བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་།

From Rangjung Yeshe Wiki Texts
Jump to navigation Jump to search
{{{1}}}

༅། །བོདྷིསཏྭསྱསམརྠནམིཔྲཔྲྀཏྟེཿབིབྲྀཏྟིམཉྫུགུརོསུབདེཤཱམྲྀཏསྱཱཡཤིནྟུབིརཧཏིསྨྲ། །

༄༅། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་བདུད་རྩིའི་ཐིག་པ་བཞུགས་སོ།། །།[1]

༄༅༅། །ན་མོ་གུ་རུ་མཉྫུ་ཤྲཱི་ཛྙཱ་ན་སཏྭཱ་ཡ། བསྐལ་བཟང་རྣམ་འདྲེན་གཞན་ལས་ཆེས་དཔའ་བའི། །སྙིང་རྗེས་ཐུགས་བསྐྱེད་སྨོན་ལམ་རྨད་བྱུང་བས། །དེང་འདིར་མངོན་པར་བྱང་ཆུབ་མཆོག་སྟོན་པའི། །སྟོན་པ་མཉམ་མེད་ཤཱཀྱ་སེང་གེས་སྐྱོངས། །མི་ཕམ་འཇམ་པའི་དབྱངས་སོགས་ཉེ་སྲས་བརྒྱད། །གནས་བརྟན་བཅུ་དྲུག་བསྟན་པའི་གཏད་རབས་བདུན། །འཛམ་གླིང་རྒྱན་མཆོག་ཞི་བའི་ལྷ་ལ་སོགས། །འཕགས་ཡུལ་པཎ་གྲུབ་དད་བརྒྱས་སྤྱི་བོར་བསྙེན། །རྒྱལ་བའི་ལུང་བསྟན་གངས་ལྗོངས་སྣང་བའི་མིག །མཁན་སློབ་ཆོས་རྒྱལ་ལོ་པཎ་སྤྲུལ་པའི་དཔྱིད། །འཇམ་དབྱངས་རྣམ་གསུམ་ལ་སོགས་གསར་རྙིང་གི །རིས་མེད་བརྒྱུད་པ་རྣམས་ལ་གུས་ཕྱག་འཚལ། །རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་དཔལ། །རིགས་གསུམ་དབྱེར་མེད་ཆོས་ཀྱི་དབང་པོ་དང༌། །རྗེ་བཙུན་བླ་མ་སངས་རྒྱས་ཀུན་དངོས་རྣམས། །བྱང་ཆུབ་སྙིང་པོར་སྙིང་གི་པདྨོར་རོལ། །གང་གི་ཞལ་གསུང་ཟག་མེད་བདུད་རྩིའི་བཅུད། །གང་ཐོབ་ཆ་ཤས་ཡི་གེའི་འདུ་བྱེད་འདིས། །བླ་མ་མཆོག་དང་དཀོན་མཆོག་རིན་པོ་ཆེས། །བསྟན་དང་འགྲོ་ལ་སྨིན་པར་བྱིན་གྱིས་རློབས། །དེ་ལ་འདིར་དཔལ་མར་མེ་མཛད་ལ་སོགས་པའི་འདས་པའི་སངས་རྒྱས་རྣམས་དང༌། སྟོན་མཆོག་མཉམ་མེད་ཤཱཀྱ་སེང་གེ་ལ་སོགས་པའི་ད་ལྟར་གྱི་སངས་རྒྱས་ཀུན་དང༌། རྒྱལ་ཚབ་སེམས་དཔའ་ཆེན་པོ་རྗེ་བཙུན་བྱམས་པ་མགོན་པོ་ལ་སོགས་པའི་མ་འོངས་པའི་སངས་རྒྱས་ཐམས་ཅད་མ་ལུས་ཤིང་ལུས་པ་མེད་པའི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པའི་ལམ་པོ་ཆེ་སྲིད་པ་འཇིག་རྟེན་དང་ཞི་བ་མྱང་འདས་ཀྱི་ཕན་བདེའི་ལེགས་ཚོགས་མ་ལུས་པ་འབྱུང་བའི་གནས་གཅིག་པུར་གྱུར་པ་རིན་ཆེན་བྱང་ཆུབ་ཀྱི་སེམས་གཙོ་བོར་སྟོན་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་བཟང་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་ལས་ཀྱང་ཆེས་ལྷག་པ་འདི་ཉིད་འཆད་པར་བྱེད་པ་ལ། བཤད་བྱའི་ཡན་ལག་བཤད་པ་དང༌། བཤད་བྱ་དངོས་བཤད་པ་གཉིས་ལས། དང་པོ་བཤད་བྱའི་ཡན་ལག་བཤད་པ་ལ་གསུམ་སྟེ། སློབ་དཔོན་གྱིས་ཆོས་ཇི་ལྟར་འཆད་ཚུལ། སློབ་མས་ཇི་ལྟར་ཉན་ཚུལ། དཔོན་སློབ་གཉིས་ཀས་འཆད་ཉན་ཇི་ལྟར་བགྱི་བའི་ཚུལ་ལོ། །དང་པོ་སློབ་དཔོན་གྱིས་ཆོས་ཇི་ལྟར་འཆད་ཚུལ་ལ་གསུམ་སྟེ། སློབ་དཔོན་སངས་རྒྱས་ཀྱིས་ཆོས་ཇི་ལྟར་འཆད་ཚུལ། སློབ་དཔོན་དགྲ་བཅོམ་པས་ཆོས་ཇི་ལྟར་འཆད་ཚུལ། སློབ་དཔོན་མཁས་པ་པཎྜི་ཏས་ཆོས་ཇི་ལྟར་འཆད་པའི་ཚུལ་ལོ། །དང་པོ་སློབ་དཔོན་སངས་རྒྱས་ཀྱིས་ཆོ་འཕྲུལ་རྣམ་པ་གསུམ་གྱི་སྒོ་ནས་འཆད་དེ། དེ་ཡང་སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པར་སྤྲོ་བ་སོགས་ཀྱིས་གདུལ་བྱ་འཁོར་དུ་མ་འདུས་པ་བསྡུས་ནས། ལྗགས་ཀྱི་དབང་པོས་སྟོང་གསུམ་ཁེབ་པར་མཛད་པ་སོགས་ཀྱིས་གདུལ་བྱ་འཁོར་དུ་འདུས་པ་རྣམས་ཡིད་ཆེས་པར་མཛད། ཐུགས་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་གྱིས་གདུལ་བྱ་འཁོར་དུ་འདུས་པ་དེ་དག་གི་བློ་དང་དབང་པོ་བག་ལ་ཉལ་བ་ཐམས་ཅད་མཁྱེན་པར་མཛད་ནས། གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ལྷ་ཀླུ་སོགས་འགྲོ་བ་རང་རང་གི་སྐད་དང་མཐུན་པའི་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་སྒོ་ནས་གང་ལ་གང་གིས་འདུལ་བའི་ཆོས་དེ་དང་དེ་འཆད་པའོ། །གཉིས་པ་སློབ་དཔོན་དགྲ་བཅོམ་པས་དག་པ་གསུམ་ལ་བསྟེན་ནས་འཆད་དེ། ཉན་པ་པོའི་སྣོད་དག་པ་ནི་གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་གདུལ་བྱ་དེ་ཡི་རྒྱུད་ལ་བརྟགས་ནས་རྒྱུད་སྣོད་རུང་དུ་གྱུར་ན་ཆོས་འཆད། འཆད་པ་པོའི་ངག་དག་པ་ནི་ཆགས་སོགས་ཉོན་མོངས་པའི་སྒྲིབ་པ་ལས་གྲོལ་བས་ངག་ཚིག་དྲི་མ་མེད་པ་བརྡ་དག་སྙན་པའི་དབྱངས་ཀྱིས་འཆད། གསུང་རབ་ཀྱི་བརྗོད་བྱ་དག་པ་ནི། རང་ཉིད་ཀྱི་ཡོངས་འཛིན་རྫོགས་པའི་སངས་རྒྱས་ལ་སོགས་པའི་ཞལ་ནས་ཇི་ལྟར་གསུངས་པ་ལྟར་མི་བརྗེད་པའི་གཟུངས་ཀྱིས་བཟུང་སྟེ། ཚིག་ལ་ལྷག་ཆད་དང༌། དོན་ལ་ནོར་འཁྲུལ་མེད་པར་འཆད་པའོ། །འོ་ན་ཉན་ཐོས་དགྲ་བཅོམ་པ་དེ་དག་གིས་ཆོ་འཕྲུལ་རྣམ་པ་གསུམ་ལ་བརྟེན་ནས་ཅིའི་ཕྱིར་མི་འཆད་ཅེ་ན། དེ་དག་ལ་མི་ཤེས་པའི་རྒྱུ་བཞི་ཡོད་པས་ཆོ་འཕྲུལ་རྣམ་པ་གསུམ་ལ་བསྟེན་ནས་འཆད་མི་ནུས་ཏེ། གནས་ཀྱི་བསྐལ་བས་མི་ཤེས་པ་འཕགས་པ་མཽའུ་འགལ་གྱི་བུ་ཆེན་པོས་རང་གི་མ་སངས་རྒྱས་ཀྱི་ཞིང་འོད་ཟེར་ཅན་ཏུ་སྐྱེས་པ་མ་ཤེས་པ་ལྟ་བུ། དུས་ཀྱི་བསྐལ་བས་མི་ཤེས་པ་ཁྱིམ་བདག་དཔལ་སྐྱེས་ཀྱི་རྒྱུད་ལ་ཐར་པའི་ས་བོན་ཡོད་པ་འཕགས་པ་ཤཱ་རིའི་བུས་མ་ཤེས་པ་ལྟ་བུ། རྒྱུ་ཐུག་མེད་ཀྱི་འབྲས་བུ་ཐུག་མེད་མི་ཤེས་པ། ཇི་སྐད་དུ། རྨ་བྱའི་མདོངས་བཀྲ་གཅིག་ལ་ཡང༌། །རྒྱུ་ཡི་དབྱེ་བ་ཐ་དད་པ། །དེ་མཁྱེན་པ་ནི་ཀུན་མཁྱེན་ཏེ། །ཀུན་མཁྱེན་ཡེ་ཤེས་མིན་པས་མིན། །ཞེས་པ་ལྟ་བུའོ། །སངས་རྒྱས་ཀྱི་ཆོས་རབ་ཏུ་མང་པོ་མི་ཤེས་པ་ནི། སྟོབས་བཅུ་མི་འཇིགས་པ་བཞི་མ་འདྲེས་པ་ལ་སོགས་པ་མེད་པའོ། །གསུམ་པ། སློབ་དཔོན་མཁས་པ་པཎྜི་ཏས་ཆོས་ཇི་ལྟར་འཆད་ཚུལ་ལ་གཉིས། ཆོས་ཀྱི་འབྱུང་གནས་རྒྱ་གར་འཕགས་པའི་ཡུལ་ན་ཡོངས་སུ་གྲགས་པའི་གཙུག་ལག་ཁང་ཆེན་པོ་རྣམ་པ་གཉིས་ཡོད་པའི། དཔལ་ནཱ་ལེནྟྲའི་གཙུག་ལག་ཁང་ན་བཞུགས་པའི་པཎྜི་ཏ་རྣམས་ཀྱིས་ནི་བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔ་དང༌། བསྟན་བཅོས་ཐམས་ཅད་རྩིས་འགོ་ཡན་ལག་ལྔའི་སྒོ་ནས་འཆད། བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ན་བཞུགས་པའི་པཎྜི་ཏ་རྣམས་ཀྱིས་ཉན་པ་པོ་སྣོད་རུང་བྱ་བ་དང༌། བསྟན་པའི་རྣམ་བཞག་ངེས་པ་གཉིས་ཀྱི་སྒོ་ནས་འཆད། དེ་གཉིས་ལས་འདིར་སྔ་འགྱུར་བ་རྣམས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང༌། པདྨ་སཾ་བྷ་ཝའི་རྗེས་སུ་འབྲངས་ཏེ་བསྟན་བཅོས་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ཉིད་རྩིས་འགོ་ཡན་ལག་ལྔའི་སྒོ་ནས་འཆད་པ་ལ། མཛད་པ་པོ་སུས་མཛད། ལུང་གང་ནས་བཏུས། ཕྱོགས་གང་དུ་གཏོགས། དབུ་ནས་ཞབས་སུ་བསྡུས་པའི་དོན་གང་ཡིན། དགོས་ཆེད་སུ་ཞིག་གི་དོན་དུ་མཛད་ཅེ་ན། དང་པོ་མཛད་པ་པོ་ནི། བསྟན་བཅོས་བརྩོམ་པའི་རྒྱུ་གསུམ་ལེགས་པར་ཚང་ཞིང་ཁྱད་པར་དུ་ལྷག་པའི་ལྷ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་ཞིང་བྱིན་གྱིས་རླབས་པ་སོགས་ངོ་མཚར་བའི་གཏམ་བདུན་གྱི་རྣམ་ཐར་མཆོག་གིས་སྤུད་པའི་པཎྜི་ཏ་ཆེན་པོ་འཕགས་པ་རྒྱལ་སྲས་ཞི་བ་ལྷས་མཛད། དེ་ཡང༌། ལྷག་པའི་ལྷ་མཉེས་ནཱ་ལེནྜའི། །བཀོད་པ་ཕུན་ཚོགས་རྩོད་པ་བཟློག །ཡ་མཚན་ཅན་དང་སྤྲང་པོ་དང༌། །རྒྱལ་པོ་མུ་སྟེགས་ཅན་བཏུལ་བའོ། །ཞེས་པ་ལྟར། བདག་ཉིད་ཆེན་པོ་འདི་ལྷོ་ཕྱོགས་ཀྱི་རྒྱུད་ཀྱི་ཡུལ་འཁོར་བཟང་པོ་ཞེས་བྱ་བར་རྒྱལ་པོ་དགེ་བའི་གོ་ཆ་ཞེས་བྱ་བའི་སྲས་ཞི་བའི་གོ་ཆ་ཞེས་བྱ་བར་གྱུར་ཅིང༌། དེ་ཡང་གཞོན་ནུའི་ཚེ་ནས་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་ཤིང༌། ཐེག་ཆེན་གྱི་རིགས་ལ་གནས་པས་བླ་མ་དང་དགེ་སྦྱོང་སོགས་ལ་གུས་པ་དང༌། བློན་པོ་དང་འབངས་འཁོར་རྣམས་ལ་ཕན་འདོགས་པ་དང༌། ཕོངས་པ་དང་ནད་པ་སོགས་དམན་པ་རྣམས་ཀྱང་སྙིང་རྗེས་ལྷག་པར་སྐྱོང་བ་ལ་སོགས་པ་བྱང་ཆུབ་ཀྱི་སྤྱོད་པ་འབའ་ཞིག་ལ་ཐུགས་གཞོལ་བའི་ངང་ནས་རིག་པ་དང་སྒྱུ་རྩལ་ཐམས་ཅད་ལ་ཡང་མཁས་པར་གྱུར་ཅིང་ཁྱད་པར་ཀུ་སུ་ལུ་ཞིག་ལ་འཇམ་དཔལ་རྣོན་པོའི་སྒྲུབ་ཐབས་ཤིག་ཞུས་ཏེ་བསྒྲུབས་པས་ཞལ་མཐོང་རེ་ཞིག་ན་ཡབ་རྒྱལ་པོ་འདས་ཏེ་རྒྱལ་པོར་དབང་བསྐུར་བར་བསྒྲོས་ཏེ། རིན་པོ་ཆེའི་ཁྲི་ཆེན་པོ་བཤམས་པ་ན་དེ་ནུབ་རྨི་ལམ་དུ་སང་ཉིན་སྡོད་པའི་ཁྲི་ཆེན་པོ་དེ་ལ་རྗེ་བཙུན་འཇམ་པའི་དབྱངས་བཞུགས་ནས་བུ་གཅིག་འདི་ནི་ང་ཡི་སྟན་ཡིན་ཏེ། །ང་ནི་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན། །ང་དང་ཁྱོད་གཉིས་སྟན་གཅིག་ལ་འདུག་པ། །འདི་ན་རྣམ་པ་ཀུན་ཏུ་རིགས་མ་ཡིན། །ཞེས་གསུངས་པ་རྨིས་པས་སད་པ་དང༌། རྒྱལ་སྲིད་འཛིན་དུ་མི་རུང་བར་དགོངས་ཏེ། རྒྱལ་སྲིད་ཀྱི་འབྱོར་པ་ཆེན་པོ་ལ་མ་ཆགས་པར་བྲོས་ནས་དཔལ་ནཱ་ལེནྜའི་པཎྜི་ཏ་ལྔ་བརྒྱའི་ཁྱུ་མཆོག་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་སྟེ། མཚན་ཡང་ཞི་བའི་ལྷ་ཞེས་བཏགས་ཏེ། ནང་གི་ཀུན་སྤྱོད་འཕགས་པ་ལ་སྡེ་སྣོད་གསུམ་གསན་ནས་དེའི་དོན་ལ་མཉམ་པར་འཇོག་པར་མཛད་ཅིང་ཤིན་ཏུ་གཅེས་པའི་དོན་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་བསླབ་བཏུས་དང༌། མདོ་བཏུས་ཀྱི་བསྟན་བཅོས་མཛད་པ་སོགས་སྤངས་རྟོགས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་མངའ་ཡང་གཞན་དག་གིས་དེ་ལྟར་མ་རྟོགས་པར། ཕྱིའི་སྤྱོད་པ་ལ་བྷུཀྟ་ཟ་བ། སུསྟ་ཉལ་བ། ཀུཙྪི་ཝ་འཆག་པ་གསུམ་ལས་གཞན་མི་བྱེད་པར་སྣང་བས་བྷུ་སུ་ཀུ་ཝ་ཞེས་བསྒྲགས་ཤིང་ཕྱིའི་སྤྱོད་པ་ལ་དཔག་ནས་འདིའི་རབ་ཏུ་བྱུང་བ་རྣམས་ཀྱི་བྱ་བའི་ལས་འཁོར་ལོ་གསུམ་ཡིན་ན། འདིས་གང་ཡང་མི་བྱེད་པར་དགེ་འདུན་གྱི་ནང་དུ་དད་ཟས་བྱིན་པ་ལ་ལོངས་སྤྱོད་པར་མི་རུང་བས་བསྒྲད༵་པར་བྱའོ་ཞེས་བསྒྲོས་ནས་གསུང་རབ་ཀྱི་མདོ་འདོན་རེས་བྱས་པས་རང་ཐད་ལ་བབ་པ་ན་གཞན་དུ་འགྲོའོ་སྙམ་དུ་བསམ་ནས་དེ་ལ་མདོ་འདོན་པར་ཡང་ཡང་ནན་གྱིས་ཞུས་པ་ལ་བདག་གིས་ཅི་ཡང་མི་ཤེས་སོ་ཞེས་ཡང་ཡང་གསུངས་པ་ན། མཁན་པོ་ལ་ཉིད་ཀྱིས་བགོས་ཤིག་ཅེས་ཞུས་པས་མཁན་པོས་བསྒོས་པས་འདོན་པར་ཁས་བླངས་པ་དང༌། ཁ་ཅིག་གིས་འདི་ཅི་ཡིན་མི་ཤེས་སྙམ་དུ་ཐེ་ཚོམ་དུ་གྱུར་བཞིན་དུ། དེ་ཉམས་སད་པའི་ཕྱིར་གཙུག་ལག་ཁང་གི་ཕྱི་རོལ་ས་ཕྱོགས་ཡངས་པར་མཆོད་པ་མང་པོ་བཤམས་ཤིང་སྐྱེ་བོའི་ཚོགས་མང་པོ་འདུས་པའི་དབུས་སུ་སེང་གེའི་ཁྲི་མཐོན་པོ་བཤམས་པ་ལ་སྤྱན་དྲངས་ཏེ་ཁྲི་དེར་ཇི་ལྟར་བྱོན་མ་ཤེས་པར་སྟེང་དུ་བཞུགས་པ་ལ་ཕལ་ཆེར་ཡིད་གཉིས་སུ་གྱུར་པ་ལ། དེ་ནས་སྔར་དྲང་སྲོང་གིས་གསུངས་པ་གྲགས་པ་ཞིག་གདོན་ནམ། སྔར་མ་གྲགས་པ་ཞིག་གདོན་ཞེས་གསུངས་པ་ན་ཐམས་ཅད་ངོ་མཚར་དུ་གྱུར་ཏེ། མ་གྲགས་པ་ཞིག་འདོན་པར་ཞུས་པས། བསླབ་བཏུས་ནི་མང༌། མདོ་བཏུས་ནི་ཉུང༌། ཚིག་བསྡུས་ལ་དོན་རྒྱས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ཞལ་འདོན་མཛད་པ་དང༌། འཕགས་པ་འཇམ་དཔལ་ཡང་མདུན་གྱི་ནམ་མཁའ་ལ་བཞུགས་པ་སྐྱེ་བོ་མང་པོས་མཐོང་ནས་ཤིན་ཏུ་དད་པ་གྱུར་པ་ལས། ཤེས་རབ་ཀྱི་ལེའུའི། གང་ཚེ་དངོས་དང་དངོས་མེད་དག །ཅེས་པ་ནས་སློབ་དཔོན་འཇམ་དབྱངས་དང་བཅས་པ་ནམ་མཁའ་ལ་ཇེ་མཐོ་ཇེ་མཐོར་སོང་ནས་མཐར་སྐུ་མི་སྣང་བར་གསུངས་གྲགས་པའི་སྒོ་ནས་རྫོགས་པར་བཏོན་སྟེ་གཤེགས་སོ། །དེ་ནས་གཟུངས་ཐོབ་པ་རྣམས་ཀྱིས་ཇི་ལྟར་ཟིན་པ་བསྡུས་པས་ཤློ་ཀ་བདུན་བརྒྱ་དང༌། སྟོང་དང་སྟོང་ལས་ལྷག་པར་གྱུར་ཅིང༌། པཎྜི་ཏ་ཁ་ཆེ་བ་རྣམས་ཀྱིས་བསྡུས་པ་ལེའུ་དགུའི་བདག་ཉིད་ཤློ་ཀ་བདུན་བརྒྱ་དང༌། ཡུལ་དབུས་པ་རྣམས་ཀྱིས་བསྡུས་པ་ལེའུ་བཅུའི་བདག་ཉིད་ཤློ་ཀ་སྟོང་ཡོད་པ་མ་མཐུན་པས་ཐེ་ཚོམ་དུ་གྱུར་ཅིང་བསླབ་པ་ཀུན་ལས་བཏུས་པ་ལ། ངེས་པར་ཡང་དང་ཡང་དུ་བལྟ། །ཞེས་དང༌། ཡང་ན་རེ་ཞིག་མདོར་བསྡུས་པའི། །མདོ་རྣམས་ཀུན་ལས་བཏུས་པར་བལྟ། །ཞེས་པའང་མ་ཤེས་པས་སློབ་དཔོན་ལྷོ་ཕྱོགས་མཆོད་རྟེན་དཔལ་ཡོན་ཅན་ན་བཞུགས་པར་ཐོས་ནས་གཟུངས་ཐོབ་པའི་པཎྜི་ཏ་གཉིས་སྤྱན་འདྲེན་དུ་ཕྱིན་པས་མཇལ་ནས་བྱོན་དུ་མ་བཏུབ་ཀྱང་ཚུལ་དེ་དག་ཞུས་པ་ལ་གཞུང་གི་ཚད་ཡུལ་དབུས་པ་རྣམས་ཀྱིས་བསྡུས་པ་ལྟར་ཡིན་ལ་བསླབ་བཏུས་དང༌། མདོ་བཏུས་གཉིས་ཁོ་བོའི་བྲང་ཁང་གི་གདུང་གསེབ་ན་པཎྜི་ཏའི་ཡིག་གེ་ཕྲ་མོའི་བྲིས་པ་ཞིག་ཡོད་པས་ལྟོས་ཤིག་ཅེས་རྗེས་སུ་བསྟན་ཅིང་དེ་དག་གི་བཤད་ལུང་ཡང་གནང་ངོ༌། །དེ་ནས་ཤར་ཕྱོགས་སུ་བྱོན་ཏེ་རྩོད་པ་ཆེན་པོ་བྱེད་པ་ཞིག་གི་འགྲན་ཟླ་མཛད་པའི་རྫུ་འཕྲུལ་གྱིས་འདུམ་པར་གྱུར་ཏེ་བདེ་བ་ལ་བཀོད་དོ། །ཡང་ཡུལ་མ་ག་དྷའི་ནུབ་ཕྱོགས་ཧ་ཅང་མི་རིང་བ་ཞིག་ན་ཡ་མཚན་ཅན་གྱི་ལྟ་བ་འཛིན་པ་ལྔ་བརྒྱ་གནས་པ་འཁོར་དུ་བསྡུས་པ་དང༌། རེ་ཞིག་ན་ཡུལ་ངན་ཆེན་པོ་བྱུང་ནས་བཟའ་བཏུང་ཆད་དེ་ཉོན་མོངས་པ་ན་བདག་ཅག་གི་འཚོ་བ་སྒྲུབ་ནུས་པ་ཡོད་ན་དེའི་གསུངས་སྤྱི་བོར་ལེན་ཏོ། །ཞེས་ཟེར་བ་ལ། སློབ་དཔོན་གྱིས་འབྲས་ཆན་ལྷུང་བཟེད་གང་ཙམ་གྱི་བསོད་སྙོམས་བླངས་ཏེ་ཏིང་ངེ་འཛིན་གྱིས་མང་པོར་བྱིན་གྱིས་བརླབས་ནས་དེ་ཐམས་ཅད་བདེ་བས་ཚིམ་པར་མཛད་དེ་ཡ་མཚན་ཅན་གྱི་ལྟ་བ་ལས་བཟློག་སྟེ་སངས་རྒྱས་ཀྱི་བསྟན་པ་ལ་བཙུད་པར་མཛད་དོ། །དེ་ནས་རེ་ཞིག་ན་མུ་གེ་ཆེན་པོ་བྱུང་སྟེ་སྤྲང་པོ་སྟོང་ཙམ་ཞིག་བྲུ་བ་ཚ་བས་ཉེན་ཏེ། འཆི་ལ་ཐུག་པ་རྣམས་ལ་སློབ་དཔོན་གྱིས་འཚོ་བ་སྦྱར་ཏེ་བདེ་བ་ལ་བཀོད་དོ། །དེ་ནས་ཤར་ཕྱོགས་སུ་ཨ་ཏི་ཤ་བའི་རྒྱལ་པོ་ལ། མ་ཙ༷ལའི་གནོད་པར་བྱེད་པ་བསྲུང་བའི་རྒྱལ་པོའི་མ་ག་དྷའི་མཆན་སྐུ་བསྲུང་མཛད་པ་ལ། སློབ་དཔོན་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཕྱག་རྒྱར་བཅིང་བའི་ཤིང་གི་རལ་གྲི་ཤུབས་དང་བཅས་པ་ཞིག་བཟུང་ནས་ཆོས་ཀྱི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་རྒོལ་བ་རྣམས་ཟིལ་གྱིས་མནན་ཏེ་སྐྱེ་དགུ་ཐམས་ཅད་བདེ་བར་མཛད་པས་བཀུར་སྟི་ཆེན་པོ་ཐོབ་པ་ན། ཕྲག་དོག་ཅན་གཞན་དག་གིས་མ་བཟོད་པར་རྒྱལ་པོ་ལ་མི་འདི་ནི་གཡོ་སྒྱུ་ཅན་ཞིག་སྟེ་མཚོན་ཆ་ཡང་ཤིང་གི་རལ་གྲི་ལས་མེད་པའི་ཕྱིར་རྒྱལ་པོའི་སྐུ་བསྲུང་མི་ནུས་པས་བརྟག་པར་འཚལ་ལོ། །ཞེས་ཞུས་པ་དང༌། རྒྱལ་པོ་ཁྲོས་ཏེ་ཐམས་ཅད་ཀྱི་མཚོན་ཆ་ལ་རིམ་གྱིས་བལྟས་ཏེ། དེ་ལ་རལ་གྲི་ཕྱུངས་ཤིག་ཅེས་སྨྲས་པ་ན། ལྷ་ཉིད་ལ་གནོད་པར་འགྱུར་བས་མི་རུང་ངོ་ཞེས་གསུངས་པ་ན་གནོད་ཀྱང་སླའི་ངེས་པར་ཕྱུངས་ཤིག་ཟེར་བ་ལ། འོ་ན་ཕྱོགས་དབེན་པར་སྤྱན་ཡ་གཅིག་ཕྱག་གིས་བཀབ་སྟེ་ཡ་གཅིག་གིས་གཟིགས་སུ་གསོལ་ཞེས་སྨྲས་ནས་ཕྱུང་བས་དེའི་གཟི་བརྗིད་ཀྱིས་རྒྱལ་པོའི་མིག་ཡ་གཅིག་ས་ལ་ལྷུང་སྟེ་དཔུང་དང་བཅས་པ་སྐྲག་ནས་བཟོད་པར་གསོལ་ཏེ་སྐྱབས་སུ་སོང་བ་ལས་མིག་གི་བུ་གར་མིག་བཅུག་ནས་ཟུག་རྔུ་མེད་ཅིང་མཐོང་བར་བྱིན་གྱིས་རླབས་པས་འཇིག་རྟེན་ཐམས་ཅད་དད་པར་མཛད་ཅིང་ཆོས་ལ་བཙུད་དོ། །དེ་ནས་དཔལ་གྱི་རིའི་ལྷོ་ཕྱོགས་སུ་བྱོན་ཏེ་ཨུ་ཙ་མའི་སྤྱོད་པ་ཞེས་པ་སྤྲང་པོའི་ཆ་བྱད་གཅེར་བུ་ཁྲུད་མ་ཕོ་བའི་ཚིག་མས་འཚོ་བར་བྱེད་པ་ན། ཁ་ཏྲི་བི་ཧ་རའི་བྲན་མོ་ཀ་ཙལ་ནས་ཁྲུད་མ་ཕོ་བའི་ཆུ་འཐོར་བ་སློབ་དཔོན་ལ་ཕོག་པས་ལྕགས་བསྲེག་ལ་ཕོག་པ་ལྟར་འབར་ཞིང་ཁོལ་བར་གྱུར་པ་མཐོང་སྟེ། དེའི་ཚེ་མུ་སྟེགས་པའི་སྟོན་པ་ཤིང་ཀར་དེ་བ་ཞེས་བྱ་བའི་ཁོ་བོས་ནམ་མཁའ་ལ་དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་བྲི་ཡི་དེ་ནང་པ་དག་གིས་བཤིག་མ་ནུས་ན། ནང་པའི་ལྷ་རྟེན་ཆོས་ཐམས་ཅད་མེར་བསྲེག་སྟེ་ཕྱི་རོལ་མུ་སྟེགས་པའི་སྒོར་འཇུག་དགོས་ཞེས་རྒྱལ་པོ་ལ་གསོལ་བས། རྒྱལ་པོས་ཀྱང་ནང་པའི་དགེ་འདུན་རྣམས་བསྡུས་ཏེ་དོན་དེ་ཞུས་པས་སུས་ཀྱང་བཤིགས་པར་ཁས་ལེན་མ་ནུས་པས་རྒྱལ་པོ་མྱ་ངན་དུ་གྱུར་པ་ལ་བྲན་མོའི་སྔར་མཐོང་བ་དེ་ཞུས་པ་ན། དེ་ཚོལ་ཅིག་གསུངས་ནས་ཕྱོགས་ཀུན་ཏུ་བཙལ་བས་ཤིང་སྡོང་གཅིག་གི་དྲུང་ནས་རྙེད་པ་ལ་དོན་དེ་ཞུས་པ་ན་ང་ཡིས་ནུས་ཀྱི་ཆུ་བུམ་པ་གང་དང་རས་ཡུག་གཉིས་དང་མེ་རྣམས་སྟ་གོན་གྱིས་ཤིག་གསུངས་ནས་དེ་ལྟར་བྱས་སོ། །དེ་ནས་སང་གི་དགོང་མོ་ཁོ་རང་གིས་ནམ་མཁར་ཐིག་བཏབ་སྟེ་སོང་བས་ཐམས་ཅད་ཐེ་ཚོམ་དུ་གྱུར། ཉིན་ཕྱི་མའི་སྔ་གྲོར་དཀྱིལ་འཁོར་བྲིས་ཏེ་ཤར་སྒོར་ཙམ་ཟིན་པ་ན་སློབ་དཔོན་གྱིས་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ཙམ་གྱིས་རླུང་གི་འཚུབ་མ་ཆེན་པོ་ལངས་ནས་དཀྱིལ་འཁོར་རྨང་མེད་པར་ཁྱེར་ཏེ། རྩྭ་དང་ཤིང་དང༌། གྲོང་ཁྱེར་ཐམས་ཅད་ཀྱང་འགྱེལ་ལམ་འགྱེལ་ལ་ཐུག་པར་གྱུར་ཏེ། དེར་ཚོགས་པའི་མི་རྣམས་ཀྱང་བརྡས། མུ་སྟེགས་ཀྱི་སྟོན་པ་ཡང་རྣམ་པར་འཐོར་རླུང་གིས་བརྡས་པའི་བྱེའུ་བཞིན་དུ་མུན་པ་ཆེན་པོར་གྱུར་ཏོ། །དེ་ནས་སློབ་དཔོན་གྱིས་སྨིན་མཚམས་ནས་འོད་བྱུང་ནས་རྒྱལ་པོ་དང་བཙུན་མོ་ལ་ལམ་བསྟན་ནས་གོས་དང་བྲལ་ཞིང་རྡུལ་གྱིས་གཡོགས་པས་ཤིན་ཏུ་གྲང་བར་གྱུར་པ་ལ་མེས་དྲོ་བར་བྱས་ཤིང་ཆུས་བཀྲུས་ནས་གོས་ཀྱིས་བརྒྱན་པར་བྱས་ཏེ་བདེ་བར་བྱས་སོ། །སླར་ཡང་ཏིང་ངེ་འཛིན་གྱིས་མདུན་དུ་བཀུག་པ་ལ་ཁྲུས་དང་བྱུག་པ་དང་གོས་བྱིན་པ་ལ་སོགས་པས་བདེ་བར་བྱས་ནས་མུ་སྟེགས་ཅན་མང་པོ་སངས་རྒྱས་ཀྱི་བསྟན་པ་ལ་བཅུག་ཅིང་མུ་སྟེགས་ཀྱི་ལྷ་ཁང་རྣམས་བཤིགས་ཏེ་ནང་པ་སངས་རྒྱས་པའི་ཆོས་ཀྱི་གཙུག་ལག་ཀྱང་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་མཛད་པས་དེར་མུ་སྟེགས་ཕམ་པའི་ཡུལ་ཞེས་གྲགས་སོ། །སློབ་དཔོན་འདིས་རང་ཉིད་སོ་སྐྱེ་ཡིན་པར་ཞལ་གྱིས་བཞེས་ཀྱང༌། འཇམ་དབྱངས་སྤྲུལ་པ་ཞི་བའི་ལྷ། ཞེས་ཛེ་ཏཱ་རིས་འཇམ་པའི་དབྱངས་ཀྱི་རྣམ་པར་འཕྲུལ་པར་གསུངས་པ་དང༌། འཕགས་པ་ཞི་བའི་ལྷ་ཉིད་ཀྱིས་ཞེས་ཤེས་རབ་འབྱུང་གནས་ཀྱིས་འཕགས་པའི་གང་ཟག་ཏུ་གསུངས་པ་དང། རྒྱལ་བའི་བསྟན་ལ་བདག་ཉིད་ཆེ། །སྐྱེས་བུ་མང་དུ་བྱོན་མོད་ཀྱི། །ཞི་བ་ལྷ་ཡི་མཛད་པ་འདྲ། །ཉམས་དང་དགོངས་པ་ཅན་མི་རྙེད། །ཅེས་བི་བྷུ་ཏི་ཙནྜས་མཛད་པ་ཕུན་སུམ་ཚོགས་པ་ཅན་དུ་གསུངས་པ་དང༌། སློབ་དཔོན་ནག་པོ་པས་འཇལ་དཔལ་དབྱངས་ཀྱི་ཞབས་ཀྱི་པདྨོ་ལ་སྤྱི་བོའི་གཏུགས་པར་གསུངས་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའོ། །སློབ་དཔོན་འདིས་རྒྱས་པར་སྟོན་པ་བསླབ་བཏུས་དང༌། བསྡུས་ཏེ་སྟོན་པ་མདོ་བཏུས། དོན་རྒྱས་ལ་ཚིག་བསྡུས་པ་སྤྱོད་འཇུག་དང་གསུམ་མཛད་པ་ལས། སྤྱོད་འཇུག་འདི་ལ་རྒྱ་གར་ན་འགྲེལ་བ་བརྒྱ་རྩ་བརྒྱད་ཡོད་པར་གྲགས། ཞེས་གསུངས། ལུང་གང་ནས་བཏུས་ན། སངས་རྒྱས་ཀྱི་གསུང་རབ་སྡེ་སྣོད་གསུམ་དང༌། ཁྱད་པར་མདོ་སྡེ་ཁོ་ན་ལས་བཏུས། ཕྱོགས་གང་དུ་གཏོགས་ན། སྤྱིར་ཐེག་པ་ཆེ་ཆུང་གཉིས་ལས་ཐེག་པ་ཆེན་པོའི་ཕྱོགས་སུ་གཏོགས་ལ། ཐེག་ཆེན་མདོ་སྔགས་གཉིས་ལས་མདོའི་ཕྱོགས་སུ་གཏོགས་སོ། །དབུ་ནས་ཞབས་སུ་བསྡུས་པའི་དོན་གང་ཡིན་ཞེ་ན། བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། སྦྱོར་བ་ཕ་རོལ་དུ་ཕྱིན་པ་དྲུག་ལ་སློབ་ཚུལ་རྒྱས་པར་བཤད་པ་ལ། དགོས་ཆེད་སུ་ཞིག་གི་དོན་དུ་མཛད་ཅེ་ན། སྤྱིར་སེམས་ཅན་ཐམས་ཅད་དང༌། དགོས་དཔལ་ན་ལེནྡྲའི་པཎྜི་ཏ་ལྔ་བརྒྱས་བྱང་ཆུབ་སེམས་དཔའི་ལམ་ཚངས་ལ་མ་ནོར་བ་ཉམས་སུ་ལེན་ཤེས་པའི་དོན་དུ་མཛད་པ་སྟེ། དེ་ལྟར་རྩིས་འགོ་ཡན་ལག་ལྔས་གཏན་ལ་ཕབ་པས་ཉན་པ་པོ་ཡིད་ཆེས་ཐོབ་ནས་ཆོས་ཀྱི་སྣོད་རུང་དུ་འགྱུར་བའི་དགོས་པ་ཡོད་པའོ། །གཉིས་པ་སློབ་མས་ཇི་ལྟར་ཉན་པའི་ཚུལ་ལ། ཀུན་སློང་དང༌། ཀུན་སྤྱོད་གཉིས། དང་པོ། སྐྱེས་བུ་ཆེན་པོའི་ཀུན་སློང་བསོད་ནམས་ཚད་མེད་པའི་འཇུག་ངོགས་རིན་ཆེན་བྱང་ཆུབ་སེམས་ཀྱི་རྩིས་ཟིན་པར་བྱ་བ་སྟེ། འདི་ལྟར་འཁོར་བ་ན་གནས་པའི་སེམས་ཅན་ཐམས་ཅད་ཐོག་མ་མེད་པའི་དུས་ནས་ཕ་མར་མ་གྱུར་པ་མེད་ལ། ཕ་མར་གྱུར་པའི་དུས་སུ་ད་ལྟའི་ཕ་མ་བཞིན་དུ་དྲིན་ཆེན་པོས་བསྐྱངས་ཏེ་ཟས་ཀྱི་ཕུད་བྱིན། གོས་ཀྱི་རྩེས་གཡོགས། ཤིན་ཏུ་བྱམས་པས་བསྐྱེད་བསྲིངས་པའི་དྲིན་ཆེན་ཤ་སྟག་ཡིན་ལ། དྲིན་ཆེན་དེ་དག་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་ཆོས་དགེ་བ་བཅུ་སོགས་སྤྱོད་མི་ཤེས་པར་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་བཅུ་སོགས་ཁོ་ན་དང་དུ་བླངས་ཏེ་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་ནས་ལམ་ལོག་མགོ་རྨོངས་སུ་གྱུར་པ། ལོང་བ་ཐང་དཀྱིལ་དུ་ལུས་པ་ལྟ་བུའི་སེམས་ཅན་འདི་རྣམས་སྙིང་རེ་རྗེ། བདག་ད་རེས་དལ་འབྱོར་གྱི་མི་ལུས་ཐོབ། མཚན་ལྡན་གྱི་བླ་མ་མཇལ། ཡང་དག་པའི་ཆོས་ལ་སྤྱོད་དུ་ཡོད་པ་འདི་སྐལ་པ་བཟང་བས་ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་མི་གཏོང་བར་དམ་པའི་ཆོས་ཟབ་མོ་འདི་ལྟ་བུ་ཉན་ནས་ཉམས་སུ་བླང་སྟེ་མ་རྒན་སེམས་ཅན་ཐམས་ཅད་རིགས་དྲུག་སོ་སོའི་ལས་སྣང་སྡུག་བསྔལ་བག་ཆགས་ཐམས་ཅད་དང་བྲལ་ནས་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་དུ་སེམས་བསྐྱེད་པ་ནི་གལ་ཆེ་བའི་གནད་དམ་པའོ། །གཉིས་པ་ཀུན་སྤྱོད་ལའང༌། སྤང་བྱའི་ཀུན་སྤྱོད་དང༌། བླང་བྱའི་ཀུན་སྤྱོད་གཉིས། དང་པོ་སྤང་བྱའི་ཀུན་སྤྱོད་ལ་སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག །མི་འཛིན་པ་ལྔ་དང་བཅས་པ་ལས། སྣོད་ཀྱི་སྐྱོན་གསུམ་ནི། རྣ་བ་མི་གཏད་ཁ་སྦུབ་ལྟ་བུའི་སྐྱོན། །ཡིད་ལ་མི་འཛིན་ཞབས་རྡོལ་ལྟ་བུའི་སྐྱོན། །ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན། །ཞེས་པ་ལྟར། ཆོས་ཉན་པའི་དུས་སུ་རང་གི་རྣ་བའི་ཤེས་པ་ཡུལ་གཞན་དུ་མི་ཡེངས་ཞིང་ཆོས་འཆད་པའི་སྒྲ་དེ་ལ་གཏད་ནས་མི་ཉན་པར་ཁ་ཡེངས་མིག་ཡེངས་བྱས་ན་སྣོད་ཁ་སྦུབས་པའི་སྟེང་དུ་བཅུད་བླུགས་པ་དང་འདྲ་བར་ལུས་ཆོས་གྲལ་ན་ཡོད་ཀྱང་ཆོས་ཚིག་གཅིག་ཀྱང་རང་གིས་མི་ཐོས་པའི་སྐྱོན་དང༌། གང་ཇི་ལྟར་ཐོས་པའི་ཆོས་དེ་ཡང་གོ་ལོ་དང་ཐོས་ལོར་བཞག་ནས་ཡིད་ལ་མ་བཟུང་ན་སྣོད་ཞབས་རྡོལ་དུ་བཅུད་ཅི་ཙམ་བླུགས་ཀྱང་ཆགས་རྒྱུ་མེད་པ་དང་འདྲ་བར་ཆོས་ཅི་ཙམ་ཉན་ཡང་རྒྱུད་ཐོག་ཏུ་བཀལ་ནས་ཉམས་སུ་ལེན་མི་ཤེས་པའི་སྐྱོན་དང༌། ཀུན་སློང་ཆེ་འདོད་གྲགས་འདོད་རྙེད་བཀུར་སོགས་འདོད་པ་དང༌། ཆགས་སྡང་རྨོངས་གསུམ་སོགས་དུག་ལྔའི་རྟོག་པ་དང་འདྲེས་ཏེ་ཉན་ན་དུག་ཅན་གྱི་སྣོད་དུ་བཅུད་བཟང་པོ་བླུགས་པ་དང་འདྲ་བར་ཆོས་ཀྱིས་སེམས་ལ་མི་ཕན་པར་མ་ཟད་ཆོས་ཀྱང་ཆོས་མིན་དུ་འགྲོ་བའི་སྐྱོན་ཏེ་གསུམ་དང་བྲལ་བས་ཉན་དགོས་པར། བཅོམ་ལྡན་འདས་ཀྱིས་ཡུམ་བར་མར། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང༌། ངས་བཤད་པར་བྱའོ་ཞེས་གདམས་པར་མཛད་དོ། །དེའི་ཕྱིར། ཆོས་ཆོས་བཞིན་དུ་མ་སྤྱད་ན་ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད་ཅེས་དམ་པ་རྣམས་གསུངས་སོ། །དྲི་མ་དྲུག་ནི། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང༌། །དོན་དུ་གཉེར་བ་མེད་ཉིད་དང༌། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་པ་སྟེ། བླ་མ་དང་མཆེད་གྲོགས་ལས་ང་ལྷག་སྙམ་པའི་ང་རྒྱལ་དང༌། ཆོས་དང་བླ་མ་མཆེད་གྲོགས་ལ་མ་དད་པ་དང༌། ཆོས་ལ་དོན་གཉེར་གྱིས་འདུན་པ་མེད་པ་དང༌། དབང་པོ་ཡུལ་གྱི་ཕྱིར་འབྲང་ཞིང་རྩེ་གཅིག་ཏུུ་མི་འཇོག་པ་དང༌། སེམས་བྱིང་རྨུགས་ཀྱིས་ནང་དུ་སྡུད་པ་དང༌། ཆོས་ཐུན་རིང་དྲགས་པས་བཀྲེས་སྐོམ་ཚ་གྲང་སོགས་ཀྱིས་གདུང་ནས་ཉན་མི་འདོད་པ་སྐྱོ་བས་ཉན་པ་རྣམས་ནི་ཚེ་འདིར་ཡང༌། ཚིག་དོན་ཕུན་སུམ་ཚོགས་པའི་རང་བཞིན་བསམ་གཏན་དང༌། ཤེས་རབ་དང་རྣམ་པར་གྲོལ་བའི་ཆོས་ལ་བར་དུ་གཅོད་ཅིང་ཕྱི་མར་ཡང་ཆོས་དང་མི་འཕྲད་པའི་ཉེས་པས་འཁོར་བ་མཐའ་མེད་དུ་འཁྱམས་པར་འགྱུར་བས་རབ་ཏུ་གུས་པས་སྤྱོད་ལམ་བསྡམ་ཞིང་ལེགས་པའི་ཚུལ་གྱིས་ཉན་དགོས་སོ། །མི་འཛིན་པ་ལྔ་ནི། ཚིག་འཛིན་ལ་དོན་མི་འཛིན་པ་དང༌། དོན་འཛིན་ལ་ཚིག་མི་འཛིན་པ། བརྡ་མ་འཕྲོད་པར་འཛིན་པ། གོང་འོག་ནོར་ནས་འཛིན་པ། དོན་གོ་ལོག་ཏུ་འཛིན་པ་རྣམས་སྤང་དགོས་པ་ཡིན་ཏེ། དེ་ལྔ་རིམ་པར། ཚིག་སྙན་ཅིང་ལེགས་པ་རེ་ཆེད་དུ་འཛིན་ཅིང་དོན་ཟབ་མོ་ལ་རྟོག་དཔྱོད་མི་འཇུག་ན་དེས་སེམས་ལ་ཕན་མི་ཐོག །ཚིག་གིས་ཅི་བྱ་སྙམ་དུ་ཁྱད་དུ་བསད་ནས་དོན་ཟབ་མོ་ཞེས་སྦར་ཟིན་བྱས་ཀྱང་ཚིག་ལ་མ་བསྟེན་པར་དོན་མི་འབྱུང༌། དྲང་ངེས་ལྡེམ་དགོངས་ཀྱི་གསུང་སྣ་ཚོགས་པ་བརྡའ་མ་འཕྲོད་པར་བཟུང་ན་ཡང་དག་པའི་ཆོས་དང་རྒྱབ་འགལ་དུ་འགྲོ། གོང་འོག་ནོར་ནས་བཟུང་ན་བསྟན་པའི་བབས་དང་མི་མཐུན་པ་ལ་སོགས་པའི་འགལ་འདུ་ཅན་དུ་འགྱུར། དོན་ལོག་པར་བཟུང་ན་ལོག་རྟོག་རྒྱུན་འབྱམས་ནས་རང་རྒྱུད་ཆུད་ཟ་ཞིང་བསྟན་པའི་རྐང་འདྲེན་དུ་འགྱུར་བའི་ཕྱིར་སྤང་དགོས་པ་ཡིན་ནོ། །གཉིས་པ་བླང་བྱའི་ཀུན་སྤྱོད་ལ་འདུ་ཤེས་བཞི་བརྟེན་པ་ཕ་རོལ་དུ་ཕྱིན་པ་དྲུག་དང་ལྡན་པ། སྤྱོད་ལམ་གཞན་བསྟན་པའོ། །དང་པོ་འདུ་ཤེས་བཞི་བརྟེན་པ་ནི། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་སོ། །ཆོས་ཉན་པའི་རྣལ་འབྱོར་ཕ་རོལ་དུ་ཕྱིན་པ་དྲུག་དང་བཅས་པ་ནི། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ལས། དང་པོ་བྱང་ཆུབ་སེམས་བསྐྱེད་དེ། །རང་ཉིད་སྒྲོལ་མར་སྒོམས་བྱས་ནས། །རྣ་བ་གཡས་པར་པདྨ་བསམ། །སློབ་དཔོན་འཇམ་དཔལ་བསྒོམ་བྱས་ནས། །བླ་མའི་ཞལ་གྱི་འོདཟེར་དག །པདྨར་ངེས་པར་ཐིམ་པར་བྱ། །འགྲོ་རྣམས་ལྷ་མོར་བསྒོམས་བྱས་ནས། །ཐོན་ཁར་མི་རྟོག་སྟོང་པ་ཉིད། །སྐད་ཅིག་གཉིས་ཙམ་བསྒོམ་པར་བྱ། །ཞེས་སྦྱོར་དངོས་རྗེས་ཀྱི་རྣལ་འབྱོར་དང༌། མེ་ཏོག་སྟན་སོགས་རབ་འབུལ་ཞིང༌། །ས་ཕྱོགས་སྤྱོད་ལམ་སྡོམས་པ་དང༌། །སྲོག་ཆགས་ཀུན་ལ་འཚེ་མི་བྱེད། །བླ་མ་ལ་ནི་གསོལ་བ་འདེབས། །མ་ཡེངས་བླ་མའི་གདམས་ངག་ཉན། །དོགས་སེལ་ཕྱིར་ན་སྐྱོན་ཚིག་འདྲི། །སྒྲོལ་མ་ཡན་ལག་དྲུག་དང་ལྡན། །ཞེས་པས་ཉན་པ་པོས་ཆོས་འཆད་པའི་སྟན་དང༌། མཆོད་པ་མེ་ཏོག་སོགས་འབུལ་བ་སྦྱིན་པ། ས་ཕྱོགས་དག་པར་བྱ་བ་དང༌། ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་མ་དད་པ་ལ་སོགས་པ་བསྡམས་པ་ནི་ཚུལ་ཁྲིམས། ཆོས་གྲལ་དུ་ལྷགས་པའི་འབུ་སྦྲང་སོགས་ལ་མི་འཚེ་ཞིང་ཤིག་ལ་སོགས་པའི་གནོད་པ་ཆེ་ཆུང་བཟོད་པ། ཆོས་སྟོན་པ་ལ་གསོལ་བ་འདེབས་ཤིང་ཉན་པར་བརྩོན་པ་ནི་བརྩོན་འགྲུས། སེམས་མ་ཡེངས་པར་ཉན་ཅིང་ཐོས་པ་འཛིན་པ་ནི་བསམ་གཏན། རང་གིས་རྟོགས་པའི་དོན་ལ་དཔྱོད་པ་དང་ཐེ་ཚོམ་གྱི་གཞིར་གྱུར་ན་བླ་མ་ལ་འདྲི་ཞིང་རྩོད་པས་རྣམ་པར་གཏན་ལ་དབབ་པ་ནི་ཤེས་རབ་སྟེ་ཕ་རོལ་དུ་ཕྱིན་པ་དྲུག་རྫོགས་པར་ལྡན་པ་དང༌། འཆད་པ་པོ་ལའང་ཆོས་བསྟན་པ་ནི་སྦྱིན་པ། ཉོན་མོངས་པ་མེད་པ་ནི་ཚུལ་ཁྲིམས། ཆོས་སྟོན་པ་ལ་སྐྱོ་ངལ་དང་གནོད་འཚེ་བཟོད་པས་བཟོད་པ། སྤྲོ་བས་བརྩོན་འགྲུས། ཆོས་འཆད་པ་ལས་གཞན་དུ་མ་ཡེངས་པས་བསམ་གཏན། ཚིག་དོན་འབྱེད་པས་ཤེས་རབ་སྟེ་དྲུག་པོ་རྫོགས་པར་འགྱུར་རོ། །སྤྱོད་ལམ་གཞན་བསྟན་པ་ནི། མ་དད་པ་ལ་ཆོས་མི་བཤད། །མི་ན་བཞིན་དུ་མགོ་དཀྲིས་དང༌། གདུགས་དང་འཁར་བ་མཚོན་ཐོག་དང༌། མགོ་བོ་གཡོགས་པ་དག་ལ་མིན། །ཞེས་པ་ལ་སོགས་པའོ། །གསུམ་པ་དཔོན་སློབ་གཉིས་ཀྱིས་འཆད་ཉན་ཇི་ལྟར་བགྱི་བའི་ཚུལ་ལ། ཆིངས་ཆེན་པོ་ལྔའམ་གསུམ་གྱིས་བཅིངས་ནས་འཆད་དེ། དང་པོ་ཆིངས་ཆེན་པོ་ལྔ་ནི། རྣམ་བཤད་རིག་པ་ལས། མདོ་དོན་སྨྲ་བར་འདོད་རྣམས་ལ། །མན་ངག་ཅུང་ཞིག་སྦྱིན་པར་བྱ། །དེ་ལ་མན་ངག་འདི་ཡིན་ཏེ། །དགོས་པ་བསྡུས་པའི་དོན་བཅས་དང༌། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལེན་བཅས་ཏེ་བསྙད་པར་བྱ། །ཞེས་སོ། །ཆིངས་གསུམ་ནི་དཀྱུས་ཀྱི་ས་གཅོད་པ་སྟག་མོའི་མཆོངས་སྟབས་ལྟ་བུ། ཚིག་གི་འབྲུ་ནོན་པ་རུས་སྦལ་གྱི་ནུར་འགྲོས་ལྟ་བུ། སྐབས་ཀྱི་དོན་བསྡུ་བ་སེང་གེའི་འགྱིང་ལྟ་བུའོ། །དེ་ལྟར་ཆིངས་ཆེན་པོ་ལྔའམ་གསུམ་པོ་རྣམས་ནི་གཞུང་གི་སྐབས་དང་སྐབས་སུ་སྟོན་པར་འགྱུར་བ་དེ་དང་དེར་ཤེས་པར་བྱ་བ་ལས་རྒྱས་པར་མ་སྤྲོས་ལ། དོན་དུ་བདག་གི་བླ་མ་བཀའ་དྲིན་ཅན་ནི། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་ཤིང༌། གཞུང་ལུགས་ཐམས་ཅད་གདམས་པར་ཤར་བས་གསར་རྙིང་རིས་མེད་པའི་བསྟན་པའི་བདག་པོ་ཉིད་དུ་གྱུར་གཤིས་གཞུང་འདི་ཇི་ལྟར་གསུངས་ན། ས་སྐྱ་པ་རྣམས་ལ་རྗེ་བཙུན་བསོད་ནམས་རྩེ་མོའི་འགྲེལ་པ་དང༌། དགེ་ལྡན་པ་རྣམས་ལ་དར་ཊཱིཀ་དང༌། བཀའ་བརྒྱུད་པ་རྣམས་ལ་དཔའ་བོ་གཙུག་ཕྲེང་སོགས་ཀྱི་འགྲེལ་པ་བཞིན་གསུངས་པ་དང༌། རྙིང་མ་བ་རྣམས་ལ་སྔར་རྫོགས་ཆེན་ཤྲཱི་སེང་ཧར་རྙིང་མ་རང་ལུགས་བཞིན་གསུངས་ཞེས་ཐོས་ཤིང༌། ཕྱིས་སུ་ཡུལ་དུས་གང་ཟག་གམ་དགོས་དབང་གིས་དངུལ་ཆུ་ཐོགས་མེད་ཀྱི་འགྲེལ་པ་གཙོར་སྟོན་གྱིས་དགོངས་པ་སྣ་ཚོགས་པར་གསུངས་པ་དང༌། ཁྱད་པར་རྡོ་རྗེའི་ལུང་གིས་ཟིན་པའི་མཆོག་གླིང་རིགས་སྲས་དམ་པ་སོགས་རང་དཔོན་སློབ་ལ་ཟླ་བ་དྲུག་གི་བར་གཞུང་འདི་གསུངས་སྐབས་ཐོགས་འགྲེལ་གཙོར་བཞག་གིས་གདམས་ངག་ཉམས་ལེན་ལ་སྦྱར་བ་གང་གསུངས་རང་བློར་ངེས་པའི་ཟིན་བྲིས་སོགས་དཀྱུས་བཀོད་ཀྱི་ཚུལ་དུ་གཙོ་བོར་བྱས་ཏེ། འདིར་འཆད་པར་བྱ་བ་ལས་ལུང་སྦྱོར་སོགས་རྒྱས་སྤྲོས་མཁས་པ་ལ་ནི་མི་དགོས་ལ་ཡི་གེས་འཇིགས་ཤིང༌། ལས་དང་པོ་པ་དག་འབྲུ་འགྲེལ་ཙམ་དོན་དུ་གཉེར་ཞིང་ཤེས་པར་སླ་བས་ཉམས་ཕན་ཞིག་སྙིང་ལ་བཅང་བ་ལས་སྤྲོས་པ་ལ་འཆེལ་བར་མ་བྱས་སོ། །གཉིས་པ་བཤད་བྱ་དངོས་བཤད་པ་ལ། བསྟན་བཅོས་ཀྱི་མཚན་དང༌། མཚན་དེ་ལྡན་གྱི་གཞུང་བཤད་པ་གཉིས་ལས། དང་པོ་ལ་མཚན་དངོས་དང༌། ཞར་བྱུང་འགྱུར་ཕྱག་གཉིས་ལས། དང་པོ་ལ་མཚན་དེ་རྒྱ་སྐད་ལྟར་སྨྲོས་ན་རྒྱ༷་ག༷ར་འཕགས་པའི་ཡུལ་ན་སྐད་རིགས་ཆེན་པོ་མི་འདྲ་བ་བཞི་ལས་ལེགས་སྦྱར་སཾ་སྐྲྀ་ཏ་ལྷ་ཡི་སྐད༷་དུ༷། བོ༷་དྷི༷་ས༷ཏྭ༷༷་ཙ༷རྱ་ཨ༷་བ༷་ཏ༷་ར༷་དེ་ཉིད་བོ༷ད་ཡུལ་གྱི་སྐད༷་བཟང་ཤོས་གོ་བདེ་ཉིད་དུ༷་སྒྱུར་ན། བྱང༷་ཆུབ༷་སེ༷མས་དཔ༷འི་སྤྱོད༷་པ༷་ལ༷་འཇུག༷་པ། རྒྱ་བོད་ཀྱི་སྐད་གཉིས་ཤན་སྦྱར་ན། བོ་དྷི་ཞེས་པ་བྱང་ཆུབ། དེ་བཞིན་དུ་སཏྭ་སེམས་དཔའ། ཙརྱ་སྤྱོད་པ་ཨ་བ་ཏ་ར་འཇུག་པ་ཡིན་ནོ། །མཚན་དེ་གང་གི་སྒོ་ནས་བཏགས་ཞེ་ན། སྤྱིར་བརྗོད་བྱའི་དོན་དང༌། རྗོད་བྱེད་ཀྱི་ཚད་དང༌། བྱེད་ལས་དང༌། ཡུལ་དུས་གང་ཟག་དཔེ་སོགས་ཀྱི་སྒོ་ནས་བཏགས་པ་ལས་འདི་ནི་དང་པོའོ། །མཚན་དེའི་དོན་ནི། ཡེ་ཤེས་དྲྭ་བ་ལས། དྲི་མ་བྲལ་ཕྱིར་བྱང་བ་སྟེ། །ཡོན་ཏན་རྒྱས་པས་ཆུབ་པ་ཉིད། །ཅེས་གསུངས་པ་ལྟར། སྤང་བྱ་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་ཅིང་བྱང་བས་ན་བྱང༌། རྟོགས་བྱའི་ཡེ་ཤེས་ཡོན་ཏན་ཐམས་ཅད་ཁོང་དུ་ཆུབ་པས་ན་ཆུབ། དེ་ཉིད་འཐོབ་པའི་ཆེད་དུ་དབུ་དང་ཡན་ལག་གཞན་ལ་གཏོང་བ་སོགས་བྱ་དཀའ་བའི་སྤྱོད་པས་སེམས་མི་ཞུམ་པར་དཔའ་བས་ན་སེམས་དཔའ་སྟེ། མདོ་རྒྱན་ལས། བརྟན་པ་སྡུག་བསྔལ་གྲོགས་ངན་དང༌། །ཟབ་མོ་ཐོས་པས་མི་གཡོ་བའོ། །ཞེས་སོ། །སྤྱོད་པ་ནི། རྒྱལ་དབང་ཀློང་ཆེན་པས། རྒྱལ་སྲས་རྣམས་ཀྱིས་ཀུན་ལ་བསླབ་བྱ་སྟེ། །གཙོ་བོ་ཕ་རོལ་ཕྱིན་པ་དྲུག་ལ་བསླབ། །ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཕ་རོལ་དུ་ཕྱིན་པ་དྲུག་ཏུ་འདུུ་ལ། སྤྱོད་པ་དེ་ལ་འཇུག་པ་སྟེ། ལས་དང་པོ་པའི་བློ་སྦྱོང་དང་བསྟུན་ནས་ཇི་ལྟར་ཉམས་སུ་ལེན་པའི་ཐབས་སམ་ཚུལ་ཚངས་ལ་མ་ནོར་བར་གཞུང་འདི་ཉིད་ཀྱིས་ཡང་དག་པར་སྟོན་པས་སོ། །མཚན་བཏགས་ཤིང་ཀླད་དུ་སྨྲོས་པའི་དགོས་པ་ནི། སྤྱིར་མིང་བཏགས་པ་ཙམ་གྱི་དགོས་པ་ནི། མིང་དོན་གྱི་འབྲེལ་ཤེས་ནས་བླང་དོར་གྱི་དོན་ལ་མི་རྨོངས་པར་འགྱུར་ཏེ། ལང་ཀར་གཤེགས་པ་ལས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་མགོན་པོ་ཐབས་མཁས་པས། །ཆོས་རྣམས་མིང་དུ་གདགས་པར་མཛད། །ཅེས་གསུངས་སོ། །ཁྱད་པར་འདིར་བརྗོད་བྱ་ལས་བཏགས་པས། དབང་པོ་རབ་ཀྱིས་མཚན་ཙམ་མཐོང་བས་དབུ་ཞབས་ཀྱི་དོན་ཐམས་ཅད་ཁོང་དུ་ཆུད། འབྲིང་གིས་ཕྱོགས་ཙམ་རྟོགས། ཐ་མས་སྨན་སྣོད་ལ་ཁ་བྱང་བཏགས་པ་ལྟར་གླེགས་བམ་བཙལ་སླ་བའི་དགོས་པ་ཡོད་དོ། །མཚན་རྒྱ་སྐད་སོར་བཞག་དུ་སྨྲོས་པས་མཚན་གཉིས་ཟློས་པར་འགྱུར་རོ་ཞེ་ན། དེར་མི་འགྱུར་བར་མ་ཟད་དགོས་པའི་ཁྱད་པར་བཞི་ཡོད་དེ། གང་ཞེ་ན། རྒྱ་གར་ཆོས་ཁུང་བཙུན་པས་བསྟན་བཅོས་ཁུང་མར་ཡིད་ཆེས་པའི་དགོས་པ་དང༌། དུས་གསུམ་གྱི་སངས་རྒྱས་ཀུན་ལེགས་སྦྱར་ལྷའི་སྐད་ཀྱིས་ཆོས་གསུངས་པས་རང་གིས་དེའི་སྐད་དུ་བཏོན་ཅིང་བཤད་པས་རང་རྒྱུད་ལ་བྱིན་རླབས་འཇུག་པ་དང༌། མ་འོངས་པ་ན་དེའི་སྐད་ཀྱིས་ཆོས་གསུང་པར་འགྱུར་བས་སྐད་ལ་བག་ཆགས་འཇོག་པ་དང༌། མཚན་འདི་ཇི་ལྟར་བར་གཞུང་ཀུན་རྒྱ་སྐད་དུ་ཡོད་ན་དོན་ཤེས་ཤིང་འཆད་པར་ལྟ་ཅི་ཚིག་ཙམ་ཡང་ཇི་བཞིན་འདོན་པར་དཀའ་བར་ཤེས་ནས་ལོ་ཙཱ་བའི་བཀའ་དྲིན་དྲན་པའི་དགོས་པའོ། །གཉིས་པ་འགྱུར་ཕྱག་ནི། ལོ་ཙཱ་བས་བཀོད་པ་སྟེ་འདི་ལ་རྒྱལ་པོའི་བཀས་བཅད་ཀྱི་ཕྱག་གམ། སྡེ་སྣོད་ངོས་འཛིན་གྱི་ཕྱག་ཅེས་བྱ་སྟེ། ཆོས་རྒྱལ་ཡབ་མེས་ཀྱི་རིང་ལ་ལོ་ཙཱ་བ་རང་རང་གི་ལྷག་པའི་ལྷ་ལ་སོགས་པ་རང་གང་མོས་ལ་ཕྱག་མཛད་པ་ལས་འདི་ལྟར་གཅིག་ཏུ་བཀས་མ་བཅད་ལ། རྒྱལ་པོ་མངའ་བདག་ཁྲི་རལ་གྱིས་པཎྜི་ཏ་དང་ལོ་ཙཱ་བ་མང་པོ་འུ་ཤང་རྡོའི་ལྷ་ཁང༌། འཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་དུ་གདན་དྲངས་ཏེ་ཆོས་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་དབབ་ཚེ་སྡེ་སྣོད་གསུམ་སོ་སོ་རང་རང་དང་མཐུན་པའི་འགྱུར་མཛད་དགོས་པར་བཀས་བཅད་པའི་ཕྱིར་རམ་སྡེ་སྣོད་གསུམ་སོ་སོར་མ་འདྲེས་པར་ཤེས་པར་འགྱུར་བས་ན་དེ་སྐད་ཅེས་བྱ། དེ་ཡང་འདུལ་བར་ལས་རྒྱུ་འབྲས་ཕྲ་ཞིབ་གསུངས་པ་རྣམས་སངས་རྒྱས་ཉག་གཅིག་གི་སྤྱོད་ཡུལ་ཡིན་པས་ཐམས་ཅད་མཁྱེན་པ་ལ་ཕྱགའཚལ་ལོ་ཞེས་དང༌། མདོ་སྡེ་རྣམས་སངས་རྒྱས་དང་བྱང་སེམས་རྣམས་དྲི་བ་དང་དྲི་ལན་གྱི་ཚུལ་དུ་གསུངས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་དང༌། མངོན་པར་ཕུང་ཁམས་སྐྱེ་མཆེད་ཀྱི་རབ་དབྱེ་སོགས་གསུངས་པ་རྣམས་ཤེས་རབ་ཟབ་མོས་རྟོགས་བྱ་ཡིན་པའི་ཕྱིར་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ་ཞེས་ཕྱག་མཛད་པ་ལས། འདིར་མདོ་སྡེ་དང་མཐུན་པར་ཕྱག་མཛད་པ་སྟེ། མ་རིག་པའི་གཉིད་འཐུག་པོ་ལྟ་བུ་སངས་ཤིང་ཤེས་བྱའི་ཆོས་ལ་བློ་གྲོས་ཀྱི་པདྨོ་རྣམ་པར་རྒྱས་པས་ན་ས༷ངས་རྒྱས༷་དང༷༌། དེ་ཡང༌། ཇི་སྐད་དུ། མ་རིག་གཉིད་ལས་སངས་ཕྱིར་དང༌། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པདྨོ་འདབ་ལྟར་རྒྱས། །དེའི་ཕྱིར་སངས་རྒྱས་ཞེས་བྱའོ། །ཞེས་པ་བཞིན་ནོ། །བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་སྦྱོར་བ་ཕྱིན་དྲུག་གི་ཉམས་ལེན་ལ་བརྩོན་པས་བྱང༷་ཆུབ༷་སྒྲུབ་པ་ལ་སེ༷མས་མི་ཞུམ་པར་དཔ༷འ་བ་དང༌། དེ་གཉིས་ཀྱི་ཐུགས་རྒྱུད་ན་བཞུགས་པའི་དམ་པའི་ཆོས་དང་བཅས་པ་ཐ༷མས་ཅ༷ད་ལ༷་ལོ་ཙཱ་བས་འགྱུར་མཛད་པའི་སྔ་རོལ་དུ་བར་ཆད་མེད་པར་འགྱུར་མཐར་ཕྱིན་པའི་ཆེད་དུ་ཕྱག༷་འཚ༷ལ་ལོ༷་ཞེས་བཀོད་པའོ། །གཉིས་པ་མཚན་དེ་ལྡན་གྱི་གཞུང་བཤད་པ་ལ། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག །བརྩམས་བྱ་བསྟན་བཅོས་ལུས་ཀྱི་རང་བཞིན། མཇུག་ཡོངས་སུ་རྫོགས་པའི་བྱ་བ་དང་གསུམ། དང་པོ་ལ་མཆོད་པར་བརྗོད་པ། བརྩོམ་པར་དམ་བཅའ་བ། ཁེངས་པ་བསྐྱུང་བ། སྤྲོ་བ་བསྐྱེད་པ་དང་བཞི་ལས། དང་པོ་ནི། ཕྱག་འཚལ་ཏེ་ཞེས་གང་ལ་འཚལ་ན་ལམ་བདེ་བ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་བརྟེན་ནས་འབྲས་བུ་བདེ༷་བ་རྫོགས་པའི་སངས་རྒྱས་ཀྱི་སར་གཤེ༷གས་པས་ན་བདེ་གཤེགས་ཞེས་སངས་རྒྱས་དཀོན་མཆོག་བསྟན་ཏེ། དེའང་སུ་ག་ཏའི་སྒྲ་ལས་དྲངས་ན། སུ་ནི་ལེགས་པ་མཛེས་པ་བདེ་བ་དང༌། ག་ཏ་གཤེགས་པ་ལ་འཇུག་པས་ན། ལེགས་པའམ་མཛེས་པར་གཤེགས་པ་དང༌། སླར་མི་ལྡོག་པར་གཤེགས་པ་དང༌། རྫོགས་པའམ་མ་ལུས་པར་གཤེགས་པ་དང༌། གསུམ་སྟེ། འདིའི་དོན་ཡང་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱིས་སྤངས་པ་དང༌། རྟོགས་པ་སོ་སོར་དང༌། གཉིས་ཀར་སྦྱར་ཏེ་གསུང་བ་བཞིན་འཆད་དུ་ཡོད་ན་ཡང༌། འདིས་འཐུས་ཏེ། ལེགས་པའམ་མཛེས་པར་གཤེགས་པ་ནི། ཀུན་ཉོན་ཕྱོགས་ཀྱི་སྡུག་ཀུན་གྱི་ཉེས་པའི་དྲི་མ་མེད་པར་ལེགས་པའམ་མཛེས་པར་གཤེགས་པ། དཔེར་ན་སྐྱེས་བུ་གཟུགས་མཛེས་པ་ལྟ་བུ། དེས་ནི་འཁོར་བ་ལས་ཁྱད་པར་དུ་བྱས་པ་སྟེ། སྲིད་པ་རྣམས་ནི་སྡུག་བསྔལ་རྒྱུ་འབྲས་ལས་མ་འདས་པའི་ཕྱིར་རོ། །སླར་མི་ལྡོག་པར་གཤེགས་པ་ནི་བདག་ལྟའི་ས་བོན་དྲུང་ནས་ཕྱུང་བའི་ཕྱིར་བུད་ཤིང་བསྲེག་པས་སླར་མི་སྐྱེ་བ་བཞིན་དུ་འཁོར་བར་མི་ལྡོག་པ་སྟེ། དཔེ་རིམས་ནད་ལེགས་པར་བྱང་བའི་སྐྱེས་བུ་ལྟ་བུ། དེས་ནི་ཕྱི་རོལ་པའི་ལམ་ལས་ཁྱད་པར་བྱས་པ་སྟེ། དེ་དག་སྲིད་རྩེར་སོང་ནའང་སྲིད་པའི་རྭ་བ་ལས་འདའ་མི་ནུས་པའོ། །མ་ལུས་པའམ་རྫོགས་པར་གཤེགས་པ་ནི། སྤངས་རྟོགས་མཐར་ཕྱིན་པའི་ཡོན་ཏན་གྱི་མཆོག་མ་བརྙེས་པ་ཅུང་ཟད་ཀྱང་མེད་པ་དཔེ་བུམ་པ་ལེགས་པར་གང་བ་ལྟ་བུ་སྟེ། གཤེགས་ཚུལ་དེས་ནི་ཉན་རང་ལས་ཁྱད་པར་ཕྱེ་སྟེ། དེ་དག་ལ་མི་ལྡོག་པར་ཙམ་ཡོད་ཀྱང་སྤང་རྟོགས་མ་རྫོགས་པས་ཉི་ཚེ་བ་ཡིན་པས་སོ། །སངས་རྒྱས་བཅོམ་ལྡན་འདས་རྟོགས་པའམ་བསྟན་པ་ཆོས་ཀྱི་སྐུ་ལ་མངའ་དབང་འབྱོར་བས་སམ་མངའ་བས་ན་ཆོ༷ས་ཀྱི༷་སྐུ༷་མང༷འ་ཞེས་ཆོས་དཀོན་མཆོག་བསྟན་ཏེ། དེའང་རྒྱུད་བླ་མ་ལས། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་པ། །དེ་ཡི་རྒྱུ་མཐུན་ཟབ་པ་དང༌། །སྣ་ཚོགས་ཚུལ་ནི་སྟོན་པའོ། །ཞེས་གསུངས་པ་ལྟར། སྟོབས་སོགས་རྟོགས་པ་ཆོས་སྐུའི་རྒྱུ་མཐུན་བསྟན་པ་ཆོས་སྐུ་ཟབ་པ་དང་རྒྱ་ཆེ་བའི་ལུང་གི་ཆོས་ཕུང་མ་ལུས་པ་སངས་རྒྱས་ལ་མངའ་བས་ན་དེ་སྐད་ཅེས་སོ། །སྲས་བཅས་སོགས་ཀྱིས་དགེ་འདུན་དཀོན་མཆོག་བསྟན་ཏེ། དེ་ཡང་སྤྱིར་སྐུའི་སྲས་སྒྲ་གཅན་འཛིན། གསུང་གི་སྲས་ཉན་ཐོས་དང་རང་རྒྱལ། ཐུགས་ཀྱི་སྲས་བྱང་ཆུབ་སེམས་དཔའ་སྟེ་ཇི་ལྟར་རྒྱལ་པོ་ཆེན་པོའི་སྲས་ཀྱི་ཐུ་བོ་ནི་རྒྱལ་པོའི་གདུང་བརྒྱུད་འཛིན་པ། འཁོར་འབངས་མངའ་རིས་སྐྱོང་བ། མཛོད་ཀྱི་ལྡེ་མིག་འཛིན་པ་ལྟར་ཐུགས་ཀྱི་སྲས་མཆོག་བྱང་སེམས་རྣམས་ནི། རྒྱལ་བའི་གདུང་འཛིན་པ་དང༌། དམ་པའི་ཆོས་ཀྱི་མཛོད་འཛིན་པ་དང༌། འཁོར་གདུལ་བྱའི་ལྷག་མ་སྐྱོང་བས་ན་ཐུགས་སྲས༷་བྱང་སེམས་ཐེག་ཆེན་དགེ་འདུན་སྟེ། དེ་དང་བཅ༷ས་པའི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ༷་དང༷༌། དེར་མ་ཟད་ཉན་ཐོས་དང་རང་རྒྱལ་དང་རང་ལས་བསླབ་པ་རྒན་པ་གྲིབ་མ་སོར་གཅིག་གིས་མཐོ་བ་སོགས་ཡོན་ཏན་སྣ་གཅིག་གིས་ལྷག་པ་དང་ཕན་འདོགས་པ་ལ་སོགས་པས་ཕྱག༷་བྱ་བའི་འོ༷ས་སུ་གྱུར་པ་གང་ཅི་ཡང་རུང་བ་མ་ལུས་པ་ཀུན༷་ལ༷འ༷ང་ཚུལ་ཇི་ལྟར་འཚལ་ན་སྒོ་གསུམ་གུས༷་པ༷ར་ཏེ་གུས་པ་དང་བཅས་པའི་སྒོ་ནས། སུས་འཚལ་ན། སློབ་དཔོན་ཞི་བ་ལྷས་སྐྱེས་བུ་དམ་པ་ཡ་རབས་ཀྱི་ཚུལ་དང་མཐུན་པར་དུས་ནམ་འཚལ་ན། བསྟན་བཅོས་འདི་རྩོམ་པའི་སྔོན་དུ། དགོས་ཆེད་བསྟན་བཅོས་རྩོམ་པ་ལ་བར་ཆད་མེད་པར་རྩོམ་པ་མཐར་ཕྱིན་པའི་ཕྱིར་དང༌། རྗེས་འཇུག་རྣམས་ཀྱང་བསྟན་བཅོས་ཡང་དག་པར་ཡིད་ཆེས་ནས་དད་ཅིང་དོན་གཉེར་གྱིས་འདུན་ཅིང་འཆད་ཉན་ལ་བར་ཆད་མེད་པར་མཐར་ཕྱིན་པའི་ཕྱིར་ཕྱག༷་འཚ༷ལ་བ་ཡིན་ཏེ༷། འཕགས་པ་ཀླུ་སྒྲུབ་ཀྱིས། བསྟན་བཅོས་བྱེད་པོས་སྟོན་པ་ལ། །མཆོད་པར་བརྗོད་པ་འབྲས་མེད་མིན། །སྟོན་པ་དང་ནི་བསྟན་བཅོས་ལ། །དད་འདུན་བསྐྱེད་པར་བྱ་ཕྱིར་རོ། །ཞེས་དང༌། རྒྱ་ཆེར་རོལ་བ་ལས། བསོད་ནམས་རྣམ་སྨིན་བདེ་སྟེ་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་པའི་མི་ཡིས་བསམ་པ་རྣམས་ཀྱང་འགྲུབ། །ཅེས་གསུངས་པས་སོ། །ཏེ་ཞེས། དེ་ལྟར་བྱས་ཏེ་བསྟན་བཅོས་རྩོམ་ཞེས་ལྷག་བཅས་སོ། །གཉིས་པ་ནི། བདེ༷་བར་གཤེ༷གས་པ་སངས་རྒྱས་ཀྱི་ཐུགས་སྲས༷་བྱང་ཆུབ་སེམས་དཔའ་རྣམས་ཀྱི་༷སྤྱོད་པའམ་སྡོམ་པ་ཉེས་སྤྱོད་སྡོམ༷་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སམ་བསླབ་པ་ལ༷་འཇུག༷་པ༷་སྟེ་སྒྲུབ་པའི་ཐབས་སམ་ཚུལ་ཚང་ལ་མ་ནོར་བ་སྟོན་པ་འདི་ནི་ཕོ་ཚོད་དང་རང་བཟོ་མ་ཡིན་པར་རྒྱལ་བའི་བཀའ་ལུང༷་ཇི་ལྟ་བ་བཞིན༷་དུ་མདོ༷ར་བསྡུས༷་ཤིང་གོ་སླ་བར་བྱས་ན༷ས་འདིར་ནི༷་བརྗོད༷་པ༷ར་བྱ་༷སྟེ། དེ་ལ་ལུང་བཞིན་ཞེས་པ་ཡིད་ཆེས་པའི་ཕྱིར་ཏེ། ཚད་མ་རྣམ་འགྲེལ་ལས། ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། །ཉེས་པ་ཟད་པ་རྫུན་གྱི་ཚིག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཉེས་ཟད་ལུང་དུ་ཤེས་པར་བྱ། །ཞེས་པས་སོ། །དེ་ལྟ་ན་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ཀྱི་དཔལ་བེའུ་རུ་བསྐྱིལ། མགུལ་གྱི་བུམ་པ་ནས་ཕྱུང༌། ལྗགས་ཀྱི་པདྨ་རུ་བཀྲམ། དུང་གི་ཚེམས་བར་ནས་ཕྱུང་ཏེ་གསུངས་པའི་རྒྱལ་བའི་བཀའ་དྲི་མ་མེད་པའི་སྡེ་སྣོད་རིན་པོ་ཆེ་འདི་སྙེད་མ་ཉམས་པར་ཡོད་བཞིན་དུ་འདི་ཉིད་བརྩམས་པས་ཟློས་པར་འགྱུར་བ་ལས་དགོས་པ་མེད་དོ་སྙམ་ན། སྐྱོན་དེ་དག་མེད་དེ། རྒྱལ་བའི་བཀའ་རྒྱ་ཆེ། ལུང་གྲངས་མང་བས་སྙིགས་དུས་ཀྱི་སེམས་ཅན་ཚེ་ཐུང་ཞིང༌། ཤེས་བརྩོན་ཞན་པར་མ་ཟད་རྨོངས་ཤིང་ལེ་ལོས་གཞན་དབང་དུ་གྱུར་པ་རྣམས་ཀྱིས་དེ་སྙེད་ཤེས་དཀའ་ཞིང་ཉམས་ལེན་དུ་བསྡུ་མི་ཤེས་པ་རྣམས་ལ་བརྩེ་བ་ཆེན་པོས་དགོངས་ཏེ། ཤེས་སླ་ཞིང་ཉམས་ལེན་དུ་བསྡུ་བདེ་བའི་ཆེད་དུ་འཐོར་བ་རྣམས་བསྡུས་ཏེ་སྒྲུབ་པ་ཉམས་ལེན་གྱི་བསྟན་བཅོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཚང་ལ་མ་ནོར་བ་འདི་ཉིད་བརྩམ་པར་བྱའོ་ཞེས་དམ་བཅས་བའོ། །སྤྱིར་བསྟན་བཅོས་ལ། འཁྲུགས་པ་བསྡེབ་པའི་བསྟན་བཅོས། གབ་པ་འབྱིན་པའི་བསྟན་བཅོས། འཐོར་བ་སྡུད་པའི་བསྟན་བཅོས། སྒྲུབ་པ་ཉམས་ལེན་གྱི་བསྟན་བཅོས་བཞི་ལས། འདི་ནི་ཕྱི་མ་གཉིས་ཀྱི་དབང་དུ་མཛད་པའོ། །དེ་ལྟར་དམ་པ་རྣམས་ནི་གང་དམ་བཅས་པའི་ཁུར་ནམ་དུའང་མི་འདོར་བས་རྩོམ་པ་མཐར་ཕྱིན་པའི་དགོས་པ་ཡོད་དེ། ཤེས་རབ་སྡོང་བུ་ལས། དམ་པས་མང་པོ་ཁས་འཆེ་མི་བྱེད་ཅིང༌། །གལ་ཏེ་དཀའ་ལས་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ། །ཤི་ཡང་གཞན་དུ་འགྱུར་བ་མ་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་ནི། སྔོན༷་ཆ༷ད་སངས་རྒྱས་བཅོམ་ལྡན་འདས་དང་ཀླུ་ཐོགས་སོགས་ཀྱིས་མ་གསུང་བའམ་མ༷་བྱུང༷་བ༷་ཡི་དོན་ཟབ་མོ་གཞན་ཡ༷ང་གཞུང་འདི༷ར་བརྗོ༷ད་རྒྱུ་མེ༷ད་ལ། དེ་ལྟ་ནའང་ཚིག་སྡེབ་སྦྱོར་ཡང༌། བི་བྷུ་ཏི་ཙནྡྲས། སངས་རྒྱས་བསྟན་ལ་བདག་ཉིད་ཆེ། །སྐྱེས་བུ་མང་དུ་བྱོན་གྱུར་ཀྱང༌། །ཞི་བ་ལྷ་དང་འདྲ་བ་ཡི། །ཉམས་དང་དགོངས་པ་ཅན་མི་རྙེད། །ཅེས་གང་གསུངས་པ་དོན་ལ་གནས་པ་ཡིན་ནའང་ཁེངས་པ་བསྐྱུངས་ཏེ། སློབ་དཔོན་དཔའ་བོའི་སྐྱེས་རབས་སོ་བཞི་པ་དང༌། རྒྱལ་པོ་དགེ་བའི་དབང་པོའི་སྐྱེས་རབས་དཔག་བསམ་འཁྲི་ཤིང་སོགས་དོན་རྒྱལ་བའི་སྐྱེས་རབས་མདོ་སྡེར་གསུངས་པ་དེ་ཉིད་ཡིན་ཀྱང་ཚིག་སྡེབ་སྦྱོར་དང་སྙན་ངག་གིས་བཅིངས་པས་མཁས་པ་མགུ་བ་བསྐྱེད་པའི་བསྟན་བཅོས་ཡིན་པ་ལྟ་བུའི་སྡེབ༷་སྦྱོར༷་གཞན་ལས་མཆོག་ཏུ་གྱུར་པའི་མཁ༷ས་པ༷འང༷་ཞི་བ་ལྷ་བད༷ག་ལ༷་ཡོ༷ད་པ་མི༷ན་ཏེ༷། རྒྱུ་མཚན་དེ༷་དག་གི་ཕྱིར༷་ན་སྤྱོད་འཇུག་འདི་ཉིད་རྩོམ་པས་གཞ༷ན་དོན༷་རྒྱ་ཆེན་པོ་ཞིག་འོང་ངོ་སྙམ་པའི་བས༷མ་པ༷འང་བད༷ག་ལ༷་མེ༷ད་ཅེས་ཚིག་དང་དོན་ལ་མཁས་པའི་ང་རྒྱལ་སྤངས་པའོ། །འོ་ན་འདི་ཉིད་བརྩོམ་པ་ལ་དགོས་པ་ཅི་ཡོད་སྙམ་ན། རང༷་གི༷་ཡི༷ད་ལ༷་བསམ་པ་བྱང་ཆུབ་ཀྱི་སེམས་དང་སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྒོམ༷་ཞིང་གོམས་ཆ་ལོན་པ་ལ་འཆད་རྩོད་རྩོམ་གསུམ་ལས་རྩོམ་པ་མཆོག་ཏུ་འགྱུར་བའི་ཕྱིར༷་ངས༷་གཞུང་འདི༷་ཉིད་བརྩམ༷ས་པ་ཡིན་ཏེ། སློབ་དཔོན་ཙནྡྲ་གོ་མིས། གང་ཕྱིར་མཁས་པའི་ལས་གསུམ་ལས། །འཆད་རྩོད་གཉིས་ལ་མ་ངེས་པ། །སྲིད་ཕྱིར་མི་འཁྲུལ་རྩོམ་པ་སྟེ། །ཞེས་གསུངས་པས་སོ། །འདིའི་དགོས་པ་ཡང༌། ང་རྒྱལ་གྱི་སྒང་བུ་ལ་ཡོན་ཏན་གྱི་ཆུ་མི་ཆགས་ཞེས་སེམས་ང་རྒྱལ་གྱིས་ཁེངས་ན་ལུང་དང་རྟོགས་པའི་དམ་པའི་ཡོན་ཏན་གྱི་ཆུ་མི་འཛིན་པར་མ་ཟད་བདུད་ཀྱིས་བསླུ་བར་འགྱུར་ཞིང་བརྩོམ་པའི་བསྟན་བཅོས་ཀྱང་གཞན་དོན་དུའང་མི་འགྱུར་བའི་སྐྱོན་རྣམས་སྤོངས་བའི་ཆེད་དུ་ཡིན་ནོ། །བཞི་པ། དེ་ལྟར་ན་རང་གི་ཤེས་པས་ཆོག་མོད། འདི་ཉིད་རྩོམ་པ་ལ་དགོས་པ་ཅི་ཡོད་ཞེ་ན། དགེ༷་བ༷་བྱང་ཆུབ་ཀྱི་སེམས་དང་སྤྱོད་པ་ཕ་རོལ་དུ་ཕྱིན་པ་དྲུག་ཉིད་བསྒོམ༷་པའམ་གོམས་པར་བྱ་བའི་ཕྱིར༷་རམ་ཆེད་དུ་བད༷ག་གི༷་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་དང་འདོད་ཡིད་ཆེས་ཀྱི་དད༷་པའི༷་ཤུག༷ས་སམ་རྒྱུན་སྤྱོད་འཇུག་རྩོམ་པ་འདི༷་ད༷ག་གིས༷་ཀྱང༷་དུས་རེ༷་ཞིག༷་གོང་འཕེ༷ལ་དུ་འགྱུར༷་ལ༷། ཡང་ཡང་འདྲིས་ཤིང་བསྒོམ་ན་གཏན་དུ་གོང་འཕེལ་དུ་ཆེས་ཆེར་འགྱུར་རོ་ཞེས་རང་སྤྲོ་བ་བསྐྱེད་པ་དང༌། དམན་ས་བཟུང་སྟེ་བད༷ག་དང༷་སྐལ༷་པ༷་མཉམ༷་པ༷་སྟེ་རིགས་འདྲ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་དོན་དུ་གཉེར་ཞིང་གཟུ་བོར་གནས་པ་གཞ༷ན་གྱིས༷་ཀྱང༷་ཅི༷་སྟེ༷་སྤྱོད་འཇུག་འདི༷་དག༷་མཐོ༷ང་ན༷་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་དགའ་ཞིང་སྤྲོ་བས་འཇུག་པ་ལ་སོགས་པའི་དོན༷་ཡོད༷་པར་འགྱུར༷་སྲིད་ཅེས་གཞན་སྤྲོ་བ་བསྐྱེད་པའོ། །དེའི་དགོས་པ་ཡང༌། རང་ཧ་ཅང་སེམས་ཞུམ་པས་སྒྱིད་ལུགས་ནའང་ཡོན་ཏན་སྐྱེ་བའི་སྣོད་དུ་མི་རུང་བས་སེམས་སྤྲོ་བ་བསྐྱེད་དེ་གཟིངས་བསྟོད་པའོ། །དེ་ཡང་སེམས་ཧ་ཅང་ང་རྒྱལ་གྱིས་མཐོ་བ་དང་ཞུམ་པས་དམའ་བ་གཉིས་ཡོན་ཏན་ཁྱད་པར་ཅན་རང་རྒྱུད་ལ་སྐྱེ་བའི་གེགས་སུ་འགྱུར་བར། ཡབ་སྲས་མཇལ་བའི་མདོ་ལས། བཅོམ་ལྡན་འདས་ཀྱིས་ཡབ་རྒྱལ་པོ་ཟས་གཙང་མ་བདེན་པ་ལ་བཀོད་ཚུལ་གྱི་ལོ་རྒྱུས་བཞིན་ནོ། །དེ་ལྟར་རྒྱུ་བཞི་པོ་འདི་ནི་རྩོམ་པ་ཙམ་དུ་མ་ཟད་འཆད་ཉན་སྒོམ་པ་སོགས་གང་དང་གང་ལ་དེ་དང་དེར་བར་ཆད་མི་འབྱུང་བ་དང༌། མཐར་ཕྱིན་པ་དང༌། སེམས་ང་རྒྱལ་གྱིས་ཁེངས་པ་སྤངས་བ་དང༌། ལེ་ལོས་སེམས་ཞུམ་པ་སྤང་དགོས་པས་འདི་བཞི་དང་ལྡན་ན་བྱ་བ་གང་རྩོམ་པ་ཐམས་ཅད་ལེགས་པར་འགྲུབ་སྟེ། སྐྱེ་བོ་ཡ་རབས་ཀྱི་ཆོས་ལུགས་ཡིན་པའི་ཕྱིར་རོ། །དེ་བཞིའི་ཤུགས་ཀྱིས་དགོས་སོགས་ཆོས་བཞི་ཡང་བསྟན་ཏེ། བརྗོད་བྱ་ནི་བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་ནི་ཞེས་པས་དང༌། དགོས་པ་ནི། ལུང་བཞིན་མདོར་བསྡུས་སོགས་ཀྱིས་མཐོང་བ་དོན་ཡོད་པར་འགྱུར། ཞེས་པས་དང༌། ཉིང་དགོས་ནི་བདེ་གཤེགས་ཆོས་ཀྱི་སྐུ་མངའ་བ་སྲས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་དེ་ཐོབ་བྱའི་འབྲས་བུ་བླ་ན་མེད་པའོ། །འབྲཻལ་བ་ནི་ཕྱི་མ་རྣམས་སྔ་མ་རྣམས་མེད་ན་མི་འབྱུང་བའོ། །དེ་དག་གི་དགོས་པ་ཡང་གཞན་དག་ཡིད་ཆེས་པའམ་དོན་འགྱུར་གྱི་ཐེ་ཚོམ་གྱིས་འཇུག་པའམ། གཞན་གྱི་ལོག་རྟོག་བཟློག་པའམ། གཞུང་མཛེས་པར་བྱེད་པའི་ཆེད་ཡིན་ཞེས་སློབ་དཔོན་རྣམས་བཞེད་ཚུལ་གྱི་ཁྱད་པར་རོ། །གཉིས་པ་རྩོམ་བྱ་བསྟན་བཅོས་ལུས་ཀྱི་རང་བཞིན་བཤད་པ་ལ་རྒྱ་གཞུང་དུ་སྡོམ་དུ་བཀོད་པ། བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་ཡང༌། །གོང་ནས་གོང་དུ་འཕེལ་བར་ཤོག །ཅེས་གསུངས་པ་ལྟར། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་བསྐྱེད་པར་བྱེད་པའི་ལེའུ་གསུམ། སྐྱེས་པ་མི་ཉམས་པར་བྱེད་པའི་ལེའུ་གསུམ། མི་ཉམས་པར་གོང་དུ་སྤེལ་བར་བྱེད་པའི་ལེའུ་གསུམ། དེ་ལྟར་སྤེལ་བའི་འབྲས་བུ་གཞན་དོན་དུ་བསྔོ་བའི་ལེའུ་གཅིག་སྟེ་ལེའུ་བཅུུ་ས་བཅད་བཞིའི་ཁོངས་སུ་བསྡུས་ཏེ་འཆད་པར་བྱེད་པ་ལ། དང་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་བསྐྱེད་པར་བྱེད་པའི་ལེའུ་གསུམ་ལས། དང་པོ་བྲོད་པ་བསྐྱེད་པ་ཕན་ཡོན་གྱི་ལེའུ་ལ། གཞུང་དང་མཚན་ནོ། །དང་པོ་ལ་བྱང་ཆུབ་སེམས་ཀྱི་རྟེན་དང༌། བརྟེན་པ་སེམས་བསྐྱེད་ཀྱི་ཕན་ཡོན་བཤད་པ་གཉིས་ལས། དང་པོ་ལ་ལུས་རྟེན་བཤད་པ་དང༌། སེམས་རྟེན་བཤད་པ་གཉིས་ལས། དང་པོ་ནི། དེ་ལ་འདིར་ལུས་རྟེན་ཕུན་ཚོགས་ཀྱི་དབང་དུ་མཛད་དེ་བྲལ་ངོས་ནས་དལ་བ་དང༌། ལྡན་ངོས་ནས་འབྱོར་པ་སྟེ། ཀླུ་སྒྲུབ་ཀྱིས། དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །ཚེ་རིང་ལྷ་དང་ཀླ་ཀློ་དང༌། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་དང༌། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་པས་མི་ཁོམས་པ་བརྒྱད་དང་བྲལ་བས་དལ་བ་བརྒྱད་དང༌། མི་ཉིད་དབུས་སྐྱེས་དབང་པོ་ཚང༌། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་རང་འབྱོར་ལྔ་དང༌། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེའི་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་གཞན་འབྱོར་ལྔ་སྟེ། དལ༷་འབྱོར༷་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་འདི༷་ནི༷་རྒྱུ་དཔེ་གྲངས་གང་ལ་བསམ་ན་རྙེད༷་པ༷ར་ཤི༷ན་ཏུ་དཀ༷འ་བ་ཡིན་ཏེ། རྒྱུ་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང༌། སྦྱིན་པ་ལ་སོགས་པ་དྲུག་གིས་གྲོགས་བྱས། སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་བ་ཞིག་དགོས་པ་ལ་བསམ་ན་དང༌། དཔེ་ཡང་རྒྱ་མཚོ་ཆེན་པོའི་གཏིང་དུ་གནས་པའི་རུས་སྦལ་ལོང་བ་ལོ་བརྒྱ་རེའི་མཚམས་སུ་མཚོ་སྟེང་དུ་ལན་རེ་འོང་བའི་མགྲིན་པ་གཉའ་ཤིང་གི་བུ་ག་དང་འཕྲད་པ་ལས་ཀྱང་རྙེད་དཀའ་བ་ལ་བསམ་ན་དང༌། གྲངས་ཡང་དམྱལ་བ་ན་ས་ཆེན་པོའི་རྡུལ་ལྟ་བུ་དང༌། ཡི་དྭགས་ན་ཆུ་བོ་གང་གའི་བྱེ་མ་སྙེད་ལྟ་བུ་དང༌། དུད་འགྲོ་ན་ཆང་འགག་གི་སྦང་མ་ལྟ་བུ། ལྷ་མ་ཡིན་ལ་ཁ་བ་བུ་ཡུག་འཚུབ་པ་ལྟ་བུ། ལྷ་མི་ལ་སེན་མོའི་སྟེང་གི་རྡུལ་ལྟ་བུ་དང༌། ཡང་ཉིན་མཚན་གྱི་སྐར་མའི་དཔེས་གྲངས་མང་ཉུང་ལ་བསམ་ན་རྙེད་པར་ཤིན་ཏུ་དཀའ་བ་འདི་ད་རེས་བླ་མ་དཀོན་མཆོག་གི་ཐུགས་རྗེ་དང་རང་གི་ལས་དབང་བཟང་པོ་ཞིག་གིས་སྐྱེས༷་བུའི༷་སྟེ། སྐྱེས་བུ་གསུམ་གྱི་དོན༷་མངོན་མཐོ་དང་ངེས་ལེགས་གང་སྒྲུབ༷་ན་འགྲུབ་པར་ནུས་པའི་དལ་འབྱོར་འདི་རྙེད་པའམ་ཐོབ༷་པ༷ར་གྱུར༷་པ༷་ལ༷། ག༷ལ་ཏེ༷་ལུས་རྟེན་འདི༷་ལ༷་རང་གཞན་ལ་ཕན༷་པ༷་དམ་པའི་ཆོས་ཞིག་མ༷་བསྒྲུབ༷ས་པར་ཡེངས་མ་ལམ་དུ་མི་ཚེ་སྟོང་ཟད་དང་དལ་འབྱོར་དོན་མེད་དུ་བྱས་ཏེ་བསྡད་ན༷། ནམ་འཆི་ཆ་མེད། འཆི་རྐྱེན་ངེས་པ་མེད་པས་དུས་དོ་ནུབ་ཙམ་དུའང་མི་འཆི་བའི་ངེས་པ་མེད་པས་ཤི་བར་གྱུར་ན་ཕྱིན་ཆད་དམ་ཕྱིས༷་སུ་ནི་མི་ལུས་འདི༷་འདྲ་བ་ཡང༷་དག༷་པར་འབྱོར༷་པར༷་ག༷་ལ༷་འགྱུར༷་ཏེ། འཐོབ་པར་མི་འགྱུར་བས་དལ་འབྱོར་དོན་མེད་ཆུད་ཟོས་སུ་མ་བྱེད་ཅིག་ཅེས་གདམས་ཏེ། དེས་ན་ད་རེས་དལ་འབྱོར་གྱི་མི་ལུས་ཐོབ། མཚན་ལྡན་གྱི་བླ་མ་དང་མཇལ། ཟབ་མོའི་གདམས་པ་ཐོབ་པའི་དུས་འདིར་རྙེད་པར་དཀའ་ཞིང་འཇིག་སླ་བ་རྙེད་ན་དོན་ཆེ་བའི་ཚུལ་ལ་ཡང་ཡང་བསམ་སྟེ་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ཆེ་བཞག་ཆུང་བསྐྱུར་གྱིས་རང་མགོ་ཉི་མ་ཆོས་ཀྱིས་བཏོན་ཏེ་མྱུར་བ་ཉིད་དུ་དལ་འབྱོར་ལ་སྙིང་པོ་ལོན་པར་བྱ་དགོས་ཏེ། དཔལ་མར་མེ་མཛད་ཀྱི་ཞལ་ནས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང༌། །ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་གྱིས། །ཞེས་གདམས་པར་མཛད་པ་བཞིན་ནོ། །གཉིས་པ་ནི། དཔེར་ཇི༷་ལྟར༷་ན་ཉི་མ་མེད་པའི་མཚ༷ན་མོ༷། །ཟླ་བ་མེད་པའི་མུན༷་ན༷ག །སྐར་མ་མེད་པའི་སྤྲིན༷་རུམ༷་ན༷་གློག༷་འ༷གྱུ་བའི་རྐྱེན་གྱིས་དུས་སྐད༷་ཅིག༷་མ་ཙམ་ལ་གཟུགས་རབ༷་ཏུ་སྣང༷་བ་སྟོན༷་པ༷་ལྟར༷། དཔེ་དེ༷་བཞི༷ན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཉི་མ་མ་ཤར་བའི་མཚན་མོ། །བླང་དོར་གྱི་གནས་མི་ཤེས་པའི་མུན་ནག །རྒྱུད་དུག་ལྔ་དུག་གསུམ་གྱིས་བསྒྲིབས་པའི་སྤྲིན་རུམ་ལྟ་བུ་འདིར་སང༷ས་རྒྱས༷་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་བསྐྱེད་སྨོན་ལམ་གྱི་འོད་ཟེར་དང༌། རང་རང་གི་སྔོན་བསགས་བསོད་ནམས་ཀྱི་སྟོབས་གཉིས་གོང་འཛོམས་པའི་མཐུ༷་ཡི༷ས་བ༷རྒྱ་ལ༷མ་རེ་འགའ་ཞིག་ན༷་རྨོངས་པའི་མུན་ནག་གིས་བཀབ་པའི་འཇི༷ག་རྟེན༷་ཏེ་སོ་སོའི་སྐྱེ་བོའི་རྒྱུད་ལ་བསོ༷ད་ན༷མས་ཏེ་དགེ་བ་བསྒྲུབ་པར་འདོད་པའི་བློ༷་༷གྲོས༷་ཀྱི་སྣང་བའམ་དོན་གཉེར་གྱི་འདུན་པ་ཐ༷ང་འག༷འ་སྟེ་བརྒྱ་ལན་རེ་སྟོང་ལན་གཉིས་ཙམ་འ༷བྱུང་གི་ལན་མང་པོ་དང་རྒྱུན་རིང་པོར་མི་འབྱུང་བས་ཤིན་ཏུ་དཀོན་པས་ན་དགེ་བ་སྒྲུབ་འདོད་ཀྱི་བློ་རེ་སྐྱེས་ན་ལོང་བའི་ལག་གི་བརྡ་ལྟར་དེ་ཉིད་མི་ཉམས་ཤིང་གོང་དུ་སྤེལ་བའི་ཕྱིར་བློ་སྣ་བསྟུང་སྟེ་བློ་ཕར་མི་འདྲི། གྲོས་མར་མི་བྱེད། བློ་ཐག་རང་གིས་བཅད་དེ། རང་སྣ་མི་ལག་ཏུ་མི་གཏོད་པར་སྣ་ཐག་རང་མགོར་དཀྲིས་ནས་དགྲ་གཉེན་རིང་དུ་བཏང༌། ཞིང་ཐ་རེང་དུ་བྱས་ཏེ། བཀའ་གདམས་གོང་མའི་ཆོས་པའི་ཕུག་ནོར་བཅུ་དང༌། ཆོས་རྗེ་གཙང་པ་རྒྱ་རས་ཀྱི་དྲག་སྔགས་གསུམ་བཅས་དང་ལེན་གྱིས་དམ་པའི་ཆོས་ཡང་དག་པར་བསྒྲུབ་པར་བྱའོ་སྙམ་དུ་དམ་བཅའ་ཞིང་འཇུག་པར་བྱ་དགོས་སོ། །དེ་ལ་ཕུག་ནོར་བཅུ་ནི། མི་གྲལ་ནས་བུད། ཁྱི་གྲལ་བསྙེགས། ལྷ་གྲལ་ཐོབ་ཅེས་བུད་བསྙེགས་ཐོབ་གསུམ་དང༌། བློ་ཕུག་ཆོས་ལ་གཏད། ཆོས་ཕུག་སྤྲང་ལ་གཏད། སྤྲང་ཕུག་ཤི་ལ་གཏད། ཤི་ཕུག་བྲག་ཁུང་སྐམ་པོ་ལ་གཏད་ཅེས་གཏད་ས་བཞི་དང༌། ཐེབས་མེད་རྡོ་རྗེ་སྔོན་ལ་བཏང༌། ཁྲེལ་མེད་རྡོ་རྗེ་རྗེས་ལ་བཞག །ཡེ་ཤེས་རྡོ་རྗེ་རང་དང་འགྲོགས། ཞེས་རྡོ་རྗེ་གསུམ་སྟེ་བཅུའོ། །དྲག་སྔགས་གསུམ་ནི། ཅི་ཡོངས་བ་ཤོག །གང་ལྟར་འགྲོ་བ་སོང༌། ཅིས་ཀྱང་དགོས་པ་མེད། ཅེས་སོ། །གཉིས་པ་བརྟེན་པ་སེམས་བསྐྱེད་ཀྱི་ཕན་ཡོན་ལ། སེམས་བསྐྱེད་སྤྱིའི་ཕན་ཡོན། སྨོན་འཇུག་སོ་སོའི་ཕན་ཡོན། སེམས་བསྐྱེད་རྒྱུད་ལྡན་གྱི་གང་ཟག་གི་ཆེ་བ་བཤད་པ་དང་གསུམ་ལས། དང་པོ་ལ། དགེ་བ་གཞན་ལས་ཁྱད་པར་དུ་འཕགས་པའི་ཕན་ཡོན། མིང་དོན་གནས་འགྱུར་བའི་ཕན་ཡོན། ཕན་ཡོན་དཔེའི་སྒོ་ནས་བསྟན་པ་དང་གསུམ་ལས། དང་པོ་ནི། གོང་དུ་བཤད་པ་དེ༷་ལྟས༷་ཏེ་དེ་ལྟ་བས་ན་དགེ༷་བ༷་སྒྲུབ་འདོད་ཀྱི་བློ་ནི་གློག་འགྱུ་བ་དང་འདྲ་བར་ཉམ༷ས་སྟོབས་ཆུང༷་བ་ཉིད༷་ཡིན་ལ༷་དུས་རྟག༷་ཏུ་སྡིག༷་པ༷་མི་དགེ་བའི་བློ་ནི་སྤྲིན་རུམ་གྱི་མུན་ནག་ལྟར་སྟོབ༷ས་ནུས་ཆེ༷ན་པོས་ངན་སོང་དུ་འཕེན་ཅིང་ཤི༷ན་ཏུ༷་བ༷ཟློག་དཀའ་བས་མི༷་བཟད༷་པ༷་དེ༷་ནི༷་རྫོག༷ས་པའི༷་བྱང༷་ཆུབ༷་ཀྱི་སེམས་རིན་པོ་ཆེ་ཉི་མ་ལྟར་རབ་ཏུ་སྣང་བ་འདི་ཉིད༷་མི༷ན་པ༷་སྟེ་འདི་ཉིད་མ་གཏོགས་དགེ༷་བ་ཕལ་པ་གཞ༷ན་གང༷་གིས༷་ཟིལ༷་གྱིས༷་གནོ༷ན་པ༷ར་འགྱུར༷་ཏེ་མི་འགྱུར་ལ། དེའི་རྒྱུ་མཚན། བསྐལ༷་པ༷་གྲངས་མེད་གསུམ་སོགས་དུ༷་མར༷་མཐའ་ཡས་པའི་སེམས་ཅན་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་ཕན་པ་དང་བདེ་བའི་ཐབས་འབའ་ཞིག་ལ་རབ༷་ཏུ་དགོང༷ས་པར་མཛ༷ད་པ༷་ཡི༷་ཐུབ༷་དབ༷ང་རྫོགས་པའི་སངས་རྒྱས་རྣམ༷ས་ཀྱིས༷་སེམས་ཅན་རྣམས་ཀྱི་སྔར་བྱས་ཀྱི་སྡིག་པ་འདགས་པ། ཕྱིན་ཆད་ཀྱི་སྡིག་རྒྱུན་གཅོད་པ། རང་རྒྱུད་ཀྱི་ཉོན་མོངས་ཟིལ་གྱིས་གནོན་པ། དགེ་བའི་རྩ་བ་ཕྲ་མོ་ཡང་གོང་དུ་སྤེལ་བ། མཐར་ཐུག་བྱང་ཆུབ་ཆེན་པོ་འཐོབ་པ་ལ་བྱང་ཆུབ་ཀྱི་སེམས་འདི༷་ཉིད༷་ཀྱིས་ཕ༷ན་པར༷་གཟི༷གས་ཤིང་གདུལ་བྱ་རྣམས་ལ་བསྟན་པར་མཛད་དེ། བྱང་ཆུབ་ཀྱི་སེམས་འདིས༷་ནི༷་གྲངས་དང་ཚད༷་གཞལ་དུ་མེད༷་པའི་སྐྱེ༷་བོ༷འི་ཚོག༷ས་རྣམ༷ས་ཀྱིས༷་གནས་སྐབས་ཀྱི་ཕན་པ་དང༌། མཐར་ཐུག་གི་བདེ༷་མཆོ༷ག་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་བདེ༷་བླག༷་ཉིད༷་དུ་སྟེ། དཀའ་ཚེགས་མེད་པར་དུས་གསུམ་ཀུན་ཏུ་ཐོབ༷་པ༷ར་བྱེད༷་པའི་ཕྱིར་རོ། །དེས་ན་རང་གི་སྲིད༷་པའི༷་སྡུག༷་བསྔ༷ལ་སྐྱེ་རྒ་ན་འཆི་ལ་སོགས་པ་བརྒྱ་༷ཕྲག༷་མང་པོ་གཞོམ༷་པར་འདོ༷ད་ཅིང༷་ཐབས་ལ་འཇུག་པ་དང༌། གཞན་སེ༷མས་ཅན༷་རྣམས་ཀྱི་འདི་དང་ཕྱི་མའི་མི༷་བདེ༷་བ་ཐམས་ཅད་བསལ༷་བར༷་འདོ༷ད་པ༷་དང༷༌། རང་གཞན་ཐམས་ཅད་ཀྱིས་གནས་སྐབས་དང་མཐར་ཐུག་གི་བདེ༷་བ་མང༷་པོ་བརྒྱ༷་ཕྲག༷་དུ་མར་སྤྱོད༷་པ༷ར་འདོ༷ད་པ༷ས་ཀྱང༷་གང་འདོད་འགྲུབ་པའི་ཐབས་བྱང༷་ཆུབ༷་ཀྱི་སེམས་འདི་ཉིད༷་དུས་རྟག༷་ཏུ༷་གཏང༷་བར་མི༷་བྱ༷་སྟེ་རང་རྒྱུད་ལ་བཟུང་བར་བྱའོ། །གཉིས་པ་ནི། ལུས་ལ་ཕོ་མོ། ན་ཚོད་ལ་རྒན་གཞོན། རིགས་ལ་བཟང་ངན་མེད་པར། རང་རྒྱུད་ལ་རིན་ཆེན་བྱང༷་ཆུབ༷་ཀྱི་སེམ༷ས་འདི་ཉིད་སྐྱེས༷་པར་གྱུར༷་ན༷་སྐད་ཅིག༷་གིས༷་ཏེ་སྐྱེས་མ་ཐག་པའི་སྐད་ཅིག་དེ་ཉིད་ལ་སྔར་འཁོ༷ར་བའི༷་བརྩོ༷ན་རར༷་ལས་དང་ཉོན་མོངས་པའི་ལྕགས་སྒྲོག་གིས་བསྡམ༷ས་པས༷་ཉམ༷ས་ཐག༷་པའི་སེམས་ཅན་རྣམ༷ས་ཀྱང་མིང་གནས་འགྱུར་ཏེ་བདེ༷་བར་གཤེག༷ས་པ་རྣམ༷ས་ཀྱི་སྲས༷་བྱང་ཆུབ་སེམས་དཔའ་ཞེས༷་མིང་གི་ཅོད་པཎ་དཔྱང་ཞིང་བརྗོ༷ད་པར་བྱ་བར་འགྱུར་ཞིང༷༌། དོན་གནས་འགྱུར་ཏེ་འཇི༷ག་རྟེན༷་པ་ལྷ༷་དང་མིར༷་བཅ༷ས་པ༷ས་ཕྱག༷་བྱར༷་ཏེ་ཕྱག་མཆོད་བཀུར་སྟི་བྱ་བའི་གནས་སུ་འགྱུར༷་ཞིང༌། དེར་མ་ཟད་བྱང་ཆུབ་སེམས་དཔའ་རྣམས་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་བཀུར་སྟི་བྱ་རུང་སྟེ། བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་རྣམས་ཀྱི་བླ་མ་ཡིན་པའི་ཕྱིར་རོ་གསུངས། གསུམ་པ་ལ་གསེར་འགྱུར་གྱི་དཔེས་སངས་རྒྱས་ཐོབ་པར་བསྟན་པ། རིན་པོ་ཆེའི་དཔེས་དོན་ཆེ་བར་བསྟན་པ། འབྲས་བུ་ཅན་གྱི་ལྗོན་ཤིང་གི་དཔེས་དགེ་རྩ་མི་ཟད་ཅིང་གོང་དུ་འཕེལ་བར་བསྟན་པ། སྐྱེལ་མ་དཔའ་བོའི་དཔེས་ངེས་པའི་སྡིག་པ་ཟིལ་གྱིས་གནོན་པར་བསྟན་པ། དུས་མཐའི་མེའི་དཔེས་མ་ངེས་པའི་སྡིག་པ་དྲུང་ནས་འབྱིན་པར་བསྟན་པ། འདིར་མ་བཤད་པ་གཞུང་གཞན་དུ་ཞལ་འཕང་བ་དང་དྲུག་ལས། དང་པོ་ནི། དཔེ་གསེར་འགྱུར་གྱི་རྩི། དཔེ་ཅན་བྱང་ཆུབ་ཀྱི་སེམས། མཚུངས་ཆོས་ངན་པ་ཞིག་བཟང་པོར་བསྒྱུར་བ་སྟེ། དངུལ་ཆུའི་རིགས་གསེར་དུ་སྣང་བ་ཞེས་བྱ་བའི་གསེ༷ར་འགྱུར༷་གྱི་རྩི༷་ཡི༷་རྣམ༷་པ༷་མཆོ༷ག་ཏུ་གྱུར་པ་སྲང་གཅིག་གིས་ལྕགས་སྲང་སྟོང་གསེར་བཟང་པོར་བསྒྱུར་ནུས་པ་ལྟ༷་བུར༷་མི༷་གཙ༷ང་བའི་རྫས་མང་པོའི་རང་བཞིན་དུ་གྱུར་པའི་ལུས༷་དམན་པ་འདི༷་ཉིད་ཉན་ཐོས་ལྟར་འདོར་འདོད་ཀྱི་བློ་མི་བསྐྱེད་པར་གཞན་དོན་དུ་ཚེ་རབས་མང་པོར་དང་དུ་བླང༷ས་ནས༷་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་ན་རྒྱལ༷་བའི༷་སྐུ༷་སྲིད་ཞིའི་རྒུད་པ་མཐའ་དག་ལས་སྐྱོབ་ཅིང་དོན་གཉིས་ཕུན་སུམ་ཚོགས་པ་རྩོལ་བའི་ཡིད་བཞིན་གྱི་ནོར་བུ་རི༷ན་ཆེ༷ན་རི༷ན་ཐང༷་གཞལ་དུ་མེད༷་པའི་ཡོན་ཏན་དང་ལྡན་པར༷་བསྒྱུར༷་བ༷ས་ན༷་ནུས་པ་དེ་ལྟ་བུའི་རྩི་ཁྱད་པར་ཅན་བྱང༷་ཆུབ༷་ཀྱི་སེམ༷ས་ཞེ༷ས་བྱ༷་བ༷་འདི་ཉིད་རབ༷་ཏུ་བརྟན༷་ཞིང་གཡོ་བ་མེད་པར་ཟུང༷ས་ཤིག་ཅེས་གདམ་པ་ལྟར་རང་གིས་བཟུང་བར་དམ་བཅའ་དགོས་སོ། །གཉིས་པ་ནི། དཔེར་ན་རྒྱ་མཚོའི་གླིང་དུ་འགྲོ་བའི་ཚོང་པ་རྣམས་ཀྱིས་དེད་དཔོན་མཁས་པ་བསྟེན་ཅིང་དེས་བརྟགས་པའི་ནོར་བུ་ལ་མཆོག་ཏུ་འཛིན་པ་ལྟར་ཐར་པ་དང་ཐམས་ཅད་མཁྱེན་པའི་གླིང་དུ་འགྲོ༷་བའི༷་སྟེ་འགྲོ་བར་འདོད་པ་རྣམས་ཀྱི་དེད༷་དཔོ༷ན་གཅི༷ག་པུ༷་སྟེ་འགྲན་ཟླ་དང་བྲལ་བའི་སངས་རྒྱས་ཉིད་ཀྱི་ཚད༷་མེ༷ད་པའི་བློས༷་ཏེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ནོར་འཁྲུལ་མེད་པར་ལེག༷ས་པར༷་ཡོང༷ས་སུ༷་སྟེ་བསྐལ་པར་བརྟག༷ས་ན༷་དམ་པའི་ཆོས་ཀུན་ལས་བྱང་ཆུབ་ཀྱི་སེམས་འདིས་སངས་རྒྱས་ཐོབ་པར་འགྱུར་བས་ན་རིན༷་ཆེ༷་བས༷་ཏེ་ཕན་ཡོན་ཆེ་བར་གཟིགས་ཤིང་གདུལ་བྱ་རྣམས་ལ་བསྟན་པར་མཛད་པ་དེས་ན། རིགས་དྲུག་གིས་བསྡུས་པའི་འགྲོ༷་བའི༷་གནས༷་རིས་ཀྱི་སྡུག་བསྔལ་མཐའ་དག་དང༷་བྲལ༷་བར༷་འདོ༷ད་པ་རྣམ༷ས་ཀྱིས་རིན༷་ཆེན༷་བྱང་ཆུབ་ཀྱི་སེམ༷ས་དེ་ལེག༷ས་པར་སྟེ་སྦྱོར་དངོས་རྗེས་གསུམ་ཚང་བས་རང་རྒྱུད་ལ་འཛིན་ཅིང༌། དྲན་ཤེས་བག་ཡོད་ཀྱིས་མི་ཉམས་པར་བརྟན༷་པར༷་བཟུང༷་བར་བྱའོ། །གསུམ་པ་ནི། བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་དགེ༷་བ༷་གཞན༷་གང་ཇི་སྙེད་པ་ཀུན༷་ནི་ཆུ༷་ཤིང༷་གི་སྡོང་པོ་རྣམས་ནི་འབྲས་བུ་ལན་གཅིག་སྨིན་ནས་རྩ་བ་ཟད་དེ་སླར་མི་སྐྱེ་བ་བཞིན༷་དུ༷་ནི༷་བསོད་ནམས་ཆ་མཐུན་གྱི་དགེ་བས་མངོན་མཐོའི་འབྲ༷ས་བུ་༷བསྐྱེད༷་ནས༷་འཛད་ཅིང༌། ཉན་རང་གི་ཕུང་པོ་ལྷག་མེད་དུ་ཟད༷་པ༷ར་འགྱུར༷་བ༷་ཉིད༷་ཡིན་ལ། བྱང༷་ཆུབ༷་སེམ༷ས་ཀྱི༷་ཟིན་པའི་དགེ་བ་ནི་དཔག་བསམ་གྱི་ཤིང་སོགས་ལྗོན༷་ཤིང༷་བཟང་པོ་རྣམས་ནི་འབྲས་བུ་མི་ཟད་ཅིང་སླར་འཕེལ་བ་བཞིན་དུ་རྟག༷་པར༷་ཡ༷ང་རྣམ་སྨིན་གྱི་འབྲས་བུ་གནས་སྐབས་ལྷ་མིའི་བདེ་འབྲས་ཕུན་སུམ་ཚོགས་པ་རྒྱ་ཆེན་པོ་ཐོབ་ཅིང་མི་མཛད་ལ། རྒྱུ་མཐུན་གྱི་འབྲས་བུ་གོང་འཕེལ་དུ་གྱུར་ནས་མཐར་ཐུག་སངས་རྒྱས་ཀྱི་སྐུ་བསོད་ནམས་ཀྱི་ཕུང་པོའི་ནང་དུ་བགྲང་དུ་ཡོད་པའི་འབྲས༷་བུ༷་རྒྱ་ཆེན་པོ་འབྱིན༷་པས༷་ཀྱང་མི༷་ཟད༷་ཅིང་གོང་ནས་གོང་དུ་ལྷག་པར་འཕེལ༷་བར༷་འགྱུར༷་བ་ཡིན་ནོ། །བཞི་པ་ནི། ཆོས་སྤང་གི་ལས་སོགས་དཀོན་མཆོག་གསུམ་ལ་གནོད་པ་དང་མཚམས་མེད་པ་ལ་སོགས་པའི་སྡིག༷་པ༷་ཤིན༷་ཏུ༷་མི༷་བཟད༷་པ་དམྱལ་བ་མནར་མེད་པའི་སྡུག་བསྔལ་མྱོང་ངེས་བྱས༷་པ་ཡིན་ན༷་ཡང༷༌། དཔེར་ན་ཕ་བསད་པའི་ཉེས་ཅན་གྱི་མི་ཞིག་སྐྱེལ་མ་དཔ༷འ་བོ་ལ༷་བརྟེན༷་ནས༷་ཕ་དེའི་བུའི་དྲུང་དུ་སོང་ནའང་བུའི་ཤ་ལེན་སྙོགས་པའི་དགྲའི་གནོད་པའམ་འཇིག༷ས་པ༷་ཆེན༷་པོ༷་ལས་ཡུད་ཙམ་གྱིས་སྒྲོལ་བ་ལྟར༷་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གང༷་ལ༷་བརྟེན༷་ནས༷་སྡིག་ཆེན་དེའི་འབྲས་བུ་དམྱལ་བའི་སྡུག་བསྔལ་ལས་ཡུད༷་ཀྱིས༷་ཏེ་ཡུད་ཙམ་གྱིས་སྒྲོལ༷་བར་འགྱུར༷་བ༷་སྟེ། དེར་མི་སྐྱེ་ཞིང་སྐྱེས་ནའང་དར་གྱི་ཕོ་ལོང་བསྡབས་པ་ཙམ་ལས་མི་མྱོང་བར་ཐར་བར་འགྱུར་བས་ན་བྱང་ཆུབ་ཀྱི་སེམས་དེ༷་ལ༷་སྡིག་པ་ལ་སྐྲག་ཅིང་བག༷་ཡོད་པ་ཅན༷་རྣམས་ཀྱིས༷་ཅིས༷་མི༷་བརྟེན༷་ཏེ་ཤིན་ཏུ་བརྟེན་པར་རིགས་སོ། །ལྔ་པ་ནི། བྱང་ཆུབ་ཀྱི་སེམས་དེས༷་ནི༷་དུས༷་མཐའི༷་སྟེ་བསྐལ་པ་འཇིག་པའི་མེས༷་སྣོད་ཀྱི་འཇིག་རྟེན་རྩ་སྦུར་ཐལ་བ་ཙམ་ཡང་མི་ལུས་པར་ལྷག་མེད་དུ་སྐད་ཅིག་གིས་བསྲེག་པ་བཞི༷ན་དུ་གོང་དུ་བཤད་པ་ལས་གཞན་མི་བརྒྱ་བསད་པ་ལྟ་བུའི་སྡིག༷་པ་ཆེན༷་པོ་རྣམ༷ས་དུས་སྐད༷་ཅི༷ག་གཅི༷ག་གིས༷་མྱོང་བྱ་ལྷག་མེད་དུ་ངེ༷ས་པ༷ར་བསྲེག༷་པའམ་དག་པར༷་བྱེད༷་པས་ན་དེ་ལ་ཅིའི་ཕྱིར་མི་བསྟེན་ཏེ་བསྟེན་དགོས་སོ། །དྲུག་པ་ནི། བྱང་ཆུབ་ཀྱི་སེམས་དེ༷་ཡི༷་ཕ༷ན་ཡོན༷་བློས་དཔ༷ག་ཏུ༷་མེད༷་ཅིང་ཚད་གཞལ་དུ་མེད་པས་མཐའ་ཡས་པ༷་གཞན་དག༷་ནི་རྒྱལ་བའི་རྒྱལ་ཚབ་ཆེན་པོ་རྗེ་བཙུན་བྱམ༷ས་པ་མགོ༷ན་པོ་བློ༷་ཤེས་རབ་དང་ལྡན༷་པ༷ས་ཚོང་དཔོན་ནོར་རབ་ཏུ་བརྟན་པའི་བུ་བྱང་ཆུབ་སེམས་དཔའ་གཞོན་ནུ་ནོར༷་བཟང་ལ་དཔེ་ཉིས་བརྒྱ་དང་སུམ་བཅུའི་སྒོ་ནས་བཤ༷ད་པ་ནི་ཕལ་པོ་ཆེ་སྡོང་པོས་བརྒྱན་པའི་ལེའུ་ལས་ཤེས་པར་བྱའོ། །ཞེས་ཞལ་འཕང་བར་མཛད་དེ། ཇི་ལྟར་ན། སྡོང་པོ་བཀོད་པ་ལས། བྱང་ཆུབ་སེམས་དཔའ་ནོར་བཟང་གིས་འཕགས་པ་འཇམ་དཔལ་གྱི་དྲུང་དུ་སེམས་བསྐྱེད་ཅིང་འཇམ་དཔལ་གྱིས་ལུང་བསྟན་ཏེ་དགེ་སློང་སྤྲིན་གྱི་དཔལ་གྱི་དྲུང་དུ་མངགས་པ་བཞིན་རིམ་པ་ལྟར་དགེ་བའི་བཤེས་གཉེན་བརྒྱ་དང་བཅུ་བསྟེན་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྣ་རེ་རེ་ལས་མ་གསུངས་ཤིང་མཐར་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་དུ་བྱང་ཆུབ་སེམས་དཔའ་བྱམས་པ་བཞུགས་པའི་དྲུང་དུ་བྱོན་ཚེ་རྗེ་བཙུན་བྱམས་པས་འཁོར་རྣམས་ལ་གསུངས་པ། ལྟོས་ཤིག་བསམ་པ་ཡོངས་སུ་དག་པ་འདི། །ནོར་བཟང་ནོར་རྣམས་རབ་ཏུ་བརྟན་པའི་བུ། །བྱང་ཆུབ་སྤྱོད་པ་དམ་པ་ཡོངས་འཚོལ་ཞིང༌། །མཁས་པ་ང་ཡི་དྲུང་དུ་ཉེ་བར་འོང༌། །ལེགས་པར་འོངས་སམ་སྙིང་རྗེ་བྱམས་བྱུང་ཁྱོད། །བྱམས་པའི་དཀྱིལ་འཁོར་ཡངས་པ་ལེགས་ཡོངས་སམ། །ལེགས་པར་འོངས་སམ་ལྟ་ན་རབ་ཞི་བ། །དཀའ་བ་སྤྱོད་ཚེ་དུབ་པར་མ་གྱུར་ཏམ། །རྣམ་དག་བསམ་ལྡན་ཚུར་ཤོག་འོངས་པ་ལེགས། །ཞེས་པ་ལ་སོགས་པ་གསུངས་ཏེ་དབུག་དབྱུང་གཟེངས་བསྟོད་མཛད་པ་ལ་སྔར་གྱི་ལོ་རྒྱུས་ཞུས་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་གསུང་བར་ཞུས་པ་ན། རྗེ་བཙུན་གྱིས་ཁོང་གི་ཕོ་བྲང་རྣམ་པར་སྣང་མཛད་ཀྱི་རྒྱན་གྱིས་བརྒྱན་པའི་སྙིང་པོ་ལ་ལྟོས་ཤིག་གསུངས་པ་ལྟར་མཇལ་བས་ཕོ་བྲང་གི་མིག་ཚེ་རེ་རེ་བཞིན་དབུ་དང་ཡན་ལག་གི་སྦྱིན་པ་གཏོང་བ་སོགས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རྗེ་བཙུན་བྱམས་པས་སློབ་ཚུལ་མཐོང་བས། ནོར་བཟང་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐའ་དག་ཐུགས་སུ་ཆུད་ཅིང༌། བྱམས་མགོན་གྱིས་བྱང་ཆུབ་སེམས་ཀྱི་ཕན་ཡོན་རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྐྱེད་པའི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་དཀར་པོའི་ཆོས་རྣམས་འཕེལ་བར་བྱེད་པས་ཞིང་ལྟ་བུའོ། །འཇིག་རྟེན་ཐམས་ཅད་རྟེན་པའི་ས་ལྟ་བུའོ། །ཞེས་པ་ནས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་དེ་ནི་ཡོན་ཏན་དེ་དག་དང་ཕན་ཡོན་གྱི་བྱེ་བྲག་ཚད་མེད་པ་གཞན་དག་དང་ཡང་ལྡན་ནོ་ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་ལྟར་ཕན་ཡོན་རྣམས་ལས་སངས་རྒྱས་ཐོབ་པ། དགེ་བ་འཕེལ་བ། སྡིག་པ་འདག་པ་གསུམ་གཙོ་བོའོ། །གཉིས་པ་སྨོན་འཇུག་སོ་སོའི་ཕན་ཡོན་ལ། སྨོན་འཇུག་གི་དབྱེ་བ། ཕན་ཡོན་གྱི་ཁྱད་པར། ལུང་རིགས་ཀྱི་སྒོ་ནས་བསྒྲུབ་པ་དང་གསུམ་ལས། དང་པོ་ནི། དེ་ལ་ཐེག་པ་ཆེན་པོའི་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལས་འབྱུང་བས་ན་ཐོག་མར་སེམས་བསྐྱེད་དགོས་ལ། སེམས་བསྐྱེད་དེ་ལ་དབྱེ་ན་རགས་པ་བརྡ་ལས་བྱུང་བ་ཀུན་རྫོབ་སེམས་བསྐྱེད་དང༌། ཕྲ་བ་ཆོས་ཉིད་ཀྱིས་ཐོབ་པ་དོན་དམ་སེམས་བསྐྱེད་གཉིས་ལས། དང་པོ་ནི། བྱམས་པས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་གྲོགས་དགེ་བའི་བཤེས་གཉེན་དང་འཕྲད་པ་སྔོན་གཞོན་ནུ་གསུམ་གྱིས་སངས་རྒྱས་མཆོག་ཟུང་གཉིས་དང་བཅས་པ་མཇལ་བའི་ཚེ་གཅིག་གིས་སངས་རྒྱས་དང་གཞན་གཉིས་ཀྱིས་མཆོག་ཟུང་གཉིས་སུ་སྨོན་པར་བྱས་པ་ཕྱིས་སུ་བདག་ཅག་གི་སྟོན་པ་དང་མཆོག་གཟུང་གཉིས་ཡིན་པ་ལྟ་བུ་དང༌། རྒྱུ་རིགས་སད་པ། རྩ་བ་སྙིང་རྗེ་སྐྱེས་པ། ཟབ་མོས་ཆོས་ཐོས་པའི་སྟོབས་དང༌། དགེ་བ་གོམས་པ་བསོད་ནམས་ཀྱི་ཚོགས་བསགས་པ་ལས་སྐྱེས་པ་སྟེ་དང་པོ་མི་བརྟན་ཞིང་ཕྱི་མ་བཞི་བརྟན་པ་ཡིན་ལ། དེའི་མཚན་གཞི་གང་བསྐྱེད་ན། སློབ་དཔོན་ཐོགས་མེད་སྐུ་མཆེད་ནི་སེམས་བྱུང་ལ་འདོད། འཕགས་སེང་གཉིས་གཙོ་སེམས་ལ་བཞེད། ཀུན་མཁྱེན་ཆེན་པོས། གཙོ་སེམས་བསྐྱེད་པས་སེམས་བྱུང་ཞར་ལ་བསྐྱེད་པར་གསུངས་པས་ན། སྔ་མ་གཉིས་ཀྱང་གཙོ་ཆེ་བ་ཙམ་ལ་དགོངས་ཏེ་གསུངས་པ་ལས་གཙོ་སེམས་བསྐྱེད་པས་སེམས་བྱུང་དང༌། སེམས་བྱུང་བསྐྱེད་པས་གཙོ་སེམས་ཀྱང་བསྐྱེད་པར་འགྱུར་བས་དགོངས་པ་འགལ་མེད་དུ་གསུངས། མཚན་ཉིད། གང་གི་ཆེད་དུ་བྱ་བ་སྙིང་རྗེས་གཞན་དོན་ལ་དམིགས་པ་དང༌། གང་ཆེད་དུ་བྱ་བ་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་དོན་གཉིས་སམ་ཟུར་གཉིས་དང་ལྡན་པ་སྟེ། དོན་གཉིས་ལྡན་པས་སེམས་འབྱུང་བ། །ཞེས་དང༌། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་སངས་རྒྱས་འདོད། །ཅེས་སོ། །གཉིས་པ་དོན་དམ་སེམས་བསྐྱེད་ནི། བསྒོམ་པའི་སྟོབས་ལས་སྐྱེས་པ་སྟེ། བྱམས་པས། རྫོགས་པའི་སངས་རྒྱས་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཅེས་ཡོངས་འཛིན་དམ་པ་རྫོགས་པའི་སངས་རྒྱས་བརྒྱ་སོགས་མཉེས་པར་བྱས་ཏེ་མན་ངག་གི་ལུང་བླངས་ནས། ཚོགས་དམ་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྐལ་པ་གྲངས་མེད་གཅིག་ཏུ་བསགས་པ་ལས་རྟོགས་པ་དམ་པ་ཆོས་ཐམས་ཅད་ལ་མི་རྟོག་པའི་ཡེ་ཤེས་དང་པོའི་བདེན་པ་མངོན་སུམ་མཐོང་བའོ། །དབྱེ་སྒོ་གཞན་ཡང༌། གཅིག་ནས་དྲུག་གི་བར་དང༌། ས་མཚམས་ཀྱིས་ཡུམ་མདོ་ལྟར་ན་ཉེར་གཉིས་དང༌། བློ་གྲོས་རྒྱ་མཚོས་ཞུས་མདོ་ལྟར་ན་མི་ཟད་པ་བརྒྱད་ཅུ་ལ་སོགས་པའི་སྒོ་ནས་བྱང༷་ཆུབ༷་ཀྱི་སེམ༷ས་དེ༷་ལ་དབྱེ་ན་མང་པོར་འགྱུར་ཡང་མདོ༷ར་བ༷སྡུ་ན་དབྱེ་བའི་གྲངས་ངོ་བོའི་སྒོ་ནས་རྣམ༷་པ༷་གཉིས༷་སུ༷་ཤེས༷་པར་བྱ༷༷་སྟེ༷། གང་ཞེ་ན། བྱང༷་ཆུབ༷་མཆོག་ཏུ་སྨོན༷་པའི༷་སེམ༷ས་བསྐྱེད་དང༷་ནི༷། བྱང༷་ཆུབ་ཀྱི་སྤྱོད་པ་ལ་འཇུག༷་པ༷་ཡི་སེམས་བསྐྱེད་པ་ཉི༷ད་ཡི༷ན་ནོ༷། །དེ་གཉིས་ཀྱི་ཁྱད་པར་ཇི་ལྟར་ཡིན་ན། དཔེར་ན་སྐྱེས་བུ་ཞིག་འདོད་པའི་ཡུལ་དུ་འགྲོ༷་བར༷་འདོ༷ད་ཅིང་དོན་དུ་གཉེར་བར་བྱ་བ་དང༷༌། དེའི་ལམ་དུ་དངོས་སུ་ཞུགས་ནས་འགྲོ༷་བ༷་ཡི༷་བྱེ༷་བྲག༷་གམ་ཁྱད་པར་ཇི༷་ལྟར༷་ཡོད་པ་ཤེས༷་པ༷་ལྟར༷་དེ༷་བཞི༷ན་དུ་མཁ༷ས་པ༷ས་སྟེ་མཁས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨོན་པ་དང་འཇུག་པའི་སེམས་འདི༷་གཉིས༷་ཀྱི༷་བྱེ༷་བྲག༷་གོ་རིམ༷་ཇི་ལྟ་བ་བཞི༷ན་དུ་ཤེས་པ༷ར་བྱ༷་ཞེས། དཔེའི་སྒོ་ནས་བསྟན་པར་མཛད་པའི་སྨོན་འཇུག་གི་ཁྱད་པར་འདི་ལ་བཞེད་པ་མི་འདྲ་བ་མང་དུ་སྣང་སྟེ། སློབ་དཔོན་ཡེ་ཤེས་ཞབས་སོགས་ཀྱིས་སོ་སོའི་སྐྱེ་བོའི་སེམས་བསྐྱེད་སྨོན་པ་དང༌། འཕགས་པའི་སེམས་བསྐྱེད་ལ་འཇུག་པར་བཞེད་པ་དང༌། ཨ་བྷཱ་ཡ་དང་ཡེ་ཤེས་གྲགས་པ་ལ་སོགས་པས་ཚོགས་ལམ་པའི་སེམས་བསྐྱེད་ལ་སྨོན་པ་དང༌། སྦྱོར་ལམ་ནས་འཇུག་སེམས་སུ་བཞེད། ཤིནྟི་པ། རིན་ཆེན་འབྱུང་གནས། རྒྱ་མཚོའི་སྤྲིན་སོགས་ཀྱིས་བྱང་ཆུབ་ཐོབ་འདོད་ཀྱི་བློ་དེ་ཆོ་གས་མ་བླངས་པ་སྨོན་པ་དང༌། བླངས་པ་ལ་འཇུག་སེམས་དང༌། ཤེས་རབ་འབྱུང་གནས་སོགས་སེམས་དེ་བྱང་ཆུབ་སྤྱོད་པས་མ་ཟིན་པ་དང༌། ཟིན་པ་ལ་དང༌། ཇོ་བོ་ཆེན་པོས། འབྲས་བུ་སངས་རྒྱས་ལ་དམིགས་པ་སྨོན་པ་དང༌། རྒྱུ་ལམ་ལ་དམིགས་པ་འཇུག་པར་བཞེད་དེ། རྒྱུ་འབྲས་ལ་དམ་བཅའ་བའི་ཁྱད་པར་དུ་བཞེད་པ་དང་གཅིག་གོ །ཁ་ཅིག་ཕྱིར་མི་ལྡོག་མ་ཐོབ་ཀྱི་བར་སྨོན་པ་དང༌། ཐོབ་ནས་འཇུག་པར་འདོད་པ་སོགས་ལས་སྐྱེ་འཕགས་ཀྱི་སེམས་བསྐྱེད་ལ། འདོད་པ་ཙམ་མ་གཏོགས་གཞན་ཕལ་ཆེར་ཞི་བ་ལྷའི་ལུང་འདིའི་རྗེས་སུ་འབྲང་བར་འདྲ་ཡང་དགོངས་པ་ལེན་ཚུལ་མི་འདྲ་ཞིང༌། ཀུན་མཁྱེན་ཆེན་པོས་ནི། འབྲས་བུ་ལ་དམ་བཅའ་བ་སྨོན་སེམས་དང་རྒྱུ་ལ་དམ་བཅའ་བ་འཇུག་སེམས་སུ་གསུངས་ཤིང༌། དེ་ཡང༌། དཔེ་གྲོགས་ཀྱིས་དབྱེ་བ་རྣམས་ལ་ཡང༌། །བསམ་པས་སྨོན་དང་སྦྱོར་བས་ཁྱབ། །ཞེས་སྨོན་འཇུག་གཉིས་རེར་གསུངས་པ་བཞིན་མདོར་ན་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྲིད་ཞིའི་སྡུག་བསྔལ་ཐམས་ཅད་དང་བྲལ་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་བདག་གིས་འགོད་པར་བྱའོ་ཞེས། འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཉིད་དུ་འགྲོ་བར་འདོད་ཅིང་དོན་དུ་གཉེར་ནས་སྒྲུབ་པར་དམ་བཅའ་བ་དོན་གཉིས་སམ་ཟུར་གཉིས་དང་ལྡན་པའི་སྨོན་པའི་སེམས་བསྐྱེད་དང༌། དེའི་ཆེད་དུ་རྒྱུ་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པར་དམ་བཅའ་ཞིང་བཅས་པ་བཞིན་དུ་ཞུགས་ནས་བསྒྲུབ་བཞིན་པ་འཇུག་པ་སེམས་བསྐྱེད་དེ་འགྲོ་བའི་ཚེ་ཡང་འགྲོ་འདོད་མི་འདོར་བ་བཞིན་དུ་འཇུག་སེམས་ཀྱི་དུས་ནའང་སྨོན་སེམས་ཡོད་དགོས་ལ། དེ་ལྟ་ན་བྱང་ཆུབ་ཀྱི་སེམས་གཉིས་དང༌། ཚུལ་ཁྲིམས་གསུམ་དང༌། སྡོམ་པ་ཞེས་ལྡོག་པའི་སྒོ་ནས་དབྱེ་ཡང་ངོ་བོ་གཅིག་སྟེ། གཞན་དོན་དུ་རྫོགས་པའི་བྱང་ཆུབ་འདོད་ནས་དགེ་བ་སྤྱོད་པ་སྨོན་འཇུག་གཉིས་དང༌། དེས་རང་རྒྱུད་སྡོམ་པ་དང༌། དགེ་ཚོགས་སྤེལ་བ་དང༌། གཞན་དོན་བྱེད་པས་ཚུལ་ཁྲིམས་གསུམ་དང༌། དེ་ཐམས་ཅད་ཀྱིས་རང་རྒྱུད་ཀྱི་མི་དགེ་བ་ཆ་དང་བཅས་པ་སྡོམ་པས་བྱང་ཆུབ་སེམས་དཔའི་སྡོམ་པ་ཞེས་བྱ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་ལ་རིམས་ནད་སེལ་བ་དང༌། དགོས་འདོད་འབྱུང་བ་དང༌། མུན་པ་སེལ་བའི་ཆ་གསུམ་ཡོད་པ་ལྟར་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་གསུངས། གཉིས་པ་ནི། དེ་ལྟར་བྱང༷་ཆུབ༷་ཏུ་སྨོན༷་པའི༷་སེམ༷ས་བསྐྱེད་པ་ཙམ་ལ༷ས་ནི༷་འཁོར་བ་འདིར་འཁོ༷ར་ཚེ༷་ལྷའི༷་རྒྱལ་པོ་ཚངས་དབང་སོགས་དང་མིའི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སོགས་ཀྱི་དབང་ཕྱུག་ཕུན་སུམ་ཚོགས་པའི་འབྲས༷་བུ༷་རྒྱ་ཆེ༷་བ་འབྱུང༷་ཡང༷་ཇི༷་ལྟར༷་འཇུག༷་པའི༷་སེམ༷ས་བསྐྱེད་པ་བཞི༷ན་དུ༷་བསོ༷ད་ནམ༷ས་སམ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་དགེ་བ་རྒྱུན༷་ཆ༷གས་ཏེ་ བར་མ་ཆད་དུ་འབྱུང༷་བ༷་མི༷ན་ལ། དུས་གང༷་ནས༷་བཟུང༷་སྟེ༷་ཆེད་དུ་བྱ་བ་སེ༷མས་ཅ༷ན་གྱི་ཁ༷མས་མཐ༷འ་ཡ༷ས་ཤིང་མུ་མེད་པ་སྲིད་ཞིའི་སྡུག་བསྔལ་ལས་རབ༷་ཏུ༷་དགྲོལ༷་བའམ་བསྒྲལ་ཏེ་སངས་རྒྱས་ཐོབ་པའི་ཕྱིར༷་དུ་ཕྱིན་དྲུག་ལ་སྤྱོད་པར་དམ་བཅའ་བའི་དམ་བཅའ་དེ་ལས་ཕྱིར་མི༷་ལྡོག༷་སྙམ་པ༷་ཡི༷་སེ༷མས་ཀྱིས༷་སུ༷་འཇུག་པའི་སེམ༷ས་དེ༷་ཡང༷་དག༷་པར་བླང༷ས་ཏེ་མ་ཉམས་པར་བསྲུང་བར་གྱུར༷་པ་སྟེ་བསྲུང་བར་བྱས་ན་དུས་དེ༷་ནས༷་བཟུང༷་སྟེ༷་གང་ཟག་དེ་གཉིད༷་ལོ༷ག་གམ༷་རྩེད་མོ་སོགས་བ༷ག་མེ༷ད་པ༷ར་གྱུར༷་ཀྱང༷་སྦྱིན་སོགས་བསོ༷ད་ནམ༷ས་ཀྱི་ཤུག༷ས་གོང་ནས་གོང་དུ་རྒྱུན༷་མི༷་འཆ༷ད་པར༷་རྒྱ་ཆེ་ཞིང་ཟད་མི་ཤེས་པ་དུ་མ་ཞིག༷་ན༷མ་མཁ༷འ་དང་མཉ༷མ་པ་ཚད་བཟུང་དུ་མེད་པར་རབ༷་ཏུ་འབྱུང༷་ངོ༌། །དེ་ལྟ་ནའང་འཇུག་སྡོམ་བླངས་ནས་སྦྱིན་སོགས་ལ་དུས་དང་དུས་སུ་ཅུང་ཟད་ཅུང་ཟད་ཙམ་དུའང་མི་སྦྱོར་ན་དགེ་བ་མི་འཕེལ་བར་མ་ཟད་དགེ་བ་ལ་མི་སྦྱོར་བའི་རྩ་ལྟུང་གི་ཉེས་པ་ཆེན་པོ་འབྱུང་བར་གསུངས། གསུམ་པ་ལུང་རིགས་ཀྱི་སྒོ་ནས་བསྒྲུབ་པ་ལ། ལུང་གི་སྒོ་ནས་བསྒྲུབ་པ་དང༌། རིགས་པའི་སྒོ་ནས་བསྒྲུབ་པ་གཉིས་ལས། དང་པོ་ནི། འཇུག་སྡོམ་ཐོབ་ཅིང་མ་ཉམས་པ་ལ་ཕན་ཡོན་དེ་ལྟར་ཡོད་པ་འདི༷་ནི༷། དམིགས་ཡུལ་སེམས་ཅན་གྱི་གྲངས་དང༌། བསལ་བྱ་སྡུག་བསྔལ་གྱི་རྣམ་གྲངས་དང༌། ཐོབ་བྱ་སངས་རྒྱས་ཀྱི་ཡོན་ཏན་དང༌། དུས་བསྐལ་པའི་ཡུན་གང་ལ་བསམ་ཀྱང་དཔག་ཏུ་མེད་པའི་ཕྱིར་ན་འཐད༷་པ༷་བཞི་དང༷་བཅ༷ས་པ༷ར་བྱང་ཆུབ་སེམས་དཔའ་ལ༷ག་བཟ༷ངས་ཀྱིས༷་ནི༷་ཞུས༷་པ༷་ཡི་མདོ་ལ༷ས་དམ༷ན་པ་ཉན་རང་གི་ལམ་ལ་མོས་པའི་སེ༷མས་ཅན༷་གང་ཞིག་ཁ་དྲང་བའི་དོན་ཙམ་མ་ཡིན་པར་དེ་དག་གིས་བྱང་ཆུབ་སེམས་ཀྱིས་ཡོན་ཏན་དང་ཕན་ཡོན་ངེས་པ་ལ་ངེས་པར་མཐོང་ཞིང་ཤེས་པའི་དོན༷་གྱི༷་ཕྱིར༷་དེ༷་བཞི༷ན་གཤེ༷གས་པ༷་ཉིད༷་ཀྱིས༷་གསུང༷ས་ཏེ། དེ་ལས། བདག་ནི་སེམས་ཅན་གྱི་ཚོགས་མཐའ་ཡས་པ་དེ་ལ་ཕན་པ་དང་བདེ་བའི་ཕྱིར་གོ་བགོས་ན་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་དམིགས་པ་མཐའ་ཡས་པའི་དགེ་བའི་རྩ་བ་མཐའ་ཡས་པ་དག་བག་མེད་པར་གྱུར་ཏམ། གཉིད་ཀྱིས་ལོག་ཀྱང་ཉིན་མཚན་དུ་སེམས་ཀྱི་སྐད་ཅིག་ལ་འཕེལ་བ་དང༌། རྒྱས་པར་དང་ཡོངས་སུ་རྫོགས་པར་འགྱུར་ཏེ། ཞེས་གསུངས་སོ། །གཉིས་པ་རིགས་པའི་སྒོ་ནས་སྒྲུབ་པ་ལ། སྨོན་སེམས་ཀྱི་ཕན་ཡོན་རིགས་པའི་སྒོ་ནས་བསྒྲུབ་པ་དང༌། འཇུག་སེམས་ཀྱི་ཕན་ཡོན་རིགས་པའི་སྒོ་ནས་བསྒྲུབ་པ་གཉིས་ལས། དང་པོ་ནི། དེ་ལ་རྒྱུ་འབྲས་ཀྱི་རྣམ་བཞག་ནི་ཤེས་བྱ་ཤིན་ཏུ་ལྐོག་གྱུར་ཡིན་པས་ཐམས་ཅད་མཁྱེན་པ་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ལས་གཞན་གྱི་སྤྱོད་ཡུལ་མ་ཡིན་པས་ན་རྒྱལ་བའི་བཀའ་ལུང་རྣམ་དག་ལ་ཡིད་ཆེས་ཀྱིས་བླང་དོར་བྱ་བ་ལས་རིགས་པས་འཐད་པ་སྒྲུབ་ཏུ་མེད་ནའང་བྱང་ཆུབ་སེམས་ཀྱི་ཕན་ཡོན་ནི་ཤིན་ཏུ་རྒྱ་ཆེ་ཞིང་རྒྱལ་བས་ཀྱང་ཡང་ཡང་བསྔགས་པར་མཛད་པས་ན་རིགས་པས་ཀྱང་བསྒྲུབ་ནའང་འགྲུབ་པར་འགྱུར་བ་ཡིན་པས་ན་རིགས་པས་བསྒྲུབ་པར་མཛད་པ་སྟེ། སྔོན་ཁྱིམ་བདག་མཛའ་བོའི་བུ་བུ་མོ་ཞེས་རྒྱ་མཚོར་ནོར་བུ་ལེན་དུ་འགྲོ་ཚེ་མས་གོས་ཀྱི་མཐའ་ནས་བཟུང་སྟེ་ངུས་པས་ང་རང་རྒྱ་མཚོར་འགྲོ་བ་ལ་ཁྱོད་ཀྱིས་བཀྲ་མི་ཤིས་པ་བྱས་ཏེ་ངུ་བར་ཟེར་ནས་མགོ་ལ་རྡོག་པས་བསྣུན་ནས་སོང་བས་རྒྱ་མཚོར་གྲུ་གཟིངས་ཞིག་ཚེ་ཁོས་ཤིང་ལེབ་ཅིག་ལ་འཇུས་པས་མཚོ་གླིང་ཞིག་ཏུ་ཐོན་ཏེ། དགའ་བའི་གྲོང་སོགས་རིམ་པར་བགྲོད་ནས་མཐར་མགོ་ལ་ལྕགས་ཀྱི་འཁོར་ལོ་འཁོར་ནས་སྡུག་བསྔལ་བཟོད་དཀའ་བ་བྱུང་བས་དེའི་རྐྱེན་གྱིས་སྙིང་རྗེ་སྐྱེས་ཏེ་མའི་མགོ་ལ་རྡོག་པ་བསྣུན་པའི་འབྲས་བུ་མྱོང་བ་རྣམས་ཀྱི་སྡུག་བསྔལ་བདག་ལ་སྨིན་ནས་དེ་དག་གིས་མི་མྱོང་བར་ཤོག་ཅིག་བསམ་མ་ཐག་ཏུ་སྡུག་བསྔལ་ལས་གྲོལ་ནས་ཏ་ལ་བདུན་སྲིད་དུ་བདེ་ཆམ་མེར་འདུག་པ་ཚེ་འཕོས་ནས་ལྷར་སྐྱེས་སོ། །དེ་ལྟར་སྙིང་རྗེའི་སེམས་ཀྱིས་སེམ༷ས་ཅ༷ན་ཉུང་ཟད་རྣམ༷ས་ཀྱི༷་ཀླ༷ད་ནད༷་ཙམ༷་སྨན་ལ་སོགས་པས་བས༷ལ་ལོ༷་སྙམ༷་དུ་བས༷མ་ནས་སྦྱོར་བས་བསལ་བར་མ་བྱས་ན༷་ཡང༷་དེ་ལ་ཕ༷ན་འདོ༷གས་པར་འདོད་པའི་བས༷མ་པ་དང༷་ལྡན་པ༷ས་ཏེ། དེ་ལ་བསོ༷ད་ནམ༷ས་དཔ༷ག་ཏུ་མེ༷ད་པ་དང་ལྡ༷ན་པ་འགྱུར༷་ན༷་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནམ་མཁའ་དང་མཉམ་པའི་སེམ༷ས་ཅ༷ན་ཐམས་ཅད་ལ་རེ༷་རེ༷འི་སྟེ་རང་རང་སོ་སོ་བཞིན་དུ་འདི་ཕྱིའི་སྡུག་བསྔལ་ལམ་མི༷་བདེ༷་བ༷་དཔ༷ག་ཏུ༷་མེ༷ད་པ༷་མཐའ་དག་མ་ལུས་པར་བས༷ལ་བར་འདོ༷ད་ཅིང༷༌། དེ་དག་རེ༷་རེ༷་ལའང་གནས་སྐབས་དང་མཐར་ཐུག་གི་ཡོ༷ན་ཏ༷ན་དཔ༷ག་ཏུ༷་མེ༷ད་པ་དང་ལྡན་པ་ཉིད་དུ་བསྒྲུབ་པར་འདོད་པ་ལ་བསོད་ནམས་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་བ་ལྟ་སྨོ༷ས་ཀྱང་ཅི༷་དགོ༷ས་སོ། །བསམ་པ་བཟང་བའི་ཚུལ་ཡང་འཇིག་རྟེན་ན་བསམ་པ་བཟང་བར་གྲགས་པ་ཕ༷འ༷མ་ཡང༷་ན་མ༷་ཡང་རུང༷་སྟེ་དེ་དག་གིས་རང་རང་གི་བུ་འདི་ཚེ་རིང་ཞིང་ནད་མེད་པ་བཙན་ཕྱུག་མངའ་ཐང་སོགས་ཆེ་ན་ཅི་མ་རུང་སྙམ་པ་ལས་བྱང་ཆུབ་སེམས་དཔའ་མིན་པ་སུ༷་ལ༷་འདིས་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་ཅི་མ་རུང་སྙམ་པའི་བྱང་ཆུབ་ཀྱི་སེམས་འདི༷་འདྲ༷འི་ཕ༷ན་སེ༷མས་ཡོ༷ད་དེ་མེད་དོ། །དེ་དག་གིས་མི་ཤེས་པས་ལན་ནོ་སྙམ་ན་མངོན་ཤེས་ལྔ་དང་ལྡན་པའི་ལྷ༷་དང༷་རིགས་པའི་གནས་ཆེན་བཅོ་བརྒྱད་ཤེས་པའི་དྲང༷་སྲོང༷་རྣམ༷ས་ཀྱང༷་རུང༷་སྟེ་དེ་འདྲའི་བསམ་པ་མེད་ལ། དེ་དག་ལ་ཕན་སེམས་མེད་པས་མི་འབྱུང་ངོ་སྙམ་ན། ཚངས་པས་རང་གི་མངའ་རིས་རྣམས་བདེ་བ་དང་ལྡན་འདོན་དང༌། སྡུག་བསྔལ་དང་བྲལ་འདོད་སོགས་ཚངས་པའི་གནས་པ་བཞི་དང་ལྡན་པའི་ཚ༷ངས་པ༷་ལ༷་ཡ༷ང་དེ་དག་སངས་རྒྱས་ཐོབ་འདོད་ཀྱི་བྱང་ཆུབ་ཀྱི་སེམས་འདི༷་ཡོ༷ད་དམ༷་དེ་མེད་དོ། །ཕ་དང་མ་ལྷ་དང་དྲང་སྲོང་ཚངས་པ་ལ་སོགས་པའི་སེ༷མས་ཅ༷ན་དེ༷་དག༷་ཉིད༷་ལ༷་སྔོན་ཆད་ར༷ང་གི༷་དོན༷་དུ་ཡང་སངས་རྒྱས་ཐོབ་འདོད་འདི༷་འདྲ༷འི་སེམ༷ས་ཁྱད་པར་ཅན་ཐ་ན་གང་ཅི་ཡང་རྨི་བའི་རྨི༷་ལམ་དུ༷་ཡང༷་མ༷་རྨིས༷་ཤིང་སྐྱེ་མ་མྱོང་ན༷་སེམས་ཅན་གཞ༷ན་གྱི༷་དོན༷་དུ༷་དངོས་སུ་ག༷་ལ༷་སྐྱེ་སྟེ་སྐྱེ་མི་རིགས་སོ། །ལྷ་སོགས་གཞ༷ན་དག༷་གཞན་དོན་དུ་ལྟ་ཅི་རང༷་གི༷་དོན༷་དུ་ཡ༷ང་མི༷་འབྱུང༷་རྒྱུའི་སེམ༷ས་ཅ༷ན་ཐམས་ཅད་ཀྱི་དོན་སེམས་པའི་བྱང་ཆུབ་ཀྱི་སེམ༷ས་ག༷ང་ཡིན་པ་འདི་ནི་སེམ༷ས་ཀྱི༷་རི༷ན་ཆེན༷་ཏེ་རྣམ་རྟོག་གི་ནང་ནས་རིན་པོ་ཆེ་ལྟ་བུའི་རྣམ་རྟོག་ཁྱ༷ད་པར༷་དུ་འཕགས་པ་འདི༷་ཉིད་རང་རྒྱུད་ལ་སྔ༷་ན་མེ༷ད་པའི༷་སྟེ་སྔར་སྐྱེ་མ་མྱོང་བའི་ངོ་མཚར་རྨད༷་ཅིག༷་སྟེ་རྨད་དུ་བྱུང་བ་ཞིག་ད་རེས་ཐེག་ཆེན་གྱི་ཆོས་ཐོས་པ་དང༌། དགེ་བའི་བཤེས་གཉེན་གྱི་མཐུས་རང་རྒྱུད་ལ་འཁྲུང༷ས་པ་འདི་ནི་ལྷ་ཡུལ་དཔག་བསམ་གྱི་ལྗོན་པ་འཇིག་རྟེན་མི་ཡུལ་ན་སྐྱེས་པ་ལྟ་བུའོ། །དེ་ནི་མཐའ་ཡས་པའི་འགྲོ༷་བ་ཀུན༷་གྱི༷་གནས་སྐབས་དང་མཐར་ཐུག་གི་དག༷འ་བདེ་མ་ལུས་པ་འབྱུང་བའི་རྒྱུ༷་དང༌། སེམ༷ས་ཅན༷་ཐམས་ཅད་ཀྱི་སྡུག༷་བསྔལ༷་གྱི་ནད་མ་ལུས་པ་སེལ་བའི་སྨན་ཆེན་པོའམ་རྩིར༷་གྱུར༷་པ༷་ཡི་རིན༷་ཆེ༷ན་བྱང་ཆུབ་སེམ༷ས་ཀྱི༷་བསོ༷ད་ནམ༷ས་སམ་ཕན་ཡོན་གང༷་ཡིན་པ་དེ༷་ལ༷་འདི་ཙམ་ཞེས་ཚད་ཀྱི་ཇི༷་ལྟར༷་གཞལ༷་གྱིས༷་ལ༷ང་སྟེ་ནམ་མཁའི་མཐའ་དང་སེམས་ཅན་གྱི་གྲངས་དང་སྡུག་བསྔལ་གྱི་རྣམ་གྲངས། སངས་རྒྱས་ཀྱི་ཡོན་ཏན་རྣམས་གཞལ་གྱིས་མི་ལང་བའི་ཕྱིར་རོ། །དེས་ན་དཔལ་བྱིན་གྱིས་ཞུས་པ་ལས། །བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་བས་ཀྱང་ནི་ལྷག་པར་འགྱུར། །ཞེས་གསུངས་སོ། །གཉིས་པ་ནི། ཏིང་འཛིན་རྒྱལ་པོ་ལས། བྱེ་བ་ཁྲག་ཁྲིག་གཏམ་པའི་ཞིང་དག་ན། །མཆོད་པ་རྣམ་མང་དཔག་མེད་ཅི་ཡོད་པ། །སྐྱེས་མཆོག་རྣམས་ལ་ཉིན་རེར་རྟག་མཆོད་པས། །བྱམས་པའི་སེམས་ལ་གྲངས་དང་ཆར་མི་ཕོད། །ཅེས་གསུངས་པ་ལྟར། བྱམས་པའི་སེམས་ཀྱིས་སེམས་ཅན་ལ་བདེ་བ་དང་ལྡན་འདོད་ཀྱི་ཕ༷ན་པར༷་བས༷མ་པ༷་ཙམ་གྱིས༷་ཀྱང༷་རིན་པོ་ཆེ་སྣ་བདུན་ལ་སོགས་པས་སང༷ས་རྒྱས༷་བཅོམ་ལྡན་འདས་རྣམས་ལ་མཆོ༷ད་པ་བྱས་པ་ལ༷ས་ཁྱད༷་པར་དུ་འཕ༷གས་པར་འགྱུར་ན༷། ནམ་མཁའ་དང་མཉམ་པའི་སེ༷མས་ཅ༷ན་མ༷་ལུས་པ་ཐ༷མས་ཅ༷ད་ཀྱི༷་བདེ་དོན༷་སྟེ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་སྦྱིན་སོགས་ཕྱིན་དྲུག་ལ་དངོས་སུ་སྦྱོར་བས་བརྩོ༷ན་པ༷་ནི་སངས་རྒྱས་མཆོད་ལས་ཁྱད་པར་དུ་འཕགས་པ་སྨོས༷་ཅི་དགོ༷ས་སོ། །སེམས་ཅན་ཐམས་ཅད་ཚེ་ཐུང་བ་ནད་མང་བ་ལོངས་སྤྱོད་མེད་པ་ལ་སོགས་པའི་འདི་ཕྱིའི་སྡུག༷་བསྔལ༷་མི་འདོད་པས་འདོ༷ར་བར་འདོ༷ད་པའི་སེ༷མས་ཡོ༷ད་ཀྱང༷༌། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་ནས་སྲོག་གཅོད་པ། མ་བྱིན་པ་ལེན་པ་སོགས་མི་དགེ་བ་བཅུ་དང་དུ་བླངས་ནས་འདི་ཕྱིའི་སྡུག༷་བསྔལ༷་ཉིད༷་ལ༷་ཕྱེ་མ་སླེབ་མར་མེ་ལ་མཆོངས་པ་བཞིན་མངོ༷ན་པར༷་རྒྱུག༷་ཅིང༌། དེ་བཞིན་དུ་ཚེ་རིང་བ་ནད་མེད་པ་ལ་སོགས་པའི་འདི་ཕྱིའི་བདེ༷་བ༷་འདོ༷ད་ཀྱང༷་དེའི་ཐབས་བླང་དོར་ལ་རྨོངས་ཤིང་གཏི༷་མུག༷་པ༷ས་དགེ་བཅུ་མི་སྒྲུབ་པར་མ་ཟད་མི་དགེ་བ་སྣ་ཚོགས་བྱས་ཏེ་རང༷་གི༷་འདི་ཕྱིའི་བདེ༷་བ༷་དགྲ༷་བོ་མཐོང་བ་ལྟར༷་འཇོ༷མས་པར་བྱེད་དོ། །དེས་ན་སེམས་ཅན་གང༷་ཞིག༷་རྒྱུ་དང་བཅས་པའི་བདེ༷་བས༷་ཕོ༷ངས་ཤིང་དབུལ་བ༷་དང༷༌། སྡུག༷་བསྔལ༷་རྒྱུ་འབྲས་མ༷ང་པོ་དང་ལྡན༷་ཞིང་ཉམས་ཐག་པ་དེ༷་དག༷་ལ༷། བྱམས་པ་ཆེན་པོའི་སྒོ་ནས་གནས་སྐབས་དང་མཐར་ཐུག་གི་བདེ༷་བ༷་ཀུན༷་གྱིས༷་ཚི༷མ་པར་བྱེད་པ༷་དང༷༌། སྙིང་རྗེ་ཆེན་པོའི་སྒོ་ནས་འདི་ཕྱིའི་སྡུག༷་བསྔལ༷་ཐམ༷ས་ཅ༷ད་རྒྱུན་གཅོ༷ད་པར་བྱེད༷་ཅིང༷༌། ཤེས་རབ་ཆེན་པོའི་སྒོ་ནས་བླང་དོར་གྱི་གནས་བསྟན་ནས་རྒྱུ་འབྲས་བླང་དོར་ལ་རྨོངས་པའི་གཏི་མུག༷་ཀྱང༷་ནི༷་སེལ༷་བར་བྱེད༷་པ༷་ཡི་རྒྱུ་དེ༷་དང༷་དགེ༷་བ་སྟོབས་མཚུང༷ས་གཞན་ག༷་ལ༷་ཡོ༷ད་དེ་མེད་ལ། བདེ་བ་བསྒྲུབ་ཅིང་སྡུག་བསྔལ་སེལ་བ་དང༌། བླང་དོར་གྱི་གནས་སྟོན་པ་དེ་འདྲ༷འི་ཕན་འདོགས་པའི་བཤེས༷་ཀྱང༷་ག༷་ལ༷་ཡོད༷་དེ་མེད་ཅིང་འབྲས་བུ་བསོ༷ད་ན༷མས་ཀྱང་བྱང་ཆུབ་ཀྱི་སེམས་དེ༷་འདྲའ༷ང་ག༷་ལ༷་ཡོ༷ད་དེ་མེད་དོ། །དེས་ཕན་ཡོན་བསྟན་ཟིན་ལ། དེ་ལྟར་ཕན་ཡོན་ཤེས་པའི་དོན་པོ་རིན་ཆེན་བྱང་ཆུབ་ཀྱི་སེམས་དེ་རང་གཞན་གྱི་རྒྱུད་ལ་མི་སྐྱེད་པའི་ཐབས་མེད་ངེས་སྙམ་ནས་རང་གཞན་གྱི་རྒྱུད་ལ་མ་སྐྱེས་པ་བསྐྱེད་པར་བྱེད་པ་དང་སྐྱེས་པ་མི་ཉམས་ཤིང་གོང་འཕེལ་དུ་བྱེད་པའི་ཐབས་ལ་བཀྲེས་པ་ཟས་དང་སྐོམ་པ་ཆུ་ལ་གདུང་བ་ལྟ་བུའི་དོན་གཉེར་གྱི་འདུན་པ་ཆེན་པོ་སུས་ཀྱང་བཟློག་ཏུ་མེད་པ་ཞིག་བྱུང་ན་ཕན་ཡོན་ཤེས་པའི་དོན་འབྲས་བྱུང་བ་ཡིན་གྱི་གཞན་དུ་བཤད་ཤེས་པ་ཙམ་གྱིས་ཅི་ཡང་མི་ཕན་པས་སེམས་ཐོག་ནས་ཡང་ཡང་སྒོམ་དགོས་གསུངས། གསུམ་པ་སེམས་བསྐྱེད་རྒྱུད་ལྡན་གྱི་གང་ཟག་གི་ཆེ་བ་ནི། སྔར་ཟས་ནོར་སོགས་ཀྱིས་ཕ༷ན་བཏ༷གས་པ་ལ་ཕྱིས་འདིས་ཕན་བཏགས་སོ་ཞེས་ཚུར་ལ༷ན་ལྡོན་པ་ག༷ང་ཡི༷ན་པ༷་དེ༷་ཡ༷ང༌། བྱས་པ་ཤེས་ཤིང་དྲིན་བཟོ་བའི། །མི་ལ་དཔལ་མགོན་ཉེ་བར་གནས། །ཞེས་བྱས་པ་ཤེས་པ་ལ་ལྷ་རྣམས་ཀྱིས་བསྲུང་བ་སོགས་ཡོན་ཏན་ཡང་ཆེ་ཞིང་རེ༷་ཞིག༷་འཇིག་རྟེན་ན་བསྟོད་ཅིང་བསྔགས་པར་འོ༷ས་ན༷། སྔར་རང་གི་ཕར་ཕན་མ་བཏགས་ཤིང་ཕན་པ་སྒྲུབ་པར་སུས་ཀྱང་མ༷་བཅོ༷ལ་བཞིན་དུ་འདི་ཕྱི་ཀུན་ཏུ་ལེ༷གས་པའམ་ཕན་བདེའི་ཐབས་འབའ་ཞིག་སྒྲུབ་པ༷ར་བྱེད༷་པ༷་ཡི༷་བྱང༷་ཆུབ་སེ༷མས་དཔ༷འ་རྣམས་ལ་མཆོད་ཅིང་བསྟོད་དེ་བསྔགས་པར་འོས་པ་སྨོས༷་ཅི༷་དགོ༷ས་སོ། །དཔེ་ལ་བརྟེན་ནས་དོན་ངོ་ཤེས། །ཞེས་པ་ལྟར། དཔེ་ལས་དོན་ལྷག་པར་ཤེས་པ་ཡུལ་དམན་པ་བརྒྱའམ་སྟོང་ལ་སོགས་པ་འགྲོ༷་བ༷་ཉུང༷་ཟད༷་ཙམ་ལ་ནར༷་མ༷འི་ཞེས་ལོའམ་ཟླ་བར་ཉིན་བཞིན་ནར་མ་སྟེ་རྒྱུན་མ་བཅད་པའི་ཟས་སྦྱིན་པའམ་སྦྱོར༷་བ༷། དེ་ཡང༌། དུས་དམན་པ་བྱ་རྫོགས་ཀྱི་སྐད༷་ཅིག༷་མ་ལ། དངོས་པོ་དམན་པ་ཡོན་འབུལ་བ་མེད་པའི་ཟས༷་ཙམ༷་སྦྱིན༷་པར༷་བྱེད༷་པ༷་དང༷༌། སྦྱོར་བ་དམན་པ་བརྡུང་རྡེག་ལ་སོགས་པས་བརྙས་བཅོས་དང་བཅ༷ས་པའི་སྒོ་ནས། ཕན་འདོགས་དམན་པ་ཉིན༷་ཕྱེད༷་ཙམ་ལ་ལྟོ་འགྲང༷ས་པ༷ར་བྱེད་པ་ཡི་སྦྱིན་བདག་ལ་ཡང༷་འཇིག་རྟེན་ན་སྦྱིན་གཏོང་རྒྱ་ཆེན་པོའི་དགེ༷་བ༷་བྱེད་པ༷་ཡི༷ན་ནོ༷་ཞེས་སྐྱེ་བོ་མང་པོ༷ས་བསྟོད་ཅིང་བཀུར༷་བར་འོས་པ་ཡིན་ན། བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་ཡུལ་དམན་པ་མ་ཡིན་པ་ནམ་མཁའ་དང་མཉམ་པའི་སེམ༷ས་ཅ༷ན་གྱི་ཁམས་གྲང༷ས་མཐ༷འ་ཡ༷ས་པ་རྣམས་ལ༷་དུས་དམན་པ་མ་ཡིན་པ་དུས༷་རིང་པོ་འཁོར་བ་མ་སྟོངས་ཀྱི་བར་དུ། དངོས་པོ་དམན་པ་མ་ཡིན་པ་བདེ༷་བ༷ར་གཤེག༷ས་པ་སངས་རྒྱས་ཀྱི༷་བདེ༷་བ༷་བླ་ན༷་མེད༷་པ། སྦྱོར་བ་དམན་པ་མ་ཡིན་པ་ཞི་ཞིང་གུས་པ་དང་བཅས་པའི་སྒོ་ནས། ཕན་འདོགས་དམན་པ་མ་ཡིན་པ་ཁྱད་པར་ཅན་རང་རང་གི་ཡི༷ད་ལ༷་གང་ཅི་བས༷མ་པ༷་མཐ༷འ་དག༷་མ་ལུས་པ་རྫོག༷ས་པར་བྱེད༷་པ་རྒྱུན་མི་འཆད་པའི་རྟག༷་ཏུ་སྦྱིན་པ༷་ཆེན་པོ་དེ་ལྟ་བུ་ཞིག༷་གཏོང་བའི་སྦྱིན་བདག་བྱང་ཆུབ་སེམས་དཔའ་རྣམས་བསྟོད་ཅིང་བཀུར་བར་འོས་པ་སྨོས༷་ཅི་དགོ༷ས་སོ། །སེམས་ཅན་གང༷་སུ་ཞིག༷་གིས་གོང་དུ་བཤད་པ་དེ༷་འདྲ༷འི་རྒྱལ༷་བའི་སྲས༷་པོ་སངས་རྒྱས་ཀྱི་གོ་འཕང་སྦྱིན་པའི་སྦྱིན་བད༷ག་ཆེན་པོ་དེ་ལ༷་ལུས་ངག་གིས་གནོད་པ་ལྟ་ཅི། གལ༷་ཏེ༷་ཞེ་སྡང་ལ་སོགས་པས་འདི་ལ་མ་རུང་བ་ཞིག་བྱུང་ན་སྙམ་པའི་ང༷ན་སེམས་ཙམ་ཞིག་བསྐྱེད་པ༷ར་བྱེད༷་པ༷་དེ༷། ང༷ན་སེམ༷ས་བསྐྱེད༷་པའི་གྲང༷ས་བཞི༷ན་ཏེ་ཞེས་འདིར་སྐྱེས་བུ་སྟོབས་ལྡན་གྱིས་སེ་གོལ་གཅིག་བརྡབ་པའི་ཡུན་དྲུག་ཅུ་རྩ་བཞིར་བགོས་པའི་ཡུན་གཅིག་དུས་མཐའི་སྐད་ཅིག་མ་སྟེ། དེའི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་བསྐལ༷་པ༷ར་ནི༷་དམྱལ༷་བར༷་སྡུག་བསྔལ་ཆེན་པོ་མྱོང་ཞིང་གན༷ས་པར༷་འགྱུར༷་ཞེས༷་ཐུབ༷་པ༷ས་གསུངས་ཏེ། རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས། འཇམ་དཔལ་བྱང་ཆུབ་སེམས་དཔའ། བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བ་དང་བརྙས་པའི་སེམས་ཅི་ཙམ་པ་དེ་སྙེད་ཀྱི་བསྐལ་པར་སེམས་ཅན་དམྱལ་བར་གནས་པར་གོ་ཆ་བགོ་བར་བྱའོ། །ཞེས་གསུངས་སོ། །འོ༷ན་ཏེ༷་སེམས་ཅན་གང༷་སུ་ཞིག༷་གིས་ཡིད་རབ༷་ཏུ་དགའ་ཞིང་དང༷་བའི་སེམས་ཀྱིས་བྱང་ཆུབ་སེམས་དཔའ་དེའི་ཞལ་དུ་བལྟ་བར་བྱེད༷་ན༷་དེ༷་ཡི༷་འབྲས༷་བུ༷་ནི་དེའི་ཡུན་གྱི་སྐད་ཅིག་གི་གྲངས་དེ་སྙེད་ལས་ལྷག་པའི་བསྐལ་བའི་གྲངས་སུ་དགའ་ལྡན་ལྷའི་བདེ་བ་མྱོང་བ་ལ་སོགས་པ་རྒྱ་ཆེ་བས་ན་ངན་སེམས་ཀྱི་འབྲས་བུ་དེ་བ༷ས་ལྷག༷་པ༷ར་འཕེ༷ལ་བ་སྐྱེ་སྟེ། ངེས་པ་དང་མ་ངེས་པར་འཇུག་པའི་ཕྱག་རྒྱའི་མདོ་ལས། འཇམ་དཔལ་ཡོངས་སུ་བརྟག་པ་བཟུང་ནས་གལ་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཀྱི་མིག་ཕྱུང་བར་འགྱུར་ལ། ཡོངས་སུ་བརྟག་པ་བཟུང་སྟེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་སེམས་ཅན་དེ་དག་ཐམས་ཅད་ལ་བྱམས་པའི་སེམས་ཀྱི་དེ་དག་གི་མིག་བསྐྱེད་པ་བས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་གིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་དད་པའི་སེམས་ཀྱིས་བལྟ་ན། འདི་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པ་བསྐྱེད་དོ། །ཞེས་གསུངས་སོ། །རྒྱལ༷་སྲས༷་བྱང་ཆུབ་སེམས་དཔའ་རྣམ༷ས་ལ༷་དོ༷་ག༷ལ་ཏེ་ཁ་ཟས་མེད། རྒྱབ་གོས་མེད། ལག་ནོར་མེད། མི་ཤི་ཕྱུགས་འཐོར། ནད་གདོན་དགྲ་འདྲེའི་གནོད་འཚེ་སོགས་རྐྱེན་ངན་ཆེ༷ན་པོ༷ས་ཀྱང༷་ཞེས་ཆེན་པོ་ཇི་ཙམ་བྱུང་ཡང་ལྟས་ངན་གཡང་དུ་འགུག་ཅིང་རྐྱེན་ངན་གྲོགས་སུ་འཆར་བའི་གང་ཟག་ཡིན་པས་ན། ཆོས་ཀྱི་བར་ཆད་དུ་མི་འགྱུར་བས་སྡིག༷་པ༷་མི༷་འབྱུང༷་བར་མ་ཟད་སྡིག་པའི་བཤགས་མ། དགེ་བའི་བསྐུལ་མར་གྱུར་ཏེ་ངེས་འབྱུང་དང་བྱམས་སྙིང་རྗེ་སོགས་དགེ༷་བ༷་ངང༷་གི༷ས་གོང་ནས་གོང་དུ་འཕེ༷ལ་བར་འགྱུར་ཏེ་དཔེར་ན་རྒྱལ་བུ་སྦྱིན་པ་ལ་དགའ་བ་དང༌། རྒྱལ་པོ་གཙུག་ན་ནོར་བུ་བཞིན་ནོ། །དེ་ཡང་བྱང་སེམས་སྙིང་སྟོབས་ཞན་ཅིང་ཐབས་ལ་མི་མཁས་པ་རྣམས་ནི་རྐྱེན་ངན་ཕྲ་མོ་རེ་བྱུང་ཡང་མི་བཟོད་པ། ལྟོ་འགྲངས་ཉི་མས་དྲོས་ཚེ་ཆོས་པའི་གཟུགས། །རྐྱེན་ངན་ཐོག་ཏུ་བབ་ཚེ་ཐ་མལ་པ། །ཞེས་གསུངས་པ་ལྟ་བུ་དང༌། བློ་བརྟན་ཅིང་ཐབས་ལ་མཁས་པ་རྣམས་ནི། ཐོགས་མེད་ཀྱིས། སྣོད་བཅུད་སྡིག་པས་གང་བའི་ཚེ། །རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར། །ཞེས་སོགས་གསུངས་པ་ལྟར། ན་ཚ་སྡུག་བསྔལ་དགྲ་འདྲེ་སོགས་རྐྱེན་ངན་ཅི་བྱུང་ཡང་དེའི་དབང་དུ་མི་གཏོང་བར་བྱང་ཆུབ་སྒྲུབ་པའི་གྲོངས་སུ་འགྲོ་བ་ནི་མར་མེ་དང་ནགས་ཀྱི་མེ་ལ་རླུང་གིས་རིམ་པར་གནོད་པ་དང༌། གྲོགས་སུ་འགྲོ་བ་ལྟ་བུའོ། །གང་ཟག་མཆོག་དམན་གང༷་ལ༷་སེམ༷ས་ཀྱི༷་རྣམ་རྟོག་ཐམས་ཅད་ཀྱི་ནང་ནས་དམ༷་པ༷་སྲིད་ཞིའི་རྒུད་པ་ཐམས་ཅད་སེལ་བར་བྱེད་པའི་རི༷ན་ཆེ༷ན་བྱང་ཆུབ་ཀྱི་སེམས་དེ༷་སྐྱེས༷་པར་གྱུར་པ༷་དེ༷་ཡི༷་སྐུ་ལ་སྒོ་གསུམ་གུས་པ་ཆེན་པོའི་སྒོ་ནས་ཞི་བ་ལྷས་ཕྱག༷་འཚ༷ལ་ཞི༷ང༌། བྱང་ཆུབ་སེམས་དཔའ་གང༷་ལ༷་བརྙས་ཐབས་ལ་སོགས་པའི་གནོ༷ད་པ༷་བྱས་ཀྱང༌། བཟང་འབྲེལ་ཚེ་གཅིག་སངས་རྒྱས། ངན་འབྲེལ་འཁོར་བ་མཐའ་ཅན་ཞེས་པ་ལྟར་ཡིན་པས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་དང་ཐམས་མཁས་དང་སྨོན་ལམ་གྱི་སྟོབས་ཀྱིས་གནས་སྐབས་དང་མཐར་ཐུག་གི་བདེ༷་བ་དང་འབྲེལ༷་བ༷་སྟེ་ཐོབ་པར་མཛད་དེ་དཔེར་ན་དྲང་སྲོང་བཟོད་པར་སྨྲ་བ་དང༌། རྒྱལ་པོ་བྱམས་པའི་སྟོབས་བཞིན་ནོ། །དེས་ན་རྣམ་པ་ཐམས་ཅད་དུ་འབྲེལ་ཚད་དོན་དང་ལྡན་པས་འདི་ཕྱིའི་བདེ༷་བ༷་ཐམས་ཅད་པའི༷་འབྱུང༷་གན༷ས་སྐྱེས་བུ་དམ་པ་བྱང་ཆུབ་སེམས་དཔའ་དེ༷་རྣམ༷ས་ལ༷་སྐྱབ༷ས་སུ༷་མཆི༷་ཞེས་སྐྱབས་སུ་སོང་བ་ལྟར་བདག་ཅག་གིས་ཀྱང་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་བྱའོ། །འོ་ན་གོང་དུ་བྱང་སེམས་ལ་ངན་སེམས་བྱས་པས་དམྱལ་བར་སྐྱེ་ཞེས་དང༌། འདིར་གནོད་པ་བྱས་པས་བདེ་བ་དང་འབྲེལ་ཞེས་པ་གཉིས་མི་འགལ་ལམ་ཞེ་ན་མི་འགལ་ཏེ། སྔ་མ་ནི་ལས་འབྲས་བསླུ་མེད་ཡིན་པའི་ངོས་ནས་ངན་སེམས་ཀྱི་འཕྲལ་དུ་དམྱལ་བར་སྐྱེ་བ་ལ་དགོངས་པ་དང༌། འདིར་བྱང་ཆུབ་སེམས་དཔའི་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ཀྱིས་ཐབས་ལ་མཁས་པ་དང་སྨོན་ལམ་དབང་བཙན་པས་རྗེས་སུ་འཛིན་པ་ལ་དགོངས་པ་ཡིན་པས་སོ། །དེ་ལྟར་སེམས་བསྐྱེད་རྒྱུད་ལྡན་ལ་ཡོན་ཏན་ཡོད་པར་ཤེས་པའི་དོན་པོ་རང་གིས་བྱང་སེམས་རྣམས་ལ་སྔར་སྒོ་གསུམ་གྱི་ཉེས་པ་གང་བྱས་ལ་བཤགས་སྡོམ་བྱེད་ཅིང་སྐྱབས་སུ་འཛིན་ན་དོན་འབྲས་བྱུང་བ་ཡིན་གྱི་ཤེས་ཤིང་བཤད་པ་ཙམ་གྱིས་ཅི་ཡང་མི་འོང་བས་སེམས་ཐོག་ཏུ་བླངས་ཏེ་བསྒོམ་དགོས་དེའང་སྤྱིར་བོད་འདི་འཕགས་པ་ཐུགས་རྗེ་ཆེན་པོའི་འདུལ་ཞིང་ཐེག་ཆེན་གྱི་རིགས་ཅན་དུ་གསུངས་ཤིང་དེང་ཕལ་ཆེར་དབང་མ་ཐོབ་པའང་མེད་པས་བྱང་ཆུབ་སེམས་དཔའ་ལྷར་བཅས་འགྲོ་བའི་ཕྱག་མཆོད་ཀྱི་གནས་སུ་གྱུར་པ་ལ་སོགས་པའི་ཡོན་ཏན་མང་པོ་དང་ལྡན་པའི་གང་ཟག་ཁྱད་པར་ཅན་ཞིག་ཡིན་ལ་མ་འོངས་པའི་སངས་རྒྱས་ཀྱང་ཡིན་པས་དེ་དག་ལ་རང་གིས་སྔོན་ཆད་ལོག་ལྟ་སྒྲོ་སྐུར་སོགས་བྱས་པ་ཡོད་ན་བཤགས་སྡོམ་བྱ་ཞིང༌། དེང་ཕྱིན་ཆད་དག་སྣང་སྦྱང་བ་དང་ཕྱག་མཆོད་དང་སྐྱབས་གནས་སུ་འཛིན་དགོས་ཏེ། སྙིགས་མའི་དུས་ན་བྱང་སེམས་རྣམས་ལ་གང་ཟག་གཞན་ལ་བསྟེན་པའི་ཉེས་པ་ཤིན་ཏུ་འབྱུང་ཉེ་བར་མདོ་ལས་གསུངས་པས་ན་སེམས་ཅན་རྣམས་ཀྱི་སྐྱོན་ལ་མི་ལྟ་བར་དག་སྣང་སྦྱངས་པ་གལ་ཆེ་སྟེ་རྒྱ་གར་གྱི་བྲམ་ཟེ་ཟླ་བ་ལྷར་འཛིན་པ་རྣམས་ཀྱིས་ཟླ་བ་ཉ་བ་ལ་ཕྱག་མི་བྱ་བར་ཚེས་ཀྱི་ཟླ་བ་ལ་ཕྱག་བྱ་བ་ལྟར་བྱང་སེམས་ལ་ཕྱག་བྱ་བར་གསུངས་པ་དང༌། གལ་ཏེ་ཉེས་པའི་སྐྱོན་ཞིག་ཡོད་ན་ཡང་དེ་འདུས་བྱས་ཡིན་པའི་ཕྱིར་ལམ་བསྒོམ་པའི་སྟོབས་ཀྱིས་ཟད་དེ་སངས་རྒྱས་པར་འགྱུར་བ་ཡིན་གྱི་དང་པོ་ནས་སྐྱོན་མེད་པ་ཞིག་གིས་སངས་རྒྱས་ཐོབ་པ་མ་ཡིན་པས་ན་སེམས་ཅན་གྱི་ཉེས་སྐྱོན་ལ་མི་བལྟ་བ་འདི་གལ་ཆེ་བའི་མན་ངག་ཡིན་གསུངས། ལེའུའི་མཚན་ནི། བྱང༷་ཆུབ༷་སེམ༷ས་དཔ༷འི་སྤྱོད༷་པ༷་ལ༷་འཇུག༷་པ༷་ལ༷ས་བྱང༷་ཆུབ༷་སེམ༷ས་ཀྱི༷་ཕ༷ན་ཡོ༷ན་བཤ༷ད་པ༷་ཞེས༷་བྱ༷་བ༷་སྟེ༷་ལེ༷འུ་དང༷་པོ༷འོ།། ༈ །།ལེའུ་གཉིས་པ་སྡིག་པ་བཤགས་པའི་ལེའུ་ལ། གཞུང་དང༌། མཚན་ནོ། །དང་པོ་ལ། མཆོད་པ་འབུལ་བའི་ཡན་ལག །ཕྱག་འཚལ་བའི་ཡན་ལག །སྐྱབས་སུ་འགྲོ་བའི་ཡན་ལག །སྡིག་པ་བཤགས་པའི་ཡན་ལག་དང་བཞི་ལས། དང་པོ་ལ། དངོས་སུ་འབྱོར་པའི་མཆོད་པ། ཡིད་ཀྱིས་སྤྲུལ་པའི་མཆོད་པ། སྨོན་ལམ་སྟོབས་ཀྱིས་མཆོད་པ། བླ་ན་མེད་པའི་མཆོད་པ། བསྟོད་པ་དབྱངས་ཀྱི་མཆོད་པ་དང་ལྔ་ལས། དང་པོ་ལ། བདག་པོས་ཡོངས་སུ་བཟུང་བའི་མཆོད་པ། བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པ། ལུས་འབུལ་བའི་མཆོད་པ་དང་གསུམ་ལས། དང་པོ་ནི། ཡོན་ཏན་གྱི་ཁྱད་པར་དེ་ལྟ་བུ་དང་ལྡན་པའི་རིན་ཆེན་བྱང་ཆུབ་ཀྱི་སེམས་དེ་རྒྱུ་མེད་རྐྱེན་མེད་དུ་མི་འབྱུང་བས་རྒྱུ་ཚོགས་ཚང་དགོས་ལ། དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས་ཚོགས་རྫོགས་པ་དང༌། ཐོགས་མེད་ཀྱིས་སེམས་དྭངས་བ་ཞིག་གི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་སྐྱེ་བར་གསུངས་ཤིང༌། ཚོགས་བསགས་པ་ཐམས་ཅད་ཀྱི་མཆོག་མཆོད་པ་ཡིན་ཞིང་མཆོད་པ་རྣམ་དག་ཞིག་བཤམས་པས་སེམས་དྭངས་བར་ཡང་འགྱུར་རོ། །དེའི་ཕྱིར་སྔོན་མཉམ་མེད་ཇོ་བོ་རྗེར་བོད་ཀྱིས་སེམས་བསྐྱེད་ཞུས་པ་ན་མཆོད་པ་བཤོམས་གསུངས། བཤམས་པ་ན་འདི་འདྲས་མི་འོང་གསུངས་ནས་མ་གནང༌། ཡང་བཤམ་པ་ལའང་དེ་ལྟར་གསུངས། ཡང་དེ་བས་ཆེར་བཤམས་པ་ན་འོང་ཙམ་གསུངས་ནས་གཟོད་གནང་བས་ན་མཆོད་པ་གལ་ཆེའོ། །དེས་ན་རང་ལ་གང་ཡོད་ཀྱི་ལོངས་སྤྱོད་ཆ་གསུམ་དུ་བྱས་པའི་ཆ་གཅིག་རང་གི་འཚོ་བའི་ཆ་རྐྱེན་དུ་བཞག་ནས་ཆ་གཉིས་དཀོན་མཆོག་གི་མཆོད་པར་སྦྱོར་དགོས་པར་གསུངས། མཆོད་པ་དེ་ཡང་དག་པ་རྣམ་པ་གསུམ་གྱི་སྒོ་ནས་མཆོད་དགོས་ཏེ། བསམ་པ་དག་པ་ནི། རི༷ན་ཆེ༷ན་བྱང་ཆུབ་ཀྱི་སེ༷མས་དེ༷་རང་རྒྱུད་ལ་བཟུང༷་བ༷འམ་བསྐྱེད་པར་བྱ༷་བའི་ཕྱིར༷་རམ་ཆེད་དུ་འབུལ་བའོ། །ཞིང་དག་པ་ནི། ཆོས་ཉིད་དེ༷་བཞི༷ན་ཉིད་དང་རྗེས་སུ་མཐུན་པར་གཤེ༷གས་པ༷་སངས་རྒྱས་བཅོམ་ལྡན་འདས་རྣམ༷ས་ད༷ང༌། གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་ཉིད་ནི་འགོག་པ་དང༌། །ལམ་གྱི་བདེན་པ་དག་གིས་བསྡུས། །ཞེས་གསུངས་པ་ལྟར། གང་གིས་ཆགས་པ་དང་བྲལ་བར་བྱེད་པ་ལམ་གྱི་བདེན་པ་དང༌། གང་ཆགས་པ་དང་བྲལ་བ་འགོག་པའི་བདེན་པ་སྟེ་དམ༷་པའི༷་ཆོས༷་དཀོ༷ན་མཆོ༷ག་དྲི༷་མ༷་མེ༷ད་པ་དང༷༌། ས༷ངས་རྒྱས༷་ཀྱི་སྲས༷་བྱང་ཆུབ་སེམས་དཔའ་རྣམས་ས་དང་པོ་ཐོབ་ཚེ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས། གཉིས་པར་སྟོང་ཕྲག་བཅུ་གཉིས་ལ་སོགས་པའི་ཡོ༷ན་ཏན༷་རྒྱ༷་མཚོ༷་ལྟ་བུའི་བདག་ཉིད་ཅན་རྣམ༷ས་ལ༷། དངོས་པོ་དག་པ་ནི། ལེ༷གས་པར༷་ཏེ་རྒྱུ་བཟང་བ་སྤུས་གཙང་བ་བཀོད་ལེགས་པ་སྟེ། དེ་ཡང་རྒྱུ་བཟང་བ་ལོག་འཚོ་དང་སྡིག་པས་མ་སྒྲུབས། ང་རྒྱལ་དང་ངོམ་ཆོས་སུ་མ་སོང༌། སེར་སྣ་དང་འཇུར་འགེགས་ཀྱིས་མ་བཅིང་བ་དང༌། གཙང་སྒྲ་དང་བཅས་པས་སྤུས་གཙང་བ་རང་ལ་ཡོད་ཚོད་ཀྱི་དངོས་པོ་གང་ལེགས་གང་གཅེས་གང་དཀོན་པ་དེས་མཆོད་ན་སེར་སྣའི་གཉེན་པོར་ཡང་འགྲོ། གཞན་དུ་ཐུད་ཀྱི་སྔོ་ས་དང་ལོ་མའི་སེར་ས་སོགས་ཀྱིས་མཆོད་ན་བསོད་ནམས་མཛད་པའི་རྒྱུར་འགྲོ་བས་མི་རུང་ངོ༌། །བཀོད་ལེགས་པ་སྟེ་མཐོ་དམན་མེད་པར་ཁོད་སྙོམས་པ། ཡོ་འཁྱོགས་མེད་པར་དྲང་བ། བདུན་ཚར་སོགས་བྱི་དོར་བྱས་པ། ལེགས་པར་བཀང་བ་ཞིག་དགོས་ཀྱི། ཆུ་སོགས་ཀྱིས་མ་ཁེངས་ན་ལོངས་སྤྱོད་དབུལ་བའི་ཉེས་པ་དང༌། ཕྱིར་བོ་ན་ཚུལ་ཁྲིམས་འཆལ་བའི་ཉེས་པ་འབྱུང་ཞིང༌། ཡོན་ཆབ་ཏུ་མཆོད་ནས་འཐོར་བས་སྐྲན་ནད་འབྱུང་བ་སོགས་སྐྱོན་དང་བྲལ་བར་བཤམས་སྟེ་མཆོ༷ད་དགོས་སོ། །གཉིས་པ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་མཁོ་དགུའི་དཔལ་འབྱོར་རང་གིས་མཐོང་ཐོས་གང་ཡོད་འབུལ་བ་སྟེ། འདི་དག་གི་རྣམ་པ་ཡིད་ལ་དྲན་པའམ་མིང་ཙམ་མམ་དེ་དང་དེ་ལྟ་བུ་ཡོད་པས་འབུལ་བ་ཡིན་ནོ་སྙམ་པས་ཆོག་ལ། དེ་ཡང་དངོས་པོ་གང་དང་གང་འབུལ་ན་དག་པའི་ཞིང་དང་ལྷ་ཀླུ་མི་སོགས་མཐའ་ཡས་པའི་ཞིང་རྣམས་སུ་པད་མ་དཀར་པོ་དང་མནྡ་ར་དང་ཨུཏྤལ་ལ་སོགས་པ་ཆུ་དང་ཐང་ལས་སྐྱེས་པའི་མེ༷་ཏོག༷་ཇི་སྙེད་ཡོད་པ་དང་བིལྦ་དང་ཨ་སྨྲ་དང་ནས་འབྲས་གྲོ་ལ་སོགས་པ་འབྲས༷་བུ༷་ཇི༷་སྙེད༷་ཡོད༷་པ༷་དང༷༌། སྨན༷་གྱི་རྒྱལ་པོ་གི་ཝཾ་དང་བཟང་དྲུག་སོགས་ལ་སྨན་རྩི་སྨན་རྡོ་སྨན་ལྡུམ་སྨན་གྱི༷་རྣམ༷་པ༷འམ་རིགས་སུ་གཏོགས་པ་ག༷ང་དག༷་ཡོ༷ད་པ༷་དང༷༌། འཇི༷ག་རྟེན༷་གྱི་ཁམས་ན་དགོས་འདོད་ཀུན་འབྱུང་གི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང༌། བཻཌཱུརྱ་དང༌། ཨིནྡྲ་ནཱི་ལ་ལ་སོགས་པའི་རི༷ན་ཆེ༷ན་གང་ཇི་སྙེད༷་ཡོ༷ད་པ༷་དང༷༌། མདོ་ལས། བསིལ་དང་ཞིམ་དང་ཡང་དང་འཇམ། །དྭངས་བའི་ཆུ་ནི་དྲི་མ་མེད། །འཐུང་ན་ལྟོ་ལ་མི་གནོད་ཅིང༌། །མགྲིན་པ་ལ་ནི་མི་གནོད་པ། །ཞེས་ཡན་ལག་བརྒྱད་ལྡན་གྱི་ཆུ་མཚོ་མ་དྲོས་པ་དང་དེའི་ཕྱོགས་བཞི་ནས་ཤར་གངྒ། ལྷོ་སིན་དྷཱུ། ནུབ་པཀྵུ། བྱང་སི་ཏ་སྟེ་ཁ་འབབ་ཀྱི་ཆུ་བོ་ཆེན་པོ་བཞི་དང་རོལ་པའི་མཚོ་བདུན་ལ་སོགས་པ་ཆུ་གཙ༷ང་མ་ཡིད༷་དུ༷་འོ༷ང་བ༷་ཅི༷་ཡོ༷ད་དང༷༌། མཉམ་མེད་ཇོ་བོས་ཀྱང་བོད་འདིར་ཆུ་ལེགས་པས་འདི་ཉིད་གཅིག་པུའི་ཚོགས་བསགས་ཀྱང་ཆོག་ཅེས་གསུངས། རི༷ན་ཆེ༷ན་སྣ་བཞི་ལས་གྲུབ་པའི་རིའི་རྒྱལ་པོ་རི་རབ་དང་གསེར་གྱི་རི་བདུན་ལ་སོགས་པའི་རི༷་བོ༷་དང༷་ནི་དེ༷་བཞི༷ན་དུ༷་ནག༷ས་ཚ༷ལ་གྱི་མཐོངས་ཞེས་མཐའ་ཙན་དན་སོགས་ཀྱིས་བསྐོར་བའི་དབེན་གནས་ཉམས་དགའ་བ་དང༌། ས༷་ཕྱོག༷ས་གཡུའི་མཎྜལ་ཕྱིས་པ་ལྟ་བུ་ལ་མེ་ཏོག་སྣ་ཚོགས་བཀྲ་བས་མཛེས་པ་ཉིན་མོ་མིའི་རྒྱུ་འགྲུལ་དང་མཚན་མོ་སྒྲའི་ཅ་ཅོ་མེད་པས་དབེ༷ན་ཞིང་ཉ༷མས་དག༷འ་བ་རྣམས་དང༷༌། ལྗོན༷་པའི་ཤིང༷་མེ༷་ཏོག༷་ཁ་དོག་སྣ་ཚོགས་པའི་རྒྱན༷་གྱིས་སྤྲས༷་ཤིང་སྤུད༷་པ༷་སྟེ་ཕྲ་ཚོམ་བཀོད་པ་ལྟར་མཛེས་པ་དང༷༌། ཤིང༷་གང༷་ཞིག་རྒུན་འབྲུམ་ལ་སོགས་པ་ཁ་དོག་དང་དྲི་རོ་ཕུན་སུམ་ཚོགས་པའི་འབྲ༷ས་བུ་བཟ༷ང་ལ་མང་བའི་ལྗིད་ཀྱིས་ཡ༷ལ་ག༷་རྣམས་དུད༷་པ་སྟེ་དམའ་བར་འདུག་པ་དང༷༌། ལྷ༷་ཀླུ་ལ་སོག༷ས་པའི་འཇི༷ག་རྟེན༷་གྱི་ཁམས་ན༷་ཡང༷་ཙན་དན་ས་མཆོག་ལ་སོགས་པའི་དྲི༷་ཡི་ཤིང་དང༷་ནི༷། ཨ་ག་རུ་ལ་སོགས་པའི་ལྷན་སྐྱེས་དང༌། སྦྱར་བྱུང་གི་སྤོས༷་དང༷༌། ཡོངས་འདུས་ས་བརྟོལ་གྱི་ལྗོན་པ་སོགས་བློས་ཇི་ལྟར་དཔག་ཅིང་བསམ་པ་ཐམས་ཅད་འབྱུང་བས་དཔ༷ག་བས༷མ་གྱི་ཤིང༷་དང༷༌། བདེ་བ་ཅན་གྱི་ཞིང་ལ་སོགས་པར་གསེར་ལ་སོགས་པའི་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ་ལ་སོགས་པའི་རི༷ན་ཆེ༷ན་སྣ་ཚོགས་ཀྱི་ཤིང༷་དང༌། གཤོལ་གྱིས་མ༷་རྨོས༷་ཤིང་ས་བོན་མ་བཏབ་པར་རང་འཁྲུང༷ས་པ༷འི་འབྲས་སཱ་ལུ་ལ་སོགས་པའི་ལོ༷་ཏོག༷་གི་རྣམ༷་པ་མང་པོ་དང༷༌། དེ་དག་ལས་གཞ༷ན་ཡ༷ང་རེ་རེ་ནས་བརྗོད་ཀྱིས་མི་ལང་བའི་མཆོ༷ད་པ༷ར་འོས་པའི༷་རྒྱན༷་གྱི་རྣམ་གྲངས་ཇི་སྙེད་ཡོད་པ་རྣམ༷ས་དང་ནི༷། གྲགས་པའི་མཚོ༷་ཆེན་བཞི་དང༌། དྲི་མེད་མདངས་ལྡན་གཡུ་ཡི་མཚོ་ལ་སོགས་པའི་མཚོ་ཆེན་པོ་ཁ་དོག་སྣ་ལྔ་པདྨས་བརྒྱན་པ་དང༷་རྫིང༷་བུ༷་ཆུང་ངུ་མང་པོ་པ༷དྨས༷་བརྒྱན༷་པ༷་དང་དེ་དག༷་ལ་ང༷ང་པ༷་དང་བཞད་ལ་སོགས་པའི་བྱ་རིགས་སྣ་ཚོགས་དུང་གི་མདོག་ལྟར་དཀར་བ། གསེར་གྱི་མདོག་ལྟར་སེར་བ། བྱུ་རུའི་མདོག་ལྟར་དམར་བ། གཡུ་ཡི་མདོག་ལྟར་ལྗང་བ་ལ་སོགས་པས་མཛེས་པའི་སྤུ་སྡུག་ངོམས་ཤིང་ཤིན༷་ཏུ༷་སྙན་པའི་སྐད༷་སྙན༷་སྒྲོགས་པ་ཡི༷ད་དུ་འོང༷་བ་དང་ལྡན༷་པ་དང༌། ཤར་ཉི་ཟླ་གཉིས་ཀྱི་སྒྲོན་མེ་འོད་ལམ་མེ། ལྷོ་ཙན་དན་ནགས་ཀྱི་བདུག་སྤོས་དྲི་ཞིམ་ཐུལ་ལེ། ནུབ་གངས་དཀར་མར་གྱི་ལྷ་བཤོས་དཀར་ཟེངས་སེ། བྱང་རྫ་ཆབ་སྔོན་མོའི་མཆོད་ཡོན་དྭངས་སེང་ངེ་བ་ལ་སོགས་པ་གང་ཇི་སྙེད་ཡོད་པ་རྣམས་ལས། མེ་ཏོག་ལ་སོགས་པ་དེ་དག་རེ་རེ་ཡང་གྲངས་ཀྱི་ཁྱད་པར་ནམ༷་མཁ༷འ་རབ༷་འབྱ༷མས་ཁ༷མས་ཀྱི༷་མཐ༷ས་གཏུག༷ས་པ༷་སྟེ་ཚད་མེད་པའི་ནམ་མཁའི་གར་ཁྱབ་ཏུ་ཁྱབ་ཅིང་ཡོད་པ་ཐམས་ཅད་དང༌། ཁ་ན་མ་ཐོ་བ་མེད་པའི་ཁྱད་པར་བདག་པོའི་ཡོ༷ངས་སུ༷་བཟུང༷་བ༷་མེད་པ༷་སྒྲ་མི་སྙན་པའི་ལོངས་སྤྱོད་ལྟ་བུ་དེ༷་དག༷་ཀུན༷། སྦྱོར་བའི་ཁྱད་པར་བློ༷་ཡིས༷་བླ༷ངས་ནས༷་ཞེས་སེམས་ཐོག་ཏུ་བཟུང་སྟེ་རང་གི་ཡིན་པ་ལྟ་བུའི་འདུ་ཤེས་བསྐྱེད་ཅིང་ཕངས་སེམས་མེད་པར། ཞིང་གི་ཁྱད་པར་སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་བསྲུང་བ་མེད་པར་ཐུབ་པས་ཐུབ༷་པ༷་འགྲོ་དྲུག་ལས་སྙིང་སྟོབས་ཆེ་བའི་སྐྱེས༷་བུ་རྐང་གཉིས་མི་རྣམས་ཀྱི༷་མཆོ༷ག་སངས་རྒྱས་བཅོམ་ལྡན་འདས་སྲས༷་བྱང་ཆུབ་སེམས་དཔའི་ཚོགས་དང༷་བཅ༷ས་པ༷་རྣམ༷ས་ལ༷་ལེག༷ས་པར་སྟེ་རིན་ཆེན་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་སྐྱེ་བའི་དོན་དུ་འབུལ༷་ན༷། ཡོན་ཡོངས་སུ་སྦྱོང་བ་ཆེན་པོ་སྟེ་ཡོན་ཆུང་ངུ་ཙམ་ཕུལ་ན་འབྲས་བུ་ཆེན་པོ་སྦྱིན་པ་མཛད་པ་དཔེར་ན་སངས་རྒྱས་ལ་སྲན་རྡོག་བདུན་ཕུལ་བས་མི་དབང་ང་ལས་ནུ་དང་བྱེ་མ་སྤར་གང་གཏོར་བས་ཆོས་རྒྱལ་མྱ་ངན་མེད་དུ་གྱུར་པ་ལྟ་བུའི་ཡོ༷ན་གན༷ས་ཀྱི་དམ༷་པ༷་སེམས་ཅན་རྣམས་ལ་གཡོ་དང་སྒྱུ་མེད་པར་ཕན་པར་བཞེད་པའི་ཐུག༷ས་སྙིང་རྗེ༷་ཆེ༷་བ་རྣམ༷ས་ཀྱིས༷་བད༷ག་ཅག་ལ༷་བརྩེར༷་དགོ༷ངས་ཞེས་ཐུགས་བརྩེ་བ་ཆེན་པོར་ཉེ་བར་དགོངས་ཏེ་བད༷ག་གི༷་མཆོད་པ་འདི༷་དག༷་བ༷ཞེས་པར་མཛད་དུ་གསོལ་ཞེས་སོ། །དེ་དག་འབུལ་དགོས་པའི་རྒྱུ་མཚན་བད༷ག་ནི༷་སྔོན་གྱི་སྦྱིན་པ་ལ་སོགས་པའི་བསོ༷ད་ན༷མས་དང་མི༷་ལྡན༷་པས་ཚེ་འདིར་ལོངས་སྤྱོད་འབུལ་བས་བཀྲེན༷་ཆེ༷ན་ཏེ༷་སྤྲང་པོའི་ནང་ནས་དབྱུག་བཟུང་ལྟ་བུར་འགྱུར་བས་ན་མཆོ༷ད་པར་འོས་པའི༷་ནོར༷་སྔར་བསྟན་པ་དེ་དག་ལས་གཞ༷ན་དངོས་སུ་བད༷ག་ལ༷་ཅང༷་མ༷་མཆི༷ས་ཏེ་མེད་པ་དེས༷་ན༷་དང་པོ་ཐུགས་བསྐྱེད་པ་ནས་བཟུང་སྟེ་རང་འདོད་མེད་པར་སེམས་ཅན་ཐམས་ཅད་ཀྱི་ཚོགས་རྫོགས་ཤིང་སྒྲིབ་པ་དག་ན་ཅི་མ་རུང་སྙམ་པས་གཞ༷ན་དོ༷ན་འབའ་ཞིག་དགོང༷ས་པའི༷་མགོ༷ན་པོ་རྒྱལ་བ་སྲས་དང་བཅས་པ་ཀུན་གྱིས༷་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པ་འདི༷་རྣམས་དངོས་འཛིན་ཐམས་ཅད་དང་བྲལ་བས་ཁྱེད་ལ་ཕོངས་པ་མི་མངའ་ཡང་བད༷ག་ཅག་གི༷་ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་དག་པའི་དོ༷ན་གྱི་སླད༷་དུ་ཉིད༷་རྣམས་ཀྱི༷་རྫུ་འཕྲུལ་གྱི་མཐུས༷་ཞིང་ཁམས་སོ་སོ་ནས་ལེགས་པར་བཞེས༷་ཤི༷ག་ཅེས་ཏེ་དེ་ལྟར་རང་ལ་འབུལ་བའི་ནུས་པ་ཡོད་ན་རྒྱལ་བ་སྲས་བཅས་ལ་མཁྱེན་པ་དང་བརྩེ་བའི་ཐབས་མཁས་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས་བཞེས་པར་མཛད་ནས་བདག་ཅག་གི་ཚོགས་རྫོགས་ཤིང་སྒྲིབ་པ་དག་པར་ཡང་མཛད་པར་འགྱུར་ཞེས་གསུངས། གསུམ་པ་ནི། བདུད་བཞིའི་གཡུལ་ལས་རྒྱལ་བས་ན་རྒྱལ༷་བ་སངས་རྒྱས་བཅོམ་ལྡན་འདས་དང༷་དེ༷་ཡི་སྲས༷་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམ༷ས་ལ༷་བད༷ག་གིས༷་ནི༷་ད་ནས་བཟུང་སྟེ་ཚེ་རབས་རྣམས་སུ་བདག༷་རང་གི༷་ལུས༷་གཅེས་ཤིང་ཕངས་པ་དགོས་ཤིང་མཁོ་བ་འདི་ཀུན༷་དུས་གཏན༷་དུ༷་རྒྱུན་མི་འཆད་པར་དབུལ༷་བར༷་བགྱི༷་ཡི། སེམ༷ས་དཔ༷འ་མཆོ༷ག་རྒྱལ་སྲས་རིགས་གསུམ་མགོན་པོ་སོགས་ཁྱེད་རྣམ༷ས་ཀྱིས་བད༷ག་ནི༷་ཡོང༷ས་སུ་བཞེ༷ས་ཤིག༷་སྟེ་བཞེས་ནས་བདག་གིར་མཛོད་ཅིག་དང༌། སྒོ་གསུམ་གུས༷་པས༷་ཁྱེད༷་རྣམས་ཀྱི༷་འབང༷ས་སུ་མཆི༷་བ་སྟེ་འོང་ནས་བཀའ་བཞིན་བསྒྲུབས་པར༷་བགྱི༷འོ། །བད༷ག་ནི༷་ཁྱེད༷་རྣམས་ཀྱིས༷་ཡོ༷ངས་སུ༷་བཞེས་ཏེ་བྲན་གྱི་ཚུལ་དུ་རྗེས་སུ་བཟུང༷་བ༷ས་ཞེས། བདག་གིར་མཛད་ན༷་ཁྱེད་རྣམས་ཐུགས་མཉེས་པར་བགྱི་བའི་སླད་དུ་སྲིད༷་པ་འཁོར་བར་གནས་ན༷་ཡང་གཞན་དོན་དུ་འཁོར་བའི་སྡུག་བསྔལ་ལ་མི༷་འཇི༷གས་པར་སེ༷མས་ཅ༷ན་ཐམས་ཅད་ལ་ཕ༷ན་བདེའི་དོན་བསྒྲུབ་པ༷ར་བགྱི༷་ཞིང༌། དེ་ལྟ་ན་བདག་ཉིད་མི་དགེ་བ་སྤྱོད་པའི་སྡིག་པ་དང་ལྡན་ན་ཁྱེད་རྣམས་ཀྱི་མཚན་སྙན་གྲགས་དབུ་འཕང་ལ་གནོད་ཅིང་གཞན་དོན་ལྟ་ཅི་རང་དོན་ཡང་མི་ནུས་པས་སྔོ༷ན་གྱི༷་སྡིག༷་པ་རྣམས་ལས༷་ཡ༷ང་ད༷ག་པར་འད༷འ་སྟེ་བཤགས་པ་བགྱིད༷་ཅིང༷་སྡིག༷་པ༷་གཞ༷ན་གང་ཡ༷ང་སླ༷ན་ཆ༷ད་མི༷་བགྱིད༷་དོ༷་ཞེས་སྡོམ་སེམས་ཀྱིས་དམ་བཅའའོ། །དེ་ལྟར་ལུས་འབུལ་བ་ནི་བསྲུང་བ་རྣམས་ཀྱི་མཆོག་ཡིན་པར་ཡང་གསུངས། གཉིས་པ་ཡིད་ཀྱི་སྤྲུལ་པའི་མཆོད་པ་ལ། ཁྲུས་དང་སྐུ་ཕྱི་སོགས་འབུལ་བ་དང༌། ཉེར་སྤྱོད་ཀྱི་མཆོད་པ་གཉིས་ལས། དང་པོ་ནི། ཟས་ཀྱི་སྔ་ཕྱིར་ཁྲུས་དང་རྐང་པ་བཀྲུ་བ་དྲིས་བྱུག་པ་མེ་ཏོག་གི་ཕྲེང་བས་མགོ་ལ་བརྒྱན་པ་ལ་སོགས་པའི་འཇིག་རྟེན་པའི་ཉེར་སྤྱོད་དང་མཐུན་པར་མཛད་པ་སྟེ། དེ་ཡང་རྒྱལ་བ་སྲས་བཅས་ལ་ཉེས་པའི་དྲི་མ་མེད་ཀྱང་བདག་སོགས་འགྲོ་བའི་སྒོ་གསུམ་གྱི་དྲི་མ་ཁྲུས་ཀྱིས་སྦྱང་ཕྱིར་ལྷ་ལ་ཁྲུས་གསོལ་བ་སྟེ། མདུན་གྱི་ནམ་མཁར་ཁྲུས༷་ཀྱི༷་ཁང༷་པ་གཅིག་གམ་མང་པོ་ཙན་དན་དང་ག་བུར་ལ་སོགས་པས་བསྒོས་པས་ཤི༷ན་ཏུ་དྲི༷་ཞིམ༷་པ༷། ཤེལ༷་སྣ་ལྔའི་རང་བཞིན་གྱི༷་ས༷་གཞི༷་བཀོད་པ་ཕྲ་ཆེན་ལྟར་མཛེས་པ་དྲི་མ་མེད་པས་གས༷ལ་ཞིང༷་འོད་འཕྲོ་བས་འཚེ༷ར་བ༷་ཁོད་སྙོམས་པས་བསྟར༷་བའི་བུག་པ་ལ་ཐེམ་བུས་བཅད་པ། རི༷ན་ཆེ༷ན་སྣ་བདུན་ནམ་ཤེལ་སོགས་འོད་ཟེར་སྣ་ཚོགས་འབ༷ར་བའི༷་ཀ༷་བ༷་ཕྱོགས་ཀྱི་མདོག་ཅན་ཡིད༷་དུ་འོང༷་བ་དང་ལྡན༷་པ་བཞི། དེའི་རྩ་བར་འབོར་ཞེས་ཆུ་བརྟེན་པའི་ར་བ་མི་ལང་བའི་སྐེད་པར་སླེབ་པ་དང༌། སྐེད་པར་འཕྲེད་དུ་ཀ་སྒྲོག་བཞི་དང་སྟེང་སྐོར་ཁེབ་བྱས་པ་ལ་ནང་ངོས་སོགས་ཀྱི་སྟེང་དུ་མུ༷་ཏིག༷ །ལྔ་ལ་སོགས་པའི་རིན་པོ་ཆེ་འོད༷་འབར་ཞིང་ཆ༷གས་པའི་བླ༷་རེ༷་དང་འཕན་གདུགས་རྒྱལ་མཚན་བ་དན་དྲ་བ་དང་དྲ་ཕྱེད་ལ་སོགས་པས་རབ་ཏུ་མཛེས་པར་བྲེས༷་ཤིང་བརྒྱན་ཏེ་དེའི་དབུས་རྒྱ་མཐོངས་ཀྱི་སྟེང་ཀ་ཐུང་གིས་བཏེགས་པའི་རྒྱ་ཕིབ་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཏོག་གིས་བརྒྱན་པའི་ནང་དུ་རིན་པོ་ཆེའི་ཁྲི་སྣ་ཚོགས་པ་དང་བཅས་པར་བསྒོམ་པ༷་དེར༷། ཆོས་ཉིད་དེ་བཞིན་ཉིད་དང་རྗེས་སུ་མཐུན་པར་གཤེགས་པས་དེ༷་བཞི༷ན་གཤེགས་པ་རྣམས་ཐུགས་ཆོས་སྐུའི་དགོངས་པ་ལས་མ་གཡོས་བཞིན་དུ་གཟུགས་སྐུ་ཡེ་ཤེས་སྒྱུ་མའི་རྣམ་རོལ་གང་འདུལ་གྱི་རྣམ་པ་དང༷༌། དེ༷་ཡི༷་སྲས༷་བྱང་ཆུབ་སེམས་དཔའི་འཁོར་ཚོགས་རྒྱ་མཚོ་དང་བཅས་པར་བྱོན་པ་རྣམ༷ས་ཀྱི་ན་བཟའ་ཀ་སྒྲོག་གི་སྟེང་དུ་བཀལ་ཏེ། རང་ངམ་སྤྲུལ་པའི་མཆོད་ལྷ་རྣམས་ཀྱིས་ཁྲུས་རས་དཀར་པོ་སྐུ་ཤ་མི་སྒྲིབ་པ་ཕུལ་ཏེ་མནབ་པ་ལ༷་བཻཌཱུརྱ་ལ་སོགས་པའི་རི༷ན་ཆེ༷ན་བུམ༷་པ༷་ཆེ་ཞིང་མཛེས་པ་མང༷་པོ༷་དག་བྱེད་ཀྱི་རྫས་དང་དྲི་བཟང་སྣ་ཚོགས་པའི་སྤོས༷་ཀྱི༷་ཆུ༷་ཡིད༷་དུ་འོང༷་བས་སུམ་གཉིས་ལེག༷ས་པ༷ར་བཀ༷ང་བ༷་ཡོ་བའི་ཚུལ་གྱིས་དབང་ཁྲུས་བྱས་པ་དང་ཆབ་གཅིག་ཁྲུས་ཁང་གི་ཕྱི་རོལ་འོད་ཀྱི་འདོད་སྣམ་གྱི་སྟེང་དུ་མཆོད་པའི་ལྷ་མོ་མཛེས་ཤིང་བལྟ་ན་སྡུག་པ་རྣམས་ཀྱིས་ལ་ལས། གང་ཚེ་རྐང་གཉིས་གཙོ་བོ་སོགས་ཡིད་འཕྲོག་པའི་བསྟོད་པའི་གླུ༷་དབྱངས་སྙན་པ་དང༷་ནི༷་ལ་ལས་རྔ་ཟླུམ་གླིང་བུ་ལ་སོགས་པའི་རོ༷ལ་མོ༷ར་བཅ༷ས་པ༷་དུ༷་མས༷་སྐུ༷་ཁྲུས༷་གསོ༷ལ་བར་བགྱིའོ། །དེ་ནས་ཁྲུས་ཁང་གི་ཐེམ་བུ་བླངས་པ་ན་ཁྲུས་ཆུ་ནམ་མཁའ་ནས་བབ་པས་འོག་ཏུ་འཁོད་པའི་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་མ་ལུས་པ་དག་པ་དང༌། ཁྱད་པར་ཡུལ་ལྷ་གཞི་བདག་འདྲེ་སྲིན་ནད་བདག་སོགས་ཀྱི་གནོད་འཚེའི་བསམ་སྦྱོར་གདུག་རྩུབ་མ་ལུས་པ་ཞི་ཞིང་མི་ནད་དང་ཕྱུགས་ནད་རྒྱུན་ཆད། རིན་ཆེན་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་པར་བསམ། ཁྲུས་གསོལ་བའི་རྒྱལ་བ་སྲས་བཅས་དེ༷་དག༷་གི་སྐུ༷་ལ༷་ལྷའི་གོས་དང་ཀ་ཤི་ཀ་ལ་སོགས་པ་མཚུང༷ས་པ་མེ༷ད་པའི༷་གོས༷་དྲི་མ་མེད་པས་གཙ༷ང་ལ༷་དྲི༷་ཤིན་ཏུ་ཞིམ་པོའི་སྨན་ཕྱེ་སྐམ་པོས་རབ༷་ཏུ་བསྒོས༷་པ༷ས་སྐུ༷་ཕྱི་ཞིང་བྱི༷་དོར་ལེགས་པར་བགྱིའོ༷། །ན་བཟའ་ཁྲུས་རས་སྐུ་ཕྱི་ཀུན་འོད་དམར་པོའི་རྣམ་པར་བྱིན་རླབས་དང་དངོས་གྲུབ་ཀྱི་ཚུལ་དུ་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྨིན་མཚམས་སུ་ཐིམ་པས་དེ་དག་གི་ཡེ་ཤེས་ཡོན་ཏན་ཐམས་ཅད་ཐོབ་པར་བསམ་མོ། །སྐུ་ཕྱིས་པའི་རྗེས་དེ༷་ནས༷་ཡུལ་དམ་པ་དེ༷་རྣམས་ལས་སྤྲུལ་སྐུ་ཆགས་བྲལ་གྱི་རྣམ་པ་རབ་བྱུང་གི་ཆ་བྱད་ཅན་རྣམས་ལ༷། སྔོན་པོ་བཙག་དང་ངུར་སྨྲིག་རྩི། །ཞེས་པས། རུང་བའི་ཚོན་གསུམ་གྱིས་ཁ༷་དོ༷ག་ལེ༷གས་པར་བསྒྱུར༷་བའི༷་ན༷་བཟ༷འ་ཆོས་གོས་གསུམ་ལ་སོགས་པའི་འཚོ་བའི་ཡོ་བྱད་བཅུ་གསུམ་པོ་ཤིན༷་ཏུ༷་དྲི༷་ཞིམ༷་གྱིས་བསྒོས་པའི་གོས་འབུམ་ཕྲག་རི་བའི་ད༷མ་པ༷་འབུལ༷་བར་བྱ་ཞིང༌། ལོངས་སྐུ་སོགས་ཆགས་ཅན་འཁོར་ལོས་བསྒྱུར་བའི་ཆ་བྱད་ཅན་རྣམས་ལ་ལྷ་རྫས་ལས་གྲུབ་པའི་གོ༷ས་བཟ༷ང་པོ་རིན་ཐང་དང་བྲལ་བར་ཤིན་ཏུ་སྲབ༷་ཅིང་ཡང་ལ༷་རེག་བྱ་འཇ༷མ་པ༷་ཁ་དོག་དང་དབྱིབས་སྣ༷་ཚོ༷གས་པའི་གོས་ལུས་ལ་བསམ་གཏན་གྱི་བདེ་བ་བསྐྱེད་ནུས་པའི་གར་གྱི་ཕུ་དུང༌། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས། ཚི་གུའི་སྨད་དཀྲིས། དར་སྣ་ཚོགས་ཀྱི་ཅོད་པཎ། ཟི་ལྡིར་སྟེ་དར་གྱི་ཆས་གོས་ལྔ་དང༷༌། གར་གྱི་ཕུ་དུང་གི་ཚབ་ཏུ་དར་དཔྱང་བགྲང་བའང་ཡོད། དེ་ལྟར་ཕུལ་བ་དེས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ངོ་ཚ་དང་ཁྲེལ་ཡོད་ཀྱི་གོས་ཐོབ་པར་ཤོག་ཅིག་ཅེས་བསམ་པར་བྱའོ། །རྒྱན་གྱི་རྣམ་པ་གསེར་ལ་སོགས་པ་ལ་བཻཌཱུརྱ་སོགས་ཀྱི་ཕྲ་ཚོམ་གྱིས་སྤྲས་པའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དོ་ཤལ། སེ་མོ་དོ། །ཕྱག་གདུབ། ཞབས་གདུབ། སྐུ་རག་སྟེ་རིན་པོ་ཆེའི་རྒྱན༷་བརྒྱད་པོ་ཆེས་མཆོ༷ག་ཏུ་གྱུར་པ་བརྒྱ༷་ཕྲག༷་མང་པོ་དེ༷་དང༷་དེ༷་དག༷་གི༷ས་འཕ༷གས་མཆོག་དམ་པ༷་ཀུན༷་ཏུ་བཟ༷ང་པོ་དང༷་འཇ༷མ་པའི་དབྱང༷ས་དང༷་འཇི༷ག་རྟེན༷་དབང༷་ཕྱུག༷་སྤྱན་རས་གཟིགས་དང་སོ༷གས་སྒྲས་ཕྱག་ན་རྡོ་རྗེ་དང་ས་ཡི་སྙིང་པོ་བྱམས་པ་ནམ་སྙིང་སྒྲིབ་སེལ་སོགས་ལ༷འང༷་བརྒྱན༷་པར༷་བ༷གྱི་ཞིང་འབུལ་བར་བྱའོ། །དེས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་མཚན་དཔེའི་རྒྱན་བཟང་ཐོབ་པར་ཤོག་ཅིག་ཅེས་བསམ་པར་བྱའོ། །གཉིས་པ་ནི། མཛོད་ལས། གླིང་བཞི་དང་ནི་ཉི་ཟླ་དང༌། །རི་རབ་དང་ནི་འདོད་ལྷ་དང༌། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཞེས་བྱ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །ཞེས་པས་སྟོང༷་གསུམ༷་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ཀུན༷་དུ༷་དྲི༷་ཞིམ་པོའི་ང༷ད་རབ་ཏུ་ལྡང༷་བའམ་འཕྲོ་བ༷་ཡི༷་ཙན་དན་དཀར་པོ་ལ་སོགས་པ་བསིལ་ཞིང་དྲི༷་མཆོ༷ག་བཟང་པོ་རྣམས་ཀྱི་ཆུས་རིན་པོ་ཆེའི་སྣོད་དུང་ཕོར་དང་ཉ་ཕྱིའི་ལ་སོགས་བཀང་བ་དེ་མཆོད་ལྷ་རྣམ༷ས་ཀྱིས༷་ཐུབ༷་པའི་དབང་པོ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན༷་གྱི༷་སྐུ༷་གསེ༷ར་བཟང་པོ་ལན་གྲངས་བཅུ་དྲུག་གི་བར་དུ་ལེགས་པར་བཞུ་བཏུལ་གྱིས་སྦྱང༷ས་ཏེ་བཙོ༷་མ༷་སྟེ་ཤིན་ཏུ་དག་པ་སྨན་སྣ་ཚོགས་ཀྱིས་མདངས་བཏོན་ཅིང་དར་གོས་ཀྱིས་བྱི༷་དོར༷་བྱས༷་པ༷་ལྟར༷་འོ༷ད་རང་ངོར་ཆ༷གས་ཤིང་གཞན་ངོར་འཕྲོ་བས་འབ༷ར་བ༷་དེ༷་དག༷་ལ་རྡུལ་མི་འབྱུང་བའི་ཆེད་དུ་བྱུག༷ས་པར༷་བ༷གྱིའོ། །དེས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་པགས་པ་གསེར་མདོག་ལྟ་བུའི་མཚན་བཟང་ཐོབ་པར་ཤོག་ཅིག་ཅེས་བསམ་མོ། །ཐུབ༷་པའི་དབ༷ང་པོ་མཆོ༷ད་པར་བྱ་བའི་གན༷ས་མཆོ༷ག་ཏུ་གྱུར་པ་རྣམ༷ས་ལ༷་ཁ་དོག་དབྱིབས་ལེགས་ཡི༷ད་དུ་འོང༷་བ༷འི་ལྷའི་མེ༷་ཏོག༷་མ༷ནྡ་ར༷་བ་དང༷༌། ལྷ་དང་མིའི་ཡུལ་གྱི་མེ་ཏོག་པ༷དྨ༷་དང༷་ཨུ༷ཏྤལ༷་ལ་སོག༷ས་པ་ལྷ་ཀླུ་མི་དང་དག་པའི་ཞིང་གི་དྲི༷་ཞིམ༷་ཞིང་འོད་ཟེར་འཕྲོ་བའི་མེ་ཏོག་ཐམ༷ས་ཅ༷ད་སིལ་མ་ནམ་མཁར་གཏོར་བས་སྤྲུལ་སྐུ་ཆགས་བྲལ་གྱི་རྣམ་པ་ཅན་རྣམས་ལ་ཁང་བཟང་དང་བླ་རེ་འཕན་གདུགས་རྒྱལ་མཚན་མཎྜལ་ལ་སོགས་པའི་རྣམ་པ་དང༷་དེ་ལས་ཀྱང་མེ་ཏོག་གི་ཆར་དབབ་པ་རླུང་གིས་བསྐྱོད་པས་ཕྱོགས་བཅུའི་རྒྱལ་བ་རྣམས་ལའང་མཆོད་པར་གྱུར་པ་དང༌། མེ་ཏོག་སྣ་ལྔའི་ཕྲེང༷་བ༷་ཕྲེང་བརྒྱུད་མཁས་པས་བྱས་པ་ལྟར་སྤེལ༷་ལེག༷ས་པར་བརྒྱུས་པས་ཡི༷ད་དུ་འོ༷ང་བ་རྣམ༷ས་ཀྱིས༷་ཀྱང་ལོངས་སྐུ་ཆགས་ཅན་གྱི་རྣམ་པ་ཅན་རྣམས་ལ་ཕྲེང་བ་ལ་སོགས་པ་རྒྱན་རྣམ་པ་སྣ་ཚོགས་པས་མཆོ༷ད་པར་བྱའོ། །དེས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱང་ཆུབ་ཡན་ལག་བདུན་གྱི་མེ་ཏོག་གི་ཚོམ་བུ་བཀྲ་བར་ཤོག་ཅིག་ཅེས་བསམ་མོ། །ཙན་དན་སྦྲུལ་སྙིང་དང་ཨ་ཀ་རུ་ནག་པོ་ལ་སོགས་པའི་ལྷན་སྐྱེས་དང་སྦྱར་བྱུང་གི་སྤོས༷་མཆོ༷ག་ཏུ་གྱུར་པ་ཚོར་མ་ཐག་ཏུ་ཡི༷ད་འཕྲོག༷་པར་བྱེད་པའི་དྲི༷་ཞིམ་པོའི་ངད༷་ཕྱོགས་ཐམས་ཅད་དུ་ཁྱབ༷་ཅིང་ལྡངས་བ༷་ཡི༷་བདུག༷་པ་རེངས་བུ་དང་སྤོས་ཕོར་སོགས་སུ་བསྲེག་པའི༷་དུ་བ་སྤྲིན༷་གྱི་ཚོག༷ས་ལྟར་འཁྲིགས་པ་ཡིག་འབྲུ་དང་རིན་པོ་ཆེ་སྣ་བདུན་གྱི་རྣམ་པ་རླུང་གིས་ཕྱོགས་བཅུར་བསྐྱོད་པ་རྣམ༷ས་ཀྱིས་ཀྱང༷་རྒྱལ་བ་སྲས་དང་བཅས་པ་དེ༷་དག་ལ༷་གུས་པས་དབུལ༷་བས་དགྱེས་པ་བསྐྱེད་ཅིང༌། དྲི་དེས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་བསལ་ཏེ་བདེ་བས་ཚིམ་པར་བྱས་པ་དང༌། དེས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རྒྱལ་བ་དགྱེས་པའི་ཚུལ་ཁྲིམས་ཀྱི་དྲི་བསུང་གིས་ཁྱབ་པར་ཤོག་ཅིག་ཅེས་བསམ་མོ། །ཞ༷ལ་ཟ༷ས་རོ་བརྒྱ་དང་ལྡན་པའི་འབྲས་ཆེན་ལ་སོགས་པའི་བཟ༷འ་བ་དང་བཅའ་བ། བདུད་རྩིའི་བཏུ༷ང་བ་དང་དཀར་གསུམ་མངར་གསུམ་ལ་སོགས་པ་ཁ་དོག་དང་དྲི་རོ་ཕུན་སུམ་ཚོགས་པ་སྣ༷་ཚོ༷གས་པ་དང་བཅ༷ས་པ༷་ཡི༷་ལྷ་རྫས་ལས་གྲུབ་པའི་བཤོས་སམ། ལྷ་ཞེས་རྒྱལ་པོ་སྟེ། དེའི་ཞལ་དུ་བཟའ་བར་འོས་པའི་ལྷ༷་བཤོ༷ས། ཆུ་མ་རག་པའི་ཞལ་ཟས་ལ་སོགས་པ་མང་པོ་མདོར་ན་རིན་པོ་ཆེའི་ལྷུང་བཟེད་དང་ཀ་ཏོ་ར་སོགས་སུ་ཡིད་ལ་གང་འདོད་ཀྱི་བཟའ་བཏུང་སྣ་ཚོགས་པ་རྣམ༷ས་ཀྱང༷་དེ༷་དག་ལ༷་དབུལ༷་བ༷ར་བགྱི༷འོ། །དེས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་ཟས་མཆོག་ཐོབ་པར་ཤོག་ཅིག་ཅེས་བསམ་མོ། །འཛམ་བུའི་ཆུ་གསེ༷ར་གྱི༷་པ༷དྨ༷་མཛེས་ཤིང་ཡིད་དུ་འོང་བ་མང་པོ་གྲལ་ཚ༷ར་དུ༷་དང༷ར་པ༷་སྟེ་སྒྲིགས་ལེགས་པ་ཡི༷་པད་སྤུངས་སུ། བཻཌཱུརྱ་ལ་སོགས་པའི་རི༷ན་ཆེ༷ན་སྣ་ཚོགས་ཀྱི་སྒྲོན༷་མེ༷་འོད་ཀྱིས་འཛམ་བུའི་གླིང་སོགས་ཁྱབ་ཅིང་ཉིན་མཚན་རྟག་ཏུ་སྣང་བར་བྱེད་པ་དང༌། རང་རང་གིས་ཕུལ་བ་ལ་ཡང་ཀོང་བུ་ནི་སྟོང་གསུམ་གྱི་སྟོང་ཆེན་པོ། སྡོང་བུ་ནི་རིའི་རྒྱལ་པོ་རི་རབ། མར་ཁུ་ནི་རྒྱ་མཚོ་ཆེན་པོ་ཙམ་ལ་འོད་སྣ་ལྔས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་བྱེད་པ་རྣམ༷ས་ཀྱང༷་ཡིད་ཀྱིས་སྤྲུལ་ཏེ་དེ་དག་ལ་འབུལ༷་བར༷་བགྱི༷འོ། །དེས་རང་གཞན་སེམས་ཅན་ཐམས་ཅད་ཤེས་བྱ་ལ་རྨོངས་པའི་མ་རིག་པའི་མུན་པ་ཐམས་ཅད་བསལ་ཏེ་ཤེས་བྱ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་ཐོབ་པར་ཤོག་ཅིག་ཅེས་བསམ་མོ། །རིན་པོ་ཆེ་སྣ་ཚོགས་ཀྱིས་ས༷་གཞི༷་མིག་མང་རིས་སུ་བཀྲ་བ་ཁོད་སྙོམས་པས་བལྟར༷་བ༷་མནན་ན་ནེམས་པ་བཏེག་ན་འཕར་བ་ལ་དྲི་ཞིམ་སྣ་ཚོགས་པའི་སྤོས༷་ཆུ་བ་ལང་གི་ཀོ་བའི་སྲབ་མཐུག་ཙམ་ཀྱིས༷་བྱུག༷ས་པ༷་དེར༷་མེ༷་ཏོག༷་ཡི༷ད་དུ་འོང༷་བ་ཁ་དོག་སྣ་ཚོགས་པ་སིལ༷་མ༷་སྟེ་ཡུ་བ་མེད་པ་མི་འགྲེང་ཙམ་དུ་བཅལ་དུ་དཀྲམ༷་ཞིང་བཀོད་པ་ཡང་མཆོད་པ༷ར་བ༷གྱིའོ། །དེས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་འདུན་པ་ས་ལྟ་བུའི་སེམས་བསྐྱེད་ཐོབ་པར་ཤོག་ཅིག་ཅེས་བསམ་མོ། །རྒྱ་ཁྱོན་དང་བཀོད་པའི་ཚད་བློས་གཞ༷ལ་དུ་མེ༷ད་པའི་ཕོ༷་བྲང༷་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་བརྩེགས་ལྔ་བརྒྱ་བ་ལ་སོགས་པའི་ནང་དང་འདོད་སྣམ་ཐམས་ཅད་ན་མཆོད་པའི་ལྷ་མོ་རྣམས་ཀྱིས་པི་ཝཾ་ལ་སོགས་པའི་རོལ་མོ་དང་བཅས་པས་བསྟོད༷་པའི་དབྱང༷ས་ཡི༷ད་དུ་འོང༷་བའི་སྙན་པ་སྒྲོགས་པ་དང་ལྡན༷་པའི་ཕྱིའི་གཤམ་སྣེ་དང་ནང་གི་ཀ་བ་སོགས་ལ་སེང་གེ་དང་ཆུ་སྲིན་སོགས་ཀྱི་ཁ་ནས་དཔྱང་པའི་མུ༷་ཏིག༷་དམར་པོ་དང་རིན༷་ཆེན༷་སྣ་ཚོགས་པའི་དྲྭ་བ་དང་དྲྭ་ཕྱེད་ལ་སོགས་པའི་རྒྱན༷་གྱི་ཆུན་པོ་འཕྱང༷་བས་མཛེ༷ས་ཤིང་ཡིད་དུ་འོང་བ་འོད་དང་འོད་ཟེར་འབ༷ར་བ༷་དྲྭ་བའི་ཁུག་མགོ་དང་དྲྭ་ཕྱེད་ཀྱི་སྣེ་ལ་རྔ་ཡབ་དང་དྲིལ་བུ་དང་མེ་ལོང་གིས་བརྒྱན་པ། མེ་ལོང་གི་ངོས་དང་དྲི་བུའི་སྒྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྟོན་པ། ཙན་དན་གྱི་ཝ་ཁ་ནས་དྲི་བཟང་གི་ཆུ་རྒྱུན་བབ་པས་ཁྲུས་ཀྱི་རྫིང་བུ་འཁྱིལ་བ་ལ་ཆུ་བྱ་སྣ་ཚོགས་སྐད་སྙན་སྒྲོགས་ཤིང་རྩེ་བ། ནང་གི་ཁང་མིག་ལ་ལར་ན་བཟའ་སྣ་ཚོགས་དང༌། ལ་ལར་བཟའ་བཏུང་སྣ་ཚོགས། ཉིན་མོར་བཞུགས་ཁྲི་དང་མཚན་གྱི་གཟིམ་ཆ་ལྷའི་རས་བཅོས་བུ་སྣ་ཚོགས་ཀྱི་སྟན་དང་སྔས་ཁྲ་བོ་སོགས་ཉེ་བའི་རིན་པོ་ཆེ་སྣ་བདུན་དང༌། རིན་པོ་ཆེ་སྣ་ཚོགས་པའི་སྒྲོན་མེའི་འོད་ཀྱིས་ཕྱོགས་ཐམས་ཅད་ཉིན་མཚན་ཀུན་དུ་གསལ་ཞིང་ཚད་བློས་དཔ༷ག་ཏུ་མེད༷་ཅིང་མཐའ་ཡས་པ་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པས་ནམ༷་མཁ༷འི་རྒྱན༷་ལྟ་བུར་གྱུར༷་པ་དེ༷་དག༷་ཀྱང༷༌། ཐུག༷ས་སྙིང་རྗེའི༷་རང༷་བཞི༷ན་ཅན༷་སངས་རྒྱས་བཅོམ་ལྡན་འདས་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ༷་འབུལ༷་བར༷་བགྱིའོ། །དེས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཐར་པ་ཆེན་པོའི་གྲོང་ཁྱེར་ཐོབ་པར་ཤོག་ཅིག་ཅེས་བསམ་མོ། །ལྷ་རྫས་ཀྱི་དར་དང་རིན༷་ཆེན༷་སྣ་ཚོགས་པའི་གདུགས་རབ་ཏུ་མཛེ༷ས་པ་གསེ༷ར་གྱི༷་ཡུ༷་བ༷་ཅ༷ན་ཁོ༷ར་ཡུག༷་སྟེ་ཤམ་བུ་ལ་མུ་ཏིག་ལ་སོགས་པའི་རྒྱན༷་གྱི༷་རྣམ༷་པ༷་དཔལ་བེའུ་དང་དྲྭ་བ་དང་དྲྭ་ཕྱེད་ལ་སོགས་པ་ཡི༷ད་དུ་འོ༷ང་བས་བརྒྱན༷་པ་དབྱིབ༷ས་ཤིན་ཏུ་ལེ༷གས་ཤིང་བལྟ༷་ན༷་སྡུག༷་པ༷་བསྒྲེང༷་བ༷་སྟེ་གྱེན་དུ་བསླང་བ་ཡ༷ང་མཆོད་པའི་ལྷ་མོ་དང་རྟ་ཅང་ཤེས་དང་གླང་པོ་ཆེ་སོགས་ཀྱིས་བཟུང་བ་སྔོན་སྟོན་པ་ཐུགས་རྗེ་ཅན་ལ་གཡས་ཕྱོགས་ནས་ཚངས་པས་བཻཌཱུརྱའི་གདུགས་ལྔ་བརྒྱ་དང་གཡོན་ཕྱོགས་ནས་བརྒྱ་བྱིན་གྱིས་འཛམ་བུའི་ཆུ་གསེར་གྱི་གདུགས་ལྔ་བརྒྱ་ཕུལ་བ་ལྟར་དུས་རྟག༷་ཏུ༷་ཐུབ༷་པའི་དབ༷ང་པོ་སྲས་དང་བཅས་པ་རྣམ༷ས་ལ༷་དབུ༷ལ་བར༷་བགྱིའོ༷། །དེ་ལྟར་ཕུལ་བས་རང་གཞན་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་ཚ་གདུང་ལས་སྐྱོབ་སྟེ། དཀོན་གསུམ་གསུམ་གྱི་གྲིབ་མ་བསིལ་བའི་སྐྱབས་འོག་ཏུ་ཚུད་པར་ཤོག་ཅིག་ཅེས་བསམ་པར་བྱའོ། །དེ་ལྟར་ཡིད་སྤྲུལ་གྱི་མཆོད་པའི་རྣམ་གྲངས་བཅུ་གཉིས་པོ་འདི་རྣམས་ལ། རང་རེའི་བློས་སྟོང་གསུམ་སོགས་ཁྱབ་པར་མི་ནུས་པས་ན་དེ་ལྟར་ཁྱབ་ཡོད་པར་བསམ་དགོས་སོ། །དེ་ལ་ཞི་བ་ལྷ་ཤིན་ཏུ་སྤྲོས་མེད་ཀྱི་རྣལ་འབྱོར་པ་ཡིན་པས་དངོས་འབྱོར་གྱི་མཆོད་པ་རྒྱ་ཆེན་མ་གསུང་པར་འདི་ལྟར་དཀའ་ཚེགས་མེད་པར་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་ཡང་དག་པར་རྫོགས་པའི་ཐབས་མཆོག་ཏུ་གྱུར་པས་ན་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའི་མཆོད་པ་ཡིན་ལ། དེས་ན་མཆོད་པའི་རྣམ་གྲངས་འདི་རྣམས་རྩིས་མེད་མི་བྱེད་པར་ཡང་དང་ཡང་དུ་བསྒོམ་དགོས། དེའང་ལྷ་བསྒོམ་པ་ལྟ་བུ་རྒྱུན་མི་འཆད་པར་བསྒོམ་མི་དགོས་པར་སྐད་ཅིག་ཡུད་ཙམ་ཡུད་ཙམ་བློ་ལ་སྣང་ཙམ་སྣང་ཙམ་ཤར་བ་ཙམ་གྱིས་དཀའ་ཚེགས་དང་ངལ་དུབ་མ་དགོས་པར་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་འདུམ་པར་འགྱུར་བས་ཚོགས་རྫོགས་ཤིང་སྒྲིབ་པ་དག་ནས་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བ་དང༌། ཐོས་པ་ཤེས་ཤིང་མི་བརྗེད་པར་འགྱུར་བ་ལ་སོགས་པའི་ཡོན་ཏན་ཐམས་ཅད་འབྱུང་བས་དོན་ཆེན་པོ་ཚེགས་ཆུང་ངུས་འགྲུབ་པའི་མཆོད་པའི་རྣམ་གྲངས་འདི་རྣམས་ཡང་ཡང་བསམ་ཞིང་མཆོད་ན་ལོག་འཚོ་དང་སྡིག་པས་བསྒྲུབ་པའི་མཆོད་པ་ང་རྒྱལ་དང་ངོམ་ཆོས་སུ་འགྲོ་བ་ཅི་ཙམ་ཕུལ་བ་ལས་ཀྱང་མཆོད་པ་རྒྱ་ཆེ་ཞིང་རྣམ་པར་དག་པ་ཡིན་པར་གསུངས། གསུམ་པ་སྨོན་ལམ་སྟོབས་ཀྱི་མཆོད་པ་ནི། གོང་དུ་བཤད་པ་དེ༷་དག་ལ༷ས་གཞ༷ན་ཡ༷ང་ཁྱད་པར་དུ་འཕགས་པའི་མཆོ༷ད་པའི༷་ཚོག༷ས་སིལ་སྙན་ཡན་ལག་བརྒྱད་ལྡན་ལ་སོགས་པའི་འབུད་རྡུང་དཀྲོལ་གསུམ་གྱི་རོལ༷་མོ༷་དང༌། མིའམ་ཅིའི་སྡོང་པོའི་སྒྲ་སྙན་གྱི་སྐད་འོད་སྲུང་ཆེན་པོས་མ་བཟོད་པར་གར་འཆམས་པ་ལྟ་བུ་དང༌། དྲི་ཟའི་རྒྱལ་པོ་རབ་དགའི་ཏམ་བུ་རའི་རྒྱུད་བསྒྲེང་བ་ལྟ་བུ་གར་དང་བཅས་པའི་བསྟོད་པའི་གླུ་དབྱང༷ས་སྙན༷་པ་ཡི༷ད་དུ་འོང༷་བ་དང་ལྡན༷་པ་གང་ཞིག་ནུས་པའི་ཁྱད་པར་ཐོས་པ་ཙམ་གྱིས་སེམ༷ས་ཅ༷ན་གྱི་སྡུག༷་བསྔལ༷་སེལ་ཞིང་སི༷མ་པའི་དགར་བདེ་ཐོབ་པར་བྱེད༷་པའི༷་སྤྲིན༷་ཞེས་པ་ཁྱབ་ཆེ་བའི་དོན་ཡིན་པས་ཕྱོགས་བཅུའི་ཞིང་ཁྱབ་པར་བྱེད་པའི་སྒྲ་དབྱངས་དཔག་ཏུ་མེད་པ་རྣམ༷ས་རྒྱལ་བ་སྲས་བཅས་ཀྱི་སྤྱན་སྔར་འབྱུང་ཞིང་རྒྱུན་མི་འཆད་པར་རྟག་ཏུ་སོ༷་སོར༷་གན༷ས་པ་གྱུར༷་ཅིག༷་ཅེས་སྨོན་པ་དང༌། ལུང་དང་རྟོགས་པའི་དམ༷་པའི་ཆོས༷་དཀོ༷ན་མཆོ༷ག་ཡི་གེ་གླེགས་བམ་གྱི་རྣམ་པ་དང་བཅས་པ་ཐམ༷ས་ཅ༷ད་དང༷༌། དེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་གསུངས་པའི་ཚེ་ཆོས་སྣང་བའི་ཆོ་འཕྲུལ་ཞེས་མེ་ཏོག་གི་ཆར་དབབ་པར་གསུངས་པ་བཞིན་དུ་ལུང་གི་ཆོས་འཆད་ཉན་བྱེད་པའི་དུས་ཐམས་ཅད་ལ་དང༌། སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་སུ་གནས་གཙང་མའི་ལྷ་དག་གིས་མེ་ཏོག་གི་ཆར་དབབ་པར་གསུངས་པ་ལྟར་རྟོགས་པའི་ཆོས་རྒྱུད་ལ་སྐྱེས་པའི་དུས་ཐམས་ཅད་ལ་དང༌། ཆོས་སྐུའི་རྟེན་དེ་བཞིན་གཤེགས་པའི་མཛད་པ་བརྒྱད་དང་སྒོ་བསྟུན་པའི་མཆོད་རྟེན་ཆ་བརྒྱད་ལ་སོགས་པ་སྟེ་དེ་ཡང་བདག་ཅག་གི་སྟོན་པ་སྐུ་འཁྲུངས་པའི་དུས་སུ་པདྨ་སྤུང་པའི་