའི་ལས་དང་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་སྣ་ཚོགས་འབྱུང་ཞིང་། དེ་སྦྱོང་བར་བྱེད་པའི་གཉེན་པོ་ནི་གོང་དུ་བཤད་པའི་མོས་པ་ལ་སོགས་པ་རྣམས་ཡིན་པར་བཤད་ལ། མདོར་བསྡུ་ན། སྦྱང་གཞིའི་ཆོས་ཕུང་ཁམས་སྐྱེ་མཆེད་ཉོན་མོངས་པ་ཇི་སྙེད་ཡོད་པ་དེ་ཉིད་ཀྱི་གྲངས་བཞིན། འབྲས་བུ་ཐོབ་པ་དེའི་ཚེ་ན། ཡོན་ཏན་དྲུག་ཅུ་རྩ་བཞི་དང་། དཔེ་བྱད་བརྒྱད་ཅུ་ལ་སོགས་པ། སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ་འབྱུང་བའི་ཚུལ་ཡང་། བླ་ན་མེད་པའི་རྒྱུད་སྡེ་དང་ངེས་དོན་གྱི་མདོ་སྡེའི་ཆོས་ཀུན་ལས་བསྟན་པ་ཡིན་ནོ། །ཞེས་སོ། །གཉིས་པ་བདེན་གཉིས་མ་ཤེས་པའི་ལོག་རྟོག་དགག་པ་ལ། ཕྱི་རོལ་མུ་སྟེགས་པའི་ལོག་རྟོག་དགག་པ་དང་། རང་སྡེ་ཉན་ཐོས་པས་བཏགས་པའི་ལོག་རྟོག་དགག་པ་གཉིས་ལས། དང་པོ་ལ། ཕྱི་རོལ་པས་བཏགས་པའི་གྲུབ་མཐའ་ངོས་བཟུང་བ་དང་། དེ་ཇི་ལྟར་འཁྲུལ་བའི་ཚུལ་བཤད་པ་གཉིས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཚངས་སོགས་གྲུབ་མཐའ་ཐམས་ཅད་ཀྱང་། །རྣམ་རྟོག་གིས་བྱས་ཤེས་བྱ་ཡིན། །རྒྱུ་རྐྱེན་ལྡན་དང་མེད་འཛིན་སོགས། །ཤེས་པའོ། །གཉིས་པ་ནི། མུ་སྟེགས་ཚངས་པ་ལྷར་འཛིན་པས་ཚངས་པ་བ་དང་། ཁྱབ་འཇུག་ལྷར་འཛིན་པས་ཁྱབ་འཇུག་པ་དང་། །དབང་ཕྱུག་ལྷར་འཛིན་པས་དབང་ཕྱུག་པ་དང་། ལྷའི་བླ་མ་དྲང་སྲོང་ཕུར་བུའི་གྲུབ་མཐའ་སྨྲ་བ་དང་། རཱ་མ་ན་དང་། གྲངས་ཅན་པ་དང་། ནམ་མཁའ་གོས་སུ་གྱོན་པའི་གཅེར་བུ་བ་རྣམས་ཀྱི་གྲུབ་པའི་མཐའ་ཐམས་ཅད་ཀྱང་ཡང་དག་པ་མ་ཡིན་ཏེ། རང་རང་གི་རྣམ་རྟོག་གིས་ལོག་པར་བཏགས་ནས་བྱས་པ་ཡིན་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་པར་བྱ་བ་ཙམ་ཞིག་ཡིན་པ་ལ་ནི་འགལ་བ་མེད་ཀྱང་། དེ་དག་གི་རྗེས་སུ་ཞེན་ཅིང་འཇུག་ཏུ་རུང་བ་ནི་མ་ཡིན་ནོ། །དེ་དག་གི་གྲུབ་མཐའ་ནི་ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་ལ་སོགས་པས་བྱས་པའི་རྒྱུ་རྐྱེན་དང་ལྡན་པར་འདོད་པའི་གྲུབ་མཐའ་དང་། ཆོས་ཐམས་ཅད་རྒྱུ་མེད་ངོ་བོ་ཉིད་ཀྱིས་བྱུང་ཞིང་། འཇིག་རྟེན་ཕ་རོལ་མེད་པར་འཛིན་པ་ལ་སོགས་པའི་གྲུབ་མཐའ་ནི་དཔག་ཏུ་མེད་དོ། །ཞེས་པའི་དོན་ཏེ། དེ་དག་གི་གྲུབ་པའི་མཐའ་ནི་རིམ་པ་བཞིན་དུ། དང་པོ་རིག་བྱེད་ལ་བརྟེན་པའི་མཆོད་སྦྱིན་བྱེད་པ་པོ་ཚངས་པ་པ་རྣམས་ཀྱི་གྲུབ་པའི་མཐའ་ནི། མཆོད་སྦྱིན་དང་སྙན་དངགས་དང་ངེས་བརྗོད་དང་སྲིད་བསྲུངས་ཏེ། རིག་བྱེད་ཀྱི་བསྟན་བཅོས་བཞི་པོ། བྱེད་པ་པོ་མེད་ཅིང་རང་བྱུང་ནམ་མཁའ་ལྟ་བུར་འདོད་པ་དང་། སྐྱེ་བོ་ཐམས་ཅད་ཀྱང་ཚངས་པ་ཆེན་པོའི་ཁ་ལག་རྐང་པ་སོགས་ལས་བྱུང་བར་འདོད་པ་སྟེ། དེའང་། བྲམ་ཟེ་ཚངས་པའི་ཁའི་སྐྱེས་གནས་ཅན་ཡིན་པས་ཁ་དོག་དཀར་ཞིང་རིག་པ་གསལ་བ་ཅན་དུ་འདོད། རྒྱལ་རིགས་ལག་པ་ལས་སྐྱེས་པས་ཁ་དོག་དམར་ཞིང་དཔའ་བར་འདོད། རྗེ་རིགས་ནི་བརླ་གཉིས་ལས་སྐྱེས་པར་འདོད་ཅིང་ཁ་དོག་སེར་པོ། ཚོང་སོགས་ལ་མཁས་ཤིང་ནོར་ཕུན་སུམ་ཚོགས་པར་འདོད། དམངས་རིགས་ནི་རྐང་པ་ལས་སྐྱེས་ཤིང་ཞིང་ལས་དང་རྒྱལ་པོའི་འཁོར་གཡོག་བྱེད་པར་འདོད། དགེ་བའི་རྩ་བ་རྣམས་ནི། ཨ་ཤྭ་མིན་དྷ་སྟེ། རྟའི་མཆོད་སྦྱིན་ཁོ་ན་དགེ་བ་ཐམས་ཅད་ཀྱི་མཆོག་ཡིན་པར་འདོད། བློ་ཆོས་སུ་སྨྲ་བ་རིག་པ་ཅན་པ་ཁྱབ་འཇུག་གི་འདོད་པ་ནི། བརྟན་གཡོའི་འཇིག་རྟེན་ཐམས་ཅད་ཁྱབ་འཇུག་གིས་བྱས་པར་འདོད་པ་དང་། དགེ་མི་དགེའི་ལས་ཡོད་ཅིང་དུས་གསུམ་ཐམས་ཅད་རྟག་པར་སྨྲ་བ་དང་། སྙིང་སྟོབས་དང་རྡུལ་དང་མུན་པ་གསུམ་གྱི་ཡོན་ཏན་དང་ལྡན་པ་དང་། སྟོང་པ་ཉིད་ཞིག་པའི་ཆོས་ཉིད་ཡོད་པ་དང་། དགེ་མི་དགེ་ལུང་མ་བསྟན་བྱེད་པའི་འབྲས་བུ་བདེ་སྡུག་བཏང་སྙོམས་སུ་ཡོད་པར་འདོད་པ་རྣམས་ནི་ཁྱབ་འཇུག་གི་འདོད་པའོ། །འཁྲིག་པ་ཆོས་སུ་སྨྲ་བ་དབང་ཕྱུག་པའི་འདོད་པ་ནི་ལམ་དྲུག་འདོད་པ་ཁྱབ་འཇུག་པ་དང་མཐུན་ཞིང་། ལམ་དྲུག་ནི་མཐོ་རིས་གསུམ་དང་ངན་སོང་གསུམ་འདོད་པ་དང་། བྱེ་བྲག་ཏུ་འཇིག་རྟེན་ཐམས་ཅད་ཀྱི་བྱེད་པོ་དབང་ཕྱུག་ཡིན་པར་སྨྲ་ཞིང་། དེའི་ཚུལ་ཡང་། དབང་ཕྱུག་རྫ་མཁན་ལྟ་བུར་སྣ་ཚོགས་འདི་ཉིད་སྤྲུལ་པ་བྱེད་པར་མ་གྲུབ་ན། ས་གཞི་འདི་མི་འགྲུབ་ཅིང་རི་རབ་འདི་མིན་རྒྱ་མཚོ་མ་ཡིན་ཏེ། །ཉི་ཟླ་སྐར་ལྡན་བཀོད་པ་འདི་དག་མིག་ཡུལ་དུ་ནི་མི་འགྱུར་ལ། །ཡོད་པའི་ཕྱིར་ན་དབང་ཕྱུག་འགྲོ་བ་བདེ་བར་འགྱུར་བའི་བྱེད་པོ་ཡིན། ཞེས་འདོད་ཅིང་། དེ་ཡང་ལྔས་ཏེ། ནམ་མཁའ་ལ་སོགས་པའི་ཁམས་དང་། དྲུག་པ་ཡེ་ཤེས་ཀྱི་ཁམས་དང་། ལུས་ངག་ཡིད་གསུམ་གྱི་ཁམས་འདོད་པའི་དེ་ཁོ་ན་ཉིད་དང་། བདག་གི་དེ་ཁོ་ན་ཉིད་དང་། ཞི་བའི་དེ་ཁོ་ན་ཉིད་དེ་དེ་ཉིད་གསུམ་དང་། གོང་བུ་ཚིག་དང་གཟུགས་ལ་གནས་པ་སྟེ། ལུས་ངག་ཡིད་གསུམ་དང་། གཞན་ཡང་དབང་ཕྱུག་གིས་སྒྲ་བསྒྲགས་པའི་རྒྱུད་དུའང་། ལྷ་མོ་རིན་ཆེན་གནས་འདི་ནི། དབང་ཕྱུག་དྲག་དང་མི་ལྡན་མཆོག །ལྟེ་བར་ཆུ་ནི་སོང་བ་སྟེ། །མཚོན་བྱ་མཚོན་བྱེད་ལས་དེས་གྲོལ། །ཞེས་འབྱུང་བར་འདོད་པ་དང་། སེམས་ཅན་མཐའ་དག་གི་ལུས་ལ་དབང་ཕྱུག་གིས་ཁྱབ་པར་འདོད་པ་དང་། གཞན་ཡང་། སྲོག་ཆགས་རྣམས་ཀྱི་ལུས་ལ་གནས་པའི་ཁྱིམ་བཅུ་གཉིས་པོ་རྣམས་ལ། དབང་ཕྱུག་གིས་འདུད་པའི་དབང་གིས་འབྱུང་བར་འདོད་པ་ལ་སོགས་པ་ནི་དབང་ཕྱུག་པའི་གྲུབ་མཐའོ། །ཙ་རུ་ཀ་པ་སྟེ་ཚུ་རོལ་མཛེས་པར་སྨྲ་བ་རྣམས་ཀྱི་འདོད་པ་ནི། ལུས་ཅན་རྣམས་ལ་བྱེད་པ་པོ་མེད་ཅིང་ལས་བསགས་ཀྱང་ལས་ཀྱི་རྣམ་པར་སྨིན་པ་སྐྱེ་བ་ཕྱི་མ་ལ་མེད་པ་དང་། སེམས་ཅན་ཐམས་ཅད་འབྱུང་བ་བཞིའི་ཚོགས་པ་ལས་བྱུང་བ་དང་། དཔེར་ན་ཨ་རུ་ར་དང་། བུ་རམ་གྱི་ཤིང་ལ་སོགས་པ་ཡང་དག་པར་སྦྱར་བ་ལས་ཆང་གི་ནུས་པ་འབྱུང་བ་ཡིན་ནོ། །ཞེས་བྱ་བ་ནི་རྒྱང་འཕེན་པའི་གཙོ་བོ་ལྷའི་བླ་མ་དྲང་སྲོང་ཕུར་བུ་པའི་བཞེད་པའོ། །ཀླ་ཀློ་སྟག་གཟིག་པའི་སྟོན་པ་རྣམས་ཀྱི་བཞེད་པ་ནི། རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་སོག་པོར་ར་ནས་བྱས་ཤིང་། བདེ་སྡུག་ཐམས་ཅད་ཀྱང་ར་ན་དགའ་བ་དང་མི་དགའ་བའི་བྱེད་པ་ལས་འབྱུང་བས། ཁོ་ལ་མཆོད་སྦྱིན་བྱས་ན་དགའ་བ་ལས་མཐོ་རིས་དང་། མི་དགའ་བ་ལས་ངན་སོང་དུ་འགྱུར་བར་འདོད། གཞན་ཡང་མུ་སྟེགས་ཀྱི་བྱེ་བྲག་མཆོད་འོས་པའམ། རྒྱལ་བ་པའམ། མཁའ་གོས་ཅན་ནམ། གཅེར་བུ་པ་ཞེས་མིང་གི་རྣམ་གྲངས་སུ་བསྟན་པ་རྣམས་ཀྱི་འདོད་པ་ནི། རྟག་པ་དང་མི་རྟག་པ་ལ་སོགས་པའི་ཐ་སྙད་ཁས་ལེན་ཞིང་། འདས་མ་འོངས་ད་ལྟར་དུས་གསུམ་དང་། སྲོག གང་ཟག དུས། ནམ་མཁའ། བསོད་ནམས། སྡིག་པ་སྟེ་རྫས་དྲུག་དང་། སྲོག་ལུས་ཀྱི་ཆ་ཤས་སུ་འདོད་ཅིང་། སྲོག་དུས་ནམ་མཁའ་གསུམ་ནི་རྟག གཞན་རྣམས་ནི་མི་རྟག །ཁ་ཟས་ཀྱི་ལུས་དང་། འོད་ཀྱི་ལུས་དང་། རང་བཞིན་ཅན་གྱི་ལུས་དང་། རྫུས་སྐྱེས་ཀྱི་ལུས་དང་། མཐའི་ལུས་ཤེས། ཡིད་དུ་འོང་བའི་སྲོག་གི་རྟེན་དང་། བརཏལ་ཞུགས། སྡོམ་པ། གྲོགས། ཡེ་ཤེས། སྤྱོད་པ་དག་གི་དབྱེ་བས། ཤེས་པའི་དོན་བརཏལ་ཞུགས་ལྔ་ནི། འཚེ་བ་མེད་པ་དང་། བདེན་སྨྲ། བྱིན་པ། ལེན་པ། ཚངས་སྤྱོད། གཏོང་བ་དང་ལྔར་བཤད། སྡོམ་པ་ལྔ་ནི། གཅེར་བུའི་སྤྱོད་ལམ། སྨྲ་བཅད། ཚོལ་བ། བླང་བ། ཆུང་མ་ཟོས་པ། །ཆོས་ཤེས་ཀྱི་ཉེ་བར་གནས་པ། དམྱལ་བ་དུད་འགྲོ་མི་ལྷ་ཐར་པའི་འགྲོ་བ་ལྔ། བློ་གྲོས་དང་། ཐོས་དང་། འཆི་དུས་དང་། རྟོག་དཔྱོད། མོ་རྩིས་ཀྱི་ཡེ་ཤེས་ལྔ། གཞན་ཡང་སྲོག་ལུས་ཀྱི་ཚད་དང་། ཐར་པའི་ཚད་སྟེང་དུ་གདུགས་དཀར་པོ་བཀན་པའི་དབྱིབས་ལྟ་བུར་འདོད་པ་ནི་ཟད་བྱེད་པ་རྣམས་ཀྱི་གྲུབ་པའི་མཐའོ། །དེ་དག་སུན་འབྱིན་པ་ན་འགྲེལ་ཆེན་དུ། བྲམ་ཟེ་ཁ་ལས་སྐྱེས་ན་ཕོ་མོ་ཐམས་ཅད་མིང་སྲིང་དུ་འགྱུར་བའི་ཕྱིར། སྲིང་མོ་ལ་འཁྲིག་པར་ཐལ་བ་སོགས་ཀྱི་སྐྱོན་བརྗོད་པ་རྣམས་ནི་གཞན་ལས་ཤེས་པར་བྱའོ། །དེ་དག་ནི་བསྡུས་རྒྱུད་ལས། གང་དུ་རིག་བྱེད་རང་བྱུང་ཁ་དང་ལག་པ་རྐང་པ་ལ་སོགས་དག་ཀྱང་སྐྱེ་བོའི་སྐྱེ་གནས་ཏེ། ཨ་ཤྭ་མེ་དྷ་དག་ལས་གཞན་པ་མཆོག་གི་ཆོས་མེད་ཅེས་པ་དེ་ནི་ཚངས་པའི་བསྟན་པར་འགྱུར། བྱེད་པོ་བདག་དང་ལས་དང་དུས་དང་རང་བཞིན་དང་ནི་ཡོན་ཏན་སྟོང་པ་ཉིད་ནི་ཉམས་པའི་ཆོས། བྱེད་པོ་འབྲས་བུའི་རྒྱུ་སྟེ་རབ་ཏུ་གསལ་ཞིང་ངེས་པར་བསྟན་པ་དེ་འདིར་ཁྱབ་འཇུག་དག་གིའོ། །ལམ་དྲུག་རྣམས་དང་དེ་ཉིད་ལྔ་དང་མཆོག་གི་གོ་འཕང་མ་ལུས་པ་ཡང་གཞན་ནི་སྔགས་ཀྱི་ལུས། རིག་བདག་དམ་པའི་ཞི་བ་ཉིད་དང་རྣམ་གསུམ་གནས་ན་གནས་པ་དག་གི་སྦྱོར་དང་གཏོང་བའི་དངོས། ཐིག་ལེའི་དབྱེ་བ་ཞི་བ་ཉིད་དང་མཐའ་དག་ལུས་ལ་གནས་པ་བཅུ་གཉིས་འདུད་པའི་དབྱེ་བ་སྟེ། འདི་དག་ཐམས་ཅད་གང་དུ་རབ་ཏུ་གྱུར་བ་དེ་ནི་ཞི་བ་པ་ཡིས་བསྟན་པའོ། །དབང་ཕྱུག་མེད་པའི་ཁམས་ཀྱི་རྣམ་སྨིན་དག་ཀྱང་ཡོན་ཏན་ཡུལ་རྣམས་འབྱུང་བའི་ཚོགས་ནི་ལོངས་སྤྱོད་པ་དེ་མེད་པས་ན་འབྲས་བུ་མེད་པ་གསལ་བར་ལྷ་ཡི་བླ་མ་དག་གིས་བསྟན་པར་རིག་པར་བྱ། བྱེད་པོས་རྒྱུ་དང་མི་རྒྱུ་ལས་སྐྱེས་མཐའ་དག་བསྐྱེད་ཅིང་སྟག་གཟིག་རྣམས་ཀྱི་ཐར་པ་དག་གི་རྒྱུ། དེ་མཉེས་པ་ལས་ངེས་པར་མི་རྣམས་མཐོ་རིས་སུ་འགྱུར་དེ་ནི་ར་ཡིས་བསྟན་པའོ། །དུས་གསུམ་ཉིད་དང་རྫས་ནི་དྲུག་སྟེ་ཚིག་དགུས་བསྒྲུབས་དང་སྲོག་ནི་དྲུག་གི་ལུས་ལ་ཆ་ཤས་སོ། །གཞན་ནི་ཡོད་པའི་ལུས་ལྔ་བརཏལ་ཞུགས་སྡོམ་པ་འགྲོ་དང་ཡེ་ཤེས་སྤྱོད་པ་དག་གི་དབྱེ་བ་རྣམས། སྲོག་ནི་ལུས་ཀྱི་ཚད་དེ་དཔག་ཏུ་མེད་པའི་སྲིད་པ་དག་གི་རྟག་པའི་སྲོག་གི་ཐར་པའོ། །གང་དུ་ཐར་པའི་ཚད་ནི་སྟེང་དུ་ངེས་པར་བརྗོད་པ་དེ་ནི་རྒྱལ་བ་པ་ཡི་བསྟན་པའོ། །ཞེས་གསུངས་པའི་དོན་ནོ། །གཉིས་པ་ཇི་ལྟར་འཁྲུལ་བའི་ཚུལ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། སྣ་ཚོགས་ལྟ་བ་ལུས་སེམས་ཀྱི། །བཟུང་འཛིན་ལ་བརྟེན་འབྱུང་བར་གསུངས། ཤེས་པའོ། །གཉིས་པ་ནི། དེ་ལྟར་ཕྱི་རོལ་པའི་གྲུབ་མཐའ་སྨྲ་བ་རྣམས་ཀྱིས། །སྣ་ཚོགས་སུ་འཛིན་པའི་ལྟ་བ་དེ་དག་ནི། ལུས་སེམས་ཀྱི་གནས་ལུགས་མ་ཤེས་པར། བཟུང་འཛིན་རྫས་ཐ་དད་དུ་འཛིན་པ་ལ་བརྟེན་ནས་བྱུང་བར་ཚངས་པའི་དྲ་བ་ལ་སོགས་པའི་མདོ་དུ་མ་དང་། རྒྱུད་སྡེ་དུ་མ་ལས་རྫོགས་པའི་སངས་རྒྱས་ཀྱིས་གསུངས། ཤེས་པའོ། །གཉིས་པ་རང་སྡེ་ཉན་ཐོས་པས་བཏགས་པའི་ལོག་རྟོག་དགག་པ་ལ། ཉན་ཐོས་སྡེ་གཉིས་ཀྱི་གྲུབ་མཐའ་སྤྱིར་དགག །བྱེ་བྲག་ཏུ་གནས་མ་བུ་པས་བཏགས་པའི་གང་ཟག་གི་བདག་དགག །སེམས་ཀྱི་གནས་ལུགས་རྟོགས་པ་སྤང་གཉེན་གྱི་རྩ་བར་བསྟན་པ་དང་གསུམ། དང་པོ་ལ། ཉན་ཐོས་སྡེ་གཉིས་ཀྱི་གྲུབ་མཐའ་ངོས་བཟུང་། དེ་ཇི་ལྟར་དགག་པའི་ཚུལ་བཤད། དེ་ལ་རྩོད་པ་སྤང་བ་དང་གསུམ་ལས། དང་པོ་ནི། ཕྱི་རོལ་རྡུལ་ཕྲན་ཕག་ན་མོ། །ཞེས་སོ། །འདིའི་དོན་ནི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་གྲུབ་པའི་མཐའ་ནི། ཕྱི་རོལ་གྱི་འཇིག་རྟེན་གྱི་ཁམས་སྣ་ཚོགས་པ་འདི་རྡུལ་ཕྲ་རབ་ལས་གྲུབ་ཅིང་། དེ་ཡང་རགས་པ་རྩོམ་པའི་ཚེ་ན། རྡུལ་ཕྲན་ཕན་ཚུན་རེག་ལ་མ་འབྱར་བར་བསྐོར་བ་བར་སྟོང་གི་ཚུལ་དུ་སྡུད་བྱེད་ཀྱི་རླུང་གི་སྡོམ་པར་འདོད་ཅིང་། མདོ་སྡེ་པ་རྣམས་ཀྱིས་ནི། ཕྱི་རོལ་གྱི་རྡུལ་ཕྲན་རྫས་སུ་འདོད་ཅིང་། རགས་པ་རྩོམ་པའི་ཚུལ་བྱེ་བྲག་ཏུ་སྨྲ་བ་དང་མཚུངས་ཀྱང་། དབང་ཤེས་ལ་སྣང་བའི་ཚུལ་ནི་མི་མཚུངས་ཏེ། བྱེ་བྲག་ཏུ་སྨྲ་བས་ནི། བར་སྐབས་སུ་རྣམ་པ་མེད་པར། དབང་ཤེས་ཀྱི་རྡུལ་ཕྲ་རབ་རྣམ་མེད་རྗེན་ཆར་དུ་རིག་པར་འདོད། མདོ་སྡེ་པ་རྣམས་ཀྱིས་ནི། དབང་ཤེས་ལ་རྡུལ་ཕྲ་རབ་དངོས་སུ་མི་སྣང་བར་གོས་ཀྱི་ཕག་ན་ལག་པ་ཡོད་པ་ལྟར། རྡུལ་ཕྲ་རབ་ཀྱི་རྣམ་པ་སྣང་བ་ཕག་ན་མོའི་ཚུལ་དུ་རྟོགས་པར་འདོད་དོ། །ཚུལ་འདི་དག་ནི། གོང་དུ་རྐྱེན་གསུམ་གྱི་སྐབས་སུ་རྒྱས་པར་བསྟན་པ་ལས་ཤེས་པར་བྱའོ། །དེ་དག་གི་ཚུལ་ནི། འཕགས་པ་འཇིག་རྟེན་དབང་ཕྱུག་གིས། ཇི་སྐད་དུ། ནམ་མཁའ་དང་ནི་འགོག་པ་གཉིས། །འདུས་མ་བྱས་གསུམ་རྟག་པ་སྟེ། །འདུས་བྱས་ཐམས་ཅད་སྐད་ཅིག་མ། །བདག་གིས་སྟོང་ཞིང་བྱེད་པོ་མེད། །དབང་སྐྱེས་བློ་ནི་རྣམ་མེད་ཀྱིས། །ཕྲ་རབ་བསགས་པ་དངོས་སུ་རིག ཁ་ཆེའི་གཞུང་གི་ཆུ་གཏེར་གྱི། །བྱེ་བྲག་སྨྲ་བའི་གཞུང་འདོད་འགྱུར། །ཤེས་པ་རྣམ་བཅས་བསྐྱེད་བྱེད་ནི། །དབང་པོའི་སྤྱོད་ཡུལ་སྣང་བ་མིན། །ནམ་མཁའ་མོ་ཤམ་བུ་དང་མཚུངས། །འགོག་པ་དག་ནི་ནམ་མཁའ་བཞིན། །འདུ་བྱེད་བེམས་པོ་ཡོད་མ་ཡིན། །དུས་གསུམ་རྗེས་འགྲོ་དག་ཀྱང་མེད། །ཐོགས་པ་མེད་པའི་གཟུགས་ཡོད་མིན། །ཞེས་པ་མདོ་སྡེ་པ་ཡི་རིག །ཅེས་གསུངས་པ་རྣམས་སོ། །གཉིས་པ་དེ་ཇི་ལྟར་དགག་པའི་ཚུལ་ལ། རྩ་བ་དང་། ཚིག་དོན་གཉིས་ལས། དང་པོ་ནི། ཀུན་གཞི་ཡིད་བཅས་ཡུལ་སྣང་གི། །ནུས་པ་མ་རྟོགས་དབང་གིས་ཏེ། ཞེས་པའོ། །གཉིས་པ་ནི། དེ་ལྟར་ཕྱི་རོལ་གྱི་དོན་རྡུལ་ཕྲན་རྣམ་མེད་རྗེན་ཆར་དང་། ཕག་ན་མོར་འདོད་པ་དེ་དག་གིས་ནི་སྣང་བ་སྣ་ཚོགས་པ་འདི་ཀུན་གཞི་ཡིད་དང་བཅས་པའི་བག་ཆགས་ཀྱི་རྣམ་འགྱུར་གཡོ་བའི་དབང་གིས་ཡུལ་སྣ་ཚོགས་སུ་སྣང་བ་དེ་དང་དེ་དག་གི་རྩ་བའི་ནུས་པ་མ་རྟོགས་པའི་དབང་གིས་ཡིན་ཏེ་ཀུན་རྫོབ་སྣང་བའི་ཆ་མཐའ་དག་ནི། གཉིས་སྣང་འཁྲུལ་པའི་བག་ཆགས་ཀྱི་ཆ་ལས་བྱུང་བའི་ཕྱིར་ཞེས་པའོ། །དེ་ལ་ཕྱི་རོལ་དོན་ལ་ཞེན་པའི་གྲུབ་མཐའ་སྨྲ་བ་དག་ན་རེ། འོ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདུལ་བ་དང་མངོན་པའི་སྡེ་སྣོད་དག་ལས། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་གསལ་བར་གསུངས་པ་མ་ཡིན་ནམ་ཞེ་ན། གསུམ་པ་དེ་ལ་རྩོད་པ་སྤང་བ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། འོན་ཀྱང་བདག་སོགས་བྱེད་པ་པོ། །དགག་ཕྱིར་རྒྱལ་བས་གསུངས་པ་ཡོད། །ཅེས་པའོ། །གཉིས་པ་ནི། ཕྱི་རོལ་གྱི་རྡུལ་ཕྲ་རབ་རྣམ་མེད་དང་། ཕག་ན་མོ་ལ་སོགས་པ་དེ་ལྟ་བུར་མ་གྲུབ་ཏུ་ཟིན་ཀྱང་། འོན་ཀྱང་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། བདག་དང་གཙོ་བོ་དང་ཁྱབ་འཇུག་ལ་སོགས་པ་བྱེད་པ་པོ་ཡིན་པ་དགག་པའི་ཕྱིར་དུ། རྒྱལ་བས་འདུལ་བ་དང་མངོན་པ་ལ་སོགས་པའི་ཆོས་ཀྱི་ཕུང་པོ་དུ་མར་ཕྱི་རོལ་གྱི་དོན་རང་མཚན་པ་ལྟ་བུར་གསུངས་པའང་ཡོད་དོ་ཞེས་པའོ། །དེ་ལྟར་གསུངས་པའི་ཚུལ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས་བྱང་ཆུབ་སེམས་འགྲེལ་ལས། བཟུང་དང་འཛིན་པའི་ངོ་བོ་ཡིས། །རྣམ་ཤེས་སྣང་བ་གང་ཡིན་པ། །རྣམ་ཤེས་ལས་ནི་ཐ་དད་པས། །ཕྱི་རོལ་དོན་ནི་འགའ་ཡང་མེད། །དེ་ཕྱིར་དངོས་པོའི་ངོ་བོ་ནི། །ཕྱི་དོན་རྣམ་པ་ཀུན་ཏུ་མེད། །རྣམ་ཤེས་སོ་སོར་སྣང་བ་འདི། །གཟུགས་ཀྱི་རྣམ་པར་སྣང་བར་འགྱུར། །ཇི་ལྟར་སྐྱེ་བོ་སེམས་རྨོངས་པས། །སྒྱུ་མ་སྨིག་སྒྱུ་དྲི་ཟ་ཡི། །གྲོང་ཁྱེར་ལ་སོགས་མཐོང་བ་ལྟར། །དེ་བཞིན་གཟུགས་སོགས་སྣང་བ་ཡིན། །བདག་ཏུ་འཛིན་པ་བཟློག་པའི་ཕྱིར། །ཕུང་པོ་ཁམས་སོགས་བསྟན་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་གནས་མ་བུ་པས་བཏགས་པའི་བདག་དགག་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། བདག་དང་གང་ཟག་བཏགས་པར་བརྗོད། །བདེན་པའི་རྫས་གྲུབ་རྡུལ་ཙམ་མེད། །ཡོད་ན་འབད་མེད་ཐར་བའམ། །ཐར་མེད་སྐྱོན་འགྱུར་ཞེས་སུ་བསྟན། །ཞེས་པའོ། །གཉིས་པ་ནི། ཉན་ཐོས་གནས་མ་བུ་བའི་སྡེ་པ་རྣམས་ཀྱིས། ཕྱི་རོལ་པས་འདོད་པ་ལྟར། རྟག་ཅིག་རང་དབང་ཅན་གྱི་བདག་ཁས་མི་ལེན་དུ་ཟིན་ཀྱང་། ཡོད་མེད་རྟག་ཆད་ལ་སོགས་པར་བརྗོད་དུ་མེད་པའི་བདག་ཁས་ལེན་པ་དེ་ནི་འཐད་པ་མ་ཡིན་ཏེ། བདག་དང་གང་ཟག་ཐམས་ཅད་དོན་ལ་མེད་བཞིན་དུ་རྟོག་པས་སྒྲོ་བཏགས་པའི་བཏགས་ཡོད་དུ་བརྗོད་པའི་ཕྱིར་རོ། །བདེན་པའི་རྫས་སུ་གྲུབ་པ་རྡུལ་ཕྲ་རབ་ཙམ་ཡང་མེད་པ་ཡིན་ནོ། །གལ་ཏེ་བདེན་པར་གྲུབ་པ་ཡོད་ན། བདག་དེ་ཐར་པ་ཡིན་ནམ། འཁོར་བ་ཡིན། དང་པོ་ལྟར་ན། སེམས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བར་འགྱུར་ཏེ། བདག་རྟག་པ་དེ་ཉིད་ཐར་པ་ཡིན་པའི་ཕྱིར། གལ་ཏེ་ཕྱི་མ་ལྟར་ན། སེམས་ཅན་གྱིས་ཐར་པ་ཐོབ་པའི་དོན་དུ་འབད་པ་དོན་མེད་པ་ཡིན་པར་ཐལ། བདག་རྟག་པ་དེ་ཉིད་འཁོར་བ་ཡིན་པའི་ཕྱིར། ཞེས་པའི་སྐྱོན་དུ་འགྱུར། ཞེས་སུ་བསྟན་པ་ཡིན་ནོ། །ཞེས་སོ། །འདི་དག་ནི་མདོ་སྡེའི་རྒྱན་ལས། གང་ཟག་བཏགས་པར་ཡོད་ཉིད་དུ། །བརྗོད་བྱ་རྫས་སུ་མ་ཡིན་ནོ། །ཞེས་རྒྱས་པར་གསུངས་པ་རྣམས་ཀྱི་དོན་ཡིན་ནོ། །གསུམ་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་སོགས་སེམས་ལ་སྣང་བ་ཡི། །སྤང་གཉེན་མཁས་རྣམས་ཀྱིས་གསུངས་བཞིན། ཞེས་པའོ། །གཉིས་པ་ནི། དེ་ལྟར་གནས་སྐབས་སུ་རྡུལ་ཕྲ་རབ་བསྟན་ཅིང་། དོན་ལ་གང་ཟག་དང་ཕྱི་རོལ་གྱི་དོན་རྫས་སུ་མ་གྲུབ་པར་གསུངས་པ་ལ་སོགས་པ་སེམས་ཅན་གྱི་སེམས་ལ་སྣང་བའི་སྣང་ཆ་ཐམས་ཅད་སེམས་ཀྱི་འཁྲུལ་སྣང་ཙམ་དུ་ཤེས་པ་ལ་བརྟེན་ནས། གྲུབ་མཐའ་ངན་པས་བཏགས་པའི་ལྟ་ངན་དེ་དག་སྤངས་ཏེ། ཡང་དག་པའི་དོན་མཐོང་བའི་ཚུལ་གྱི་སྤང་གཉེན་མཁས་པ་རྣམས་ཀྱིས་གསུངས་པ་ཇི་ལྟ་བ་བཞིན་དུ་ཤེས་ན། ཡང་དག་པའི་དོན་ལ་འཇུག་པའི་ཐབས་བླ་ན་མེད་པར་འགྱུར་བ་ཡིན་ནོ། །ཞེས་པའོ། །ཚུལ་འདི་དག་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས་བྱང་ཆུབ་སེམས་འགྲེལ་ལས། ཇི་སྐད་དུ།སེམས་ཙམ་པོ་ལ་གནས་ནས་ནི། །སྐལ་ཆེན་རྣམས་ཀྱིས་དེ་ཡང་སྤངས། །རྣམ་པར་ཤེས་པར་སྨྲ་བ་ལ། །སྣ་ཚོགས་འདི་ནི་སེམས་སུ་གྲུབ། །རྣམ་ཤེས་རང་བཞིན་གང་ཞེ་ན། །ད་ནི་དེ་ཉིད་བཤད་བྱ་སྟེ། །འདི་དག་ཐམས་ཅད་སེམས་ཙམ་ཞེས། །ཐུབ་བས་བསྟན་པར་གང་མཛད་དེ། །བྱིས་པ་རྣམས་ཀྱི་སྐྲག་པ་ནི། །སྤང་བའི་ཕྱིར་ཡིན་དེ་ཉིད་མིན། །ཀུན་བཏགས་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་ཉིད་འདི་ནི། །སྟོང་ཉིད་བདག་ཉིད་གཅིག་པུ་ཡི། །ངོ་བོ་སེམས་ལ་བཏགས་པ་ཡིན། །ཐེག་ཆེན་དགའ་བའི་བདག་ཉིད་ལས། །ཆོས་ལ་བདག་མེད་མཉམ་པ་ཉིད། །སེམས་ནི་གདོད་ནས་མ་སྐྱེས་པ། །སངས་རྒྱས་ཀྱིས་ནི་མདོར་བསྡུས་གསུངས། །ཤེས་པ་དང་། མདོ་སྡེའི་རྒྱན་ལས་ཀྱང་། སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། །ཤེས་གསུངས་པ་ཡང་རིམ་གྱི་ནང་ཤེས་པའི་བདག་ཉིད་ལ་འཛིན་པ་དོར་ནས། སྤྲོས་བྲལ་དབུ་མ་ལ་འཇུག་པའི་རིམ་པ་བསྟན་པ་ཡིན་ནོ། །སེམས་ཙམ་པའི་གྲུབ་མཐའ་ནི། ཇི་སྐད་བཤད་པ་འདི་དག་གིས་ཀྱང་ཤེས་པར་ནུས་ཤིང་གོང་དུ་རྒྱུ་རྐྱེན་གྱི་སྐབས་སུ་རྒྱས་པར་བཤད་ཡོད་པས་འདིར་མ་སྤྲོས་སོ། །གསུམ་པ་སྤང་གཉེན་གྱི་རྩ་བ་བསྟན་པ་ལ། སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད་པ། བརྒྱད་ཁྲི་བཞི་སྟོང་གི་ངེས་པ་བསྟན་པ་དང་གསུམ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། འདིར་ནི་ཡུལ་སྣང་ལུས་འདི་ལ། །རྩ་རླུང་ཐིག་ལེའི་ངེས་པ་ཡིས། །སྤང་གཉེན་དེ་བཞིན་གཤེགས་པས་གསུངས། །ཤེས་པའོ། །གཉིས་པ་ནི། སྤང་གཉེན་གྱི་ངེས་པ་བཤད་པའི་སྐབས་འདིར་ནི། ཡུལ་སྣང་གི་གཞིར་གྱུར་པའི་ལུས་འདི་ལ། རྩ་དང་རླུང་དང་ཐིག་ལེའི་གྲངས་ཀྱི་ངེས་པས། །སྦྱང་གཞི་དེ་དག་དང་མཐུན་པར། །སྤང་བྱ་དང་གཉེན་པོའི་ངེས་པ་དེ་བཞིན་གཤེགས་པས་མདོ་རྒྱུད་དག་ལས་གསུངས་སོ། །ཞེས་བྱ་བ་ནི་སྤྱིར་བསྟན་པའོ། །དེ་ལྟ་བུའི་ཚུལ་འདི་ཡང་། ཀླུ་སྒྲུབ་ཀྱིས་སེམས་འགྲེལ་ལས། །ཇི་ལྟར་རྒྱ་མཚོ་ལ་ནི་ཤིང་། །སེམས་ནི་མེད་ཀྱང་གཡོ་བར་འགྱུར། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ནི། །ལུས་བརྟེན་ནས་ནི་གཡོ་བར་འགྱུར། །ལུས་མེད་ན་ནི་རྣམ་པར་ཤེས། །ཡོད་པ་མིན་ཞེས་ཡང་རྟོག་ན། །དེ་ཡི་སོ་སོར་རང་རིག་ཉིད། །ཅི་འདྲ་ཞེས་བྱར་བརྗོད་པར་གྱིས། །སོ་སོ་རང་རིག་ཉིད་བརྗོད་པས། །དེ་ནི་དངོས་པོ་ཉིད་དུ་འདོད། །འདི་དེ་ཡིན་ཞེས་བརྗོད་པར་ནི། །ནུས་མིན་ཞེས་ཀྱང་བརྗོད་པ་ཡིན། །ཞེས་སྤང་བྱ་དང་གཉེན་པོའི་རྣམ་བཞག་ཐམས་ཅད་ལུས་སེམས་ཀྱི་སྣང་ཆ་ལ་བརྟེན་ནས་དེ་དང་མཐུན་པར་བཤད་པ་དང་། དེའང་ཐོག་མར། རང་ཉིད་ཀྱིས་དེ་དག་གི་གནས་ལུགས་རྟོགས་ནས། རང་གིས་ཇི་ལྟར་རྟོགས་པ་བཞིན་དུ་གཞན་ལ་ཡང་དེ་ལྟར་བཤད་དགོས་པ་ཡིན་ཏེ། དེ་སྐད་དུ་ཡང་དེ་ཉིད་ལས། རང་ལ་ངེས་བཞིན་གཞན་དག་ལ། །ངེས་པ་བསྐྱེད་པར་བྱ་བའི་ཕྱིར། །རྟག་ཏུ་འཁྲུལ་པ་མེད་པར་ནི། །མཁས་རྣམས་རབ་ཏུ་འཇུག་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཁྱད་པར་རྡོ་རྗེའི་ལུས་ལྡན་པའི། །སྐྱེས་བུ་ལོ་བརྒྱའི་རླུང་ཇི་སྙེད། །སྡོམས་ན་བྱེ་བ་བདུན་བཅུ་བདུན། །ས་ཡ་བདུན་དང་འབུམ་ཕྲག་དྲུག །ཡོད་པས་སྦྱང་གཞི་དེ་སྦྱོང་པའི། །ཆོས་སྒོ་དེ་དང་མཉམ་པ་ཡིན། །ཞེས་པའོ། །གཉིས་པ་ནི། སྤང་གཉེན་གྱི་རྣམ་པར་བཞག་པ་རྒྱས་པར་བཤད་ན། སྤྱིར་ཕུང་ཁམས་སྐྱེ་མཆེད་ལ་སོགས་པའི་རྣམ་གྲངས་དཔག་ཏུ་མེད་པ་ཡོད་པས་དེ་དག་གི་མཉེན་པོར་ཡང་ཆོས་སྒོ་རེ་རེ་གསུངས་མོད། །ཁྱད་པར་དུ་རྡོ་རྗེའི་ལུས་རྩ་རླུང་ཐིག་ལེ་དང་ལྡན་པའི་སྐྱེས་བུའི་ལོ་བརྒྱའི་རླུང་ཇི་སྙེད་ཡོད་པ་ཐམས་ཅད་སྡོམས་ན། བྱེ་བ་བདུན་ཅུ་རྩ་བདུན་དང་ས་ཡ་བདུན་དང་འབུམ་ཕྲག་དྲུག་ཡོད་པས། དེ་རེ་རེ་དང་ལྷན་ཅིག་ཏུ་རྣམ་པར་རྟོག་པ་ཡང་དེའི་གྲངས་དང་མཉམ་པར་རྒྱུ་བས། སྦྱང་གཞི་དེ་དག་སྦྱོང་བའི་ཆོས་ཀྱི་སྒོ་ཡང་དེའི་གྲངས་དང་མཉམ་པར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ་ཞེས་པའོ། །ཚུལ་འདི་དག་ཀྱང་། སྲོག་ཆགས་རྣམས་ཀྱི་ཚེ་ཚད་ནི། ཤིན་ཏུ་ཕྲ་བ་ལུས་ལ་སྐྱེས་པའི་སྲིན་བུ་ནས་བཟུང་སྟེ། ཆེ་བ་འོག་མིན་གྱི་ལྷའི་བར་གྱི་ལུས་ཅན་ཐམས་ཅད་ནི་ཚེ་ལོ་བརྒྱ་པ་ཡིན་ལ། དེའང་ཕྱི་རོལ་གྱི་ཉིན་ཞག་བགྲང་བའི་ལོ་ལྟ་བུ་ནི་མ་ཡིན་གྱི། ནང་དུ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་ཞག་གཅིག་ཏུ་བྱས་པའི་ཞག་སུམ་ཅུ་ལ་ཟླ་གཅིག ཟླ་བ་བཅུ་གཉིས་ལ་ལོར་བྱས་པ་ཡིན་ནོ། །དེའི་ཕྱིར། སེམས་ཅན་རང་རང་གི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལའང་རང་གི་ཞག་ཏུ་བྱས་པ་ཡིན་པས། ཤིན་ཏུ་ཕྲ་བའི་སྲིན་བུ་རྣམས་ཀྱིས་མིའི་ཞག་གཅིག་ལ་རང་གི་ལོ་བརྒྱ་རྫོགས་པའང་ཡོད་ཅིང་། མིའི་ལོ་གཅིག་གང་ཡིན་པ་དེ་ནི་འོག་མིན་པའི་དབུགས་གཅིག་ཡིན་ལ། དེ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་ཞག་གཅིག་ཏུ་བྱས་པའི་ལོ་བརྒྱ་ནི། འོག་མིན་པའི་ཚེ་ཚད་དང་། འོག་མིན་པའི་ཞག་གཅིག་ནི། གཟུགས་མེད་སྲིད་རྩེ་ལ་གནས་པའི་སེམས་ཅན་རྣམས་ཀྱི་དབུགས་གཅིག་ཡིན་ལ། དེ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་ཞག་ཏུ་བྱས་པའི་ལོ་བརྒྱ་ནི་གཟུགས་མེད་གོང་མའི་ཚེ་ཚད་དོ། །དེ་ལྟར་བྱེ་བ་བདུན་ཅུ་རྩ་བདུན་སོགས་སུ་འགྱུར་བའི་ཚུལ་འདི་ཡང་། ལོ་བརྒྱ་ཟླ་བ་བཅུ་གཉིས་ཀྱིས་བསྒྱུར་བས་ཟླ་བའི་ཕུང་པོར་འགྱུར་ལ། དེ་སུམ་ཅུས་བསྒྱུར་བས་ཞག་གི་ཚོགས། དེ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱས་བསྒྱུར་བས་དབུགས་ཀྱི་གྲངས་སྔར་ལྟར་འཆར་བ་ནི་སྦྱང་གཞིའི་གཙོ་བོ་ཡིན་ཞིང་། དེ་དག་དང་མཐུན་པའི་ཆོས་སྒོ་གསུངས་པ་ཡིན་ནོ། །དེ་ལྟར་བསྟན་པའི་རྒྱུ་མཚན་ཡང་། ལས་ཀྱི་རླུང་རེ་རེའི་ནང་དུ་ཡང་གཉེན་པོ་ཡེ་ཤེས་ཀྱི་རླུང་གི་ཆ་ཤས་རེ་རེ་ཡོད་པའི་རྒྱུ་མཚན་གྱིས་སོ། །གསུམ་པ་ནི། བརྒྱད་ཁྲི་བཞི་སྟོང་རགས་རིམ་གྲངས། །ཤེས་པ་སྟེ། འདི་ཡང་། འོ་ན་བཅོམ་ལྡན་འདས་ཀྱིས་མདོ་ལས། འདོད་ཆགས་ཀྱི་གཉེན་པོར་འདུལ་བ་ཉི་ཁྲི་ཆིག་སྟོང་ཞེ་སྡང་གི་གཉེན་པོར་མདོ་སྡེ་ཉི་ཁྲི་ཆིག་སྟོང་། གཏི་མུག་གི་གཉེན་པོར་མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་། དུག་གསུམ་ཆ་མཉམ་པའི་གཉེན་པོར་སྡེ་སྣོད་གསུམ་ཆ་མཉམ་དུ་སྡོམས་པ་ཉི་ཁྲི་ཆིག་སྟོང་སྟེ། ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་ལྟར་དུ་བརྒྱད་ཁྲི་བཞི་སྟོང་གི་ངེས་པ་བསྟན་པ་ནི། སྤང་གཉེན་གྱི་རྩ་བ་ར གས་རིམ་ཙམ་ཞིག་གི་གྲངས་བསྟན་པ་ཡིན་པའི་ཕྱིར་ཞེས་པའོ། །བཞི་པ་གཉེན་པོ་རྒྱུད་སྡེའི་ངེས་པ་བྱེ་བྲག་ཏུ་བཤད་པ་ལ། མདོར་བསྟན་པ། ལོ་བརྒྱའི་ཡེ་ཤེས་ཀྱི་རླུང་ལ་བརྟེན་ནས་རྒྱུད་སྡེ་བཞི་གསུངས་ཚུལ་རྒྱས་པར་བཤད་པ། དོན་བསྡུ་བ་དང་གསུམ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ལ་ཡེ་ཤེས་རླུང་ཇི་སྙེད། །རྒྱུ་བ་མྱང་འདས་ལམ་ལྡན་པ། །གཉེན་པོའི་མཆོག་སྟེ་བླ་མེད་རྒྱུད། །ཅེས་པའོ། །གཉིས་པ་ནི། དེ་ལ་ལོ་བརྒྱའི་རྒྱུ་བ་དེ་དག་གི་ནང་ནས། ཡེ་ཤེས་ཀྱི་རླུང་ཇི་སྙེད་རྒྱུ་བ་རྣམས་ཀྱི་གྲངས་ཐམས་ཅད་སྡོམས་ན། ས་ཡ་ཉི་ཤུ་རྩ་བཞི་དང་འབུམ་ཕྲག་གསུམ་ཡོད་དེ། རྒྱུ་བ་དེ་ཐམས་ཅད་ནི་མྱ་ངན་ལས་འདས་པ་ཐོབ་པ་དང་མཐུན་པའི་གཉེན་པོའི་ལམ་དང་ལྡན་པ་ཡིན་པས། དེ་ཉིད་ཐབས་ཀྱིས་ཟིན་ན་གཉེན་པོ་མཆོག་ཏུ་འགྱུར་བ་ཡིན་ཏེ། དེ་ཉིད་བསྒོམས་པ་ལ་བརྟེན་ནས། ལས་རླུང་ཇི་སྙེད་པ་ཐམས་ཅད་ཡེ་ཤེས་ཀྱི་རླུང་དུ་བསྒྱུར་ནས་ཚེ་འདི་ཉིད་ལ་རྣམ་སྨིན་གྱི་ལུས་སྦྲུལ་གྱི་ཤུན་པ་བཞིན་དུ་བོར་ནས་ཡེ་ཤེས་ཀྱི་སྐུར་བསྒྱུར་ནུས་པའི་ཕྱིར། རྒྱུ་མཚན་དེས་ན་ཡེ་ཤེས་ཀྱི་རླུང་དེའི་གྲངས་དང་མཐུན་པར་རྒྱལ་བས་བླ་ན་མེད་པའི་རྒྱུད་སྡེ་རྣམས་གསུངས་པ་ཡིན་ནོ། །ཞེས་པའི་དོན་ནོ། །དེ་ལྟ་བུའི་གྲངས་སུ་འགྱུར་བའི་ཚུལ་ནི། ལོ་བརྒྱ་ཟླ་བ་དང་ཞག་གི་ཚོགས་སུ་འགྱུར་ཚུལ་ནི་གོང་དང་མཚུངས་ལ། ཞག་རེ་རེ་ལ་ཡེ་ཤེས་ཀྱི་ཆ་དྲུག་བརྒྱ་བདུན་ཅུ་ལྔ་རེ་རྒྱུ་བ་དེའི་ཕྱིར། དེས་ཞག་གི་ཚོགས་ལ་བསྒྱུར་བས་གྲངས་དེ་དག་འབྱུང་བར་ཤེས་པར་བྱའོ། །འདི་ལྟ་བུའི་ཚུལ་མདོར་བསྟན་རྒྱས་བཤད་ཐམས་ཅད་ནི་དུས་འཁོར་ལས་རྒྱས་པར་གསུངས་པ་རྣམས་ཀྱི་དོན་མདོར་བསྡུས་ཏེ་བསྟན་པ་ཡིན་ནོ། །གཉིས་པ་ལ། ལོ་གསུམ་ཕྱོགས་གསུམ་གྱི་ཡེ་ཤེས་ཀྱི་རླུང་ལ་བརྟེན་ནས་རྩ་རྒྱུད་བདུན་ཅུ་རྩ་གཉིས་ཇི་ལྟར་བཤད་པའི་ཚུལ་བཤད་པ། རྩ་བ་དང་ཡན་ལག་གི་དབྱངས་དང་གསལ་བྱེད་ལ་བརྟེན་ནས་ཡན་ལག་གི་རྒྱུད་ཇི་ལྟར་བཤད་པའི་ཚུལ་བཤད་པ། དབུགས་དང་ཞག་གྲངས་སོགས་ལ་བརྟེན་ནས་རྒྱུད་ཕྲན་ཇི་ལྟར་བཤད་པའི་ཚུལ་བཤད་པ། རྒྱུད་ཐམས་ཅད་ཀྱི་ལྷ་གྲངས་ལོ་གསུམ་ཕྱོགས་གསུམ་གྱི་ཡེ་ཤེས་ཀྱི་རླུང་དང་སྦྱར་ཏེ་བཤད་པ་དང་བཞི། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ཕྱིར་ལོ་བརྒྱའི་ཡེ་ཤེས་རླུང་། །སྡོམས་པས་ལོ་གསུམ་ཕྱོགས་གསུམ་གྱི། །ལོ་གསུམ་ཞག་ནི་སྟོང་བརྒྱད་ཅུ། །ལོ་གསུམ་སྐུ་གསུང་ཐུགས་དབྱེ་བས། །སྐུ་གསུང་ཐུགས་ཀྱི་རྒྱུད་གསུམ་ཏེ། །བགྲོད་པ་རིགས་དྲུག་རྒྱུད་དུ་བཤད། །ཟླ་བའི་དབྱེ་བས་རིགས་རྣམས་ནི། །སུམ་ཅུ་སོ་དྲུག་རྒྱུད་དུ་བཤད། །གཡས་གཡོན་ཐབས་དང་ཤེས་རབ་ཀྱི། །དབྱེ་བས་ཐབས་དང་ཤེས་རབ་རྒྱུད། །རྩ་རྒྱུད་བདུན་ཅུ་རྩ་གཉིས་ཡོད། །འདི་ནི་མཁའ་འགྲོ་རྒྱ་མཚོ་རུ། །ཕྱག་གྲངས་དག་པར་གསུངས་པ་ཡིན། །ཞེས་པའོ། །གཉིས་པ་ནི། ཞག་གཅིག་གི་ལས་རླུང་གི་ཆ་ཤས་ལ་ཡེ་ཤེས་ཀྱི་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་རྒྱུ་བ་དེའི་ཕྱིར། ལོ་བརྒྱའི་ཡེ་ཤེས་ཀྱི་རླུང་ཇི་སྙེད་པ་ཐམས་ཅད་སྡོམས་པས་ལོ་གསུམ་དང་ཟླ་བའི་ཕྱོགས་གསུམ་དུ་འགྱུར་ལ། དེ་དག་གི་ནང་ནས་ལོ་གསུམ་གྱི་ཞག་ནི་སྟོང་དང་བརྒྱད་ཅུ་དང་། ཕྱོགས་གསུམ་གྱི་ཞག་ནི་བཞི་བཅུ་རྩ་ལྔ་སྟེ། ཐམས་ཅད་སྡོམས་པས་ཞག་སྟོང་ཕྲག་གཅིག་དང་བརྒྱ་ཉི་ཤུ་རྩ་ལྔ་འབྱུང་། །ལོ་གསུམ་པོ་དེ་ལ་སྐུ་གསུང་ཐུགས་ཀྱི་དབྱེ་བས། དེ་ལ་བརྟེན་ནས་སྐུ་གསུང་ཐུགས་ཀྱི་རྒྱུད་རྣམ་གསུམ་གསུངས། དེ་རེ་རེ་ལ་ལྷོར་བགྲོད་པའི་ལོ་ཕྱེད་དང་བྱང་དུ་བགྲོད་པའི་ལོ་ཕྱེད་དེ། བགྲོད་པ་རིགས་དྲུག་ལ་བརྟེན་ནས། ཐབས་དང་ཤེས་རབ་ཀྱི་རིགས་དྲུག་གི་རྒྱུད་རྣམ་པ་དྲུག་ཏུ་བཤད། ལོ་གསུམ་པོ་རེ་རེ་ལའང་ཟླ་བ་བཅུ་གཉིས་རེ་ཡོད་པའི་དབྱེ་བས་རིགས་ཀྱི་གྲངས་རྣམས་ནི་སུམ་ཅུ་སོ་དྲུག་ཡིན་པས། དེ་དང་མཐུན་པར་རྒྱུད་སུམ་ཅུ་སོ་དྲུག་བཤད། དེ་རེ་རེ་ལ་གཡས་པ་དང་གཡོན་པའི་ཐབས་ཤེས་ཀྱི་དབྱེ་བས་ཐབས་ཀྱི་དབང་དུ་བྱས་པའི་རྩ་རྒྱུད་སོ་དྲུག ཤེས་རབ་ཀྱི་དབང་དུ་བྱས་པའི་རྩ་རྒྱུད་སོ་དྲུག་སྟེ། གཉིས་ཀ་སྡོམས་ན། རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་མའི་རྒྱུད་ཐམས་ཅད་བསྡུས་པའི་རྩ་རྒྱུད་བདུན་ཅུ་རྩ་གཉིས་སུ་ཡོད་དོ། །ཚུལ་འདི་དང་མཐུན་པར་བཅོམ་ལྡན་འདས་དཔལ་མཁའ་འགྲོ་རྒྱ་མཚོ་ལས། ཧེ་རུ་ཀ་ཕྱག་བདུན་ཅུ་རྩ་གཉིས་པའི་རྣམ་པར་དག་པ་གསུངས་ཏེ། ནང་དུ་རྡོ་རྗེའི་ལུས་ལ་རྩ་བདུན་བཅུ་རྩ་གཉིས་དང་། ལྟེ་བའི་རྩ་དབུ་མའི་འཕོ་བ་དང་བཅས་པའི་རླུང་བདུན་ཅུ་རྩ་གཉིས་དང་། འདི་ལ་སྙིང་གའི་རྩ་བརྒྱད་ཀྱི་འཕོ་བ་ལྟེ་བའི་དྲུག་བཅུ་རྩ་བཞི་པོའི་སྟེང་དུ་བསྣན་པར་གོའོ། །འདོད་པའི་རྣམ་རྟོག་སོ་དྲུག་གི་འདོད་པའི་རྣམ་རྟོག་སོ་དྲུག་སྟེ། སྡོམས་པས་རྣམ་རྟོག་བདུན་བཅུ་རྩ་གཉིས་ཀྱི་གཉེན་པོའི་གྲངས་སུ་འགྱུར་ཏེ། དུས་འཁོར་ལས་ཀྱང་། གསུང་དང་སྐུའི་དཀྱིལ་འཁོར་ལ། འདོད་མ་དང་ཕྱིར་འདོད་མ་བདུན་བཅུ་རྩ་གཉིས་གསུངས་པའི་དག་པས་གྲུབ་བོ། །འདི་ལ་ཡེ་ཤེས་ཀྱི་རླུང་གི་ལོ་དང་ཞག་ཏུ་འགྱུར་ཚུལ་ནི། རླུང་ས་ཡ་ཉི་ཤུ་རྩ་བཞི་དང་འབུམ་ཕྲག་གསུམ་པོ་དེ་དྲུག་གིས་བགོས་པའི་ཐོབ་ནོར་ཆུ་སྲང་གི་ཚོགས། དེ་ལ་དྲུག་ཅུས་བགོས་པའི་ཐོབ་ནོར་ཆུ་ཚོད་ཀྱི་ཕུང་པོ། དེ་ལ་དྲུག་ཅུས་བགོས་པའི་ཐོབ་ནོར་ཞག་གི་ཚོགས། དེ་ལ་སུམ་ཅུས་བགོས་པའི་ཐོབ་ནོར་ཟླ་བའི་ཚོགས། དེ་ལ་བཅུ་གཉིས་ཀྱིས་བགོས་པའི་ཐོབ་ནོར་ནི་ལོ་ཡིན་པར་ཤེས་པར་བྱའོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཨ་སོགས་དབྱངས་ནི་སུམ་བཅུ་དྲུག །ཀ་སོགས་གསལ་བྱེད་དེ་དང་མཉམ། །བརྗོད་བྱེད་ཡི་གེའི་གཙོ་བོར་གསུངས། །རེ་རེའང་རྒྱུད་ཕྲན་སུམ་ཅུ་སྟེ། །སྟོང་དང་བརྒྱད་བརྒྱ་ཡིན་པར་བཤད། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡི། །རྒྱུད་ཀྱི་ཡན་ལག་ལྡན་པ་སྟེ། །ཐིག་ལེ་ཚེག་དྲག་གྲི་གུག་གི། །དབྱེ་བས་ཐུང་རིང་ཤིན་དུ་རིང་། །གསལ་བྱེད་སུམ་ཅུ་དབྱངས་དྲུག་བསྒྱུར། །སུམ་བརྒྱ་དྲུག་ཅུ་རྩ་བའི་དབྱངས། །ཉིན་མཚན་དབྱངས་ཀྱང་དྲུག་ཅུ་སྟེ། །ཞེས་པའོ། །གཉིས་པ་ནི། ཞག་གཅིག་གི་དུས་སྦྱོར་ལ་འཆར་བའི་ཡི་གེ་ལ་ཡེ་ཤེས་ཀྱི་ཆ་དང་ལྷན་ཅིག་ཏུ་རྒྱུ་བའི་ཨ་ལ་སོགས་པ་སྟེ། དེའི་སྒྲས་བསྡུས་པ། ཨ་ཨི་རྀ་ཨུ་ལི་རྩ་བ་ལྔ་དང་། །ཨ་ཨེ་ཨར་ཨོ་ཨལ་ཏེ། ཡོན་ཏན་ལྔ་དང་། ཧ་ཡ་ར་ཝ་ལ་སྟེ་ཡ་ན་དྷེ་ཤའི། རྐྱེན་ལས་གྱུར་པ་ལྔ་སྟེ་བཅོ་ལྔ་པོ་རྣམས་ལ། རིང་ཐུང་གཉིས་གཉིས་སུ་ཕྱེ་བས་སུམ་ཅུ། དེ་དག་གི་སྟེང་དུ་གྲི་གུག དབྱུག་པ། ཐིག་ལེ། ཚེག་དྲག ཐོང་གཤོལ་གྱི་རྣམ་པ་ལྟ་བུ་ལྔ་དང་ཨྃ་བསྣན་པས་དབྱངས་སོ་དྲུག་ཏུ་འགྱུར་རོ། །ཀ་ལ་སོགས་པ་སྟེ་གསལ་བྱེད་ནི། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷྱ་ཉ། ཊ་ཋ་ཌ་ཌྷྜྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ས་ཉྫྱ་ཥ་ཤ་ྈྐ་སྟེ་སུམ་ཅུ་དང་། ཧ་ཡ་ར་ཝ་ལ་ཀྵཿསྟེ་དྲུག་པོ་རྣམས་བསྣན་ན། གསལ་བྱེད་དབྱངས་དེ་དང་མཉམ་པར་སུམ་ཅུ་སོ་དྲུག་ཡོད་པ་རྣམས་ནི་བརྗོད་བྱའི་དོན་རྗོད་པར་བྱེད་པའི་ཡི་གེའི་གཙོ་བོར་གསུངས་པ་ཡིན་ནོ། །དེ་རེ་རེ་ལའང་རང་རང་གི་ཡན་ལག་ཏུ་གྱུར་པའི་རྒྱུད་ཕྲན་སུམ་ཅུ་སུམ་ཅུར་འགྱུར་ཏེ། དཔེར་ན་ཀ་རྡོ་རྗེའི་རྒྱུད་ལྟ་བུ་གཅིག་ལའང་། ཀ་ཀི་ཀ྄ྀར་ཀུ་ཀླྀ། ཀ་ཀེ་ཀར་ཀོ་ཀལ། ་ཀྱ་ཀ྄ཡ་ཀྲ྄ར་ཀླ། ཀཱ་ཀཱི་ཀ྄ྀརཱ་ཀཱུ་ཀླཱྀ། ཀཱ་ཀཻ་ཀཱར་ཀཽ་ཀཱལ། ཱ་ཀ྄ཡཱ་ཀ྄རཱ་ཱ་ཀླཱ། ཞེས་སུམ་ཅུར་འགྱུར་བའི་ཕྱིར། དེ་ལྟར་ཀ་སྡེ་ལ་སོགས་པའི་ཡི་གེ་སུམ་ཅུ་དབྱངས་སུམ་ཅུས་བསྒྱུར་བས་དགུ་བརྒྱར་འགྱུར་ལ། དགུ་བརྒྱ་པོ་ལ་ཐབས་ཤེས་གཉིས་སུ་ཕྱེ་བས། དབྱངས་དང་གསལ་བྱེད་ལྷན་ཅིག་པ་སྟོང་དང་བརྒྱད་བརྒྱ་ཡིན་ལ། ཞག་གཅིག་ལ་དེ་ལྟ་བུ་བཅུ་གཉིས་འབྱུང་བས། ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རྒྱུད་ཀྱི་ཡན་ལག་དང་ལྡན་པ་ཡིན་ཏེ། ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བའི་ཕྱིར། དེ་དག་བསྒྱུར་བྱེད་ཀྱི་དབྱངས་ནི། ཐིག་ལེ། ཚེག་དྲག གྲི་ཁུག དབྱུག་པ། ཐོང་གཤོལ། ཨྃ་གི་རྣམ་པ་རྣམས་ཡིན་པས། བསྒྱུར་བྱེད་དེ་དག་གི་དབྱེ་བས། ཡི་གེ་ཐུང་ངུ་དང་། རིང་པོ་དང་། ཤིན་ཏུ་རིང་པོའི་རྣམ་བཞག་ཀྱང་ཐོབ་པ་ཡིན་ནོ། །དེ་ལ་གསལ་བྱེད་སུམ་ཅུ་དབྱངས་དྲུག་གིས་བསྒྱུར་བས། རིང་ཐུང་སུམ་བརྒྱ་དྲུག་ཅུ་འབྱུང་བ་ནི་རྩ་བའི་དབྱངས་ཡིན་ནོ། །ཉིན་མཚན་གྱི་དབྱངས་ཀྱང་། ཆུ་ཚོད་རེ་རེ་ལ་དབྱངས་རེ་རེར་བརྩི་ན། ཉིན་སུམ་ཅུ་མཚན་སུམ་ཅུ་སྟེ་དྲུག་ཅུ་འབྱུང་བས་རྒྱུ་མཚན་དེའི་ཕྱིར་ན། སྦྱང་གཞི་དེ་དག་དང་མཐུན་པའི་རྒྱུད་ཀྱང་དེའི་གྲངས་སུ་གསུངས་པ་ཡིན་ནོ། །ཞེས་པའོ། །འདིར་ཧ་ཡ་ར་ཝ་ལ་དང་། དབྱུག་པ་སོགས་ནི། བསྒྱུར་བྱེད་ཀྱི་སྲོག་ཏུ་འགྱུར་བས། དབྱངས་དང་གསལ་བྱེད་ནི་སུམ་ཅུ་སུམ་ཅུ་ཡིན་ལ། དེ་ལས་ཀྱང་དབྱངས་མ་ཞུགས་པའི་གསལ་བྱེད་ནི། སྲོག་མེད་ཀྱི་ཡི་གེ་བརྗོད་དུ་མེད་པ་ཡིན་པས་ན། ཨ་སོགས་ཀྱི་དབྱངས་རྣམས་ནི། གསལ་བྱེད་ཀྱི་སྲོག་ཏུ་ཞུགས་པས་ལྷན་ཅིག་ཏུ་བགྲང་བ་ཡིན་ནོ། །གཞན་ཡང་འཕགས་པ་འཇིག་རྟེན་དབང་ཕྱུག་གིས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ལེའུའི་མདོར་བསྡུས་བཞི་པར། སྟོང་པ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡིག་དྲུག་ལ། །བཏུད་ནས་ཨ་སོགས་ཀ་སོགས་ཀྱི། །དབུགས་ཀྱི་གྲངས་ནི་དགྲོལ་བར་བྱ། །ཞེས་གསུངས་ཤིང་། ཞག་གཅིག་གི་ཡེ་ཤེས་ཀྱི་ཆ་ལ་གཡས་ཀྱི་གླང་ལ་སོགས་པའི་མཉམ་པའི་དུས་སྦྱོར་དྲུག་ལ། དབྱངས་རིང་པོ་ལྔ་བཅུ་རྩ་དྲུག་དང་བཞི་ཆ་འབབ་པ་དང་། གཡོན་གྱི་ལུག་ལ་སོགས་པ་མི་མཉམ་པའི་འཕོ་བ་དྲུག་ལ་དབྱངས་ལྔ་བཅུ་དྲུག་དང་བཞི་ཆ་འབབ་པར་བཤད་ཅིང་། རིང་ཐུང་དེ་དག་གི་ཚུལ་ནི། འགྲེལ་ཆེན་ལས། འདིར་ལི་ཡིག་གི་དབྱེ་བ་ནི་འདི་ལྟ་སྟེ། ལྀ་ལུ་ལརྀ་ལི་ལ་ལྃ་ལཿལཱྃ་ལཱ་ཞེས་པའོ། །དེ་བཞིན་དུ་ཨུ་ཝྲྀ་ཝརྀ་ཝི་ཝ་ཝྃ་ཝཿཝཱྃ་ཝཱ་ཞེས་པའོ། །དེ་བཞིན་དུ་རྀ་རླྀ་རུ་རི་ར་རྃ་རཿརཱྃ་རཱ་ཞེས་པའོ། །དེ་བཞིན་དུ་ཨི་ཡ྄ྀལ་ཡུ་མྲྀ་ཡ་ཡྃ་ཡཿ ཡཱྃ་ཡཱ་ཞེས་པའོ། །དེ་བཞིན་དུ་ཨ་ཨལ་ཨོ་ཨར་ཨེ་ཨ་ཨྃ་ཨཿཨཱྃ་ཧཱ་ཞེས་པའོ། །དེ་བཞིན་དུ་ཨྃ་མླྀ་མུ་མྲྀ་མི་མྃ་མཿམཱྃ་མཱ་ཞེས་པའོ། །དེ་བཞིན་དུ་ཨཿརླྀ་རུ་ར྄རྀ་རི་ར་རྃ་རཿརཱྃ་རཱ་ཞེས་པའོ། །དེ་བཞིན་དུ་ཧ་ྀ་ཧུ་ཧྲྀ་ཧ་ཧི་ཧྃཿ ཧཱཾ་ཧཱ་ཞེས་པ་སྟེ་རྐང་པ་དང་བཅས་པའི་ལྔ་བཅུ་རྩ་དྲུག་གོ །དེ་བཞིན་དུ་རིང་པོ་དང་ཤིན་དུ་རིང་པོ་རྣམས་ཀྱང་། །ཕན་ཚུན་དབྱེ་བ་རྣམས་ཀྱིས་སོ། །ཞེས་གསུངས་ཤིང་། ལས་རླུང་གི་ཉིན་མཚན་གྱི་ཆ་རྣམས་ལ། ཀ་ཙ་ཊ་པ་ཏ་ཀྶའི་སྡེ་ཚན་རྣམས་འཆར་བར་གསུངས་ཏེ། དེ་དག་ཕན་ཚུན་དུ་བསྒྱུར་བས། ཀ་ཡིག་ལ་སོགས་པའི་ཡི་གེ་རེ་རེ་ལའང་། སུམ་ཅུ་སུམ་ཅུར་འགྱུར་ཞིང་ཐམས་ཅད་ལ་སྦྱར་བས་དགུ་བརྒྱར་འགྱུར་རོ། །དེ་དག་ཉིན་མོ་དང་མཚན་མོའི་ཐུན་ལ་འཆར་བས། དེ་ལྟར་འགྱུར་བའི་ཚུལ་ཡང་། དང་པོ་ཀ་ལ་བརྟེན་པའི་སུམ་ཅུའི་འགྱུར་ཚུལ་ནི། ཡེ་ཤེས་ལེའུའི་ཚིགས་བཅད་བརྒྱ་ཉི་ཤུ་རྩ་དགུ་པའི་འགྲེལ་པར། འདི་ལྟ་སྟེ། ཀྐ་ཀྑ་་་ཀྔ། ཀྩ་ཀ྄ཚ་་ཀ྄ཉ། ་་ཀ྄ཌ་ཀ྄དྷ་ཀྞ། ་ཀ྄ཕ་་྄ཧ་ཀྨ། ཀྟ་ཀྠ་ཀྔཧ་ཀ྄ན། ཀྶ་ཀ྄ཉྥ་ཀྵ་ཀྴ་ཀ྄ྈྐ་ཞེས་པའོ། །དེ་བཞིན་དུ་ཁ་ལ་སོགས་པ་རྣམས་རིག་པར་བྱ་སྟེ། རབ་ཏུ་གསལ་བར་དགུ་བརྒྱ་ཉིད་དུ་འགྱུར་རོ། །ཞེས་གསུངས་ཤིང་། དགུ་བརྒྱ་པོ་དེ་དག་ལའང་། ཨ་ཨི་རྀ་ཨུ་ལྀ་ཨྃ་ཞེས་པ་རྣམས་ཀྱིས་བསྒྱུར་བས། ལྔ་སྟོང་དང་བཞི་བརྒྱར་འགྱུར་ཏེ། དུས་སྦྱོར་གསུམ་གྱི་དབུགས་གསུམ་གྱི་དཀྱིལ་འཁོར་གསུམ་ལ་མཚན་མོ་ཕྱེད་ནས་ཉི་མ་འཆར་བའི་བར་དུ་འབབ། དེ་ནི་དབྱངས་རིང་པོ་དྲུག་གི་དབྱེ་བས། ལྔ་སྟོང་བཞི་བརྒྱ་ཉི་མ་ཤར་ནས་ཉི་མ་གུང་གི་བར་དུ་འབབ་པས་དུས་སྦྱོར་དྲུག་རྫོགས། སླར་ཡང་དབྱངས་ཐུང་དུས་བསྒྱུར་བའི་གསལ་བྱེད་དེ་ལྟར། ཉི་མ་གུང་ནས་ཉི་མ་ནུབ་པའི་བར་དུ་དུས་སྦྱོར་གསུམ་དང་། སླར་ཡང་རིང་པོས་བསྒྱུར་བ་ཉི་མ་ནུབ་ནས་མཚན་མོ་ཕྱེད་ཀྱི་བར་དུ་ལས་རླུང་ལ་འཆར་བའི་ཚུལ་བཤད་པས། དེ་ལྟ་བུ་ཡང་རྟོགས་པར་བྱའོ་ཞེས་པའོ། །གསུམ་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ཕྱིར་དབུགས་གྲངས་ཞག་གཅིག་དང་། །ལོ་གཅིག་ཆུ་ཚོད་དབྱངས་མཐུན་ཕྱིར། །གསལ་བྱེད་དེ་དང་མཚུངས་པ་ཡིན། །ཞིབ་ཏུ་དབྱངས་འཆར་ནང་དུ་ལྟོས། །བླ་ན་མེད་པའི་རྒྱུད་ཀྱི་ཚོགས། །རྣམ་དབྱེ་བསྡུས་པར་བསྟན་པ་ཡིན། །ཞེས་པའོ། །གཉིས་པ་ནི། རྒྱུ་མཚན་དེའི་ཕྱིར། དབུགས་གྲངས་ཞག་གཅིག་དང་ལོ་གཅིག་གི་ཆུ་ཚོད་ཀྱི་དབྱངས་འཆར་བ་མཐུན་པ་ཡིན་ཏེ། ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་ཞིང་། ལོ་གཅིག་གི་ཆུ་ཚོད་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་ཡང་དབྱངས་དེ་དང་མཐུན་པར་རྒྱུ་བའི་ཕྱིར། དབྱངས་ཇི་ལྟ་བ་བཞིན་དུ་གསལ་བྱེད་ཀྱང་དེ་དང་མཚུངས་པ་ཡིན་ནོ། །ཚུལ་འདི་དག་ནི་ཞིབ་ཏུ་དུས་འཁོར་ནས་འབྱུང་བའི་དབྱངས་འཆར་བའི་ཚུལ་དང་། དེ་དག་ལས་བཏུས་པའི་རྗེ་ཉིད་ཀྱིས་མཛད་པའི་དབྱངས་འཆར་གྱི་བསྟན་བཅོས་ཡོད་པ་དེའི་ནང་དུ་ལྟོས་ཤིག་ཅེས་པའོ། །དེ་ལྟར་དབྱངས་དང་གསལ་བྱེད་འཆར་ལུགས་ཀྱི་སྦྱང་གཞི་དང་མཐུན་པའི་བླ་ན་མེད་པའི་རྒྱུད་ཀྱི་ཚོགས་གསུངས་ཚུལ་གྱི་རྣམ་པར་དབྱེ་བ་མདོར་བསྡུས་པ་ཙམ་ཞིག་འདིར་བསྟན་པ་ཡིན་ནོ། །ཞེས་པའོ། །བཞི་པ་ལ། གཉིས་མེད་ཀྱི་རྒྱུད་ཀྱི་ལྷ་གྲངས་ཡེ་ཤེས་ཀྱི་རླུང་དང་སྦྱར། ཤེས་རབ་རྒྱུད་ཀྱི་ལྷ་གྲངས་ཡེ་ཤེས་ཀྱི་རླུང་དང་སྦྱར། ཐབས་ཀྱི་རྒྱུད་ཀྱི་ལྷ་གྲངས་ཡེ་ཤེས་ཀྱི་རླུང་དང་སྦྱར། རྒྱུད་གཞན་ནས་བཤད་ཚུལ་དེ་དག་ཏུ་འདུས་པར་བསྟན་པ་དང་བཞི། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ད་ནི་ཐབས་ཤེས་གཉིས་མེད་རྒྱུད། །དེ་དག་གཙོ་བོ་ཅུང་ཟད་བརྗོད། །ལོ་གསུམ་ཞག་ལ་བདུན་གྱིས་བགོས། །བརྒྱ་དང་ལྔ་བཅུ་རྩ་བཞི་སྟེ། །དུས་འཁོར་ཉུང་ངུའི་ལྷ་གྲངས་ཡིན། །ལྷག་གཉིས་ཐབས་ཤེས་བདག་ཉིད་གསུངས། །ཤེས་པའོ། །གཉིས་པ་ནི། ད་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྒྱུད་ནས་གསུངས་པའི་ལྷ་གྲངས་ཀྱི་གཙོ་བོ་ཅུང་ཟད་ཅིག་འདིར་བརྗོད་པར་བྱ་སྟེ། དེའི་ཚུལ་ཡང་། ལོ་གསུམ་གྱི་ཞག་སྟོང་དང་བརྒྱད་ཅུ་ལ་བདུན་གྱིས་བགོས་པའི་ཐོབ་ནོར་དུ། བརྒྱ་དང་ལྔ་བཅུ་རྩ་བཞི་འབྱུང་སྟེ། དེ་ནི་དུས་འཁོར་ཉུང་ངུའི་ལྷ་གྲངས་ཡིན་ནོ། །འགྲེལ་པར། དུས་འཁོར་ཉུང་ངུ་ནི་ཐུགས་ཀྱི་དཀྱིལ་འཁོར་གྱི་ལྷ་གྲངས་ཡིན་པར་བཤད་ཀྱང་། དུས་འཁོར་ཉུང་ངུ་ནི་པདྨ་གདན་ཅན་གྱི་ལྷ་བརྒྱ་དང་ལྔ་བཅུ་རྩ་བཞི་ལ་བཤད་ན་འཐད་པ་འདྲ་སྟེ་བརྟག་པར་བྱའོ། །དེ་ལྟར་བགོས་པའི་ཤུལ་དུ་ལྷག་མ་གཉིས་ལུས་པ་ནི་ཐབས་དང་ཤེས་རབ་ཀྱི་རྒྱུད་གཉིས་མཚོན་པའི་དོན་དུ་དུས་འཁོར་ནང་ལེར་གསུངས་སོ། །ཞེས་པའོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཟླ་བ་ཆ་ནི་བཅོ་ལྔ་སྟེ། །དེས་ཕྱེ་བདུན་ཅུ་རྩ་གཉིས་ཏེ། །བདག་པོ་འཁྲིག་བཅས་རྣལ་འབྱོར་མའི། །ངེས་བརྗོད་རྒྱུད་ཀྱི་ལྷ་རུ་བཤད། །བསྡུས་ན་དཔའ་མོ་སུམ་ཅུ་བདུན། །ཐབས་གཅིག་དང་བཅས་ལུས་ལ་གནས། །ཤེས་པའོ། །གཉིས་པ་ནི། མ་རྒྱུད་ཀྱི་ལྷ་གྲངས་ངོས་བཟུང་ན། ལོ་གསུམ་གྱི་ཞག་སྟོང་བརྒྱད་ཅུ་ལ་ཟླ་བའི་ཆ་བཅོ་ལྔས་བགོས་ན་ཐོབ་ནོར་ལ་བདུན་ཅུ་རྩ་གཉིས་འབྱུང་སྟེ། དེ་ཡང་གཙོ་བོ་བདག་པོ་དང་རིག་མ་དང་ལྷན་ཅིག་ཏུ་འཁྲིག་པ་དང་བཅས་པའི་རྣལ་འབྱོར་མ་ངེས་བརྗོད་ཀྱི་རྒྱུད་ཀྱི་ལྷའི་གྲངས་སུ་བཤད་པ་ཡིན་ནོ། །དེ་ཐམས་ཅད་ཚུར་བསྡུས་ན་དཔའ་མོ་སུམ་ཅུ་རྩ་བདུན་གྱི་དཀྱིལ་འཁོར་དུ་འགྱུར་ཏེ། ཐབས་གཙོ་བོ་གཅིག་དང་བཅས་པ་ལུས་ལ་སྦྱར་བའི་ཚུལ་ཡིན་ནོ། །ཐབས་རྣམས་གཅིག་ཏུ་འཆད་བའི་རྒྱུ་མཚན་ཡང་། རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་རྒྱུད་ལས། ཐོད་པའི་དུ མ་སོགས་འཁོར་ལོར་གནས། །ཉི་ཤུ་རྩ་བཞི་གཉིས་མེད་ཡིན། །སེམས་ཅན་འཁོར་བ་ལས་གྲོལ་བ། །དཔའ་བོ་ཉིད་ནི་ཡིན་པར་བརྟག །ཅེས་གསུངས་སོ། །གསུམ་པ་ལ། སྒྱུ་འཕྲུལ་དྲ་བ་དང་། གསང་བ་འདུས་པ་གཉིས་ལས། དང་པོ་ལ། རྩ་ཚིག་གཉིས། དང་པོ་ནི། ཟླ་ཕྱེད་གསུམ་གྱི་ཞག་དེ་དག །ཁྱད་པར་ཐབས་ཀྱི་རྒྱུད་ཡིན་པས། །དུས་སྦྱོར་རྒྱུ་བ་བཅུ་གཉིས་ཀྱིས། །དབྱེ་བས་ལྔ་བརྒྱ་བཞི་བཅུ་ཡིན། །དེ་ལ་སྒྱུ་འཕྲུལ་དྲ་བ་ནི། །རྣམ་གསུམ་ཞེ་དགུའི་དཀྱིལ་འཁོར་དང་། །ཞེ་ལྔ་ཞེ་གསུམ་ཟུང་རྣམས་སོ། །ཉི་བརྒྱ་བདུན་ཅུ་རྩ་བཞི་ཡིན། །ཞེས་པའོ། །གཉིས་པ་ནི། ཟླ་བ་ཕྱེད་པ་གསུམ་གྱི་ཞག་བཞི་བཅུ་རྩ་ལྔ་པོ་དེ་དག་ཁྱད་པར་ཐབས་ཀྱི་རྒྱུད་ཀྱི་ལྷའི་གྲངས་ཡིན་པས། ཞག་གཅིག་གི་དུས་སྦྱོར་གྱི་རྒྱུ་བ་བཅུ་གཉིས་ཀྱིས་ཞག་བཞི་བཅུ་ཞེ་ལྔ་པོ་དེ་དག་བསྒྱུར་བས། ལྔ་བརྒྱ་དང་བཞི་བཅུ་འབྱུང་བ་ཡིན་ཏེ། དེ་ནི་སྒྱུ་འཕྲུལ་དྲ་བ་དང་གསང་འདུས་སྤྱིའི་ལྷ་གྲངས་ཡིན་ནོ། །དེ་ལ་སྒྱུ་འཕྲུལ་དྲ་བ་རྣམ་པ་གསུམ་ནི། ལྷ་བཞི་བཅུ་ཞེ་དགུའི་དཀྱིལ་འཁོར་དང་། བཞི་བཅུ་ཞེ་ལྔ་དང་། ཞེ་གསུམ་གྱི་དཀྱིལ་འཁོར་རྣམས་གྲངས་སུ་བྱས་པས། ཟུང་སྟེ་དགུ་པ་གཉིས། ཞེ་ལྔ་པ་གཉིས། ཞེ་གསུམ་པ་གཉིས་རྣམས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་སྡོམས་ན། ཉི་བརྒྱ་དང་བདུན་ཅུ་རྩ་བཞི་ཡིན་ནོ། །ཞེས་སོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དཔལ་ལྡན་འདུས་པ་རྣམ་དྲུག་སྟེ། །དགུ་དང་བཅུ་གསུམ་བཅུ་དགུ་དང་། །ཉེར་ལྔ་སོ་གཉིས་སོ་བཞི་སྟེ། ཐབས་དང་ཤེས་རབ་དབྱེ་བ་ཡིས། །ཉི་བརྒྱ་དྲུག་ཅུ་རྩ་བཞིའོ། །ཐབས་ཤེས་དང་བཅས་གྲངས་རྣམས་སོ། །ཞེས་པའོ། །གཉིས་པ་ནི། དཔལ་ལྡན་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ལྷ་གྲངས་ནི་རྣམ་པ་དྲུག་སྟེ། ལྷ་དགུའི་དཀྱིལ་འཁོར། །བྲམ་ཟེ་ཐག་པ་ཡན་ལག་མེད་པའི་རྡོ་རྗེའི་ལུགས་དང་། ལྷ་བཅུ་གསུམ་པ་རྒྱལ་པོ་ཨིནྟྲ་བྷཱུ་ཏིའི་ལུགས་དང་། ལྷ་བཅུ་དགུ་པ་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ལུགས་དང་། ལྷ་ཉི་ཤུ་རྩ་ལྔ་པ་པཎྜྻི་ཏ་མགྲིན་པ་གསུམ་པའི་ལུགས་དང་། ལྷ་སོ་གཉིས་པ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་ལུགས་དང་། ལྷ་སོ་བཞི་པ་སློབ་དཔོན་ཀུན་དགའ་སྙིང་པོའི་ལུགས་རྣམས་ཡིན་ཏེ། འདི་ནི་སློབ་དཔོན་དེས་རྣལ་འབྱོར་གྱི་རྒྱུད་ལྟར་དུ་བཀྲལ་བར་གྲགས་སོ། །དེ་ལྟར་ཐབས་དང་ཤེས་རབ་ཀྱི་དབྱེ་བས་དཀྱིལ་འཁོར་དེ་དག་གི་ལྷ་གྲངས་རྣམས་སྡོམས་ན་ཉིས་བརྒྱ་དང་དྲུག་བཅུ་རྩ་བཞི་ཡིན་ནོ། །འདི་ཡང་། དཀྱིལ་འཁོར་དེ་དག་ཟུང་སྟེ་ལྷ་དགུ་པ་གཉིས། བཅུ་གསུམ་པ་གཉིས་ལ་སོགས་གྲངས་རྣམས་སྦྱར་བའམ། ཡང་ན་ཡབ་ཡུམ་སོ་སོར་ཕྲལ་བའི་གྲངས་ཡིན་ནོ། །དེ་ལྟར་སྒྱུ་འཕྲུལ་དྲ་བ་དང་གསང་བ་འདུས་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་ལྷ་གྲངས་རྣམས་སྡོམས་པས། ཕྱོགས་གསུམ་གྱི་དུས་སྦྱོར་ལྔ་བརྒྱ་བཞི་བཅུའི་གྲངས་དང་མཉམ་པའོ། །བཞི་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཐོད་པ་རྡོ་རྗེ་བདུད་རྩི་དང་། །དགྱེས་རྡོར་སོགས་རྣམས་མ་རྒྱུད་ཀྱི། །སྡོམ་པའི་ནང་དུ་འདུས་པར་གསུངས། །གཤིན་རྗེ་གཤེད་སོགས་གསང་བར་བསྡུ། །ངག་དབང་དུས་ཀྱི་འཁོར་ལོ་སོགས། །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །རྣལ་འབྱོར་རྒྱུད་ཀུན་ཀྱང་འདུས་ཏེ། །བྱ་སྤྱོད་དེ་ཡི་ཡན་ལག་ཡིན། །ཞེས་པའོ། །གཉིས་པ་ནི། གོང་དུ་བཤད་པའི་དེ་དག་ལས་གཞན་པའི་མ་རྒྱུད་ཀྱི་དབྱེ་བ་སངས་རྒྱས་ཐོད་པའི་དཀྱིལ་འཁོར་དང་། རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་དང་། བཅོམ་ལྡན་འདས་དཔལ་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་ལ་སོགས་པ་རྣམས་ནི། མ་རྒྱུད་ཀྱི་གཙོ་བོ་འཁོར་ལོ་སྡོམ་པའི་རང་བཞིན་ལོ་གསུམ་གྱི་ཡེ་ཤེས་ཀྱི་རླུང་གི་ཆའི་ནང་དུ་འདུས་པར་གསུངས་ཤིང་། གཞན་ཡང་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་དང་། དཔལ་རྟ་མགྲིན་ལ་སོགས་པ་ཁྲོ་བོའི་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་ནི་ཕ་རྒྱུད་ཀྱི་ཡན་ལག་ཡིན་པས། ཕ་རྒྱུད་ཀྱི་གཙོ་བོ་གསང་བ་འདུས་པའི་རང་བཞིན་ཕྱོགས་གསུམ་གྱི་དུས་སྦྱོར་གྱི་ནང་དུ་བསྡུ་བ་ཡིན་ནོ། །ཆོས་དབྱིངས་ངག་གི་དབང་ཕྱུག་གི་དཀྱིལ་འཁོར་ནི་དུས་ཀྱི་འཁོར་ལོའི་ལོ་གསུམ་གྱི་ཞག་གི་ནང་དུ་འདུས་ཤིང་། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་སོགས་པ་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་ཀུན་ཀྱང་། དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཅན་ལ་འདུས་ཏེ། གཞན་ཡང་བྱ་བ་དང་སྤྱོད་པའི་རྒྱུད་ལས་གསུངས་པའི་ལྷ་རྣམས་ཀྱང་དེ་དག་གི་ཡན་ལག་ཏུ་ཅི་རིགས་པར་འདུས་པ་ཡིན་པས། མདོར་ན་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་རླུང་གི་རྣམ་གྲངས་ལས་འཕྲོས་པའི་ཆར་དུས་འཁོར་རྒྱུད་འགྲེལ་ལ་སོགས་པ་བྱང་ཆུབ་སེམས་དཔའི་འགྲེལ་པ་རྣམས་ལས་གསུངས་པས། ཁུངས་བཙུན་པ་ཉིད་དུ་ཤེས་པར་བྱ་སྟེ། ཚུལ་འདི་དག་ནི། བསྡུས་རྒྱུད་ལས། དུས་ཀྱི་ལོ་ནི་མེ་གྲངས་ལོ་ཡི་ཉིན་ཞག་ཚོགས་ཀྱིས་བསྒྱུར་ཏེ་རིགས་དྲུག་བགྲོད་པའི་ཡན་ལག་གིས། །ཟླ་བའི་དབྱེ་བས་སུམ་ཅུ་དྲུག་ཏེ་རོ་ཡིས་བསྒྱུར་བའི་རོ་ནི་རྣལ་འབྱོར་མ་རྣམས་དག་གི་རིགས། །གཟའ་ཡི་བཅད་པས་ཐོབ་པ་རབ་ཏུ་གསལ་ཞིང་ངེས་པར་དུས་ཀྱི་འཁོར་ལོ་དག་གི་ལྷ་རྣམས་སོ། །ཕྱོགས་ཀྱིས་བཅད་པ་དག་གིས་ལྷ་དང་ལྷ་མོ་རྣམས་ཀྱི་མངོན་པར་བརྗོད་པར་འགྱུར་རོ་མི་ཡི་བདག །སྒྱུ་འཕྲུལ་དྲ་བ་རྣམ་པ་གསུམ་ཡང་ཉིན་ཞག་ཡན་ལག་ལས་འགྱུར་ཡང་དག་བུག་པ་རིག་བྱེད་དང་། །སླར་ཡང་འབྱུང་བ་རྒྱ་མཚོ་མེ་དང་ཆུ་གཏེར་གྱིས་བསྒྱུར་དཔལ་ལྡན་འདུས་པ་དུས་ཀྱི་དབྱེ་བ་ནི། །དེ་ཉིད་ཅེས་བྱ་གཞན་ཡང་དྲུག་གིས་རྣམ་དམན་དེ་དག་ཕྱེད་ཀྱི་དབྱེ་བས་རྣམ་པར་ཕྱེ་བ་སྟེ། སླར་ཡང་བསྲེས་པ་དག་གི་དབྱེ་བ་གཉིས་ཏེ་བཅུ་གསུམ་བཅུ་དགུ་དང་ནི་བུག་པ་དེ་ཉིད་བཅས། །ཟླ་བའི་ཆ་ཤས་སུ་ངེས་ཉིན་ཞག་ཚོགས་ལས་གཟའ་ཡི་ཆ་ཡིས་ཐོབ་པ་གང་དག་ཉིན་ཞག་དྲུག །དེ་དག་རྡོ་རྗེ་ཅན་གྱི་ཕྱག་རྒྱ་དྲུག་སྟེ་གཞན་པའི་ཉིན་ཞག་ཚོགས་ནི་སྐུ་གསུང་ཐུགས་ཀྱི་རྒྱ། །ཤེས་རབ་སྐུ་ལ་དུས་སྦྱོར་གསུམ་རྣམས་ངེས་པར་གསལ་བྱས་རྣལ་འབྱོར་མ་དང་རྣལ་འབྱོར་རྒྱུད་ལའོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། དེ་ནི་ཡེ་ཤེས་རླུང་བཤད་དོ། །ཞེས་པ་སྟེ། དེ་ཐམས་ཅད་ཀྱི་རྒྱུ་ནི་ཡེ་ཤེས་ཀྱི་རླུང་ཡིན་པར་བཤད་དོ། །ལྔ་པ་དཀྱིལ་འཁོར་གྱི་ལྷ་གྲངས་རྩ་ཁམས་དང་སྦྱར་བ་ལ། དུས་འཁོར་གྱི་ལྷ་གྲངས་རྩ་ཁམས་ལ་སྦྱར་བ། སྡོམ་པ་ཆེ་ཆུང་དང་སྦྱར་བ། གསང་བ་འདུས་པའི་ལྷ་གྲངས་དང་སྦྱར་བ། རྒྱུད་གཞན་གྱི་ལྷ་གྲངས་རྩ་ཁམས་དང་སྦྱར་བ་དང་བཞི། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། རྩ་ཡང་དེ་བཞིན་གསུངས་པ་ནི། །སྙིང་ག་སྲོག་ནི་དུས་འཁོར་ལོ། །རོ་བརྐྱང་ཞབས་ཀྱི་རང་བཞིན་ཏེ། །སྙིང་གར་སངས་རྒྱས་ལྷ་མོ་བརྒྱད། །ཡེ་ཤེས་སྣ་ཚོགས་ཡུམ་དུ་བརྗོད། །བུམ་པ་གཤང་གཅི་ཤ་དང་རྐང་། ཁུ་ཁྲག་ཡིན་ཏེ་གཙུག་ཏོར་ནི། །ནོར་བུ་གྷཎྜྻེ་ཤིང་དང་དུང་། །ཕུང་པོ་ཁམས་རྣམས་སངས་རྒྱས་ཡུམ། །མིག་སོགས་དྲུག་དང་ཡུལ་རྣམས་ནི། །བྱང་ཆུབ་སེམས་དཔའ་ལྷ་མོར་བཅས། །རྐང་སོགས་ལས་དབང་ཁྲོ་བོ་བཅུ། །ལྟེ་བའི་རྩ་རྣམས་འཇིགས་མ་སོགས། །གསུང་གི་དཀྱིལ་འཁོར་རང་བཞིན་ཡིན། །ཚིགས་ཆེན་བཅུ་གཉིས་རྩའི་འཁོར་ལོ། །སྐུ་ཡི་དཀྱིལ་འཁོར་གནས་པ་ཡིན། །སོར་ཚིགས་ཀླུ་དང་གཏུམ་མོ་སྟེ། །བ་སྤུ་འབྱུང་པོའི་རང་བཞིན་ནོ། །འདོད་དང་མི་འདོད་རྟོག་པ་ཀུན། །མཆོད་པའི་ལྷ་མོ་དང་བཅས་པ། །རྩ་ཁམས་ཐབས་དང་ཤེས་རབ་ཀྱི། །དབྱེ་བས་སྟོང་དང་བརྒྱད་བཅུའོ། །ཞེས་སོ། །གཉིས་པ་ཚིག་གི་དོན་ནི། དེ་ལྟར་གོང་དུ་རླུང་ལྷ་གྲངས་དང་སྦྱར་བ་དེ་བཞིན་དུ། རྩ་ཡང་དཀྱིལ་འཁོར་གྱི་ལྷ་གྲངས་དང་སྦྱར་ནས་གསུངས་པ་ནི། ཐོག་མར་དུས་ཀྱི་འཁོར་ལོའི་ཚུལ་ལ། སྙིང་གའི་རྩ་དབུ་མ་སྲོག་གི་རླུང་དང་བཅས་པ་ནི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ངོ་བོ་དང་། གཡས་གཡོན་གྱི་རོ་བརྐྱང་གཉིས་པོ་ནི། དེའི་ཞབས་ཀྱི་རང་བཞིན་ཡིན་ཏེ། སྙིང་གའི་འཁོར་ལོའི་རིགས་དྲུག་ནི་སངས་རྒྱས་དྲུག་དང་། སྙིང་གའི་རྩའི་འདབ་མ་བརྒྱད་ནི་དུ་བ་མ་ལ་སོགས་པའི་ལྷ་མོ་བརྒྱད་དང་། ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་ནི་ཕྱག་རྒྱ་ཆེན་མོ་ཡིན་པས། ཡེ་ཤེས་ཀྱི་ཁམས་ནི་སྣ་ཚོགས་ཡུམ་དང་ལྷ་མོ་བརྒྱད་ཀྱི་རྗེས་སུ་སྣ་ཚོགས་ཡུམ་བཤད་པ་ནི་སྡེབ་སྦྱོར་གྱི་དབང་གིས་སོ། །བུམ་པ་རྣམས་ནི། ལུས་ཀྱི་གཤང་བ་དང་། གཅི་བ་དང་། ཤ་དང་། རྐང་དང་། ཁུ་བ་དང་ཁྲག་རྣམས་ཡིན་ཏེ། ཁམས་ཀྱི་དབང་གིས་སོ། །གཙུག་ཏོར་གྱི་འཁོར་ལོའི་རྩ་བཞི་ནི། ནོར་བུ་དང་། གྷཎྜྻི་དང་། བྱང་ཆུབ་ཀྱི་ཤིང་དང་། ཆོས་ཀྱི་དུང་རྣམས་སོ། །ཕུང་པོ་དྲུག་དང་། ས་ལ་སོགས་པའི་ཁམས་དྲུག་པོ་རྣམས་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ཡུམ་དང་བཅས་པའོ། །མིག་ལ་སོགས་པའི་དབང་པོ་དྲུག་དང་གཟུགས་ལ་སོགས་པའི་ཡུལ་དྲུག་པོ་རྣམས་ནི། ཀུན་ཏུ་བཟང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང་། དྲི་རྡོ་རྗེ་མ་ལ་སོགས་པའི་ལྷ་མོར་བཅས་པ་རྣམས་ཡིན་ནོ། །རྐང་པ་དང་སོགས་པས་ལག་པ་དང་གཤང་བ་དང་ངག་དང་འདོམས་དང་དབང་པོ་མཆོག་སྟེ་དྲུག་པོ་རྣམས་དང་། དེ་དག་གི་ལས་འགྲོ་བ་ལ་སོགས་པའི་བྱ་བ་རྣམས་ནི་བགེགས་མཐར་བྱེད་དང་རིགས་བྱེད་མ་ལ་སོགས་པའི་ཁྲོ་བོ་དང་ཁྲོ་མོ་བཅུ་ཡིན་ནོ། །ལྟེ་བའི་རྩ་དྲུག་ཅུ་རྩ་བཞི་ནི་འཇིགས་མ་སྟེ་ཙར་ཙི་ཀ་ལ་སོགས་པ་གསུང་གི་དཀྱིལ་འཁོར་གྱི་ལྷ་མོ་དྲུག་ཅུ་རྩ་བཞི་པོ་རྣམས་ཡིན་ནོ། །རྐང་ལག་གི་ཚིགས་ཆེན་གྱི་འཁོར་ལོའི་རྩ་འདབ་སུམ་བརྒྱ་དྲུག་ཅུ་ནི་སྐུའི་དཀྱིལ་འཁོར་གྱི་ཚེས་ལྷ་སུམ་བརྒྱ་དྲུག་ཅུ་ཡིན་ནོ། །བྱ་བའི་འཁོར་ལོ་སོར་ཚིགས་ཀྱི་རྩ་རྣམས་ནི་ཀླུ་དང་གཏུམ་མོ་རྣམས་ཡིན་ཏེ་དེའི་རང་བཞིན་ནོ། །བྱེ་བ་ཕྲག་ཕྱེད་དང་བཞིའི་བ་སྤུ་རྣམས་ནི་འབྱུང་པོ་བྱེ་བ་ཕྲག་ཕྱེད་དང་བཞིའི་རང་བཞིན་ནོ། །འདོད་པའི་རྟོག་པ་སུམ་ཅུ་སོ་དྲུག་ནི། གསུང་གི་དཀྱིལ་འཁོར་གྱི་འདོད་མ་སུམ་ཅུ་སོ་དྲུག་དང་། མི་འདོད་པའི་རྟོག་པ་སུམ་ཅུ་སོ་དྲུག་ནི་སྐུའི་དཀྱིལ་འཁོར་གྱི་ཕྱིར་འདོད་མ་སུམ་ཅུ་སོ་དྲུག་རྣམས་ཡིན་ནོ། །དེ་ལྟར་འཁོར་ལོ་ཐམས་ཅད་ཀྱི་རྩ་ཐམས་ཅད་ཕན་ཚུན་ཐབས་དང་ཤེས་རབ་ལུས་དང་བསམ་པའི་དབྱེ་བས་སྟོང་བརྒྱད་ཅུའི་དཀྱིལ་འཁོར་དུ་འགྱུར་རོ། །ཞེས་པའོ། །གཉིས་པ་འཁོར་ལོ་སྡོམ་པ་ཆེ་ཆུང་གི་ལྷ་རྩ་ཁམས་དང་སྦྱར་བ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དཔལ་ལྡན་འཁོར་ལོ་སྡོམ་པ་ནི། རྩ་གསུམ་བདུད་བྲལ་བཅས་པ་དང་། །སྙིང་གར་ཡུམ་བཞི་མཆོད་པ་བཞི། །རྩ་ཆེན་ཉེར་བཞི་རྣལ་འབྱོར་མ། །རབ་གཏུམ་སོགས་ཡིན་དེ་ནང་ཁམས། །ཐོད་པའི་དུམ་སོགས་དཔའ་བོར་གསུངས། །ཁྭ་གདོང་ལ་སོགས་ཁྲོ་བཅུར་མཚུངས། །ཐིམ་དང་ལོངས་སྤྱོད་བདག་པོའི་ཕྱིར། །ལྷ་ནི་བདུན་ཅུ་གཉིས་རང་བཞིན། །འཁོར་ལོའི་རྩ་འདབ་བརྒྱ་ཉི་ཤུ། །ལྷ་རུ་རྡོ་རྗེ་མཁའ་འགྲོར་གསུངས། ཤེས་པའོ། །གཉིས་པ་ནི། དཔལ་ལྡན་འཁོར་ལོ་སྡོམ་པ་ཆེ་ཆུང་གི་ལྷ་གྲངས་ནི། རྩ་དབུ་མ་རོ་བརྐྱང་གཙོ་མོ་གསུམ་དང་བདུད་བྲལ་མ་དང་བཅས་པ་གཙོ་བོ་ཡབ་ཡུམ་དང་། སྙིང་གའི་རྩ་འདབ་མ་བརྒྱད་ནི་ཕྱོགས་ཀྱི་ཡུམ་བཞི་དང་། མཚམས་ཀྱི་མཆོད་པའི་ངོ་བོ་ཐོད་པ་བདུད་རྩིས་བཀང་བ་བཞི་ཡིན་ནོ། །མི་ཕྱེད་མ་ནས་ཡིད་བཟང་མའི་བར་གྱི་རྩ་ཆེན་ཉེར་བཞི་ནི། རྣལ་འབྱོར་མ་རབ་གཏུམ་ལ་སོགས་པའི་ལྷ་མོ་ཉེར་བཞི་ཡིན་ཞིང་། རྩ་དེ་དག་གི་ནང་ནས་འབབ་པའི་ཁམས་ཉེར་བཞི་ནི་ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོ་ཉི་ཤུ་རྩ་བཞིར་གསུངས་ཏེ། མིག་ལ་སོགས་པ་དབང་པོའི་སྒོ་རྣམས་ཁྭ་གདོང་མ་ལ་སོགས་པ་སྒོ་མཚམས་ཀྱི་ཁྲོ་མོར་གསུངས་པའི་ཚུལ་ནི། གོང་དུ་དུས་ཀྱི་འཁོར་ལོར་རྐང་པའི་དབང་པོ་ལ་སོགས་པའི་དབང་པོའི་སྒོ་རྣམས་ཁྲོ་བོ་བཅུར་སྦྱར་བ་དང་མཚུངས་སོ། །འདི་ནི་འཁོར་ལོ་སྡོམ་པ་ཆུང་བའི་ལྷ་གྲངས་ཀྱི་ངེས་པའོ། །འཁོར་ལོ་སྡོམ་པ་ཆེ་བའི་ལྷ་གྲངས་ནི། རྩ་ནི་ཉེར་བཞི་པོ་དེ་དག་ལ་ཐིམ་པ་དང་ལོངས་སྤྱོད་པ་དང་བདག་པོ་གསུམ་གསུམ་དུ་ཕྱེ་བས། བདུན་ཅུ་རྩ་གཉིས་པོ་འཁོར་ལོ་སྡོམ་པ་ཆེ་བའི་ལྷ་བདུན་ཅུ་རྩ་གཉིས་ཀྱི་རང་བཞིན་ཡིན་ནོ། །ཞེས་སོ། །དེ་དག་ལས་ཀྱང་། འཁོར་ལོ་བཞིའི་རྩ་འདབ་བརྒྱ་ཉི་ཤུ་འཁོར་ལོ་སྡོམ་པའི་ལྷ་རྣམས་སུ་འགྱུར་བའི་ཚུལ་བདེ་མཆོག་རྡོ་རྗེ་མཁའ་འགྲོར་གསུངས་ཀྱང་། དེ་དག་གི་ལྷ་གྲངས་ནི། རང་རང་གི་སྐབས་སུ་ངེས་པར་བྱ་བ་ཡིན་པས་འདིར་མ་སྤྲོས་སོ། །གསུམ་པ་གསང་བ་འདུས་པའི་ལྷ་གྲངས་རྩ་ཁམས་དང་སྦྱར་བ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དཔལ་ལྡན་འདུས་པ་བཤད་བྱ་བ། །ཕུང་པོ་སངས་རྒྱས་ལྔ་ཡིན་ཏེ། །ཁམས་བཞི་རག་བཅས་ལྷ་མོ་ལྔ། །མིག་གཉིས་ས་ཡི་སྙིང་པོ་སྟེ། །རྣ་བ་ཕྱག་ན་རྡོ་རྗེའོ། །སྣ་ནི་ནམ་མཁའི་སྙིང་པོ་སྟེ། །ལྕེ་ལ་བཞུགས་པ་འཇིག་རྟེན་དབང་། །ཡིད་ནི་འཇམ་དཔལ་ཁམས་རྣམས་ལ། །སྒྲིབ་སེལ་ཡིན་ཏེ་ལུས་ལ་ནི། །ཀུན་ཏུ་བཟང་པོ་ཉིད་ཅེས་བྱ། །རྩ་རྒྱུས་བྱམས་པ་ཉིད་ཡིན་ནོ། །ཡན་ལག་ཚིགས་དང་ཁ་གསང་བ། །ཁྲོ་བོ་བཅུ་ཡི་རང་བཞིན་ཏེ། །ལྟེ་བར་ལས་ཀྱི་རིགས་སྐྱེས་པ། །མཁྱེན་དང་གཏུམ་སོགས་ལྷ་མོ་ནི། །དྲུག་ཅུ་རྩ་བཞི་གསུངས་པ་ཡིན། །རྡོ་རྗེ་དབྱིངས་སོགས་སྙིང་གར་དགུ། །རྡོ་རྗེའི་རིགས་སུ་གསུངས་པ་སྟེ། །པདྨའི་སྒྲོན་མ་སོགས་བཅུ་དྲུག །མགྲིན་པར་པདྨའི་རང་བཞིན་ལ། །སྤྱི་བོར་རབ་ཏུ་སད་ལ་སོགས། །འཁོར་ལོའི་རིགས་ལྡན་སུམ་ཅུ་གཉིས། །རྒྱས་པར་རྡོ་རྗེ་འཕྲེང་བར་གསུངས། །ཤེས་པའོ། །གཉིས་པ་ནི། དཔལ་ལྡན་གསང་བ་འདུས་པའི་ལྷ་རྣམས་བཤད་པར་བྱ་བ་ལ། འཁོར་ལོ་ལྔ་དང་ཕུང་པོ་ལྔ་ནི་སངས་རྒྱས་རྣམ་པ་ལྔ་ཡིན་ཏེ། ཕུང་པོ་ལྔ་སྦྱངས་པ་ལས་དེ་བཞིན་གཤེགས་པ་ལྔར་འགྱུར་བའི་ཕྱིར། ས་ལ་སོགས་པའི་ཁམས་བཞི་དང་། འབྱུང་འགྱུར་རེག་བྱ་དང་བཅས་པ་རྣམས་ནི་རེག་བྱ་རྡོ་རྗེ་མ་དང་སྤྱན་མ་ལ་སོགས་པ་ཡུམ་ལྷ་མོ་ལྔ་ཡིན་ནོ། །གཞན་ཡང་མིག་གཉིས་སའི་སྙིང་པོ་ཡིན་ཏེ། རྣ་བ་ལ་ནི་ཕྱག་ན་རྡོ་རྗེའོ། །སྣ་ནི་ནམ་མཁའི་སྙིང་པོར་བརྗོད་པ་སྟེ། ལྕེའི་རང་བཞིན་ལ་བཞུགས་པ་ནི་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་སོ། །ཡིད་ཀྱི་ཁམས་རྣམས་ནི་འཇམ་དཔལ་གཞོན་ནུར་གྱུར་པའོ། །ཆོས་ཀྱི་ཁམས་ཀྱི་རང་བཞིན་རྣམས་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་པའོ། །ལུས་ཀྱི་ཁམས་རྣམས་ལ་ཀུན་ཏུ་བཟང་པོ་དང་། རྩ་རྒྱུས་ཐམས་ཅད་ཀྱི་ཁམས་ནི་བྱམས་པ་ཉིད་ཡིན་ནོ། །དེ་ཡང་འཇིག་རྟེན་དབང་ཕྱུག་ཡན་ཆད་ཀྱི་རོ་མཉམ་དུ་གྱུར་བའི་ཡུམ་རྣམས་ནི། གཟུགས་རྡོ་རྗེ་མ་དང་སྒྲ་རྡོ་རྗེ་མ་དང་དྲི་རྡོ་རྗེ་མ་དང་རོ་རྡོ་རྗེ་མ་རྣམས་སོ། །ཕྱི་མ་དག་གི་རོ་མཉམ་དུ་གྱུར་པའི་ཡུམ་རྣམས་ནི། ཉེ་བའི་གཟུགས་རྡོ་རྗེ་མ་ལ་སོགས་པ་བཞི་ཡིན་པར་དཔལ་གཉིས་སུ་མེད་པ་རྣམ་པར་རྒྱལ་བའི་རྒྱུད་ལས་གསུངས་སོ། །ཚུལ་འདི་དག་ནི། དཔལ་རྡོ་རྗེ་ཕྲེང་བའི་རྒྱུད་ལས། །དེ་ནས་གཞན་ཡང་ཡང་དག་བཤད། །ཕུང་སོགས་སྐྱེ་མཆེད་མཚན་ཉིད་ནི། །རྒྱལ་བ་རྒྱལ་ནི་གཟུགས་ཤེས་བཤད། །ཅེས་པ་དང་། ས་ནི་གཏི་མུག་དགའ་མར་བཤད། །དེ་བཞིན་ཆུ་ནི་ཞེ་སྡང་དགའ། ཞེས་པ་དང་། གཟུགས་ནི་གཟུགས་ཀྱི་རྡོ་རྗེ་དང་། །སྒྲ་ནི་སྒྲ་ཡི་རྡོ་རྗེ་སྟེ། །ཞེས་དང་། ཡེ་ཤེས་མཆོག་ནི་འཇམ་དཔལ་ཉིད། ཅེས་པའི་བར་གསུངས་པ་རྣམས་ཀྱི་དོན་ནོ། །གཞན་ཡང་ཡན་ལག་གི་ཚིགས་བརྒྱད་དང་། ཁ་དང་གསང་བ་ནི་ཁྲོ་བོ་བཅུའི་རང་བཞིན་ཡིན་ཏེ། དེ་དག་སྦྱང་གཞིའི་བྱ་བ་ལ་སྦྱར་ནས་གསུངས་པའི་ཕྱིར། མདོར་བསྡུ་ན་ལྷ་སུམ་ཅུ་སོ་དྲུག་གི་རང་བཞིན་གྱི་དཀྱིལ་འཁོར་ཡིན་ནོ། །འདི་ཡང་རྡོ་རྗེ་ཕྲེང་བར། དེ་བཞིན་ལུས་ཀྱི་ཆོས་རྣམས་ནི། །ཁྲོ་བོ་བཅུར་ནི་ཡང་དག་བཤད། །དེ་ལྟར་ལུས་ཀྱི་དཀྱིལ་འཁོར་གསུངས། །ཤེས་པའི་དོན་ནོ། །དེ་ལས་ཀྱང་། འཁོར་ལོ་བཞིའི་རྩ་འདབ་ཐམས་ཅད་རིགས་བསྡུས་པའི་དཀྱིལ་འཁོར་ལ། ལྟེ་བ་སའི་རང་བཞིན་དུ། ལས་ཀྱི་རིགས་ཀྱི་ལྷ་མོ་མཁྱེན་མ་དང་། གཏུམ་མོ་དང་། དཔའ་མོ་མ་དང་། ལས་སྒྲོལ་མ་དང་། ཡིད་བཅུགས་མ་དང་། འཁྲུལ་འཁོར་མ་ལ་སོགས་པ་ལྷ་མོ་དྲུག་ཅུ་རྩ་བཞི་གསུངས་ཤིང་། སྙིང་གའི་འཁོར་ལོ་ཆུའི་ཁམས་སུ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་རྡོ་རྗེ་ཕྱག་རྒྱ་མ་དང་སྟོབས་ཆེན་མ་ལ་སོགས་པ་དགུ་གསུངས་པ་དེ་དག་ནི་རྡོ་རྗེའི་རིགས་ཀྱི་ལྷ་མོར་གསུངས་ཏེ་དེའི་རིགས་སོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་འདབ་མ་བཅུ་དྲུག་མེའི་ཁམས་ལ། པདྨའི་སྒྲོལ་མ་དང་། པད་དཀར་མོ་དང་། པདྨ་ལ་སོགས་པའི་ལྷ་མོ་བཅུ་དྲུག་གསུངས་པ་ཡིན་ནོ། །སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་མ་སུམ་ཅུ་རྩ་གཉིས་རླུང་གི་ཁམས་ལ། འཁོར་ལོ་ཏེ་སངས་རྒྱས་རིགས་ཀྱི་ལྷ་མོ་རབ་ཏུ་སད་པ་དང་། འཁོར་ལོའི་ཤུགས་ཅན་མ་དང་། རྡོ་རྗེ་ལྡན་མ་ལ་སོགས་པ་འཁོར་ལོའི་རིགས་ལྡན་སུམ་ཅུ་རྩ་གཉིས་གསུངས་པ་ཡིན་ནོ། །ཚུལ་འདི་དག་ཀྱང་རྡོ་རྗེ་ཕྲེང་བར། །སྤྲུལ་པ་རང་གི་རིགས་ལས་སྐྱེས། །ལྷ་མོ་འདི་དག་ཡང་དག་བཞུགས། །མཁྱེན་མ་གཏུམ་མོ་དཔའ་མོ་མ། །ལས་སྒྲོལ་མ་དང་ཡིད་བཅུགས་མ། །འཁྲུལ་འཁོར་མ་དང་འདུད་མ་དང་། །ཞེས་སོགས་དང་། ཆོས་ཀྱི་འཁོར་ལོ་རྩ་བརྒྱད་དབུས། །ལྷ་འདི་དག་ནི་ཡང་དག་བཞུགས། །རྡོར་དབྱིངས་དབང་ཕྱུག་ལ་མ་དང་། །རྡོ་རྗེ་ཕྱག་རྒྱ་སྟོབས་ཆེན་མོ། །ཞེས་སོགས་དང་། ལོངས་སྤྱོད་འདབ་མ་བཅུ་དྲུག་ལ། །པདྨའི་དབུས་ན་ལྷ་རྣམས་བཞུགས། །པདྨའི་སྒྲོལ་མ་པད་དཀར་མོ། །པདྨ་ཀུ་མུ་ད་འཕེལ་མ། །ཞེས་སོགས་དང་། བདེ་བ་ཆེན་པོ་འཁོར་ལོ་ཆེ། །པད་འདབ་སུམ་ཅུ་རྩ་གཉིས་ལ། །རྟག་ཏུ་ལྷ་མོ་རྣམས་ནི་བཞུགས། །རབ་ཏུ་སད་པ་འབད་པ་ཅན། །འཁོར་ལོའི་ཤུགས་མ་རྡོ་རྗེ་ལྡན། །ཞེས་སོགས་རྒྱས་པར་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་གསུངས་པ་ཡིན་ནོ། །བཞི་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་སོགས་དཀྱིལ་འཁོར་དུ་མ་རྣམས། །རྐྱང་པ་ཕྱོགས་རེ་ཆ་ལྡན་པ། །གསུངས་པ་ཐམས་ཅད་འདིར་འདུས་ཏེ། །དཔེར་ན་དགྱེས་རྡོར་ལྷ་དགུ་ནི། །སྙིང་གའི་འཁོར་ལོ་རྐྱང་ཡིན་བཞིན། །ཐམས་ཅད་ལུས་ཀྱི་རྩ་རླུང་ཡིན། །ཞེས་པའོ། །གཉིས་པ་ནི། ཇི་སྐད་བཤད་པ་དེ་དག་ལ་སོགས་པའི་དཀྱིལ་འཁོར་དུ་མ་རྣམས། རྐྱང་པ་ལྷ་དཔའ་བོ་གཅིག་པ་ནས་བཟུང་སྟེ། ཕྱོགས་རེའི་ཆ་གཙོ་འཁོར་གཉིས་པ་དང་གསུམ་པ་ལ་སོགས་པ་གསུངས་པ་ཐམས་ཅད་ཀྱང་། ལུས་ཀྱི་རྩ་རླུང་གི་སྦྱང་གཞི་ལ་བརྟེན་ནས་གསུངས་ཚུལ་འདིར་འདུས་པ་ཡིན་ཏེ། དཔེར་ན་དགྱེས་རྡོར་ལྷ་དགུ་ནི་སྙིང་གའི་འཁོར་ལོ་རྐྱང་པའི་དག་བྱེད་ཡིན་པར་བཤད་པ་བཞིན། མདོར་བསྡུ་ན་དཀྱིལ་འཁོར་གྱི་ལྷ་གྲངས་ཐམས་ཅད་ལུས་ཀྱི་རྩ་རླུང་ལ་བརྟེན་ནས་བཞག་པ་ཡིན་ནོ། །ཞེས་པའོ། །རྒྱུ་མཚན་དེས་ན་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་རྒྱུད་ལས། ཕྱོགས་ཀྱི་ལྷ་ཐམས་ཅད་ཁམས་ཀྱི་དབང་གིས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ཞལ་རྣམས་ནས་འབྱུང་བར་ཡང་བཤད་པ་དང་། ཆོས་རྗེ་ཉིད་ཀྱི་རང་འགྲེལ་དུ་ནི། གསར་རྙིང་གི་རྒྱུད་ཐམས་ཅད་རྩ་རླུང་གི་ཁམས་ལ་སྦྱར་དགོས་པར་དགོངས་ནས། འཇམ་དཔལ་དང་། གཤིན་རྗེ་གཤེད་ལ་སོགས་པ་སྐུའི་དཀྱིལ་འཁོར་ཐམས་ཅད་སྤྱི་བོ་ནས་འབྱུང་། འོད་དཔག་མེད་དང་། རྟ་མཆོག་དང་། པདྨ་གསུང་གི་དཀྱིལ་འཁོར་ལ་སོགས་པ་ཐམས་ཅད་མགྲིན་པ་ནས་འབྱུང་། ཡང་དག་ལ་སོགས་པ་ཐུགས་ཀྱི་དཀྱིལ་འཁོར་ཐམས་ཅད་སྙིང་ག་ནས་འབྱུང་། རིན་འབྱུང་དང་བདུད་རྩིའི་རིགས་ཀྱི་དཀྱིལ་འཁོར་རྣམས་ལྟེ་བ་ནས་འབྱུང་། དོན་ཡོད་གྲུབ་པ་དང་། འཕྲིན་ལས་ཕུར་བུའི་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་གསང་གནས་ནས་འབྱུང་། མ་མོ་སྦོད་སྟོང་གི་དཀྱིལ་འཁོར་རྣམས་ཡན་ལག་དང་ཉིང་ལག་དང་སྒལ་ཚིགས་ལས་འབྱུང་། གཞན་ཡང་འཇིག་རྟེན་དྲག་སྔགས་ལ་སོགས་པའི་དཀྱིལ་འཁོར་རྣམས། ལུས་ཀྱི་རྩ་རླུང་ལ་བརྟེན་ནས་འབྱུང་བའི་དག་སྦྱོར་ཡང་བཤད་དོ། །གསུམ་པ་དོན་བསྡུ་བ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། མདོར་ན་རྩ་ནི་སྐུ་ཡིན་ཏེ། །རླུང་ནི་སྔགས་དང་ཡི་གེའོ། །ཐིག་ལེ་ཕྲ་མོའི་རྫོགས་རིམ་མོ། །དེ་བཞིན་སྦྱིན་བསྲེག་ལས་རྣམས་ཀུན། །ནང་གི་སྦྱང་གཞི་སྦྱོང་བྱེད་ཡིན། །འདིར་ནི་ཕྱོགས་ཙམ་བརྗོད་པའོ། །དེ་བཞིན་ས་དང་ལམ་དང་གཟུངས། །ཏིང་འཛིན་རབ་འབྱམས་ལྷ་དང་སྔགས། །ལུས་སེམས་སྣང་བའི་དབྱེ་བ་ལ། །བརྟེན་ནས་ཐམས་ཅད་གཟིགས་པས་གསུངས། །ཤེས་པའོ། །གཉིས་པ་ནི། གོང་དུ་བཤད་པ་དེ་དག་ཐམས་ཅད་ཀྱི་དོན་མདོར་བསྡུ་ན། རྩ་ཐམས་ཅད་ནི་ལྷ་རྣམས་ཀྱི་སྐུ་དང་། རླུང་རྣམས་ནི་དེ་དག་གི་གསུང་གི་རང་བཞིན་སྔགས་དང་ཡི་གེའོ། །ཐིག་ལེ་རྣམས་ནི་སངས་རྒྱས་རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དང་། ཕྲ་མོའི་རྫོགས་པའི་རིམ་པ་རྣམས་ཡིན་ནོ། །དེ་བཞིན་དུ་སྦྱིན་བསྲེག་དང་ལས་སྦྱོར་དང་འཁྲུལ་འཁོར་ལ་སོགས་པའི་ལས་རྣམས་ཀུན་ནང་གི་སྦྱང་གཞི་རྩ་རླུང་ཐིག་ལེའི་སྦྱོང་བྱེད་ཀྱི་ངོར་བསྟན་པ་ཡིན་ཀྱང་། འདིར་ནི་ཕྱོགས་ཆ་ཙམ་ཞིག་བརྗོད་པ་ཡིན་ནོ། །ནང་གི་རྩ་རླུང་གི་རྟེན་འབྲེལ་གྱིས་ལྷ་རྣམས་བཤད་པ་དེ་བཞིན་དུ། ཕ་རོལ་ཏུ་ཕྱིན་པར་གསུངས་པའི་ས་བཅུ་གཉིས་དང་། ལམ་ཕ་རོལ་ཏུ་ཕྱིན་པ་བཅུ་གཉིས་དང་། ཚིག་ལ་སོགས་པའི་གཟུངས་བཅུ་གཉིས་དང་། ཏིང་ངེ་འཛིན་རབ་འབྱམས་ལ་སོགས་པ་འབྲས་བུ་དང་། སྔགས་དང་། ཡོན་ཏན་ཐམས་ཅད་ཀྱང་ལུས་སེམས་ཀྱི་སྣང་བའི་དབྱེ་བ་ལ་བརྟེན་ནས་དཀྱིལ་འཁོར་གྱི་ལྷའི་རང་བཞིན་དུ་འཇོག་པར་ཐམས་ཅད་གཟིགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་དབྱིངས་ངག་གི་དབང་ཕྱུག་གི་དཀྱིལ་འཁོར་གྱི་རྣམ་དག་ཏུ་གསུངས་སོ། །ཞེས་པའོ། །དེ་ལྟར་ཇི་སྐད་བཤད་པ་བཞིན་དུ། འཁོར་འདས་ཀྱི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོའི་ཚུལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པ། བྱིས་པ་སོ་སོ་སྐྱེ་བོ་རྣམས་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ནི་རྟོགས་པར་དཀའ་བར་གསུངས་པས། དེ་ལྟར་རྩ་རླུང་བྱང་ཆུབ་ཀྱི་སེམས་དང་། གནས་སྐབས་བཞི་དང་། ཕྱི་འཇིག་རྟེན་གྱི་ཁམས་དང་། ནང་རྡོ་རྗེའི་ལུས་དང་། གཞན་དཀྱིལ་འཁོར་གྱི་འཁོར་ལོ་ལ་སྦྱར་བའི་ཚུལ་རྣམས་རྡོ་རྗེ་ཐེག་པའི་ལམ་ལ་མཆོག་ཏུ་དགའ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་པར་བྱ་བའི་གཞི་ཡིན་པས། དེ་ལྟ་བུའི་ཚུལ་ལ་མ་རྨོངས་པའི་སྒོ་ནས་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཁོང་དུ་ཆུད་པར་བྱའོ། །གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་གི་དོན་སྣང་བར་བྱེད་པ་ལས་ཆོས་ཀྱི་སྦྱང་གཞི་དང་སྦྱོང་བྱེད་བསྟན་པ་སྟེ་དགུ་པའོ། །ཞེས་སོ། །བདེན་གཉིས་ངོ་བོ་སྦྱང་བའི་ཐབས་དང་བཅས། །དེ་ལ་འཁྲུལ་པའི་ལོག་རྟོག་དགག་ཚུལ་དང་། །སྦྱང་གཞིའི་གྲངས་བཞིན་འཁོར་ལོའི་ལྷ་གྲངས་སོགས། །རྩ་རླུང་ཁམས་དང་སྦྱར་ཚུལ་ལེགས་པར་བཤད། །ཅེས་པ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པའི་བསྟན་བཅོས་ཀྱི་ཚིག་དོན་གསལ་བར་བྱེད་པའི་ལེགས་བཤད་ནོར་བུ་རིན་པོ་ཆེའི་འཕྲེང་བ་ལས་ཆོས་ཀྱི་སྦྱང་གཞི་དང་སྦྱོང་བྱེད་རྣམ་པར་བཤད་པ་སྟེ་དགུ་པའོ།། ༈ །།བཅུ་པ་ལམ་གྱི་རིམ་པ་བསྟན་པའི་ལེའུ་ལ། དངོས་དང་། ལེའུའི་མཚན་བསྟན་པ་གཉིས་ལས། དང་པོ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བ་དང་གསུམ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ལྟར་རྩ་རླུང་ཐིག་ལེ་གསུམ། །སེམས་ཀྱི་ཆ་ལས་སྣང་བ་སྟེ། །དེ་ཕྱིར་འདི་དོན་གནད་འཆིང་བ། །ལམ་རིམ་ཀུན་ལས་ཁྱད་པར་འཕགས། །ཤེས་པའོ། །གཉིས་པ་ནི། དེ་ལྟར་གོང་དུ་ཇི་སྐད་བཤད་པའི་རྩ་དང་རླུང་དང་ཐིག་ལེ་གསུམ་དང་བསྐྱེད་པའི་རིམ་པའི་ཆ་ཐམས་ཅད་ཀྱང་སེམས་ཀྱི་ཆ་ལས་སྣང་བ་ཙམ་མ་གཏོགས། སེམས་ལས་གཞན་དུ་མ་གྲུབ་པས་ན། རྒྱུ་མཚན་དེའི་ཕྱིར། རྡོ་རྗེའི་ལུས་ལ་བརྟེན་པའི་རྩ་རླུང་ཐིག་ལེ་གསུམ་པོ་འདིའི་དོན། བླ་མའི་མན་ངག་ལ་བརྟེན་ནས་གནད་འཆིང་བ་ནི། གཞན་ཉན་ཐོས་ཀྱི་ལམ་གྱི་རིམ་པ་དང་རང་རྒྱལ་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་གསུངས་པའི་ལམ་རིམ་ཀུན་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། དེ་ལྟར་བསྒོམས་པ་ལ་བརྟེན་ནས། ཚེ་འདི་ཉིད་ལ་ཆོས་སྐུ་མངོན་དུ་མཛད་ནུས་པའི་ཕྱིར། དེ་སྐད་དུ་ཡང་དུས་འཁོར་བསྡུས་རྒྱུད་ལས། རྫུ་འཕྲུལ་ཀུན་མཁྱེན་ས་དང་སྲིད་གསུམ་བླ་མ་ཉིད་ནི་རྣལ་འབྱོར་རྣམས་ཀྱིས་སྐྱེ་བ་འདི་ལས་ཏེ། གལ་ཏེ་ལམ་དུ་རབ་ཞུགས་འཆི་བར་འགྱུར་ན་དེ་ཚེ་དེ་ཡི་འཛིན་པས་སྐྱེ་བ་གཞན་ལའོ། །ཞེས་གསུངས་པའི་ཕྱིར། མདོར་ན། སྔགས་ཀྱི་ཐེག་པའི་ལམ་སྒོམ་པའི་རྟེན་ནི། ཁམས་དྲུག་དང་ལྡན་པའི་རྡོ་རྗེའི་ལུས་རྩ་རླུང་བྱང་ཆུབ་ཀྱི་སེམས་བརྟས་པ་ཞིག་གིས་རླུང་སེམས་འཕོ་མེད་དུ་འཆིང་བར་བྱེད་ན། ཚེ་འདི་ཉིད་ལ་ལྕགས་ལས་གསེར་དུ་བསྒྱུར་བ་ལྟར་ཡེ་ཤེས་ཀྱི་ལུས་སུ་འགྱུར་ནུས་ལ། གལ་ཏེ་བག་ཆགས་ཀྱི་དབང་གིས། དེ་ལྟར་འཆིང་བར་མ་ནུས་ན་ཐར་པ་ལ་རིང་བར་བཤད་དེ། དེ་སྐད་དུ་ཡང་། སྤྱན་རས་གཟིགས་འགྲེལ་ལས། ཤེས་རབ་འགྲོགས་ལ་གང་གི་དཀར་པོ་ཟག །དེ་ཡི་བདེ་བ་ཅི་ཡིས་འཕེལ་བར་འགྱུར། །དཔྱིད་དང་འགྲོགས་ལ་མེ་ཏོག་མ་རྒྱས་པ། །ལྟུང་བ་ཙུ་ཏའི་འབྲས་བུ་ཅི་ཡིས་འབྱུང་། །གང་གིས་འགྱུར་མེད་མ་ཐོབ་སྡུག་བསྔལ་ཅན། །དེ་ནི་འགྱུར་བ་དང་བཅས་བདེ་བ་ཚོལ། །ཞེས་གསུངས་ཤིང་། གནད་གཅིང་བའི་ཐབས་ཀྱིས་ཟིན་ན། །དེ་ཉིད་ཡེ་ཤེས་སུ་འགྱུར་བའི་དཔེ་ཡང་། དེ་ཉིད་ལས། ཇི་ལྟར་རྡོ་དྲག་སྐུད་པའི་གོས་དག་ནི། །མེ་ཡིས་བསྲེགས་པ་ཉིད་ཀྱིས་དག་འགྱུར་བ། །དེ་བཞིན་སྐྱེས་བུ་རྣམས་ཀྱི་དམ་པ་ཡི། །སེམས་ནི་ཤེས་རབ་ཡེ་ཤེས་དག་གིས་སོ། །ཞེས་པའི་དཔེས་བསྟན་ཏོ། །གཞན་ཡང་དངུལ་ཆུའི་དཔེ་ལ་སོགས་པ་ནི། །གོང་དུ་ཇི་སྐད་བཤད་པ་ལས་ཤེས་པར་འགྱུར་རོ། །དེ་ལ་གལ་ཏེ་འདི་སྙམ་དུ། དིང་སང་སྙིགས་མ་ལྔའི་དུས་འདིར་དེ་ལྟར་བསྒྲུབས་ཀྱང་མི་འགྲུབ་སྙམ་དུ་སེམས་ན། དེ་ནི་མ་ཡིན་ཏེ། ཇི་སྐད་དུ། རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་རྒྱུད་ལས། གཞན་ཡང་ཕྱི་མའི་དུས་ཀྱི་ཚེ། །དུས་མཐར་དངོས་གྲུབ་མི་ཐོབ་སྟེ། །བློ་ནི་གཞན་དུ་རྣམ་འཁྲུགས་པས། །ཕྱག་རྒྱ་དཀྱིལ་འཁོར་བཟླས་པ་ཡིས། །བདེ་བར་འགྲུབ་པར་མི་འགྱུར་གྱི། །བཀྲེས་དང་སྐོམ་གྱི་སྡུག་བསྔལ་འགྱུར། །འབད་དེ་འདོད་བྱ་དམིགས་ནས་ནི། །དེ་ཉིད་ཀྱིས་བདག་རྣལ་འབྱོར་པ། །ཇི་ལྟར་ཧེ་རུ་ཀའི་ཡེ་ཤེས། །ཇི་འདོད་པར་ནི་ཡོངས་སུ་རྒྱུ། །རྣ་བ་རིང་ནས་ཐོས་པ་དང་། །སྐད་ཅིག་གིས་མཐོང་རྣལ་འབྱོར་པས། །ཆོས་འདི་དེ་ལྟར་ཤེས་ནས་ནི། །བསམ་པ་ཐམས་ཅད་རྫོགས་བྱེད་ཡིན། །ཞེས་ཐེ་ཚོམ་དང་བཅས་པས་བསྒྲུབས་ན་མི་འགྲུབ་ཅིང་། ཡིད་ཆེས་ཏེ་གུས་པས་བསྒྲུབས་ན་འགྲུབ་པའི་དཔེ་དང་བཅས་ཏེ་གསུངས་པ་དང་། དུས་འཁོར་རྩ་རྒྱུད་ལས། སྟོང་པར་རྩེ་གཅིག་ཡིད་བྱས་ཏེ། །ཉི་མ་གཅིག་ནི་ཡོངས་སུ་བརྟག །ཅེས་ཐེ་ཚོམ་མེད་པར་བསྒོམས་ན། །ཉི་མ་གཅིག་ནས་རྟགས་སྣ་ཚོགས་འབྱུང་བར་བཤད་པ་དང་། དུས་འཁོར་འགྲེལ་ཆེན་ལས། སྔོན་དུ་མཚམས་མེད་པ་ལྔ་བྱས་པ་ཡང་དཀྱིལ་འཁོར་འདི་ཉིད་དུ་ཞུགས་ཤིང་ལམ་བསྒོམས་ན། ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་གསུངས་ཤིང་། ཚེ་འདི་ཉིད་ཅེས་པ་ཡང་། ཚེ་ལོ་བརྒྱ་པའི་དུས་ཀྱི་མིའི་ཚེ་འདི་ཉིད་ཡིན་པར་བཤད་དེ། དེ་སྐད་དུ་ཡང་དེ་ཉིད་ལས། སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར། ཞེས་པ་ནི་སྐྱེ་བ་འདིའི་མིའི་སྐྱེ་བ་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་རྒྱུད་ཀྱི་རྒྱལ་པོའོ། །ལྷ་ལ་སོགས་པ་འགྲོ་བ་ལྔའི་སྐྱེ་བ་ལ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། །གཉིས་པ་རྒྱས་པར་བཤད་པ་ལ། ཐུན་མོང་པའི་ལམ་གྱི་རིམ་པ་བཤད་པ་དང་། ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པ་བཤད་པ་གཉིས་ལས། དང་པོ་ལ། ཉན་ཐོས་ཀྱི་ལམ་བགྲོད་པའི་ཚུལ་བཤད། རང་སངས་རྒྱས་ཀྱི་ལམ་བགྲོད་པའི་ཚུལ་བཤད། ཕ་རོལ་ཏུ་ཕྱིན་པ་བྱང་ཆུབ་སེམས་དཔའི་ལམ་བགྲོད་པའི་ཚུལ་བཤད་པ་དང་གསུམ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། གང་ཟག་བདག་མེད་ཞི་བ་ཙམ། །མྱུར་བ་སྲིད་པ་ལན་གསུམ་སྟེ། །རྒྱུན་ཞུགས་འགོར་ནའང་ལན་བདུན་ཡིན། །དེ་ནི་རང་དོན་ཞི་བ་ཙམ། །ཞེས་པའོ། །གཉིས་པ་ནི། དེ་ལ་འཕགས་པ་ཉན་ཐོས་རྣམས་ཀྱི་ལམ་བགྲོད་པའི་རིམ་པ་ནི། ཐོག་མར་བདེན་པ་བཞི་ལ་བརྟེན་པའི་མི་རྟག་ལ་སོགས་བཅུ་དྲུག་ལ་དམིགས་པའི་སྒོ་ནས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་བདག་མེད་པ་སྒོམ་ཞིང་། རང་ཉིད་གཅིག་པུ་ཞི་བ་མྱང་འདས་ཀྱི་གོ་འཕང་ཙམ་ཐོབ་པའི་ཕྱིར་དུ། ཁམས་གསུམ་གྱི་ཉོན་མོངས་པས་བསྡུས་པའི་སྤང་བྱ་རྣམས་རིམ་གྱི་དང་། ཅིག་ཅར་དུ་སྤོང་བ་ལ་བརྩོན་ཞིང་། རང་གི་འདོད་བྱའི་ཐར་པ་ཐོབ་པར་བྱེད་དེ། དུས་ནི་ཇི་ལྟར་མྱུར་ནའང་སྲིད་པ་ལན་གསུམ་འགོར་ཏེ། ཚེ་དང་པོ་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ཙམ་མངོན་དུ་བྱེད། གཉིས་པ་ལ་ཕྱིར་མི་འོང་། ཚེ་གསུམ་པ་ལ་དགྲ་བཅོམ་པའི་འབྲས་བུ་ཐོབ་ནས་ཕུང་པོ་ལྷག་མེད་དུ་མྱ་ངན་ལས་འདས་པར་འདོད་ཅིང་། རྒྱུན་ཞུགས་སྲིད་པ་ལན་བདུན་པས། ཇི་ལྟར་འགོར་ན་ཡང་སྲིད་པ་ལན་བདུན་ལེན་པ་ཡིན་ཏེ། དང་པོར་མིའི་རྟེན་ལ་སྐྱེ་སྲིད་གཅིག་བླངས་ནས། དེའི་འོག་ཏུ་ལྷའི་རྟེན་ལ་རིགས་མཐུན་གྱི་སྐྱེ་སྲིད་བདུན་བླངས། དེའི་འོག་ཏུ་མིའི་རྟེན་ལ་རིགས་མཐུན་གྱི་སྐྱེ་སྲིད་དྲུག་བླངས་ནས། མིའི་རྟེན་ཉིད་དུ་མྱ་ངན་ལས་འདས་པ་མངོན་དུ་བྱེད་པ་ཡིན་ལ། དེ་ནི། རེ་ལྟར་ཐོགས་ན་ལན་བདུན་པ། ཞེས་པའི་དོན་ཏོ། །དེ་ཡང་མིའི་རྟེ་ཅན་གྱི་སྲིད་པ་ལན་བདུན་པའོ། །ལྷའི་རྟེན་ཅན་ཡིན་ན་དང་པོར་ལྷའི་གཅིག་དང་། བར་དུ་མིའི་བདུན་དང་། མཐར་ལྷའི་དྲུག་བླངས་ནས་མྱ་ངན་ལས་བཟླ་བར་བཤད། དོན་ལ་སྐྱེ་སྲིད་བཅུ་བཞི་ཡོད་ཀྱང་། བདུན་ཚན་དུ་འདྲ་བར། ལན་བདུན་པར་བཏགས་པ་ནི། ཤིང་འདབ་མ་བདུན་པའི་དཔེར། མཛོད་འགྲེལ་ལས་བཤད་པ་ལྟར་རོ། །འདི་དག་ལ་འབྲས་བུ་ལ་ཞུགས་གནས་ཀྱི་སྒོ་ནས་དབྱེ་ན། རྒྱུན་ཞུགས་ཞུགས་གནས་གཉིས། ཕྱིར་འོང་ཞུགས་གནས་གཉིས། ཕྱིར་མི་འོང་ཞུགས་གནས་གཉིས། དགྲ་བཅོམ་ཞུགས་གནས་གཉིས་ཏེ། གང་ཟག་ཡ་བརྒྱད་དུ་ཡོད་པར་གྲགས་པ་ནི་རྒྱས་པར་གཞན་དུ་ཤེས་པར་བྱའོ། །དེ་དག་ནི་རང་དོན་དུ་ཞི་བ་ཙམ་ཁོ་ན་ཐོབ་པར་བྱེད་པའི་ཉན་ཐོས་ཀྱི་ལམ་གྱི་རིམ་པའོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། རང་རྒྱལ་བསྐལ་པ་ཉི་ཤུ་ནས། བསེ་རུ་བསྐལ་པ་བརྒྱ་ཡིས་འགྲུབ། །ཅེས་སོ། །གཉིས་པ་ནི། གང་ཟག་རང་སངས་རྒྱས་ཀྱི་རིགས་ཅན་ཚོགས་ན་སྤྱོད་པ་ཆུང་ངུ་ནི། གཟུང་བ་ཆོས་ཀྱི་བདག་མེད་སྟོན་པའི་ཉན་ཐོས་ཀྱི་གསུང་རབ་ལ་ཐོས་བསམ་བྱས་ཏེ། གཟུང་བ་ཆོས་ཀྱི་བདག་མེད་གཏན་ལ་དབབ་པའི་རང་རྒྱལ་གྱི་ལས་ཐོབ་བྱེད་ཀྱི་ལྟ་སྤྱོད་ལ་གོམས་པར་བྱས་ནས། དང་པོར་བསྐལ་པ་འགའ་ཡར་ཉན་ཐོས་ཀྱི་ཚུལ་དུ་སེམས་ཅན་གྱི་དོན་བྱས་ཏེ། རང་དོན་དུ་ཉན་ཐོས་ཀྱི་མྱང་འདས་མངོན་མི་བྱེད་པར། དེའི་འོག་ཏུ་ཞི་བ་མྱང་འདས་མངོན་དུ་བྱའོ་སྙམ་དུ་སེམས་བསྐྱེད་ནས། སངས་རྒྱས་དང་ཉན་ཐོས་མེད་པའི་ས་ཕྱོགས་སུ་སློབ་དཔོན་མེད་པར་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་དུ་བྱེད་པ་ལ་ནི། བར་གྱི་བསྐལ་པ་ཉི་ཤུ་འགོར་ཞིང་། དེའི་རྗེས་ནས་རང་ཉིད་ཀྱིས་བྱང་ཆུབ་ཐོབ་པ་ཡིན་ལ། འདི་ནི་རང་རྒྱལ་ཐམས་ཅད་ཀྱི་དབང་པོ་བརཏལ་ཤོས་སོ། །རང་རྒྱལ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་བསེ་རུ་ལྟ་བུའི་རིགས་ཅན་ནི། དང་པོར་སྔར་ལྟར་སྦྱངས། །བསྐལ་པ་འགའ་ཡར་སེམས་ཅན་གྱི་དོན་བྱས། དེའི་འོག་ཏུ་ཉན་ཐོས་ཀྱི་རྒྱུན་ཞུགས་ཙམ་ཐོབ་པའམ། ཐེག་དམན་གྱི་སེམས་བསྐྱེད་ཙམ་ཐོབ་ཀྱང་རུང་སྟེ། དེ་ནི་རང་ཉིད་གཅིག་པུ་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་དུ་བྱ་བའི་ཕྱིར་དུ། སྐྱེ་བ་ཕྱི་མར་སངས་རྒྱས་དང་ཉན་ཐོས་མེད་པའི་ས་ཕྱོགས་སུ་སློབ་དཔོན་མེད་པར་རང་ཉིད་གཅིག་བུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག །སྒྲ་མེད་ལུས་ཀྱི་རྣམ་འགྱུར་གྱི་སྒོ་ནས་གདུལ་བྱ་གཞན་ལ་ཆོས་སྟོན་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པའི་སྟོབས་ཀྱིས་བྱང་ཆུབ་མངོན་དུ་བྱེད་པ་ནི་བར་གྱི་བསྐལ་པ་བརྒྱ་ཡིས་འགྲུབ་པར་བཤད་དེ། དེ་སྐད་དུ་ཡང་མཛོད་ལས། བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། ཤེས་གསུངས་པས་སོ། །འདི་དང་ཉན་ཐོས་གཉིས་ཀྱི་ཁྱད་པར་ཡོད་དེ། རང་དོན་གཅིག་པུར་སེམས་བསྐྱེད་པར་མཚུངས་ཀྱང་། ཉན་ཐོས་ཀྱིས་ནི་གང་ཟག་གི་བདག་མེད་གཅིག་པུ་ལས་མ་རྟོགས་ཤིང་། རང་སངས་རྒྱས་ཀྱིས་ནི། ཉན་ཐོས་ཀྱིས་ཇི་ཙམ་རྟོགས་པ་དེའི་སྟེང་དུ། བཟུང་བ་ཕྱི་རོལ་གྱི་དོན་བདེན་མེད་དུ་རྟོགས་ཤིང་ཤེས་སྒྲིབ་བཟུང་རྟོག་སྤངས་པའི་ཕྱིར་ཏེ། ཇི་སྐད་དུ། མངོན་པར་རྟོགས་པའི་རྒྱན་ལས། །བཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར་དང་། འགྲེལ་ཆུང་ལས། ཉན་ཐོས་དང་དེའི་ཕྱོགས་སུ་བསླན་པ་རྣམ་པར་ཐར་པ་ཅུང་ཟད་ཙམ་ཞིག་གིས་ལྷག་པ། རིམ་པ་གཅིག་གིས་བསྟན་པ་རང་སངས་རྒྱས་ཀྱང་སྟེ། ཞེས་གསུངས་པས་སོ། །ཆོས་སྟོན་པའི་ཚུལ་ཡང་། །མངོན་རྟོགས་རྒྱན་ལས། །གང་གང་དོན་ནི་གང་གང་ལ། །ཇི་ལྟ་ཇི་ལྟར་ཉན་འདོད་པ། །དེ་དེ་ལ་དོན་དེ་དང་དེ། །སྒྲ་མེད་ཀྱང་དེ་དེ་ལྟར་སྣང་། །ཞེས་གསུངས་སོ། །སངས་རྒྱས་མེད་པའི་ས་ཕྱོགས་སུ་བྱང་ཆུབ་མངོན་དུ་བྱེད་པའི་ཚུལ་ཡང་། རྩ་བ་ཤེས་རབ་ལས། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ནི་ཟད་གྱུར་ཀྱང་། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བསྟེན་པ་མེད་ལས་རབ་ཏུ་སྐྱེས། ཞེས་གསུངས་སོ། །འགྲེལ་པར། རང་རྒྱལ་ཚོགས་སྤྱོད་ཆུང་ངུ་ནི་བསྐལ་པ་ཉི་ཤུ་དང་། ཚོགས་སྤྱོད་ཆེན་པོ་ལྔ་བཅུ་དང་། བསེ་རུ་བརྒྱ་ཡིས་འགྲུབ་པས། དམན་འབྲིང་མཆོག་གསུམ་གྱི་རྣམ་བཞག་ཀྱང་མཛད་དོ། །གསུམ་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། སེམས་ཅན་ཐམས་ཅད་ཕན་བཞེད་པ། །བྱང་ཆུབ་སེམས་དཔའ་གྲངས་མེད་གསུམ། །ཞེས་སོ། །གཉིས་པ་ནི། ཕ་རོལ་ཏུ་ཕྱིན་པར་གསུངས་པའི་བྱང་ཆུབ་སེམས་དཔའི་ལམ་བགྲོད་ཚུལ་ནི། ཐོག་མར་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་གྱི་རང་བཞིན་ལས་མ་འདས་པར་མཁྱེན་ནས་དེ་དག་ལ་ཕན་པར་བཞེད་དེ། དང་པོར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་སྙམ་དུ་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། དེའི་རྗེས་སུ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །ཞེས་སྤྱོད་འཇུག་ལས་གསུངས་པ་ལྟར། །འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་སྡོམ་པ་བླང་། །དེའི་རྗེས་སུ། བྱང་ཆུབ་སེམས་དཔའི་རྩ་ལྟུང་གིས་མ་གོས་པའི་སྒོ་ནས་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྟེན་ཏེ། སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་དང་། སྲིད་ཞི་རང་བཞིན་མེད་པར་རྟོགས་པ་ཡེ་ཤེས་ཀྱི་ཚོགས་གཉིས་བསྐལ་པ་གྲངས་མེད་གསུམ་དུ་བསག་ཅིང་། དེའི་ཚུལ་ཡང་། སློབ་དཔོན་ཨ་བྷྱ་ཀ་རས། ཐུབ་པ་དགོངས་རྒྱན་དུ་གསུངས་པ་ལྟར། མོས་སྤྱོད་ཚོགས་སྦྱོར་གྱི་གནས་སྐབས་ན་གྲངས་མེད་གཅིག །ས་དང་པོ་ནས་བདུན་པའི་བར་མ་དག་ས་བདུན་གྱི་གནས་སྐབས་ན་གྲངས་མེད་གཅིག །དག་པ་ས་གསུམ་ན་གྲངས་མེད་གཅིག་ཏུ་ཚོགས་བསགས་ནས། ཆོས་སྐུ་སྔོན་དུ་བྱེད་པ་ནི་ཐམས་ཅད་ལ་གྲགས་ཆེ་བས་འདིར་བརྗོད་པ་ཡིན་གྱི། གཞན་གྲངས་མེད་བདུན་དང་། བཅུ་གསུམ་དང་། སུམ་ཅུ་ལ་སོགས་པའི་ཚུལ་རྣམས་ནི་མ་སྤྲོས་སོ། །དེ་ལྟར་གྲངས་མེད་གསུམ་དུ་ཚོགས་བསགས་པའི་ཡུལ། དཔེར་མཚོན་ན། རང་རེའི་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འདི་ཉིད་ཀྱིས། དང་པོར་ཐུགས་བསྐྱེད་ནས། གྲངས་མེད་དང་པོ་ལ་ཤཱཀྱ་ཐུབ་པ་ཆེན་པོ་ནས་དེ་བཞིན་གཤེགས་པ་གཙུག་ཏོར་ཅན་གྱི་བར་དུ་སངས་རྒྱས་བདུན་ཁྲི་དང་ལྔ་སྟོང་ལ་ཚོགས་བསགས། གཉིས་པ་ལ་དེ་ནས་མར་མེ་མཛད་ཀྱི་བར་དུ་བདུན་ཁྲི་དང་དྲུག་སྟོང་ལ་ཚོགས་བསགས། གསུམ་པ་ལ་དེ་ནས་རྣམ་གཟིགས་ཀྱི་བར་དུ་བདུན་ཁྲི་དང་བདུན་སྟོང་ལ་ཚོགས་བསགས་ཤིང་། དེའི་འོག་ཏུ་དོན་གྲུབ་ཏུ་འཁྲུངས་ནས་སངས་རྒྱས་པར་བཤད་དེ། མཛོད་ལས། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང་། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་གསུངས་པའི་ཕྱིར། ཚོགས་བསགས་ཡུལ་ཅུང་ཟད་མི་མཐུན་པའི་ཚུལ། ལུང་བཞི་ལས། གྲངས་མེད་དང་པོ་ལ་ཤཱཀྱ་ཐུབ་པ་ནས། འདྲེན་པ་ཡུལ་འཁོར་སྐྱོང་གི་བར་བདུན་ཁྲི་ལྔ་སྟོང་དང་། གྲངས་མེད་གཉིས་པ་ལ་མར་མེ་མཛད་ནས། དབང་པོའི་རྒྱལ་མཚན་ཐུབ་པའི་བར་བདུན་ཁྲི་དྲུག་སྟོང་དང་། གྲངས་མེད་གསུམ་པ་ལ་སངས་རྒྱས་ལེགས་མཛད་ནས། སངས་རྒྱས་འོད་བསྲུངས་ཀྱི་བར་བདུན་ཁྲི་བདུན་སྟོང་ལ་ཚོགས་བསགས་པར་གསུངས་པ་ལྟ་བུའོ། །དེ་དག་ནི། སེམས་ཅན་རྗེས་སུ་བཟུང་བའི་ཕྱིར་དུ་གཞན་གྱི་སྣང་ཚུལ་ཙམ་ལ་བརྟེན་ནས་ཀུན་རྫོབ་ཏུ་གསུངས་པ་ཡིན་གྱི། དོན་དམ་པར་ནི། སངས་རྒྱས་ཐམས་ཅད་ཐོག་མ་ནས་ཆོས་སྐུ་ཐུགས་སུ་ཆུད་པའི་ཕྱིར་བསམ་གྱིས་མི་ཁྱབ་ཏེ། དཔེར་ན་འཕགས་པ་འཇམ་དཔལ་གྱིས་ཐོག་མ་མེད་པའི་དུས་ནས་བྱང་ཆུབ་ཐོབ་པར་གསང་བ་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་མདོ་སྡེ་དུ་མར་གསུངས་ཀྱང་། མདོ་སྡེ་དཀོན་མཆོག་རྩེགས་པ་ལས། འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་རྒྱན་མདོ་བསླབ་བཏུས་སུ་དྲངས་པར། བདག་ནི་བྱང་ཆུབ་རིངས་ཚུལ་དུ། །འཚང་རྒྱར་མོས་ཤིང་སྤྲོ་བ་མེད། །ཕྱི་མཐར་ཐུག་གི་བར་དུ་ཡང་། །སེམས་ཅན་གཅིག་ཕྱིར་སྤྱད་པར་བྱ། །ཞེས་གསུངས་པ་ལྟར། སེམས་ཅན་གྱི་དོན་དུ་བཞུགས་པ་ཡིན་གྱི་རང་དོན་དུ་དེ་ལྟར་འགོར་བ་མ་ཡིན་ནོ། །ཚོགས་བསག་དགོས་སུ་ཟིན་ཀྱང་གྲངས་མེད་གསུམ་དུ་འགོར་དགོས་པའི་ངེས་པ་མེད་དེ། །བྱང་ཆུབ་སེམས་དཔས་སྒོམ་པའི་ལམ་ཐོབ་ནས། སྒོམ་ལམ་སྐད་ཅིག་མ་ཆུང་འབྲིང་ཆེན་པོ་རེ་རེའི་གནས་སྐབས་སུ་ཡང་བསོད་ནམས་གྲངས་མེད་གཞལ་མེད་དཔག་ཏུ་མེད་པ་མཉམ་བཞག་ཏུ་འབྱུང་བས་རྗེས་ཐོབ་ཏུ་དེ་དག་གི་འབྲས་བུ་སྒོམ་པ་པོའི་བྱང་ཆུབ་སེམས་དཔའི་རྒྱུད་ལ་འབྱུང་བར་གསུངས་པའི་ཕྱིར་ཏེ། དེ་སྐད་དུ་ཡང་། མངོན་རྟོགས་རྒྱན་ལས། གྲངས་མེད་ལ་སོགས་བསྟན་པ་རྣམས། །དམ་པའི་དོན་དུ་བཟོད་མ་ཡིན། །ཀུན་རྫོབ་ཏུ་ནི་ཐུགས་བརྩེ་བའི། །རྒྱུ་མཐུན་དེ་དག་ཐུབ་པ་བཞེད། །ཅེས་གསུངས་པའི་ཕྱིར་དང་། འདུལ་བ་ལུང་དང་། འཛངས་བླུན་ལ་སོགས་པར། སྟོན་པ་འདི་དེད་དཔོན་སྙིང་རྗེ་ཆེན་པོར་འཁྲུངས་ནས། སེམས་ཅན་མང་པོ་ལ་ཕན་པའི་ཕྱིར་མདུང་ཐུང་ཅན་བསད་པའི་བསོད་ནམས་ཀྱིས་བསྐལ་པ་དུ་མའི་ཚོགས་བཟླུམས་པར་བཤད་པའི་ཕྱིར་རོ། །དེ་ལྟར་བཤད་པའི་ཐེག་པ་གསུམ་ཀ་ལ་ཡང་བགྲོད་པར་བྱེད་པའི་ལམ་ནི། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་པའི་ལམ་དང་ལྔ་ལྔ་ཡོད་པས་ལམ་ལྔ་གསུམ་བཅོ་ལྔར་འགྱུར་ལ། དེ་དག་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ་བདུན་དང་སྦྱོར་བའི་ཚུལ་ཡང་། ཐེག་པ་གསུམ་ཀའི་ཚོགས་ལམ་ཆུང་ངུ་ལ་དྲན་པ་ཉེར་བཞག་བཞི། འབྲིང་པོ་ལ་ཡང་དག་སྤོང་བ་བཞི། ཆེན་པོ་ལ་རྫུ་འཕྲུལ་གྱི་རྐང་པ་བཞི། །སྦྱོར་ལམ་དུ་དབང་པོ་ལྔ་དང་སྟོབས་ལྔ། །མཐོང་ལམ་དུ་བྱང་ཆུབ་ཀྱི་ཡན་ལག་བདུན། །སྒོམ་ལམ་དུ་འཕགས་ལམ་ཡན་ལག་བརྒྱད་ཡིན་པར་མཚུངས་ལ། མི་སློབ་པའི་ལམ་དུ་ནི། ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་གཉིས་ཡོད་པར་འདོད་ཅིང་། དེ་ལས་ཀྱང་ཐེག་ཆེན་གྱི་མི་སློབ་པའི་ལམ་དུ་ནི། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པ་བཅོ་བརྒྱད་དེ་རང་དོན་གྱི་ཡོན་ཏན་སུམ་ཅུ་རྩ་གཉིས་དང་། མཚན་སོ་གཉིས་ཏེ་གཞན་དོན་གྱི་ཡོན་ཏན་སོ་གཉིས་དང་། དྲུག་ཅུ་རྩ་བཞི་ཡོད་དོ། །ཕྱོགས་མཐུན་གྱི་ཆོས་རྣམས་ལམ་དེ་དག་ཏུ་ཡོད་པར་མཚུངས་ཀྱང་། རིམ་གྱི་ཉན་ཐོས་ལས་རང་རྒྱལ་གྱི་ལམ་རྣམས་ཁྱད་པར་དུ་འཕགས་ཤིང་། དེ་ལས་ཀྱང་བྱང་ཆུབ་སེམས་དཔའི་ལམ་རྣམས་ཁྱད་པར་དུ་འཕགས་པ་ནི་བླ་ན་མེད་པའི་དགོས་པའོ། །མངོན་པ་མཛོད་ལས། མཐོང་ལམ་དུ་འཕགས་ལམ་ཡན་ལག་བརྒྱད་དང་། སྒོམ་ལམ་དུ་བྱང་ཆུབ་ཕྱོགས་མཐུན་བཤད་ཀྱང་བྱེ་བྲག་ཏུ་སྨྲ་བ་རང་ལུགས་ཀྱི་གྲུབ་མཐའ་ཡིན་པས་འདིར་མ་སྤྲོས་སོ། །དེ་དག་སའི་རྣམ་བཞག་དང་སྦྱར་ན། ཉན་རང་ལ་རིགས་ཀྱི་ས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དང་། སྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། །བྱས་པ་རྟོགས་པའི་ས་དང་། །ཉན་ཐོས་ཀྱི་ས་དང་། །རང་སངས་རྒྱས་ཀྱི་ས་དང་བརྒྱད་དོ། །བྱང་ཆུབ་སེམས་དཔའ་ལ། །དང་པོ་རབ་ཏུ་དགའ་བ། །གཉིས་པ་དྲི་མ་མེད་པ། །གསུམ་པ་འོད་བྱེད་པ། །བཞི་པ་འོད་འཕྲོ་བ། །ལྔ་པ་སྦྱང་དཀའ་བ། །དྲུག་པ་མངོན་དུ་གྱུར་པ། །བདུན་པ་རིང་དུ་སོང་བ། །བརྒྱད་པ་མི་གཡོ་བ། །དགུ་པ་ལེགས་པའི་བློ་གྲོས། །བཅུ་པ་ཆོས་ཀྱི་སྤྲིན་དང་བཅུ་ཡོད་དོ། །དེ་དག་ལམ་དང་སྦྱར་ན། །ས་དང་པོ་ནི་མཐོང་ལམ། །གཉིས་པ་ནས་བཅུ་པའི་བར་སྒོམ་ལམ་ཡིན་པར་ཤེས་པར་བྱའོ། །ས་དང་ལམ་གྱི་རྣམ་པར་བཞག་པ་རྒྱས་པར་ནི་ཡི་གེ་ཟུར་དུ་ཡོད་པས་དེར་བལྟ་བར་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པ་བཤད་པ་ལ། ཕ་རོལ་དུ་ཕྱིན་པའི་ལམ་ལས་སྔགས་ཀྱི་ལམ་བགྲོད་ཚུལ་ཁྱད་པར་འཕགས་པར་བསྟན་པ། རྒྱུད་སྡེ་སོ་སོའི་ལམ་བགྲོད་པའི་དུས་ཀྱི་ཁྱད་པར་བསྟན་པ། སྔགས་ཀྱི་ཐེག་པའི་ལམ་རིམ་དངོས་བཤད་པ་དང་གསུམ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། འདིར་ནི་ཐབས་ཀྱི་ཁྱད་པར་གྱིས། །ཕ་རོལ་ཕྱིན་པའི་ལམ་དེ་ལས། །ཤེས་པའོ། །གཉིས་པ་ནི། ལམ་བགྲོད་ཚུལ་ཇི་སྐད་བཤད་པ་དེ་ལས། རྡོ་རྗེ་ཐེག་པའི་སྐབས་འདིར་ནི། སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་ལམ་ལ་བརྟེན་ནས། ཉོན་མོངས་པ་བྱིན་གྱིས་རློབ་ནུས་པ་ལ་སོགས་པའི་ཐབས་མཁས་པའི་ཁྱད་པར་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། ཕ་རོལ་ཏུ་ཕྱིན་པའི་ལམ་དེ་ལས་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་འདི་ནི་ཤིན་ཏུ་ཆེས་ཆེར་ཁྱད་པར་དུ་འཕགས་པ་ཡིན་ནོ། །ཞེས་པའོ། །ཚུལ་འདི་དག་ནི། ཇི་སྐད་དུ། ཚུལ་གསུམ་སྒྲོན་མ་ལས། དོན་གཅིག་ཉིད་ན་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་ཕྱིར་དང་། །དབང་པོ་རྣོན་པོའི་དབང་མཛད་པས། །སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། །ཤེས་གསུངས་ཤིང་། དེའི་དོན་འཆད་པ་ན། རྒྱ་གར་ཕྱག་ན་རྡོ་རྗེས། དོན་ལ་དེ་ཁོ་ན་ཉིད་ལ་དབྱེ་བ་མེད་ཀྱང་། ཕར་ཕྱིན་པས་ལུང་རིགས་ལ་ལྟོས་པས་རྨོངས། སྔགས་པས་ལུང་དང་མན་ངག་ལ་བརྟེན་ནས་ཉམས་སུ་ལེན་པས་མ་རྨོངས། ཕར་ཕྱིན་པས་བཏང་སྙོམས་ལམ་དུ་བྱེད་པས་རྨོངས། །སྔགས་པས་བདེ་བ་ཆེན་པོ་ལམ་དུ་བྱེད་པས་མ་རྨོངས། །ཕར་ཕྱིན་པས་རྒྱུ་ལམ་དུ་བྱེད་པས་རྨོངས། །སྔགས་པས་འབྲས་བུ་ལམ་དུ་བྱེད་པས་མ་རྨོངས། ཤེས་གསུངས་པ་དང་། སློབ་དཔོན་ཛྷྱཱ་ན་ཤྲིས། སྔགས་དང་ཕ་རོལ་དུ་ཕྱིན་པ་ལ་ཁྱད་པར་བཅུ་གཅིག་གསུངས་ཏེ། དམིགས་པ། སྒྲུབ་པ། ཡེ་ཤེས། བརྩོན་འགྲུས་བླ་ན་མེད་པ་བཞི་དང་། །གདུལ་བྱ་མ་ལུས་པ་འཛིན་པར་ནུས་པ་དང་། ཉོན་མོངས་པ་བྱིན་གྱིས་རློབ་པ་དང་། བྱིན་གྱིས་བརླབ་པ་མྱུར་བ་དང་། མྱུར་དུ་འབྱུང་བ་དང་། མྱུར་དུ་ཉོན་མོངས་སྤོང་བ་དང་། བསམ་པ་བླ་ན་མེད་པ་དང་། སྤྱོད་པ་བླ་ན་མེད་པའི་ཐབས་ལ་མཁས་པ་རྣམས་སོ། །དེ་ཉིད་ཀྱང་། སྔགས་ཀྱི་གདུལ་བྱ་ལ་དབང་པོ་རྣོན་པོ་དགོས་པ་སོགས་སྔར་ཇི་སྐད་བཤད་པ་ལས་ཀྱང་རྟོགས་པར་བྱའོ། །གཉིས་པ་ལ། བྱ་སྤྱོད་རྣལ་འབྱོར་རྒྱུད་ཀྱི་ལམ་བགྲོད་ཚུལ་གྱི་དུས་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ལམ་བགྲོད་ཚུལ་བསྟན་པ་གཉིས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། བྱ་སྤྱོད་ཚུལ་གྱི་ཐབས་མཁས་ཙམ། །ལྡན་ཡང་མི་ཚེ་དྲུག་ཅུ་སྟེ། །རྣལ་འབྱོར་མི་ཚེ་བཅུ་དྲུག་ཡིན། །ཞེས་པའོ། །གཉིས་པ་ནི། དེ་ལ་རྒྱུད་སྡེ་བཞི་པོ་རྣམས་ཀྱི་ནང་ནས། བྱ་བ་དང་སྤྱོད་པའི་རྒྱུད་ནས་གསུངས་པའི་ཚུལ་གྱི་ཐབས་ལ་མཁས་པའི་ལམ་གྱི་ཁྱད་པར་ཕུལ་དུ་ཕྱིན་པ་ཅི་ཙམ་སྒོམ་པའི་ཉམས་ལེན་དང་ལྡན་ཡང་མི་ཚེ་དྲུག་ཅུ་ཚུན་ཆད་ཀྱིས་བླ་ན་མེད་པའི་འབྲས་བུ་ཐོབ་པ་ཡིན་ཞིང་། རྣལ་འབྱོར་གྱི་རྒྱུད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྟ་བུ་ལ། དེ་ནས་བཤད་པའི་ལམ་ཇི་ལྟ་བ་བཞིན་དུ་ཉམས་སུ་ལེན་ན། མི་ཚེ་བཅུ་དྲུག་ཚུན་ཆད་དུ་སངས་རྒྱས་ཉིད་ཀྱི་འབྲས་བུ་ཐོབ་པ་ཡིན་ནོ། །དེ་ལ་ཁ་ཅིག་འདི་སྐད་དུ། འོ་ན་འཇམ་དཔལ་རྩ་རྒྱུད་ལས། །ཚེ་འདིར་དཀའ་བ་ལེགས་སྤྱད་ཅིང་། །ལས་ལྡན་ཚེ་ནི་འདི་ལ་ཡང་། །འབད་པ་མེད་པར་སྔགས་རྣམས་འགྲུབ། །ལས་ནི་འདི་ལའང་སྣང་འགྱུར་ན། །སྐྱེ་བ་འདི་ལ་འགྲུབ་པར་འགྱུར། །ཞེས་དང་། རྣམ་སྣང་མངོན་བྱང་ལས། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་ཀྱང་རང་གི་གནས་ལ་གནས་ནས་དོན་ཐམས་ཅད་བསྒྲུབ་པར་བགྱིའོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་དག་ནི་ཐོག་མར་སྔགས་ལ་བརྟེན་ནས་ཚེའི་རིག་འཛིན་བསྒྲུབས་ཏེ། ཚེ་བསྐལ་པ་མང་པོ་ཐུབ་པ་བྱས་ནས། དེའི་བརྟེན་ལ་སངས་རྒྱས་ཐོབ་པ་ལ་དགོངས་པ་ཡིན་ཏེ། ཇི་སྐད་དུ་འཇམ་དཔལ་རྩ་རྒྱུད་ལས། རས་རིས་བླངས་ཏེ་རྨ་བྱའི་སྟན་དེ་ལ་འདུག་ན་ཡུད་ཙམ་གྱིས་ཚངས་པའི་འཇིག་རྟེན་གནོན་པར་འགྱུར་རོ། །རིག་པ་འཛིན་པ་བྱེ་བ་ཁྲི་ཕྲག་བརྒྱ་སྟོང་གི་འཁོར་དུ་མ་དང་ལྡན་པའི་རིག་པ་འཛིན་པའི་འཁོར་ལོ་བསྒྱུར་བར་འགྱུར་རོ། །བར་གྱི་བསྐལ་པ་དྲུག་ཅུར་འཚོ་བར་འགྱུར་རོ། །ཇི་ལྟར་འདོད་པར་འགྲོ་ཞིང་སྤྱོད་པར་འགྱུར་རོ། །ཞེས་དང་། མཐར་ཡང་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ། །ཞེས་གསུངས་པས་སོ། །དེས་ན་བྱ་རྒྱུད་ཀྱི་ལམ་ཉམས་སུ་ལེན་པས་ལོ་དྲུག་སྟོང་ན་སངས་རྒྱས་ཐོབ་པའོ། །རྣལ་འབྱོར་གྱི་རྒྱུད་ལས་ནི། ཚེ་འདི་ཉིད་ལ་ཐོབ་པར་བཤད་ཀྱང་། སྔར་ལྟར་རིག་སྔགས་བསྒྲུབས་པ་ལ་ཡང་དགོངས་པ་ཡིན་པས། ཇི་ལྟར་འགོར་ཡང་ཚེ་བཅུ་དྲུག་ནས་འགྲུབ་པར་གསལ་བར་གསུངས་ཏེ། དེ་སྐད་དུ་ཡང་། བཤད་རྒྱུད་རྡོ་རྗེ་རྩེ་མོ་ལས་ཇི་སྐད་དུ། རབ་ཏུ་དགའ་བའི་ས་ཐོབ་ཅིང་། །རྡོ་རྗེ་ཉིད་ནི་ཐེ་ཚོམ་མེད། །ཡང་ན་མཐོང་བ་ཙམ་གྱིས་ནི། །སྐྱེ་བ་བཅུ་དྲུག་མྱ་ངན་འདའ། །ཞེས་དང་། སོ་སོའི་སྐྱེ་བོས་སངས་རྒྱས་ཉིད། །འགྲུབ་པར་འགྱུར་ཏེ་གཞན་དུ་མིན། །ཞེས་གསུངས་པས་སོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། བླ་ན་མེད་པ་ཚེ་གཅིག་གིས། །བཅོམ་ལྡན་ངེས་པར་འགྲུབ་པར་འགྱུར། །ཞེས་པའོ། །གཉིས་པ་ཚིག་གི་དོན་ནི། རྣལ་འབྱོར་བླ་ན་མེད་པའི་ལམ་བགྲོད་ཚུལ་གྱི་དུས་ཀྱི་ཁྱད་པར་ནི། བླ་མའི་ངེས་པའི་དབང་གིས་ཐབས་མཁས་པའི་ཁྱད་པར་དང་ལྡན་པས་ལམ་ཉམས་སུ་བླངས་ན། ཚེ་ལོ་བརྒྱ་པའི་མི་ཚེ་གཅིག་གི་ནང་དུ། བརྩོན་འགྲུས་དང་ལྡན་པའི་སྐྱེས་བུས་ངེས་བར་འགྲུབ་པར་འགྱུར་ཏེ། ཐབས་ལ་མཁས་པའི་ཁྱད་པར་དེ་དག་གི་ནུས་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །ཞེས་པའོ། །ཚུལ་འདི་དག་ནི། ཇི་སྐད་དུ་གསང་བ་འདུས་པ་ལས། གངྒའི་ཀླུང་གི་བྱེ་མ་དུ་མ་སྙེད་ཀྱི་བསྐལ་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འབད་ཅིང་བཙལ་ཡང་ཐོབ་པར་མི་འགྱུར་བ་དེ། གསང་བ་འདུས་པ་ལ་དགའ་བའི་བྱང་ཆུབ་སེམས་དཔའ་ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཤེས་བྱ་བའི་གྲངས་སུ་འགྲོའོ། །ཞེས་དང་། སམྦུ་ཊ་ལས། མདོར་བསྡུས་པས་ནི་སངས་རྒྱས་ཉིད། །སྐལ་པ་བྱེ་བ་གྲངས་མེད་པས། །ཇི་ལྟར་སངས་རྒྱས་གང་ཐོབ་པ། །གང་གིས་དམ་པའི་བདེ་བས་ཁྱོད། །སྐྱེ་བ་འདིར་ནི་ཐོབ་པར་འགྱུར། །ཞེས་དང་། གོང་དུ་དུས་འཁོར་གྱི་ལུང་དྲངས་མ་ཐག་པ་ལས་ཀྱང་ཤེས་པར་བྱའོ། །གསུམ་པ་སྔགས་ཀྱི་ཐེག་པའི་ལམ་རིམ་དངོས་བཤད་པ་ལ། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མཐར་ཕྱིན་པའི་ལམ་བཤད་པ་དང་ལྔ་ལས། དང་པོ་ལ། རྩ་ཚིག་གཉིས། དང་པོ་ནི། དང་པོར་དབང་ཐོབ་བསྐྱེད་རྫོགས་ནི། །ལེགས་ཤེས་མོས་སྒྲུབ་ཚོགས་ལམ་སྟེ། །ཞེས་པའོ། །གཉིས་པ་ནི། ཐོག་མར་ཡང་དག་པའི་དགེ་བའི་བཤེས་གཉེན་རྒྱུད་ནས་གསུངས་པའི་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་དང་ལྡན་པ་ལ། ཆོ་ག་ཕྱིན་ཅི་མ་ལོག་པའི་སྒོ་ནས་སྨིན་བྱེད་ཀྱི་དབང་བཞི་ལེགས་པར་ཐོབ་ཅིང་། དེའི་རྗེས་སུ། རྒྱུད་དང་བླ་མའི་ངེས་པ་ལ་བརྟེན་པའི་བསྐྱེད་རིམ་དང་རྫོགས་རིམ་གྱི་གནད་ལེགས་པར་ཤེས་ཤིང་ཁོང་དུ་ཆུད་ནས། མོས་པ་ཡིད་ལ་བྱེད་པའི་ཚུལ་གྱིས་རྩེ་གཅིག་ཏུ་སྒྲུབ་པ་ནི་ཚོགས་ལམ་ཡིན་ཏེ། སྔགས་བླ་མེད་ཀྱི་ལམ་ལ་ཞུགས་པའི་ལས་དང་པོ་པའི་ས་ཡིན་པའི་ཕྱིར། དེ་ལྟར་སློབ་དཔོན་གྱི་མཚན་ཉིད་ཀྱང་། དུས་འཁོར་རྩ་རྒྱུད་ལས། སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག །ཁེངས་ཤིང་ཆགས་ལ་མ་བསྡམས་དང་། རང་འདོད་བླ་མ་སློབ་མ་ནི། །བློ་བཟང་ལྡན་པས་མི་བྱའོ། །ཞེས་པ་ལྟར་གྱི་སྐྱོན་བྲལ་ཞིང་། ཡང་དེ་ཉིད་ལས། བརྟན་ཞིང་དུལ་བ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་རྩེར་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་འབྲི་བའི་ལས་ལ་མཁས། །གསང་སྔགས་འཆད་བྱེད་སློབ་དཔོན་ཏེ། །ཞེས་གསུངས་པ་ལྟར། ཡོན་ཏན་དང་ལྡན་པའི་བླ་མ་བསྟན་པར་བྱའོ། །དེ་ཉིད་བཅུ་ཡང་། ཕྱིའི་དེ་ཁོ་ན་ཉིད་བཅུ་ནི། །དཀྱིལ་འཁོར་དང་ནི་ཏིང་འཛིན་བཅུ། །ཕྱག་རྒྱ་འདུག་སྟངས་སྟངས་སྟབས་དང་། །བཟླས་བརྗོད་སྤྱིན་བསྲེག་མཆོད་སྦྱིན་དང་། །ལས་ལ་སྦྱར་དང་སླར་བསྡུ་བའོ། །ཞེས་པ་ལྟར་ཡིན་ལ། ནང་གི་བཅུ་ནི། བསྲུང་བ་དབང་བསྐུར་གཏོར་མ་བཟླས་པ་དབྱེ། །ཕྱིར་བཟློག་དག་དང་དཀྱིལ་འཁོར་སྒྲུབ་ཐབས་དང་། །བཙན་ཐབས་སྦྱོར་བ་གཤེགས་སུ་གསོལ་བའོ། །ཞེས་པ་དེ་ཉིད་བཅུ་རྣམས་སུ་ནི་བཤད། །ཅེས་གསུངས་པ་ལྟར་ཡིན་ནོ། །དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་བླ་མ་ལ། བླ་ན་མེད་པའི་སྨིན་བྱེད་ཀྱི་དབང་རྣམས་ཞུ་བ་སྔོན་དུ་འགྲོ་དགོས་ཤིང་། དབང་གི་ཚུལ་དེ་དག་ལ་ཡང་། རྒྱུད་སྡེའི་རིམ་པས། བྱ་རྒྱུད་ལ་ཆུ་ཅོད་པཎ་ཙམ་ལས་མེད། །སྤྱོད་རྒྱུད་ལ་རྡོ་རྗེ་དྲིལ་བུ་མིང་དབང་ཙམ་དང་། རྣལ་འབྱོར་ལ་བུམ་དབང་ཡོངས་རྫོགས་ཙམ་དང་། བླ་ན་མེད་པ་ལ་དབང་བཞི་ཡོངས་སུ་རྫོགས་པར་ཡོད་པ་ཡིན་ཏེ། དེ་སྐད་དུ་ཡང་དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་ལས། ཆུ་ཡི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུད་ལས་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལས་རབ་ཏུ་གསལ། །ཞེས་སོགས་གསུངས་པའི་ཕྱིར། །དེ་ལྟར་སྨིན་བྱེད་ཀྱི་དབང་ཐོབ་ནས། རིག་འཛིན་སྡོམ་པའི་མི་མཐུན་ཕྱོགས་སུ་གྱུར་པའི་རྩ་བ་དང་ཡན་ལག་གི་ལྟུང་བས་མ་གོས་པའི་སྒོ་ནས། བསྐྱེད་རྫོགས་ཀྱི་ལམ་ཉམས་སུ་ལེན་པར་བྱེད་པ་ནི། ངེས་པར་ཚོགས་ཀྱི་ལམ་པ་ཡིན་ཏེ། དེ་སྐད་དུའང་། འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས། རྡོ་རྗེ་ཆོས་འབྱུང་གི་ཁང་པར་བདུད་བཞི་དང་བགེགས་ཀྱི་དགྲ་འཇུག་པའི་སྒོ་རྣམས་ལ། །བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ལ་སོགས་པ་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་སྒོ་གླེགས་བཅུག་ནས། དེ་ཉིད་དུ་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེན་པོ་དང་ལྷན་ཅིག་ཏུ་བསྒྲུབས་ཏེ་སྔར་མཚམས་མེད་པ་ལྔ་བྱེད་པ་པོ་རྣམས་ཀྱང་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ་ཞེས་བ་ནི་དེ་བཞིན་གཤེགས་པ་བཞེད་ཀྱི། སྔགས་ཀྱི་ཐེག་པར་ཞུགས་པའི་རྗེས་ལ་མཚམས་མེད་པ་ལྔ་ལ་སོགས་པ་མི་ཟད་པའི་ལས་བྱེད་པ་རྣམས་ཀྱང་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ་ཞེས་བྱ་བ་དེ་ནི་དེ་བཞིན་གཤེགས་པ་ཡང་དག་པར་བཞེད་པ་མ་ཡིན་ནོ། །ཞེས་གསུངས་པ་དང་། རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་རྒྱུད་ལས། སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ། །སྒྱུ་འཕྲུལ་ཡེ་ཤེས་ཀྱིས་བསྐུལ་བ། །དད་པ་ཡང་དག་བསྐྱེད་པ་དང་། །རྣལ་འབྱོར་སྤྱོད་ཚུལ་གནས་པ་ཡིན། །ཞེས་སྔོན་སྐྱེ་བ་དཔག་ཏུ་མེད་པ་ནས་སྦྱངས་པ་མཐར་ཕྱིན་ཞིང་། ད་ལྟ་སྔགས་ཀྱི་ཐེག་པར་ཞུགས་ཏེ་ཚོགས་གཉིས་ལ་བརྩོན་པར་གསུངས་པའི་དོན་ནོ། །དེ་ལྟ་བུའི་སློབ་མའང་སྐྱོན་འདི་དག་དང་བྲལ་དགོས་ཏེ། །ཇི་སྐད་དུ་རིམ་ལྔའི་གཞུང་ལས། །བླ་མ་ལ་བརྙས་རྒྱུ་ཅན་དད་པ་མེད། །སྔགས་ཀྱི་རློམ་ཞིང་གླེགས་བམ་མཐོང་བས་ཁེངས། །དད་པ་མེད་ཅིང་དབང་བསྐུར་དམན་པ་ལ། །གཏམ་གྱི་རིམ་པའང་དེ་དག་བརྗོད་མི་བྱ། །གང་ཞིག་བླ་མ་ལ་གུས་དད་དང་ལྡན། །མོས་པས་བསྙེན་བསྐུར་ལ་ནི་རྟག་ཏུ་བརྩོན། །ཐོས་པ་འཛིན་གང་བླ་མ་དམ་པ་ཡིས། །དེ་ལ་བླ་མའི་དྲིན་བཞིན་བརྟག་མི་དགོས། ཤེས་གསུངས་པ་ལྟར་སྐྱོན་དང་བྲལ་ཞིང་ཡོན་ཏན་དང་ལྡན་ན་ལམ་གྱི་སྣོད་དུ་རུང་བར་བཤད་པ་ལྟར་རོ། །འདི་དག་ལ་མདོ་སྡེའི་རྒྱན་ལས། བསྐལ་པ་གྲངས་མེད་ངེས་འབྱུང་ཞིང་། །མོས་པ་རྣམ་པར་འཕེལ་བྱེད་པ། །ཇི་ལྟར་ཆུ་ཡིས་རྒྱ་མཚོ་བཞིན། །དགེ་ཆོས་རྣམས་ཀྱིས་ཡང་དག་རྫོགས། །དེ་བཞིན་དུ་ནི་ཚོགས་བསགས་པའི། །རྒྱལ་སྲས་བཟོད་ནས་དག་པ་པོ། །ལེགས་པར་ཤེས་ཤིང་སེམས་དགེ་བ། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །དེ་ཚེ་ཆོས་ཀྱི་རྒྱུད་ལ་ནི། །སངས་རྒྱས་རྣམས་ལས་ཞི་གནས་དང་། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །གདམ་ངག་རྒྱ་ཆེན་རྙེད་པར་འགྱུར། །ཞེས་གསུངས་པ་དང་། མངོན་པ་ཀུན་ལས་བཏུས་ལས། ཚོགས་ཀྱི་ལམ་གང་ཞེ་ན། །སོ་སོའི་སྐྱེ་བོའི་ཚུལ་ཁྲིམས་དང་། དབང་པོའི་སྒོ་བསྡམས་པ་དང་། ཟས་ཀྱི་ཚོད་ཤེས་པ་དང་། ནམ་གྱི་ཆ་སྟོད་དང་ནམ་གྱི་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང་། ཤེས་བཞིན་དུ་གནས་པར་མངོན་པར་དགའ་བའོ། །ཞེས་པ་རྣམས་ཀྱི་ཚོགས་ལམ་ཆེན་པོའི་མཚན་ཉིད་ཀྱང་འདི་ལ་ཚང་བ་ཡིན་ཏེ། སྔོན་བསྐལ་པ་དཔག་ཏུ་མེད་པ་ནས་དད་པའི་སྟོབས་ཀྱིས་འཁོར་བ་ལ་ངེས་པར་འབྱུང་འདོད་ཀྱི་བསམ་པས་ཟབ་མོ་སྔགས་ཀྱི་ལམ་ལ་ཞུགས་ཤིང་མོས་པ་རྣམ་པར་འཕེལ་བའི་ཕྱིར་དང་། རིམ་གཉིས་བསྒོམས་པའི་སྟོབས་ཀྱིས་རྣམ་པར་དཀར་བའི་ཆོས་རྣམས་ངང་གིས་རྫོགས་པའི་ཕྱིར་དང་། ཁོང་ཁྲོ་ལ་སོགས་པས་རྒྱུད་ལ་མ་གོས་པས་དག་པ་དང་། ལམ་གྱི་གནད་ཤེས་ནས་སྒོམ་པའི་ལམ་ལ་རབ་ཏུ་སྦྱོར་བ་དང་། ཞི་ལྷག་གི་གདམས་ངག་ཕྱིན་ཅི་མ་ལོག་པ་ཐོབ་པའི་ཕྱིར་དང་། དེ་ལྟ་བུའི་ལམ་སྟོན་པར་བྱེད་པ་པོ་དེ་ཡང་རྒྱལ་བ་སྤྲུལ་པའི་སྐུའི་ངོ་བོ་ཡིན་པའི་ཕྱིར། ཁ་ཅིག་འདི་ལ་མཚན་དཔེ་ཡོད་མེད་ལ་སོགས་པའི་བཤད་པ་བྱེད་ཀྱང་། སྐུ་མེད་པ་དང་བཅས་དང་སྐུ་ཐོབ་དང་། ཞེས་ཚོགས་ལམ་ན་སྐུ་མེད་པ་དང་། སྦྱོར་ལམ་ན་སྐུ་ཐོབ་པར་བཤད་པས་མ་དག་པ་ཁོ་ནའོ། །དེ་ལྟར་ཚོགས་ཀྱི་ལམ་ན་བསྐྱེད་རིམ་སྒོམ་པ་གཙོ་ཆེ་བ་ཡིན་ནོ། །དེ་ལྟར་སྨིན་གྲོལ་གྱི་ལམ་ལེགས་པར་ཐོབ་ནས་ལེ་ལོའི་དབང་དུ་སོང་ཀྱང་ངན་སོང་དང་ལམ་ལོག་པར་མི་འགྲོ་ཞིང་། སྐྱེ་བ་ཕྱི་མའང་ལམ་འདི་ཉིད་དུ་ཞུགས་ནས་འབྲས་བུ་ཐོབ་པ་ཡིན་ཏེ། རིམ་ལྔ་ལས། རི་དབང་རྩེ་ལས་གང་ཞིག་ལྷུང་གྱུར་ན། །ལྷུང་བར་མི་བྱ་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ནས། །གྲོལ་བར་མི་བྱ་སྙམ་ཡང་གྲོལ་བར་འགྱུར། །ཞེས་པ་དང་། དུས་འཁོར་ནས་ཀྱང་དེ་ལྟར་གསུངས་པས་སོ། །གཉིས་པ་ལ། སྦྱོར་ལམ་གྱི་ངོ་བོ་ངོས་བཟུང་བ། དེ་ལ་གནས་པའི་ཚེ་ན་བརཏལ་ཞུགས་ཀྱི་སྤྱོད་པ་ཇི་ལྟར་སྤྱད་པའི་ཚུལ། དེ་ལ་ལམ་གྱི་ཡེ་ཤེས་ཇི་ལྟར་སྐྱེ་བའི་ཚུལ་དང་གསུམ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། རྩ་རླུང་ཐིག་ལེའི་གནད་ཤེས་ནས། །ཀུན་བཟང་སྤྱོད་གནས་དྲོད་ཐོབ་ནས། །སྦྱོར་ལམ་ཉིད་ལ་གནས་པ་ཡིན། །ཞེས་སོ། །གཉིས་པ་ནི། དེ་ལྟར་ཚོགས་ལམ་ཐོབ་ནས། རྩ་དང་རླུང་དང་ཐིག་ལེའི་གནད་ཤེས་ཏེ་བྱང་ཆུབ་ཀྱི་སེམས་མི་འགྱུར་བའི་བདེ་བའི་ངོ་བོར་བདག་མེད་དུ་འཆིང་བྱེད་ཀྱི་ལམ་རྫོགས་པའི་རིམ་པ་སྒོམ་པ་ལ་ནི་ཀུན་དུ་བཟང་པོའི་སྤྱོད་པ་ཞེས་བརྗོད་པས། དེའི་ཚེ་ན་སྦྱོར་ལམ་ལ་གནས་པ་ཡིན་ཞིང་། དྲོད་ཀྱི་རྟགས་དུ་བ་ལ་སོགས་པ་ཡང་དབང་པོ་ལ་བརྟེན་པའི་མངོན་སུམ་གྱི་ཡུལ་དུ་མཐོང་ནས། གཞན་དོན་སྒྲུབ་པའི་ལས་སུ་རུང་བར་འགྱུར་བ་ཡིན་ནོ། །ཞེས་པའོ། །སྐབས་འདིར་སྤྲོས་པ་ཅུང་ཟད་བཤད་ན། བསྐྱེད་རིམ་སྒོམ་པ་ནི་ཚོགས་ལམ་མན་ཆད་དུ་འཇིག་རྟེན་པའི་དངོས་གྲུབ་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པ་བསྒྲུབ་པའི་ཡན་ལག་ཏུ་དགོས་པ་ཡིན་གྱི། འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་བདེ་བ་བསྒྲུབ་པ་ལ། བསྐྱེད་རིམ་ལ་ལྟོས་པ་མེད་པར་རྫོགས་པའི་རིམ་པ་ཉིད་གཙོ་ཆེ་བ་ཡིན་པས། དེའི་ཕྱིར། སྦྱོར་ལམ་དྲོད་ཐོབ་པ་འདི་ཡན་ཆད་དུ་རྫོགས་རིམ་གཙོ་ཆེ་བར་སྒོམ་པ་ཡིན་ཏེ། དེ་སྐད་དུ་ཡང་སྤྱན་རས་གཟིགས་འགྲེལ་ལས། གཟུགས་ལ་སོགས་པར་རྟོག་པ་དཀྱིལ་འཁོར་གྱི། །འཁོར་ལོ་སྒོམ་པ་གོམས་པར་གྱུར་པས་ནི། །གྲུབ་པ་འཇིག་རྟེན་པ་དག་འགྲུབ་འགྱུར་ཏེ། །འདོད་པའི་དངོས་གྲུབ་ཆེན་པོ་ག་ལ་ཞིག །ཅེས་པ་དང་། ཡེ་ཤེས་ལེའུའི་འགྲེལ་པར། གལ་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པའི་སྟོབས་ཀྱིས་སྒྲུབ་པ་པོ་ཐམས་ཅད་མཁྱེན་པ་ཉིད་དུ་འགྲུབ་པར་འགྱུར་ན། དེའི་ཚེ་ཅིའི་དོན་དུ་གྲུབ་པ་རྣམས་འདིར་བཅོམ་ལྡན་འདས་ཀྱིས་གསུང་རང་གི་གཞུང་ལ་རབ་ཏུ་སྟོན་པར་བྱེད། དེའི་ཕྱིར་འཇིག་རྟེན་པའི་དངོས་གྲུབ་རྣམ་པ་ཐམས་ཅད་མཁྱེན་པའི་ཡོན་ཏན་སྟེར་བར་བྱེད་པ་པོར་མི་འགྱུར་ཏེ། ཉི་ཚེ་བ་ཉིད་ཀྱི་ཕྱིར་དང་། ཐམས་ཅད་མཁྱེན་པའི་གསུང་མེད་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །འོ་ན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས། དང་པོའི་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །སྣང་བ་གསུམ་པོ་མཐོང་བ་དག །ས་བཅུ་ལ་ནི་རབ་ཏུ་གནས། །མངོན་པར་བྱང་ཆུབ་ལེགས་ཐོབ་ནས། །གཙང་མའི་གནས་སུ་ཉེ་བར་འགྲོ། །སངས་རྒྱས་ཞིང་ནས་མི་ལྡོག་པར། །ཚེ་འདི་ཉིད་ཀྱི་ཐམས་ཅད་མཁྱེན། ཞེས་བསྐྱེད་རིམ་དང་དབེན་གསུམ་བསྒོམས་པ་ལ་བརྟེན་ནས། ས་བརྒྱད་པ་ཐོབ་ཅིང་། སྒྱུ་ལུས་ཀུན་རྫོབ་ཀྱི་བདེན་པ་བསྒོམས་པ་ལ་བརྟེན་ནས་ས་བཅུ་པ་དང་། འོད་གསལ་བསྒོམས་པ་ལ་བརྟེན་ནས་ཆོས་སྐུ་ཐོབ་པ་དང་། དེ་ནས་ཟུང་འཇུག་གཟུགས་ཀྱི་སྐུར་ལངས་པར་གསུངས་པ་དང་འགལ་ལོ་ཞེ་ན། དེ་དག་ནི་སྒྲ་ཇི་ལྟ་བ་བཞིན་མ་ཡིན་ཏེ། ཀོ་ས་ལའི་རྒྱན་མཛད་པ་པོ་ལ་སོགས་པ་གསང་བ་འདུས་པའི་འགྲེལ་བྱེད་གཅིག་གི་བཤད་པ་ལ། འདིའི་ས་བརྒྱད་པ་ནི། སྦྱོར་ལམ་དྲོད་རྩེ་བཟོད་མཆོག་བཞི་པོ་རེ་རེ་ལའང་ཆེ་འབྲིང་ཆུང་ངུ་གསུམ་གསུམ་དུ་ཕྱེ་ནས། བཟོད་པ་འབྲིང་ལས་བརྒྱད་པར་བཤད་པ་ལ་བཞེད་ཅིང་། དེ་བཞིན་དུ། བསྐྱེད་རིམ་ལམ་གྱི་རྣམ་བཤད་དུ་ཡང་དེ་ལྟར་དུ་ཞལ་གྱིས་བཞེས་པ་ཡིན་པའི་ཕྱིར། ཡང་སངས་རྒྱས་ཡེ་ཤེས་ཞབས་ཀྱིས། བསྐྱེད་རིམ་གྱིས་ས་དང་པོ་ཐོབ་པར་བཞེད་པར་གྲགས་ཀྱང་། འདིར་ས་དང་པོ་མོས་སྤྱོད་ཀྱི་སྐབས་ལ་འཇུག་པ་ཡིན་པས་འགལ་བ་མེད་དོ། །དེས་ན་ཀུན་དུ་བཟང་པོ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བཞི་པའི་དབང་ལས་ཐོབ་པའི་བདེ་བ་ཆེན་པོ་ལ་བརྗོད་པ་ཡིན་ཏེ། ཇི་སྐད་དུ་འགྲེལ་ཆེན་ལས། འདིར་གལ་ཏེ་གསུམ་པ་འགྱུར་བའི་བདེ་བ་ཤེས་རབ་ཡེ་ཤེས་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་བཞི་པ་ཡིན་ན་དེའི་ཚེ་མངོན་པར་བརྗོད་ཟིན་པ་མངོན་པར་བརྗོད་པར་འགྱུར་རོ། །ཞེས་དབང་གསུམ་པ་དང་བཞི་པ་གཉིས་ཀ་ལས་སྐྱེས་པའི་བདེ་བ་ཆེན་པོ་ལ་ཀུན་དུ་བཟང་པོར་བརྗོད་པས་སོ། །དེའི་དྲོད་ཀྱི་རྟགས་ནི། སོ་སོར་བསྡུད་པའི་གནས་སྐབས་སུ་མཐོང་བའི་དུ་བ་ལ་སོགས་པ་རྣམ་པ་བཅུ་ལ་བརྗོད་དེ། །དེ་དག་ནི་ཇི་སྐད་དུ། དང་པོའི་སངས་རྒྱས་ཀྱི་རྩ་བའི་རྒྱུད་ལས། སོ་སོར་བསྡུད་ལ་ཕྱག་རྒྱ་ཆེ། །ནམ་མཁའ་སྟོང་པའི་མཚན་ཉིད་དོ། །གང་ཞིག་ཁོ་ནར་ཡིད་དག་ནི། །བཀོད་པ་དེ་ཡི་ཕྱོགས་སུ་སྣང་། །མཚན་མའི་མཐར་ནི་རེ་བ་གང་། །དེ་ལ་སྣ་ཚོགས་རྒྱུ་མི་རྒྱུ། །མ་ལུས་སྒོམ་པར་བྱ་དེ་ལ། །ཞེས་པ་དང་། གཞན་ཡང་དགྱེས་པ་རྡོ་རྗེ་ལས། །འཇིགས་སྨྱོ་དེ་བཞིན་སྡུག་བསྔལ་དང་། །མྱ་ངན་གདུང་བ་འཚིར་བ་དང་། །ཞེས་རྐྱེན་དེ་རྣམས་ཀྱིས་མི་གནོད་པ་ནི་དྲོད་ཆུང་ངུའི་རྟགས་དང་། །འདོད་ཆགས་ཞེ་སྡང་གཏི་མུག་ཆེས། །སྒྲུབ་པ་པོ་ཉིད་ཉོན་མི་མོངས། །ཤེས་དུག་གསུམ་གྱིས་བསྐྱེད་པའི་རྐྱེན་ཆེན་པོའི་ཉོན་མོངས་པས་མི་གནོད་པ་ནི། དྲོད་འབྲིང་པོའི་རྟགས་དང་། ཕན་དང་གནོད་པའི་འབྲས་འབྱུང་བར། །ཞེས་ཏིང་ངེ་འཛིན་གྱི་འབྲས་བུ་མངོན་ཤེས་རྫུ་འཕྲུལ་ཐོབ་པ་ལ་སོགས་པ་དང་། གཞན་གྱི་ནད་དང་གནོད་པ་ལ་སོགས་པ་འདི་རྣམས་ཞི་བར་གྱུར་ཅིག་ཅེས་སོགས་ཕན་གནོད་ཀྱི་བདེན་ཚིག་གི་འབྲས་བུ་འབྱུང་བ་ནི་དྲོད་ཆེན་པོའི་རྟགས་སོ། །དེ་ལྟར་རྒྱུད་ཐམས་ཅད་དང་མཐུན་པར་གསུངས་ཏེ། སྦྱོར་བ་ཡན་ལག་དྲུག་གི་འབྲས་བུ་ནི་ཅི་ཞིག་ཏུ་འཆད་པར་འགྱུར་རོ། །སྦྱོར་ལམ་འདི་དག་ལ། ཕ་རོལ་ཏུ་ཕྱིན་པའི་གནས་སྐབས་ནས་བཤད་པའི་སྦྱོར་ལམ་བཞིའི་མཚན་ཉིད་ཀྱང་ཚང་བ་ཡིན་ཏེ། དེ་ཡང་ཕ་རོལ་ཏུ་ཕྱིན་པར། དྲོད་ཀྱི་སྐབས་སུ་བྱང་ཆུབ་སེམས་དཔའ་མཉམ་པར་བཞག་པས་ཡིད་ཀྱི་བརྗོད་པ་ཙམ་མ་གཏོགས། ཕྱི་རོལ་གྱི་དོན་ལ་སེམས་མི་འཕྲོ་བར་མི་རྟོག་པ་ལ་མོས་པ་ཡིད་ལ་བྱེད་པའི་ཚུལ་གྱིས་སྒོམ་པར་བྱེད་པ་དང་། འདི་མཚུངས་པའི་ཕྱིར་ཏེ། ཇི་སྐད་དུ་མདོ་སྡེའི་རྒྱན་ལས། ཆོས་རྣམས་སྣང་བ་ཐམས་ཅད་དུ། །ཡོངས་སུ་ཆད་པ་མེད་རྟོགས་འགྱུར། །ཡང་དག་པ་ཡི་རྒྱུ་མཚན་ནི། །མ་བརྟགས་པ་དག་རབ་ཏུ་མཐོང་། །དེ་བཞིན་ཆོས་སྐུ་རབ་རྫོགས་དང་། །རྣམ་པར་དག་པར་བྱ་བའི་ཕྱིར། །བློ་དང་ལྡན་པ་རྣམ་ཀུན་དུ། །རྟག་ཏུ་རྒྱུ་ཡོངས་འཛིན་པར་བྱེད། །དེ་ནས་དེ་འདྲར་གྱུར་པ་ཡི། །བྱང་ཆུབ་སེམས་དཔའ་མཉམ་བཞག་པས། །ཡིད་ཀྱི་བརྗོད་པ་མ་རྟོགས་པར། །དོན་ཀུན་རབ་ཏུ་མི་མཐོང་ངོ་། །ཞེས་གསུངས་པའི་ཕྱིར། །གཉིས་པ་རྩེ་མོའི་སྐབས་སུ། །དེ་ལྟ་བུའི་ནང་གི་སྣང་བ་དེ་ཉིད་སྤེལ་བར་བྱ་བའི་ཕྱིར་དུ། མི་རྟོག་པའི་བྱེད་པ་བདག་མེད་པར་སྒོམ་པ་ལ། བརྩོན་འགྲུས་བརྟན་པོས་གསལ་སྣང་འབྲིང་པོ་ཐོབ་པ་ནི་རྩེ་མོ་ཡིན་ཏེ། དེ་སྐད་དུའང་། ཆོས་ཀྱི་སྣང་བ་འཕེལ་བའི་ཕྱིར། །བརྩོན་འགྲུས་བརྟན་པ་ཀུན་ཏུ་རྩོམ། །ཞེས་པས་སོ། །གསུམ་པ་བཟོད་པའི་སྐབས་སུ། །གཟུང་བ་ཆོས་ཀྱི་བདག་མེད་ལ་སྣང་བ་འཕེལ་ནས། སེམས་ལས་གཞན་པའི་དོན་མེད་པ་ལ་གསལ་སྣང་སྔ་མ་ལས་ཆེ་བར་ཐོབ་པ་ནི་བཟོད་པ་ཡིན་ཏེ། དེ་སྐད་དུ་ཡང་། ཆོས་ཀྱི་སྣང་བ་འཕེལ་ནས་ནི། །སེམས་ཙམ་ལ་ནི་གནས་པར་འགྱུར། །དེ་ནས་དོན་དུ་སྣང་བ་ཀུན། །སེམས་སུ་རབ་ཏུ་མཐོང་བར་འགྱུར། །དེ་ཚེ་དེ་ཡི་བཟུང་བ་ཡི། །རྣམ་པར་གཡེང་བ་དེ་སྤང་འགྱུར། །དེ་ནས་དེ་ལ་འཛིན་པ་ཡི། །རྣམ་པར་གཡེང་བ་འབའ་ཞིག་ལུས། །ཤེས་པས་སོ། །བཞི་པ་ཆོས་མཆོག་གི་སྐབས་སུ་ཡང་། །དེ་ལྟར་དོན་དུ་འཛིན་པའི་རྣམ་པར་གཡེང་བ་དེ་ཡང་། སྣང་བ་མེད་པའི་ངང་ནས། མི་རྟོག་པར་གནས་པས། ཡེ་ཤེས་ཀྱི་གསལ་སྣང་ཐོབ་པ་ནི། ཆོས་མཆོག་གི་དོན་ཏེ། དེ་སྐད་དུ་ཡང་། དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །འདི་ལྟར་དེ་ཡི་འཇུག་ཐོགས་སུ། །འཛིན་པའི་རྣམ་པར་གཡེང་བ་སྤོང་། །འདི་དག་གོ་རིམ་བཞིན་དུ་ནི། །དྲོ་བར་འགྱུར་སོགས་ཡིན་ཞེས་བྱ། །ཞེས་གསུངས་པས་སོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ཚེ་བརཏལ་ཞུགས་སྤྱོད་པ་ཡིས། །སྦྱོར་ལམ་བགྲོད་ནས་མཐོང་བར་སྦྱོར། །ཞེས་པའོ། །གཉིས་པ་ནི། སྦྱོར་ལམ་དྲོད་ཐོབ་པ་དེའི་ཚེ་སྤྱོད་པ་ལ་རིག་པ་བརཏལ་ཞུགས་ཀྱི་སྤྱོད་པ་དང་། ཀུན་དུ་བཟང་པོའི་སྤྱོད་པ་དང་། ཨ་ཝ་དྷཱུ་ཏཱིའི་སྤྱོད་པ་དང་། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་རྣམས་ཡོད་པ་ལས། རིག་པ་བརཏལ་ཞུགས་ཀྱི་སྤྱོད་པ་ནི་སྔར་ཁྱིམ་པའམ་རབ་བྱུང་གང་ཡིན་ཀྱང་རུང་སྟེ། རང་གི་རྟགས་དང་ཆ་ལུགས་དེ་དག་བོར་ནས། བགོ་བ་དང་སྟན་གྱི་ཁྱད་པར་མི་ལྤགས་ཀྱི་གཡང་གཞི་དང་སྟག་གི་ལྤགས་པ་འཛིན་ཞིང་། མི་རྐང་གི་གླིང་བུ་དང་། རུས་པའི་རྒྱན་དྲུག་ལ་སོགས་པ་ཐོགས་ཏེ། བཟའ་བ་ཤ་ལྔ་དང་བདུད་རྩི་ལྔ་བརྟེན་ནས་ཕྱག་རྒྱ་དང་བཅས་པས། ཕྱི་རོལ་གྱི་དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པ་རྣམས་སུ། སེང་གེ་ལྟ་བུར་འཇིགས་པ་མེད་པར་རྒྱུ་སྟེ། མི་རྟོག་པ་སྒོམ་པའི་སྤྱོད་པ་དེས་སྦྱོར་ལམ་བགྲོད་ཟིན་ནས་མཐོང་ལམ་ཐོབ་པའི་ཕྱིར་དུ་འབད་པས་སྦྱོར་བའོ་ཞེས་པའི་དོན་ནོ། །ཚུལ་འདི་དག་ནི། ཧེ་བཛྭ་ལས། ཅུང་ཟད་དྲོད་ནི་ཐོབ་བ་ན། གལ་ཏེ་སྤྱོད་པ་བྱེད་འདོད་པས། །གལ་ཏེ་འགྲུབ་འགྱུར་འདོད་ཡོད་ན། །འདིས་ནི་སྤྱོད་པ་སྤྱད་པ་ཉིད། །ཅེས་བརཏལ་ཞུགས་ཀྱི་སྤྱོད་པ་སྤྱད་འདོད་ན་ནི་བྱ་ལ། མི་འདོད་ན་ནི་དེ་ལྟ་བུའི་སྤྱོད་པ་མ་བྱས་ཀྱང་འགྲུབ་པར་གསུངས་སོ། །འགྲེལ་ཆེན་དྲི་མེད་འོད་ལས། ལས་ཀྱི་ཕྱག་རྒྱ་ཡོངས་དོར་ཞིང་། །ཡེ་ཤེས་ཕྱག་རྒྱ་རྣམ་པར་སྤངས། །ཕྱག་རྒྱ་ཆེ་ལས་ཡང་དག་སྐྱེས། །ལྷན་སྐྱེས་གཞན་དང་འགྲོགས་པ་མིན། །རྣམ་རྟོག་སྒོམ་པ་ལས་འདས་པ། །ཕྱག་རྒྱ་ཆེན་པོ་མི་འགྱུར་བྱེད། །ཞེས་གསུངས་པས། བརཏལ་ཞུགས་ཀྱི་སྤྱོད་པ་མ་བྱས་པར་ནང་དུ་མི་རྟོག་པ་བསྒོམས་པས་ཀྱང་འགྲུབ་པར་གསུངས་སོ། །གསུམ་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། འདི་ནི་སོ་སོར་སྡུད་པ་དང་། །བསམ་གཏན་བཞི་ལྡན་ལམ་ཡིན་ཏེ། །རྩ་ནི་སྦྱང་བ་ཞེས་ཀྱང་བཤད། །བསམ་གཏན་ཡན་ལག་རྫོགས་པ་ཡིས། །མངོན་པར་ཤེས་པ་ལྔ་ཐོབ་གསུངས། །སྐུ་ཡི་དཀྱིལ་འཁོར་དུ་ཞུགས་པའོ། །ཞེས་སོ། །གཉིས་པ་ནི། དེ་ལྟར་སྦྱོར་ལམ་བཞི་ཐོབ་ནས།རིག་པ་བརཏལ་ཞུགས་ཀྱི་སྤྱོད་པ་ལ་སོགས་སྤྱད་པའི་ཚུལ་འདི་ནི། དབང་པོ་ཕྱི་རོལ་དུ་མི་འཕྲོ་བར་སོ་སོར་སྡུད་པའི་མན་ངག་དང་། སེམས་རྩེ་གཅིག་ཏུ་གནས་པ་བསམ་གཏན་གྱི་ཡན་ལག་བཞི་དང་ལྡན་པའི་ལམ་གྱི་འབྲས་བུ་ཡིན་ཏེ། དེ་དག་ལ་རྩའི་གནས་རྣམས་ནི་སྦྱོང་བར་བྱེད་པའི་ལམ་ཞེས་ཀྱང་བརྗོད་ཅིང་། བསམ་གཏན་གྱི་ཡན་ལག་རྫོགས་པའི་རྗེས་སུ་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང་། ལྷའི་མིག་དང་། རྣ་བ་དང་། གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་ཤེས་པའི་མངོན་པར་ཤེས་པ་ལྔ་ཐོབ་པར་དུས་ཀྱི་འཁོར་ལོའི་རྩ་རྒྱུད་དང་བསྡུས་རྒྱུད་འགྲེལ་པ་དང་བཅས་པ་རྣམས་སུ་གསུངས་པས། དེ་དག་ནི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་གྱི་ནང་ནས་སྐུའི་དཀྱིལ་འཁོར་དུ་ཞུགས་པ་ཞེས་བྱ་སྟེ། རྩ་རླུང་སེམས་གསུམ་གྱི་ནང་ནས་རྩ་གཙོ་ཆེ་བའི་རྫོགས་རིམ་ཡིན་པའི་ཕྱིར་ཞེས་པའོ། །ཚུལ་འདི་དག་ནི་དུས་འཁོར་རྩ་རྒྱུད་ཀྱི་ལུང་རང་འགྲེལ་དུ་དྲངས་པ་ལས། སོ་སོར་སྡུད་པ་སྙོམས་ཞུགས་པས། །སྔགས་རྣམས་ཐམས་ཅད་བྱིན་གྱིས་རློབ། །བསམ་གཏན་ཡན་ལག་ལྔ་བསྟན་པས། །མངོན་ཤེས་ལྔ་ཐོབ་མི་བདག་ཀྱེ། །ཞེས་གསུངས་པའི་དོན་ནོ། །སྐབས་འདིར། སྦྱོར་བ་ཡན་ལག་དྲུག་གི་རྣམ་བཞག་མདོར་བསྡུས་པ་ཙམ་ཞིག་བརྗོད་ན། སྡོམ་ནི། སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་དྲན་ཏིང་འཛིན་ཡན་ལག་དྲུག །ཅེས་པ་ལྟར་རོ། །དེ་ལ་དང་པོ་སོར་སྡུད་ཀྱི་སྒྲ་དོན་ནི། །པྲ་ཏི་ཞེས་པ་སོ་སོ་ལ་འཇུག་པ་དང་། ཨཱ་ཧཱ་ར། ཟ་བ། སྡུད་པ། སྤོང་བ། གཅོད་པ་རྣམས་ལ་འཇུག་པ་མཚམས་སྦྱར་བས། པྲ་ཏྲཱ་ཧཱ་ར་ཞེས་འབྱུང་བ། སོ་སོར་ཟ་བ། སོ་སོར་སྡུད་པ། སོ་སོར་སྤོང་བ། སོ་སོར་གཅོད་པ་རྣམས་ལ་འཇུག་གོ །འདིར་སོ་སོར་སྡུད་པར་བསྒྱུར་བས། དེའི་དོན་ནི་གནད་དུ་བསྣུན་པའི་ལུས་གནད་གཅུན་པའི་སྒོ་ནས། རྣམ་ཤེས་ཚོགས་དྲུག་པོ་ཡུལ་སོ་སོར་མི་འཕྲོ་བར་དམིགས་པ་ལ་རྩེ་གཅིག་ཏུ་སྡུད་པར་བྱེད་པའི་དོན་ཏེ། དེའི་ཚེ། མཚན་མ་རྣམ་པ་བཅུ་མཐོང་བ་ནི་དུ་བའི་རྣམ་པ་ལ་སོགས་པ་བཅུ་ཡིན་ཏེ། སྤྱན་རས་གཟིགས་འགྲེལ་ལས། མཚན་མའི་དབྱེ་བས་རྣམ་པ་བཅུ་སྟེ། དུ་བ་དང་། སྨིག་སྒྱུ་དང་། མེ་ཁྱེར་དང་། མར་མེ་དང་། འབར་བ་དང་། ཟླ་བ་དང་། ཉི་མ་དང་སྒྲ་གཅན་དང་ཆ་ཤས་དང་ཐིག་ལེ་མཐོང་བའི་དབྱེ་བས་མ་བརྟགས་པ་ཡེ་ཤེས་ཀྱི་ཕུང་པོའོ། །ཞེས་གསུངས་སོ། །བསམ་གཏན་གྱི་ངོ་བོ་ནི། སེམས་རྩེ་གཅིག་ཏུ་གནས་པའི་ཞི་གནས་ཏེ། དབང་པོ་ལྔ་དང་ལས་ཀྱི་དབང་པོ་ལྔ་རྣམས་ཡུལ་སྣ་ཚོགས་སུ་མི་འཕྲོ་བར་ཡུལ་ལ་རྩེ་གཅིག་པའི་མཉམ་བཞག་ཡིན་ནོ། །སྲོག་རྩོལ་ནི། རྩ་བ་དང་ཡན་ལག་གི་རླུང་བཅུ་པོ་རྣམས་དང་། གཡས་གཡོན་གྱི་དཀྱིལ་འཁོར་བཅུའི་རླུང་རྣམས་ཕྱི་རོལ་དུ་མི་འཕོ་བར་དབུ་མར་གཅིག་ཏུ་འདྲེས་པར་འཛིན་ནུས་པ་ཉིད་ཡིན་ནོ། །འཛིན་པ་ནི། འཁོར་ལོ་བཞིའི་ནང་དུ་རླུང་འགྲོ་འོང་གི་རྒྱུ་བ་ལ་བརྟེན་ནས་བྱང་ཆུབ་སེམས་ཀྱི་ཐིག་ལེ་རྣམས་མི་འཕོ་བར་འཛིན་ནུས་པའོ། །རྗེས་དྲན་གྱི་ངོ་བོ་ནི། དེ་ལྟར་འཛིན་པའི་རླུང་དང་བྱང་ཆུབ་ཀྱི་སེམས་རྣམས་འཁོར་ལོ་བཞི་པོ་རྣམས་སུ་རིམ་གྱི་རྒྱུ་བ་ལ། སྐུ་བཞི་དང་ཡེ་ཤེས་ལྔ་ལ་སོགས་པའི་ངོ་བོར་རྗེས་སུ་དྲན་པའོ། །ཏིང་ངེ་འཛིན་ནི། དེ་ལྟར་རླུང་དང་བྱང་ཆུབ་ཀྱི་སེམས་རྣམས་འཕོ་མེད་དུ་འཛིན་པའི་ངོ་བོ་ལ་གང་དུ་ཡང་མི་རྟོག་པའི་སྒོ་ནས་མཉམ་པར་བཞག་པ་རྩེ་གཅིག་པའོ། །དེ་དག་གི་འབྲས་བུ་ནི། སོ་སོར་སྡུད་པའི་འབྲས་བུ་སེམས་རྩེ་གཅིག་ཏུ་གནས་པར་གྱུར་པ་དེའི་ཚེ། གཞན་གྱི་དུག་ཞི་བར་གྱུར་ཅིག །ཅེས་པ་དང་། འདི་མ་རུང་བར་གྱུར་ཅིག །ཅེས་སོགས་ཕན་པ་དང་གནོད་པའི་བདེན་ཚིག་འགྲུབ་པའོ། །བསམ་གཏན་གྱི་འབྲས་བུ་ནི། ལྷའི་མིག་ཐོབ་སྟེ། འཇིག་རྟེན་གྱི་ཁམས་ཀྱི་གཟུགས་ཕྲ་རགས་ཐམས་ཅད་ཐོགས་མེད་དུ་མཐོང་ནུས་པ་སོགས་མངོན་ཤེས་ལྔ་འགྲུབ་པའོ། །སྲོག་རྩོལ་གྱི་འབྲས་བུ་ནི། རླུང་བཅུ་དབུ་མར་ཚུད་པའི་ཡོན་ཏན་ལ་བརྟེན་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད་པ་དང་བསྟོད་པ་དང་བསྔགས་པ་བརྗོད་པ་ཡིན་ནོ། །འཛིན་པའི་འབྲས་བུ་ནི། སྲོག་གི་རླུང་འགྲོ་བ་དང་འོང་བ་འགགས་པའི་སྟོབས་ཀྱིས་བྱང་ཆུབ་ཀྱི་སེམས་འཕོ་མེད་དུ་འཆིང་ཞིང་། ལུས་ལ་བདེ་བ་དང་སེམས་བཟུང་འཛིན་གཉིས་མེད་རང་རིག་རང་གསལ་མངོན་དུ་གྱུར་པའོ། །རྗེས་དྲན་གྱི་འབྲས་བུ་ནི་རླུང་དང་བྱང་ཆུབ་ཀྱི་སེམས་ཐམས་ཅད་ཡེ་ཤེས་ལྔ་དང་སྐུ་ལྔའི་ངོ་བོར་འཆར་བའི་སྟོབས་ཀྱིས། ཡུལ་ཡིད་དུ་འོང་མི་འོང་གང་མཐོང་ནའང་ཆགས་སྡང་མི་སྐྱེ་བ་དང་། བ་སྤུའི་ཁུང་བུ་ལས་ཀྱང་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་ལ་སོགས་པའོ། །ཏིང་ངེ་འཛིན་གྱི་འབྲས་བུ་ནི། བཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་རྩེ་གཅིག་པ་ཉིད་ཀྱིས་མཆོག་ཏུ་མི་འགྱུར་བའི་བདེ་བ་ལ་དབང་འབྱོར་བའོ། །དེ་ལྟར་ཡན་ལག་དྲུག་བསྒོམས་པའི་སྟོབས་ཀྱི་ལོ་གསུམ་ཕྱོགས་གསུམ་གྱིས་རྡོ་རྗེ་འཆང་འགྲུབ་པ་ནི་ཐབས་ཀྱི་ཡན་ལག་བླ་ན་མེད་པའོ། །དེའང་ལམ་ལ་སྦྱར་ན། སོར་སྡུད་བསམ་གཏན་གཉིས་སྦྱོར་ལམ། སྲོག་རྩོལ་དང་འཛིན་པ་གཉིས་མཐོང་ལམ། རྗེས་དྲན་སྒོམ་ལམ། ཏིང་ངེ་འཛིན་མི་སློབ་པའི་ལམ་དུ་སྦྱར་བ་ཡིན་ནོ། །དེ་དག་ནི་ཇི་སྐད་དུ་བསྡུས་རྒྱུད་ལས། སོ་སོར་སྡུད་པ་རྒྱལ་བའི་དབང་པོར་འགྱུར་ཞིང་རྣམ་པ་བཅུ་སྟེ་བསམ་གཏན་མི་བསྐྱོད་པ་ཉིད་དོ། །སྲོག་རྩོལ་དག་ཀྱང་རལ་གྲི་ཅན་ནོ་སླར་ཡང་རྣམ་པ་བཅུ་སྟེ་འཛིན་པ་ཕྱག་ན་རིན་ཆེན་ནོ། །གདོལ་པ་མོ་ལ་རྗེས་སུ་དྲན་པ་པདྨ་འཛིན་པར་འགྱུར་ཏེ་དཔལ་ལྡན་ཏིང་འཛིན་འཁོར་ལོ་ཅན། ཞེས་པ་དང་། དེ་དག་གི་འབྲས་བུ་ངོས་འཛིན་པའི་ཚེ་ན། སོ་སོར་སྡུད་པ་རྣལ་འབྱོར་པ་ནི་ཡུལ་དང་རྣམ་པར་བྲལ་བ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་རློབ། །མངོན་པར་ཤེས་པ་ལྔ་ནི་ཐོབ་པར་འགྱུར་ཏེ་མི་ཡི་བདག་པོ་བསམ་གཏན་སྦྱོར་བས་དག་པའོ། །སྲོག་གི་རྩོལ་བས་དག་པ་རི་བོང་ཅན་དང་ཉི་མ་དང་བྲལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད། །བདུད་དང་ཉོན་མོངས་ལ་སོགས་ཉམས་ཤིང་སྟོབས་བཅུ་ལ་ནི་འཇུག་པར་འགྱུར་ཏེ་འཛིན་པའི་སྟོབས་ཀྱིས་སོ། །རྗེས་སུ་དྲན་པ་ལེགས་པར་དག་པ་དྲི་མེད་འོད་ཀྱི་དཀྱིལ་འཁོར་དག་ཀྱང་ཡེ་ཤེས་གཟུགས་ལས་སོ། །དེ་ནས་ཏིང་ངེ་འཛིན་གྱིས་དག་པ་ཉིན་ཞག་འགའ་ཞིག་དག་གིས་ཡེ་ཤེས་ལུས་ནི་འགྲུབ་པར་འགྱུར། །ཞེས་གསུངས་པ་རྣམས་ཀྱི་དོན་ནོ། །གསུམ་པ་མཐོང་བའི་ལམ་སྒོམ་པའི་རིམ་པ་བཤད་པ་ལ། དངོས་དང་། ལུང་དང་སྦྱར་བ་རྣམ་པ་གཉིས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ནས་སྲོག་རྩོལ་སྦྱོར་ལྡན་པས། །མཐོང་ལམ་ལ་ནི་སྦྱོར་བར་བྱེད། །ཅེས་པའོ། །གཉིས་པ་ནི། སྦྱོར་ལམ་རྫོགས་པའི་རྗེས་དེ་ནས། རླུང་དག་པའི་ཕྱིར་དུ། སྲོག་རྩོལ་ལེགས་པར་སྦྱངས་པས། གསུང་གི་དཀྱིལ་འཁོར་གྱི་སྒོ་ཞེས་བྱ་བ་རྩ་འཁོར་ལོ་རྣམས་སུ། །རླུང་རྣམས་ཀྱི་འགྲོ་འོང་ཤིན་ཏུ་སྦྱངས་པ་ལ་བརྟེན་ནས། ཞག་གཅིག་གི་དུས་སྦྱོར་བཅུ་གཉིས་ཀྱི་ཆ་གཅིག་འགོག་པར་ནུས་པ་དེའི་ཚེ། བྱང་ཆུབ་སེམས་ཀྱི་ཐིག་ལེ་ཡང་དེ་ཉིད་དུ། དུང་ཅན་གྱི་མར་སྣར་འཆིང་ནུས་པའི་ཚེ་ན། རྣམ་པར་རྟོག་པ་བརྒྱ་ཕྲག་བཅོ་བརྒྱད་དག་ཅིང་འཇིག་རྟེན་གྱི་ཁམས་བཅུའི་མཐར་ཐུག་པར། རྫུ་འཕྲུལ་དང་མངོན་ཤེས་ལ་དབང་ཐོབ་པ་ནི། ངེས་པར་མཐོང་བའི་ལམ་ཡིན་ནོ། །ཞེས་པའོ། །གཉིས་པ་ལུང་དང་སྦྱར་བ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། རྟག་ཏུ་འཛིན་པའི་སྟོབས་ཀྱིས་ནི། །རྡོ་རྗེ་སེམས་དཔར་ཡང་དག་འཇུག །རླུང་གི་རྣལ་འབྱོར་ཞེས་བྱའོ། །ཞེས་པའོ། །གཉིས་པ་ནི། ཇི་སྐད་བཤད་པ་དེ་དག་དུས་འཁོར་རྩ་རྒྱུད་ལས། རྣལ་འབྱོར་པས་དུས་རྟག་ཏུ་རླུང་གི་སྦྱོར་བ་ལ་བརྟེན་ནས་བྱང་ཆུབ་སེམས་ཀྱི་ཐིག་ལེ་འཛིན་པའི་སྟོབས་ཀྱིས་ནི་གསུང་གི་དཀྱིལ་འཁོར་གྱི་སྒོ་ཏེ། རྩ་འཁོར་ལོ་རྣམས་ཀྱི་ནང་དུ་རྡོ་རྗེ་སེམས་དཔའ་སྟེ། རླུང་སེམས་དབྱེར་མེད་ཀྱི་བདེ་བ་ཆེན་པོ་ཡང་དག་པར་འཇུག་པ་ཡིན་པས། འདི་ལ་རླུང་གི་རྣལ་འབྱོར་ཞེས་བྱའོ། །གསུང་གི་དཀྱིལ་འཁོར་དུ་འཇུག་པ་ཞེས་ཀྱང་བྱ་སྟེ། སྲོག་རྩོལ་དང་འཛིན་པ་བརྟེན་པར་བྱེད་པས་རྩ་རླུང་སེམས་གསུམ་གྱི་ནང་ནས་རླུང་ལས་སུ་རུང་བ་གཙོ་ཆེ་བའི་ཕྱིར་ཞེས་པའོ། །ཚུལ་འདི་དག་ནི་དུས་འཁོར་བསྡུས་རྒྱུད་ལས། དེ་ནི་ཤེས་རབ་ཡེ་ཤེས་སྐད་ཅིག་གལ་ཏེ་ཐིག་ལེའི་ཕྲེང་བ་འཕོ་བ་མེད་པས་བདེ་ནའོ། །དེའི་ཕྱིར་གཡོ་མེད་བདེ་བའི་སྐད་ཅིག་ལྷན་ཅིག་སྐྱེས་པ་འདིར་ནི་ཆོས་ཀྱི་དབྱིངས་ཀྱིས་སྟེར་བྱེད་དེ། །སྲོག་གིས་རོ་ཡི་འགྲོ་བ་རྣམས་ལ་གནས་པ་ཐམས་ཅད་བཀུག་ཅིང་ཉོན་མོངས་བདུད་རྣམས་བཅོམ་བྱས་ནས། །རྫུ་འཕྲུལ་ཀུན་མཁྱེན་ས་དང་སྲིད་གསུམ་བླ་མ་ཉིད་ནི་རྣལ་འབྱོར་རྣམས་ཀྱིས་སྐྱེ་བ་འདི་ལས་ཏེ། །ཞེས་གསུངས་པའི་དོན་ནོ། །འདི་དག་ལ་མདོ་སྡེའི་རྒྱན་ལས། དེ་ནས་དེ་ནི་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་མེད་པ། །རྣམ་པར་མི་རྟོག་དྲི་མ་མེད། །འཛིན་པ་གཉིས་དང་བྲལ་བ་ཐོབ། །དེ་འདིའི་གནས་ཡོངས་གྱུར་པ་སྟེ། །ས་ནི་དང་པོ་ཡིན་པར་འདོད། །ཅེས་གསུངས་པའི་མཐོང་ལམ་གྱི་མཚན་ཉིད་ཀྱང་ཚང་སྟེ། བཟུང་འཛིན་གྱི་རྟོག་པ་གཉིས་དང་བྲལ་ནས། གཉིས་མེད་ཀྱི་ཡེ་ཤེས་ཐུགས་སུ་ཆུད་པའི་མཉམ་བཞག་ཡེ་ཤེས་ཡིན་པའི་ཕྱིར། བཞི་པ་སྒོམ་ལམ་ལ། སྒོམ་ལམ་གྱི་ངོ་བོ་ངོས་བཟུང་བ་དང་། དུས་སྦྱོར་བཅུ་གཉིས་ཀྱི་རླུང་དང་རྟོག་པ་འགགས་པ་ལ་བརྟེན་ནས་ས་བཅུ་གཉིས་ཇི་ལྟར་བགྲོད་པའི་ཚུལ་གཉིས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི། །རྗེས་དྲན་ཡན་ལག་སྦྱང་བྱས་ནས། །ཏིང་འཛིན་ཡེ་ཤེས་སྦྱོར་བ་ནི། །ཕྱོགས་ལས་རྣམ་རྒྱལ་གྱིས་འགྲུབ་སྟེ། །གཞན་དོན་ཚོགས་ཀྱི་སྤྱོད་དང་བཅས། །ཤེས་པའོ། །གཉིས་པ་ནི། དེ་ལྟར་མཐོང་ལམ་རྫོགས་པའི་རྗེས་སུ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པའི་སྤྱོད་པ་ནི། །སྤྲོས་མེད་ཀྱི་སྤྱོད་པ་ཡིན་ལ། སྤྱོད་པ་དེ་དང་དེའི་རྗེས་ཐོབ་ཏུ་ཆོས་ཐམས་ཅད་སྒྱུ་མ་ལྟར་རྟོགས་པའི་སྒོ་ནས་སྤྱོད་པ་ཅི་འདྲ་བས་གནས་པ་དེ་ཐམས་ཅད་ནི། ཤིན་དུ་སྤྲོས་མེད་ཀྱི་སྤྱོད་པ་ཡིན་པས་སྤྱོད་པ་དེ་རྣམས་ཀྱི་སྒོ་ནས་སྲོག་རྩོལ་དང་འཛིན་པའི་སྟོབས་ཀྱིས་དབུ་མར་གནས་པའི་དགའ་བཞི་སོགས་ལ་སངས་རྒྱས་དང་ཆོས་དང་དགེ་འདུན་དང་ལྷ་དང་གཏོང་བ་དང་ཚུལ་ཁྲིམས་དང་རྣམ་པ་དྲུག་གམ་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། དེ་རྣམས་གཞན་དོན་གྱི་ཡན་ལག་ལ་རྗེས་སུ་དྲན་པར་བྱས་ནས་སྦྱང་བ་བྱས་པ་ནི། རྗེས་དྲན་ཏེ། གསང་བ་འདུས་པ་ལས། བྷ་ག་ལ་ནི་ལིང་ག་བཞག །སངས་རྒྱས་གཟུགས་ནི་རབ་ཏུ་སྒོམ། །ཞེས་གསུངས་པ་དང་། དང་པོའི་སངས་རྒྱས་ཀྱི་རྩ་རྒྱུད་ལས། བྷ་གར་ལིང་ག་རབ་བཀོད་ནས། བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པ་ནི་མ་ལུས་ནས། །སངས་རྒྱས་གཟུགས་སུ་སྒོམ་པར་བྱ། །ཞེས་གསུངས་པ་ཚུལ་གྱིས་རྗེས་དྲན་སྒོམ་པའོ། །དེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་སྦྱོར་བ་ལ་བརྟེན་ནས་སྒོམ་པའི་ལམ་འདི་ལ་གནས་པའི་སྤྱོད་པ་ནི། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་ཞེས་རྫུན་རྣམས་ལས་ཐ་སྙད་མཛད་དེ། དེ་ལ་བརྟེན་ནས་བདུད་ལ་སོགས་པའི་གནོད་པ་རྣམས་ཀྱིས་མི་འགྲོགས་པ་འགྲུབ་སྟེ། དེ་ལྟ་བུའི་སྤྱོད་པ་ཐོབ་ནས། གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་འབྲེལ་ཞིང་བསྒྲུབ་པར་ནུས་པས། གཞན་དོན་ཚོགས་ཀྱི་སྤྱོད་པ་ཆེན་པོ་དང་བཅས་པ་ཞེས་ཐ་སྙད་མཛད་པ་ཡིན་ནོ། །ཞེས་པའི་དོན་ཏོ། །ཚུལ་འདི་དག་ནི། རྩ་རྒྱུད་ལས། ཡན་ལག་བཅུ་གཉིས་འགགས་པ་ཡིས། །དུས་སྦྱོར་རྣམས་ནི་མི་འབབ་ཕྱིར། །ས་རྣམས་བཅུ་གཉིས་ཤེས་གྲགས་པ། །ཞེས་གསུངས་པ་དང་། རྩ་རྒྱུད་ཀྱི་ལུང་རང་འགྲེལ་དུ་དྲངས་པ་ལས། ཆུ་སྲིན་ལ་སོགས་ཁྱིམ་རྣམས་སུ། །མ་རིག་ལ་སོགས་འགགས་པ་ཡིན། །སྤྱན་ལྔ་མངོན་ཤེས་དྲུག་འབྱུང་སྟེ། །ས་ནི་བཅུ་གཉིས་ཐོབ་བར་འགྱུར། །ཞེས་གསུངས་པ་དང་། བསྡུས་རྒྱུད་ལས། རྣམ་པ་ཐམས་ཅད་ས་རུ་གྱུར་ཏེ་མི་ཟད་མཆོག་གི་བདེ་བ་གཞོམ་དུ་མེད་པ་ཡེ་ཤེས་སྐུ། །ཡེ་ཤེས་ལས་ནི་རྫུ་འཕྲུལ་དངོས་གྲུབ་ཏུ་འགྱུར་མི་བདག་སྐྱེས་བུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ལའོ། །ཞེས་གསུངས་པ་རྣམས་ཀྱི་དོན་ཡིན་ནོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཀྱང་། རང་གི་མི་མཐུན་པའི་ཕྱོགས་མཐོང་སྤང་ལས་རྣམ་པར་རྒྱལ་བའི་དོན་གྱིས་ན། སེང་གེ་རྣམས་བསྒྱིངས་ཀྱི་ཏིང་ངེ་འཛིན་དང་། མི་མཐུན་ཕྱོགས་སྒོམ་སྤང་ཟིལ་གྱིས་གནོན་པའི་དོན་གྱིས་ན། ཐོད་བརྒལ་གྱི་སྙོམས་འཇུག་གི་རྣམ་བཞག་ཀྱང་གསུངས་ཏེ། དེ་སྐད་དུ་ཡང་། མངོན་རྟོགས་རྒྱན་ལས། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང་། །ལུགས་མི་མཐུན་ལ་རྟོག་པར་བྱེད། །འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོངས་ནས། །འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་བཞག་མིན་པའི་མཚམས་བཟུང་སྟེ། །ཐོད་བརྒལ་དུ་ནི་སྙོམས་འཇུག་པ། །གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་བརྒལ་ནས། །འགོག་པའི་བར་དུ་མི་འདྲར་འགྲོ། །ཞེས་གསུངས་པས་སོ། །འགྲེལ་བར། ལུང་འདི་དག་དྲང་བའི་རྒྱུ་མཚན་ཡང་། ཕར་ཕྱིན་དུ་གསུངས་པའི་ཏིང་ངེ་འཛིན་འདི་དག་གི་མཚན་ཉིད་རྗེས་དྲན་གྱི་སྐབས་ཀྱི་སྒོམ་ལམ་ལ་ཚང་སྟེ། སྐབས་འདིར། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པས་འགྲུབ་པའི་ཕྱིར་སྙམ་དུ་དགོངས་པ་ཡིན་པས། བློ་ཆུང་བ་རྣམས་ཀྱིས་ལུང་མ་འབྱོར་བ་ཉིད་དུ་སེམས་པར་མི་བྱའོ། །གཉིས་པ་ལ། མོས་སྤྱོད་གྱི་ས་ཇི་ལྟར་བགྲོད་པའི་ཚུལ། མཐོང་ལམ་དུས་གཉིས་པ་ཇི་ལྟར་ཐོབ་པའི་ཚུལ། སྒོམ་ལམ་དུ་འཁོར་ལོ་བཞིར་ཇི་ལྟར་རླུང་འགག་པའི་ཚུལ་དང་གསུམ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དང་པོ་བརྒྱ་ཕྲག་བཅོ་བརྒྱད་ཀྱི། །རླུང་དང་རྟོག་པ་ལྷན་ཅིག་དག །དེ་ནི་འཇིག་རྟེན་པ་ཡི་ལམ། །ཞེས་པའོ། །གཉིས་པ་ནི། བསྐྱེད་རིམ་གྱི་ལམ་ཉམས་སུ་ལེན་པ་རྫོགས་པའི་རྗེས་སུ་རྫོགས་རིམ་གྱི་རྣལ་འབྱོར་བསྒོམས་པ་ལ་བརྟེན་ནས། དང་པོར་ལས་རླུང་བརྒྱ་ཕྲག་བཅོ་བརྒྱད་ཀྱི་དུས་སྦྱོར་གཅིག་གི་རླུང་དང་། དེ་དང་ལྷན་ཅིག་ཏུ་རྒྱུ་བའི་རྣམ་རྟོག་སྟོང་བརྒྱད་བརྒྱ་ལྷན་ཅིག་ཏུ་དག་པའི་ལམ་གང་ཡིན་པ་དེ་ནི་འཇིག་རྟེན་པའི་སྦྱོར་ལམ་ཡིན་ཏེ། དེ་ལ་མོས་པས་སྤྱོད་པའི་ས་ཞེས་བྱ་བའི་ཐ་སྙད་གདགས་སོ། །ཞེས་པའོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། གཉིས་པ་ཐིག་ལེ་ལྷན་ཅིག་ཏུ། །གསང་བར་འགགས་པ་མཐོང་བའི་ལམ། །དེ་ཡིས་མ་རིག་སྐྱེ་ཤི་འགག །ཅེས་པའོ། །གཉིས་པ་ནི། དེ་ལྟར་མོས་སྤྱོད་ཀྱི་འོག་ཏུ་སྲོག་རྩོལ་གྱི་སྟོབས་ལ་བརྟེན་ནས་དུས་སྦྱོར་གཉིས་པའི་རླུང་བརྒྱ་ཕྲག་བཅོ་བརྒྱད་དང་། འཛིན་པའི་སྟོབས་ཀྱིས་བརྟན་པའི་ཐིག་ལེ་གཉིས་པོ་ལྷན་ཅིག་ཏུ་གསང་བ་ཡེ་ཤེས་ཀྱི་འཁོར་ལོར་འགགས་པ་གང་ཡིན་པ་དེ་ནི་མཐོང་བའི་ལམ་སྟེ། དེའི་སྟོབས་ཀྱིས་མ་རིག་པ་དང་ལས་ཉོན་གྱི་དབང་གིས་བྱུང་བའི་སྐྱེ་ཤི་ཡང་འགག་པ་ཡིན་ཏེ། ལས་དང་ཉོན་མོངས་རང་བཞིན་མེད་པར་རྟོགས་པའི་ཕྱིར། འདི་ནི་ཇི་སྐད་དུ། རྒྱུད་བླ་མ་ལས། འདི་ཡི་རང་བཞིན་ཇི་བཞིན་ཉིད་རྟོགས་ཏེ། །སྐྱེ་སོགས་ཕོངས་དང་བྲལ་ཡང་དེ་ཡི་རྒྱུས། །བློ་ལྡན་འགྲོ་ལ་སྙིང་རྗེ་བསྐྱེད་ཕྱིར་བསྟེན། །ཞེས་གསུངས་པ་དང་མཐུན་ནོ། །རང་གི་འགྲེལ་བར། སྐྱེ་ཤི་འགགས་པ་འདི་མཐོང་ལམ་ལ་མི་རིགས་ཏེ། སྐྱེ་ཤི་འགགས་ན་ཆོས་ཀྱི་སྐུར་འགྱུར་བའམ་ཇི་ལྟར་ཡང་སྒོམ་ལམ་ཙམ་དུ་འགྱུར་དགོས་དགོངས་ནས་སྒོམ་ལམ་དུ་སྦྱར་བར་མཛད་ཀྱང་འགལ་བའི་སྐྱོན་མེད་དེ། འདིར་སྐྱེ་ཤི་སྤངས་པ་ནི་ལས་ཉོན་གྱིས་རང་དབང་མེད་པར་སྲོག་འགག་པའི་སྐྱེ་ཤི་སྤངས་པ་ལ་དགོངས་པ་ཡིན་ཞིང་། རང་འགྲེལ་དུ། ཟག་མེད་ཀྱི་ལས་ཀྱི་དབང་གིས་བསམ་གྱིས་མི་ཁྱབ་པའི་སྐྱེ་འཆི་མ་སྤངས་པ་ལ་དགོངས་པའི་ཕྱིར། སངས་རྒྱས་ལ་ནི་དེ་མེད་དེ། དེ་ཉིད་ལས། བསམ་མི་ཁྱབ་བསྒྱུར་འཆི་འཕོ་ཡིས། །དེ་ནི་མི་འཆི་བརྟན་པའི་ཕྱིར། །ཞེས་གསུངས་པས་སོ། །གསུམ་པ་སྒོམ་ལམ་དུ་འཁོར་ལོ་བཞིར་རླུང་ཇི་ལྟར་འགག་པའི་ཚུལ་བཤད་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། གསུམ་པར་དེ་ཉིད་དག་པ་སྟེ། །ལྟེ་བར་དེ་བཞིན་བཞི་དང་ལྔ། །དྲུག་དང་བདུན་པ་སྙིང་ག་སྟེ། །བརྒྱད་དང་དགུ་པ་མགྲིན་པ་ལ། །བཅུ་དང་བཅུ་གཅིག་སྤྱི་བོར་བཤད། །ཅེས་པའོ། །གཉིས་པ་ནི། དུས་སྦྱོར་གསུམ་པའི་རླུང་ནི་སྲོག་རྩོལ་དང་འཛིན་པའི་སྟོབས་ཀྱིས་གསང་བའི་གནས་དེ་ཉིད་དུ་དག་པ་སྟེ། གསང་གནས་སུ་དུས་སྦྱོར་གཉིས་ཀྱི་རླུང་དང་ཐིག་ལེ་འགགས་པ་ནི་ས་རབ་ཏུ་དགའ་བ་དང་དྲི་མ་མེད་པའོ། །ལྟེ་བ་སྤྲུལ་པའི་འཁོར་ལོར་དུས་སྦྱོར་བཞི་པ་དང་ལྔ་པའི་རླུང་སྟོང་བརྒྱད་བརྒྱ་ཚན་པ་གཉིས་དང་། རྟོག་པ་སྟོང་བརྒྱད་བརྒྱ་ཚན་པ་གཉིས་ཐིག་ལེ་དང་ལྷན་ཅིག་ཏུ་འགགས་པ་ནི་ས་གསུམ་པ་འོད་བྱེད་པ་དང་བཞི་པ་འོད་འཕྲོ་བ་ཐོབ་པ་ཡིན་ནོ། །དུས་སྦྱོར་དྲུག་པ་དང་བདུན་པའི་རླུང་དང་རྟོག་པ་བརྒྱ་ཕྲག་བཅོ་བརྒྱད་ཚན་པ་གཉིས་སྙིང་ག་ཆོས་ཀྱི་འཁོར་ལོར་འགགས་པ་སྟེ། དེ་གཉིས་ཀྱིས་ཐོབ་པའི་ས་ནི་ལྔ་པ་སྦྱང་དཀའ་བ་དང་དྲུག་པ་མངོན་དུ་གྱུར་པའོ། །དུས་སྦྱོར་བརྒྱད་པ་དང་དགུ་པའི་རླུང་དང་རྟོག་པ་བརྒྱ་ཕྲག་བཅོ་བརྒྱད་ཚན་པ་གཉིས་ཐིག་ལེ་དང་ལྷན་ཅིག་ཏུ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་འགགས་པའི་ས་ནི། བདུན་པ་རིང་དུ་སོང་བ་དང་བརྒྱད་པ་མི་གཡོ་བའོ། །དུས་སྦྱོར་བཅུ་དང་བཅུ་གཅིག་པའི་རླུང་དང་རྟོག་པ་བརྒྱ་ཕྲག་བཅོ་བརྒྱད་ཚན་པ་གཉིས་ཐིག་ལེ་དང་ལྷན་ཅིག་སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་འགགས་པས་ཐོབ་པའི་ས་ནི། དགུ་པ་ལེགས་པའི་བློ་གྲོས་དང་། བཅུ་པ་ཆོས་ཀྱི་སྤྲིན་གཉིས་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པར། །ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ས་ནི་དང་པོ་ཐོབ་འགྱུར་ཏེ། །ཞེས་སོགས་ཡོངས་སྦྱོང་གི་རིམ་པར། །ས་དང་པོ་ནས་གཉིས་པ། དེ་ལས་གོང་ནས་གོང་དུ་འཕར་བའི་རིམ་པ་དང་མཐུན་པར། འདིར་ནི། དུས་སྦྱོར་གྱི་རླུང་དང་རྣམ་པར་རྟོག་པ་འཁོར་ལོ་རྣམས་སུ་འགགས་པས་གོང་ནས་གོང་དུ་འཕར་བའི་རིམ་པས་བཤད་པ་ཡིན་ནོ། །རྒྱུད་འགྲེལ་གྱི་ཚིག་རིས་ལས། འཁོར་ལོ་དྲུག་པོ་རྣམས་སུ་དུས་སྦྱོར་གྱི་རླུང་གཉིས་གཉིས་འགག་པའི་རིམ་པས་ཐོབ་པར་གསུངས་པ་ལྟར་སྣང་ཡང་། མཐར་ཐུག་གི་དགོངས་པ་འདི་ལྟར་ཡིན་པར་བཞེད་དེ། དང་པོར་དུས་སྦྱོར་གཅིག་གི་རླུང་འགོག་ནུས་པ་མོས་སྤྱོད་ཀྱི་ས་བཤད་ནས། དེ་ནས་འཁོར་ལོ་ལྔར་གཉིས་གཉིས་འགག་པ་བྱང་ཆུབ་སེམས་དཔའི་ས་བཅུ་དང་། དེ་ནས་གཙུག་ཏོར་དུ་ལས་རླུང་ཐམས་ཅད་འགགས་ནས་ཡེ་ཤེས་ཀྱི་རླུང་དུ་འགྱུར་བའི་ཚུལ་བཤད་པ་འདི་ནི་རྒྱུད་འགྲེལ་གྱི་དགོངས་པ་ཕུལ་དུ་ཕྱིན་པར་གོ །གཞན་རྒྱུད་འགྲེལ་ལ་ཉན་བཤད་ཕུལ་དུ་ཕྱིན་པར་འདོད་པ་དག་གིས་ཀྱང་། ས་ལམ་གྱི་ཚུལ་འདི་ལྟ་བུ་ནི་བསྐལ་པར་བསམས་ཀྱང་ཁོང་དུ་ཆུད་པར་དཀའོ། །དེ་ལྟ་བུའི་ས་ལམ་བགྲོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ནི་གོང་དུ་མདོ་ཙམ་སྨོས་པ་དང་། གཞན་ཡང་གསང་བ་འདུས་པའི་རྒྱུད་འགྲེལ་མན་ངག་དང་བཅས་པ་རྣམས་ལ་གྲགས་པའི་སྤྲོས་བཅས་དང་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ལ་སོགས་པའི་སྤྱོད་པའི་རྣམ་བཞག་མཛད། དུས་འཁོར་ལས་ཀྱང་། ཇི་སྐད་བཤད་པའི་སྤྱོད་པ་དེ་དག་ཞལ་གྱིས་བཞེས་ཤིང་། དེ་ལས་ཀྱང་། ལས་དང་པོ་པའི་སྤྱོད་པ་དང་། མཚན་མ་ཐོབ་པ་རྣལ་འབྱོར་པའི་སྤྱོད་པ་དང་། གྲུབ་པ་ཐོབ་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། དེ་བཞིན་གཤེགས་པའི་སྤྱོད་པ་སྟེ་བཞིར་ཡང་བཤད་དེ། དེ་སྐད་དུ་ཡང་འགྲེལ་ཆེན་ལས། དེའི་ཕྱིར་ལས་དང་པོ་པས་རྣལ་འབྱོར་པའི་བྱ་བ་མི་བྱའོ། །རྣལ་འབྱོར་པས་གྲུབ་པའི་བྱ་བ་མི་བྱའོ། །གྲུབ་པ་ཡིས་ཐམས་ཅད་མཁྱེན་པའི་བྱ་བ་མི་བྱའོ། །ཞེས་གསུངས་པས་སོ། །ཇི་སྐད་བཤད་པས་ཐོབ་པའི་ས་དེ་དག་གི་ཡོན་ཏན་ནི། བྱང་ཆུབ་སེམས་དཔའ་ས་དང་པོ་ལ་གནས་པའི་མངོན་ཤེས་ཀྱིས་འཇིག་རྟེན་གྱི་ཁམས་གཅིག་གི་མཐར་ཐུག་པར་མཐོང་བ་དང་། ས་གཉིས་པ་བས་གཉིས་ཀྱི་དང་། གསུམ་པ་བས་བཞིའི་དང་། བཞི་པ་བས་བརྒྱད་ཀྱི་དང་། ལྔ་པ་བས་བཅུ་དྲུག་གི་དང་། །དྲུག་པ་བས་སུམ་ཅུ་རྩ་གཉིས་ཀྱི་དང་། །བདུན་པ་བས་དྲུག་ཅུ་རྩ་བཞིའི་དང་། །བརྒྱད་པ་བས་བརྒྱ་ཉི་ཤུ་རྩ་བརྒྱད་ཀྱི་དང་། །དགུ་པ་བས་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་གི་དང་། །བཅུ་པ་བས་ལྔ་བརྒྱ་བཅུ་གཉིས་ཀྱི་དང་། །བཅུ་གཅིག་པས་སྟོང་ཕྲག་གཅིག་དང་ཉི་ཤུ་རྩ་བཞིའི་མཐར་ཐུག་པའི་འཇིག་རྟེན་གྱི་ཁམས་ཀྱི་མཐར་ཐུག་པ་མཐོང་བར། དུས་འཁོར་འགྲེལ་ཆེན་ལས་བཤད་དོ། །ལྔ་པ་མི་སློབ་པའི་ས་ལ། ངོ་བོ་ངོས་བཟུང་བ། སྦྱང་གཞི་དུས་ཀྱི་ཁྱད་པར་བསྟན་པ། མཐར་ཐུག་ཇི་ལྟར་ཐོབ་པའི་ཚུལ་བཤད་པ་དང་གསུམ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ནས་གཙུག་ཏོར་རླུང་འགགས་པས། དེ་ཚེ་སངས་རྒྱས་ཐོབ་པར་གསུངས། །ཤེས་པའོ། །གཉིས་པ་ནི། དེ་ལྟར་ས་བཅུ་པའི་རྗེས་དེ་ནས། གཙུག་ཏོར་གྱི་འཁོར་ལོའི་དབུས་སུ་དུས་སྦྱོར་གཅིག་གི་རླུང་དང་རྟོག་པ་བརྒྱ་ཕྲག་བཅོ་བརྒྱད་ལྷན་ཅིག་ཏུ་འགགས་པས། རླུང་ཐམས་ཅད་ཡེ་ཤེས་ཀྱི་རླུང་དང་ཐིག་ལེ་ཐམས་ཅད་ཡེ་ཤེས་ཀྱི་ཐིག་ལེ་དང་རྩ་ཐམས་ཅད་ཡེ་ཤེས་ཀྱི་རྩར་འགྱུར་བ་དེའི་ཚེ་ན་སངས་རྒྱས་ཐོབ་པ་ཡིན་པར་སྤྱིར་རྒྱུད་སྡེ་མཐའ་དག་དང་ཁྱད་པར་དུ་དུས་ཀྱི་འཁོར་ལོའི་རྒྱུད་ལས་རྒྱས་པར་གསུངས། ཤེས་པའི་དོན་ཏོ། །དེ་ལྟ་བུའི་སངས་རྒྱས་ཐོབ་པའི་སྐད་ཅིག་སྔ་མའི་ས་དེ་ལ་སངས་རྒྱས་ཀྱི་ས་ཞེས་བྱ་བའི་ཐ་སྙད་འདོགས་ཤིང་། དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་དེ་ལ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཙུག་ཏོར་དང་ཕྱག་ཞབས་ཀྱི་འཁོར་ལོ་ལ་སོགས་པ་མཚན་སུམ་ཅུ་རྩ་གཉིས་དང་། གཞན་ཡང་སྐུའི་ཆ་ཤས་རྣམས་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ནས། བྱང་ཆུབ་སེམས་དཔའ་དེའི་གཙུག་ཏོར་ལ་སོགས་པའི་གནས་ཉི་ཤུ་རྣམས་ལ་ཕོག་ཏེ། དེས་རང་གི་སྙིང་གར་ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་དངོས་སུ་མཐོང་བ་དང་། དེ་ལ་སངས་རྒྱས་རྣམས་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་བའི་དབང་བཅུ་གཅིག་པ་མཐར་ཕྱིན་པའི་བར་དུ་བསྐུར་ནས། ཚེ་ལ་དབང་བ་ལ་སོགས་པ་དབང་བཅུ་ཐོབ་པར་གསུངས་ཏེ། དེ་སྐད་དུ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་བ་ལྟར། །ཞེས་དཔེ་བཤད་པའི་དོན་གྱིས་གོའོ། །དེའི་ཚེ་ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་འགྱུར་བ་ཡིན་ནོ། །དེ་དག་ནི། རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཐོག་མ་མེད་པ་སྤྲོས་མེད་བདག །ཅེས་གསུངས་པའི་དོན་ནོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། རྟེན་འབྲེལ་བཅུ་གཉིས་འགགས་པ་དང་། །མས་བརྟན་དགའ་བ་བཅུ་དྲུག་ཡིན། །སྟོང་དང་སྙིང་རྗེ་དབྱེར་མེད་འགྲུབ། །ལོ་གསུམ་ཟླ་ཕྱེད་གསུམ་དག་པས། །ཡེ་ཤེས་སྐུ་ཉིད་འགྲུབ་པ་ཉིད། །ཅེས་སོ། །གཉིས་པ་ནི། དེ་ལྟར་གཙུག་ཏོར་གྱི་རླུང་འགགས་ནས། མ་རིག་པ་ནས་རྒ་ཤིའི་བར་གྱི་རྟེན་འབྲེལ་བཅུ་གཉིས་འགགས་པ་དང་། མས་བསྟན་པའི་དགའ་བ་བཅུ་དྲུག་སྟེ། དགའ་བ་མཆོག་དགའ་དགའ་བྲལ་ལྷན་ཅིག་སྐྱེས་པའི་དགའ་བ་བཞི་ལ་ལུས་ངག་སེམས་དང་ཡེ་ཤེས་ཀྱི་དགའ་བ་སོགས་བཞི་བཞིར་ཕྱེ་བས་ལུགས་བཟློག་གི་དགའ་བ་བཅུ་དྲུག་མཐར་ཕྱིན་པ་དང་། ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་བར་སྟོང་པ་ཉིད་བཅུ་དྲུག་དང་། སྙིང་རྗེ་ཆེན་པོ་བཅུ་དྲུག་མཐར་ཕྱིན་པར་འགྱུར་ཏེ། །འདི་རྣམས་རྣམ་པར་དག་པའི་རིམ་པ་ལ། དང་པོ་ཕུང་པོ་ལྔ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། །ཆེན་པོ་སྟོང་པ་ཉིད་ལྔ་དང་། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལྔ་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། །འདུས་མ་བྱས་སྟོང་པ་ཉིད་དང་། །མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལྔ་དང་། ས་ལ་སོགས་པའི་ཁམས་ལྔ་དང་། ཆོས་ལ་དམིགས་པའི་སྙིང་རྗེ་ལྔ་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་ལྔ་དང་། སྐྱེ་མཆེད་ལྔ་དང་། དམིགས་པ་མེད་པའི་སྙིང་རྗེ་ལྔ་དང་བཅོ་ལྔ། སྟོང་པ་ཉིད་བཅུ་དྲུག་པ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། ཁམས་ཐམས་ཅད་ལ་ཁྱབ་པའི་ཡེ་ཤེས་ཀྱི་ཁམས་དང་། སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོ་སྟེ། འདི་རྣམས་འཁྲུལ་པའི་སྣང་བ་དག་ནས་ཡེ་ཤེས་ཀྱི་སྣང་བ་གཅིག་གི་ངོ་བོར་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་སྐུར་འགྲུབ་པའི་དེའི་ཚེ་ན་ལོ་གསུམ་དང་ཟླ་བ་ཁྱེད་དང་གཉིས་ཀྱི་བདག་ཉིད་དུ་གྱུར་པའི་ཡེ་ཤེས་ཀྱི་རླུང་གི་ཆ་ཡི་རང་བཞིན་དུ་མཐར་ཕྱིན་པར་གྱུར་པ་ཡིན་ནོ། །དུས་ཀྱི་ཁྱད་པར་ཡང་། བརྩོན་པ་དང་ལྡན་པའི་རྣལ་འབྱོར་པས་ལམ་གྱི་གནད་ཕྱིན་ཅི་མ་ལོག་པར་བསྒྲུབས་ན། ལོ་གསུམ་དང་ཟླ་བ་ཕྱེད་དང་གཉིས་ཀྱི་མཐར་ངེས་པར་འགྲུབ་པ་ནི་དུས་འཁོར་རྒྱུད་འགྲེལ་ལས་གསུངས་པའི་ངེས་པའོ། །དགྱེས་རྡོར་ལས། འདི་རྣམས་ཀྱི་དག་པ་ཕྱག་བཅུ་དྲུག་ལ་སྦྱོར་བར་མཛད་དོ། །དེ་ལ་སངས་རྒྱས་ཀྱི་ཡོན་ཏན་ནི། མཚན་དང་དཔེ་བྱད་ལ་སོགས་པ་དཔག་ཏུ་མེད་ཀྱང་གོང་དུ་སྨོས་པ་དང་རྒྱས་པར་གཞན་ལས་རྟོགས་བར་བྱ་ཞིང་། ཅུང་ཟད་སྨོས་པ་ནི། རྒྱུད་འགྲེལ་ལས། དེ་ནས་སྟོང་ཆེན་པོ་ཞེས་བྱ་བ་ཆེན་པོར་བགྲང་བར་བྱ་བའི་འཇིག་རྟེན་གྱི་ཁམས་རྣམས་ཏེ། དེ་རྣམས་སུ་མ་མཐོང་བའི་དོན་ཡང་དག་པར་མཐོང་བར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་བཅུ་གཉིས་པ་ཐོབ་པ་ལས་འགྱུར་གྱི། འདོད་ཆགས་དང་བྲལ་བ་རྣམས་ཀྱི་ནི་མ་ཡིན་ནོ། །ཞེས་གསུངས་པ་དང་། མི་འགྱུར་བའི་སྐད་ཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྣམས་ཀྱིས་ས་བཅུ་གཉིས་ཐོབ་ཏེ། ཡན་ལག་བཅུ་གཉིས་འགགས་པ་ཇི་སྲིད་པར་རོ། །དུས་སྦྱོར་བཅུ་གཉིས་འགགས་པས་ཟླ་བ་བཅུ་གཉིས་འགག་གོ། །ཟླ་བ་བཅུ་གཉིས་འགགས་པས་ཉིན་ཞག་སུམ་བརྒྱ་དྲུག་བཅུ་འགག་གོ །ཞེས་སོགས་གསུངས་པ་ལས་ཤེས་པར་བྱའོ། །ས་དང་ཡོན་ཏན་གྱི་ཚུལ་འདི་དང་། མདོ་སྡེ་ས་བཅུ་པ་ལས། ས་དང་པོ་ལ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་དང་། མངོན་པ་ལས། ཡོན་ཏན་འདི་དག་ལས་གཞན་དུ་བཤད་པ་རྣམས་དང་། བཤད་ཚུལ་ཅུང་ཟད་མི་མཐུན་ཀྱང་། མདོ་རྒྱུད་ཀྱི་ཁྱད་པར་ཡིན་པས་འགལ་བ་ཉིད་དུ་སེམས་པར་མི་བྱའོ། །འདིར་བོད་ཀྱི་མཁས་པ་དག་ཕལ་ཆེར་དུས་སྦྱོར་བཅུ་གཉིས་ཀྱི་རླུང་དང་རྟོག་པ་འགགས་ནས་སངས་རྒྱས་པར་གསུངས་པ་མཐོང་ལམ་ཐོབ་པ་ཙམ་ལ་དགོངས་པར་བཞེད་ཀྱང་། རྒྱུད་འགྲེལ་གྱི་དངོས་བསྟན་དང་། ཆོས་རྗེ་བའི་བཞེད་པ་ནི་སྒྲ་ཇི་ལྟ་བ་བཞིན་ཡིན་ནོ། །གསུམ་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཡེ་ཤེས་རིམ་པ་ཐམས་ཅད་ཀྱང་། །སྔ་མའི་སྦྱང་གཞི་དང་མཚུངས་ཐོབ། །ཅེས་པའོ། །གཉིས་པ་ནི། དེ་ལ་འབྲས་བུ་ཡེ་ཤེས་ཀྱི་རིམ་པ་ཐམས་ཅད་ཀྱང་སྔར་ཇི་སྐད་བཤད་པའི་ཕུང་པོ་ལྔ་དང་། རྣམ་པར་ཤེས་པའི་ཚོགས་ལ་སོགས་པ་སྦྱང་གཞི་དང་མཚུངས་པར་ཐོབ་པ་ཡིན་ཏེ། གཟུགས་ཕུང་དག་པས་མེ་ལོང་ལྟ་བུའི་ཡེ་ཤེས། ཚོར་བའི་ཕུང་པོ་དག་པས་མཉམ་ཉིད་ཡེ་ཤེས། འདུ་ཤེས་ཀྱི་ཕུང་པོ་དག་པས་སོར་རྟོག་ཡེ་ཤེས། །འདུ་བྱེད་ཀྱི་ཕུང་པོ་དག་པས་བྱ་གྲུབ་ཡེ་ཤེས། རྣམ་ཤེས་ཀྱི་ཕུང་པོ་དག་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་འགྱུར་པ་ལ་སོགས་པའི་རྣམ་བཞག་གིས་གྲུབ་པའི་ཕྱིར་ཞེས་པའོ། །ཚུལ་འདི་དག་ནི་དུས་འཁོར་རྩ་རྒྱུད་ལས། །སྟོང་པ་ལས་ནི་དངོས་པོའི་ཚོགས། །བཏགས་པའི་གཟུགས་སྤངས་བེམས་པོ་མིན། །འདི་ནི་མཐོང་སྟེ་མེ་ལོང་ལ། །ཕྲ་ཕབ་གཞོན་ནུ་མ་ཡིས་བཞིན། །ཞེས་དང་། དངོས་ཀུན་མཉམ་པ་ཉིད་གྱུར་ན། །དངོས་པོ་གཅིག་ཏུ་མི་འགྱུར་གནས། །མི་འགྱུར་ཡེ་ཤེས་ལས་བྱུང་བ། །ཆད་པ་མ་ཡིན་རྟག་པའང་མིན། །ཞེས་དང་། མིང་གི་བདག་ཉིད་ཡི་གེ་ཀུན། །ཨ་ཡིག་རིགས་ལས་ཡང་དག་བྱུང་། །མི་འགྱུར་ཆེན་པོའི་གནས་ཐོབ་པ། །མིང་མེད་མིང་ཅན་དག་ཀྱང་མེད། །ཅེས་དང་། སྐྱེས་པ་མ་ཡིན་པ་ཡི་ཆོས། །འདུ་བྱེད་བྲལ་བ་རྣམས་ལ་ཡང་། །སངས་རྒྱས་ཉིད་མེད་བྱང་ཆུབ་མེད། །སེམས་ཅན་མེད་ཅིང་སྲོག་ཉིད་མེད། །ཅེས་དང་། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་དག་པ་གོས་པ་མེད། །རང་བཞིན་འོད་གསལ་ཆོས་རྣམས་ནི། །ཆོས་ཀྱི་དབྱིངས་ཀྱི་བགྲོད་པར་གནས། །ཤེས་གསུངས་པའི་ཕྱིར་དང་། གོང་དུ། ཡིད་ནི་མི་གཡོ་མཉམ་ཉིད་དེ། །ཀུན་རྟོག་དག་པ་སོ་སོར་རྟོག །ཅེས་པའི་སྐབས་སུ་བརྗོད་ཟིན་པ་དང་། གཞན་ཡང་གཞི་དུས་ཀྱི་ཕུང་ཁམས་སྐྱེ་མཆེད་རྣམས། འབྲས་བུ་གྲུབ་པ་ན། ཞུ་བ་པོ་དང་། སྟོན་པ་པོ་སོ་སོའི་སྐུར་བཞེངས་པའི་ཚུལ་རྒྱུད་སྡེ་དཔག་ཏུ་མེད་པ་ལས་གསུངས་པའི་རྣམ་བཞག་རྒྱས་པར་གསུངས་པ་ལས་རྟོགས་པར་བྱའོ། །གསུམ་པ་དོན་བསྡུ་བ་ནི། རྩ་རླུང་ཐིག་ལེ་རྣམ་གསུམ་གྱི། །སྦྱོར་དྲུག་མཐར་ཕྱིན་འབྲས་བུ་ཡིན། །དབྱེ་བ་དཔག་མེད་འདིར་མ་བརྗོད། །ཅེས་པ་སྟེ། དོན་ནི། སྔར་ཇི་སྐད་བཤད་པའི་རྩ་དང་། རླུང་དང་། ཐིག་ལེ་ཐམས་ཅད་སྦྱོར་བ་ཡན་ལག་དྲུག་གི་རང་བཞིན་དུ་འདུས་ཏེ། རྩ་ཐམས་ཅད་ནི་སོར་སྡུད་དང་བསམ་གཏན་གཉིས་ཀྱི་ཡན་ལག་ཡིན་ཏེ་སྐུ་རྡོ་རྗེའི་ངོ་བོ་དང་། རླུང་ནི་སྲོག་རྩོལ་དང་འཛིན་པའི་རང་བཞིན་ཡིན་ཏེ། གསུང་རྡོ་རྗེའི་ངོ་བོ་དང་། ཐིག་ལེ་བྱང་ཆུབ་ཀྱི་སེམས་ནི་རྗེས་དྲན་གྱི་ཡན་ལག་ཡིན་ཏེ་ཐུགས་རྡོ་རྗེའི་རང་བཞིན་དུ་འདུས་པ་དེའི་ཕྱིར། སྦྱོར་བ་ཡན་ལག་དྲུག་མཐར་ཕྱིན་པའི་འབྲས་བུ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཡིན་པས། ཚུལ་འདི་དག་ནི་རྒྱུད་འགྲེལ་རྣམས་ལས་གསུངས་པའི་དབྱེ་བ་དཔག་ཏུ་མེད་ཀྱང་། འདིར་ནི་མདོར་བསྡུས་པ་ཙམ་ཞིག་བརྗོད་པ་ཡིན་གྱི། རྒྱས་པར་ནི་འདིར་མ་བརྗོད་དོ། །ཞེས་པའོ། །ཚུལ་འདི་དག་ནི། མཚན་མ་དང་བཅས་པ་རྣམས་འཕགས་པ་འཇིག་རྟེན་དབང་ཕྱུག་གིས་འགྲེལ་ཆེན་དུ། མཚན་མ་ཡང་རྣམ་པ་གསུམ་སྟེ། དང་པོའི་མཚན་མ་དང་། བར་མའི་མཚན་མ་དང་། ཐ་མའི་མཚན་མའོ། །དང་པོའི་མཚན་མ་ནི་དུ་བ་ལ་སོགས་པའི་ལམ་དང་། སྦྱོར་བ་ཡན་ལག་དྲུག་གིས་སྐུ་རྫོགས་པའི་འགྱུར་བ་མེད་པ་སྐད་ཅིག་ཐོབ་པའོ། །བར་མའི་མཚན་མ་ནི་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་ས་དང་པོ་ཐོབ་པ་དང་། མངོན་པར་ཤེས་པ་ལྔ་དང་། མ་མཐོང་བའི་དོན་ཡང་དག་པར་མཐོང་བ་དང་། འཇིག་རྟེན་པའི་དངོས་གྲུབ་ཐོབ་པའོ། །ཐ་མའི་མཚན་མ་ནི་སངས་རྒྱས་ཉིད་དང་རྡོ་རྗེ་འཆང་ཉིད་དེ། མཆོག་ཏུ་མི་འགྱུར་བའི་སྐད་ཅིག་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གིས་ས་བཅུ་གཉིས་པ་ཐོབ་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའོ། །ཞེས་སོགས་གསུངས་པས། དེ་དག་གི་དོན་ཡིན་ཞིང་། སྦྱོར་བ་ཡན་ལག་དྲུག་གི་གོ་དོན་ནི། གོང་དུ་སྨོས་ཤིང་། རྒྱས་པར་ནི་རྒྱུད་འགྲེལ་དང་ཁྲིད་ཀྱི་དམིགས་རིམ་ལས་ཤེས་སོ། །གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་གི་དོན་སྣང་བར་བྱེད་པ་ལས་ལམ་གྱི་རིམ་པ་དང་སྦྱར་བ་སྟེ་བཅུ་པའོ། །ཞེས་སོ། །ཐུན་མོང་ལམ་ལས་སྔགས་ལམ་འཕགས་པའི་ཚུལ། །རྒྱུད་སྡེ་སོ་སོའི་འབྲས་བུ་ཐོབ་པའི་དུས། །ལམ་མཆོག་གནད་དུ་བསྣུན་པའི་རིམ་པ་དང་། །སྦྱོར་དྲུག་མཐར་ཕྱིན་འབྲས་བུ་ལེགས་པར་བཤད། །ཅེས་པ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པའི་བསྟན་བཅོས་ཀྱི་ཚིག་དོན་གསལ་བར་བྱེད་པའི་ལེགས་བཤད་ནོར་བུ་རིན་པོ་ཆེའི་ཕྲེང་བ་ལས། ལམ་གྱི་རིམ་པ་དང་སྦྱར་བ་རྣམ་པར་བཤད་པ་སྟེ་བཅུ་པའོ།། ༈ །།བཅུ་གཅིག་པ་རྩ་རླུང་ཐིག་ལེ་གསུམ་སྡུད་པའི་རིམ་པ་བཤད་པ་ལ། དངོས་དང་། ལེའུའི་མཚན་བསྟན་པ་གཉིས། དང་པོ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བ་དང་གསུམ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ནས་རྩ་རླུང་ཐིག་ལེ་རྣམས། །སྡུད་པའི་རིམ་པ་གསལ་བཤད་བྱ། །ཞེས་པའོ། །གཉིས་པ་ནི། དེ་ལྟར་རྩ་རླུང་ཐིག་ལེ་སྦྱང་གཞི་དང་སྦྱོང་བྱེད་ཀྱི་རིམ་པ་རྣམས་བཤད་ཟིན་པའི་རྗེས་དེ་ནས་ཐ་མལ་རྡོ་རྗེའི་ལུས་ལ་རྩ་དང་རླུང་དང་ཐིག་ལེ་རྣམས་རིམ་གྱིས་འགག་ཅིང་སྡུད་པའི་རིམ་པ་ཡང་བཤད་པར་བྱའོ། །ཞེས་པའི་དོན་ནོ། །འདི་དག་ནི་རྫོགས་པའི་རིམ་པ་དང་ཆོས་མཐུན་པས་རྫོགས་རིམ་གྱི་སྦྱང་གཞི་ཡིན་ཞིང་། ལུས་ཅན་རྣམས་ཀྱི་འཆི་བའི་བལྟས་ཀྱི་རིམ་པ་རྣམས་འཆད་པའི་དོན་ལུས་རྫོགས་པ་ཉིད་ནས་སྐྱེ་འཇིག་གནས་གསུམ་གྱི་རིམ་པ་རྣམས། མི་རྟག་པ་སྒྱུ་མ་ལྟ་བུའི་རང་བཞིན་དུ་ཁོང་དུ་ཆུད་པར་བྱ་བ་ནི། རྒྱུད་རྣམས་ལས་འདི་ལྟ་བུའི་ཚུལ་རྒྱས་པར་གསུངས་པའི་དགོས་པའོ། །དེ་ཡང་འཆི་བ་ཞེས་བྱ་བའི་ངོ་བོ་ནི། ཁམས་གསུམ་པོའི་གནས་སུ་རིས་མཐུན་གྱི་ལུས་འདོར་ཞིང་། ལུས་སེམས་ཐ་དད་དུ་བྲལ་བ་ལ་འཆི་བ་ཞེས་བྱ་བའི་ཐ་སྙད་བཏགས་སོ། །དེ་ལ་སྲོག་འདོར་བའི་ཐ་སྙད་ཀྱང་བཏགས་ཏེ། སྲོག་གི་ངོ་བོ་ནི། མངོན་པ་མཛོད་ལས། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་པ་དང་། ཀུན་ལས་བཏུས་ལས། སྲོག་གི་དབང་པོ་གང་ཞེ་ན། རིས་མཐུན་པར་སྔོན་གྱི་ལས་ཀྱིས་འཕངས་པའི་གནས་པའི་དུས་ངེས་པ་ལ། ཚེ་ཞེས་གདགས་སོ། །ཞེས་གསུངས་པས། སྲོག་ཅེས་བྱ་བ་ནི། ལུས་ཀྱི་དྲོད་དང་རྣམ་ཤེས་ཀྱི་རྟེན་བྱེད་ཅིང་། དེའི་གནད་བཅད་ནས་འགགས་ཏེ་ཕུང་པོ་རྙིང་པ་འདོར་བ་དེའི་ཚེ་ན། འཆི་བ་ཞེས་བྱ་བའི་ཐ་སྙད་ཀྱང་འདོགས་ལ། དེའང་འཆི་བ་རང་བཞིན་མེད་པར་རྟོགས་པའི་རྣལ་འབྱོར་པ་རྣམས་ལ་ནི་འཆི་བ་ཞེས་བྱ་བ་ཐ་སྙད་དུ་བཏགས་པ་ཙམ་ཡིན་གྱི། དོན་ལ་འཆི་བ་གྲུབ་པ་མེད་པར་ཡང་བཤད་དེ། དེ་སྐད་དུ་ཡང་། རྣལ་འབྱོར་མ་ཀུན་དུ་སྤྱོད་པའི་རྒྱུད་ལས། རྣལ་འབྱོར་བ་ནི་འཕོ་བའི་ཚེ། །དཔལ་ལྡན་ཧེ་རུ་ཀ་ལ་སོགས། །དཔའ་བོ་དག་ནི་ཐམས་ཅད་དང་། །རྣལ་འབྱོར་མ་ནི་ཇི་སྙེད་པ། །ལག་ན་སྣ་ཚོགས་མེ་ཏོག་བསྣམས། །བ་དན་རྒྱལ་མཚན་སྣ་ཚོགས་དང་། །རོལ་མོའི་སྒྲ་ནི་སྣ་ཚོགས་དང་། །སྣ་ཚོགས་གླུས་ནི་ཉེ་བར་མཆོད། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་ལ་སྤྱོད་པའི་གནས་སུ་ཁྱེར། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་རྒྱས་པར་བཤད་པ་ལ། སེམས་ལ་དབང་ཐོབ་པའི་རྣལ་འབྱོར་པ་ལ་རང་དབང་མེད་པར་སྲོག་འགག་པའི་འཆི་བ་མེད་པར་བསྟན་པ་དང་། ཐ་མལ་རྡོ་རྗེའི་ལུས་ལ་རྩ་རླུང་ཐིག་ལེ་གསུམ་སྡུད་པའི་རིམ་པ་བཤད་པ་གཉིས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཡེ་ཤེས་རྣལ་འབྱོར་གྲུབ་པ་ནི། །ངེས་མེད་སེམས་ལ་དབང་ཐོབ་ཕྱིར། །ཞེས་པའོ། །གཉིས་པ་ནི། རང་གི་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བའི་ཡེ་ཤེས་ཀྱི་རྣལ་འབྱོར་གྲུབ་པ་ནི། བསམས་བཞིན་དུ་སྲིད་པར་སྐྱེ་བ་ལེན་པའི་མཐུ་ཐོགས་པ་མེད་པ་ཡིན་པས། བསམ་གཏན་དང་ཏིང་ངེ་འཛིན་གྱི་སྟོབས་དང་། འཆི་བ་མེད་པའི་རྫས་ལ་སོགས་པ་བསྒྲུབས་པའི་སྟོབས་ཀྱིས་བསྐལ་པ་ནས་བསྐལ་པའི་བར་དུ་རང་ཉིད་ཇི་ལྟར་འདོད་པ་བཞིན་དུ་ཚེ་གནས་པར་ནུས་པས། དེ་དག་གི་འཆི་བའི་ཚེ་ལ་ནི་ངེས་པ་མེད་དེ། སེམས་ལ་རང་དབང་ཐོབ་པའི་ཕྱིར། དཔེར་ན། རྣལ་འབྱོར་གྱི་དབང་ཕྱུག་ཏཻ་ལོ་པ་དང་། བི་པ་ལྟ་བུའོ། །ཞེས་པའི་དོན་ཡིན་ནོ། །གཉིས་པ་ལ། རྩ་སྡུད་པའི་ཚུལ་བཤད་པ། རླུང་གི་འཆི་བལྟས་བསྟན་པ། ཐིག་ལེ་འགག་པའི་ཚུལ་བསྟན་པ། ཞར་ལ་གང་ནས་གང་དུ་འཕོ་བའི་ངེས་པ་བཤད་པ་དང་བཞི། དང་པོ་ལ། རྩ་ཕལ་པ་སྡུད་པའི་ཚུལ་བཤད་པ། འཁོར་ལོ་བཅོ་བརྒྱད་སྡུད་པའི་ཚུལ་བཤད་པ། རྩ་ཉི་ཤུ་རྩ་བཞི་སྡུད་པའི་རིམ་པ་བཤད་པ་དང་གསུམ་ལས། དང་པོ་ལ། རྩ་སྡུད་པའི་ཚུལ་རགས་པ་བཤད་པ་དང་། སྡུད་ཚུལ་ཕྲ་མོ་བཤད་པ་གཉིས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཐ་མལ་རྡོ་རྗེའི་ལུས་འདི་ལ། །སྐྱེས་ནས་ལོ་གཅིག་བར་དུ་ནི། །ཐམས་ཅད་བསྐྱེད་པར་བྱེད་པ་སྟེ། །དེ་ནས་ཞག་རེ་རྩ་གཉིས་གཉིས། །ནུས་པ་སྐམ་པར་བཤད་པ་ཡིན། །ལོ་བརྒྱ་སྟོང་ཕྲག་བདུན་ཅུ་གཉིས། །སྡུད་པ་རགས་པའི་རིམ་པའོ། །ཞེས་སོ། །གཉིས་པ་ནི། ཐ་མལ་པ་ཁམས་དྲུག་ལྡན་གྱི་སྐྱེས་བུའི་རྡོ་རྗེའི་ལུས་འདི་ལ། མངལ་དུ་བདུན་ཕྲག་བཞི་རྫོགས་ནས། ཞག་ཉི་ཤུ་རྩ་དགུ་ན། འཁྲང་འགྱུར་གྱི་ཞག་དང་པོ་ལ་རང་སོར་ཕྱེད་དང་བཅུ་གསུམ་གྱི་ཚད་དང་ལྡན་པའི་དབུ་མ་སྲོག་གི་རླུང་དང་བཅས་པ་སྐྱེས་པ་ནས་བཟུང་སྟེ། བཙས་ནས་ཟླ་བ་གསུམ་པ་ཚུན་ཆོད་དེ། ལོ་གཅིག་གི་བར་དུ་ཞག་རེ་རྩ་ཉིས་བརྒྱ་ཉིས་བརྒྱ་ཆགས་པས། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་ཐམས་ཅད་བསྐྱེད་པར་བྱེད་པ་ཡིན་ཏེ། དེ་ཡན་ཆད་དུ་རྩ་རླུང་ཐིག་ལེ་བྱང་ཆུབ་ཀྱི་སེམས་ཡོངས་སུ་མ་རྫོགས་པའི་ཕྱིར། དེའི་རྗེས་དེ་ནས་ཟླ་བ་བཞི་པའི་ཞག་དང་པོ་ནས་བཟུང་སྟེ་ཞག་རེ་རེ་བཞིན་དུ་རྩ་གཉིས་གཉིས་ཀྱི་ནུས་པ་སྐམ་པར་དུས་ཀྱི་འཁོར་ལོ་ལས་བཤད་པ་ཡིན་པས། ལོ་བརྒྱ་རྫོགས་པ་ན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱང་རྫོགས་པར་སྡུད་པའི་ཚུལ་དེ་ནི་རགས་པའི་རིམ་པ་ཡིན་ནོ། །ཇི་སྐད་བཤད་པའི་སྐྱེས་ནས་ཤེས་བྱ་བ་ནི་གོང་དུ་ལུས་འགྲུབ་ཚུལ་གྱི་སྐབས་སུ། འཁྲང་འགྱུར་ཞག་ནི་དང་པོ་ནས། །རང་སོར་ཕྱེད་དང་བཅུ་གསུམ་གྱི། །ཚད་ལྡན་དབུ་མ་སྲོག་རླུང་བཅས། །ཤེས་པ་ནས་བཟུང་སྟེ། མངལ་དུ་སྟོང་ཕྲག་ལྔ་བཅུ་བཞི། །སྐྱེས་ནས་ཟླ་བ་གསུམ་པ་ན། །སྟོང་ཕྲག་བདུན་ཅུ་རྩ་གཉིས་རྫོགས། །ཤེས་པའི་སྐབས་ཀྱི་སྐྱེས་ཚུལ་དང་དོན་གཅིག་པ་ཉིད་དུ་ཤེས་པར་བྱའོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཞིབ་པར་ལོ་ནི་དགུ་བཅུ་དྲུག །ཟླ་བ་ཕྱེད་དང་བཅུ་གཅིག་པར། །ཕྲ་བའི་རྩ་ཀུན་སྡུད་པ་སྟེ། །དྲུག་ཁྲི་དགུ་སྟོང་བདུན་བརྒྱ་དང་། །ལྔ་བཅུ་སྡུད་འགྱུར་ཉིན་རེ་གཉིས། །ཤེས་པའོ། །གཉིས་པ་ནི། དུས་ཀྱི་འཁོར་ལོར་བཤད་པའི་རིམ་པས། ཞིབ་པར་རྩིས་ན། ལོ་དགུ་བཅུ་རྩ་དྲུག་དང་ཟླ་བ་ཕྱེད་དང་བཅུ་གཅིག་གི་བར་དུ་ཟླ་བའི་རྩ་ཀུན་ཞག་རེ་གཉིས་གཉིས་སྡུད་དེ། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ནང་ནས་དྲུག་ཁྲི་དང་དགུ་སྟོང་བདུན་བརྒྱ་ལྔ་བཅུ་སྡུད་པར་འགྱུར་བ་ཡིན་པས། སྟོང་ཕྲག་བདུན་ཅུ་རྩ་གཉིས་ལས། ཉིན་རེ་གཉིས་གཉིས་བསྡུས་པའི་ལྷག་མ་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་ལུས་པ་ཡིན་ནོ། །ཞེས་བྱ་བ་ནི་སྡུད་ཚུལ་ཅུང་ཟད་ཞིབ་པར་རྩིས་པའོ། །གཉིས་པ་འཁོར་ལོ་བཅོ་བརྒྱད་སྡུད་ཚུལ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་འོག་ལོ་གསུམ་ཕྱོགས་གསུམ་ལ། །ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་དག །ཚིགས་ཆེན་སུམ་བརྒྱ་དྲུག་ཅུའི་རྩ། །ཞག་ནི་གསུམ་གསུམ་རེ་རེ་སྐམ། །སོར་ཚིགས་རྩ་ཡང་དེ་དང་མཉམ། །ལྟེ་བའི་དྲུག་ཅུ་རྩ་ཁྱིམ་ནི། །རླུང་གི་ནུས་དང་མཚུངས་པར་སྡུད། །སྤྱི་བོར་ཞག་ནི་བཅོ་ལྔ་སྟེ། །མགྲིན་པ་ཟླ་གཅིག་གསང་རྩ་མཚུངས། །སྙིང་གའི་ཞག་བརྒྱད་ནང་དུ་འདོར། །དེ་ལྟར་འཁོར་ལོ་བརྒྱ་བཅུ་བཞི། །གཙུག་ཏོར་རྩ་བཞི་དང་བཅས་ཡིན། །ཞེས་པའོ། །གཉིས་པ་ནི། དེ་ལྟར་ཕྲ་བའི་རྩ་དྲུག་ཁྲི་ལ་སོགས་བསྡུས་ཟིན་པ་དེའི་འོག་ཏུ་ལོ་གསུམ་ཕྱོགས་གསུམ་གྱི་ནང་དུ་ཉིས་སྟོང་དང་ཉིས་བརྒྱ་ལྔ་བཅུ་ཡོད་པ་ལས། དང་པོར། ཚིགས་ཆེན་བཅུ་གཉིས་ཀྱི་འཁོར་ལོའི་རྩ་འདབ་སུམ་བརྒྱ་དྲུག་ཅུ་ནི། ཞག་གསུམ་གསུམ་བཞིན་དུ་རྩ་རེ་རེའི་ནུས་པ་བསྐམ་ཞིང་། དེ་བཞིན་དུ། སོར་མོའི་ཚིགས་རྣམས་ཀྱི་འཁོར་ལོའི་རྩ་འདབ་སུམ་བརྒྱ་དྲུག་ཅུ་པོ་རྣམས་ཀྱང་། ཉི་མ་གསུམ་གསུམ་ན་རྩ་རེ་རེ་སྐམ་པར་འགྱུར་བས། མདོར་ན་ཞག་གསུམ་གསུམ་བཞིན་ཚིགས་ཀྱི་འཁོར་ལོའི་རྩ་གཉིས་གཉིས་སྐམ་པས། །ལོ་གསུམ་གྱི་ཞག་སྟོང་བརྒྱད་ཅུ་ལ། ཚིགས་ཆེན་དང་ཚིགས་ཕྲན་གྱི་རྩ་བདུན་བརྒྱ་ཉི་ཤུ་སྐམ་པར་གྲུབ་བོ། །ལྟེ་བའི་འཁོར་ལོའི་དུས་སྦྱོར་གྱི་རླུང་རྒྱུ་བའི་རྩ་དྲུག་ཅུ་ཐམ་པ་ཡང་། །དུས་སྦྱོར་གྱི་རླུང་གི་ནུས་པ་དང་མཚུངས་པར་ལོ་གསུམ་གྱི་ནང་དུ་སྡུད་ཅིང་། །སྔ་མའི་སྟེང་དུ་བསྣན་པས་རྩ་བདུན་བརྒྱ་བརྒྱད་ཅུར་འགྱུར་རོ། །སྤྱི་བོའི་ཟླ་རྐང་གི་རྩ་བཅུ་བཞི་པོ་ནི། ལྟེ་བའི་འཁོར་ལོའི་རྩི་བསྡུས་ཟིན་པའི་རྗེས་སུ་ཞག་བཅོ་ལྔའི་ནང་དུ་སྡུད་དོ། །འདི་ནི་དུས་སྦྱོར་གྱི་ཆ་བཅུ་བཞི་པོ་རྣམས་སྡུད་པ་ཡིན་གྱི། དབུ་མའི་ཆ་ནི་མ་ཡིན་ནོ། །དེའི་འོག་ཏུ་ཟླ་བ་གཅིག་གི་ནང་དུ་མགྲིན་པའི་རྩ་སུམ་ཅུ་རྩ་གཉིས་ལས། རྒྱུ་སྐར་གྱི་རང་བཞིན་ལས་རླུང་རྒྱུ་བའི་གནས་ཉི་ཤུ་རྩ་བརྒྱད་པོ་རྣམས་སྡུད་དོ། །གསང་བའི་རྩ་ཡང་། མགྲིན་པའི་འཁོར་ལོ་དེ་དང་མཚུངས་པས་ཟླ་བ་གཅིག་པོ་དེའི་ནང་དུ་སྡུད་པས་ལོགས་སུ་མི་བགྲང་ངོ་། །འདི་ཡན་ཆད་ཀྱིས་ལོ་གསུམ་ཕྱོགས་གསུམ་རྫོགས་སོ། །སྙིང་གའི་རྩ་བརྒྱད་པོ་ཞག་བརྒྱད་ཀྱི་ནང་དུ་འདོར་ཏེ། འདི་ལོགས་སུ་བགྲངས་ན་ཞག་བརྒྱད་ལྷག་པས་གོང་མའི་ཞག་ལ་གཏོགས་པའོ། །ལོ་གསུམ་ཕྱོགས་གསུམ་པོ་སྟེ་གཙུག་ཏོར་གྱི་འཁོར་ལོའི་རྩ་གཉིས་གསང་བའི་གཉིས་དང་བཅས་པ་རྣམས་ཀྱི་ལས་རླུང་གི་ཆ་རྣམས་འདོར་བའི་ཚུལ་ཡིན་ནོ། །དེ་ལྟར་འཁོར་ལོའི་རྩ་བརྒྱ་བཅུ་བཞི་སྟེ། ལྟེ་བའི་དྲུག་ཅུ། སྙིང་གའི་བརྒྱད། མགྲིན་པའི་ཉི་ཤུ་རྩ་བརྒྱད། སྤྱི་བོའི་བཅུ་བཞི། གཙུག་ཏོར་གྱི་གཉིས། གསང་བའི་གཉིས་སོ། །དེའི་སྟེང་དུ་འོག་ཏུ་འཆད་པའི་རྩ་ཉི་ཤུ་རྩ་བཞིའི་སྟོང་བཞི་བརྒྱ་བཅུ་དྲུག་དང་ཉིས་སྟོང་ཉིས་བརྒྱ་ལྔ་བཅུའོ། །གསུམ་པ་རྩ་ཉི་ཤུ་རྩ་བཞི་སྡུད་པའི་ཚུལ་བཤད་པ་ལ། དངོས་དང་། གཞན་དུ་འཕོ་བའི་ཞག་ངོས་བཟུང་བ་གཉིས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། རྩ་ནི་ཉི་ཤུ་རྩ་བཞི་པོ། །རྩ་ཆེན་དྲུག་ཅུ་དྲུག་ཅུ་ནི། །ལྟེ་བ་དང་མཚུངས་ལོ་གསུམ་སྡུད། །ཐིམ་དང་ལོངས་སྤྱོད་བདག་པོ་ཡི། །རྩ་བ་བདུན་ཅུ་རྩ་གཉིས་པོ། །ཕྱོགས་གསུམ་ནང་དུ་སྡུད་པ་ཡིན། །དེ་ལྟར་འཁོར་ལོ་རྩ་ཆེན་རྣམས། །སྐམས་ཏེ་རླུང་རྣམས་མི་རྒྱུ་བ། །ཞེས་པའོ། །གཉིས་པ་ནི། དུས་འཁོར་རྒྱུད་འགྲེལ་ལས་ནི། །ཉི་ཤུ་རྩ་བཞི་པོའི་སྡུད་ཚུལ་ཞིབ་ཏུ་མ་གསུངས་པས། གོང་གི་གྲངས་སུ་རྣམ་པ་ཐམས་ཅད་དུ་སྒྲིག་དགོས་པའི་ངེས་པ་མེད་ཀྱང་། གསང་བ་འདུས་པ་ལ་སོགས་པའི་རྒྱུད་སྡེ་གཞན་ལས་སྡུད་ཚུལ་འདི་ལྟ་བུར་གསུངས་པས། རྒྱུད་ཕན་ཚུན་མི་འགལ་བའི་ཕྱིར། འདིར་ཕྱོགས་མཐུན་ཙམ་ཞིག་སྦྱོར་དུ་རུང་བ་ལ་དགོངས་ནས་སྦྱར་བར་གོ་སྟེ། དེའི་ཚུལ་ཡང་། མི་ཕྱེད་མ་ནས་ཡིད་བཟང་མའི་བར་གྱི་རྩ་ཉི་ཤུ་རྩ་བཞི་པོ་རེ་རེ་ལ་ཡང་རྩ་ཆེན་དྲུག་ཅུ་དྲུག་ཅུ་རེ་ཡོད་པ། དེ་དག་ལ་རླུང་རྒྱུ་བའི་ཆ་ཉི་ཤུ་རྩ་བཞི་མ་གཏོགས་དཀར་དམར་གྱི་ཆ་ཉེར་བཞི་འཁོར་བཅས་གཉིས་རྣམས་ནི། ལྟེ་བའི་འཁོར་ལོ་དང་མཚུངས་པར་ལོ་གསུམ་ཕྱོགས་གསུམ་གྱི་ནང་དུ་སྟོང་དང་བཞི་བརྒྱ་བཅུ་དྲུག་རྣམས་སྡུད་དགོས་པ་ཡིན་ནོ། །ཉི་ཤུ་རྩ་བཞི་པོ་ལ་ཐིམ་པ་དང་ལོངས་སྤྱོད་པ་དང་བདག་པོ་གསུམ་གསུམ་དུ་ཕྱེ་བའི་རྩ་བ་བདུན་ཅུ་རྩ་གཉིས་ནི་ཕྱོགས་གསུམ་གྱི་ནང་དུ་སྡུད་པ་ཡིན་ནོ། །ཉི་ཤུ་རྩ་བཞི་པོ་སྤྱད་པའི་རིམ་པ་འདི་མ་བསྣན་ན། ཕྲ་བའི་རྩ་བསྡུས་པའི་ལྷག་མ་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་པོ་སྐམ་པའི་གྲངས་ཀྱི་ངེས་པ་མི་ཤེས་སོ། །འདི་དག་ལ་ཞིབ་ཏུ་བརྗོད་ན། འཁོར་ལོའི་རྩ་ལ། སྤྱི་བོ་ནས་བཅུ་བཞི། མགྲིན་པ་ནས་ཉི་ཤུ་རྩ་བརྒྱད། སྙིང་ག་ནས་བརྒྱད། ལྟེ་བར་དྲུག་ཅུ། གཙུག་ཏོར་གྱི་གཉིས། གསང་བའི་རོ་རྐྱང་གི་སྣ་མོ་གཉིས་ཏེ། སྤྱིར་བརྒྱ་དང་བཅུ་བཞི། ཡན་ལག་ཉིང་ལག་གི་རྩ་བདུན་བརྒྱ་ཉི་ཤུ། ཡུལ་ཉི་ཤུ་རྩ་བཞིའི་རྩ་རྣམས་ལ། དབུ་མ་རེ་རེ་མ་གཏོགས་པའི་རྩ་ཀུན་ལ་སྟོང་བཞི་བརྒྱ་དང་བཅུ་དྲུག་འབྱུང་སྟེ། དེ་རྣམས་དྲིལ་བས། ཐབས་ཤེས་རབ་དཀར་དམར་གྱིས་ཕྱེ་བའི་རྩ་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་འོང་སྟེ། ལོ་གསུམ་ཕྱོགས་གསུམ་གྱི་ཞག་སྟོང་དང་བརྒྱ་ཉི་ཤུ་རྩ་ལྔ་ལ། ཉིན་རེ་གཉིས་གཉིས་སྐམ་ཞིང་། དེ་ནས་མུན་པ་ཆེན་པོའི་རླུང་རྒྱུ་བས། ཞག་གཅིག་གི་དུས་སུ་སྤྱི་བོའི་དབུ་མའི་འཕོ་བའི་རྩ་གཉིས་དང་། མགྲིན་པའི་གཉིས་དང་སྙིང་གའི་སྟེང་འོག་གི་ཆ་གཉིས་དང་། ལྟེ་བའི་དབུ་མའི་ཆ་བཞི་དང་། གསང་བའི་དུང་ཅན་གྱི་རྩ་གཅིག་དང་། སྟེང་གི་གཙུག་ཏོར་གྱི་རང་བཞིན་ཚངས་བུག་གི་རྩ་དང་། དེ་ལྟར་འཁོར་ལོའི་དབུ་མའི་འཕོ་བའི་རྩ་བཅུ་གཉིས། མི་ཕྱེད་མ་ལ་སོགས་པའི་ཡུལ་ཉི་ཤུ་རྩ་བཞིའི་རྩའི་གཙོ་མོ་ཉི་ཤུ་རྩ་བཞི། རླུང་རྒྱུ་བའི་ཆ་རྣམས་ཏེ། སུམ་ཅུ་སོ་དྲུག་པོ་འདི་རྣམས་ནི་མཐའི་མུན་པ་ཆེན་པོའི་རླུང་རྒྱུ་བའི་ཞག་གཅིག་ལ་སྐམ་པ་ཡིན་ནོ། །འདིའི་རྒྱུ་མཚན་གྱི་ངེས་པ་ཡང་། ཕྱི་དབུགས་འགགས་ནས་ཞག་ཕྱེད་ན་འཆི་བ་རྣམས་ཀྱི་ཡང་། བོལ་གོང་ལ་སོགས་པ་ཡན་ལག་གི་རླུང་རྒྱུ་བའི་རྩ་རྣམས་མ་བསྡུས་པར་དྲོད་དང་བཅས་པ་མཐོང་བའི་ཕྱིར་དང་། ཡང་ཡན་ལག་གི་དབུ་མའི་རྩ་ལ་མཚོན་ལ་སོགས་པས་གནོད་པར་གྱུར་ན། ཡུད་ཙམ་ལ་བརྒྱལ་ཞིང་འཆི་བར་མཐོང་བའི་ཕྱིར། དེ་ལྟར་བཤད་པའི་དབུ་མའི་ཆ་རྣམས་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་སྡུད་ཚུལ་ལ་མ་གཏོགས་ཤིང་། གོང་དུ་རྩའི་སྐབས་སུ་འཁོར་ལོའི་རྩ་རྣམས་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་མ་གཏོགས་པར་བཤད་པས་ཞིབ་ཏུ་དཔྱད་པར་བྱ་ཞིང་། འདིར་ནི་རང་འགྲེལ་གྱི་དགོངས་པ་བཞིན་བཤད་པ་ཡིན་ནོ། །ཚུལ་འདི་དག་ནི། དུས་འཁོར་བསྡུས་རྒྱུད་ལས། ཕྱོགས་དང་ཕྱོགས་ལ་རྩ་ནི་དགུ་ཡིས་བསྣུན་པའི་ལག་འགྲོ་ལྟེ་བའི་འཁོར་ལོ་དག་ལ་གཅོད་པར་བྱེད། ལས་ཀྱི་འཁོར་ལོ་བྱ་བ་ཞེས་པའི་ཚིག་ལས་ཉིན་ཞག་རྩེ་མོ་ཅན་གྱི་རྩ་ནི་རེ་རེ་འདོར། །མགྲིན་པ་དག་ལས་རྒྱུ་སྐར་རྩ་ནི་ཉིན་དང་ཉིན་ལ་ཟླ་བའི་ནང་དུ་རིམ་པས་འདོར་བ་སྟེ། །ཐིག་ལེར་གནས་པ་ཟླ་བའི་རྐང་པ་ཕྱོགས་ཀྱི་ནང་དུ་འདོར་ཏེ་གཟའ་ཡི་རྩ་དང་གསང་བར་གནས། ཤེས་སོགས་རྒྱས་པར་གསུངས་པའི་དོན་ནོ། །གཉིས་པ་གཞན་དུ་འཕོ་བའི་ཞག་ངོས་བཟུང་བ་ནི། དེ་ནས་ཞག་གཅིག་ན་འཕོའོ། །ཞེས་པ་སྟེ། འདིའི་ཚིག་དོན་ནི། དེ་ལྟར་འཁོར་ལོའི་རྩ་དབུ་མའི་ཆ་རྣམས་དང་། རྩ་ཆེན་ཉི་ཤུ་རྩ་བཞི་པོ་རླུང་རྒྱུ་བའི་གནས་མ་གཏོགས་པ་རྩ་ཐམས་ཅད་སྐམས་ནས་རླུང་གཞན་མི་རྒྱུ་བའི་རྗེས་དེ་ནས་ཞག་གཅིག་ན་མུན་པ་ཆེན་པོའི་རླུང་རྒྱུ་བ་དང་ལྷན་ཅིག་ཏུ། དབུ་མའི་ཆ་ཤས་སུ་གྱུར་པའི་རྩ་རྣམས་དང་། སྲོག་གི་གནས་སུ་གྱུར་པའི་རྩ་ཉི་ཤུ་རྩ་བཞི་པོ་རྣམས་སྐམས་ནས་འཇིག་རྟེན་གཞན་དུ་འཕོ་བར་འགྱུར་རོ། །ཞེས་པའོ། །གཉིས་པ་རླུང་གི་འཆི་བལྟས་བསྟན་པ་ལ། སྤྱིར་རླུང་བཅུ་སྡུད་པའི་རིམ་པ་བཤད་པ། དབུ་མའི་དུས་དང་དུས་མ་ཡིན་པའི་འཆི་བལྟས་བསྟན་པ། གཡས་ཉི་མའི་རླུང་གི་འཆི་བལྟས་བཤད་པ། གཡོན་ཟླ་བའི་རླུང་གི་འཆི་བལྟས་བཤད་པ། འཆི་བལྟས་དེ་དག་གི་ངེས་པས་དོན་བསྡུ་བ་དང་རྣམ་པ་ལྔ་ལས། དང་པོ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། ལུང་དང་སྦྱར་བ་དང་རྣམ་པ་གསུམ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། རླུང་གི་སྡུད་རིམ་བསྟན་པ་ནི། ཞེས་པའོ། །གཉིས་པ་ནི། དེ་ལྟར་རྩའི་འགག་ཚུལ་བསུ་འཆི་བ་སྟན་ནས། རླུང་གི་སྡུད་རིམ་བསྟན་པ་ནི། རླུང་བཅུ་སྡུད་པའི་ཚུལ་རྡོ་རྗེ་ཕྲེང་བ་ལས་གསུངས་པ་བཞིན་དུ་བཤད་པར་བྱའོ། །ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། རླུང་བཅུ་ཟླ་བཅུ་ནས་རྫོགས་ཏེ། །སྐྱེས་ནས་དུས་སུ་འཆི་གཉིས་པ་གཞན་དུ་འཕོ་བའི་ཞག་ངོས་བཟུང་བ་ནི། དེ་ནས་ཞག་གཅིག་ན་འཕོའོ། །ཞེས་པ་སྟེ། འདིའི་ཚིག་དོན་ནི། དེ་ལྟར་འཁོར་ལོའི་རྩ་དབུ་མའི་ཆ་རྣམས་དང་། རྩ་ཆེན་ཉི་ཤུ་རྩ་བཞི་པོ་རླུང་རྒྱུ་བའི་གནས་མ་གཏོགས་པ་རྩ་ཐམས་ཅད་སྐམས་ནས་རླུང་གཞན་མི་རྒྱུ་བའི་རྗེས་དེ་ནས་ཞག་གཅིག་ན་མུན་པ་ཆེན་པོའི་རླུང་རྒྱུ་བ་དང་ལྷན་ཅིག་ཏུ། དབུ་མའི་ཆ་ཤས་སུ་གྱུར་པའི་རྩ་རྣམས་དང་། སྲོག་གི་གནས་སུ་གྱུར་པའི་རྩ་ཉི་ཤུ་རྩ་བཞི་པོ་རྣམས་སྐམས་ནས་འཇིག་རྟེན་གཞན་དུ་འཕོ་བར་འགྱུར་རོ། །ཞེས་པའོ། །གཉིས་པ་རླུང་གི་འཆི་བལྟས་བསྟན་པ་ལ། སྤྱིར་རླུང་བཅུ་སྡུད་པའི་རིམ་པ་བཤད་པ། དབུ་མའི་དུས་དང་དུས་མ་ཡིན་པའི་འཆི་བལྟས་བསྟན་པ། གཡས་ཉི་མའི་རླུང་གི་འཆི་བལྟས་བཤད་པ། གཡོན་ཟླ་བའི་རླུང་གི་འཆི་བལྟས་བཤད་པ། འཆི་བལྟས་དེ་དག་གི་ངེས་པས་དོན་བསྡུ་བ་དང་རྣམ་པ་ལྔ་ལས། དང་པོ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། ལུང་དང་སྦྱར་བ་དང་རྣམ་པ་གསུམ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། རླུང་གི་སྡུད་རིམ་བསྟན་པ་ནི། ཞེས་པའོ། །གཉིས་པ་ནི། དེ་ལྟར་རྩའི་འགག་ཚུལ་བསུ་འཆི་བ་སྟན་ནས། རླུང་གི་སྡུད་རིམ་བསྟན་པ་ནི། རླུང་བཅུ་སྡུད་པའི་ཚུལ་རྡོ་རྗེ་ཕྲེང་བ་ལས་གསུངས་པ་བཞིན་དུ་བཤད་པར་བྱའོ། །ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། རླུང་བཅུ་ཟླ་བཅུ་ནས་རྫོགས་ཏེ། །སྐྱེས་ནས་དུས་སུ་འཆི་སྟོབས་ཁྱབ་བྱེད་ཀྱི་སྟོབས་དང་གཅིག་ཏུ་འགྱུར་རོ། །དེ་ནས་ཀླུ་དང་ཁྱབ་བྱེད་ཀྱི་རླུང་གཉིས་མཚུངས་པར་སྤྱོད་པས་དྲུག་ཅུའི་བར་དུ་སྟོབས་བྱེད་ཅིང་། དྲུག་ཅུ་རྫོགས་པའི་མཚམས་སུ་ཁྱབ་བྱེད་ཀྱི་སྤོབས་མཉམ་གནས་དང་སྟོབས་གཅིག་ཏུ་འགྱུར་རོ། །བདུན་ཅུ་རྫོགས་པའི་རྗེས་སུ་མཉམ་གནས་ཀྱི་སྟོབས་གྱེན་རྒྱུ་དང་སྟོབས་གཅིག་ཏུ་འགྱུར་རོ། །བརྒྱད་ཅུ་རྫོགས་པའི་རྗེས་སུ་གྱེན་རྒྱུ་ཐུར་སེལ་དང་སྟོབས་གཅིག་ཏུ་འགྱུར་རོ། །དགུ་བཅུ་རྫོགས་པའི་མཐར་ཐུར་སེལ་སྲོག་རླུང་དང་སྟོབས་གཅིག་ཏུ་འགྱུར་ཏེ། དེ་དང་དེ་དག་གི་བར་དུ་རང་རང་གི་བྱ་བ་བྱེད་པ་ཡིན་ནོ། །འདི་དག་ནི་ནུས་པ་ཅུང་ཟད་ཉམས་པ་ཙམ་ཡིན་གྱི་རྟེན་འགགས་པ་ནི་མ་ཡིན་ཏེ། དེ་ལྟ་ན་དུས་དེ་དང་དེ་དག་ཏུ་ཡན་ལག་ཞ་བ་དང་རྣ་བ་འོན་པ་ལ་སོགས་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །གསུམ་པ་ལུང་དང་སྦྱར་བ་ནི། འགྱུར་ཞེས་རྡོ་རྗེ་ཕྲེང་བར་གསུངས། ཤེས་པ་སྟེ། དེ་ལྟར་རླུང་གི་སྟོབས་རྣམས་ལོ་བཅུ་བཅུ་བཞིན་གཅིག་ལ་གཅིག་ཐིམ་པར་གྱུར་ནས་མཐར་སྲོག་གི་རླུང་དང་ནུས་པ་གཅིག་ཏུ་གྱུར་ཏེ། འཇིག་རྟེན་ཕ་རོལ་དུ་འཕོ་བར་འགྱུར་རོ། །ཞེས་གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་གསུངས། ཤེས་པའོ། །ཚུལ་འདི་དག་ནི། ཇི་སྐད་དུ། རྡོ་རྗེ་ཕྲེང་བ་ལས། དེ་ནས་གཞན་ཡང་བཤད་བྱ་བ། །རླུང་རྣམས་མཆོག་ཏུ་ནུབ་པ་ནི། །གང་གིས་ཡང་དག་ཤེས་པ་ཡིས། །འཆི་བའི་སྐད་ཅིག་མཚན་ཉིད་ནི། །ཕན་ཚུན་དུ་ནི་ཡང་དག་སྡུད། །སྐྱེ་བའི་རིམ་ལྟར་ཐིམ་པར་འགྱུར། །རླུང་རྣམས་ཡང་དག་སྐྱེ་བ་ནི། །ཕན་ཚུན་ནུས་པའི་ཉི་མ་བཞིན། །ཐོག་མར་ལོ་བཅུ་ལོན་ནས་ནི། །རྒྱགས་པས་མྱོས་པའི་རླུང་སྐྱེས་ན། །གཞུ་ལས་རྒྱལ་བའི་རླུང་ཟོས་ཏེ། །རིམ་གྱིས་སྒྲ་གཅན་ཟླ་བ་བཞིན། །དེ་རྗེས་ལོ་བཅུ་ཕྱིན་པ་ན། །རྒྱགས་ཆུ་རླུང་གིས་ཡང་དག་སྐྱེ། །ལྷ་སྦྱིན་ཞེས་བྱའི་རླུང་ནི་ཟ། །ཞེས་གསུངས་པ་ལྟར་ཡིན་ནོ། །དུས་འཁོར་ལས་འདི་དང་མཐུན་པར་གསུངས་པའི་ལུང་མང་དུ་ཡོད་ཀྱང་ཚིག་མང་གྱིས་དོགས་པས་མ་བྲིས་སོ། །གཉིས་པ་དབུ་མའི་དུས་དང་དུས་མ་ཡིན་པའི་འཆི་བལྟས་ཀྱི་ངེས་པ་བྱེ་བྲག་ཏུ་བཤད་པ་ལ། དངོས་དང་། ལོ་གསུམ་ཕྱོགས་གསུམ་གྱི་འཆི་བལྟས་ཀྱི་ངེས་པ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། དེ་གང་ནས་བྱུང་བའི་ལུང་ཁུངས་སྨྲོས་པ། དུས་སྦྱོར་གྱི་རླུང་ཇི་ལྟར་འཕེལ་བའི་ཚུལ་བཤད་པ། འཆི་བལྟས་ཀྱི་ངེས་པ་ཇི་ལྟར་འཕེལ་བའི་ཚུལ་བཤད་པ་དང་གསུམ། དང་པོ་ལ་ལུང་ནི། རྒྱས་པར་དུས་ཀྱི་འཁོར་ལོ་ལས། ཤེས་པ་སྟེ། དབུ་མའི་འཆི་བལྟས་འཕེལ་བའི་ཚུལ་འདི་ནི། དུས་འཁོར་ནང་ལེར་སྡུད་རིམ་འཆད་པའི་སྐབས་སུ་རྒྱས་པར་གསུངས་པ་བཞིན། འདིར་མདོར་བསྡུས་ཏེ་བསྟན་པ་ཡིན་ནོ། །ཞེས་སོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། སྐྱེས་བུ་ཚེ་ལོ་བརྒྱ་པ་གང་། །སྐྱེས་ནས་ལོ་གཅིག་རླུང་རྣམས་ཀྱི། །དུས་སྦྱོར་གྲངས་ཀུན་མཉམ་པར་རྒྱུ། །ཞེས་པའོ། །གཉིས་པ་ནི། འཛམ་བུ་གླིང་གི་ཁམས་དྲུག་ལྡན་གྱི་སྐྱེས་བུ་ཚེ་ལོ་བརྒྱ་པ་ལྟ་བུ་གང་ཡིན་པ་རྣམས་ནི། རང་ཉིད་མངལ་དུ་དབུ་མ་ཆགས་པ་ནས་བཟུང་སྟེ་ཕྱི་རོལ་དུ་སྐྱེས་ནས་ཟླ་བ་གསུམ་རྫོགས་པ་ལོ་གཅིག་གི་བར་དུ་དུས་སྦྱོར་གྱི་རླུང་རྣམས་ཀྱི་གཡས་གཡོན་གྱི་འཕོ་བའི་དུས་སྦྱོར་བཅུ་གཉིས་ཀྱི་གྲངས་ཀུན་ཕན་ཚུན་མང་ཉུང་མེད་པར། དུས་སྦྱོར་རེ་རེ་ལ་སྟོང་བརྒྱད་བརྒྱ་རེ་མཉམ་པར་རྒྱུ་ཞེས་པའོ། །གསུམ་པ་འཆི་བལྟས་ཇི་ལྟར་འཕེལ་བ་བཤད་པ་ལ། དབུགས་གྲངས་སུ་འཆི་བལྟས་འཕེལ་བའི་ཚུལ་བཤད་པ། ཆུ་སྲང་དུ་འཆི་བལྟས་འཕེལ་བའི་ཚུལ་བཤད་པ། ཆུ་ཚོད་དུ་འཆི་བལྟས་འཕེལ་བའི་ཚུལ་བཤད་པ། ཞག་གྲངས་ལ་འཆི་བལྟས་འཕེལ་བའི་ཚུལ་བཤད་པ། འཆི་བལྟས་འཕེལ་ནས་འཕོ་བའི་ངེས་པ་བསྟན་པ་དང་ལྔ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ནས་བགྲོད་པ་གསུམ་པ་ལ། །མཁའ་རུ་རླུང་གཅིག་རྒྱུ་བ་འཕེལ། །བགྲོད་པ་བཞི་པར་འཕེལ་འགྲིབ་མེད། །ལོ་གཉིས་པ་ལ་ས་རླུང་དུ། །གཡས་པར་རླུང་གཉིས་འཕེལ་བ་ཡིན། །ཞེས་པའོ། །གཉིས་པ་ནི། དེ་ལྟར་མངལ་དུ་བགྲོད་པ་གཉིས་རྫོགས་པའི་རྗེས་སུ། བགྲོད་པ་གསུམ་པ་ལ། ཟླ་བ་དྲུག་གི་རིང་ལ་ཆ་ཤས་རེ་རེ་འཕེལ་བ་ལ་བརྟེན་ནས། སྐྱེས་དུས་གཡོན་ནས་འབབ་བའི་དབང་དུ་བྱས་ནས་གཡོན་དུ་ནམ་མཁའི་རླུང་དུ་རླུང་གཅིག་རྒྱུ་བ་འཕེལ་ཏེ་མི་མཉམ་པར་སུམ་བརྒྱ་དང་དྲུག་བཅུ་རེ་གཅིག་རྒྱུ་བ་ཡིན་ནོ། །དེའི་རྗེས་སུ་བགྲོད་པ་བཞི་པའི་ཟླ་བ་དྲུག་ལ་འཕེལ་འགྲིབ་མེད་དོ། །དེ་ནི་བཙས་པ་ལ་ལྟོས་ཏེ། ལོ་དང་པོ་ཡིན་ཀྱང་མངལ་ལ་ལྟོས་ཏེ་གཉིས་པ་ཡིན་ནོ། །དེ་ནས་ལོ་གཉིས་པའི་བགྲོད་པ་དང་པོ་ལ། ས་རླུང་དུ་སྣ་གཡས་པར་རླུང་གཉིས་ཀྱི་རྒྱུ་བ་འཕེལ་ཏེ་སུམ་བརྒྱ་དང་རེ་གཉིས་རྒྱུའོ། །ལོ་གསུམ་པ་ལ་སྣ་གཡོན་དུ་མཁའ་རླུང་དུ་དབུགས་གསུམ་རྒྱུ་བ་འཕེལ་ཏེ་སུམ་བརྒྱ་དང་རེ་གསུམ་རྒྱུ་བ་ཡིན་ནོ། །ལོ་འགྱུར་དེ་ནས་ནི། །གཡོན་དང་གཡས་སུ་རིམ་པ་བཞིན། །ལོ་རེ་ཆུ་སྲང་རེ་རེ་འཕེལ། །ཞེས་པའོ། །གཉིས་པ་ནི། དེ་ལྟར་རྒྱུ་བ་འཕེལ་བའི་ཚུལ་བཤད་པའི་རིམ་པས། གཡས་གཡོན་གྱི་དཀྱིལ་འཁོར་ལ་རེ་མོས་ཀྱི་ལོ་རེ་རེ་ལ་རྒྱུ་བ་རེ་རེ་འཕེལ་ནས། ཕྱོགས་གསུམ་སྟེ་ཞག་བཞི་བཅུ་ཞེ་ལྔ་མ་ཚང་བའི་ལོ་བདུན་ན་ཆུ་སྲང་གཅིག་ཏུ་འགྱུར་ཏེ། དེ་ནས་ལོ་བརྒྱད་པར་ཕྱིན་པ་ན་སྣ་གཡོན་པའི་ནམ་མཁའི་དཀྱིལ་འཁོར་དུ་ཆུ་སྲང་གཉིས་ལྷག་པོར་རྒྱུ་བས་སུམ་བརྒྱ་དང་དོན་གཉིས་འབབ་པའོ། །དེ་ནས་ལོ་དགུ་པ་ལ་གཡས་སུ་སའི་དཀྱིལ་འཁོར་དུ་ཆུ་སྲང་གསུམ་དང་། དེ་ནས་ལོ་བཅུ་པ་ལ་གཡོན་དུ་ནམ་མཁའི་དཀྱིལ་འཁོར་དུ་ཆུ་སྲང་བཞི་འབབ་པས། ལོ་རེ་ལ་ཆུ་སྲང་རེ་རེ་འཕེལ་བ་ཡིན་ནོ། །ཞེས་སོ། །གསུམ་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དྲུག་ཅུ་རྩ་བདུན་ལོན་ནས་ནི། །ཆུ་ཚོད་གཅིག་འགྱུར་གཡོན་ནས་རྒྱུ། །ཞེས་པའོ། །གཉིས་པ་ནི། དེ་ལྟར་འཕེལ་བའི་རིམ་པས་ལོ་དྲུག་ཅུ་རྩ་བདུན་ལོན་ནས་ཆུ་ཚོད་གཅིག་ཏུ་རྒྱུ་བར་འགྱུར་ཏེ། དང་པོར་འཕེལ་བའི་རིམ་པས་སྣ་གཡོན་པའི་མཁའ་རླུང་དུ་ཆུ་ཚོད་གཅིག་རྒྱུ་བར་འགྱུར་རོ། །དེ་ཕྱིན་ཆད་ཟླ་བ་དྲུག་ནས་སྣ་གཡས་པར་ས་རླུང་དུ་ཆུ་ཚོད་གཉིས་འཕེལ་ལོ། །ཟླ་བ་གཞན་དྲུག་ལ་སྣ་གཡོན་ནས་ནམ་མཁའི་རླུང་དུ་ཆུ་ཚོད་གསུམ་འབབ་པར་འགྱུར་རོ། །ཆུ་ཚོད་ཀྱི་རླུང་གྲངས་ནི་སུམ་བརྒྱ་དྲུག་ཅུ་ཡིན་པས། དཀྱིལ་འཁོར་བདུན་འབབ་དགོས་པར་རིགས་པས་གྲུབ་བོ། །བཞི་པ་ཞག་གྲངས་ལ་འཆི་བལྟས་ཇི་ལྟར་འཕེལ་བའི་ཚུལ་བཤད་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ནས་བགྲོད་པ་རེ་རེ་བཞིན། ལོ་ནི་སུམ་ཅུར་དབྱུག་གུ་འཕེལ། །གཡོན་དང་གཡས་པར་རིམ་པ་བཞིན། །མཁའ་དང་ས་རླུང་གནས་དར་འབྱུང་། །དགུ་བཅུ་གོ་དྲུག་ཟླ་བ་ནི། །ཕྱེད་དང་བཅུ་གཅིག་ནས་གཡོན་དུ། །ནམ་མཁའི་རང་བཞིན་ཞག་གཅིག་རྒྱུ། །ཞེས་སོ། །གཉིས་པ་ནི། དེ་ལྟར་ལོ་དྲུག་ཅུ་རྩ་བདུན་རྫོགས་པའི་བར་དུ་མཁའ་རླུང་དུ་མུ་ཚོད་དུ་འཕེལ་བར་གྱུར་པ་དེ་ནས། བྱང་དུ་བགྲོད་པ་དང་། ལྷོར་བགྲོད་པའི་ཟླ་བ་དྲུག་པ་རེ་རེ་བཞིན་ལོ་སུམ་ཅུའི་བར་དུ་དབྱུག་གུ་གཉིས་གཉིས་འཕེལ་ནས། གཡོན་པ་དང་གཡས་པར་རིམ་པ་བཞིན་དུ་གཡོན་པར་མཁའ་རླུང་དང་གཡས་པར་ས་རླུང་དུ་ཞག་རེ་རེ་འཕེལ་བར་འགྱུར་རོ། །དེ་ལྟར་ལོ་གོ་དྲུག་དང་ཟླ་བ་བཅུ་དང་ཞག་བཅོ་ལྔ་ལོན་པའི་རྗེས་སུ་སྣ་གཡོན་པར་ནམ་མཁའི་རང་བཞིན་ཞག་གཅིག་ཏུ་འཆི་བལྟས་ཀྱི་རླུང་རྒྱུ་བར་འགྱུར་རོ། །ལྔ་པ་འཆི་བལྟས་འཕེལ་ནས་འཕོ་བའི་ངེས་པ་བསྟན་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ནས་ལོ་གསུམ་ཕྱོགས་གསུམ་ན། །འཕོ་བར་འགྱུར་བས་ལོ་བརྒྱ་ཡིན། །ཞེས་སོ། །གཉིས་པ་ནི། དེ་ལྟར་ལོ་གོ་དྲུག་དང་ཟླ་བ་ཕྱེད་དང་བཅུ་གཅིག་ལོན་པའི་མཚམས་སུ་སྣ་གཡོན་དུ་ནམ་མཁའི་རླུང་དུ་འཆི་བལྟས་ཞག་གཅིག་རྒྱུ་བའི་རྗེས་དེ་ནས། ལོ་གསུམ་དང་ཕྱོགས་གསུམ་ན་རྣམ་པར་ཤེས་པ་འཇིག་རྟེན་གྱི་ཁམས་གཞན་དུ་འཕོ་བར་འགྱུར་བས་ན་སྔ་མ་དང་སྡོམས་པས་ལོ་བརྒྱ་ཡིན་ནོ་ཞེས་པའོ། །གཉིས་པ་ལོ་གསུམ་ཕྱོགས་གསུམ་གྱི་འཆི་བལྟས་ཀྱི་ངེས་པ་བྱེ་བྲག་ཏུ་བཤད་པ་ལ། མཚམས་སྦྱར་བའི་སྒོ་ནས་མདོར་བསྟན། ལོ་གསུམ་ཕྱོགས་གསུམ་གྱི་ནང་དུ་འཆི་བལྟས་ཇི་ལྟར་འཕེལ་བའི་ཚུལ་བཤད། འཆི་བལྟས་ཀྱི་ཞག་འཕེལ་བ་ལ་བརྟེན་ནས་ནང་གི་ཁྱིམ་བཅུ་གཉིས་སྟོངས་པའི་རིམ་པ་བཤད་པ་དང་གསུམ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ད་ནི་ལོ་གསུམ་ཕྱོགས་གསུམ་གྱི། །དབུ་མའི་འཆི་བལྟས་ངེས་པ་ནི། །ཞེས་པའོ། །གཉིས་པ་ནི། དེ་ལྟར་ཞག་ཏུ་འཆི་བལྟས་འཕེལ་བའི་ཚུལ་བཤད་ནས། ད་ནི་ལོ་གསུམ་ཕྱོགས་གསུམ་གྱི་ནང་དུ་དབུ་མའི་འཆི་བལྟས་ཀྱི་ཞག་གྲངས་འཕེལ་བའི་ངེས་པ་བཤད་པར་བྱའོ། །ཞེས་པའོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཟླ་བ་སོ་བདུན་ཕྱེད་བཅས་ལ། །ཞག་གི་འཕེལ་བ་སོ་གསུམ་སྟེ། །སོ་བཞི་ཕྱེད་བཅས་ཞག་གྲངས་ལ། །རེ་རེ་འཕེལ་འགྱུར་སུམ་ཅུའི་བར། །ཞེས་སོ། །གཉིས་པ་ནི། དེ་ལྟར་ལོ་གསུམ་ཕྱོགས་གསུམ་ལ་ཟླ་བ་སོ་བདུན་དང་། ཟླ་བ་ཕྱེད་དེ་ཞག་བཅོ་ལྔ་དང་བཅས་པ་ཡོད་པ་ལས། ཞག་གི་འཕེལ་བ་ནི། འཆི་བལྟས་ཀྱི་ཞག་སོ་གསུམ་འཕེལ་བ་ཡིན་ཏེ། ཟླ་བ་ཕྱེད་དང་སོ་ལྔའི་རིང་ལ་འཆི་བལྟས་ཟླ་གཅིག་འཕེལ་བས་ཞག་སོ་བཞི་ཕྱེད་བཅས་ལ། སྣ་གཡས་གཡོན་རེ་མོས་ཀྱི་འཆི་བལྟས་ཀྱི་ཞག་གྲངས་རེ་རེ་འཕེལ་བར་འགྱུར་བ་ནས་ཞག་སུམ་ཅུའི་བར་དུ་འཆི་བལྟས་འཕེལ་བ་ཡིན་ལ། ཞག་སུམ་ཅུ་སོ་ཕྱེད་དང་ལྔ་ལྔ་ལ་སྣ་གཡས་གཡོན་དུ་འཆི་བལྟས་ཞག་རེ་རེ་འཕེལ་ཞིང་རྒྱུ་བར་འགྱུར་རོ། །དེ་ལྟར་ཞག་སོ་གསུམ་འཕེལ་བའི་རྗེས་སུ། །ཁྱིམ་བཅུ་གཉིས་སྟོངས་ཚུལ་ནི་འོག་ཏུ་འཆད་པར་འགྱུར་རོ། །ཞེས་སོ། །གསུམ་པ་ལ། གཡོན་ནས་འཕེལ་བའི་རིམ་པས་ལུག་འཁྲིག་སེང་སྲང་གཞུ་བུམ་པ་སྟེ་མི་མཉམ་པའི་ཁྱིམ་དྲུག་ཇི་ལྟར་སྟོངས་པའི་ཚུལ་བཤད་པ། གཡས་ནས་འཕེལ་བའི་རིམ་པས་གླང་ཀར་བུ་སྡིག་ཆུ་ཉ་སྟེ་མཉམ་པའི་ཁྱིམ་དྲུག་ཇི་ལྟར་སྟོངས་པའི་ཚུལ་བཤད་པ། ཁྱིམ་སྟོངས་ནས་ཚོར་བ་གསུམ་གྱི་རླུང་ཟད་དེ་གཞན་དུ་འཕོ་བའི་ངེས་པ་བསྟན་པ། དབུ་མའི་འཆི་བལྟས་ཀྱི་ཞག་ངོས་བཟུང་བ་དང་བཞི་ལས། དང་པོ་ལ། རྩ་ཚིག་གཉིས། དང་པོ་ནི། ལྟེ་བའི་ཁྱིམ་གྱི་རྩ་དྲུག་ཅུ། །གཡོན་དུ་མཁའ་ནས་རིམ་པ་ལྟར། །གསུམ་གསུམ་གྱིས་ནི་རྩ་དྲུག་དྲུག །སྐམས་ཤིང་མི་མཉམ་རྒྱུ་བ་འཕེལ། །ཞེས་པའོ། །གཉིས་པ་ནི། དེ་ལྟར་ཞག་སུམ་ཅུའི་འཆི་བལྟས་འཕེལ་ཚུལ་ནི། ལྟེ་བའི་ཁྱིམ་བཅུ་གཉིས་ཀྱི་རྩ་དྲུག་ཅུར། །བསྐྱེད་སྡུད་ཀྱི་རིམ་པས་སྣ་གཡོན་དུ་ལུག་འཁྲིག་སེང་སྲང་གཞུ་བུམ་པ་སྟེ་མི་མཉམ་པའི་ཁྱིམ་དྲུག་ལ་ནམ་མཁའ་རླུང་མེ་ཆུ་ས་སྟེ། འཇིག་རྟེན་བསྐྱེད་པའི་རིམ་པ་ལྟར་སྡུད་ཅིང་། གཡས་ནས་གླང་ཀརྐ་ཊ་བུ་མོ་སྡིག་པ་ཆུ་སྲིན་ཉའི་ཁྱིམ་གྱི་ས་ཆུ་མེ་རླུང་ནམ་མཁའ་མཉམ་པའི་ཞག་གིས་སྡུད་པས། འཆི་བལྟས་ཞག་གཅིག་སྣ་གཡོན་དུ་ནམ་མཁའི་རླུང་རྒྱུ། དེ་ནས་ཞག་སོ་གསུམ་ཕྱེད་བཅས་ན་འཕེལ་འགྲིབ་མེད་པར་མཉམ་པར་རྒྱུ་ལ། ཡང་སྣ་གཡས་ནས་ས་རླུང་དུ་ཞག་གཉིས་རྒྱུའོ། །དེ་ནས་ཞག་སོ་ཕྱེད་དང་གསུམ་ན་གཡོན་དུ་མཁའ་རླུང་ཞག་གསུམ་དང་། ཡང་སོ་གཅིག་ཕྱེད་བཅས་ན་གཡས་སུ་ས་རླུང་ཞག་བཞི། ཡང་ཞག་སོ་ཕྱེད་དང་གཅིག་ན་གཡོན་ནས་མཁའ་རླུང་ཞག་ལྔ་རྒྱུས་ཏེ། ཁྱིམ་དྲུག་གི་མཁའ་རླུང་གི་ནུས་པ་ཟད་དེ། རྩ་དྲུག་སྟོངས་པས་མི་མཉམ་པའི་འཕེལ་བ་གསུམ་གསུམ་གྱིས་ནི་དུས་སྦྱོར་གྱི་རྩ་དྲུག་དྲུག་སྐམས་ཤིང་། མི་མཉམ་པའི་ཁྱིམ་དྲུག་ལ་འཆི་བལྟས་ཀྱི་རྒྱུ་བ་འཕེལ་བ་ཡིན་ནོ། །སྐབས་འདི་དག་ཏུ་ཞག་གསུམ་ལྔ་བདུན་ལ་སོགས་པ་མི་མཉམ་པའི་རྒྱུ་བ་ལ་ཡོན་པོར་འཕེལ་བའི་ཐ་སྙད་དང་། གཉིས་བཞི་དྲུག་ལ་སོགས་པ་མཉམ་པར་འཕེལ་བ་ལ་དྲང་པོའི་འཕེལ་བ་ཞེས་པའི་ཐ་སྙད་ཀྱང་མཛད་དོ། །དེ་ནས་ཞག་ཉི་ཤུ་རྩ་དགུ་ཕྱེད་བཅས་ན་གཡས་སུ་ཞག་དྲུག་རྒྱུས་ནས་གཡས་ཀྱི་ཁྱིམ་དྲུག་གི་ས་རླུང་སྟོངས་ཏེ་རྩ་དྲུག་སྐམས་སོ། །ཡང་ཉེར་བརྒྱད་ཕྱེད་བཅས་ན་གཡོན་ནས་རླུང་གི་རླུང་ཞག་བདུན་རྒྱུ། ཡང་ཉེར་བདུན་ཕྱེད་བཅས་ན་གཡས་སུ་ཆུ་རླུང་ཞག་བརྒྱད་རྒྱུ། དེ་ནས་ཉི་ཤུ་རྩ་ཕྱེད་བདུན་ན་གཡོན་དུ་རླུང་གི་རླུང་ཞག་དགུ། ཡང་ཉི་ཤུ་རྩ་ཕྱེད་དྲུག་ན་གཡས་སུ་ཆུ་རླུང་ཞག་བཅུ། ཡང་ཉི་ཤུ་རྩ་ཕྱེད་ལྔ་ན་གཡོན་དུ་རླུང་གི་རླུང་ཞག་བཅུ་གཅིག་རྒྱུ་སྟེ། ཁྱིམ་དྲུག་གི་རླུང་གི་རླུང་ཟད་ནས་རྩ་དྲུག་སྟོངས་སོ། །ཡང་ཞག་ཉི་ཤུ་རྩ་ཕྱེད་བཞི་ན་གཡས་སུ་ཆུ་རླུང་ཞག་བཅུ་གཉིས་རྒྱུས་ནས་གཡས་ཀྱི་ཁྱིམ་དྲུག་གི་ཆུ་རླུང་ཟད་དེ་རྩ་དྲུག་སྟོངས་སོ། །དེ་ནས་ཞག་ཉི་ཤུ་རྩ་ཕྱེད་གསུམ་ན་གཡོན་དུ་ཞག་བཅུ་གསུམ་མེ་རླུང་རྒྱུའོ། །ཡང་ཞག་ཉི་ཤུ་རྩ་ཕྱེད་གཉིས་ན་གཡས་ནས་ཞག་བཅུ་བཞི་མེ་རླུང་རྒྱུའོ། །ཡང་ཞག་ཉི་ཤུ་ཕྱེད་བཅས་ན་གཡོན་ནས་མེ་རླུང་ཞག་བཅོ་ལྔའོ། །ཡང་གཡས་ནས་ཞག་བཅུ་དགུ་ཕྱེད་བཅས་ཀྱི་འོག་ཏུ་མེ་རླུང་ཞག་བཅུ་དྲུག་གོ །དེ་ནས་གཡོན་ནས་ཞག་ཕྱེད་དང་བཅུ་དགུའི་འོག་ཏུ་མེ་རླུང་ཞག་བཅུ་བདུན་རྒྱུ་སྟེ། གཡོན་པའི་ཁྱིམ་དྲུག་གི་མེ་རླུང་ཟད་ནས་རྩ་དྲུག་སྟོངས་སོ། །ཡང་ཞག་ཕྱེད་དང་བཅོ་བརྒྱད་ན་གཡས་ནས་མེ་རླུང་ཞག་བཅོ་བརྒྱད་རྒྱུ་སྟེ། གཡས་ཀྱི་ཕྱི་མ་དྲུག་གི་མེ་རླུང་ཟད་ནས་རྩ་དྲུག་སྟོངས་སོ། །ཡང་ཞག་ཕྱེད་དང་བཅུ་བདུན་ན་གཡོན་ནས་ཞག་བཅུ་དགུ་ཆུ་རླུང་རྒྱུའོ། །ཡང་ཞག་ཕྱེད་དང་བཅུ་དྲུག་ན་སྣ་གཡས་ནས་རླུང་གི་རླུང་ཞག་ཉི་ཤུའོ། །ཡང་ཞག་ཕྱེད་དང་བཅོ་ལྔ་ན་གཡོན་ནས་ཆུ་རླུང་ཞག་ཉེར་གཅིག་རྒྱུའོ། །ཡང་ཞག་ཕྱེད་དང་བཅུ་བཞི་ན་གཡས་ནས་རླུང་གི་རླུང་ཞག་ཉེར་གཉིས་སོ། །ཡང་ཞག་ཕྱེད་དང་བཅུ་གསུམ་ན་གཡོན་ནས་ཆུ་རླུང་ཞག་ཉེར་གསུམ་རྒྱུས་ཏེ་ཆུ་རླུང་གི་ཁམས་ཟད་ནས་རྩ་དྲུག་སྟོངས་སོ། །ཡང་ཞག་ཕྱེད་དང་བཅུ་གཉིས་ན་གཡས་ནས་རླུང་གི་རླུང་ཞག་ནི། ཉེར་བཞི་རྒྱུས་ཏེ་རླུང་གི་རླུང་ཟད་ནས་རྩ་དྲུག་སྟོངས་སོ། །ཡང་ཞག་ཕྱེད་དང་བཅུ་གཅིག་ན། གཡོན་ནས་ས་རླུང་ཞག་ཉེར་ལྔ་རྒྱུའོ། །ཡང་ཞག་ཕྱེད་དང་བཅུ་ན་གཡས་སུ་མཁའ་རླུང་ཞག་ཉེར་དྲུག་རྒྱུའོ། །ཡང་ཞག་ཕྱེད་དང་དགུ་ན་གཡོན་ནས་ཁ་རླུང་ཞག་ཉེར་བདུན་རྒྱུའོ། །ཡང་ཞག་ཕྱེད་དང་བརྒྱད་ནས་གཡས་སུ་མཁའ་རླུང་ཞག་ཉེར་བརྒྱད་རྒྱུའོ། །ཡང་ཞག་ཕྱེད་དང་བདུན་ན་གཡོན་ནས་ས་རླུང་ཞག་ཉེར་དགུ་རྒྱུ་སྟེ། གཡོན་གྱི་ས་རླུང་ཟད་པས་རྩ་དྲུག་སྟོངས་ཏེ། གཡོན་གྱི་རླུང་ལྔ་ཟད་པས་གཡོན་གྱི་ཁྱིམ་དྲུག་གི་རྩ་སུམ་ཅུར་རླུང་མི་རྒྱུའོ། །ཡང་ཞག་ཕྱེད་དང་དྲུག་ན་གཡས་སུ་མཁའ་རླུང་ཞག་སུམ་ཅུ་སྟེ། དེ་ནས་འཚོ་བའི་ཞག་ཕྱེད་དང་ལྔ་རྒྱུ་ཞིང་། རྩ་དྲུག་སྟོངས་ནས་གཡས་ཀྱི་ཁྱིམ་དྲུག་གི་རྩ་སུམ་ཅུར་རླུང་མི་རྒྱུ་བས་ལྟེ་བའི་ཕྱིའི་རྩ་དྲུག་ཅུ་སྐམས་སོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་བཞིན་གཡས་ནས་མཉམ་པ་རུ། །གཉིས་བཞི་ལ་སོགས་ས་རླུང་ནས། །སྡུད་རིམ་འགག་ཅིང་ཁྱིམ་དྲུག་སྟོངས། །ཤེས་པའོ། །གཉིས་པ་ནི། གཡོན་པའི་རྒྱུ་ཚུལ་བཤད་པ་དེ་བཞིན་དུ་སྣ་གཡས་པ་ནས་ཀྱང་། གླང་ཀར་བུ་སྡིག་ཆུ་ཉ་སྟེ། མཉམ་པའི་ཁྱིམ་དྲུག་ཏུ་གཉིས་དང་བཞི་ལ་སོགས་པའི་ས་ཆུ་མེ་རླུང་ནམ་མཁའི་རླུང་སྟེ། འཇིག་རྟེན་སྡུད་ཅིང་འགག་པའི་རིམ་པས་ཁྱིམ་དྲུག་སྟོངས་པ་ཡིན་ནོ། །ཞེས་པ་སྟེ། ཚུལ་འདི་དག་ནི། ཇི་སྐད་བཤད་པའི་སྡུད་ཚུལ་རྒྱས་པ་ལས་ཤེས་པར་བྱའོ། །གསུམ་པ་ཁྱིམ་སྟོངས་ནས་ཚོར་བ་གསུམ་གྱི་རླུང་ཟད་དེ་གཞན་དུ་འཕོ་བའི་ངེས་པ་བསྟན་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་རྗེས་ཟླ་བ་གསུམ་པོ་ལ། །གཡོན་ནས་སོ་གཅིག་སྙིང་སྟོབས་ཟད། །གཡས་ནས་སོ་གཉིས་རྡུལ་ཟད་བྱེད། །རྩ་བའི་རྩ་ཆེན་དྲུག་དྲུག་འགག །དེ་རྗེས་སོ་གསུམ་རླུང་ཀུན་ཟད། །མུན་པ་ཆེན་པོ་ཟད་ཕྱེད་རླུང་། །ཞག་གཅིག་རྒྱུ་ཞིང་འཕོ་བར་བྱེད། །ཅེས་པའོ། །གཉིས་པ་ནི། དེ་ལྟར་གོང་གི་འཆི་བལྟས་ཟླ་བ་གཅིག་འཕེལ་ནས་ཟླ་བ་སོ་ཕྱེད་དང་ལྔ་འདས་པའི་རྗེས་སུ། ཟླ་བ་གསུམ་དང་ཞག་བདུན་གྱི་བར་གྱི་ལྷག་མ་རྣམས་བསྡུས་ནས་བསྟན་ཏེ། དེའི་འོག་ཏུ་གཡོན་ནས་ཞག་སོ་གཅིག་རྒྱུ་བས་བད་ཀན་གྱི་ཁམས་དང་ཟླ་བའི་རླུང་རྣམས་འཕོ་བས་ཁྱིམ་དྲུག་གི་རྩ་དྲུག་སྟོངས་པ་ལ་སྙིང་སྟོབས་ཟད་པར་བརྗོད་དོ། །དེ་ནས་གཡས་སུ་འཕོས་ནས་ཞག་སོ་གཉིས་རྒྱུ་བ་ལ་མཁྲིས་པའི་ཁམས་དང་། ཉི་མའི་རླུང་ཐམས་ཅད་ཟད་དེ། ཁྱིམ་དྲུག་གི་རྩ་བ་ཡང་སྐམས་ནས་ལྟེ་བའི་རྩ་དོན་གཉིས་པོ་ཐམས་ཅད་འགགས་པས། ཉི་མའི་ཁམས་ཟད་པ་ལ་རྡུལ་ཟད་ཅེས་ཐ་སྙད་བཏགས་སོ། །དེ་ནས་གཡོན་དུ་ཞག་སོ་གསུམ་རྒྱུ་བས། མུན་པ་དང་རླུང་གི་ཁམས་ཟད་ཅིང་། སྤྱི་བོའི་རྩ་བཅུ་བཞི་དང་། མགྲིན་པའི་ཉེར་བརྒྱད། སྙིང་གའི་བརྒྱད། གསང་བའི་ཉེར་བརྒྱད་རྣམས་སྐམས་ཏེ། དེ་ནས་ཕུང་པོ་ཁམས་སྐྱེ་མཆེད་རྣམས། ཡུལ་དང་ཡུལ་ཅན་ཇི་ལྟ་བ་བཞིན་དུ་སྦྱོར་བ་མེད་པས། ཞག་གཅིག་ཏུ་མུན་པ་ཆེན་པོའི་རླུང་གོ་རིམ་མེད་པར་རྒྱུས་ནས། ཡེ་ཤེས་ཀྱི་རླུང་ཟད་ནས་དབུ་མའི་ཡན་ལག་གི་རྩ་ཀུན་བསྡུས་ཏེ། ཐིག་ལེ་འདོར་ཞིང་རྣམ་ཤེས་འཇིག་རྟེན་གྱི་ཁམས་གཞན་དུ་འཕོ་བར་འགྱུར་རོ། །དོན་འདི་དག་ནི། དུས་འཁོར་འགྲེལ་ཆེན་དུ། ཉིན་ཞག་སུམ་ཅུ་རྩ་གསུམ་རྒྱུ་བ་དང་འཕོ་བའི་ཉིན་ཞག་སུམ་ཅུ་རྩ་གསུམ་གྱིས་སོ། །ཁྱིམ་གཉི་གའི་ཉིན་ཞག་བསྡུས་པས་ཉིན་ཞག་གསུམ་གྱིས་དམན་པའི་ལོ་གསུམ་དང་ཕྱོགས་གསུམ་གྱི་ཉིན་ཞག་ཉི་ཤུ་རྩ་གཉིས་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་ཏུ་འགྱུར་རོ། །དཀྱིལ་འཁོར་ལྔ་དང་སྙིང་སྟོབས་དང་རྡུལ་དང་མུན་པའི་རྩ་གཅོད་པ་ནི་སྲོག་གི་རླུང་གི་གནས་ཡོངས་སུ་འདོར་བ་སྟེ། ཞེས་གསུངས་པས། འཆི་བལྟས་རྒྱུ་བའི་བར་ནི་གཡས་སུ་ཞག་ཉིས་བརྒྱ་དང་བདུན་ཅུ་དོན་ཕྱེད་དང་བརྒྱད། གཡོན་དུ་ཞག་ཉིས་བརྒྱ་དང་དགུ་བཅུ་གོ་ཕྱེད་དང་གསུམ་དང་། འཆི་བལྟས་འཕེལ་བ་ལ་གཡས་ཀྱི་ཞག་ཉིས་བརྒྱ་བདུན་ཅུ། གཡོན་གྱི་ཞག་ཉིས་བརྒྱ་ལྔ་བཅུ་རྩ་ལྔ། དབུས་ཀྱི་ཞག་སུམ་ཅུ་རྣམས་སྡོམས་པས། ལོ་གསུམ་ཕྱོགས་གསུམ་གྱི་ཞག་ཏུ་དགོངས་པའོ། །དེའི་རྗེས་སུ་ཡང་། གཡས་གཡོན་གྱི་འཕེལ་བའི་ལྷག་ཞག་གསུམ་དང་དབུ་མའི་ཞག་གསུམ། སྔར་གྱི་ལྷག་མ་གསུམ་དང་དགུ་ཡོད་པ་ནི། མངལ་གྱི་ཟླ་བ་དགུའི་དབྱུག་གུ་བསྡུས་པས་ཞག་དགུར་འགྱུར་བར་གསུངས་ཏེ། དེའི་རྒྱུ་མཚན་གྱིས་ལྷག་པ་ཡིན་ལ། ཞག་གཅིག་པོ་ནི། མངལ་དང་པོའི་ཟླ་བ་གཅིག་གི་སྲོག་ཟད་པའི་ཕྱིར། བཤད་པ་ཡིན་ཏེ། འགྲེལ་ཆེན་ལས། དེ་ནས་གཞན་ནི་སུམ་ཅུ་དག་དང་སྟེ་མངལ་བཟུང་བའི་ཟླ་བའི་ཉིན་ཞག་གི་ཚོགས་ཉིན་ཞག་སུམ་ཅུའི་བདག་ཉིད་དང་། འཚོ་བ་དག་གིས་མཚན་མོ་གསུམ་གྱི་བར་དུའོ། །ཞེས་གསུངས་པས་སོ། །བཞི་པ་དབུ་མའི་འཆི་བལྟས་ཀྱི་ཞག་ངོས་བཟུང་བ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། སོ་གཉིས་ཕྱེད་བཅས་ཀྱིས་བགོས་པས། །དབུ་མའི་འཆི་བལྟས་ངེས་པ་ཡིན། །ཞེས་སོ། །གཉིས་པ་ནི། འདིར་འཆི་བལྟས་ཀྱི་ཞག་རགས་པ་བརྩིས་པའི་སུམ་ཅུ་སོ་བཞི་ལོ་གསུམ་ཕྱོགས་གསུམ་ལ་འཕེལ་བའི་ངེས་པ་བསྟན་པ་ཡིན་ཏེ། ཞིབ་མོར་རྩི་ན། ཞག་གཅིག་ལ་ཆུ་ཚོད་གཅིག །ཆུ་སྲང་ལྔ། དབུགས་གཅིག་ཡིན་ཏེ། ཐ་མའི་མུན་པ་ཟད་བྱེད་ལ་དབུགས་ཕྱེད་ལས་མེད་པར་འོག་ཏུ་དྲངས་པའི་ལུང་གིས་འགྲུབ་པར་འགྱུར་བ་ཡིན་ནོ། །དེ་ལ་མུན་པ་ཆེན་པོའི་ཞག་གཅིག་པོ་དེ་ཡང་། ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ཡིན་ཏེ། དེའི་ཚེ་དབུ་མའི་རྩ་ཆེན་པོ་དྲུག་དོར་ཞིང་། ཀུན་གཞིའི་རྣམ་ཤེས་སྲོག་རླུང་དང་ལྷན་ཅིག་ཕ་རོལ་དུ་འགྲོ་སྟེ། །དབུ་མའི་སྒྲ་གཅན་གྱི་འཆི་བལྟས་ཡོངས་སུ་རྫོགས་པར་བསྟན་པ་ཡིན་པའི་ཕྱིར། །ཚུལ་འདི་དག་ཀྱང་དུས་འཁོར་བསྡུས་རྒྱུད་ལས། །དུས་ཀྱི་ལོ་ཡི་བར་དུ་ངེས་པར་ཉིན་ཞག་བགྲོད་པའི་དབང་གིས་འཕོ་ཞིང་རྒྱུ་བར་བྱེད་པ་སྟེ། །ཟླ་བ་ཞེས་དང་ཉི་མའི་ལམ་ལ་མི་མཉམ་མཉམ་པའི་ཉིན་ཞག་རེ་རེ་འཕེལ་བས་རིམ་པས་སོ། །སླར་ཡང་འཕོ་བའི་དབྱེ་བ་མི་མཉམ་མཉམ་པའི་ཉིན་ཞག་རྣམས་ཀྱིས་བཅུ་གཉིས་རྩིབས་ལ་བྱེད་པ་སྟེ། །ཕྱེད་དང་བཅས་པའི་ཟླ་བ་ཇི་སྲིད་གཞན་ནི་སུམ་ཅུ་དག་དང་འཚོ་བ་དག་གི་མཚན་མོ་གསུམ། །དབུགས་དང་ཆུ་སྲང་དང་ནི་ཆུ་ཚོད་ཉིན་མཚན་དུས་རྣམས་དེ་ནི་རིམ་པ་དག་གིས་རྒྱུ་བ་སྟེ། །བགྲོད་པའི་ཡན་ལག་ལས་ནི་ལོ་བདུན་དག་གིས་བགྲོད་པ་འགྲོ་བའི་དབང་ལས་ལོ་ནི་དྲུག་ཅུས་ཀྱང་། །ཟླ་བ་གསུམ་ལས་སུམ་ཅུའི་ལོ་ཡིས་ཉིན་ཞག་བགྲོད་པའི་དབང་ལས་དུས་ཀྱི་ལོ་དང་ཕྱོགས་ཀྱིས་ཀྱང་། །ཞེས་གསུངས་པ་ནི། འདི་དག་རྒྱས་པར་བཤད་པའི་གཞུང་ངོ་། །འོ་ན་གཡས་གཡོན་དང་དབུ་མའི་འཆི་བལྟས་ལོ་གསུམ་ཕྱོགས་གསུམ་ལ་སོ་སོར་བགོས་པའི་ཚུལ་ཇི་ལྟ་བུ་ཞེ་ན། ལོ་གསུམ་ཕྱོགས་གསུམ་ལ་སོ་གཉིས་ཕྱེད་བཅས་ཀྱིས་བགོས་པས། ཞག་སོ་བཞི། ཆུ་ཚོད་སོ་དྲུག ཆུ་སྲང་ང་ལྔ། དབུགས་གཉིས། དབུགས་གཅིག་གི་སོ་ཕྱེད་དང་གསུམ་གྱི་ཆ་བཅུ་རྣམས་ནི་དབུ་མའི་འཆི་བལྟས་ཀྱི་སྐལ་བ་ཡིན་ནོ། །འདིའི་ཚུལ་ནི། ཕན་ཚུན་ཤེད་མཚུངས་པའི་རིགས་པས་བགོ་བྱ་བགོ་བྱེད་གཉིས་ཀ་གཉིས་ཀྱིས་བསྒྱུར་ནས་བགོད་བྱེད་རེ་ལྔར་གྱུར་པ་ངེས་བགོས་པ་སྟེ། ལོ་གསུམ་ཕྱོགས་གསུམ་གྱི་ཞག་སྟོང་བརྒྱ་ཉེར་ལྔ་ལ། སོ་གཉིས་ཕྱེད་བཅས་ཀྱིས་བགོས་པའི་ཐོབ་ནོར་ནི་ཞག་གི་ཚོགས་དང་། ལྷག་མ་ཆུ་ཚོད་ཀྱིས་བསྒྱུར་ནས་བགོས་པའི་ལྷག་མ་ཆུ་སྲང་དབུགས་སོ་གཉིས་ཕྱེད་བཅས་ཆའི་བར་དུ་བསྒྱུར་ནས་བགོས་པའི་ཐོབ་ནོར་རྣམས་དེ་དང་དེའི་གྲངས་ཀྱི་ཆའོ། །ལོ་གསུམ་ཕྱོགས་གསུམ་གྱི་ཞག་གི་ཚོགས་ལ་གཉིས་ཀྱིས་བགོས་པའི་ཐོབ་ནོར་ནི། གཡས་གཡོན་གྱི་ཉི་ཟླའི་འཆི་བལྟས་ཀྱི་ཞག་ལྷག་མ་ཆུ་ཚོད་སོགས་སུ་བསྒྱུར་ནས་དེ་ཉིད་ཀྱིས་ཐོབ་པ་ནི་དེའི་ཆ་ཤས་ཡིན་ཏེ། དེ་སྐད་དུ་ཡང་བསྡུས་རྒྱུད་ལས། དུས་ཀྱི་འཁོར་ལོ་དག་ལ་ཕྱེད་བཅས་སུམ་ཅུ་གཉིས་ཀྱིས་བགོས་པའི་ཉིན་ནས་ཚོགས་ཀྱིས་རྒྱུ་བར་འགྱུར། ཞེས་གསུངས་ཤིང་། དེའི་འགྲེལ་ཆེན་དུ། འདིར་ལོ་གསུམ་དང་ཟླ་བ་ཕྱེད་པ་གསུམ་གྱིས་ཞག་སྟོང་དང་བརྒྱ་ཉི་ཤུ་རྩ་ལྔ་ལ། སུམ་ཅུ་ཕྱེད་དང་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་ལས་ཐོབ་པའི་ཉིན་ཞག་གི་ཚོགས་ནི་ལྟེ་བའི་མཐར་ཐུག་པར་རིག་པར་བྱའོ། །འདིར་ཕྱེད་དང་བཅས་པའི་སུམ་ཅུ་རྩ་གཉིས་ཀྱིས་ཐོབ་པ་རྒྱུ་བའི་ཉིན་ཞག་སུམ་ཅུ་རྩ་བཞི་དང་། ཆུ་ཚོད་སུམ་ཅུ་རྩ་དྲུག་དང་། ཆུ་སྲང་ལྔ་བཅུ་རྩ་ལྔ་དང་། ཕྱེད་དང་བཅས་པའི་དབུགས་གཉིས་ཏེ། འདི་དག་ལས་ཉིན་ཞག་གཅིག་ནི་ལྟེ་བ་ལའོ། །ལྷག་མ་ནི་གཡོན་དང་གཡས་པའི་འཆི་བལྟས་སུ་རིག་པར་བྱའོ། །ཉིན་ཞག་སོ་སོར་རྒྱུ་བ་ནི་ཆུ་ཚོད་ལྷག་པར་འགྱུར་ཏེ། མཐའི་རྒྱུ་བ་ནི་གཡས་པའི་རྩ་ལའོ། །དུས་ཀྱི་འཆི་བའི་ངེས་པའོ། །ཞེས་གསུངས་པས་སོ། །དེ་ཡང་གཡས་གཡོན་གྱི་ཉི་ཟླའི་རླུང་གཉིས་པོ་ལ་ཞག་ལྔ་བརྒྱ་བཞི་བཅུ་རྩ་ལྔ་ཆུ་ཚོད་བཅུ་གཅིག་ཆུ་སྲང་སོ་གཉིས་དབུགས་གཅིག་དབུགས་ཀྱི་བཞི་སུམ་ཆ་དང་བཅས་པ་རེ་རེ་ཡོད་པ་ནི་ཉི་ཟླའི་འཆི་བལྟས་དངོས་ཡིན་ནོ། །གསུམ་པ་གཡས་ཉི་མའི་འཆི་བལྟས་བཤད་པ་ལ། མདོར་བསྟན་དང་། རྒྱས་བཤད་གཉིས་ལས། དང་པོ་ནི། དེ་ནས་དུས་མིན་ཉི་མ་ཡི། །འཆི་བལྟས་ངེས་པ་འདི་ལྟ་སྟེ། །ཞེས་པའོ། །འདིའི་ཚིག་དོན་ནི། དེ་ལྟར་དབུ་མའི་འཆི་བལྟས་བཤད་ཟིན་པའི་རྗེས་དེ་ནས། སྔོན་གྱི་ལས་ཀྱི་དབང་གིས་དུས་མ་ཡིན་པར་འཆི་བ་འབྱུང་བས། གཡས་ཉི་མའི་ཁམས་ཟད་ནས་འཆི་བལྟས་འབྱུང་བའི་ངེས་པ་ནི་འདི་ལྟ་སྟེ། རྒྱས་པར་བཤད་པར་བྱའོ། །ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ། ལྔ་ཚན་དུ་འཆི་བལྟས་འཕེལ་ཚུལ་བཤད་པ། འཆི་བལྟས་འཕེལ་བ་ལ་བརྟེན་ནས་ཁྱིམ་ཇི་ལྟར་སྟོངས་པའི་ཚུལ་བཤད་པ། འཆི་བ་བཟློག་མི་ནུས་པའི་ས་མཚམས་ངོས་བཟུང་བ། བཟློག་ཏུ་མེད་པ་ནས་ཚེ་ལྷག་ཇི་ལྟར་ལུས་པའི་ཚུལ་བཤད་པ། གཡོན་ཟླ་བའི་རླུང་ཟད་ནས་གཞན་དུ་འཕོ་བའི་ཚུལ་བཤད་པ་དང་ལྔ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། གཡས་སུ་ཞག་གཅིག་རྒྱུ་བ་ནི། །ལོ་གསུམ་ཕྱོགས་གསུམ་ན་འཆིའོ། །ལྔ་རྒྱུ་ལོ་གསུམ་ཚེ་ཡིན་ཏེ། །བཅུ་རྒྱུ་ལོ་གཉིས་ཚེ་ཡིན་ནོ། །བཅོ་ལྔ་རྒྱུ་ན་ལོ་གཅིག་ཚེ། །ཉི་ཤུ་རྒྱུ་ན་ཟླ་དྲུག་འཚོ། །ཉེར་ལྔ་རྒྱུ་ན་ཟླ་བ་གསུམ། །དེ་རྣམས་ལྔ་ཚན་འཕེལ་བ་སྟེ། །ཞེས་པའོ། །གཉིས་པ་ནི། དེ་ལྟར་འཆི་བལྟས་ཞག་ཏུ་ལོངས་ནས་སྣ་གཡས་སུ་ཞག་གཅིག་རྒྱུ་བ་ནི། ལོ་གསུམ་ཕྱོགས་གསུམ་ན་ངེས་པར་འཆིའོ། །དེ་ནས་ཁྱིམ་བཅུ་གཉིས་པའི་གཡས་ཕྱོགས་ནས་བཟུང་སྟེ། གླང་སོགས་མཉམ་པའི་དུས་སྦྱོར་གྱི་རྩ་ནས་བཟུང་ནས་ཁྱིམ་བཅུ་གཉིས་རིམ་པས་འདོར་ཞིང་། ལྟེ་བའི་ཁྱིམ་བཅུ་གཉིས་ཀྱི་རྩ་འདབ་དྲུག་ཅུ་འགག་པར་འགྱུར་བ་ཡིན་ཏེ། དེ་ལ་གང་གི་ཚེ་སྣ་གཡས་སུ་ཞག་ལྔ་རྒྱུ་བ་དེའི་ཚེ། གླང་གི་ཁྱིམ་གྱི་རྩ་ལྔ་འགགས་པའི་རྟགས་ཏེ། ཚེའི་ལྷག་མ་ལོ་གསུམ་ཁོ་ན་ཡིན་ནོ། །དེ་ནས་ལོ་གཅིག་གི་བར་དུ་རིམ་པས་འཕེལ་ནས་སྣ་གཡས་སུ་ཞག་བཅུ་རྒྱུ་བའི་ཚེ་ན་ཁྱིམ་གཉིས་པའི་རྩ་ལྔ་དོར་ནས་ཚེའི་ལྷག་ལོ་གཉིས་ཡིན་ནོ། །ཡང་ལོ་གཅིག་གི་བར་དུ་དཀྱིལ་འཁོར་ལྔ་འཕེལ་ནས་སྣ་གཡས་སུ་ཞག་བཅོ་ལྔ་རྒྱུ་བ་ནི། ཁྱིམ་གསུམ་པའི་རྩ་ལྔ་འགགས་ནས་ལོ་གཅིག་གི་ཚེ་ལུས་པ་ཡིན་ནོ། །དེ་ནས་ཟླ་རེར་ཞག་རེ་འཕེལ་ནས། ཟླ་དྲུག་ན་སྣ་གཡས་སུ་ཞག་ཉི་ཤུ་རྒྱུ་ན། ཁྱིམ་བཞི་པའི་རྩ་ལྔ་འགགས་ནས་ཟླ་བ་དྲུག་འཚོའོ། །དེ་ནས་ཟླ་བ་གསུམ་ལ་ཞག་ལྔ་འཕེལ་ནས་སྣ་གཡས་ནས་ཉེར་ལྔ་རྒྱུ་ན། ཁྱིམ་ལྔ་པའི་རྩ་ལྔ་འགགས་ནས་ཚེའི་ལྷག་མ་ཟླ་བ་གསུམ་ལུས་པ་ཡིན་ནོ། །དེ་རྣམས་ནི་ལོ་དང་ཟླ་བ་ལ་འཆི་བལྟས་ཀྱི་ཞག་ལྔ་ཚན་དུ་འཕེལ་བའི་རིམ་པ་བཤད་པ་སྟེ་གཡས་ཉི་མའི་འཆི་བལྟས་འཕེལ་བའི་ཚུལ་ལོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཁྱིམ་ལྔ་སྟོངས་པར་འགྱུར་བ་ཡིན། དེ་ནས་རེ་རེ་ཁྱིམ་རེ་འདོར། །ཉེར་དྲུག་རྒྱུ་བས་ཟླ་གཉིས་ཚེ། །ཉེར་བདུན་རྒྱུ་བས་ཟླ་གཅིག་ཐུབ། །ཅེས་པའོ། །གཉིས་པ་ནི། དེ་ལྟར་གོང་དུ་ལྔ་ཚན་དུ་འཆི་བལྟས་འཕེལ་བའི་སྟོབས་ཀྱིས་ཁྱིམ་ལྔ་སྟོངས་པར་འགྱུར་བ་ཡིན་ལ། དེ་ནས་ཞག་རེ་རེ་ཞིང་འཆི་བལྟས་ཞག་རེ་རེ་འཕེལ་བས་ཁྱིམ་རེ་རེ་འདོར་བར་འགྱུར་ཏེ། དེ་ནས་སྣ་གཡོན་ནས་ཞག་བཞི་དང་སྣ་གཡས་ནས་ཞག་ཉེར་དྲུག་རྒྱུ་བས། ཁྱིམ་དྲུག་པའི་རྩ་ལྔ་སྟོངས་ནས་ཚེའི་ལྷག་མ་ཟླ་བ་གཉིས་ལུས་སོ། །དེ་ནས་སྣ་གཡོན་པ་ནས་ཞག་གསུམ་དང་། སྣ་གཡས་པ་ནས་ཉེར་བདུན་རྒྱུ་བས་ཁྱིམ་བདུན་པའི་རྩ་ལྔ་སྐམས་ནས། ཚེའི་ལྷག་མ་ཟླ་བ་གཅིག་ཐུབ་སྟེ། འདི་ཚུན་ཆད་དུ་རྣལ་འབྱོར་གྱི་སྟོབས་ཀྱིས་འཆི་བ་སླུ་བར་ནུས་པ་ཡིན་ནོ། །གསུམ་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཁྱིམ་བདུན་འདས་ནས་རྒྱས་པ་སྟེ། །དེ་ནས་སུས་ཀྱང་བཟློག་མི་ནུས། །ཤེས་པའོ། །གཉིས་པ་ནི། དེ་ལྟར་འཆི་བལྟས་འཕེལ་ཡང་ཁྱིམ་བདུན་པ་མ་འདས་པའི་བར་དུ། རྣལ་འབྱོར་གྱི་སྟོབས་ཀྱིས་འཆི་བ་བཟློག་པར་ནུས་སུ་ཟིན་ཀྱང་། ཁྱིམ་བདུན་པ་འདས་ནས་འཆི་བལྟས་རྒྱས་པ་སྟེ་ཚེའི་ནུས་པ་ཟད་པ་ཡིན་པས། དེ་ནས་སུས་ཀྱང་འཆི་བ་དེ་བཟློག་པར་མི་ནུས་སོ། །ཞེས་པའོ། །བཞི་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཞག་ནི་སོ་གསུམ་ན་འཆི་བ། །བཅོ་ལྔ་བཅུ་དང་ལྔ་དང་གསུམ། །ཁྱིམ་བཞི་འདོར་བྱེད་བཅུ་གཅིག་སྟོངས། །ཉི་མའི་སྟོབས་ཟད། ཅེས་པའོ། །གཉིས་པ་ནི། དེ་ནས་ཞག་སོ་གསུམ་ན་འཆི་བ་ཡིན་པས་ཚེའི་ལྷག་མ་ཟླ་བ་གཅིག་པོ་དེའི་ཞག་བཅོ་ལྔ་ལ་ཁྱིམ་བརྒྱད་པའི་རྩ་ལྔ་སྐམ་མོ། །དེ་ནས་ཞག་བཅུའི་བར་དུ་ཁྱིམ་དགུ་པའི་རྩ་ལྔ་སྐམ་མོ། །དེ་ནས་ཞག་ལྔ་ན་ཁྱིམ་བཅུ་པའི་རྩ་ལྔ་སྐམ་མོ། །དེ་ནས་ཞག་གསུམ་ན་ཁྱིམ་བཅུ་གཅིག་པའི་རྩ་ལྔ་སྐམ་སྟེ། དེ་ལྟར་ཞག་པོ་གསུམ་དུ་སྣ་གཡས་ནས་རྒྱུ་བས་ཁྱིམ་བཞི་འདོར་བར་བྱེད་ཅིང་། སྤྱིར་ཁྱིམ་བཅུ་གཅིག་སྟོངས་ནས་ཉི་མའི་སྟོབས་ཟད་པ་ཡིན་ནོ། །ལྔ་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེའི་འོག་ཏུ། ཟླ་བ་ཟད་པར་བྱེད་པའི་རླུང་། །གཡོན་ནས་ཞག་གཉིས་རྒྱུ་བར་བྱེད། །ཁྱིམ་ནི་བཅུ་གཉིས་པ་ཡང་སྟོངས། །དེ་ནས་དབུ་མར་ཞག་གཅིག་རྒྱུ། །རྣམ་ཤེས་ཕ་རོལ་འགྲོ་བར་བྱེད། །ཅེས་པའོ། །གཉིས་པ་ནི། ཉི་མའི་སྟོབས་ཟད་པ་དེའི་འོག་ཏུ་ཟླ་བའི་སྟོབས་ཟད་པར་བྱེད་པའི་རླུང་ཞག་གཉིས་རྒྱུ་བར་བྱེད་དེ། ཁྱིམ་བཅུ་གཉིས་པ་ལུག་གི་ཁྱིམ་གྱི་རྩ་ལྔ་ཡང་སྟོངས་ཏེ། ལྟེ་བའི་རྩ་ཐམས་ཅད་དུ་རླུང་མི་རྒྱུ་བས་གོང་དུ་བཤད་པ་ལྟར་མུན་པ་ཆེན་པོའི་རླུང་དབུ་མར་ཞག་གཅིག་རྒྱུས་ནས་རྣམ་པར་ཤེས་པ་འཇིག་རྟེན་ཕ་རོལ་དུ་འགྲོ་བར་བྱེད་པ་ཡིན་ནོ། །ཚུལ་འདི་དག་ཀྱང་། དུས་འཁོར་བསྡུས་རྒྱུད་ལས། ཇི་སྐད་དུ། ལྔ་ནས་ཉི་ཤུ་རྩ་ལྔའི་ཉིན་ཞག་བགྲོད་པ་སྐྱེ་བ་ལྔ་ནི་འཕེལ་བ་དག་གིས་སྐྱེ་བ་སྟེ། །དེ་ནས་རེ་རེ་ལྷག་པས་བཅུ་ནས་གསུམ་གྱིས་བསྒྱུར་བ་དག་ཀྱང་གསུམ་ནི་ལྷག་པ་ཇི་སྲིད་ཉིད། །དུས་ནི་རྫོགས་ནའོ་ལོ་རྣམས་གསུམ་མིག་ཟླ་བ་དེ་དག་རྣམས་དང་དྲུག་གསུམ་ཟུང་དང་ཟླ་བ་གང་། །ཟླ་བ་དེ་དག་རྣམས་དང་ཉིན་ཞག་ཚེས་ཕྱོགས་མདའ་དང་ཡོན་ཏན་གཉིས་ཟླ་འཚོ་བའི་ལྷག་མའོ། །རང་གི་གནས་ནས་མཆོག་གི་ཆ་ཡིས་ཁྱིམ་གྱི་འཁོར་ལོ་འདོར་ཏེ་ཉམས་དང་ལྷག་མ་མཚུངས་པ་ཡི། །ལོ་དང་ཟླ་བ་ཞག་གིས་ཀྱང་སྟེ་གསུམ་མིག་རི་བོང་ཅན་དང་དྲུག་གསུམ་ཟུང་དང་ཟླ་བས་ཀྱང་། །རྫོགས་པ་ནས་ནི་ལྷག་མ་མཚུངས་པའི་ཚེས་ཕྱོགས་མདའ་དང་ཡོན་ཏན་རྣམས་དང་ལྟེ་བར་རབ་ཞུགས་པའི། །སུམ་ཅུ་རྩ་དྲུག་གིས་ཏེ་ཉིན་ཞག་མཐར་ནི་ཉིན་མོར་བྱེད་པའི་འཆི་བལྟས་སྦྱོར་བས་འཆི་བར་འགྱུར། ཞེས་གསུངས་པ་ལྟར་ཡིན་ནོ། །བཞི་པ་གཡོན་ཟླ་བའི་འཆི་བལྟས་བཤད་པ་ལ། མདོར་བསྟན་དང་། རྒྱས་བཤད་གཉིས་ལས། དང་པོ་ནི། གཡོན་གྱི་ཟླ་བའི་རྟགས་བཤད་པ། ཞེས་པ་སྟེ། གཡས་ཉི་མའི་འཆི་བལྟས་བཤད་པའི་རྗེས་སུ་གཡོན་ཟླ་བའི་འཆི་བལྟས་ཀྱི་རྟགས་རྣམས་བཤད་པར་བྱའོ། །ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ། ཟླ་བའི་འཆི་བལྟས་ངོས་བཟུང་བ། འཆི་བལྟས་འཕེལ་བའི་ཚུལ་རྒྱས་པར་བཤད་པ། ཚེའི་ལྷག་མ་ངོས་བཟུང་བ། གཡས་ཉི་མའི་རླུང་ཟད་ནས་གཞན་དུ་འཕོ་བའི་ཚུལ་བཤད་པ་དང་བཞི། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། གཡོན་ནས་ཞག་གཅིག་རྒྱུ་བ་ནི། ལོ་གསུམ་ཕྱོགས་གསུམ་ན་འཕོའི་རྟགས། དེ་ནས་ཟླ་བ་དྲུག་པ་ལ། ཞག་རེ་འཕེལ་བས་ཞག་གསུམ་རྒྱུ། དེ་ནས་ཟླ་བ་སུམ་ཅུའི་ཚེ། །ལྟེ་བའི་ཁྱིམ་གཅིག་སྟོངས་པ་ཡིན། །ཞེས་པའོ། །གཉིས་པ་ནི། སྐྱེས་བུ་འགའ་ཞིག་དུས་མ་ཡིན་པར་འཆི་བའི་བལྟས་སྣ་གཡོན་པར་ལུས་ལ་སོགས་པ་མི་མཐུན་པའི་དུས་སྦྱོར་ལ་སྲོག་རྒྱུ་བ་ཡོད་པས་གཡོན་ནས་ཞག་གཅིག་རྒྱུས་ན། ལོ་གསུམ་ཕྱོགས་གསུམ་ན་འཆི་བའི་རྟགས་སོ། །དེ་ནས་ཟླ་བ་གཉིས་གཉིས་ན་འཆི་བལྟས་ཞག་རེ་རེ་འཕེལ་ཏེ། ཟླ་བ་དྲུག་འདས་པའི་རྗེས་སུ་སྣ་གཡོན་དུ་ཞག་གསུམ་རྒྱུ་བས། དེ་ནས་ཟླ་བ་སུམ་ཅུའི་ཚེ་ལུས་ཏེ་ལྟེ་བའི་ལུག་ཁྱིམ་གྱི་རྩ་ལྔ་སྟོངས་པ་ཡིན་ནོ། །ཞེས་སོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ནས་ཟླ་བ་རེ་རེ་བཞིན། །འཆི་བལྟས་ཞག་ནི་རེ་རེ་འཕེལ། །ཟླ་བ་གསུམ་གྱིས་ཁྱིམ་རེ་འདོར། །གཡོན་རླུང་ཞག་གྲངས་འཕེལ་བ་བཞིན། །འཚོ་བའི་ཟླ་བ་འབྲི་བ་ཡིན། །ཞེས་སོ། །གཉིས་པ་ནི། དེ་ལྟར་ལུག་ཁྱིམ་སྟོངས་པའི་རྗེས་དེ་ནས་ཟླ་བ་རེ་རེ་བཞིན་དུ་གཡོན་དུ་འཆི་བལྟས་ཀྱི་ཞག་རེ་རེ་འཕེལ་བས། གཡོན་དུ་ཞག་དྲུག་རྒྱུས་ན་ཁྱིམ་གཉིས་པའི་རྩ་ལྔ་སྒམ་མོ། །ཚེ་ལྷག་ཟླ་བ་ཉེར་བདུན་ལུས་སོ། །གཡོན་ནས་ཉི་མ་དགུ་རྒྱུ་བས་ཁྱིམ་གསུམ་པའི་རྩ་ལྔ་སྟོངས་ཏེ་ཚེ་ལྷག་ཟླ་བ་ཉེར་བཞིའོ། །ཉི་མ་བཅུ་གཉིས་རྒྱུ་བ་ན་ཁྱིམ་བཞི་པའི་རྩ་ལྔ་སྟོངས་ཏེ་ཚེ་ལྷག་ཟླ་བ་ཉེར་གཅིག་གོ། །ཉི་མ་བཅོ་ལྔ་རྒྱུ་བ་ན་ཁྱིམ་ལྔ་པ་འདོར་ཞིང་ཚེ་ལྷག་ཟླ་བ་བཅོ་བརྒྱད་དོ། །གཡོན་ནས་ཉི་མ་བཅོ་བརྒྱད་རྒྱུ་བ་ན་ཁྱིམ་དྲུག་པའི་རྩ་ལྔ་འདོར་ཞིང་ཚེ་ལྷག་ཟླ་བ་བཅོ་ལྔ་ལུས་སོ། །ཉི་མ་ཉེར་གཅིག་གཡོན་དུ་རྒྱུས་ན་ཁྱིམ་བདུན་པའི་རྩ་ལྔ་འདོར་ཞིང་ཚེ་ལྷག་ཟླ་བ་བཅུ་གཉིས་ལུས་སོ། །གཡོན་ནས་ཞག་ཉེར་བཞི་རྒྱུས་ན་ཁྱིམ་བརྒྱད་པའི་རྩ་ལྔ་འདོར་ཞིང་ཚེ་ལྷག་ཟླ་བ་དགུ་ལུས་སོ། །གཡོན་ནས་ཞག་ཉེར་བདུན་རྒྱུ་བ་ན་ཁྱིམ་དགུ་པའི་རྩ་ལྔ་འདོར་ཞིང་ཚེ་ལྷག་ཟླ་བ་དྲུག་གོ །གཡོན་ནས་ཟླ་གཅིག་རྒྱུ་བ་ན་ཁྱིམ་བཅུ་པའི་རྩ་ལྔ་འདོར་ཞིང་ཚེ་ལྷག་ཟླ་བ་གསུམ་མོ། །དེ་ནས་ཟླ་བ་གསུམ་ལ་ཁྱིམ་བཅུ་གཅིག་པའི་རྩ་ལྔ་དོར་ནས་འཆི་བལྟས་སྣ་གཡོན་ནས་ཞག་སོ་གསུམ་རྒྱུ་སྟེ། དེ་ནས་ཟླ་བའི་ནུས་པ་ཐམས་ཅད་ཟད་ནས་ངེས་པར་ཞག་གསུམ་ན་འཆི་བར་འགྱུར་བ་ཡིན་ནོ། །གསུམ་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། གང་ཚེ་ཞག་ནི་སོ་གསུམ་རྒྱུ། །ངེས་པར་ཞག་ནི་གསུམ་ན་འཆི། །ཁྱིམ་ནི་བཅུ་གཅིག་སྟོངས་པ་ཡིན། །ཞེས་པའོ། །གཉིས་པ་གང་གི་ཚེ་སྣ་གཡོན་པར་ཞག་སོ་གསུམ་དུ་སྲོག་རྒྱུ་ན། ངེས་པར་ཏེ་གདོན་མི་ཟ་བར་ཞག་གསུམ་ན་འཆི་ཞིང་ཁྱིམ་བཅུ་གཅིག་པ་ཡང་སྟོངས་པ་ཡིན་ནོ། །ཞེས་པ་སྟེ། སྔ་འགྲེལ་གྱི་ཚུལ་དུ་གོང་དུ་བཤད་པ་ལས་ཤེས་པར་བྱའོ། །བཞི་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ནས་ཞག་གཉིས་ཉི་མའི་ཁམས། །ཟད་པར་བྱེད་པ་གཡས་ནས་རྒྱུ། །དེ་འོག་དབུ་མར་ཞག་གཅིག་ནས། །རྣམ་ཤེས་གཞན་དུ་འཕོ་བ་ཡིན། །ཞེས་པའོ། །གཉིས་པ་ནི། དེ་ལྟར་ཁྱིམ་བཅུ་གཅིག་པ་སྟོངས་པའི་རྗེས་དེ་ནས་ཞག་གཉིས་ལ་ཉི་མའི་ཁམས་ཟད་པར་བྱེད་པའི་རླུང་རྒྱུ་བས། ཁྱིམ་བཅུ་གཉིས་པ་ཉའི་རྩ་ལྔ་ཡང་སྟོངས་ནས་དེའི་འོག་ཏུ་ཞག་གཅིག་ཏུ་མུན་པ་ཆེན་པོའི་རླུང་དང་ལྷན་ཅིག་ཏུ་དབུ་མར་རྒྱུས་ནས། རྣམ་པར་ཤེས་པ་འཇིག་རྟེན་ཕ་རོལ་དུ་འགྲོ་བར་བྱེད་པ་ཡིན་ནོ་ཞེས་པའོ། །ཚུལ་འདི་དག་ཀྱང་དུས་འཁོར་བསྡུས་རྒྱུད་ལས། སྲོག་ནི་གལ་ཏེ་རྩ་གཅིག་ཉིད་ལ་ཉིན་དང་མཚན་མོར་འབབ་ན་འཚོ་བ་དག་ནི་དུས་ཀྱི་ལོ། །གལ་ཏེ་ཕྱོགས་གཅིག་རྣམ་པར་མ་ཆད་འབབ་ན་མི་རྣམས་ཀྱིས་ནི་འཚོ་བ་ཕྱེད་དང་བཅས་པའི་ལོ། །ཟླ་བ་གཅིག་ཏུ་རྣམ་པར་མ་ཆད་འབབ་ན་མི་ཡི་བདག་པོ་འཚོ་བ་དག་ཀྱང་ཟླ་བ་གསུམ། །དེ་ལྟར་རྣལ་འབྱོར་པས་ནི་རང་ལུས་དག་ལ་ཟླ་བགྲོད་འཆི་བ་དུས་ཀྱིས་འཁོར་ལོར་ཤེས་པར་བྱ། །ཞེས་གསུངས་པ་རྣམས་ཀྱི་དོན་ནོ། །འདིར་གཡས་གཡོན་ཉི་ཟླའི་འཆི་བལྟས་ཀྱི་སྐབས་སུ། སྐྱེས་བུ་གང་ལ་གཡས་ཉི་མའི་དུས་མ་ཡིན་པའི་འཆི་བལྟས་བྱུང་ན། གཡོན་ཟླ་བའི་འཆི་བལྟས་འབྱུང་བ་མི་སྲིད་ཅིང་། གཡོན་ཟླ་བའི་འཆི་བལྟས་བྱུང་ན་གཡས་ཉི་མའི་འཆི་བལྟས་འབྱུང་བ་མི་སྲིད་དེ། དེ་གཉིས་ཀྱི་འཆི་བལྟས་འཕེལ་ཚུལ་གྱི་དུས་འགལ་བའི་ཕྱིར། ཉི་མའི་འཆི་བལྟས་ཀྱི་མཐར་ཟླ་བའི་ཁམས་ཟད་པར་བཤད་པ་དང་། ཟླ་བའི་འཆི་བལྟས་ཀྱི་མཐར་ཉི་མའི་ཁམས་ཟད་པར་བཤད་པ་ནི་ཐབས་ཤེས་ཀྱི་དབང་གིས་སོ། །འཆི་བལྟས་ཀྱི་ཞག་གྲངས་འཕེལ་བའི་ཚུལ་འདི་དག་ཀྱང་། བར་དུ་ཞག་གྲངས་གཞན་གྱིས་ཆོད་པའི་དབང་གིས་དང་པོ་འཆི་བལྟས་ཀྱི་ཞག་འཕེལ་བ་ནི། ཞག་བཅུ་ལ་སོགས་རིམ་གྱི་རྒྱུ་བ་རྣམས་ཕྱོགས་གཅིག་ཏུ་དྲིལ་ནས་རྒྱུ་བའི་དབང་དུ་བྱས་པ་ཡིན་གྱི་གཡས་ཁོ་ནར་ཞག་སུམ་ཅུ་ལ་སོགས་པ་རྒྱུ་བ་དང་། གཡོན་ཁོ་ནར་ཞག་སུམ་ཅུ་ལ་སོགས་པ་རྒྱུ་བ་ནི་མ་ཡིན་ནོ། །སྐབས་འདི་དག་ཏུ་རྒྱུད་འགྲེལ་དང་བསྟུན་པའི་རི་མོའི་འགྱུར་གྱི་སྒོ་ནས་གཏན་ལ་འབེབས་ཚུལ་མང་དུ་ཡོད་ཀྱང་། རེ་ཤིག་རང་གི་འགྲེལ་པ་ཁོ་ན་བཞིན་བྲིས་པ་ཡིན་ནོ། །ལྔ་པ་འཆི་བལྟས་དེ་དག་གི་ངེས་པས་དོན་བསྡུ་བ་ལ། གཡོན་གྱི་འཕེལ་བ་ལ་བརྟེན་ནས་ནང་གི་ཁྱིམ་བཅུ་གཉིས་ཇི་ལྟར་སྟོངས་པའི་ཚུལ་བཤད་པ། ཚེའི་ལྷག་མ་དང་མཐུན་པར་རྩ་གནས་སུ་དབུགས་རྒྱུ་ཚུལ་སྤྱིར་བསྟན་པ། བློ་བུར་དུ་རྐྱེན་དྲག་པོས་སྲོག་གཅིག་ཅར་འགག་པའི་ཚེ་ན་དབུགས་རྒྱུ་ཚུལ་བྱེ་བྲག་ཏུ་བཤད་པ་དང་གསུམ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ལྟར་ཉི་ཟླའི་རྟགས་འབྱུང་བ། །ལྟེ་བའི་མི་མཉམ་ལུག་སོགས་ཀྱི། །ཁྱིམ་ནས་ཐོག་མར་རླུང་རྒྱུ་བ། །ཟླ་བའི་འཆི་བལྟས་གཙོ་བོ་སྟེ། །གླང་སོགས་མཉམ་པའི་ཁྱིམ་རྣམས་ལ། །རླུང་འབྱུང་ཉི་མ་གཙོ་བོ་ཡིན། །ཞེས་པའོ། །གཉིས་པ་ནི། དེ་ལྟར་སྣ་གཡས་གཡོན་གྱི་ཉི་མ་དང་ཟླ་བའི་འཆི་བལྟས་སོ་སོར་འབྱུང་བའི་རྒྱུ་མཚན། ལྟེ་བའི་མི་མཉམ་པའི་ཁྱིམ་ལུག་ལ་སོགས་པ་མཐུན་པའི་དུས་སྦྱོར་ལ་ཁྱིམ་དེ་ནས་ཐོག་མར་རྒྱུས་ན་ཟླ་བའི་འཆི་བལྟས་གཙོ་བོར་གྱུར་པ་ཡིན་ཏེ། གླང་ལ་སོགས་པ་གཞན་མཐུན་པ་མ་ཡིན་པའི་དུས་སྦྱོར། མཉམ་པའི་ཁྱིམ་རྣམས་ལས་རླུང་རྒྱུ་བ་བྱུང་ན་ཉི་མའི་འཆི་བལྟས་གཙོ་བོར་གྱུར་པ་ཡིན་ནོ། །ཆིང་བ་འདི་དག་རྒྱུད་འགྲེལ་ལས་རྒྱས་པར་གསུངས་ཀྱང་། ཚིག་མངས་ཀྱིས་དོགས་ནས་མ་བྲིས་སོ། །འདིར་ནང་དོན་གྱི་རྩ་འགྲེལ་ཧོར་པར་མར་ལུག་སོགས་མཉམ་པ་དང་། གླང་སོགས་མི་མཉམ་པར་བཤད་པ་ཡི་གེ་པའི་བྲིས་ནོར་ཡིན་ནོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། སྔ་མ་ལོ་བརྒྱ་ཐུབ་པ་ནས། །སྐྱེས་ནས་ཞག་གཅིག་ཐུབ་པའི་བར། །རྩ་ཀུན་རྒྱུ་དང་དབུ་མ་རྐྱང་། །རྒྱུ་བའི་རིམ་པར་གསུངས་པ་ཡིན། །ཞེས་པའོ། །གཉིས་པ་ནི། དེ་ཡང་དབང་ཕྱུག་གི་གཞུང་ལ་སོགས་པར་འཆི་བལྟས་བཤད་པའི་སྐབས་སུ། འཆི་བལྟས་ཀྱི་རླུང་རྣམས་གཡས་ནས་ཆུ་ཚོད་ལྔ་རྒྱུ་ན་ལོ་བརྒྱ་ན་འཆི་བ་དང་། གཡས་ནས་ཞག་གཅིག་རྒྱུ་ན་ལོ་བཅུའི་ཚེ་ལ་སོགས་པ་ཡོད་དོ། །ཞེས་བཤད་པ་དེ་དག་ནི་སྤྱན་རས་གཟིགས་ཀྱིས། དེ་ལྟ་ན་ཐོག་མར་སྐྱེས་པ་ནས་བཟུང་སྟེ། གཡས་གཡོན་དུ་དཀྱིལ་འཁོར་ལྔ་ལྔ་འབབ་པ་ཕལ་ཆེར་ལ་ཡོད་པས་ཚུལ་དེ་མ་ངེས་པ་དང་། སྐྱེས་མ་ཐག་ཏུ་འཆི་བ་ལ་ཡང་། ཚུལ་དེ་ཡང་མེད་པས་མ་ངེས་པའི་ཕྱིར། ཞེས་བཀག་པས་ན་མི་འཐད་ཅིང་། རང་གི་ལུགས་ལ། སྐྱེས་ནས་ཞག་གཅིག་ན་འཆི་བ་ནི། རྩ་གཞན་གང་དུ་ཡང་རླུང་མི་རྒྱུ་བར་དབུ་མ་ཉིད་དུ་མུན་པ་ཆེན་པོའི་རླུང་དང་ལྷན་ཅིག་རྒྱུ་བ་ཡིན་ནོ། །སྐྱེས་ནས་ལོ་གསུམ་ན་འཆི་བ་ནི། རྩ་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་པོའི་རྩ་ཆེན་རྣམས་མ་གཏོགས། རྩ་གཞན་གང་དུའང་རླུང་མི་རྒྱུ་བ་ཡིན་ནོ། །སྐྱེས་ནས་ལོ་བརྒྱ་ཐུབ་པ་ནི་རྩ་ཐམས་ཅད་དུ་རླུང་རྒྱུ་བས། འཆི་བལྟས་འཕེལ་བ་ནས་རེ་རེ་སྐམ་པའི་ཚུལ་སྔར་གོང་དུ་བཤད་པ་ལྟར་ཡིན་ནོ། །འདི་དག་ནི་ངེས་པ་ཡིན་པར་སྤྱན་རས་གཟིགས་ཀྱིས་གསུངས་པའི་དོན་ཡིན་ནོ། །རྩ་ཀུན་ཏུ་རྒྱུ་བ་དང་། ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་རུ་རྒྱུ་བ་དང་། དབུ་མ་རྐྱང་པར་རྒྱུ་བའི་འཆི་བལྟས་ཀྱི་རིམ་པ་རྣམས་ནི་དུས་འཁོར་རྒྱུད་འགྲེལ་ལས་གསུངས་པ་ཡིན་ནོ། །ཞེས་པའོ། །གསུམ་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། གང་ཚེ་དུག་དང་མཚོན་དང་ནད། །དྲག་པོས་རྩ་རྣམས་གཅིག་ཅར་འགག །རྒྱུ་དེས་གློ་བུར་འཆི་བར་གསུངས། །ཇི་ལྟར་ལྟེ་བ་འགགས་པ་བཞིན། །ཐུན་དང་རྒྱུ་སྐར་ཟླ་རྐང་གི། །རིམ་པས་འཁོར་ལོ་གཞན་ཡང་མཚུངས། །འཁོར་ལོ་ལྔ་དང་ཚིགས་ཀུན་ལ། །དབྱུག་གུ་བཅུ་གཉིས་བཅུ་གཉིས་ནི། །ཞག་དྲུག་རྒྱུས་ནས་ཟད་པ་ཡིན། །རླུང་གི་འཆི་བལྟས་བསྟན་པའོ། །ཞེས་པའོ། །གཉིས་པ་ནི། གང་གི་ཚེ་སྐྱེས་བུ་དུས་མ་ཡིན་པར་གློ་བུར་དུ་འཆི་བའི་རྐྱེན། དུག་དྲག་པོ་དང་། མཚོན་གྱིས་བསྣུན་པ་དང་། ནད་དྲག་པོས་རྩ་རྣམས་གཅིག་ཅར་དུ་འགགས་ནས་རྒྱུ་དེས་འཆི་བ་ནི་གློ་བུར་དུ་འཆི་བ་ཞེས་གསུངས་ལ། དེ་འགགས་པའི་ཚུལ་གྱིས་འཆི་བལྟས་ནི། ལྟེ་བའི་ཁྱིམ་གྱི་འཁོར་ལོའི་འབྱུང་བ་ལྔའི་རླུང་དང་། ཉི་ཟླ་སྒྲ་གཅན་གྱི་ཁམས་ཀྱི་ཡོན་ཏན་བརྒྱད་པོ་སྙིང་གར་ཐུན་བརྒྱད་ཀྱི་རིམ་པ་དང་། མགྲིན་པར་རྒྱུ་སྐར་དང་། སྤྱི་བོར་ཟླ་རྐང་གི་རིམ་པ་རྣམས་ཀྱང་འདོར་ཏེ། དེ་ནས་འཆི་བའི་ཞག་གྲངས་ནི་རྩའི་སྐབས་སུ་བཤད་པ་བཞིན་ཡིན་ནོ། །འགག་ཚུལ་འདི་དག་ནི་གོང་དུ་བཤད་པ་ལྟར་རིམ་གྱི་འགག་པ་ནི་མ་ཡིན་ཞིང་གློ་བུར་དུ་ཅིག་ཅར་ཏུ་འགག་པ་ཡིན་པས་ཁྱད་པར་མ་འདྲེས་པར་བྱའོ། །དེ་དག་གི་རིམ་པས་སྤྱི་བོ་ལ་སོགས་པའི་འཁོར་ལོ་གཞན་དག་ཀྱང་འགག་ཚུལ་མཚུངས་ཤིང་། འཁོར་ལོ་ལྔ་དང་ཚིགས་ཀྱི་འཁོར་ལོ་སུམ་ཅུ་པོ་ཀུན་ལ་ཡང་ས་ཆུ་མེ་རླུང་ནམ་མཁའི་ཁམས་ཀྱི་རླུང་རེ་རེ་ལའང་དབྱུག་གུ་བཅུ་གཉིས་བཅུ་གཉིས་བསྐྱེད་སྡུད་ཀྱི་རིམ་པ་ཡོད་པས། དེ་ལྟར་དཀྱིལ་འཁོར་དྲུག་ཅུ་པོ་ཞག་དྲུག་རྒྱུས་ནས་ཁམས་རྣམས་ཟད་པར་གྱུར་ཏེ། འཇིག་རྟེན་གྱི་ཁམས་གཞན་དུ་འཕོ་བར་འགྱུར་བའི་ངེས་པའོ། །དེས་རླུང་གི་འཆི་བལྟས་བསྟན་པ་ཡིན་ནོ། །གསུམ་པ་ཐིག་ལེ་འགག་པའི་ཚུལ་བཤད་པ་ལ། ནང་གི་ཁམས་འགྲིབ་པའི་རིམ་པ་བཤད་པ་དང་། ཉེ་བའི་འཆི་བལྟས་དངོས་བཤད་པ་གཉིས། དང་པོ་ལ། དཀར་དམར་གྱི་འཕེལ་འགྲིབ་བཤད་པ་དང་། ལོ་དགུ་བཅུ་གོ་བདུན་ན་ལུས་ཀྱི་སྟོབས་འདོར་བའི་ཚུལ་བཤད་པ་གཉིས་ལས། དང་པོ་ལ། དཀར་ཆའི་འཕེལ་འགྲིབ་བཤད་པ་དང་། དམར་ཆའི་འཕེལ་འགྲིབ་བཤད་པ་གཉིས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ནས་ཐིག་ལེ་འགག་པ་ནི། །ལོ་གཅིག་ནང་གི་ཁམས་འཕེལ་ནས། །རླུང་གི་ནུས་པ་ཕྱིར་ཤོར་པས། །དཀར་ནག་རྩ་འགྲིབ་སྔ་མ་བཞིན། །དེ་ནས་ལོ་ནི་བཅུ་དྲུག་བར། །ཐིག་ལེ་འཕེལ་ཏེ་དེ་ནས་ནི། །དཀར་བ་འགྲིབ་ཅིང་འདོར་བར་བྱེད། །ཅེས་པའོ། །གཉིས་པ་ནི། དེ་ལྟར་རྩ་རླུང་གི་འཆི་བལྟས་བསྟན་པའི་རྗེས་དེ་ནས། བྱང་ཆུབ་སེམས་ཀྱི་ཐིག་ལེ་འགག་པའི་ཚུལ་ནི། ལོ་གཅིག་གི་བར་དུ་ནང་གི་ཁམས་རྩ་རླུང་བྱང་ཆུབ་ཀྱི་སེམས་ཐམས་ཅད་འཕེལ་ཞིང་། དེ་ནས་རླུང་གི་ནུས་པ་ཕྱིར་ཤོར་བས་ཉི་མ་རེ་རེ་ལ་དཀར་ནག་གམ་ཐབས་ཤེས་ཀྱི་རྩ་གཉིས་གཉིས་འགྲིབ་པ་སྔར་རྩ་འགག་པའི་སྐབས་སུ་ཇི་སྐད་བཤད་པ་བཞིན་ཡིན་ལ། དེ་ནས་སྐྱེས་པ་རྣམས་ཀྱི་ལོ་བཅུ་དྲུག་གི་བར་དང་། བུད་མེད་རྣམས་ཀྱི་ལོ་བཅུ་གཉིས་ཀྱི་བར་དུ་ཐིག་ལེ་འཕེལ་ཏེ་ཡེ་ཤེས་ཀྱི་ཁམས་རྒྱས་པ་ཡིན་ནོ། །དེ་ནས་ལོ་བཅུ་བདུན་ནས་དཀར་བའི་ཆ་རྣམས་རིམ་གྱིས་འདོར་བར་བྱེད་ཅིང་འགྲིབ་པ་ཡིན་ནོ། །ཞེས་པའོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ནས་ཁྲག་ནི་འཕེལ་བ་ཡིན། །སོ་གཉིས་ནས་ནི་དེ་ཡང་འདོར། །རླུང་དང་མེ་དང་ཆུ་སའི་སྟོབས། །བཅུ་དྲུག་རེ་ནས་འགྲིབ་པ་སྟེ། །ཞེས་པའོ། །གཉིས་པ་ནི། དཀར་ཆ་འགྲིབ་པའི་རྗེས་དེ་ནས་ཁྲག་གི་ཁམས་འགྲིབ་ཚུལ་བཤད་པ་ནི། ཁྲག་གི་ཁམས་ཀྱང་ལོ་བཅུ་དྲུག་གི་བར་དུ་འཕེལ་བ་ཡིན་ཞིང་། ལོ་སོ་གཉིས་ནས་ནི་ཁྲག་གི་ཁམས་དེ་ཡང་འདོར་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་རླུང་གི་ཁམས་ཀྱི་སྟོབས་འདོར་བ་ལོ་བཅུ་དྲུག་གི་མཚམས་དང་། མེའི་ཁམས་ཀྱི་སྟོབས་འདོར་བ་ལོ་བཅུ་དྲུག་དང་། ཆུའི་ཁམས་ཀྱི་སྟོབས་འདོར་བ་ལོ་བཅུ་དྲུག་དང་། སའི་ཁམས་ཀྱི་སྟོབས་འདོར་བ་ལོ་བཅུ་དྲུག་སྟེ། དེ་ལྟར་འགྲིབ་པས་རགས་པར་བརྩི་ན། ལོ་གོ་བདུན་པ་ལ་སྟོབས་འདོར་བར་བྱེད་དོ་ཞེས་བའི་དོན་ནོ། །གཉིས་པ་ལོ་དགུ་བཅུ་གོ་བདུན་ན་ལུས་ཀྱི་སྟོབས་འདོར་བའི་ཚུལ་བཤད་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། རགས་པར་དགུ་བཅུ་གོ་བདུན་པ། །སྟོབས་ཀུན་དོར་ནས་ལོ་གསུམ་ན། །འཆི་བའི་ངེས་པར་ཤེས་པར་བྱ། །ཞེས་པའོ། །གཉིས་པ་ནི། གོང་དུ་བཤད་པ་དེ་དག་ལས། །སྡོམས་ནས་རགས་པར་བརྩི་ན། ལོ་དགུ་བཅུ་གོ་བདུན་པ་ལ་ལུས་ཀྱི་སྟོབས་ཀུན་དོར་ནས། དེའི་འོག་ཏུ་ལོ་གསུམ་ན་འཆི་བའི་ངེས་པར་ཤེས་པར་བྱའོ། །འདི་དག་ནི། དུས་སུ་རིམ་གྱི་འཆི་བའི་དབང་དུ་བྱས་ཤིང་། དབུགས་གྲངས་ཀྱི་ལོར་འཇོག་པ་ཡིན་གྱི་ཕྱི་རོལ་གྱི་ལོ་ནི་མ་ཡིན་ནོ། །གཉིས་པ་ཉེ་བའི་འཆི་བལྟས་དངོས་བཤད་པ་ལ། དབང་རྟེན་ཁོག་པ་ཇི་ལྟར་ཉམས་པའི་ཚུལ་བཤད་པ། དབང་པོ་སྒོ་ལྔ་ཇི་ལྟར་ཉམས་པའི་ཚུལ་བཤད་པ། དཀར་དམར་རླུང་གསུམ་ཇི་ལྟར་འཕོ་བའི་ཚུལ་བཤད་པ་དང་གསུམ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ལྟེ་བའི་རྩ་གཅིག་ཆད་པ་དང་། །གཡས་གཡོན་ཞག་གཅིག་དུས་སྦྱོར་ཉམས། །གཅི་བ་འགྱུར་བ་ཟླ་དྲུག་སྟེ། །ཞེས་པའོ། །གཉིས་པ་ནི། ངེས་པར་འཆི་བ་ལ་ཐུག་པའི་རྟགས་ནི། ལྟེ་བའི་དཀྱིལ་འཁོར་དྲུག་ཅུ་པོའི་རྩ་གཅིག་གི་འགྱུ་བ་ཆད་པ་དང་། གཡས་གཡོན་གང་རུང་གི་ཞག་གཅིག་གི་དུས་སྦྱོར་ཉམས་པ་གཉིས་དུས་མཉམ་པ་ཡིན་ནོ། །གཅི་བ་སྟེ། དྲི་ཆུ་ངེས་པར་ཉམས་པར་གྱུར་ན་ཟླ་བ་དྲུག་ན་འཆི། དེའི་ཚེ་ན་ལུས་ཀྱི་ཟུངས་ཀྱང་མི་ཐུབ་པ་ཡིན་ནོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། རྣ་བའི་སྒྲ་དོར་ཞག་དྲུག་སྟེ། །ལྕེ་ཡིས་རོ་དོར་ཞག་ལྔ་ཡིན། །མིག་དབུས་རི་མོ་ཞག་བཞིའི་ཚེ། །སྣ་ཞོམ་དྲི་དོར་ཞག་གསུམ་མོ། །རེག་བྱ་དོར་བ་ཞག་གཉིས་ཡན། །ཞེས་པའོ། །གཉིས་པ་ནི། དེའི་འོག་ཏུ་རྐྱེན་གཞན་མེད་པར་རྣ་བའི་རླུང་སྒྲ་དོར་ན་ཞག་དྲུག་ན་འཆིའོ། །ལྕེ་ཡིས་ཁ་ཟས་ཀྱི་རོ་འཛིན་པ་དོར་ན་ཞག་ལྔ་ན་ཡིན་ནོ། །མིག་གི་དབུས་ཚངས་པའི་རི་མོ་སྔར་མེད་པ་བྱུང་ན་ཞག་བཞིའི་ཚེ་ལུས་སོ། །སྣ་ཞོམ་ཞིང་དྲི་འཛིན་པ་དོར་ན་ཞག་གསུམ་མོ། །ལུས་ཀྱི་རེག་བྱ་དོར་ན་ཞག་གཉིས་ན་འཆི་བ་ཡིན་ནོ། །ཞེས་སོ། །གསུམ་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཆོས་ཁམས་ཁུ་བ་ཉམས་པ་ནི། །ཞག་གཅིག་ནས་ནི་ཕ་རོལ་འགྲོ། །དཀར་ཆ་འོག་ཏུ་ལྟུང་བ་སྟེ། །དམར་ཆ་གྱེན་དུ་འགྲོ་བ་ཡིན། །རླུང་རྣམས་སྣ་སྒོ་ནས་འགྲོ་སྟེ། །ཞེས་པའོ། །གཉིས་པ་ནི། དེ་ནས་ཆོས་ཁམས་ཀྱི་ཁུ་བ་དོར་ཏེ་ཉམས་པ་ཡིས་ནི་ཞག་གཅིག་ནས་འཇིག་རྟེན་ཕ་རོལ་དུ་འགྲོ་བར་འགྱུར་རོ། །དེའི་ཚུལ་ཡང་ཕ་ལས་ཐོབ་པའི་དཀར་ཆ་སྤྱི་བོ་ནས་འོག་ཏུ་ལྟུང་བ་སྟེ་ཐུར་དུ་འགྲོ་ཞིང་། མ་ལས་ཐོབ་པའི་དམར་ཆ་ལྟེ་བ་ནས་གྱེན་དུ་འགྲོ་བ་ཡིན་ནོ། །དཀར་དམར་གྱེན་ཐུར་དུ་སོང་ནས་སྙིང་གར་ཕྲད་པའི་ཚེ་ན། གའུ་ཁ་སྦྱོར་གྱི་ཚུལ་དུ་གནས་པའི་དབུས་སུ་རླུང་སེམས་དྭངས་མ་ཚུད་ནས། གཞི་དུས་ཀྱི་འོད་གསལ། གསལ་དངས་ནམ་མཁའ་ལྟ་བུ་ངོས་བཟུང་བར་བཤད་ཀྱང་། སྐལ་པ་དང་མི་ལྡན་ཞིང་མན་ངག་དང་བྲལ་བ་རྣམས་ཀྱིས་ནི་མ་ཡིན་ནོ། །དེའི་ཚེ་ན་རླུང་ཐམས་ཅད་གོ་རིམ་མེད་པར་སྣ་སྒོ་ནས་ཕྱི་རོལ་དུ་འགྲོ་སྟེ། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཀུན་གཞིའི་སྟེང་དུ་བསྡུས་ནས། གཞིའི་འོད་གསལ་ཆོས་ཀྱི་སྐུའི་རང་བཞིན་ཉམས་སུ་མྱོང་སྟེ། དེ་མངོན་དུ་བྱེད་པའི་ཐབས་ལམ་དང་བྲལ་བ་རྣམས་ནི་སྲིད་པ་གཞན་དུ་ཉེ་བར་འཕོ་བར་འགྱུར་རོ། །ཚུལ་འདི་དག་ནི། ཇི་སྐད་དུ། རྩ་རྒྱུད་དབང་མདོར་བསྟན་ལས། ལུས་ཅན་ཐམས་ཅད་འཆི་བ་ན། །ཟླ་བ་བདུད་རྩི་འོག་ཏུ་འགྲོ། །སྟེང་དུ་ཉི་མ་རྡུལ་སྒྲ་གཅན། །རྣམ་ཤེས་དངོས་པོའི་མཚན་ཉིད་ལ། །ཞེས་གསུངས་པ་ལྟ་བུའོ། །དེའི་སྔ་རོལ་དུ་ལུས་ཀྱི་ཟུངས་མི་ཐུབ་པའི་མཚམས་སུ། །སྣང་མཆེད་ཐོབ་གསུམ་ཐིམ་པ་རྣམས་འོང་བའི་ཚུལ་ཡང་། ཆོས་དྲུག་གི་མན་ངག་ལས། སྣང་བ་ཐིམ་དང་རྟོག་པ་ཐིམ། །རགས་པ་ཐིམ་དང་ཕྲ་བ་ཐིམ། །ཐིམ་པའི་རྗེས་སུ་གོམས་པ་དང་། །རང་བཞིན་གྱི་ནི་འོད་གསལ་འབྱུང་། །དེ་ཡི་རྗེས་སུ་ཟུང་འཇུག་གི །སྐུ་ནི་རྣམ་པ་གཉིས་འབྱུང་སྟེ། ཞེས་དེ་དུས་སུ་འོད་གསལ་ཟིན་ན་བར་དོ་ལོངས་སྐུར་བཞེངས་ནུས་པའི་ཚུལ་དང་། སྣང་མཆེད་ཐོབ་གསུམ་གྱི་འོད་གསལ་རྣམས་ཀྱང་། དེ་ཉིད་ལས། སྣང་བའི་དུས་ན་ཕྱི་རྟགས་ཟླ་བ་ཤར་བ་ལྟ་བུ། ནང་རྟགས་ཤེས་པ་དུ་བ་ལྟ་བུ། སྣང་བ་མཆེད་པ་ལ་ཐིམ་པ་ན་ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ། ནང་རྟགས་ཤེས་པ་སྲིན་བུ་མེ་ཁྱེར་ལྟ་བུ། མཆེད་པ་ཐོབ་པ་ལ་ཐིམ་པ་ན་ཕྱི་རྟགས་མུན་པ་ལྟ་བུ། ནང་རྟགས་མར་མེ་ལྟ་བུ། ཐོབ་པ་འོད་གསལ་ལ་ཐིམ་པ་ན་ཕྱི་རྟགས་སྐྱ་རེངས་ཤར་བ་ལྟ་བུ། ནང་རྟགས་ཤེས་པ་ནམ་མཁའ་ལ་སྤྲིན་དྭངས་པ་ལྟ་བུའོ། །ཞེས་གསུངས་པས། དེའི་ཚེ་དེ་དང་དེ་དག་མན་ངག་གིས་ཟིན་པར་བྱས་ནས་ཟུང་འཇུག་གི་སྐུར་བཞེངས་པ་ནི་སྐལ་ལྡན་རྣམས་ཀྱི་སྤྱོད་ཡུལ་ལོ། །བཞི་པ་ཞར་ལ་གང་ནས་གང་དུ་འཕོ་བའི་ངེས་པ་བཤད་པ་ལ། མཐོ་རིས་སུ་འཕོ་བའི་ཚུལ་བཤད་པ། ངན་སོང་དུ་འཕོ་བའི་ཚུལ་བཤད་པ། བར་སྲིད་འགྲུབ་པའི་ཚུལ་བཤད་པ་དང་གསུམ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། གཞུང་གི་ཚིག་འདི་དག་སམྦུ་ཊའི་རྒྱུད་ལས་གསུངས་པའི་གཞུང་གི་ཚིག་ཇི་ལྟ་བ་བཞིན་ཡིན་པས། དེའི་ཚུལ་ནི། དེ་ནས་ཀུན་གཞིའི་རྣམ་ཤེས་ནི། །ཚངས་བུག་ནས་ནི་གཟུགས་མེད་དེ། །ཐིག་ལེ་ལས་ནི་ལྷ་མོ་ཆེ། །ལྟེ་བ་ལས་ནི་འདོད་ཁམས་ལྷ། །མིག་ལས་འདོད་པའི་མིའི་དབང་པོ། །སྣ་ལས་གནོད་སྦྱིན་རྣམས་སུ་སྟེ། །རྣ་བ་ལས་ནི་གྲུབ་པའི་ལྷ། །ཞེས་པའོ། །གཉིས་པ་ནི། དེ་ལྟར་དཀར་དམར་རླུང་གསུམ་འགྲིབས་ཚར་བའི་རྗེས་དེ་ནས། ཀུན་གཞིའི་རྣམ་པར་ཤེས་པ་ནི་སྤྱི་གཙུག་ཚངས་པའི་བུ་ག་ནས་འཕོས་ན། ནམ་མཁའ་མཐའ་ཡས་ལ་སོགས་པ་གཟུགས་མེད་པའི་ཁམས་བཞི་པོ་གང་རུང་དུ་སྐྱེ་བར་འགྱུར་ཏེ། གནས་གཞན་དུ་འཕོ་བ་ནི་མ་ཡིན་པས། ཚངས་བུག་གི་གནས་དེ་ཉིད་དུ་གཟུགས་མེད་པའི་ཏིང་ངེ་འཛིན་དུ་ཉེ་བར་བསྡུས་ཏེ་གནས་པའོ། །སྨིན་མཚམས་ཀྱི་དབྱིངས་རྣམ་པར་དག་པའི་སྒྲོན་མའི་ཐིག་ལེའི་དབུས་སུ་འདུས་ཏེ་དེ་ནས་འཕོས་ན། ཚངས་རིས་ལ་སོགས་པ་གཟུགས་ཁམས་ཀྱི་གནས་རིས་བཅུ་དྲུག་ཏུ་སྐྱེ་བར་འགྱུར་རོ། །ལྟེ་བའི་དབུས་སུ་རྣམ་ཤེས་འདུས་ཏེ་དེ་ནས་འཕོས་ན་འདོད་ལྷ་རིགས་དྲུག་པོ་གང་རུང་དུ་སྐྱེ་བར་འགྱུར་རོ། །མིག་གི་དབུས་སུ་རྣམ་ཤེས་འདུས་དེ་ནས་འཕེལ་ན་འདོད་པ་ཁམས་ཀྱི་མིའི་དབང་པོ་སྟེ་འཁོར་ལོ་བསྒྱུར་བའི་རྒྱལ་པོའམ། གཞན་ཡང་འདོད་ཁམས་ཀྱི་དབང་ཕྱུག །རྒྱལ་པོའི་རིགས་རྣམས་སུ་སྐྱེ་བར་འགྱུར་རོ། །སྣའི་གནས་སུ་རྣམ་ཤེས་འདུས་ཏེ་དེ་ནས་འཕོས་ན་གནོད་སྦྱིན་གྱི་གནས་བྱང་ཕྱོགས་ལྕང་ལོ་ཅན་དུ་གནོད་སྦྱིན་རྣམས་སུ་སྐྱེ་བར་འགྱུར་རོ། །རྣ་བའི་ནང་དུ་རྣམ་ཤེས་འདུས་ཏེ་དེ་ནས་འཕོས་ན་གྲུབ་པའི་ལྷ་སུམ་ཅུ་རྩ་གསུམ་གྱི་རིག་པ་འཛིན་པ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ཡང་རྒྱུད་ཀྱི་དགོངས་པ་ཁ་ཅིག་ཏུ། །ལྟེ་བ་ནས་ལྷ་མ་ཡིན་གྱི་གནས་སུ་འཕོ་བའང་གྲག་གོ །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། སྲིད་པའི་སྒོ་ལས་ཡི་དྭགས་བཤད། །ཆུ་ཡི་ལམ་ནས་དུད་འགྲོར་འགྱུར། །འོག་སྒོ་ལས་ནི་དམྱལ་བ་བརྒྱད། །ཅེས་པའོ། །གཉིས་པ་ནི། གལ་ཏེ་རྣམ་པར་ཤེས་པ་སྲིད་པའི་སྒོ་སྟེ། ཁུ་བ་འབབ་པའི་གནས་ལས་གཞན་དུ་འཕོས་ན་ཡི་དྭགས་ཀྱི་སྐྱེ་གནས་སུ་འགྲོ་བར་བཤད་དོ། །ཡང་གལ་ཏེ་རྣམ་ཤེས་ཆུའི་ལམ་སྟེ། གཅི་བ་འབྱུང་བའི་ལམ་ནས་འཕོས་ན་དུད་འགྲོའི་འགྲོ་བར་འགྱུར་རོ། །གཞན་ཡང་རྣམ་པར་ཤེས་པ་འོག་གི་སྒོ་སྟེ། གཤང་ལམ་ལས་འཕོས་ན། མནར་མེད་པ་ལ་སོགས་པའི་དམྱལ་བ་བརྒྱད་པོ་རྣམས་སུ་འགྱུར་རོ། །དེ་ལྟར་འཆི་བའི་ཚུལ་ཤེས་ནས། སྡིག་པོ་ཆེ་བཙན་ཐབས་སུ་གྲོལ་བའི་གདམ་ངག་འཕོ་བའི་མན་ངག་གི་གནད་ཀྱིས་ཟིན་པར་བྱ་དགོས་ཏེ། འཕོ་བའི་མན་ངག་འདི་ནི་ཕན་ཡོན་ཤིན་དུ་ཆེ་བར་རྒྱུད་རྣམས་ལས་གསུངས་པའི་ཕྱིར། ཇི་སྐད་དུ་དུས་འཁོར་ལས། སྲོག་རྩོལ་རབ་ཏུ་བྱ་སྟེ་སྙིང་ག་དེ་བཞིན་མགོ་བོ་དག་ནི་ཇི་སྲིད་མེ་ཡིས་གདུང་འགྱུར་བ། དེ་ལས་སྟེང་དག་ཏུ་ནི་བཟང་པོའི་པདྨར་རྒྱལ་བར་འགྱུར་ཏེ་མ་བསྡམས་པའམ་སྟོབས་དག་གིས། གཙུག་ཏོར་ཕུག་ཅིང་ཕུང་པོ་དག་དང་ཁམས་རྣམས་རྣམ་པར་སྤངས་ནས་འཆི་བ་ཉིད་དུ་འགྲོ་འགྱུར་ཏེ། ཕྱག་རྒྱ་འགྲོགས་པ་རབ་ཉམས་སྐྱེས་བུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ལ་ནི་བདེ་འབྲས་སྟེར་བ་མེད། ཅེས་པ་དང་། སམྦུ་ཊ་ལས། དུས་སུ་སྲོག་ནི་ཆད་པ་ཡི། ཡང་དག རབ་ཏུ་སྦྱོར་བ་ཉོན། ལེགས་པའི་ལམ་ནི་མཛེས་པའི་གནས། །ངན་པའི་ལམ་ཡང་སྐྱོན་རྣམས་ཉིད། །ལྟེ་བའི་སྟེང་ན་ཐིག་ལེ་དང་། །ཞེས་སོགས་དང་། སྣ་ལས་གནོད་སྦྱིན་དག་ཏུ་འགྱུར། །ཞེས་སོགས་དང་། སྦྱང་བའི་ཚུལ་ཡང་། གོ་འཕང་གནས་ནི་གོ་འཕང་སྟེ། །བུག་པ་དགུ་ཡི་སྟེང་མས་སོ། །མཛོད་སྤུ་སྐྲ་དཀར་ས་བོན་གྱི། །ཡི་གེ་ཕྱེད་དང་གཉིས་ཀྱིས་སྦྱར། །ཞེས་གསུངས་སོ། །དེ་ཡང་སྲོག་འགག་པའི་དུས་ལ་བབ་ན་འཕོ་བར་བྱའོ། །དུས་མ་ཡིན་པར་འཕོས་ན། ལྷ་བསད་པའི་ལྟུང་བར་འགྱུར་བར་བཤད་དེ། དེ་སྐད་དུ་ཡང་དེ་ཉིད་ལས། །དུས་ཐོབ་ན་ཡང་འཕོ་བྱ་སྟེ། །དུས་མིན་ལྷ་ནི་གསོད་པ་ཉིད། །ཅེས་སོ། །གསུམ་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ནས་བར་དོ་འབྱུང་བ་ཡིན། ཞེས་སོ། །གཉིས་པ་ནི། དེ་ལྟར་ལུས་ཀྱི་ནང་ནས་གནས་དེ་དང་དེ་དག་ཏུ་འཕོས་པའི་དེ་མ་ཐག་ཏུ་བར་དོ་འབྱུང་བ་རྣམས་ལ་བར་དོའི་སྣང་བ་འབྱུང་བ་ཡིན་ཏེ། དེ་ཡང་གང་དུ་སྐྱེ་བར་འགྱུར་བ་དེའི་བྱད་གཟུགས་ཅན་གྱི་སྣང་བ་འབྱུང་བ་ཡིན་ནོ། །དཔེར་མཚོན་ན། མིར་སྐྱེ་འགྱུར་གྱི་བར་སྲིད་ཡིན་ན་མི་དེ་ཉིད་ཀྱི་གཟུགས་ཅན་དང་། རྟར་སྐྱེ་འགྱུར་གྱི་བར་དོ་ཡིན་ན་རྟ་ཉིད་ཀྱི་གཟུགས་ཅན་དུ་འབྱུང་སྟེ། མངོན་པ་མཛོད་ལས། མིར་སྐྱེ་འགྱུར་གྱི་བར་དོ་ཡིན་ན་མི་དེ་ཉིད་དུ་ངེས་པར་སྐྱེ་བར་འགྱུར་སྟེ། སྲིད་པ་གཞན་དུ་མི་ལྡོག་པར་བཤད་ཅིང་། མངོན་པ་གོང་མ་ལས་ནི། ལྡོག་པ་སྲིད་པར་ཡང་བཤད་པའི་ཕྱིར་ཏེ། རིམ་པ་བཞིན་དུ། མཛོད་ལས། སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། །དེ་ནི་འཆི་བའི་སྔོན་རོལ་ཏེ། །སྐྱེ་བའི་སྐད་ཅིག་ཕན་ཆད་དོ། །རིས་མཐུན་ལྷ་མིག་དག་པས་མཐོང་། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །དབང་པོ་ཀུན་ཚང་ཐོགས་མེད་ལྡན། མི་ཟློག་དེ་ནི་དྲི་ཟའོ། །ཞེས་གསུངས་ཤིང་། མངོན་པ་གོང་མ་ཀུན་ལས་བཏུས་སུ། ཇི་སྟེ་ན་ལྡོག་གོ །དེ་ལ་གནས་པ་ཡང་ལས་སོག་གོ །ཞེས་གསུངས་པས་སོ། །བར་དོ་དེ་ཉིད་ཀྱི་ཟས་ནི་དྲི་ཁོ་ན་ཟ་བ་ཡིན་པར་བཤད་ཅིང་། ཚེའི་ཚད་ནི་མིའི་ཞག་བདུན་ཡིན་པར་བཤད་དེ། དེ་སྐད་དུ་ཡང་། བདེ་མཆོག་སྡོམ་འབྱུང་གི་རྒྱུད་ལས། ཐོག་མེད་དུས་ཀྱི་ཉོན་མོངས་ཀྱི། །བག་ཆགས་རབ་ཏུ་བསགས་བྱས་པས། །དེ་ཕྱིར་སྔོན་བྱས་ལས་ཀྱིས་ནི། །སྐྱེ་དང་འཆི་བ་ཡང་དག་འབྱུང་། །ཚོགས་པ་མ་རྙེད་དེ་སྲིད་དུ། །ཞག་བདུན་བར་དོའི་སྲིད་པར་གནས། །སྲིད་པ་བར་དོའི་སེམས་ཅན་རྣམས། །འདྲོན་པའི་བགྲོད་པ་ཇི་བཞིན་དུ། །འདི་ལྟར་ལས་ཀྱི་ཞགས་པ་ཡིས། །འགྲོ་བ་དྲུག་ཏུ་རབ་ཏུ་སྐྱེ། །ཞེས་གསུངས་པས་སོ། །འཕོ་བ་དང་བར་དོའི་ཚུལ་འདི་དག་ནི། ཆོས་དྲུག་ལ་སོགས་པའི་ཁྲིད་ཀྱི་དམིགས་རིམ་ལས་རྒྱས་པར་ཤེས་པར་འགྱུར་རོ། །གསུམ་པ་དོན་བསྡུ་བ་ལ། བར་དོའི་གནས་སྐབས་སུ་འོད་གསལ་ངོ་མ་ཤེས་ན་སླར་ཡང་འཁོར་བར་སྐྱེ་བའི་ཚུལ་བཤད་པ་དང་། འོད་གསལ་རྟོགས་ན་བར་དོར་ཆོས་སྐུ་མངོན་དུ་བྱེད་པའི་ཚུལ་གཉིས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། སྣང་མཆེད་ཐོབ་གསུམ་ཐིམ་པ་ནི། །སྐུ་གསུམ་རང་བཞིན་ཉིད་མ་ཤེས། །འོད་གསལ་སྣང་དང་མུན་པ་ཡི། །སྟོང་དང་སྟོང་པ་ཆེན་པོ་རྣམས། །མ་རྟོགས་འཁོར་བའི་འཁོར་ལོར་འཁྱམ། །ཞེས་པའོ། །གཉིས་པ་ནི། སྔར་གོང་དུ་ཇི་སྐད་བཤད་པའི་ལུང་དྲངས་པ་ལྟར། སྣང་བ་ཐིམ་པ་དང་། རྟོག་པ་ཐིམ་པ་དང་། རགས་པ་ཐིམ་པ་དང་། ཕྲ་བ་ཐིམ་པའི་རྗེས་སུ། སྣང་མཆེད་ཐོབ་གསུམ་གྱི་སྣང་བ་དེ་དག་རིམ་གྱི་འཆར་བ་རྣམས། སྐུ་གསུམ་དུ་མ་ཤེས་ན། སྐྱོན་དུ་འགྱུར་ཏེ། གཟུགས་སྒྲ་སོགས་རང་སྣང་ཐིམ་པ་ནི་སྤྲུལ་པའི་སྐུ་བསྡུ་བ་དང་། རྣམ་རྟོག་ཐིམ་པ་ནི་མཆེད་པ་ཐིམ་པའི་ཐ་སྙད་བྱ་སྟེ་ལོངས་སྐུ་སྡུད་པ་ཡིན་ལ། ཀུན་གཞི་འོད་གསལ་ལ་ཐིམ་པ་ན་ཐོབ་པ་ཐིམ་པའི་ཐ་སྙད་བྱས་ཤིང་ཆོས་སྐུ་སྡུད་པ་ཡིན་པའི་ཕྱིར། དེ་ཡང་སེམས་འོད་གསལ་བའི་རང་བཞིན་བདེ་བར་གཤེགས་པའི་སྙིང་པོ་ལ་ནི་སྣང་བ་ཞེས་བྱ་ཞིང་། དེ་ལ་མ་རིག་པ་ལ་སོགས་པའི་སྒྲིབ་པ་རྣམས་ལ་མུན་པ་ཞེས་བྱ་བའི་ཐ་སྙད་འདོགས་ལ། དེའི་དོན་ཡང་མ་ཕྱེད་ཅིང་། ཚོགས་དྲུག་ཡུལ་དང་བཅས་པ་བདེན་པ་མེད་པའི་སྟོང་པ་དང་། ཀུན་གཞི་ལ་གནས་པའི་ཉོན་ཡིད་འདུ་བྱེད་དང་བཅས་པ་བདེན་པ་མེད་པའི་སྟོང་པ་ཆེན་པོ་དང་ཀུན་གཞི་ཉིད་བདེན་པ་མེད་པ་ཤིན་ཏུ་སྟོང་པ་ཆེན་པོ་རྣམས་ཇི་ལྟ་བ་བཞིན་མ་རྟོགས་པའི་ཕྱིར། སྲིད་པའི་ཡན་ལག་བཅུ་གཉིས་ཀྱི་དབང་གིས། སླར་ཡང་འཁོར་བའི་འཁོར་ལོར་འཁྱམ་པ་ཡིན་ནོ། །ཞེས་སོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་ཉིད་སྦྱངས་པས་ཡེ་ཤེས་ཏེ། །རྣམ་པར་དག་ན་མྱ་ངན་འདས། །ཤེས་པའོ། །གཉིས་པ་ནི། དེ་ལྟར་གོང་དུ་བཤད་པའི་རྩ་དང་རླུང་གི་འཆི་བལྟས་དེ་དག་དང་། འཆི་བ་འོད་གསལ་དང་བར་དོ་དང་བཅས་པ་དེ་ཉིད་སྦྱོང་བྱེད་ལམ་གྱིས་སྦྱངས་པས་ཡེ་ཤེས་ཡིན་ཏེ། །དེ་ཤིན་དུ་རྣམ་པར་དག་ན་མྱ་ངན་ལས་འདས་པ་ཆོས་ཀྱི་སྐུར་གྱུར་པ་ཡིན་ནོ། །དེ་ལྟར་ཇི་སྐད་བཤད་པ་འདི་ཡན་ཆད་ཀྱི་གཞུང་གི་རྣམ་བཞག་དེ་དག་གིས་གཞི་དང་ལམ་དང་འབྲས་བུའི་རྣམ་བཞག་མ་ལུས་པ་རྒྱུད་སྡེ་རྣམས་ལས་གསུངས་ཚུལ་ཇི་ལྟར་བསྡུས་པའི་རིམ་པ་ནི། སྔར་ལེའུ་བཅུ་གཅིག་པོ་དོན་ཚན་གསུམ་དུ་བསྡུས་ནས་བཤད་པའི་སྐབས་སུ་ལེགས་པར་བསྟན་ཡོད་པས་དེར་རྟོགས་པར་བྱའོ། །དེས་ན་འདི་དག་ནི། གཙོ་བོར་སྔགས་ཀྱི་ཚུལ་གྱི་ལམ་བགྲོད་ཚུལ་བསྟན་པ་ཡིན་པས། ཁ་ཅིག་སྒོམ་ཚུལ་འདི་དག་ལ་དཔགས་ནས་ཕ་རོལ་དུ་ཕྱིན་པའི་ཐེག་པ་དང་མི་མཐུན་ནོ་སྙམ་ན། དེ་དག་ནི་རང་གི་སྐྱོན་ཡིན་ཏེ། ཟབ་མོ་སྨིན་གྲོལ་གྱི་ཐབས་ཀྱི་རྣམ་གྲངས་ཀྱི་སྒོ་ནས་སྔགས་ལམ་ཁྱད་པར་དུ་འཕགས་པའི་ཕྱིར། འོ་ན་སྟོང་པ་ཉིད་བསྟན་ཚུལ་ལ་ཁྱད་པར་ཡོད་དམ་ཞེ་ན། ཟབ་མོ་སྟོང་པ་ཉིད་ཀྱི་ཆ་ནས་མདོ་སྡེ་དང་ཁྱད་མེད་དེ། གནས་ལུགས་ཡུལ་གྱི་ཕྱག་རྒྱ་ཆེན་པོ་གཏན་ལ་དབབ་པའི་ཚེ་ན། ཕ་རོལ་དུ་ཕྱིན་པའི་གཞུང་ལུགས་ལས་ཁྱད་པར་དུ་འཕགས་པའི་རྣམ་བཞག་སྔགས་ལས་མ་བཤད་པའི་ཕྱིར་དེས་ན། གནས་ལུགས་ཡུལ་གྱི་ཕྱག་རྒྱ་ཆེན་པོ་གཏན་ལ་དབབ་པའི་ཚེ་ན། ཕ་རོལ་དུ་ཕྱིན་པ་དང་ཁྱད་པར་མེད་ཅིང་། ཡུལ་ཅན་བདེ་བ་ཆེན་པོ་ཉིད་གཏན་ལ་དབབ་པའི་ཚེ་ན་སྔགས་ལམ་ཁྱད་པར་དུ་འཕགས་པ་ཡིན་ནོ། །སྤང་བྱ་སྒྲིབ་པའི་རྣམ་བཞག་ལ། ཉོན་མོངས་ཤེས་བྱ་སྙོམས་འཇུག་གི་སྒྲིབ་པའི་རྣམ་བཞག་ནི་མདོ་སྔགས་ཁྱད་པར་མེད་ཀྱང་། བླ་ན་མེད་པའི་རྒྱུད་སྡེའི་ལུགས་ལ་མི་འགྱུར་བའི་བདེ་བ་ཆེན་པོ་ཐོབ་པའི་གེགས་སུ་གྱུར་པས། མ་རིག་པའི་འཕོ་བའི་བག་ཆགས་ཤེས་བྱ་བའི་སྒྲིབ་པ་གཅིག་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ལུགས་ལ་ཁས་ལེན་དགོས་པ་ཡིན་ནོ། །གཞན་རྣམ་རྟོག་གི་སྤྲོས་པ་མང་དུ་ཡོད་ཀྱང་མ་བཤད་དེ། རྣམ་རྟོག་གི་རྗེས་སུ་འབྲངས་ནས་ཞེན་པས་ཞུགས་ན་འཁོར་བའི་རྒྱུར་འགྱུར་དུ་དོགས་པའི་ཕྱིར་ཏེ། དེ་སྐད་དུ་ཡང་། ཡང་དག་སྦྱོར་བའི་རྒྱུད་ལས། །རྣམ་རྟོག་གཏི་མུག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་གསུངས་པས་སོ། །འདི་རྣམ་རྟོག་ཆོས་སྐུའི་སྒྲུབ་བྱེད་ལ་ཡང་གནོད་པ་མ་ཡིན་ཏེ། རྣམ་རྟོག་ཆོས་སྐུའི་གོ་དོན་ནི། རྣམ་རྟོག་གི་ངོ་བོ་ནི་གསལ་སྟོང་འཛིན་མེད་ཡིན་པ་ལ་དགོངས་ཤིང་། འདི་ནི་རྣམ་རྟོག་སྐད་ཅིག་མང་པོས་བཏགས་པའི་ཕྲེང་བ་ལ་ཞེན་ཞིང་ཞུགས་ནས། དེའི་ཡུལ་ལ་བླང་དོར་ཐ་དད་དུ་འཛིན་པ་ལ་དགོངས་པའི་ཕྱིར་དང་གཏི་མུག་དག་ན་གཏི་མུག་ཆེན་པོ་དང་། ཞེ་སྡང་དག་ན་ཞེ་སྡང་ཆེན་པོ་དང་། འདོད་ཆགས་དག་ན་འདོད་ཆགས་ཆེན་པོ་ལ་སོགས་པའི་ཐ་སྙད་རྒྱུད་སྡེ་རྣམས་ལས་གསུངས་ལ། འདོད་ཆགས་ཆེན་པོ་དང་། གཏི་མུག་ཆེན་པོ་སོགས་ནི་ཆོས་སྐུའི་མིང་དུ་བཤད་པའི་ཕྱིར་རོ། །དེས་ན་སྔགས་ནས་བཤད་པའི་ལམ་ཇི་ལྟ་བ་བཞིན་མ་བསྒོམས་པར། ཕར་ཕྱིན་ནས་བཤད་པ་ལྟར་གྱི་སངས་རྒྱས་མི་ཐོབ་པ་དང་། ཕར་ཕྱིན་ནས་བསྟན་པ་ལྟར་གྱི་ལམ་གྱི་ཡོན་ཏན་མ་ཐོབ་པར་སྔགས་ལུགས་ཀྱི་སངས་རྒྱས་མི་ཐོབ་པར་ཤེས་ནས། མདོ་སྔགས་ཀྱི་ལྟ་བ་མི་འགྱུར་བར་ཁོང་དུ་ཆུད་པར་བྱ་སྟེ། ཚུལ་འདི་དག་ནི་ཆོས་རྗེ་ཉིད་ཀྱི་འགྲེལ་བར། སེམས་འགྲེལ་བསྐོར་གསུམ་གྱི་ལུང་དང་ཕ་རོལ་དུ་ཕྱིན་པའི་ཡོན་ཏན་མ་ཐོབ་པར། སྔགས་ཀྱིས་སངས་རྒྱས་ཐོབ་པར་འདོད་པ་ནི། རང་ཉིད་ལ་བཟའ་བ་ཅུང་ཟད་མེད་ཀྱང་། གཞན་ལ་བཟའ་བ་ཕུན་སུམ་ཚོགས་པའི་ཆར་འབེབས་པ་དང་མཚུངས་པའི་དཔེ་ལ་སོགས་པས་རྒྱས་པར་བསྟན་པའི་ཕྱིར་རོ། །གཉིས་པ་ལེའུའི་མཚན་ནི། ཟབ་མོ་ནང་གི་དོན་སྣང་བར་བྱེད་པ་ལས་རྩ་རླུང་ཐིག་ལེ་སྡུད་པའི་ཚུལ་བསྟན་པ་སྟེ་བཅུ་གཅིག་པའོ། །ཞེས་སོ། །རྩ་རླུང་ཐིག་ལེ་སྡུད་པའི་རིམ་པ་དང་། །དབུ་མའི་རླུང་ལས་འཆི་བལྟས་འཕེལ་བའི་ཚུལ། །གློ་བུར་འཆི་བལྟས་གང་དུ་འཕོ་བའི་གནས། །བར་དོར་ཆོས་སྐུ་འགྲུབ་ཚུལ་ལེགས་པར་བཤད། །ཅེས་པ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པའི་བསྟན་བཅོས་ཀྱི་ཚིག་དོན་གསལ་བར་བྱེད་པའི་ལེགས་བཤད་ནོར་བུ་རིན་པོ་ཆེའི་ཕྲེང་བ་ལས། རྩ་རླུང་ཐིག་ལེ་སྡུད་པའི་ཚུལ་རྣམ་པ་བཤད་པ་སྟེ་བཅུ་གཅིག་པའོ།། ༈ །།གསུམ་པ་རིག་འཛིན་སྡེ་སྣོད་ཀྱི་ངེས་པ་བསྟན་པས་དོན་བསྡུ་བ་ལ། སྡེ་སྣོད་གསུམ་པོ་སྤྱིའི་དོན་བསྡུ་བ། སྡེ་སྣོད་སོ་སོ་ལ་སྦྱར་བ། ཕྱི་ནང་གི་སྡེ་སྣོད་ཤེས་པའི་དགོས་པ་སོ་སོར་བསྟན་པ། འབྲས་བུ་ཡེ་ཤེས་ངོས་བཟུང་བ། བསྟན་བཅོས་འདི་གང་ལས་རྙེད་པ་བསྟན་པ། སངས་རྒྱས་ཀྱི་འཕྲིན་ལས་ལ་གུས་པས་བསྟོད་པ་དང་དྲུག །དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། རྒྱལ་བས་རྒྱུད་རྣམས་ཐམས་ཅད་དུ། །ཕྱི་རོལ་ཐུན་མོང་སྣང་བ་དང་། །ནང་དུ་རྩ་རླུང་ཐིག་ལེ་དང་། །གཞན་དུ་ཀུན་བཏགས་ལྷ་དང་སྔགས། །དྲི་མ་དང་བཅས་རྟོག་པ་དང་། །དྲི་མེད་ཡེ་ཤེས་རྣམ་པ་གཉིས། །ཐམས་ཅད་དོན་དམ་ཀུན་རྫོབ་དང་། །སྤྲོས་དང་སྤྲོས་མེད་གསུངས་པ་ལ། །ཞེས་པའོ། །གཉིས་པ་ནི། རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་ཐམས་ཅད་དུ། ཕྱི་འཇིག་རྟེན་གྱི་ཁམས་ཀྱི་རྣམ་བཞག་དང་། ཕུང་ཁམས་སྐྱེ་མཆེད་དང་འདུ་བྱེད་མི་རྟག་པ་ལ་སོགས་པ་ཕྱི་རོལ་དུ་ཐུན་མོང་པ་ལྟ་བུའི་རྣམ་པར་རིག་བྱེད་ལ་སྣང་བའི་ཚུལ་གསུངས་པ་རྣམས་དང་། བླ་ན་མེད་པའི་ཐེག་པར་ནང་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ་དང་། གཞན་དཀྱིལ་འཁོར་གྱི་འཁོར་ལོ་ལ་བརྟེན་པའི་ཀུན་བཏགས་པའི་བསྐྱེད་རིམ་གྱི་ལྷ་དང་། ཨ་ལ་སོགས་པ་ཡི་གེའི་རྣམ་པ་ཅན་གྱི་སྔགས་དང་། དེ་ལ་བརྟེན་པའི་མིང་ཚིག་ཡི་གེའི་ཚོགས་ལ་སོགས་པ་རྣམས་ནི་ཉོན་མོངས་པ་དང་ཤེས་བྱའི་དྲི་མ་དང་བཅས་པའི་རྟོག་པས་ཇི་སྲིད་དུ་སྦགས་ནས་དྲི་མ་དང་བཅས་པར་གྱུར་པའི་ཚེ་ན་སྦྱང་གཞི་དང་། དྲི་མ་དག་ནས་ཇི་ལྟ་བ་དང་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱི་རྣམ་པར་གྱུར་པ་ན་འབྲས་བུའི་ཐ་སྙད་མཛད་པས་རྣམ་བཞག་གཉིས་སུ་གསུངས་པ་ཡིན་ནོ། །ཞེས་སོ། །གཉིས་པ་སྡེ་སྣོད་སོ་སོ་ལ་སྦྱར་བ་ལ། ཕྱི་ནང་གི་མངོན་པ་ངོས་བཟུང་བ། རྡོ་རྗེ་ཐེག་པར་མདོ་སྡེའི་དོན་ཚང་བར་བསྟན་པ། །འདུལ་བའི་དོན་ཚང་བར་བསྟན་པ་དང་གསུམ་ལས། དང་པོ་ལ། ཕ་རོལ་དུ་ཕྱིན་པའི་མངོན་པ་ངོས་བཟུང་བ་དང་། རྡོ་རྗེ་ཐེག་པའི་མངོན་པ་ངོས་བཟུང་བ་གཉིས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཕྱི་རོལ་བྱེད་པོ་གཞན་མེད་པར། །རྟེན་ཅིང་འབྲེལ་འབྱུང་རང་སྣང་སྟེ། །རྟོག་པས་ལྡན་མིན་འདུ་བྱེད་ཀྱི། །སྣོད་བཅུད་ཕྲ་རགས་མིང་ཚིག་དང་། །ཡི་གེ་ཕྱོགས་དུས་ལ་སོགས་པ། །གསུངས་པ་ཕྱི་རོལ་མངོན་པ་སྟེ། །ཞེས་པའོ། །གཉིས་པ་ནི། དེ་ཡང་སེམས་ཅན་སོ་སོ་ལྟ་བ་ཐ་དད་པར་ལྷུང་བ་དག་ཐེག་པ་ཆེན་པོའི་ལམ་ལ་རིམ་གྱིས་དྲང་བའི་ཕྱིར་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཕྱི་འཇིག་རྟེན་གྱི་ཁམས་སྣ་ཚོགས་པ་འདི་ལ། ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་ལ་སོགས་པ་བྱེད་པ་པོ་གཞན་མེད་པར་རྟེན་ཅིང་འགྲེལ་པར་འབྱུང་བའི་རང་གི་ལུས་དང་སེམས་ལས་ཕྱི་རོལ་དུ་མ་གྲུབ་ཀྱང་། རང་ལས་ཐ་དད་པ་ལྟར་སྣང་བ་འདི་ནི་རང་གི་སེམས་ཀྱི་ཆོ་འཕྲུལ་ཙམ་ཡིན་སྟེ། དེ་ཐམས་ཅད་ཀྱང་དོན་དམ་དང་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་པའི་བུམ་པ་ཞེས་པ་ལ་སོགས་པ་དོན་གྱི་ངོ་བོ་ཙམ་སྟོན་པ་མིང་གི་ཚོགས་དང་། བུམ་པ་མི་རྟག་ཅེས་པའམ། བུམ་པ་འདི་སྟོང་པ་ཉིད་ཡིན་ཞེས་པ་ལ་སོགས་པ་ཚིག་གི་ཚོགས་དང་། དེ་དག་གི་རྐྱེན་ཨ་ཨི་རི་ཨུ་ལི་ཞེས་པ་ཡི་གེའི་ཚོགས་ལ་སོགས་པའི་སྤྲོས་པ་དུ་མས་བརྒྱན་པའི་ཆོས་དང་། ཐམས་ཅད་ཀྱང་སྤྲོས་བྲལ་གྱི་གནས་ལུགས་སུ་གསུངས་པ་རྣམས་ལ། སེམས་ཅན་ལྟ་བ་ཐ་དད་བ་ལ་བརྟེན་པའི་སྟོབས་ཀྱིས། རྟོག་པ་ཐ་དད་པས། མཚན་ཉིད་དང་མཚན་གཞི་ལ་སོགས་པ་མིང་གི་རྣམ་གྲངས་དུ་མས་གསུངས་པ་རྣམས་ནི་ལྡན་མིན་འདུ་བྱེད་ཡིན་པས་འདུ་བྱེད་ཀྱི་ཕུང་པོ་དང་། གཞན་ཡང་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་དང་ཕྲ་མོ་དང་རགས་པ་དང་མིང་ཚིག་ཡི་གེའི་ཚོགས་དང་ཕྱོགས་དང་དུས་དང་རྟག་མི་རྟག་ལ་སོགས་པ་གསུངས་པ་ནི། ཕྱི་ཕ་རོལ་དུ་ཕྱིན་པ་དང་མཐུན་པའི་མངོན་པ་ཡིན་ཏེ། དེ་དག་ལས་དེ་ལྟ་བུའི་རྣམ་བཞག་རྒྱས་པར་བསྟན་པའི་ཕྱིར། ཞེས་སོ། །ཚུལ་འདི་དག་ནི་མདོ་སྡེའི་རྒྱན་ལས། སངས་རྒྱས་རྣམས་ཀྱིས་སེམས་ཅན་ལ། །ཕན་གདགས་ཕྱིར་ན་མཚན་གཞི་དང་། །མཚན་ཉིད་དང་ནི་མཚོན་པ་དག །རབ་ཏུ་དབྱེ་བས་ཡང་དག་བཤད། །ཅེས་གསུངས་པ་ལྟ་བུའོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཇི་ལྟར་ཕྱི་བཞིན་ནང་ན་གནས། །རྩ་དང་ལུས་དབྱིབས་འཇིག་རྟེན་ལ། །རླུང་གིས་ངག་དུས་ཡི་གེ་བསྐྱེད། །ཐིག་ལེ་གཟའ་དང་རྒྱུ་སྐར་དང་། །ཆུ་བོ་མེ་སོགས་ངེས་པ་བསྟན། །ཇི་ལྟར་མིག་བཙུམ་གཟུགས་མི་མཐོང་། །ཕྱེ་བས་སྣང་བར་འགྱུར་བ་དང་། །བརྩིར་ན་ཟླ་བ་གཉིས་མཐོང་ལྟར། །རྟེན་གྱི་གནད་འཆིང་མ་ཤེས་པས། །དབང་བྱེད་ཡེ་ཤེས་མཐོང་བ་མིན། །རྟེན་བཅིངས་ལམ་གྱི་ཡེ་ཤེས་མཐོང་། །ཕྱི་རོལ་མེད་ཀྱང་གཞན་སྣང་ལ། །ཀུན་བཏགས་ལྷ་དང་དཀྱིལ་འཁོར་སྟོན། །དེ་ཕྱིར་ནང་དོན་མངོན་པ་ཡིན། །ཞེས་པའོ། །གཉིས་པ་ནི། ཇི་ལྟར་ཕྱི་རོལ་གྱི་མངོན་པའི་སྐབས་སུ། ཇི་སྐད་བཤད་པ་བཞིན་དུ། ནང་རྡོ་རྗེའི་ལུས་ལ་ཡང་གནས་པ་ཡིན་ཏེ། ནང་རྡོ་རྗེའི་ལུས་ལ་རྩ་བཤད་པ་དེ་ཡང་ཕྱིའི་འཇིག་རྟེན་གྱི་ཁམས་ཀྱི་ཆུ་བོ་མཚོན་པ་ལྟ་བུ་དང་། གཞན་ཡང་ལུས་ཀྱི་དབྱིབས་དང་སྒལ་ཚིགས་རི་རབ། ཚིགས་ཆེན་འབྱུང་བ་རིམ་བརྩེགས། བྲང་སའི་དཀྱིལ་འཁོར་ལ་སོགས་པ་ཕྱི་འཇིག་རྟེན་གྱི་ཁམས་ཀྱི་རྣམ་བཞག་ལུས་ལ་གྲུབ་པ་དང་། ཕྱིའི་རླུང་ནི།ནང་དུ་དབུགས་འབྱུང་འཇུག་དང་། རླུང་དེ་དག་གིས། ངག་ཏུ་བརྗོད་པ་དང་། དུས་སྦྱོར་བཅུ་གཉིས་དང་། ཨ་ལ་སོགས་པའི་ཡི་གེ་བསྐྱེད་པ་དང་། ནང་གི་ཐིག་ལེས་ནི་ཕྱི་རོལ་གྱི་ཡུལ་སོ་བདུན་ལ་སོགས་པར་རིགས་ལྡན་རྒྱུ་བའི་ཚུལ་དང་། དཀར་དམར་རླུང་གསུམ་ཟླ་ཉི་སྒྲ་གཅན་གསུམ་དུ་བཤད་པའི་སྐབས་དང་། གཞན་ཡང་ནང་གི་དབང་པོ་གཟའ་དགུའི་རང་བཞིན་དུ་བཤད་པ་དང་། གཞན་ཡང་ཕྱིའི་ཆུ་བོ་དང་། ཁྱིམ་གྱི་མེ་དང་། བསྲེག་བྱའི་མེ་དང་། ཤ་ཟའི་མེ་ལ་སོགས་པ་ངེས་པ་བསྟན་པ་རྣམས་དང་། གཞན་ཡང་ཐབས་མཁས་པའི་ཁྱད་པར་བསྟན་པ་ནི། ཇི་ལྟར་འཇིག་རྟེན་གྱི་ཁམས་ན་མིག་བཙུམ་པས་གཟུགས་མི་མཐོང་བ་མངོན་སུམ་དུ་གྲུབ་ལ། མིག་ཕྱེ་བས་ནི་ཟླ་བ་ལ་སོགས་པ་གཟུགས་ཀྱི་རྣམ་པ་སྣ་ཚོགས་སྣང་བར་འགྱུར་བ་དང་། མིག་བཙིར་ན་ཟླ་བ་གཉིས་སུ་སྣང་བ་དང་། མེ་གཉིས་སུ་འབར་བར་སྣང་བའི་དཔེས། དེ་ལྟར་དུ། ཡང་དག་པའི་ལམ་དུ་འཇུག་པར་འདོད་པའི་སེམས་ཅན་རྣམས་ཀྱིས་ཀྱང་ཕྱིའི་མངོན་པ་ནས་གསུངས་ཚུལ་ལྟར། སྤང་གཉེན་གྱི་ཚུལ་རྐྱང་པ་ཤེས་ཀྱང་རྟེན་རྩ་རླུང་བྱང་ཆུབ་ཀྱི་སེམས་ཀྱི་གནད་འཆིང་མ་ཤེས་ན། སྲིད་ཞི་དབྱེར་མེད། བདེ་སྟོང་དབྱེར་མེད། སྣང་སྟོང་དབྱེར་མེད། རིག་སྟོང་དབྱེར་མེད། ཐབས་ཤེས་དབྱེར་མེད་ལ་དབང་བྱེད་པའི་ཡེ་ཤེས་མཐོང་བ་མ་ཡིན་ལ། རྟེན་རྩ་རླུང་བྱང་ཆུབ་སེམས་གསུམ་གྱི་གནད་ཤེས་ཤིང་བཅིངས་ན། ཇི་སྐད་བཤད་པ་ལྟར། རྟགས་བཅུ་དང་བདེ་གསལ་མི་རྟོག་པའི་ཡོན་ཏན་སྣང་སྟོང་དབྱེར་མེད་ཀྱི་ལམ་གྱི་ཡེ་ཤེས་མངོན་སུམ་དུ་མཐོང་བར་འགྱུར་ཏེ། མདོར་ན་དེ་དག་གི་ཁྱད་པར་ནི། མིག་བཙུམ་པ་དང་ཕྱེ་བའི་ཁྱད་པར་ལྟ་བུའོ། །གཞན་ཡང་སྔགས་ལ་སོགས་པའི་བསྐྱེད་རིམ་ཡན་ལག་དང་བཅས་པའི་དོན་ཡང་། སེམས་ལས་དོན་གཞན་པ་ཕྱི་རོལ་ན་གྲུབ་པ་མེད་ཀྱང་། གཞན་སྣང་ལ། འབྲས་བུ་གྲུབ་པ་ན་སྤྲུལ་པའི་སྐུ་དུ་མ་སྤྲོ་བ་ལ་དབང་འབྱོར་བའི་ཕྱིར་དུ་ཀུན་བཏགས་ཀྱི་ལྷ་ཞལ་ཕྱག་མི་འདྲ་བ་དུ་མ་དང་། དཀྱིལ་འཁོར་གྱི་ལྷ་དབྱིབས་དང་ཁ་དོག་མི་འདྲ་བ་དུ་མ་བསྟན་པའི་རྒྱུ་མཚན་ཡང་དེ་ལྟ་བུ་ཡིན་པས། ཐ་སྙད་དུ་བསྐྱེད་རིམ་ཤིན་ཏུ་དགོས་པ་ཡིན་ཏེ། ཧེ་བཛྭ་ལས། རྡོ་རྗེ་སྙིང་པོས་གསོལ་པ། རྫོགས་པའི་རིམ་པའི་རྣལ་འབྱོར་འདི། །དེ་ཡི་བདེ་བ་བདེ་ཆེན་བརྗོད། །རྫོགས་པར་སྒོམ་པ་མེད་པ་སྟེ། །བསྐྱེད་པ་ཡིས་ནི་ཅི་ཞིག་འཚལ། །བཅོམ་ལྡན་འདས་ཀྱིས་བསྩལ་པ། །ཨེ་མའོ་བྱང་ཆུབ་སེམས་དཔའ་ཆེ། །དད་པའི་ཤུགས་ཀྱིས་རབ་ཏུ་ཉམས། །ལུས་ཀྱི་དངོས་མེད་གང་ལས་བདེ། །བདེ་བ་སྨྲ་བར་མི་ནུས་སོ། །ཁྱབ་དང་ཁྱབ་བྱེད་ཚུལ་གྱིས་ནི། །བདེ་བར་འགྲོ་བ་ཁྱབ་པ་ཉིད། །ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་དངོས་མེད་ཤེས་མི་འགྱུར། །དེ་བཞིན་གཟུགས་སོགས་དངོས་མེད་པས། །བདེ་བ་ཉིད་ཀྱང་དམིགས་མི་འགྱུར། །ཞེས་གསུངས་པས་སོ། །དེའི་ཕྱིར་ན། ཚུལ་དེ་ལྟ་བུ་དག་ནི་ནང་གི་དོན་གྱི་མངོན་པ་ཡིན་ནོ། །བསྐྱེད་རིམ་གྱི་ཚུལ་འདི་ནི། མིག་བཙིར་ན་ཟླ་བ་གཉིས་སུ་སྣང་བ་ལྟ་བུ་ཡིན་ཏེ། བདེན་པར་མེད་བཞིན་དུ་རྣམ་རྟོག་ལ་མཚུངས་པར་གཟུགས་བརྙན་གསལ་བར་སྣང་བའི་ཕྱིར། གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། གཞན་བཤད་ལྷ་དང་དཀྱིལ་འཁོར་ཡང་། །ས་དང་ལམ་དང་ཕ་རོལ་ཕྱིན། །གཟུངས་དང་སྔགས་བཅས་བྱང་ཆུབ་ཕྱོགས། །ཟད་པར་ཟིལ་གནོན་ལ་སོགས་པ། །བསྒྲུབ་ཕྱིར་ཟབ་དང་རྒྱ་ཆེའི་ཕྱིར། །མདོ་དང་ཕ་རོལ་ཕྱིན་པར་བརྗོད། །ཅེས་པའོ། །གཉིས་པ་ནི། ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཕ་རོལ་དུ་ཕྱིན་པའི་ཐེག་པ་ལས་གསུངས་པ་ལྟར། འདིར་ཡང་། མདོ་སྡེའི་དོན་ཚང་བའི་ཚུལ་ནི། ཕྱི་ནང་གཞན་གསུམ་གྱི་ནང་ནས། གཞན་དཀྱིལ་འཁོར་གྱི་འཁོར་ལོར་བཤད་པའི་ལྷ་དང་དཀྱིལ་འཁོར་ལ་སོགས་པ་ཡང་། ནང་གི་ཨཽ་ཌི་ཛ་ལནྡྷ་ར་པུ ལླིུ་ར་མ་ལ་སོགས་པའི་གནས་ཉི་ཤུ་རྩ་བཞི་དང་ཉེ་གནས་ལ་སོགས་པ་རྣམས་རབ་དགའ་ལ་སོགས་པའི་ས་བཅུ་དང་སྦྱར་བ་དང་། ལམ་ལྔ་ཇི་ལྟར་བགྲོད་པའི་ཚུལ་བཤད་པ་དང་། སྦྱིན་པ་ནས་ཡེ་ཤེས་ཀྱི་བར་གྱི་ཕ་རོལ་དུ་ཕྱིན་པ་བཅུ་བཤད་པ་དང་། ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་པ་ལ་སོགས་པ་ཚིག་གི་གཟུངས་དང་། ཆོས་ཀྱི་གནས་ལུགས་མི་བརྗེད་པ་དོན་གྱི་གཟུངས་དང་། དུག་མེད་པར་གྱུར་ཅིག་ཅེས་པ་ལ་སོགས་པའི་སྔགས་འབྲས་བྱིན་གྱིས་བརླབ་ནུས་པ་ནི་སྔགས་ཀྱི་གཟུངས་དང་། ཟབ་མོ་སྟོང་པ་ཉིད་ལ་མི་སྐྲག་བ་བཟོད་པའི་གཟུངས་དང་། རང་གི་ཡིད་སྐྱོབ་པར་ནུས་ཤིང་གསངས་ཏེ་སྒྲུབ་པ་གསང་སྔགས་དང་། ཤེས་རབ་ལ་སོགས་པ་རིག་པ་འཕེལ་བའི་ཕྱིར་དུ་སྒྲུབ་པ་རིགས་སྔགས་དང་། ཐོས་པའི་དོན་མི་བརྗེད་པའི་ཕྱིར་དུ་སྒྲུབ་པ་གཟུངས་སྔགས་དང་། འཇིག་རྟེན་གྱི་ཁམས་ཀྱི་སྒྲ་ཐམས་ཅད་ཐོས་པ་ལྷའི་རྣ་བ་དང་། ལམ་གྱི་རིམ་པར་གསུངས་པའི་དྲན་པ་ཉེར་བཞག་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ་བདུན་དང་། གཞན་ཡང་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའི་ཡན་ལག་ཏུ་གྱུར་པའི་རང་གི་དམིགས་པས་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་སྤྲོ་ནུས་པའི་ཟད་པར་དང་། རང་གི་དམིགས་པ་སྔོན་པོ་ལ་སོགས་པ་ཟིལ་གྱིས་གནོན་པའི་ཟིལ་གནོན་ལ་སོགས་པ་རང་དང་གཞན་གྱི་དོན་བསྒྲུབ་པའི་ཏིང་ངེ་འཛིན་དང་འབྲེལ་བའི་ཟབ་པ་དང་རྒྱ་ཆེ་བའི་ཚུལ་དཔག་ཏུ་མེད་པ་སྟོན་པའི་ཕྱིར་ན། སྔགས་ཀྱི་ཐེག་པ་འདིར། མདོ་དང་ཕ་རོལ་དུ་ཕྱིན་པའི་དོན་ཐམས་ཅད་ཚང་བ་ཡིན་པར་བརྗོད་དོ། །འདི་དག་ལ་རྒྱས་བཤད་དཔག་ཏུ་མེད་པ་བྱེད་རྒྱུ་ཡོད་ཀྱང་། རེ་ཞིག་གཞུང་དོན་ལས་འཕྲོས་པའི་སྤྲོས་པ་དེ་ཙམ་གྱིས་ཆོག་གོ །གསུམ་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཕྱི་རོལ་ལུས་ངག་བསྲུང་སྡོམ་དང་། །རང་བཞིན་བཅས་ལྡན་འདུལ་བ་ནི། །ནང་དུ་རང་དང་གཞན་དོན་ལ། །མ་རྨོངས་ཐབས་མཁས་ཁྱད་པར་གྱིས། །ཉོན་མོངས་ཡེ་ཤེས་བསྒྱུར་བྱེད་པ། །དེ་ཕྱིར་ནང་གི་འདུལ་བར་གསུངས། །ཤེས་པའོ། །གཉིས་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདུལ་བའི་སྡེ་སྣོ་ལས་ཇི་ལྟར་གསུངས་པ་བཞིན་དུ། ཕྱི་རོལ་ལུས་ངག་གི་ཁ་ན་མ་ཐོ་བ་རགས་པ་བཅུ་དང་། རགས་པ་བཅུ་གསུམ་དང་། དགེ་སློབ་མའི་བསླབ་པ་བཅུ་གཉིས་དང་དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དང་། དགེ་སློང་མའི་ཁྲིམས་སུམ་བརྒྱ་དང་དྲུག་ཅུ་རྩ་བཞི་པོ་རྣམས་བསྲུང་བའི་སྡོམ་པ་དང་། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པའི་ཁ་ན་མ་ཐོ་བ་སྤོང་བའི་ཚུལ་ཁྲིམས་དང་ལྡན་པའི་འདུལ་བ། རང་ཉིད་གཅིག་པུ་ཞི་བདེ་ཐོབ་པར་བྱ་བའི་ཕྱིར་དུ་བསྲུང་བ་ནི་ཕྱིའི་འདུལ་བ་ཡིན་ལ། ནང་གི་འདུལ་བ་ནི། ནང་དུ་རང་གི་དོན་དང་གཞན་གྱི་དོན་ལ་མ་རྨོངས་པར། ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་གྱི་བདེན་པའི་གནས་ཚུལ་ཤེས་ཤིང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་ལྡན་པས་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་མིག་འབྲས་བཞིན་དུ་བསྲུང་ཞིང་། བསྐྱེད་རྫོགས་ཀྱི་ཐབས་ལ་མཁས་པའི་ཁྱད་པར་དང་བཅས་པས། ཉོན་མོངས་པའི་ཚོགས་ཇི་རྙེད་པ་ཐམས་ཅད་བྱིན་གྱིས་རློབ་ཅིང་། ཡེ་ཤེས་སུ་བསྒྱུར་བར་བྱེད་པ་དང་། ཉོན་མོངས་པ་ལས་མྱུར་དུ་འབྱུང་བའི་ཐབས་ལ་མཁས་བའི་ལམ་གྱིས་འཁོར་བའི་བརྩོན་ར་ནས་སེམས་ཅན་རྣམས་སློང་བར་ཕྱེད་ཅིང་། བླ་ན་མེད་པའི་མི་འགྱུར་བའི་བདེ་བ་ལ་སྦྱོར་བར་བྱེད་བའི་ཕྱིར་ན། སྔགས་ཀྱི་ཐེག་པ་འདི་ནང་གི་འདུལ་བ་བླ་ན་མེད་པར་གསུངས་སོ། །རྒྱུ་མཚན་དེའི་ཕྱིར། སྔོན་གྱི་མཁས་པ་དག །ལ་ལས་སྔགས་ཀྱི་ཐེག་པ་འདི་སྡེ་སྣོད་གསུམ་པོ་གང་དུའང་མི་གཏོགས་པར་འདོད་པ་དང་། ལ་ལས་སྡེ་སྣོད་གསུམ་ཀར་གཏོགས་པར་འདོད་པ་དང་། ལ་ལས་མདོ་སྡེའི་ཁོངས་སུ་འདུས་པར་འདོད་པ་དག་ནི་འཐད་པ་མ་ཡིན་པས། འདིར་རང་གི་ལུགས་ལ། སྔགས་ཀྱི་ཐེག་པ་ཉིད་ལ་སྡེ་སྣོད་གསུམ་ཀའི་དོན་ཚང་བ་ཡིན་ཏེ། ནང་གི་བཅས་པ་ཁྱད་པར་བ་བསྟན་པས་འདུལ་བའི་དོན་ཚང་། ཟབ་མོ་སྟོང་པ་ཉིད་ཀྱི་གནས་ལུགས་མཆོག་ཏུ་གྱུར་པ་བསྟན་པས་མདོ་སྡེའི་དོན་ཚང་། ཕྱི་ནང་གི་ཆོས་རྣམས་ཀྱི་སྦྱར་བཤད་དང་རང་སྤྱིའི་མཚན་ཉིད་མ་འདྲེས་པར་སོ་སོར་བསྟན་པས་མངོན་པའི་དོན་ཚང་བའི་ཕྱིར། འདི་དག་ལ་ལུང་སྦྱོར་གྱི་སྤྲོས་པ་དུ་མ་ཡོད་ཀྱང་ཚིག་མངས་ཀྱིས་དོགས་པས་མ་བྲིས་སོ། །གསུམ་པ་ལ། ཕྱིའི་སྡེ་སྣོད་ཤེས་པའི་དགོས་པ་ཐུན་མོང་དུ་བཤད། ནང་གི་སྡེ་སྣོད་ཤེས་པའི་དགོས་པ་ཐུན་མོང་མ་ཡིན་པར་བསྟན་པ་དང་གཉིས། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། འདུལ་དང་མདོ་སྡེ་ཕྱིར་ཤེས་པས། །ཉན་རང་འབྲས་བུ་ཐོབ་བྱེད་དེ། །ཞེས་སོ། །གཉིས་པ་ནི། དེ་ལྟར་ཕྱི་རོལ་གྱི་འདུལ་བ་ལས་ཇི་སྐད་བཤད་པ་དང་། མདོ་སྡེའི་ཕྱོགས་རེ་དང་། ཐེག་དམན་གྱི་མངོན་པ་སྟེ། སྡེ་སྣོད་གསུམ་པོ་ཐེག་དམན་དང་མཐུན་པའི་ཕྱི་རོལ་མཚན་ཉིད་ཀྱི་ཐེག་པ་ལྟར་ཤེས་པས། ཉན་ཐོས་དང་རང་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་བྱེད་པ་ཡིན་ཏེ། དེ་གཉིས་ཀྱི་ལྟ་སྤྱོད་གཙོ་བོར་གཏན་ལ་འབེབས་པར་བྱེད་པའི་སྡེ་སྣོད་ཡིན་པའི་ཕྱིར་ཞེས་པའོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཐབ་མོའི་མདོ་འདུལ་མངོན་པ་རྣམས། སྤྱོད་བྱེད་བྱང་ཆུབ་སེམས་དཔར་འགྱུར། །ཐབས་མཁས་ནང་དོན་རྒྱས་པར་ཤེས། །སངས་རྒྱས་སྙིང་པོའི་ཚུལ་རྟོགས་ནས། །འབྲས་བུ་རྟོགས་པ་ལམ་བྱེད་པ། །བླ་མེད་སངས་རྒྱས་མྱུར་ཐོབ་བྱེད། །ཅེས་པའོ། །གཉིས་པ་ནི། ཇི་སྐད་དུ་བཤད་པ་ལྟར། ཟབ་མོ་སྔགས་ཀྱི་ཐེག་པའི་དབང་དུ་བྱས་པའི་འདུལ་བ་དང་མདོ་སྡེ་དང་མངོན་པ་རྣམས་སྤྱོད་པར་བྱེད་པ་ནི་ལམ་དུ་ཞུགས་པའི་ཚེ་ན་བྱང་ཆུབ་སེམས་དཔར་གྱུར་ལ། དེ་ལས་ཀྱང་ཐབས་ལ་མཁས་པའི་ཁྱད་པར་གྱིས་གཞུང་འདི་ནས་ཇི་སྐད་བཤད་པ་ལྟ་བུས་ནང་གི་དོན་རྒྱས་པར་ཤེས་ཤིང་། སངས་རྒྱས་ཀྱི་སྙིང་པོའི་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་ནས། གཞི་འབྲས་ངོ་བོ་དབྱེར་མེད་དུ་རྟོགས་པ་ལམ་དུ་བྱེད་པ་དག་གིས་ནི་བླ་ན་མེད་པའི་སངས་རྒྱས་མྱུར་དུ་ཐོབ་པར་བྱེད་པའི་དགོས་པ་དང་ལྡན་པ་དེའི་ཕྱིར། རྡོ་རྗེ་ཐེག་པའི་སྔགས་ཀྱི་ཚུལ་རྒྱུད་ཐམས་ཅད་ལས་གསུངས་པ་གོ་བར་བྱ་བའི་དོན་དུ་ཟབ་མོའི་དོན་ཉེ་བར་མཚོན་པའི་མིང་དང་། ཚིག་གིས་མཚོན་པའི་རྣམ་གྲངས་རྣམས་ནི་འདིར་བསྡུས་ཏེ་བསྟན་པ་ཡིན་ནོ། །བཞི་པ་ལ། གཞི་དུས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ངོས་བཟུང་། དེ་ལ་སྒྲིབ་བྱེད་ཀྱི་དྲི་མ་ཇི་ལྟར་འབྱུང་བའི་ཚུལ། དེ་དྲི་མས་ཇི་ལྟར་བསྒྲིབས་པའི་ཚུལ། སྦྱོང་བྱེད་ལམ་གྱི་རིམ་པ་བཤད་པ། དྲི་མ་དང་བྲལ་བའི་ཡེ་ཤེས་ངོས་བཟུང་བ་དང་ལྔ་ལས། དང་པོ་ནི། ཐམས་ཅད་ཡེ་ཤེས་རང་བཞིན་ཏེ། ཞེས་པ་ནི། སྔར་གོང་དུ་ཇི་སྐད་བཤད་པ་བཞིན། དབང་པོའི་མངོན་སུམ་དང་། ཡིད་ཀྱི་མངོན་སུམ་དང་། རང་རིག་པའི་མངོན་སུམ་རྣམས་ཡང་དག་པའི་རྣལ་འབྱོར་གྱིས་ཟིན་པའི་དུས་ན། ཐམས་ཅད་ཀྱང་ཡང་དག་པའི་རྣལ་འབྱོར་མངོན་སུམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པ་དེའི་ཚེ། ཤེས་པར་བྱ་བ་དང་ཤེས་པར་བྱེད་པའི་རྣམ་པ་ཇི་སྙེད་པ་ཐམས་ཅད་ཡང་དག་པའི་ལྟ་བས་ཟིན་པས། རྒྱུ་འབྲས་སོ་སོར་རྟོག་པའི་ཡེ་ཤེས་དང་། ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པའི་ཡེ་ཤེས་དང་། དེ་ལ་དབང་ཐོབ་པའི་མཐུས་རྫུ་འཕྲུལ་ལ་སོགས་པའི་སྒོ་ནས་གཞན་གྱི་བྱ་བ་སྒྲུབ་བར་བྱེད་པའི་ཡེ་ཤེས་དང་། འཁོར་འདས་ཐམས་ཅད་ཀྱང་མཉམ་པ་ཉིད་དུ་རྟོགས་པས་སྲིད་ཞི་མཉམ་ཉིད་དུ་གནས་པ་དང་། ཡེ་ཤེས་དེ་རྣམས་དེ་བཞིན་ཉིད་ལས་གཡོ་བ་མེད་པའི་ཚུལ་འདི་ནི། སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་ཁྱད་པར་མེད་པར་བཞུགས་པའི་ཕྱིར། ཇི་སྐད་དུ། རྒྱུད་སྔ་མ་ལས། བརྫུན་མེད་སླུ་མེད་ཆོས་ཉིད་དང་། །གདོད་ནས་རང་བཞིན་ཞི་ཉིད་དོ། །རྣམ་ཀུན་མངོན་པར་བྱང་ཆུབ་དང་། །དྲི་མ་བག་ཆགས་བཅས་སྤངས་པ། སངས་རྒྱས་མྱ་ངན་འདས་པ་ནི། །དམ་པའི་དོན་དུ་གཉིས་མེད་ཉིད། །ཅེས་གསུངས་པའི་ཕྱིར། གཉིས་པ་དེ་ལ་སྒྲིབ་བྱེད་ཀྱི་དྲི་མ་ཇི་ལྟར་འབྱུང་བའི་ཚུལ་བཤད་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་སྒྲིབ་འཁྲུལ་རྟོག་བཟུང་འཛིན་གྱི། ཤེས་པ་གློ་བུར་བར་སྐྱེས་ནས། །ཤེས་པའོ། །གཉིས་པ་ནི། ཡེ་ཤེས་དེ་ལ་སྒྲིབ་བྱེད་ཀྱི་དྲི་མ་ནི། ཀུན་གཞིའི་སྟེང་དུ་ཉོན་མོངས་པ་ཅན་གྱི་ཡིད་མངོན་པར་འདུ་བྱེད་པ་ལ་བརྟེན་ནས། གཟུང་འཛིན་རྫས་ཐ་དད་མ་ཡིན་པ་ལ་རྫས་ཐ་དད་དུ་འཁྲུལ་ནས། དེ་དང་དེར་སྒྲོ་འདོགས་པའི་གཟུང་འཛིན་གྱི་ཤེས་པ། ངོ་བོ་ཡེ་ཤེས་དེ་དག་དང་འབྲལ་རུང་དུ། གློ་བུར་བར་སྐྱེས་ནས་སྒྲིབ་བར་བྱེད་པའོ། །འདི་ཉིད་ནི། དཔལ་ཆོས་ཀྱི་གྲགས་པའི་ཞལ་སྔ་ནས། །བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །འདི་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་ཉེས་པ་ཐམས་ཅད་ཀྱི་རྩ་བ་འཇིག་ཚོགས་ལ་ལྟ་བའི་བདག་འཛིན་ཡིན་པར་གསུངས་པ་ལྟ་བུའོ། །གསུམ་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། འདུ་བྱེད་མངོན་པར་འདུ་བྱས་ནས། །ཡོད་པ་མ་མཐོང་མེད་པ་མཐོང་། །རྣམ་རྟོག་འདམ་དུ་བྱིང་གྱུར་པས། །བྱིས་པ་འཁོར་བའི་ནང་དུ་བྱིང་། །ཞེས་པའོ། །གཉིས་པ་ནི། ཀུན་གཞི་ཉོན་ཡིད་ཀྱི་འདུ་བྱེད་གྱི་མངོན་པར་འདུ་བྱས་ནས་བདག་ཏུ་འཛིན་པ་སྐྱེ་ལ། དེ་ལས་ཡང་དག་པའི་གནས་ལུགས་ཇི་ལྟ་བ་བཞིན་དུ་ཡོད་པ་མ་མཐོང་ཞིང་། དོན་ལ་མེད་པའི་འཁྲུལ་པའི་སྣང་བ་སྣ་ཚོགས་པ་ནི་མཐོང་སྟེ། དེ་ལས་མེད་བཞིན་དུ་ཐ་དད་དུ་ཡོད་པར་འཁྲུལ་པའི་སྒོ་ནས། རྣམ་རྟོག་གི་འདམ་དུ་བྱིང་བར་གྱུར་པའི་བྱིས་པ་སོ་སོ་སྐྱེ་བོ་རྣམས་འཁོར་བར་ཡང་ནས་ཡང་དུ་འཁོར་བར་བྱེད་ཅིང་། འཁོར་བའི་རྒྱ་མཚོའི་ནང་དུ་བྱིང་བར་བྱེད་པ་ཡིན་ནོ། །འཁྲུལ་པའི་ཚུལ་ནི། སྨིག་སྒྱུ་ལ་ཆུར་འཁྲུལ་པ་བཞིན་དང་། ཐག་པ་ཁྲ་བོ་ལ་སྤྲུལ་དུ་འཁྲུལ་པ་ལྟ་བུའོ། །བཞི་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཕྱི་ནང་གཞན་གསུམ་ཡེ་ཤེས་སུ། །རྟོགས་པས་སངས་རྒྱས་རང་བཞིན་ཏེ། །ཀུན་རྫོབ་གཉིས་སུ་སྣང་བ་རྣམས། །ཆུ་ཟླ་ལྟ་བུར་དོན་དུ་གཟིགས། །དོན་དམ་སྟོང་ཉིད་བཅོ་བརྒྱད་པོ། །དབྱེར་མེད་གཅིག་ཏུ་བདེན་གཟིགས་པས། །ཤེས་པའོ། །གཉིས་པ་ནི། དེ་ལ་དྲི་མ་སྦྱོང་བྱེད་ཀྱི་ལམ་སྒོམ་པའི་ཚུལ་ནི། ཕྱི་འཇིག་རྟེན་གྱི་ཁམས་དང་། ནང་རྡོ་རྗེའི་ལུས་དང་། གཞན་དཀྱིལ་འཁོར་གྱི་འཁོར་ལོ་གསུམ། གནས་ལུགས་དོན་གྱི་ཡེ་ཤེས་སུ་ངོ་བོ་དབྱེར་མེད་དུ་རྟོགས་པས་ན། དོན་ལ་སངས་རྒྱས་ཀྱི་རང་བཞིན་ཡིན་ཏེ། རང་བཞིན་ཆོས་ཀྱི་སྐུ་ལས་མ་འདས་པའི་ཕྱིར། དེ་ཡང་བཟུང་འཛིན་སྣ་ཚོགས་སུ་ཆུ་ཟླ་ལྟ་བུར་སྣང་བ་ཀུན་རྫོབ་གཉིས་སུ་སྣང་བའི་རྣམ་པ་ཐམས་ཅད། ཆུའི་ཟླ་བ་ལྟ་བུར་དོན་ལ་མེད་བཞིན་དུ་རྟོག་པའི་ངོར་ཕྱི་རོལ་གྱི་དོན་དུ་སྣང་བ་སེམས་ཀྱི་རང་གདངས་སུ་གཟིགས་ཤིང་། དོན་དམ་བདེན་པའི་ངོ་བོ་སྟོང་ཉིད་བཅོ་བརྒྱད་པོ་ཡང་། ཡུལ་དང་ཡུལ་ཅན་དབྱེར་མེད་པ་ཡེ་ཤེས་གཅིག་གི་ངོ་བོར་བདེན་པའི་དོན་དུ་གཟིགས་པས་ན། དེ་ལྟ་བུའི་མཉམ་བཞག་ཡེ་ཤེས་དེ་ནི། སྤང་བྱ་སྒྲིབ་པའི་གཉེན་པོ་ཡིན་ནོ། །ལྔ་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཉོན་མོངས་ཤེས་བྱ་སྙོམས་འཇུག་གི །སྒྲིབ་གསུམ་དང་བྲལ་རང་རིག་ཉིད། །ཇི་ལྟ་ཇི་སྙེད་ཡེ་ཤེས་གསུངས། །ཤེས་པའོ། །གཉིས་པ་ནི། དེ་ལྟར་ལམ་བསྒོམས་པའི་སྟོབས་ཀྱིས། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་སྒྲིབ་པ་དང་། འཁོར་གསུམ་དུ་རྣམ་པར་རྟོགས་པ་ལ་སོགས་པ་ཤེས་བྱའི་སྒྲིབ་པ་དང་། བསམ་གཏན་དང་གཟུགས་མེད་པ་ལ་སོགས་པ་ཐོབ་པའི་གེགས་དང་། འཛག་བདེའི་རྒྱུ་འཕོ་བའི་བག་ཆགས་ལ་སོགས་པ་སྙོམས་འཇུག་གི་སྒྲིབ་པ་གསུམ་དང་བྲལ་བའི་སངས་རྒྱས་ནང་ཕན་ཚུན་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པ་མཉམ་བཞག་ཡེ་ཤེས་ཀྱི་རང་རིག་པའི་ཚུལ་གྱིས་རྟོགས་པར་བྱ་བ་གང་ཡིན་པ་དེ་ནི་འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་ཡིན་ནོ། །དེ་ལ་ཡུལ་གྱི་སྒོ་ནས་དབྱེ་ན། ཆོས་ཉིད་ཇི་ལྟ་བ་མཁྱེན་པའི་རྣམ་མཁྱེན་དང་། ཆོས་ཅན་ཇི་སྙེད་པ་མཁྱེན་པའི་རྣམ་མཁྱེན་ཏེ། ཡེ་ཤེས་རྣམ་པ་གཉིས་སུ་སངས་རྒྱས་ཀྱིས་གསུངས་སོ། །སྔ་རབས་པ་འགའ་ཞིག སངས་རྒྱས་ཀྱི་ས་ན་ཡེ་ཤེས་མེད་པར་འདོད་པའི་ལུགས་དང་། ཡོད་པར་འདོད་པའི་ལུགས་དུ་མ་འདུག་ཀྱང་། འདིར་ནི། སངས་རྒྱས་ཀྱི་ས་ན་ཡེ་ཤེས་ཡོད་པར་བརྗོད་པ་ཡིན་ཏེ། ཆོས་ཀྱི་རྗེ་རང་བྱུང་པའི་ཞལ་སྔ་ནས་མཛད་པའི། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་བསྟན་བཅོས་ལས། ཇི་སྐད་དུ། སེམས་ཅན་འཁྲུལ་པ་ཇི་སྙེད་པ། ཡེ་ཤེས་ཡུལ་དུ་སྣང་གྱུར་ཀྱང་། །ཡེ་ཤེས་འཁྲུལ་པས་གོས་པ་མིན། །དཔེར་ན་མཁའ་ལ་འབྱུང་ཆར་བཞིན། །སྐྱེ་འགག་སྣང་ཡང་ནམ་མཁའ་ལ། །གོས་མིན་སྐྱེ་དང་འགགས་པ་མེད། །ཅེས་པ་དང་། རྒྱལ་བའི་ཡེ་ཤེས་སེམས་ཅན་ལ། །བཞུགས་ཀྱང་དེ་བཞིན་གོས་པ་མེད། །འདི་ལ་འཁྲུལ་པའི་མིང་མི་བརྗོད། །ཅེས་པ་དང་། ཡེ་ཤེས་རྟག་པ་གསུམ་ཡིན་ཏེ། །རང་བཞིན་རྟག་པ་ཆོས་ཀྱི་སྐུ། །རྒྱུན་གྱི་རྟག་པ་ལོངས་སྤྱོད་རྫོགས། །རྒྱུན་མི་འཆད་པ་སྤྲུལ་སྐུ་ཡིན། །ཞེས་པ་དང་། མཚན་ཡང་དག་པར་བརྗོད་པ་ལས། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་སྤང་བྱ་དང་གཉེན་པོའི་ཚུལ་དེ་དག་ནི། ཇི་སྐད་དུ། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །སེར་སྣ་ལ་སོགས་རྣམ་རྟོག་གང་། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །ཅེས་གསུངས་པ་དང་། གཉེན་པོ་དང་འབྲས་བུའི་ཚུལ་ཡང་། དེ་ཉིད་ལས། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །འགྲོ་བ་ཞི་བའི་ཆོས་ཉིད་དུ། །རྟོགས་ཕྱིར་ཇི་ལྟ་ཉིད་དེ་ཡང་། །རང་བཞིན་གྱི་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཤེས་བྱ་མཐར་ཐུག་རྟོགས་པའི་བློས། །ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །སེམས་ཅན་ཐམས་ཅད་ལ་ཡོད་པར། །མཐོང་ཕྱིར་ཇི་སྙེད་ཡོད་པ་ཉིད། །དེ་ལྟར་རྟོགས་པ་གང་ཡིན་དེ། །སོ་སོ་རང་ཤེས་མཐོང་བ་ཉིད། །དྲི་མེད་དབྱིངས་ལ་ཆགས་མེད་དང་། །ཐོགས་མེད་ཕྱིར་ཏེ་དག་པ་ཡིན། །ཞེས་གསུངས་པའི་ཕྱིར། འདི་དག་ནི། དགེ་འདུན་དཀོན་མཆོག་གི་སྐབས་ཀྱི་ལུང་ཡིན་ཀྱང་འདིར་འབྲེལ་བ་ནི་སྦྱང་གཞིའི་རྟོགས་ཚུལ་དང་། བྲལ་བ་འབྲས་བུའི་རྟོགས་ཚུལ་ཆ་མཉམ་པ་ཙམ་ལ་དགོངས་ཤིང་། རྟོགས་བྱ་ཁམས་ཀྱི་ངོ་བོ་ལ་ཁྱད་པར་མེད་པའི་ཕྱིར་ཡང་འབྲེལ་བ་ཡིན་ནོ། །ལྔ་པ་ལ། བསྟན་བཅོས་འདི་ཇི་ལྟར་བསྡུས་བའི་ཚུལ། རྒྱས་པར་རྒྱུད་འགྲེལ་གཞན་ལ་བལྟ་དགོས་པར་བསྟན་པ། འདི་དེ་རྣམས་ཐམས་ཅད་ལ་འཇུག་པའི་སྒོ་ཡིན་པར་བསྟན་པ། བསྟན་བཅོས་འདི་རང་བཟོ་མ་ཡིན་པར་བཤད་པ། འདི་རྒྱལ་བ་སྲས་དང་བཅས་པའི་གསུང་རབ་ལས་རྙེད་པར་བསྟན་པ་དང་ལྔ། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། དེ་བས་རྡོ་རྗེ་ཐེག་པ་རུ། །གསུངས་པའི་གནས་ལུགས་རྟོགས་བྱའི་ཕྱིར། འདིར་ནི་ཕྱོགས་ཙམ་བསྡུས་པ་ཡིན། ཞེས་པའོ། །གཉིས་པ་ནི། གོང་དུ་གསུངས་པ་ལྟར་གྱི་ལམ་འདི་དག་བསྟན་པ་ལ། རྒྱུ་མཚན་དང་དགོས་པ་དཔག་ཏུ་མེད་པ་ཡོད་པ་དེ་བས་ན། རྡོ་རྗེ་ཐེག་པ་དཔག་ཏུ་མེད་པར་གསུངས་པའི་ཚིག་དང་དོན་གལ་ཆེ་བ་རྣམས་འདིར་བསྡུས་པ་ནི། རྡོ་རྗེ་ཐེག་པར་གསུངས་པའི་གནས་ལུགས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར། གཞུང་འདིར་ནི་ཕྱོགས་ཙམ་ཞིག་བསྡུས་པ་ཡིན་ནོ། །ཞེས་སོ། །འདི་དག་ནི་གོང་དུ་བཤད་པའི་དགོས་པ་དང་ཡང་ཆ་མཚུངས་སོ། །གཉིས་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། རྒྱས་པར་བསྟན་པ་དཔག་མེད་ཀྱང་། །རྒྱལ་སྲས་རྣམས་ཀྱིས་བསྟན་པ་ཡིས། །རྒྱུད་འགྲེལ་རྣམས་ལ་བལྟ་བར་གྱིས། །ཤེས་པའོ། །གཉིས་པ་ནི། འདི་ལྟ་བུའི་ཚུལ་རྒྱས་པར་བསྟན་པ་དཔག་ཏུ་མེད་ཀྱང་། ཐོས་པས་མི་ངོམས་ཤིང་བློ་རྒྱ་ཆེ་བ་རྣམས་ཀྱིས་ནི། རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་། ཕྱག་ན་རྡོ་རྗེ་དང་། སྤྱན་རས་གཟིགས་རྣམས་ཀྱིས་མཛད་པའི་འགྲེལ་པ་དང་། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་མཁས་ཤིང་གྲུབ་པ་ཐོབ་པའི་སྐྱེས་བུ་རྣམས་ཀྱིས་ཉན་བཤད་ཀྱི་སྒོ་ནས་གཏན་ལ་ཕབ་པའི་རྒྱུད་འགྲེལ་ཚད་ལྡན་རྣམས་ལ་བལྟ་བར་གྱིས་ཤིག་ཅེས་ཁུངས་བསྟན་པའོ། །གསུམ་པ་ནི། དེ་དག་ཀུན་ལ་འཇུག་པའི་སྒོ། །ཞེས་པ་སྟེ། དེ་ལྟ་བུའི་རྒྱུད་དང་འགྲེལ་པ་དག་ལ་འཇུག་པའི་སྒོ་ནི། ཟབ་མོ་ནང་གི་དོན་འདི་ཉིད་ཡིན་ཏེ། འདིར། དེ་རྣམས་ནས་གསུངས་པའི་ངེས་པའི་དོན་གྱི་གནད་རྣམས་ཕྱིན་ཅི་མ་ལོག་པར་བཤད་པའི་ཕྱིར་རོ། །བཞི་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཟབ་མོ་ནང་གི་དོན་བཤད་པ། །འདི་ནི་རང་བཟོ་མ་ཡིན་ཏེ། །ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས། །རྒྱལ་བས་གསུངས་པ་ཁོ་ན་བྲིས། །ཤེས་པའོ། །གཉིས་པ་ནི། འོ་ན་ཁྱོད་ཀྱི་བསྟན་བཅོས་འདི་རང་བཟོར་བྲིས་པ་ཡིན་ནམ་ཞེ་ན། ནང་གི་དོན་རྩོམ་པ་པོ་བདག་ཉིད་ཀྱིས་ཟབ་མོ་ནང་གི་དོན་རྣམ་པར་བཤད་པ་འདི་ནི་རང་བཟོ་མ་ཡིན་ཏེ། ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས་རྒྱལ་བ་ཉིད་ཀྱིས་གསུངས་པའི་མདོ་རྒྱུད་ཁོ་ན་བཞིན་དུ་བྲིས་པ་ཡིན་པའི་ཕྱིར་ཞེས་པའོ། །ལྔ་པ་ལ། རྩ་བ་དང་། ཚིག་དོན་བཤད་པ་གཉིས། དང་པོ་ནི། གསང་བའི་བདག་པོ་མཁས་རྣམས་ཀྱི། །རྣམ་འགྲེལ་མཐུ་ལ་རབ་བརྟེན་ནས། །རྡོ་རྗེ་ཐེག་པའི་ནང་གི་དོན། །ཕྱིན་ཅི་མ་ལོག་རྙེད་པ་ཡིན། །ཞེས་པའོ། །གཉིས་པ་ནི། འོ་ན་རྒྱལ་བས་གསུངས་པའི་རྒྱུད་ཐམས་ཅད་མཐའ་དྲུག་ཚུལ་བཞིའི་དབུས་སུ་ཚུད་པས་ཤིན་དུ་གོ་དཀའ་བ་མ་ཡིན་ནམ་ཞེ་ན་དེ་ལྟ་ཡིན་མོད་ཀྱང་། བདག་གིས་འདི་ལྟར་རྙེད་པ་དེ་ནི། གསང་བ་པའི་བདག་པོ་ཆེན་པོ་བསྡུད་པར་བྱེད་པའི་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་། འཇམ་དཔལ་དབྱངས་དང་། སྤྱན་རས་གཟིགས་ལ་སོགས་པ་རྣམས་ཀྱིས་མཛད་པའི་རྒྱུད་དང་འགྲེལ་པ་དང་། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་རྣམས་དང་། དཔལ་ས་ར་ཧ་པ་དང་། གྲུབ་ཆེན་མཚོ་སྐྱེས་རྡོ་རྗེ་ལ་སོགས་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བརྒྱད་དང་། མཁས་པ་ཆེན་པོ་ཤཱནྟི་པ་དང་། དུས་ཞབས་པ་ཆེ་ཆུང་དང་། རྗེ་ཏཻ་ལོ་དང་། ནཱ་རོ་པ་དང་། མངའ་བདག་མེ་ཏྲི་པ་ལ་སོགས་པ་ཕྱིས་བྱོན་པའི་མཁས་ཤིང་གྲུབ་པ་ཐོབ་པའི་སྐྱེ་མཆོག་དམ་པ་རྣམས་དང་། ཡག་དག་པར་རྡོ་རྗེ་ཐེག་པའི་དེ་ཁོ་ན་ཉིད་གཟིགས་པའི་བླ་མ་དམ་པ་རྣམས་ཀྱི་རྣམ་འགྲེལ་གྱི་མཐུ་ལ་བརྟེན་ནས། བློ་གྲོས་ཀྱི་མིག་གིས་ལེགས་པར་མཐོང་ཞིང་རྙེད་པ་ཡིན་ནོ། །ཞེས་སོ། །དྲུག་པ་ལ། སྐུའི་གསང་བ་ལ་བསྟོད་པ། གསུང་གི་གསང་བ་ལ་བསྟོད་པ། ཐུགས་ཀྱི་གསང་བ་ལ་བསྟོད་པ། གསང་བ་གསུམ་དང་ལྡན་པའི་རྒྱལ་བ་ལ་ཕྱག་འཚལ་བ་དང་བཞི། དང་པོ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། རྒྱལ་བ་ནམ་མཁའི་སྐུ་ཅན་ཡེ་ཤེས་ཉི་མའི་དཀྱིལ་འཁོར་ལས། །ཕྱོགས་བཅུའི་འཇིག་རྟེན་ཀུན་དུ་གཟུགས་སྐུ་འཁོར་བ་ཇི་སྲིད་སྟོན། །ཞེས་པའོ། །གཉིས་པ་ནི། རྡོ་རྗེ་ཐེག་པའི་ལམ་ལ་བརྟེན་ནས་སྤངས་རྟོགས་མཐར་ཕྱིན་པར་བྱས་པའི་དེ་བཞིན་གཤེགས་པ་དེ་ནི། མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བས་ན་རྒྱལ་བ་སྟེ། སྒྲིབ་པ་ཐམས་ཅད་དང་བྲལ་བའོ། །དེའི་སྐུ་དེ་ནི་ནམ་མཁའི་སྐུ་ཅན་ཏེ་ནམ་མཁའ་དང་ཆོས་མཐུན་པས་སོ། །དེའི་ཚུལ་ཡང་། ལས་དང་ཉོན་མོངས་པས་འདུས་མ་བྱས་ཤིང་། གཞན་དོན་འབད་མེད་ལྷུན་གྱིས་གྲུབ་པའི་རང་གི་ངོ་བོ་ཀུན་གཞིའི་རྣམ་ཤེས་ཀྱི་ཆ་འགགས་ཤིང་། དག་པས་སྐྱེ་འགག་ཐམས་ཅད་དང་བྲལ་བའི་ཞི་བ་ཆེན་པོའི་མཐར་སོན་པ་སྟེ་དོན་དམ་པ་ཆོས་ཀྱི་སྐུའི་ངོ་བོ་ཡིན་ནོ། །དེ་ཡང་ཆོས་དབྱིངས་ཤིན་དུ་དྲི་མ་མེད་པའི་རྒྱུ་མཐུན་པ་ཆོས་ཀྱི་སྐུ་དང་། དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་བཞི་ཡོད་པ་རྣམས་ཡིན་ལ། དེ་རྣམས་ཀྱིས་མ་རིག་པའི་མུན་པ་ཐམས་ཅད་སེལ་ཞིང་ཤེས་བྱ་རབ་འབྱམས་ཐམས་ཅད་གསལ་བར་སྣང་བར་བྱེད་པའི་ཕྱིར་ན། ཡེ་ཤེས་ཉི་མའི་དཀྱིལ་འཁོར་ལས། ཤེས་པ་སྟེ། འདིས་ནི། ཆོས་ཀྱི་སྐུ་བསྟན་པའོ། །སྒྲིབ་པ་འགགས་ནས་ཐོབ་པའི་ཚུལ་ཡང་། འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགགས་པས་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་གསུངས་པ་ལྟ་བུའོ། །དེ་ལྟ་བུའི་ཡེ་ཤེས་ཀྱི་སྐུ་ལས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནམ་མཁའི་མཐའ་ཀླས་པ་ཀུན་དུ་གཟུགས་ཀྱི་སྐུ་ཇི་སྙེད་པ་སྟོན་པར་མཛད་དེ། དུས་ནི་སེམས་ཅན་རྣམས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུན་མི་འཆད་པར་སྟོན་ཏེ། དེ་ལྟར་རྒྱུན་གྱི་རྟག་པའི་རྒྱུ་བསམ་གྱིས་མི་ཁྱབ་པའི་ཕྱིར་ཏེ། ཇི་སྐད་དུ། རྒྱུད་བླ་མ་ལས། རྒྱུ་མཐའ་ཡས་དང་སེམས་ཅན་ཟད་མེད་དང་། །བརྩེ་དང་འཕྲུལ་དང་མཁྱེན་དང་ཐུན་ཚོགས་ལྡན། །ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང་། །ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་པོ་རྟག །ཅེས་གསུངས་པའི་ཕྱིར་དང་། དཔལ་ལྡན་ཟླ་བ་གྲགས་པའི་ཞལ་སྔ་ནས་ཀྱིས་འཇུག་པ་ལས་ཀྱང་། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཞིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བར་འགྱུར། །ཐུབ་དབང་དུས་གཅིག་ཁོ་ནར་དེའི་རྒྱུ་མཐུན། །གཟུགས་སྐུ་གཅིག་ལ་རང་གི་སྐྱེ་གནས་སྐབས། །སྔར་འགགས་གསལ་དང་མ་འཆོལ་བྱུང་ཚུལ་ནི། །མ་ལུས་ཀྱིས་བཀྲ་མཐའ་དག་སྟོན་པར་མཛད། །ཅེས་པ་དང་། རྒྱལ་བ་ཇི་སྲིད་འཇིག་རྟེན་མཐའ་དག་མཆོག་ཏུ་རབ་ཞི་བར། །འགྲོ་བ་མིན་ཞིང་ནམ་མཁའ་རྣམ་འཇིག་འགྱུར་མིན་དེ་སྲིད་དུ། ཤེས་རབ་ཡུམ་གྱིས་བསྐྱེད་པ་ཁྱོད་ལ་ཐུགས་བརྩེ་མ་མ་ཡིས། །ཚུལ་ལུགས་བྱེད་པས་རབ་ཏུ་ཞི་བར་འགྱུར་བ་ག་ལ་མངའ། །ཞེས་གསུངས་པའི་ཕྱིར། ཆོས་སྐུ་འདུས་མ་བྱས་ཡིན་པའི་ཚུལ་ལ། རྒྱུད་བླ་མ་ལས། ངོ་བོ་ཉིད་སྐུ་མཚན་ཉིད་ལྔ། མདོར་ན་ཡོན་ཏན་ལྔ་དང་ནི། །ལྡན་པ་ཉིད་དུ་རིག་པར་བྱ། །འདུས་མ་བྱས་ཤིང་རྣམ་དབྱེར་མེད། །མཐའ་གཉིས་དག་ནི་རྣམ་པར་སྤངས། །ཉོན་མོངས་ཤེས་བྱ་སྙོམས་འཇུག་གི། །སྒྲིབ་གསུམ་ལས་ནི་ངེས་གྲོལ་ཏེ། །དྲི་མེད་རྣམ་པར་རྟོག་མེད་དང་། །རྣལ་འབྱོར་རྣམས་ཀྱི་ཡུལ་ཡིན་ཕྱིར། །ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི། །དག་པའི་ཕྱིར་ན་འོད་གསལ་བ། །ཞེས་གསུངས་པ་དང་། རྣམ་ཤེས་ཡེ་ཤེས་སུ་གནས་གྱུར་པའི་ཚུལ་ཡང་། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་གནས། །སྤྱོད་པའི་འབྲས་བུ་ཡོངས་འཛིན་པ། །གནས་ནི་ཡོངས་སུ་གྱུར་པ་སྟེ། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །བག་ཆགས་ལས་གྲོལ་བསམ་མི་ཁྱབ། །འཁོར་བའི་བག་ཆགས་བསམ་དུ་ཡོད། །ཁྱོད་ནི་ཀུན་དུ་བསམ་མི་ཁྱབ། གང་གིས་ཁྱོད་ནི་ཤེས་པར་ནུས། །ངག་ནི་སྤྱོད་ཡུལ་ཀུན་ལས་འདས། །དབང་པོ་ཀུན་གྱི་སྤྱོད་ཡུལ་མིན། །ཡིད་ཀྱི་ཤེས་པས་རྟོགས་བྱ་བ། །གང་ཡང་རུང་ལ་ཕྱག་འཚལ་བསྟོད། །ཅེས་པ་དང་། འདི་ནི་མྱ་ངན་འདས་པ་ཉིད། །དྲི་མ་མེད་པར་སེམས་གྱུར་པའོ། །སེམས་ཅན་ཀུན་གྱི་དངོས་མེད་པའི། །ངོ་བོ་དེ་ཡང་དེའི་སྤྱོད་ཡུལ། །དེ་མཐོང་བྱང་ཆུབ་སེམས་དབང་པོ། །ཤིན་དུ་དྲི་མེད་ཆོས་ཀྱི་སྐུ། །ཞེས་ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས་གསུངས་ཤིང་། ཆོས་སྐུ་ལས་གཟུགས་སྐུ་འབྱུང་བའི་ཚུལ་ཡང་། དེ་ཉིད་ལས། དྲི་མ་མེད་པའི་ཆོས་སྐུ་ལ། །ཡེ་ཤེས་རྒྱ་མཚོ་གནས་གྱུར་ནས། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །དེ་ལས་སེམས་ཅན་དོན་རབ་མཛད། །ཅེས་གསུངས་སོ། །དེ་དག་ནི་སྐུའི་གསང་བ་བཤད་པའོ། །གཉིས་པ་གསུང་གི་གསང་བ་བཤད་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ལྷ་ཡི་རྔ་སྒྲ་ལྟ་བུའི་གསུང་ནི་འདུ་མི་མཛད་པར་ཡང་། །ནམ་མཁའི་ཁམས་མཉམ་འབད་མེད་འགྲོ་བ་ཀུན་གྱིས་ཐོབ་པར་མཛད། །ཅེས་པའོ། །གཉིས་པ་ནི། ལྷའི་རྔ་བོ་ཆེའི་སྒྲ་ལྟ་བུའི་གསུང་གིས་སེམས་ཅན་རྣམས་ཉོན་མོངས་པ་དང་སྡུག་བསྔལ་གྱི་གནས་ལས་སྐྱོབ་ཅིང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགའ་བདེ་ཕུན་སུམ་ཚོགས་པ་འཕེལ་བར་བྱེད་པའི་གསུང་ཆོས་ཀྱི་སྒྲ། ངག་གི་རྣམ་པར་རིག་བྱེད་ཀྱི་འབད་རྩོལ་གྱི་མཚན་མ་མངོན་པར་འདུ་མཛད་པ་མེད་པར་ཡང་ནམ་མཁའི་ཁམས་དང་མཉམ་པའི་འགྲོ་བ་ཇི་སྙེད་པ་ཀུན་གྱིས་ཐོས་པར་མཛད་པ་ཡིན་ནོ་ཞེས་པ་སྟེ། ལྷའི་རྔ་སྒྲའི་དཔེ་བསྟན་པ་ནི། འབད་རྩོལ་དང་། ཆོས་སྟོན་དགོས་པ་དང་། མི་དགོས་པ་ལ་སོགས་པའི་རྣམ་རྟོག་མེད་པའི་དཔེ་སྟེ། ཇི་སྐད་དུ་ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། བརྒྱ་བྱིན་རྔ་སྤྲིན་ཚངས་པ་དང་། །ཉི་མ་ནོར་བུ་རིན་ཆེན་བཞིན། །དེ་བཞིན་གཤེགས་པ་སྒྲ་བརྙན་བཞིན། །ནམ་མཁའ་དང་ནི་ས་གཞིན་ནོ། །ཞེས་གསུངས་པ་དང་། རྣམ་རྟོག་མེད་པར་སེམས་ཅན་གྱི་དོན་བསྒྲུབ་པའི་དཔེ་གཞན་ཡང་། ཡིད་བཞིན་གྱི་ནོར་བུ་དང་། དཔག་བསམ་གྱི་ཤིང་དང་། ཉི་མ་དང་། ས་ལ་སོགས་པའི་འབྱུང་བ་བཞི་དང་། གཏེར་གྱི་བུམ་པ་བཟང་པོ་ལ་སོགས་པ་རྣམས་ལ་ཡང་འདི་ལ་འབྲས་བུ་སྦྱིན་ནོ་འདི་ལ་མི་སྦྱིན་ནོ། །སྙམ་པའི་རྣམ་རྟོག་མེད་ཀྱང་། གསོལ་བ་གང་བཏབ་ལ་འབྲས་བུ་འབྱུང་བ་ལྟར། སངས་རྒྱས་རྣམས་ཀྱང་སེམས་ཅན་འགའ་ཞིག་གི་དོན་བྱེད་འགའ་ཞིག་གི་དོན་མི་བྱེད་སྙམ་པའི་རྣམ་རྟོག་མེད་པར་གསོལ་བ་གང་བཏབ་ལ་འཕྲིན་ལས་འཇུག་པའི་དཔེ་གསུངས་ཏེ། དེ་སྐད་དུ་ཡང་། མཚན་ཡང་དག་པར་བརྗོད་པ་ལས། ནམ་མཁའི་མཐའ་ལ་རབ་གནས་པ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག །དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །བུམ་པ་བཟང་པོ་ཆེ་བའི་མཆོག། བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཅེས་གསུངས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ལས་ཀྱང་། ཡིད་བཞིན་ནོར་དང་བུམ་པ་བཟང་། །རིགས་སྔགས་གྲུབ་དང་སྨན་ཆེན་དང་། །དཔག་བསམ་གྱི་ནི་ཤིང་དག་དང་། །ལུས་ཅན་རྣམས་ཀྱི་འདོད་འཇོར་གྱུར། །ས་སོགས་འབྱུང་བ་ཆེན་པོ་དང་། །ནམ་མཁའ་བཞིན་དུ་རྟག་པར་ཡང་། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་མཚོའི་གཞིར་ཡང་ཤོག །ཅེས་གསུངས་པས་སོ། །གསུམ་པ་ཐུགས་ཀྱི་གསང་བ་བཤད་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཐུགས་ནི་ཡིད་བཞིན་ནོར་ལྟར་འབད་མེད་ཡེ་ཤེས་ལྷན་ཅིག་ཏུ། །སྤྲོ་པ་མི་མངའ་སྤྲོས་ལྡན་རྣམས་ལ་ཡིད་བཞིན་རེ་བ་སྐོང་། །ཞེས་པའོ། །གཉིས་པ་ནི། སངས་རྒྱས་བཅོམ་ལྡན་འདས་དེའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དེ་ནི། ཡིད་བཞིན་གྱི་ནོར་བུ་ལྟར་འདི་བྱའོ་སྙམ་དུ་འབད་པ་ཐམས་ཅད་དང་བྲལ་བས། འབད་རྩོལ་གང་ཡང་མེད་པར་སོ་སོར་རྟོག་པ་དང་བྱ་བ་གྲུབ་པ་དང་མཉམ་པ་ཉིད་ལ་སོགས་པའི་ཡེ་ཤེས་རྣམས་ལྷན་ཅིག་ཏུ་སྤྲོས་པའི་མཚན་མ་ཅུང་ཟད་ཀྱང་མི་མངའ་བཞིན་དུ། སྤྲོས་པ་དང་ལྡན་པའི་རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་དང་སོ་སོའི་སྐྱེ་བོ་རྣམས་ལ། རང་རང་གི་ཡིད་ལ་ཇི་ལྟར་འདོད་པ་བཞིན་དུ་རེ་བ་ཐམས་ཅད་སྐོང་བར་མཛད་པའོ། །ཞེས་པའི་དོན་ཏོ། །འདིའི་དཔེ་དོན་ཡང་། ཇི་སྐད་བཤད་པ་རྣམས་ཀྱིས་གོ་ནུས་པས་མ་སྤྲོས་སོ། །ཐུགས་ཀྱི་གསང་བ་བཤད་ཟིན་ཏོ། །བཞི་པ་གསང་བ་གསུམ་དང་ལྡན་པའི་སྟོན་པ་ལ་ཕྱག་འཚལ་བ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། སེམས་ཅན་ཉོན་མོངས་ལྷན་ཅིག་འཇུག་ཀྱང་ཁྱོད་ལ་ཅུང་ཟད་གོས་པ་མེད། །དེ་ཕྱིར་རང་བྱུང་རྒྱལ་བ་ཁྱོད་ལ་བདག་ནི་གུས་པས་ཕྱག་འཚལ་ལོ། །ཞེས་པའོ། །གཉིས་པ་ནི། དེ་ལྟ་བུའི་རྒྱལ་བ་དེའི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་སེམས་ཅན་གྱི་ཁམས་ཇི་སྙེད་པའི་དོན་མཛད་ཅིང་། ཉོན་མོངས་པ་རྣམས་དང་ལྷན་ཅིག་ཏུ་འཇུག་ཀྱང་། སངས་རྒྱས་ཀྱི་སྐུ་ཁྱོད་ལ་ཉོན་མོངས་པ་དེ་དག་གིས་ཅུང་ཟད་ཀྱང་གོས་པ་མེད་པ་དེའི་ཕྱིར། རང་བྱུང་འགྱུར་མེད་ཀྱི་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁྱོད་ལ། ཟབ་མོ་ནང་གི་དོན་རྣམ་པར་བཤད་པའི་བསྟན་བཅོས་རྩོམ་པ་པོ་རང་བྱུང་རྡོ་རྗེ་བདག་གིས་ནི། ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་དོན་གྱི་ཕྱག་འཚལ་ལོ། །ཞེས་པའོ། །དཔེ་འདི་དག་ནི། ཅུང་ཟད་ཉེ་བར་མཚོན་ན། ཉི་མའི་འོད་ཟེར་ནི། རིན་པོ་ཆེའི་རི་དང་ས་གཞི་དང་ནགས་ཚལ་དང་མི་གཙང་བའི་ལྗན་ལྗིན་གྱི་ཁྲོད་དང་སེམས་ཅན་སྣ་ཚོགས་ལ་སོགས་པ་ཀུན་ལ་ཞུགས་ཤིང་། སྣང་བར་བྱེད་སྐམས་པར་བྱེད་བསྲེག་པར་བྱེད་ཀྱང་རྫས་དེ་དག་གིས་ཉི་མའི་འོད་ཟེར་ལ་གོས་པ་མེད་པ་བཞིན། སངས་རྒྱས་ཀྱི་འཕྲིན་ལས་ཀྱང་། གདུལ་བྱ་དག་མ་དག་སྣ་ཚོགས་ཀྱི་ཁམས་ལ་འཇུག་ཏུ་ཟིན་ཀྱང་། ཉོན་མོངས་པ་དེ་དག་གིས། སངས་རྒྱས་ཀྱི་འཕྲིན་ལས་ལ་གོས་པར་ནུས་པ་ནི་མ་ཡིན་ནོ་ཞེས་པའོ། །སྐབས་འདིར། རྣམ་པར་རྟོག་པ་དང་ལྡན་ཞིང་། ངེས་པའི་དོན་གྱི་གནད་མི་ཤེས་པའི་གང་ཟག་འགའ་ཞིག་གི་བསམ་པ་ལ།བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་དང་། ཐོག་མེད་སྐུ་མཆེད་ཀྱི་དགོངས་པ་དང་། སྔགས་ཀྱི་ཚུལ་རྣམ་པར་བཞག་པ་རྣམས་མི་མཐུན་ནོ་སྙམ་ན། དེ་ནི་ལོག་པར་རྟོག་པ་ཁོ་ན་ཡིན་ཏེ། དོན་ལ་མཐུན་པའི་ཚུལ་ནི། གོང་འོག་ཐམས་ཅད་དུ་སོ་སོའི་ལུང་དྲངས་པ་རྣམས་ལས་ཤེས་སོ། །ཇི་སྐད་བཤད་པའི་གཟུགས་ཀྱི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་ལོངས་སྐུ་ཆེན་པོ་འོག་མིན་ཁོ་ན་ན་བཞུགས་པའི་རྣམ་པར་སྣང་མཛད་ཆེན་པོ་དང་། ལོངས་སྐུ་འབྲིང་པོ་གནས་གཙང་མའི་འོག་མིན་དུ་རྣལ་འབྱོར་རྒྱུད་ཀྱི་སྤྲུལ་བཤད་མཛད་པ་པོའི་རྣམ་པར་སྣང་མཛད་ལྟ་བུ་དང་། སྤྲུལ་པའི་སྐུ་ཡུལ་ཝཱ་ར་ན་སེ་ལ་སོགས་པར་ཆོས་ཀྱི་འཁོར་ལོ་བསྐོར་བ་པོའི་སྟོན་པ་ཤཱཀྱ་སེང་གེ་ལྟ་བུ་རྣམས། བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་གནས་པ་ཁོ་ན་ལ་སྣང་བ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། སོ་སོ་སྐྱེ་བོ་ལས་དག་རྣམས་ལ་རིམ་པ་ལྟར་སྣང་བའི་ཚེ་ན། དེ་དག་ནི་ཕྱི་རོལ་དུ་སངས་རྒྱས་གཟུགས་ཀྱི་སྐུ་རྫས་གཞན་དུ་གྲུབ་པ་མེད་པར། སྔོན་གྱི་རང་གི་སྨོན་ལམ་དང་སངས་རྒྱས་ཀྱི་ཐུགས་རྗེ་གཉིས་ཚོགས་པའི་རྐྱེན་གྱིས་རང་གི་སེམས་ལ་གཟུགས་ཀྱི་སྐུའི་རྣམ་པ་འཆར་བ་ཡིན་ཏེ། དཔེར་ན་མེ་ལོང་ལ་ཡིད་དུ་འོང་མི་འོང་གི་གཟུགས་སྣ་ཚོགས་འཆར་བ་བཞིན་ནོ། །འདི་ཡང་ཇི་སྐད་དུ། རྒྱུད་བླ་མ་ལས། དེ་བཞིན་དད་སོགས་དྲི་མེད་ཅན། །དད་སོགས་ཡོན་ཏན་བསྒོམས་པ་ཡི། །རང་སེམས་ལ་སྣང་རྫོགས་སངས་རྒྱས། །མཚན་དང་དཔེ་བྱེད་དང་ལྡན་པ། །འཆག་པ་དང་ནི་བཞེངས་པ་དང་། །བཞུགས་པ་དང་ནི་གཟིམས་པ་དང་། །སྤྱོད་ལམ་སྣ་ཚོགས་མཛད་པ་ཅན། །ཞི་བའི་ཆོས་ནི་གསུང་བ་དང་། །མི་གསུང་མཉམ་པར་བཞག་གྱུར་པ། །ཆོ་འཕྲུལ་རྣམ་པ་སྣ་ཚོགས་དག །མཛད་པ་གཟི་གདངས་ཆེན་པོ་ཅན། །སེམས་ཅན་རྣམས་ཀྱིས་མཐོང་བར་འགྱུར། །དེ་མཐོང་ནས་ཀྱང་འདོད་ལྡན་པ། །སངས་རྒྱས་ཉིད་ཕྱིར་རབ་སྦྱོར་ཏེ། །དེ་རྒྱུ་ཡང་དག་བླངས་ནས་ནི། །འདོད་པའི་གོ་འཕང་ཐོབ་པར་བྱེད། །སྣང་བ་དེ་ནི་ཤིན་ཏུ་ཡང་། །རྟོག་མེད་གཡོ་བ་མེད་པ་ཉིད། །དེ་ལྟ་ན་ཡང་འཇིག་རྟེན་ན། །དོན་ཆེན་པོས་ནི་ཉེ་བར་གནས། །འདི་ནི་རང་སེམས་སྣང་བ་ཞེས། །སོ་སོ་སྐྱེ་བོས་མི་ཤེས་མོད། །དེ་ལྟ་ན་ཡང་གཟུགས་མཐོང་དེ། །དེ་དག་ལ་ནི་དོན་ཡོད་འགྱུར། །རིམ་གྱིས་དེ་མཐོང་ལ་བརྟེན་ནས། །ཐེག་པ་འདི་ལ་གནས་པ་རྣམས། །ནང་གི་དམ་པ་ཆོས་སྐུ་ནི། །ཡེ་ཤེས་མིག་གིས་མཐོང་བར་འགྱུར། །ཞེས་རང་གི་སེམས་སྣང་ཙམ་ཡིན་ཀྱང་། །གཞན་དོན་རྒྱ་ཆེན་པོར་འགྱུར་བའི་ཚུལ་དཔེ་དང་བཅས་ཏེ་བསྟན་པ་ཡིན་ནོ། །རྒྱུ་མཚན་འདི་ལྟ་བུ་ཡིན་པའི་ཕྱིར། སངས་རྒྱས་ལ་རྫས་ཡོད་ཀྱི་མཚན་མར་འཛིན་དུ་མི་རུང་སྟེ། དེ་ལྟར་འཛིན་ན། འབྲས་བུ་ལ་མཚན་མར་འཛིན་པའི་མཚན་འཛིན་དུ་འགྱུར་བས། སྲིད་ཞི་མཉམ་ཉིད་ཀྱི་འབྲས་བུ་ལ་འཇུག་པའི་གེགས་ཆེན་པོར་བཤད་པའི་ཕྱིར་རོ། །བཞི་པ་ལ། རྩ་ཚིག་གཉིས་ལས། དང་པོ་ནི། ཟབ་མོ་ནང་དོན་བཤད་པ་ལ། །དགེ་བའི་མཐུ་ཡང་ཅི་ཡོད་པས། །ནམ་མཁའ་མཉམ་པའི་འགྲོ་བ་ཀུན། །ཡེ་ཤེས་སྐུ་ཉིད་ཐོབ་པར་ཤོག །ཅུང་ཟད་འགལ་བར་གྱུར་སྲིད་ན། །མཁའ་འགྲོའི་ཚོགས་ཀྱི་བཟོད་པར་མཛོད། །ཅེས་པའོ། །གཉིས་པ་ནི། མདོ་རྒྱུད་ཐམས་ཅད་ནས་གསུངས་པའི་ཟབ་མོ་ནང་གི་དོན་བསམ་གྱིས་མི་ཁྱབ་པའི་གནས་འདི་ལྟར་བཤད་པ་ནི། ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུ་རྨད་དུ་བྱུང་བ་ཡིན་པས། དེ་ལྟ་བུའི་དོན་བཤད་པ་ལ། དགེ་བའི་མཐུ་ཡང་ཅི་སྙེད་ཡོད་པ་དེ་ཐམས་ཅད། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་དུ་བསྔོ་བ་ཡིན་པས། འགྲོ་བ་ཀུན་གྱིས་ཡེ་ཤེས་ཀྱི་སྐུ་ཉིད་ཐོབ་པར་ཤོག །ཅེས་གསུངས་པའོ། །དེ་ལྟར་བཤད་པ་འདི་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུང་དང་འགལ་བ་དང་། གོང་འོག་མ་འབྲེལ་བ་ལ་སོགས་པ་རྩོམ་པའི་ཉེས་པ་ཅུང་ཟད་གྱུར་པར་སྲིད་ནའང་། དེ་མཁའ་འགྲོ་མའི་ཚོགས་ཀྱིས་བཟོད་པར་མཛོད་ཅིག་ཅེས་གསུངས་པའོ། །མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་མཛོད། །ཅེས་པའི་རྒྱུ་མཚན་ཡང་། གསང་སྔགས་རྡོ་རྗེ་ཐེག་པའི་ཟབ་མོའི་གནད་ཀྱི་གདམས་ངག་རྣམས་ཀྱི་བདག་པོ་ནི་མཁའ་འགྲོ་མ་རྣམས་ཡིན་ཞིང་། དེའང་གསང་སྔགས་རྡོ་རྗེ་ཐེག་པའི་ཚིག་རྣམས་གོ་བདེའི་ངག་ཏུ་སྡེབས་པ་ལ། མཁའ་འགྲོ་མའི་གསང་བའི་སྐད་དང་མ་མཐུན་པ་དང་། རྒྱུད་ཀྱི་ཆོས་སྐད་དང་མ་མཐུན་པར་བརྗོད་པའི་ཉེས་པར་གྱུར་ན་མི་རུང་ངོ་སྙམ་དུ་དགོངས་ནས། དེ་སྐད་དུ་གསུངས་པ་ཡིན་ཏེ། གསང་སྔགས་ཀྱི་ཆོས་རྣམས་རང་དབང་དང་ཕོ་ཚོད་ཀྱིས་བཤད་ན་ཉེས་པ་ཤིན་དུ་ཆེ་བའི་ཕྱིར། དེ་ཡང་རྗེས་འཇུག་ལ་དེ་ལྟ་བུའི་ཉེས་པ་འབྱུང་དུ་དོགས་ནས་གསུངས་པར་ཟད་ཀྱི། རྗེ་ཉིད་ལ་ནི། དེ་ལྟ་བུའི་ཉེས་པ་འབྱུང་བར་ག་ལ་སྲིད་དེ། སྔར་གོང་དུ་བཤད་པ་ལྟར་ནང་གི་དམ་པ་ཆོས་སྐུ་ཐུགས་སུ་ཆུད་ནས་བརྩམས་པའི་ཕྱིར། བརྡའ་ཆད་དང་མ་མཐུན་ན་ཉེས་པར་འགྱུར་བྱའི་ཚུལ་ནི། ཧེ་བཛྭ་ལས། ཇི་སྐད་དུ། ཀྱཻ་རྡོ་རྗེ་འདིར་དབང་སྐུར་གང་། །གསང་བའི་སྐད་ཀྱིས་མི་སྨྲ་བ། །དེ་ཡི་དམ་ཚིག་ཉམས་པར་ནི། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟ་བུའོ། །འདིའི་སྐབས་ཀྱི་འགྲེལ་པར། ཚུལ་འདི་ལྟར་གཞུང་འདི་བལྟ་བ་དང་སེམས་པ་དང་འཆད་པར་བྱེད་བ་དག་གིས་ཀྱང་ཉེས་པའི་ཚོགས་རྣམས་ཀྱིས་མ་གོས་པར་བྱའོ། །ཞེས་གསུངས་པས། རྗེས་འཇུག་བསྟན་བཅོས་འདི་ལ་ཐོས་བསམ་གྱི་ཞུགས་པ་དང་། བསྟན་བཅོས་འདི་དང་འབྲེལ་བའི་མན་ངག་ཕྱག་ཆེན་དང་ཆོས་དྲུག་ལ་སོགས་པ་ཉམས་སུ་ལེན་པར་བྱེད་པ་དག་གིས་ཀྱང་། སྤྱིར་སོ་ཐར་དང་བྱང་སེམས་སྔགས་སྡོམ་གསུམ་ཀའི་མི་མཐུན་ཕྱོགས་ཀྱི་ལྟུང་བས་མ་གོས་པར་བྱ་དགོས་ཤིང་། ཁྱད་པར་དུ་རྡོ་རྗེ་ཐེག་པའི་ཕ་རྒྱུད་དང་མ་རྒྱུད་ཀྱི་དཀྱིལ་འཁོར་དག་ཏུ་སྨིན་བྱེད་ཀྱི་དབང་བཞི་ཡོངས་སུ་རྫོགས་པར་ཐོབ་ཅིང་། བསྐྱེད་རྫོགས་ཀྱི་ལམ་དང་འབྲེལ་བའི་རྩ་ལྟུང་དག་གིས་ཅུང་ཟད་ཀྱང་མ་གོས་པར་བྱས་ནས། བསྟན་བཅོམ་འདི་ལ་འཇུག་པར་བྱ་ཡི། གཞན་གང་ཡང་རུང་བའི་རློམ་པའི་ང་རྒྱལ་གྱིས་ཞུགས་ན་ཕན་པ་མེད་ཀྱི་སྟེང་དུ་གནོད་པ་དང་བཅས་པར་འགྱུར་བས། ཐར་པ་དོན་དུ་གཉེར་བ་དག་གིས་བག་ཡོད་དང་ལྡན་པའི་སྒོ་ནས་བསྟན་བཅོས་འདི་ལ་འཇུག་པར་བྱའོ། །བདག་གིས་ཇི་ལྟར་བྲིས་པའི་ཚུལ་ནི། གཞུང་གི་དོན་ཐོབ། བསྡུས་དོན་གྱིས་སོ་སོར་འབྱེད་ཅིང་། འགྲེལ་པར། གཞུང་ཐོག་ཏུ་འབྲུ་མེད་པ་དག་ལ་དོན་དང་མཐུན་པའི་འབྲུ་གཉེར། འགྲེལ་པར་འབྲུ་རྒྱས་པར་ཡོད་པ་རྣམས་དེ་ཉིད་སོར་བཞག ལུང་ཁུངས་ཀྱི་ལུང་རྣམས་ཀྱང་འགྲེལ་པར་མེད་པ་རྣམས་གཞན་ནས་ཁ་བསྐང་། ཁྱད་པར་དུ། དུས་འཁོར་རྒྱུད་འགྲེལ་གྱི་ལུང་རྣམས་ཤོང་འགྱུར་ལ་བཏུགས་ནས་དག་པར་བྱས་པ་ཡིན་པས། བློ་དང་ལྡན་པ་དག་གིས་ཡིད་ཆེས་པར་མཛོད་ཅིག ལྔ་པ་བསྟན་བཅོས་རྫོགས་པའི་མཚན་སྨོས་པ་ནི། ཟབ་མོ་ནང་གི་དོན་གསལ་བར་བྱེད་པའི་རྣམ་པར་བཤད་པ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཕྱུང་བ་དུམ་བུ་བཅུ་གཅིག་པ་རང་བྱུང་རྡོ་རྗེའི་མིང་ཅན་གྱིས། བླ་ན་མེད་པའི་རྒྱུད་འགྲེལ་ཇི་ལྟ་བར། ནང་གི་དོན་ཤེས་པར་འདོད་པ་རྣམས་ཀྱི་དོན་དུ་བསྟན་པ་རྫོགས་སོ།། ༈ །།སླར་ཡང་རྩོམ་པའི་རྒྱུ་མཚན་བསྟན་པ་ནི། མཁས་པར་རློམ་པ་དང་། བསྒོམས་ནས་ཉམས་སུ་མྱོང་བ་དང་། མངོན་པར་ཤེས་པ་ཤར་བར་འདོད་པ་རྣམས་ཀྱིས་ཀྱང་། ཕྱོགས་རེ་ལས་མ་གོ་བར་འདུག་པས། འདིར་བསྡུས་ཏེ་བསྟན་པ་ཡིན་ནོ། །དབེན་གནས་བདེ་ཆེན་སྟེང་དུ། ཆུ་ཕོ་ཁྱིའི་ལོ་ཟླ་བ་བདུན་པ་ལ་མཛད་པའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཅེས་པ་རྣམས་སོ། །འདི་རྣམས་ཀྱི་ཚིག་དོན་ནི། ཤིན་དུ་གོ་སླ་ཞིང་། གོང་དུ་ཇི་སྐད་བཤད་པ་ལས་ཤེས་པར་འགྱུར་བས་མ་བྲིས་སོ། །སྡེ་སྣོད་གསུམ་པོ་སོ་སོའི་དབྱེ་བ་དང་། །སྔགས་ལ་སྡེ་སྣོད་གསུམ་པོ་ཚང་བའི་ཚུལ། །ཡེ་ཤེས་སྒྲིབ་པ་སྦྱོང་བྱེད་ལམ་རིམ་དང་། །འབྲས་བུ་སྐུ་བཞིའི་འཕྲིན་ལས་འཇུག་པའི་ཚུལ། །དེ་ལས་བྱུང་བའི་དགེ་རྩ་བསྔོ་བ་དང་། །བཟོད་ཅིང་གང་དུ་བརྩམས་ཚུལ་ལེགས་པར་བཤད། །ཅེས་སོ། །ཟབ་མོ་ནང་གི་དོན་རྣམ་པར་བཤད་པའི་བསྟན་བཅོས་ཀྱི་ཚིག་དོན་གསལ་བར་བྱེད་པའི་ལེགས་བཤད་ནོར་བུ་རིན་པོ་ཆེའི་ཕྲེང་བ་ལས། རིག་འཛིན་སྡེ་སྣོད་ཀྱི་ངེས་པ་དང་བརྩམས་པའི་དགེ་བ་བསྔོ་ཞིང་བཟོད་པར་གསོལ་ཏེ་གང་དུ་མཛད་པ་དང་བཅས་པ་རྣམས་ལེགས་པར་བཤད་པ་སྟེ་བཅུ་གཉིས་པའོ། །ཐུབ་པས་གསུངས་པའི་དམ་ཆོས་ཀུན་གྱི་མཆོག །མཆོག་ཏུ་གྱུར་པའི་མདོ་རྒྱུད་ཀུན་གྱི་དོན། །དོན་བཞིན་སྟོན་པ་འགྲེལ་བྱེད་མཁས་པའི་གཞུང་། །གཞུང་བཞིན་འཆད་པའི་ནང་གི་བསྟན་བཅོས་འདི། །ལེགས་བཤད་ཀུན་གྱི་གཙུག་གི་རྒྱན་གྱུར་ཅིང་། །རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ། །གསལ་བར་སྟོན་ཕྱིར་རྒྱལ་བ་ཀུན་གྱི་ཡུམ། །དེ་ཕྱིར་བདེ་གཤེགས་བསྐྱེད་མཛད་ལྷ་མོའི་གཟུགས། །བདེ་ཆེན་ལང་ཚོའི་ཆ་ཤས་མ་ཉམས་ཤིང་། །ལེགས་པར་བཤད་པའི་རྣམ་འགྱུར་སྟོང་ཕྲག་ཅན། །ཤེས་བྱའི་གནས་ཀུན་གཟིགས་པའི་སྤྱན་ཟུར་གྱིས། །འདེགས་དང་འཇོག་པའི་རྣམ་འགྱུར་མཐོང་བའི་ཚེ། ཐར་འདོད་མཛའ་བོ་འགུགས་པའི་རྣམ་འཕྲུལ་ཅན། །ཐོས་པ་ཙམ་གྱིས་རྣ་བའི་དཔལ་བསྐྱེད་ཅིང་། །གང་ཞིག་བསམས་པས་ཉོན་མོངས་གདུང་བ་སེལ། །དེ་དོན་བསྒོམས་ན་འགྱུར་མེད་གོ་འཕང་མཆོག །ཚེ་འདི་ཉིད་ལ་མྱུ་དུ་འགྲུབ་བྱེད་པའི། །ལེགས་བཤད་སྒེག་མོ་དེ་ལ་བདག་ཅག་དང་། །དེ་ལྟའི་ནང་དོན་ཡིད་འཕྲོག་ལྷ་མོ་དེར། །སྡེབས་ལེགས་དར་གྱི་སྲད་བུ་འཇམ་པོ་ལ། །དོན་བཟང་ནོར་བུ་དུ་མ་ལེགས་བརྒྱུས་པའི། །ལེགས་བཤད་དེ་ནི་མགྲིན་པའི་བརྒྱན་དུ་འབུལ། འདི་ལྟར་སྡེབས་ལེགས་ལེགས་པར་སྦྱར་བའི་འགྱུར་ཁུག་སྟོང་གིས་རྣམ་པར་མཛེས་ཤིང་རྟོག་གེས་བརྟགས་པའི་འཇུར་བུས་མ་གོས་བདེན་གཉིས་དབྱེར་མེད་ཤེས་བྱའི་གནས་རྣམས་ཇི་བཞིན་རྟོགས་པའི་རྣམ་དཔྱོད་ལག་པས་ལེགས་པར་བསྒྲིལ་བའི་ཚིག་གི་སྲད་བུ་འཇམ་གཉེན་ཡིད་འོང་མཛེས་པ་ལ། །ལེགས་པར་བརྒྱུས་པའི་ལུང་མིག་ཡངས་པོའི་དོན་བཟང་ནོར་བུ་དུ་མ་སྤེལ་བའི་བར་བར་དག་ཏུ་ས་ཆེན་གཅོད་པའི་གསེར་གྱི་འཁོར་ལོ་ཕྱོགས་ཕྱོགས་དག་ན་མདོ་འགྲེལ་དག་དང་དུས་འཁོར་ལ་སོགས་རྒྱུད་སྡེ་དུ་མའི་ལུང་རིགས་བཀྲ་བའི་ཕྲ་ཚོམས་དུ་མས་མཛེས་པར་སྤྲས། །མདོ་དང་རྒྱུ་སྡེ་ཀུན་གྱི་སྙིང་པོའི་དོན་རྣམས་ལེགས་པར་བསྡུས་ནས་འདི་ཉིད་ཡིན་ཞེས་ལེགས་པར་བཤད་པའི་ནོར་བུའི་ཏོག་ཅན་ཕྱོགས་ཕྱོགས་དག་ན་ཐེ་ཚོམ་གཅོད་པའི་ལུང་རིགས་འཛེར་བུས་ལེགས་བསྡམས་བདེ་བ་སྟེར་མཛད་དར་གྱི་ཕོན་བུས་མཛེས་པར་བཅིངས་པའི་མདོ་འཛིན་ཅན། །དེ་ལྟའི་ལེགས་བཤད་ནོར་བུའི་ཕྲེང་བ་རྒྱལ་ཡུམ་དགྱེས་མཛད་རྣམ་བཀྲ་འདི་ནི་ཀུན་གྱི་ཡིད་འཕྲོག་རྒྱལ་བ་བསྐྱེད་མཛད་ལུང་དང་རིགས་པའི་རྣམ་འགྱུར་སྟོང་གིས་སྒེག་པའི་བདེ་ཆེན་ལྷ་མོ་ལམ་མཆོག་གསལ་མཛད་ཡུམ་མཆོག་དེ་ལ་འབུལ་ལོ་མགྲིན་པའི་ངོས་ལ་བརྒྱན་པར་མཛོད། །དེ་ལྟའི་ལེགས་བཤད་ཡིད་འཕྲོག་མཛེས་མ་འདི། །སྔོན་ཚེ་གངས་ཅན་རི་བོའི་ཁྲོད་འདི་རུ། །བསྟན་འཛིན་དུ་མས་ཡང་ཡང་བསྟེན་པའི་མཐུས། །ཐུབ་བསྟན་ཁང་བཟང་མཛེས་པར་གྱུར་མོད་ཀྱི། །དིང་སང་འདི་ན་སྟོན་པའི་རྟགས་འཆང་ཞིང་། །ཚངས་སོགས་བྱེད་པོའི་གཞུང་ལུགས་སྒྲུབ་འདོད་པའི། །བཤེས་གཉེན་བསྟན་པ་སྤེལ་འདོད་དུ་མ་ཡིས། །ཀུན་རྟོག་པིར་གྱི་རྣམ་གྱུར་སྟོང་ཕྲག་གིས།། ཚོན་བརྒྱས་བཀྲ་བའི་རི་མོ་འབུམ་ཕྲག་ལ། །ལེགས་པར་བཤད་པའི་མིང་བུ་འདོགས་བྱེད་ཅིང་། །དེ་བཤད་སངས་རྒྱས་བསྟན་པ་སྤེལ་བར་འདོད། །ཐར་འདོད་བློ་གསལ་ཐམས་ཅད་དེ་ལ་འཇུག །ལ་ལ་བླ་མེད་ཐེག་པའི་ལྟ་བའི་དོན། །ཆོས་རྣམས་ཐམས་ཅད་ཡོད་མིན་སྟོང་པ་ཞེས། །རྒྱུ་འབྲས་ལས་ཀྱི་འབྲས་བུ་དུ་མ་དག །བཤད་ཚུལ་མ་གཏོགས་དོན་ལ་མེད་པར་སྒྲོག །ལྟ་སྤྱོད་བསྲེས་པའི་བཤད་པ་སྣ་ཚོགས་ལ། །ངེས་དོན་ཕྱག་རྒྱ་ཆེན་པོ་ཡིན་པར་རློམ། །དེ་ཉིད་དྭགས་པོའི་ལམ་ལྟར་བཅོས་པར་བྱེད། །དེ་བཞིན་མཁས་པ་འགས་ཀྱང་ཚུལ་དེ་དགག །ཀུན་གྱི་མཐའ་གཉིས་མི་གནས་དབུ་མའི་ལམ། །སྟོང་དང་སྟོང་མིན་གང་དུའང་མི་སྒོམ་པར། །སྤྲོས་བྲལ་ཆེན་པོའི་ལམ་དེ་གོ་མ་ནུས། །གཞུང་ལུགས་འདི་ནི་དོར་བ་བཞིན་དུ་གྱུར། །བདག་ལ་འདི་ལྟར་བཤད་པའི་མཐུ་ཡོད་ཀྱང་། །བཤད་ཀྱང་གཞན་ལ་ཕན་པར་དཀའ་སྙམ་ནས། །སྙོམས་ལས་བདེ་བའི་ངང་དུ་གཉིད་ལོག་ཅིང་། །ཏིང་འཛིན་བདེ་བའི་རོ་ལ་ཆགས་པའི་ཚེ། །རྣམ་དག་བསླབ་པ་གསུམ་ལ་ལེགས་གནས་ཤིང་། །སྡེ་སྣོད་ཤེས་པའི་སློབ་མ་མང་པོ་ཡིས། །རྟག་པར་ཡང་ནས་ཡང་དུ་བསྐུལ་ཕྱིར་དང་། །དཔལ་ལྡན་ནཱ་རོ་ཆེན་པོའི་ཆོས་དྲུག་ཞེས། །མཁས་དང་མི་མཁས་ཀུན་ལ་གྲགས་མོད་ཀྱང་། །དིང་སང་སྙིགས་མ་ལྔ་ཡི་དུས་འདི་རུ། །འདི་ལྟར་མ་རྟོགས་གཞི་འབྲས་འབྲེལ་པར་དཀའ། །དེ་ཚུལ་མཐོང་ནས་ལེགས་པར་སྡེབས་པ་ཡིན། །ལེགས་བཤད་ནོར་བུའི་ཕྲེང་བའི་འདི་མེད་ན། །ནང་དོན་སྒེག་མོའི་རྒྱན་དུ་ཅི་ཞིག་ཐོབ། །གཞུང་ལུགས་འོད་ཟེར་འབུམ་ལྡན་འདི་མེད་ན། །ཐུབ་བསྟན་གླིང་བཞིའི་ཁྱོན་འདིར་གང་གིས་གསལ། །རབ་གསལ་དངུལ་དཀར་མེ་ལོང་འདི་མེད་ན། །རྒྱལ་ཡུམ་དེ་ཡི་གཟུགས་བརྙན་གང་དུ་འཆར། །བདེན་གཉིས་འབྱེད་པའི་རྣམ་འགྱུར་སྟོང་ཕྲག་ཅན། །ཐབས་ཤེས་གྲུ་འཛིན་དེད་དཔོན་འདི་མེད་ན། །མདོ་རྒྱུད་རྒྱ་མཚོའི་ཕ་མཐར་བརྒལ་བྱེད་ཅིང་། །ངེས་དོན་ནོར་བུ་རིན་ཆེན་གང་གིས་ལེན། །དེ་ཕྱིར་དེ་ལྟར་ཅུང་ཟད་བཤད་འདི་ལ། །འགལ་དང་མ་འབྲེལ་ལ་སོགས་ཉེས་པའི་ཚོགས། །ཅུང་ཟད་མཆིས་ན་མཁས་པའི་སྐྱེ་བོ་དང་། །བླ་མ་མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་མཛོད། །དེ་ལས་བྱུང་བའི་རྣམ་དཀར་དགེ་བའི་ཚོགས། །ཇི་སྙེད་ཡོད་པ་དེ་ནི་འགྲོ་ཀུན་གྱིས། །བླ་མེད་བྱང་ཆུབ་ཆེན་པོ་ཐོབ་ཕྱིར་བསྔོ། །ཞེས་པ་འདི་ནི། བསླབ་པ་གསུམ་ལ་གནས་ཤིང་། གཞུང་ལུགས་རབ་འབྱམ་སྨྲ་བའི་བཤེས་གཉེན་དགེ་འདུན་འོད་ཟེར་དང་། བཀའ་བཅུ་པ་སྦྱིན་པ་ལ་སོགས་པ་གཞུང་ལུགས་འདི་ཉིད་དོན་དུ་གཉེར་བའི་སློབ་མ་དུ་མས་ཡང་ནས་ཡང་དུ་བསྐུལ་བ་ལ་བརྟེན་ཏེ། མདོ་ཁམས་སྨད་པ། མང་དུ་ཐོས་པའི་དགེ་སློང་ཨཱི་ཤྭ་ར་ཤྲཱི་བྷ་ཏྲས། ངེས་དོན་གྱི་མདོ་རྒྱུད་རབ་འབྱམ་ལས་བཏུས་ནས། ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེའི་གསུང་བཞིན་དུ། མེ་མོ་ལུག་གི་ལོ། སྨིན་དྲུག་ཅན་གྱི་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོ་ལ། གདན་ས་ཆེན་པོ་དཔལ་གྱི་མཚུར་ཕུའི་ཐེག་ཁང་དུ་སྦྱར་བའི་ཡི་གེ་པ་ནི། ཡི་གེའི་རྣམ་འགྱུར་ལ་མཁས་པའི་དགེ་བསྙེན་ཚེ་འཕེལ་ལོ། །འདིས་ཀྱང་སེམས་ཅན་ཐམས་ཅད་ཀྱིས། རང་རྒྱུད་ཀྱི་བདེ་གཤེགས་སྙིང་པོ་མངོན་སུམ་དུ་རྟོགས་པར་གྱུར་ཅིག། ༈ །།ཤུབྷཾ། ལུང་དང་མངོན་པར་རྟོགས་པའི་དམ་ཆོས་ཀྱི་བདུད་རྩིས་ཐུགས་ཀྱི་བུམ་པ་རབ་ཏུ་གཏམས་པས་རྨད་དུ་བྱུང་བའི་སྐྱེས་བུ་དམ་པ། མཆོག་གི་དཔལ་ལྡན་བླ་མ་དབང་ཕྱུག་དཔལ་བཟང་པོའི་ཞབས་ཀྱིས་མཛད་པའི། ཟབ་མོ་ནང་གི་དོན་ཞེས་བྱ་བའི་བསྟན་བཅོས་ཀྱི་རྣམ་བཤད་ཆེན་མོ་འདི། གདན་ས་ཆེན་པོ་སྒམ་པོའི་མཁན་པོ་རིན་པོ་ཆེ་བ། ཆོས་ཀྱི་རྗེ་ཤཱཀྱ་བཟང་པོས་ཆོས་སྦྱིན་གྲངས་མེད་པ་སྤེལ་བའི་མ་མོའི་སླད་དུ་པར་དུ་བསྒྲུབ་པའི་རྒྱུ་དང་ཡོན་སྦྱོར་བར་མཛད་ཅིང་། དེའི་དོ་དམ་དང་། ཚིག་དོན་ལ་ཞུས་དག་པར་གྱིས་ཤིག་ཅེས་བཀའ་བསྩལ་བ་ཕེབས་པས། སྔ་སོར་ཡིག་ཆ་ཡོད་པ་འགའ་ཞིག་ལ་ཡི་གེ་པའི་བྲིས་ནོར་རྣམས་ཞུས་དག་མཐར་ཕྱིན་མ་བྱུང་བར་སྣང་བས། མདོ་རྒྱུད་དང་དེ་དག་གི་དགོངས་འགྲེལ་གྱི་རྒྱ་གཞུང་དང་། ནང་དོན་ཉིད་ཀྱི་རང་འགྲེལ་རྣམས་ལ་ལེགས་པར་གཏུགས། ཚིག་དོན་གྱི་ཆ་ཞུས་དག་པར་བྱས། ལུང་ཀྱང་ཡིག་ཆ་ཕྱི་མོ་རྙེད་པ་རྣམས་སོ་སོ་ལ་གཏུགས། མ་རྙེད་པ་རྣམས་རང་སོར་བཞག རང་འགྲེལ་དང་། གཞན་ནས་ལུང་འཕར་མ་དྲངས་པ་རྣམས་ལ་དེ་ཉིད་ཀྱི་ཁ་བྱང་སྨོས། ཁུངས་མ་སྨོས་པ་རྣམས་ཀྱང་ཕྱི་མོ་གཞིར་བཞག་པ་ཡིན་ཞིང་། ཕྱི་མོ་རྙེད་པ་རྣམས་ལའང་འགྱུར་མི་འདྲ་བ་ཡོད་འདུག་པས། འདིར་དྲངས་པ་ནི། དབང་མདོར་བསྟན་འབྲོ་འགྱུར་ལ་རིན་ཆེན་རྒྱལ་མཚན་གྱིས་བཅོས་པ། མཚན་བརྗོད། དགོངས་པ་ལུང་སྟོན། རྣལ་འབྱོར་རྒྱུད་རྩ་རྒྱུད་དེ་ཉིད་འདུས་པ། དེའི་རྒྱུད་ཕྱི་མ། ཚུལ་གསུམ་གྱི་སྒྲོན་མ། འཕགས་པ་ཀླུ་སྒྲུབ་ཀྱི་རིམ་ལྔ། འཕགས་པ་ལྷའི་སྤྱོད་བསྡུས་སྒྲོན་མ་རྣམས་ལོ་ཆེན་རིན་ཆེན་བཟང་པོའི་འགྱུར། བདེ་མཆོག་ཉུང་ངུ་ལོ་ཆེན་རིན་ཆེན་བཟང་པོའི་འགྱུར་ལ་ལོ་ཆུང་དང་མར་དོས་བཅོས་པ། གསང་འདུས་རྩ་རྒྱུད་དང་། དེའི་རྒྱུད་ཕྱི་མ་གཉིས་ལོ་ཆེན་རིན་ཆེན་བཟང་པོའི་འགྱུར་ལ་གཞོན་ནུ་དཔལ་གྱིས་བཅོས་པ། སྒྱུ་མ་ཆེན་པོ། བརྟག་གཉིས། རྡོ་རྗེ་གུར་རྣམས་འབྲོག་མིའི་འགྱུར། སམྦུ་ཊ་འབྲོག་མིའི་འགྱུར་ལ་བུ་སྟོན་གྱིས་བཅོས་པ། རྣལ་འབྱོར་མ་ཀུན་སྦྱོང་དང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཆུང་བ་གཉིས་ཁུ་དངོས་གྲུབ་ཀྱི་འགྱུར་ལ་ནག་ཚོས་བཅོས་པ། རྡོ་རྗེ་མཁའ་འགྲོའི་རྒྱུད་དགེ་སློང་ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར། མཁའ་འགྲོ་རྒྱ་མཚོའི་རྒྱུད་དྷརྨྨ་ཡོན་ཏན་གྱི་འགྱུར། སྡོམ་འབྱུང་གི་རྒྱུད་བནྡེ་སྨོན་ལམ་གྲགས་ཀྱི་འགྱུར་ལ་གཞོན་ནུ་དཔལ་གྱིས་བཅོས་པ། ཡེ་ཤེས་ཐིག་ལེ་ཤེས་རབ་གསང་བའི་རང་འགྱུར། གདན་བཞི་དང་། སློབ་དཔོན་ཟླ་གྲགས་ཀྱི་མཛད་པའི་སྒྲོན་གསལ་གཉིས་འགོས་ཀྱི་འགྱུར། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ཆེ་བ་ནག་ཚོའི་འགྱུར། རྡོ་རྗེ་ཕྲེང་བ་དང་། དཔལ་མཆོག་དང་པོ་གཉིས་ལྷ་ཞི་བ་འོད་ཀྱི་འགྱུར། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལྷ་ཡེ་ཤེས་རྒྱལ་མཚན་འགྱུར། རྡོ་རྗེ་རྩེ་མོ་གཞོན་ནུ་གྱི་ཚུལ་ཁྲིམས་ཀྱི་འགྱུར། ངན་སོང་སྦྱོང་རྒྱུད་ཛ་ཡ་རཀྵི་ཏའི་འགྱུར་ལ་རིན་ཆེན་མཆོག་གིས་བཅོས་པ། རྣམ་སྣང་མངོན་བྱང་། སྤྱོད་འཇུག །དབུས་མཐའ་རྣམ་འབྱེད། དམིགས་པ་བརྟག་པ། གཏམ་བྱ་རིན་ཆེན་ཕྲེང་བ། མངོན་པ་མཛོད་རྩ་འགྲེལ་རྣམས་དཔལ་བརྩེགས་ཀྱི་འགྱུར། མངོན་རྟོགས་རྒྱན་དང་། མདོ་སྡེའི་རྒྱན་གཉིས་དཔལ་བརྩེགས་ཀྱི་འགྱུར་ལ་ལོ་ཆེན་བློ་ལྡན་ཤེས་རབ་ཀྱིས་བཅོས་པ། བརྒྱད་སྟོང་པ་ལོ་ཆེན་རིན་ཆེན་བཟང་པོའི་འགྱུར་ལ་དེ་ཉིད་ཀྱིས་སླར་ཡང་བཅོས་ཤིང་། སླད་ཀྱིས་འབྲོམ་སྟོན་པ་དང་། ལོ་ཆེན་བློ་ལྡན་ཤེས་རབ་ཀྱིས་བཅོས་པ། དགའ་བོ་མངལ་འཇུག ལང་གར་གཤེགས་པ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ། རྒྱན་སྟུག་པོ་བཀོད་པ། དཀོན་མཆོག་བརྩེགས་པའི་རྨི་ལམ་བསྟན་པ། མངོན་པ་ཀུན་ལས་བཏུས། ཐེག་བསྡུས། ཡེ་ཤེས་སྙིང་པོའི་བདེན་གཉིས། སུམ་ཅུ་པ་རྣམས་ཡེ་ཤེས་སྡེའི་འགྱུར། སྟོང་ཆེན་རབ་འཇོམས་ཡེ་ཤེས་སྡེའི་འགྱུར་ལ་གཞོན་ནུ་དཔལ་གྱིས་བཅོས་པ། གསེར་འོད་དམ་པ་བར་པ་ལེའུ་ཉེར་དགུ་པ་རྣམ་པར་མི་རྟོག་པའི་འགྱུར། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་རྒྱ་ནག་ལས་འགྱུར་བ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་རབ་ཞི་བཤེས་གཉེན་གྱི་འགྱུར་ལ་པ་ཚབ་ཀྱིས་བཅོས་པ། ཚད་མ་རྣམ་ངེས་དང་། རྒྱུད་བླ་གཉིས་ལོ་ཆེན་བློ་ལྡན་ཤེས་རབ་ཀྱི་འགྱུར། བསླབ་བཏུས་ལོ་ཆེན་བློ་ལྡན་ཤེས་རབ་དང་ཤེས་རབ་འབྱུང་གནས་ཀྱི་འགྱུར། རྣམ་བཤད་རིག་པ་རྩངས་དེ་ཝེནྡྲའི་འགྱུར། ཕུང་པོ་ལྔའི་རབ་བྱེད་འགྱུར་བྱང་མི་གསལ་བ། རྩ་ཤེའི་རང་འགྲེལ་ག་ལས་འཇིགས་མེད་དང་། འདུལ་བ་མདོ་རྩ་བ་གཉིས་ཅོག་རོ་ཀླུའི་རྒྱལ་མཚན་གྱི་འགྱུར། རྩ་ཤེ་ཅོག་རོ་ཀླུའི་རྒྱལ་མཚན་གྱི་འགྱུར་ལ་པ་ཚབ་ཀྱིས་བཅོས་པ། དབུ་མ་འཇུག་པ་རྩ་འགྲེལ་པ་ཚབ་ཀྱི་འགྱུར། དབུ་མ་རྟེན་འབྲེལ་སྙིང་པོ་ཟླ་བ་གཞོན་ནུའི་རང་འགྱུར། ཇོ་བོ་རྗེའི་བདེན་གཉིས་རྒྱ་བརྩོན་སེང་གིས་འགྱུར། ཆོས་དབྱིངས་བསྟོད་པ་དང་། རྟོག་གེ་འབར་བ་ནག་ཚོའི་འགྱུར། ཚད་མ་རྣམ་འགྲེལ་ལོ་ཆེན་བློ་ལྡན་ཤེས་རབ་ཀྱི་འགྱུར་ལ་ས་པཎ་གྱིས་བཅོས་པ། དྲིལ་བུ་པས་མཛད་པའི་བདེ་མཆོག་གི་དཀྱིལ་ཆོག་ཆོས་ཀྱི་ཡེ་ཤེས་ཀྱི་འགྱུར། དུས་འཁོར་བསྡུས་རྒྱུད་དང་། འགྲེལ་ཆེན་དྲི་མེད་འོད་སྔ་སོར་དྲངས་པ་རྣམས་ཙྭ་མི་འགྱུར་དང་། འགྱུར་མངས་ཅི་རིགས་སུ་འདུག་པས། ཕྱོགས་གཅིག་པ་ལེགས་པར་བསམས། འབྲོ་འགྱུར་ལ་ཤོང་སྟོན་གྱིས་བཅོས་པ། རྡོ་རྗེ་སྙིང་འགྲེལ་འབྲོ་འགྱུར་ལ་སྟོད་འབྲེལ་ཤོང་གིས་བཅོས་པ། ཕྱག་རྡོར་སྟོད་འགྲེལ་ཅོག་རོ་ཏིང་འཛིན་བཟང་པོའི་འགྱུར་ལ་ཤོང་གིས་བཅོས་པ། ཡུམ་བར་མའི་ལུང་མཚན་དཔེའི་སྐབས་སུ་དྲངས་པ་ཉི་ཁྲི་སྣང་བ་བཞིན་བཅོས་པ་ལོ་ཆེན་བློ་ལྡན་ཤེས་རབ་ཀྱི་འགྱུར། ཕྱི་མོ་མ་རྙེད་པ་ལ། རྗེ་རང་བྱུང་པས་མཛད་པའི་དེ་བཞིན་གཤེགས་པའི་སྙིང་པོ་གཏན་ལ་དབབ་པ། རབ་ཏུ་བྱེད་པའི་གཞི། ནག་པོ་པའི་རྫོགས་རིམ། ཨ་ཝ་དྷཱུ་ཏཱི་པའི་ཀྱེའི་རྡོ་རྗེའི་གྲུབ་ཐབས། མཚོ་སྐྱེས་ཀྱི་ཀྱེའི་རྡོ་རྗེའི་འགྲེལ་པ། ཛ་ལནྡྷ་ར་པའི་རྡོ་རྗེ་སྒྲོལ་མའི་འགྲེལ་པ། ལྷན་ཅིག་སྐྱེས་གྲུབ། འཇམ་དཔལ་གཞལ་ལུང་། དཔའ་བོ་རྡོ་རྗེའི་ཕྱག་རྒྱ་བཞི་རིམ་འཕགས་པ་ལྷའི་ལུང་འགའ་ཞིག་རྣམས་ཏེ། དེ་ལྟར་ཞིབ་མོར་དཔྱད་ནས་བཀོད་པ་ཡིན་པས། ཕྱིས་སྤྱོད་ལྡན་དག་གིས་གཟིགས་པའི་ཚེ། །རང་གི་ཐུགས་ལ་བཞུགས་པའི་ངག་རྒྱུན་དང་། དཔེ་འགའ་ཞིག་ཏུ་ལུང་མ་དག་པ་བརྒྱུད་མར་དྲངས་པ་དང་མ་མཐུན་ནོ་སྙམ་དུ་དགོངས་ནས་བརྒལ་བར་མི་བྱའོ། །ཞེས་ཞུས་དག་ལས་བརྩམས་ཏེ་གླེངས་བའོ། །སྭ་སྟི་བྲ་ཛ་བྷྱཿ གང་ཡང་གདོད་ནས་མཚན་མའི་སྤྲོས་པ་ཅུང་ཟད་ཙམ་གྱིས་དབེན་ཀྱང་སྣ་ཚོགས་གཟུགས་ཀྱི་རོལ་པ་རྣམ་པ་ཅིར་ཡང་སྟོན། །ཚིག་ཏུ་བརྗོད་པའི་རྒྱུ་བ་མ་ལུས་རིང་དུ་སྤངས་ཀྱང་སྒྲ་སྐད་ཐམས་ཅད་པ་ཡི་ཡན་ལག་དྲུག་ཅུའི་ཚངས་པའི་དབྱངས། །ཡུལ་དང་ཡུལ་ཅན་ལ་སོགས་ཆོས་རྣམས་དམིགས་སུ་མེད་ཀྱང་མཁྱེན་པའི་སྐད་ཅིག་གིས་ནི་ཆོས་ཀུན་མ་ལུས་གསལ་བར་གཟིགས། །རྡོ་རྗེ་གསུམ་དངོས་ཨེ་ཝཾ་རང་བཞིན་དང་པོའི་མགོན་པོ་རྡོ་རྗེ་འཆང་དབང་སེམས་དཔའ་རང་བྱུང་རྡོ་རྗེའི་ཞབས་ལ་འདུད། །སེམས་དཔའ་དེ་ཡི་བསྟན་པའི་ཉིན་མོར་བྱེད། །མི་མཐུན་མུན་པའི་ཕྱོགས་ལ་རིང་བསྲུངས་ནས། །ཡང་དག་སྣང་བའི་ལམ་དུ་འདྲེན་མཁས་པ། །དབང་ཕྱུག་དཔལ་བཟང་རྟ་བདུན་དེ་ལ་བདུད། །རྒྱལ་བའི་ཐུགས་གསང་ངེས་དོན་དབང་གི་རྒྱལ། །མཐའ་དྲུག་ཚུལ་བཞིའི་རྒྱ་ཡིས་བཅིངས་པ་ན། །རང་བྱུང་རྡོ་རྗེ་སྙིང་རྗེའི་གར་མཁན་གྱིས། །ཟབ་མོ་ནང་དོན་ཞེས་བྱའི་ལྡེ་མིག་བྱིན། །འོན་ཀྱང་རྣམ་དཔྱོད་ཤེས་རབ་གསལ་བའི་མིག །མི་ཤེས་སྤྲིན་གྱི་སྒྲིབ་གཡོགས་གྱོན་པ་ན། །རྣམ་བཤད་གསེར་གྱི་ཐུར་མ་འཇམ་པོ་འདི། །མཁས་མཆོག་སྨན་པའི་རྒྱལ་པོ་དེ་ཡིས་བྱིན། །ལེགས་བཤད་ཚིག་དོན་གསལ་བ་འདི་མེད་ན། །ནང་དོན་བདེ་བླག་རྟོགས་པའི་ཐབས་གང་ཞིག །རྣམ་བཤད་རིན་ཆེན་རྒྱན་ཕྲེང་འདི་མེད་ན། །ནང་དོན་ལྷ་གཞོན་ལང་ཚོ་གང་གིས་བརྒྱན། །མཁས་མཆོག་གསུང་གི་ལྡེ་མིག་འདི་མེད་ན། །མཐའ་དྲུག་ཚུལ་བཞིའི་རྒྱ་ཆེན་གང་གིས་དགྲོལ། །ལེགས་བཤད་གསལ་བྱེད་སྒྲོན་མེ་འདི་མེད་ན། །ཟབ་དོན་གཟུགས་ཀྱི་དཔལ་མོ་སུ་ཡིས་མཐོང་། །འདི་རྩོམ་མཛད་པའི་མཁས་པ་མཆོག་ཁྱོད་ནི། །རང་གི་བསྟན་བཅོས་རང་གིས་གསལ་བྱའི་ཕྱིར། །སེམས་དཔའ་རང་བྱུང་རྡོ་རྗེའི་ཐུགས་རྗེའི་གཟུགས། །དམ་པ་ཁྱོད་ཀྱི་རྣམ་པར་སྣང་བར་འཁུམས། །དེ་ཕྱིར་མི་ཟད་ཆོས་འདི་སྤེལ་བའི་སླད། །པར་གྱི་མ་མ་སྤྲུལ་པའི་རྒྱུ་རྐྱེན་རྣམས། །མཁས་གྲུབ་ཤཱཀྱ་བཟང་པོའི་བང་མཛོད་ལས། །འདོད་དགུའི་ཆར་རྒྱུན་ཅིར་ཡང་འབེབས་པར་མཛད། །འདི་ཡི་ཚིག་དོན་དག་པར་བྱེད་པ་པོ། །བཀྲ་ཤིས་རྣམ་རྒྱལ་བསྟན་པ་རྒྱ་མཚོ་ཞེས། །ཀརྨ་པ་བསྟན་ལ་གུས་ཟུང་དག་ནི། །སློབ་མར་བཅས་པའི་རྣམ་དཔྱོད་འཕྲུལ་ལས་སོ། །གླེགས་བུ་འཕྲུལ་གྱི་གཞི་མ་ཇི་སྙེད་དང་། །མཁོ་དགུ་འཕྲལ་གྱི་མཐུན་རྐྱེན་མཐའ་ཡས་ཚོགས། །ལྷོ་ཕྱོགས་བྱ་ཡི་རྒྱལ་སྲིད་ཁ་ལོ་བ། །ལྷ་སྦྱིན་དར་པོས་མི་ཕྱེད་དད་པས་བསྒྲུབས། །ཡི་གེའི་འདུ་བྱེད་ལག་པའི་བཟློས་གར་མཁན། །རྡོ་རྗེ་ཚེ་དབང་ཞེས་བྱ་མཁས་པའི་ཕུལ། །ཀུན་གྱི་བཤེས་གཉེན་གཉིས་པ་ལྟ་བུ་དེས། །མི་ཕྱེད་དད་པའི་རྐྱེན་གྱིས་ཉེ་བར་བསྒྲུབས། །གླེགས་བུའི་ངོས་ལ་གསེགས་གཅོད་འགྲོས་བསྒྱུར་བ། །ཚེ་བརྟན་དཔལ་སོགས་བཅུ་ཕྲག་རིག་བྱེད་པ། །སྔོན་མེད་ཡི་གེར་སྟོན་ལ་སྒྱུ་འཕྲུལ་གཟུགས། །སྤྲུལ་བྱེད་བསོད་ནམས་ལང་ཚོ་ཅན་གྱིས་བྱས། །དེ་ལས་བྱུང་བའི་དགེ་བ་རབ་དཀར་སེམས་ཀྱི་ས་བོན་གྱིས་བསྐྱེད་མཁའ་དབྱིངས་ཆོས་ཀྱི་རྗེས་འགྲོ་བ། །བདག་དང་སྲིད་པར་གནས་པའི་སྐྱེ་འགྲོ་ཀུན་གྱི་མཉམ་དུ་ཐོབ་ལས་སྒྲིབ་གཉིས་བག་ཆགས་བཅས་པ་ཡི། །དགྲ་སྡེ་ལས་ནི་རྣམ་པར་རྒྱལ་ནས་འཇིགས་མེད་དཔའ་བོ་ཡང་དག་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །རྟག་བརྟན་ཞི་བ་གཡུང་དྲུང་གོ་འཕང་ཐོབ་ནས་དམ་ཆོས་སྒོ་བརྒྱ་རྣམ་ཀུན་དབྱེ་བ་ཉིད་གྱུར་ཅིག། །།ཤུབྷཾ།།

Notes[edit]

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net