མཆོན་རྟེན་སེར་སྐྱར་ཟས་གཙང་གིས་བཞེངས་པ། སངས་རྒྱས་པའི་དུས་སུ་བདུད་འདུལ་ལམ་བྱང་ཆུབ་མཆོད་རྟེན་གཟུགས་ཅན་སྙིང་པོ་ལ་སོགས་པས་བཞེངས་པ། ཆོས་འཁོར་བསྐོར་བའི་ཚེ་མཆོད་རྟེན་བཀྲ་ཤིས་སྒོ་མང་ཝཱ་རཱ་ཎ་སཱིར་ལྔ་སྡེས་བཞེངས་པ། མུ་སྟེགས་སྟོན་པ་སྡེ་དྲུག་བརྟུལ་བའི་དུས་སུ་ཆོ་འཕྲུལ་མཆོད་རྟེན་ཛེ་ཏའི་ཚལ་དུ་ལི་ཙ་བིས་བཞེངས་པ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལྷ་ཡུལ་སུམ་ཅུ་རྩ་གསུམ་དུ་མ་ལ་ཆོས་བསྟན་ནས་སླར་མི་ཡུལ་གསལ་ལྡན་དུ་བབ་ཚེ་ལྷ་བབ་མཆོད་རྟེན་དེ་དག་རྣམས་ཀྱིས་བཞེངས་པ། དགེ་འདུན་དབྱེན་བསྡུམ་པའི་དུས་སུ་དབྱེན་འདུམ་མཆོད་རྟེན་འོད་མའི་ཚུལ་དུ་མ་གྷ་དྷ་བས་བཞེངས་པ། སྐུ་ཚེའི་འདུ་བྱེད་བྱིན་གྱིས་རླབས་ཚེ་རྣམ་རྒྱལ་མཆོད་རྟེན་མྱང་འདས་མཆོད་རྟེན་རྩ་ཅན་དུ་གྱད་ཀྱིས་བཞེངས་པ་སྟེ་བརྒྱད་དང༌། མདོ་སྡེ་བསྐལ་བཟང་ལས། དེ་བཞིན་གཤེགས་པའི་སྐུ་གདུང་ནི་རྒྱས་པར་འགྱུར་རོ་ཞེས་གསུངས་པ་ལྟར་དེ་བཞིན་གཤེགས་པའི་ཚེམས་མཆེ་བ་བཞི་པོ་ལས་ཚངས་པ་དང༌། གྲོང་ཁྱེར་སྒྲ་སྒྲོགས་ཀྱི་འོག་གི་ཀླུ་དང༌། ཀ་ལིང་ཀའི་རྒྱལ་པོ་དང༌། ཚིག་འཛིན་ཡིད་འོང་གི་གྲོང་ཁྱེར་གྱི་དྲི་ཟ་རྣམས་ཀྱིས་མཆོད་རྟེན་རེ་རེ་བཞེངས་པ་དང༌། དེ་བཞིན་གཤེགས་པའི་རིང་བསྲེལ་ཡུལ་མ་གྷ་དྷའི་བྲེ་བོ་ཆེ་བརྒྱད་དང་རས་ཚིག་པ་དང་མ་ཚིག་པ་རྣམས་ཀྱིས་མཆོད་རྟེན་བརྒྱད་ལ་སོགས་པར་བཞེངས་པ་དང༌། ཆོས་རྒྱལ་མྱ་ངན་མེད་ཀྱིས་གནོད་སྦྱིན་ཁོལ་བོ་བསྒྲུབ་ནས་འཛམ་གླིང་གི་ས་གནས་བྱེ་བར་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་བྱེ་བ་བཞེངས་པ་དང༌། རྒྱལ་པོ་སྲོང་བཙན་སྒམ་པོས་དགེ་སློང་ཨ་ཀ་ར་མ་ཏི་ཤི་ལ་སྤྲུལ་ནས་རྒྱ་གར་གྱི་མཆོད་རྟེན་པདྨ་སྤུངས་པ་ནས་དེ་བཞིན་གཤེགས་པའི་རིང་བསྲེལ་སྤྱན་དྲངས་པ་ད་ལྟ་ཇོ་བོ་རང་བྱུང་ལྔ་ལྡན་གྱི་སྨིན་མཚམས་སུ་བཞུགས་པ་དང༌། མཆོད་རྟེན་དེ་ལས་ཨོ་རྒྱན་སངས་རྒྱས་གཉིས་པས་རྫུ་འཕྲུལ་གྱིས་རིང་བསྲེལ་བྲེ་གང་སྤྱན་དྲངས་ཏེ་བསམ་ཡས་མཆོད་རྟེན་དཀར་པོ་ན་བཞུགས་པ་ལས་འཕེལ་བ་སྐལ་ལྡན་གྱི་གང་ཟག་གིས་ད་ལྟའང་རྙེད་དུ་ཡོད་པ་ལ་སོགས་པའི་མཆོ༷ད་རྟེན༷་རྣམ༷ས་དང༷༌། རིས་སུ་བྲིས་པ་བླུགས་སུ་བླུགས་པ་འབུར་དུ་དོད་པའི་སྐུ༷་གཟུག༷ས་ལ༷་སྟེ། སེང་ག་ལའི་གླིང་གི་བུ་མོ་མུ་ཏིག་འཁྲི་ཤིང་བདེན་པ་ལ་འགོད་པར་མཛད་པའི་རས་བྲིས་ཀྱི་ཐོག་མ་དེ་བཞིན་གཤེགས་པའི་བཀའ་ཡི་གནང་བའི་ཐང་སྐུ་འོད་ཟེར་མ་དང༌། བཟོ་རྒྱལ་ཀརྨ་བི་ཤྭས་རིན་པོ་ཆེ་སྣ་ཚོགས་ལས་དེ་བཞིན་གཤེགས་པའི་དགུང་ལོ་ཉེར་ལྔ་པའི་ཚད་དགའ་ལྡན་ལྷའི་ཡུལ་ན་བཞུགས་པ་དང་བཅུ་གཉིས་པའི་ཚད་ཇོ་བོ་རིན་པོ་ཆེ་ཤཱཀྱ་མུ་ནི་དང༌། བརྒྱད་པའི་ཚད་ར་མོ་ཆེའི་མི་བསྐྱོད་རྡོ་རྗེ་གཉིས་ད་ལྟ་ལྷ་ས་ན་བཞུགས་པ་དང༌། ཙན་དན་ལས་བྱས་པའི་ཇོ་བོ་རྒྱ་ནག་ན་བཞུགས་པ་ལ་སོགས་པ་དང༌། གསང་སྔགས་རྡོ་རྗེའི་ཐེག་པ་ནས། བསྟན་པའི་བཙས་གསུམ་ཞེས་སྐུ་རྟེན་དུ་རིན་པོ་ཆེ་བརྒྱ་རྩ་གཅིག་ལས་རང་བྱོན་པའི་སངས་རྒྱས་རྡོ་རྗེ་འཆང་གི་སྐུ་དང༌། གསུང་རྟེན་དུ་བསྟན་པ་བུ་གཅིག་གི་རྒྱུད་དང༌། ཐུགས་རྟེན་དུ་རིན་པོ་ཆེ་བརྒྱ་རྩ་གཅིག་གམ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཁྲུ་གང་བ་གནས་བཅུ་གཉིས་ལ་སོགས་པ་གང་ན་རྫོགས་པ་ཆེན་པོའི་ཆོས་དར་བའི་ནམ་མཁའི་གནས་སུ་འབྱོན་པར་འགྱུར་བ་ལ་སོགས་པ་ཇི་སྙེད་པ་ཐམས་ཅད་ལ་རི༷ན་ཆེན༷་སྣ་ཚོགས་དང་མེ༷་ཏོག༷་དང་དྲི་བཟང་དང་གོས་རྒྱན་འབྲུ་སྨན་སྣ་ཚོགས་པ་ལ༷་སོ༷གས་པའི་ཆ༷ར་པ་དུས་རྟག་ཏུ་རྒྱུན༷་མི༷་འཆ༷ད་པ༷ར་འབ༷བ་པ༷ར་ཤོག༷་ཅིག་ཅེས་སྨོན་པ་སྟེ། ཚུལ་ཁྲིམས་རྣམ་པར་དག་ན་སྨོན་ལམ་ཇི་བཏབ་དངོས་སུ་འགྲུབ་པ་དང༌། དེ་ལྟར་མིན་ནའང་ཕན་ཡོན་གྱི་ཁྱད་པར་ནི་འཐོབ་པར་འགྱུར་རོ། །བཞི་པ་བླ་ན་མེད་པའི་མཆོད་པ་ནི། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་རང་གི་ཐུགས་ཀ་ནས་འོད་ཟེར་ཁ་དོག་མི་འདྲ་བ་བྱེ་བ་བརྒྱ་སྟོང་སངས་རྒྱས་ཀྱི་ཞིང་གྲངས་མེད་པའི་རྡུལ་དང་མཉམ་པར་སྤྲོས་འོད་ཟེར་དེ་རེ་རེའི་རྩེ་ལ་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་རང་འདྲ་བ་རེ་རེ་སྤྲུལ། དེ་རེ་རེའི་ཐུགས་ཀ་ནས་སྔར་དང་འདྲ་བའི་འོད་ཟེར་སྤྲོ་ཞིང༌། དེའི་རྩེར་ཀུན་ཏུ་བཟང་པོ་སྤྲུལ་པ་སོགས་གྲངས་མེད་བསམ་གྱིས་མི་ཁྱབ་པའི་བར་དུ་སྤྲོས་ཏེ། དེ་དག་རེ་རེས་ཀྱང་མཆོད་རྫས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཆོད་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ལྟ་བུ། ཇི༷་ལྟར༷་འཇ༷མ་པའི་དབྱང༷ས་དང་ཀུན་ཏུ་བཟང་པོ་ལ༷་སོ༷གས་པ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྣམ་པ་འཕྲུལ་པའི་མཆོད་སྤྲིན་མཐའ་ཡས་པ༷ས་ཕྱོགས་བཅུའི་རྒྱལ་བ༷་རྫོགས་པའི་སངས་རྒྱས་རྣམ༷ས་ལ༷་མཆོ༷ད་པ་མཛ༷ད་པ༷་ཡི་ཚུལ། དཀོན་མཆོག་ཏ་ལ་ལས། མེ་ཏོག་ཕལ་ཆེར་མེ་ཏོག་བླ་རེ་དང༌། །མེ་ཏོག་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །མེ་ཏོག་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་དེ་དག་རྒྱལ༷་བ་མཆོད། །ཅེས་པ་ལ་སོགས་པ་གསུངས་པ་ལྟར་དེ༷་བཞི༷ན་དུ་བད༷ག་གིས་ཀྱང་དེ༷་བཞི༷ན་གཤེ༷གས་པ་མགོ༷ན་པོ༷་སྲས༷་དང༷་བཅ༷ས་པ་རྣམ༷ས་ལ་མཆོ༷ད་པ་དབུལ་བར་བགྱིའོ་སྙམ་དུ་མོས་པར་བྱའོ། །གཞན་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པ། སྙིང་རྗེ་བསྒོམ་པ། ཆོས་ཀྱི་ཚིག་དོན་འཛིན་པ་རྣམས་ཀྱང་བླ་ན་མེད་པའི་མཆོད་པ་ཡིན་པས་དེ་རྣམས་ཀྱང་རང་གིས་བྱ་དགོས་སོ། །ལྔ་པ་བསྟོད་པ་དབྱངས་ཀྱི་མཆོད་པ་ནི། །སངས་རྒྱས་བཅོམ་ལྡན་འདས་རྣམས་སྐུ་མཚན་དཔེ། གསུང་ཚངས་དབྱངས་ཐུགས་རྣམ་མཁྱེན་ལ་སོགས་པའི་ཡོ༷ན་ཏན༷་རྒྱ༷་མཚོ༷་ལྟ་བུ་མངའ་བ་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམ༷ས་ལ༷་བད༷ག་གིས་བསྟོད༷་པའི་དབྱང༷ས་ཏེ་སྐད་ཀྱི་གདངས་འདེགས་འཇོག་འགྱུར་ཁུག་ཕྲ་སྦོམ་སྟེ་དྲུག་ལྡན་ལ་སོགས་པའི་ཡ༷ན་ལ༷ག་རྒྱ་མཚོས་ཏེ་རྒྱ་མཚོ༷་ལྟར་མཐའ་ཡས་པས་བ༷སྟོད་པར་བགྱི་ཞིང༌། བསྟོད༷་པའི་གླུ་དབྱང༷ས་ཤིན་ཏུ་སྙན༷་པའི་སྤྲིན༷་ཕུང་མཐའ་ཡས་པ་རྣམས་རྒྱལ་བ་སྲས་བཅས་དེ༷་དག༷་རྣམས་ལ༷་ངེ༷ས་པ༷ར་ཏེ་གདོན་མི་ཟ་བར་དུས་དང་རྣམ་པ་ཀུན༷་ཏུ༷་ཁྱབ༷་ཅིང་འབྱུང་བར་གྱུར༷་ཅིག༷་ཅེས་སྨོན་པའོ། །གཉིས་པ་ཕྱག་འཚལ་བའི་ཡན་ལག་ནི། ཕྱོགས་བཅུའི་ཞིང་མཐའ་ཡས་པ་ན་འདས་པ་དང་མ་འོངས་པ་དང་ད་ལྟ་སྟེ་དུས་གསུམ༷་དུ་གཤེ༷གས་ཤིང་བཞུགས་པའི༷་སང༷ས་རྒྱས༷་བཅོམ་ལྡན་འདས་ཀུན༷་དང་ལུང་དང་རྟོགས་པའི་དམ་པའི་ཆོ༷ས་དང༷་ཚོག༷ས་རྣམས་ཀྱི༷་མཆོ༷ག་འདུས་ནས་འབྲལ་བ་མེད་པ་དགེ་འདུན་དང་བཅས་པ་རྣམ༷ས་ལ༷་རང་གི་ལུས་ཕྱོགས་བཅུའི་ཞིང༷་གི་རྡུལ༷་ཕྲ་རབ་ཀུན༷་གྱི༷་གྲང༷ས་ཇི་སྙེད༷་ཡོད་པ་དེ་སྙེད་ཀྱི༷་གྲ༷ངས་དང་མཉམ་པར་སྤྲུལ་ནས་ལུས༷་བཏུད༷་ཅིང་གུས་པས་ཐལ་མོ་གནས་གསུམ་དུ་གཏུགས་ཏེ་ལུས་ཐམས་ཅད་ས་ལ་ཕབ་པའམ་མ་ལྔ་ས་ལ་ཕབ་པ་དང༌། ངག་གུས་པས་ཕྱག་འཚལ་གྱི་ཚིག་དང༌། ཡིད་གུས་པས་དཀོན་མཆོག་རིན་པོ་ཆེ་གསུམ་གྱི་ཆེ་བའི་ཡོན་ཏན་དྲན་ཏེ་གུས་ཤིང་དད་པ༷ས་ནི༷་བད༷ག་ཅག་གིས་ཕྱག༷་འཚ༷ལ་བ་དང༌། དེ་བཞིན་དུ་གང་བྱང༷་ཆུབ༷་སེམ༷ས་ཀྱི༷་གཞི༷་ཞེས་སངས་རྒྱས་ཀྱི་སྐུ་གཟུགས་དང༌། ཐེག་ཆེན་གྱི་སྡེ་སྣོད་དང་སྟོན་པའི་སྐུ་བལྟམ་པའི་གནས་ལ་སོགས་དང༌། སེམས་བསྐྱེད་གླིང་སོགས་ཆོས་འཆད་ཉན་བྱེད་པའི་གནས་གཞི་རྣམ༷ས་དང༷༌། སྐུ་གསུང་ཐུགས་ཀྱི་རྟེན་དང་མཆོ༷ད་རྟེན༷་གང་ཇི་སྙེད་ཡོད་པ་རྣམ༷ས་ལ༷འང་བད༷ག་ཉིད་ཕྱག༷་འཚ༷ལ་ཞིང༌། སོ་ཐར་གྱི་མཁ༷ན་པོ༷་དང་དེ་ལུང་ནོད་པ་ལའང་གསུངས། དེ༷་བཞི༷ན་དུ་དགེ་ཚུལ་སློང་གི་ལས་སློབ་དང་ཀློག་སློབ་པ་པོ་ལ་སོགས་པའི་སློབ་དཔོན་རྣམ༷ས་དང༷༌། བརྟུལ་ཞུགས་ཞེས་བྱ་བ་སྔ་མ་བརྟུལ་ཏེ་རྗེས་མ་ལ་ཞུགས་པས་བརྟུལ་ཞུགས་ཏེ་སྟོན་པའི་རྗེས་འཇུག་རྟགས་ཙམ་འཛིན་པ་ཡན་ཆད་བརྟུལ༷་ཞུགས་མཆོ༷ག་སྟེ་གོས་དཀར་ལྕང་ལོའི་སྡེ་དང་རབ་བྱུང་ངུར༷་སྨྲིག་གི་སྡེ་རྣམས་ལ༷་མི་ཕྱེད་དད་པས་ཀུན་ནས་བསླངས་ཏེ་སྒོ་གསུམ་གུས་པས་ཕྱག༷་འཚ༷ལ་ལོ༷་ཞེས་ལུས་ངག་ཡིད་གསུམ་གྱི་ཕྱག་གི་ནང་ནས་ཡིད་གཙོ་བས་ཁ་ཡེངས་མིག་ཡེངས་ཀྱི་ངང་ནས་ཕྱག་མང་པོ་འཚལ་བ་བས་སེམས་ཐོག་ནས་ཕྱག་གཅིག་ཙམ་འཚལ་བ་ཆོད་ཆེ་ཞིང་ཕན་ཡོན་ཆེའོ། དེ་ཡང་ལུས་དྲང་པོར་བསྲངས་བས་རྩ་རླུང་སེམས་རྣམས་དྲངས་བར་འགྱུར་བར་དྲང་པོ་བཞི་ལྡན་གྱི་སྒོ་ནས་རང་གི་གཡས་སུ་ཕ་གཡོན་དུ་མ་མདུན་དུ་དགྲ་བགེགས་དང་མཐའ་སྐོར་དུ་སེམས་ཅན་ཐམས་ཅད་ས་གཞིའི་ངོས་ལ་རྡུལ་འཁྲིགས་པ་བཞིན་དུ་ཡོད་པར་བསམ་སྟེ་ཐམས་ཅད་ཀྱིས་ལུས་གུས་པས་ལག་གཉིས་ཀྱི་ཐལ་མོའི་བར་དུ་ནོར་བུ་བཟུང་བར་བསམས་སྟེ། ཐར་མདོ་ལས། པདྨ་ཁ་འབུས་ཕྱེས་འདྲ་བའི། །ལག་གཉིས་སྤྱི་བོར་ཐལ་སྦྱར་ཏེ། །ཞེས་གསུངས་པ་ལྟར། ལེགས་པར་སྦྱར་བ་སྤྱི་མགྲིན་སྙིང་ཀ་གསུམ་དུ་རིམ་པར་གཏུགས་པ་ན་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དྲན་ཞིང་དེ་དང་དེར་ཕྱག་འཚལ་བས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་ཐམས་ཅད་དང་བྲལ་ནས་དབུ་གཙུག་ཏོར་བལྟར་མི་མངོན་པ་དང༌། གསུང་ཆོས་ཀྱི་དུང་དང༌། ཐུགས་དཔལ་གྱི་བེའུའམ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་ཐམས་ཅད་ཐོབ་པར་ཤོག་ཅིག་ཅེས་བསམ་ནས་ལུས་ཐམས་ཅད་ཀྱིས་ས་ལ་ཕབ་པའམ་མ་ལྔ་ས་ལ་ཕབ་པ་ན་བསམ་པར་བྱ་བ་མདོ་ལས་གསུངས་པ་འདི་ལྟར་པུས་མོ་གཡས་པའི་ལྷ་ང་ས་ལ་འཛུགས་པ་ན་སེམས་ཅན་ཐམས་ཅད་གཡས་ཕྱོགས་དྲང་པོའི་ལམ་ལ་གནས་པར་ཤོག་ཅྀག་ཅེས་བརྗོད་ཅིང་བསམ་པར་བྱའོ། །པུས་མོ་གཡོན་པའི་ལྷ་ང་ས་ལ་འཛུགས་པ་ན་སེམས་ཅན་གང་སུ་དག་གཡོན་ཕྱོགས་འཁྱོགས་པོའི་ལམ་ལ་གནས་པ་ཐམས་ཅད་འཕགས་པའི་ལམ་ཡང་དག་པ་ལ་གནས་པར་གྱུར་ཅིག་ཅེས་བརྗོད་ཅིང་བསམ་མོ། །ལག་པ་གཡས་པ་ས་ལ་འཛུགས་པ་ན་ཇི་ལྟར་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་ཤིང་དྲུང་དུ་བཞུགས་ཏེ་བསོད་ནམས་བརྒྱ་ལས་གྲུབ་པའི་ཕྱག་གཡས་ས་ལ་བསྣུན་ནས་བདུད་སྡེ་དཔུང་དང་བཅས་པ་བརྟུལ་ཏེ་བྱང་ཆུབ་བརྙེས་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱིས་ཀྱང་བདུད་དང་ཕྱིར་བརྒོལ་བ་ཐམས་ཅད་ཆོམ་པར་གྱུར་ཅིག །བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ཅིང་ལག་པས་ས་ཆེན་པོ་ལ་བསྣུན་ནས་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་ཤོག་ཅིག་ཅེས་བརྗོད་ཅིང་བསམ་མོ། །དེའི་ལག་པ་གཡོན་པ་ས་ལ་འཛུགས་པ་ན་སེམས་ཅན་གང་སུ་དག་བྱིས་པའི་ཆོས་ལ་གནས་ཏེ། གཡོན་ཕྱོགས་སུ་འཛིན་པ་གདུལ་དཀའ་བ་དེ་དག་བསྡུ་བའི་དངོས་པོ་བཞིས་ཤིན་ཏུ་སྡུད་པར་གྱུར་ཅིག་ཅེས་བརྗོད་ཅིང་བསམ་མོ། །དེའི་གདོང་དང་དཔྲལ་བ་ས་ལ་གཏུགས་པ་ན་སེམས་ཅན་ཐམས་ཅད་ང་རྒྱལ་མ་མཆིས་པ་འདིས་བླ་མ་ལ་རིམ་གྲོ་བགྱིད་པ་རྙེད་ཅིང་སྤྱི་གཙུག་བལྟར་མི་མངོན་པར་འཐོབ་པ་དང༌། དགེ་བའི་ཆོས་ཐམས་ཅད་འཕགས་པར་གྱུར་ཅིག་ཅེས་བརྗོད་ཅིང་བསམ་མོ། །དེ་ལྟར་ཡན་ལག་ལྔས་ཕྱག་འཚལ་བ་འདིས། སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ལྔ་སེལ་བར་གྱུར་ཅིག །དབང་པོ་ལྔ་ཡོངས་སུ་རྫོགས་པར་གྱུར་ཅིག །འདོད་པའི་ཡོན་ཏན་ལྔ་ཡོངས་སུ་ཤེས་པར་གྱུར་ཅིག །མངོན་པར་ཤེས་པ་ཉམས་པ་མེད་པ་ལྔ་ཐོབ་པར་གྱུར་ཅིག །མིག་ལྔ་ཡོངས་སུ་དག་པར་གྱུར་ཅིག །འགྲོ་བ་རྒྱུད་ལྔར་སྐྱེས་པ་རྣམས་འགྲོ་བ་ལྔ་ལས་ཁྱད་པར་དུ་འཕགས་པར་གྱུར་ཅིག །ཚུལ་ཁྲིམས་ཁྱད་པར་དུ་འཕགས་པ་དང༌། ཏིང་ངེ་འཛིན་ཁྱད་པར་དུ་འཕགས་པ་དང༌། ཤེས་རབ་ཁྱད་པར་དུ་འཕགས་པ་དང༌། རྣམ་པར་གྲོལ་བ་ཁྱད་པར་འཕགས་པ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཁྱད་པར་དུ་འཕགས་པར་གྱུར་ཅིག་ཅེས་བརྗོད་ཅིང་བསམ་པར་བྱའོ་ཞེས་གསུངས་སོ། །དེའི་ཕན་ཡོན་ཡང་ཇི་སྐད་དུ། ལུས་བཏུད་དབང་ཆེན་བར་གྱི་རྡུལ་དག་དང༌། མཉམ་པའི་འཁོར་ལོས་བསྒྱུར་རྒྱལ་གྲངས་ཐོབ་ཞིང༌། །མཐར་ཐུག་ཞི་བ་མཆོག་གི་གོ་འཕང་འཐོབ། །ཅེས་སོ། །གསུམ་པ་སྐྱབས་སུ་འགྲོ་བའི་ཡན་ལག་ནི། དེ་ལ་ཆོས་ཐམས་ཅད་ཀྱི་སྒོ་དབྱེ་སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས། ཕྱི་ནང་གི་ཁྱད་པར་འབྱེད་པ་དང༌། ནང་བའི་གྲལ་དུ་ཚུད་བྱེད་སྐྱབས་འགྲོ་འདི་ཉིད་ཡིན་པས་ཤིན་ཏུ་དོན་ཆེ་བ་སྟེ་དེ་ཡང་ཆོས་ཐམས་ཅད་ཀྱི་སྒོ་དབྱེ་ཡིན་ཏེ། ནང་པའི་ཆོས་སྒོ་གང་ལ་ཞུགས་ཀྱང་དང་པོ་སྐྱབས་འགྲོ་ནས་འཇུག་དགོས་པའི་ཕྱིར་དང༌། སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་ཡང་ཡིན་ཏེ། སྐྱབས་འགྲོ་བདུན་བཅུ་པ་ལས། །སྡོམ་པ་ཀུན་ལ་ཡོད་མོད་ཀྱང༌། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་མ་གི་བསྙེན་གནས་ཡན་ལག་བརྒྱད་པ་ནས་ཡ་གི་གསང་སྔགས་ཀྱི་སྡོམ་པའི་བར་ཐམས་ཅད་སྐྱབས་སུ་མ་སོང་བའི་གང་ཟག་རྣམས་ལ་སྟོན་པས་མ་གནང་ལ། སྐྱབས་འགྲོའི་སྡོམ་པ་དང་ལྡན་པ་ལ་སྡོམ་པ་ཐམས་ཅད་གནང་བའི་ཕྱིར་རོ། །ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཀྱང་ཡིན་ཏེ། སྐྱབས་སྡོམ་མེད་པའི་གང་ཟག་གིས་སོ་བྱང་སྔགས་གསུམ་གྱི་ལམ་གང་ཉམས་སུ་བླངས་ཀྱང་ཕན་པ་མེད་དེ། འབྲི་གུང་སྐྱོབ་པ་རིན་པོ་ཆེས། སྐྱབས་འགྲོའི་ཆོས་གཞུག་ཤོར་ན་ཕན་པ་མེད། །ཅེས་གསུངས་ཤིང༌། དཔེར་ན་རྨིང་རྡོ་མེད་པས་གྱང་དང་རི་མོ་མེད་པ་བཞིན་ནོ། །སྐྱབས་སྡོམ་དང་ལྡན་པའི་གང་ཟག་གིས་སོ་བྱང་སྔགས་གསུམ་གྱི་ལམ་གང་ཉམས་སུ་བླངས་ཀྱང་དེ་དང་དེའི་ལམ་དང་འབྲས་བུ་ཡོན་ཏན་རྣམས་འབྱུང་བའི་ཕྱིར་དཔེར་ན་རྨིང་རྡོ་བརྟན་པའི་གྱང་དང་རི་མོ་བཞིན་ནོ། །ཕྱི་ནང་གི་ཁྱད་པར་འབྱེད་བྱེད་དང་ནང་པ་སངས་རྒྱས་པའི་གྲལ་དུ་ཚུད་བྱེད་ཡིན་ཏེ། ཕྱི་ནང་གི་ཁྱད་པར་འདི་ལ་གང་ཟག་གི་བདག་འདོད་པ་དང་མི་འདོད་པས་འབྱེད་པ་ཡོད་ཀྱང༌། དེ་ལྟར་ན་རང་སྡེ་གནས་མ་བུ་བས། ཁུར་ཁྱེར་བ་ཡི་གང་ཟག་ཡོད། །རྟག་གམ་མི་རྟག་མི་བརྗོད་དོ། །ཞེས་བརྗོད་མེད་ཀྱི་བདག་འདོད་པས་ནང་པ་མ་ཡིན་པར་འགྱུར་ཞིང༌། སྤྱིར་མུ་སྟེགས་པ་ཞེས་པ་ཅི་ཡང་མི་ཤེས་པ་ཞིག་མིན་ཏེ། རྒྱ་གར་ཇོ་བོའོ་སློབ་མ་པཎྜི་ཏ་སའི་སྙིང་པོ་ཞེས་པས་ཕྱི་ནང་གི་གྲུབ་མཐའ་ལ་ལན་གསུམ་རར་ཞུགས་ཀྱང་ཕྱི་ནང་གི་ཁྱད་དབྱེ་མ་ཤེས་པའི་ཚུལ་ལྟར་གསུངས། པཎྜི་ཏ་དཔལ་ལྡན་ཇོ་བོ་ཆེན་པོས་ཀྱང༌། འཕགས་ཡུལ་ན་མཁས་པའི་སྒོ་དྲུག་ལ་སོགས་པ་བཞུགས་ཀྱང༌། ང་ཡི་བླ་མ་ཤིནྟ་པ་ནི་གཤེགས། ང་ནི་བོད་དུ་འོངས་པས་རྒྱ་གར་ན་ཕྱི་ནང་གི་དབྱེ་བ་ཤེས་པ་མེད་གསུངས་པ་དང༌། ཉིད་ཀྱིས་ཀྱང་སྟོད་མངའ་རིས་ཡུལ་དུ། སྐྱབས་འགྲོ་ཁོ་ན་གསུངས་པས། མཚན་ཡང་སྐྱབས་འགྲོའི་པཎྜི་ཏ་ཞེས་བཏགས་པ་ན་བོད་ཀྱི་མཁས་པ་རྣམས་ཀྱིས་ཁྱེད་ཀྱིས་ཆོས་གཞན་ཞིག་གསུངས་དགོས་ཏེ། མ་གསུངས་ན་ཁྱེད་ཀྱི་མཚན་ལ་ཡང་སྐྱབས་འགྲོའི་པཎྜི་ཏ་བཏགས་པར་འདུག་ཞུས་པ་ལ་ཇོ་བོ་ཉིད་ཐུགས་དགྱེས་ཏེ། བདག་གི་མིང་ཙམ་གྱིས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱེད་འདུག་གསུངས། འབྲི་གུང་སྐྱོབ་པས་ཀྱང༌། མདོར་ན་དམ་པའི་ཆོས་ཐམས་ཅད་སྐྱབས་འགྲོ་ཉག་གཅིག་ལ་འདུས་ལ་ཟབ་གནད་ཀྱང་ཡིན་གསུངས། དེ་ལྟ་བུའི་སྐྱབས་འགྲོ་དེ་འཆད་པར་བྱེད་པ་ལ་སྤྱི་དོན་དང༌། གཞུང་དོན་གཉིས་ལས། དང་པོ་ལ། རྒྱུ། ངོ་བོ། །དབྱེ་བ། སོ་སོའི་དོན་བཤད་པ་དང་བཞི། དང་པོ་རྒྱུ་ནི། དང་འདོད་ཡིད་ཆེས་ཕྱིར་མི་ལྡོག་པའི་དད་པ་ལས་ཕྱི་མའོ། །གཉིས་པ་ངོ་བོ་ནི་འཇིགས་པ་ལས་སྒྲོལ་བའི་དོན་དུ་སྐྱབས་སུ་འཛིན་པར་ཁས་ལེན་ཅིང་དམ་བཅས་པའོ། །དེ་ཡང་གསོལ་འདེབས་དང་མ་ནོར་བ་ཞིག་དགོས་ཏེ། གསོལ་འདེབས་ནི་རང་ལ་ཉེས་པ་སོགས་གང་ཡང་རུང་བ་བྱུང་ཚེ་ཡུལ་དེ་ལ་དངོས་པོ་ཞུས་ཏེ་དེ་ལས་བདག་བསྲུང་བར་གསོལ་བའམ་ཞུ་བ་ཕུལ་དུ་འོང་བ་ཡིན་ཏེ། དཔེར་ན་མི་ཉེས་ཅན་ཞིག་གིས་དཔོན་ལ་ལྐོག་ནོར་ཕུལ་ནས་བདག་ལ་ཉེས་ཆད་མི་འབྱུང་བར་གསོལ་བ་འདེབས་པ་ལྟ་བུ་ཡིན་ལ། སྐྱབས་འགྲོ་ནི། མདོ་རྒྱན་ལས། ཁས་ལེན་དེ་ཡང་ཞེས་པ་ལྟར་རང་གིས་དུས་ད་ནས་བཟུང་སྟེ་སྐྱིད་སྡུག་ལེགས་ཉེས། མཐོ་དམན་ཅི་བྱུང་ཡང་ཁྱེད་ལས་རེ་ལྟོས་གཞན་དུ་མེད་སྙམ་པས་དཀོན་མཆོག་གསུམ་ལ་སྐྱབས་གནས་སུ་ཁས་ལེན་ཅིང་དམ་བཅའ་བ་ཡིན་ལ། མདོར་ན་སྐྱབས་འགྲོའི་ངོ་བོ་ཁས་ལེན་དང་དམ་བཅའ་ཡིན་པར་ཤེས་པ་གལ་ཆེའོ། །གསུམ་པ་དབྱེ་བ་ནི། སྐྱབས་ཡུལ་གྱི་སྒོ་ནས་དབྱེ་བ་ཡོད་ཀྱང་འདིར་གཙོ་བོ་ཀུན་སློང་གིས་དབྱེ་བ་ཡིན་ལ། དེ་ལ་ཡང་འཇིག་རྟེན་པའི་སྐྱབས་འགྲོ་དང༌། འཇིག་རྟེན་ལས་འདས་པའི་སྐྱབས་འགྲོ་དང་གཉིས། འདས་པ་ལའང་ཐེག་དམན་དང་ཐེག་ཆེན་གྱི་སྐྱབས་འགྲོ་གཉིས། ཐེག་ཆེན་ལ་ཡང་གནས་སྐབས་རྒྱུའི་སྐྱབས་འགྲོ་དང༌། མཐར་ཐུག་འབྲས་བུའི་སྐྱབས་འགྲོ་གཉིས་སོ། །བཞི་པ་སོ་སོའི་དོན་བཤད་པ་ལ། མདོ་རྒྱལ་མཚན་དམ་པ་ལས། འཇིགས་པས་སྐྲག་པའི་མི་དག་གིས། །ཕལ་ཆེར་རི་དང་ནགས་ཚལ་དང༌། །ཀུན་དགའ་ར་བ་ལྗོན་ཤིང་དང༌། །མཆོད་རྟེན་རྣམས་ལ་སྐྱབས་སུ་འགྲོ། །སྐྱབས་དེ་གཙོ་བོ་མ་ཡིན་ཏེ། །སྐྱབས་དེ་དག་ལ་བརྟེན་ནས་ནི། སྡུག་བསྔལ་ཆེ་ལས་ཐར་མི་འགྱུར། །ཅེས་པ་ལྟར། གནས་སྐབས་ནད་གདོན་ལ་སོགས་པའི་རྐྱེན་ཕྲན་བུ་ཙམ་ལ་སྐྲག་ནས་རི་དང་ནགས་ཚལ་སོགས་ཀྱི་ལྷ་དང༌། དབང་ཕྱུག་དང་ཚངས་པ་ཁྱབ་འཇུག་དང་སྡེ་བརྒྱད་ལ་སོགས་པ་ལ་སྐྱབས་སུ་འཛིན་པ་ཡིན་ལ། དེ་དག་གིས་སྡུག་བསྔལ་ཐམས་ཅད་ལས་སྐྱོབ་པ་ལྟ་ཅི་སྟེ་གནས་སྐབས་ཀྱི་འཇིགས་པ་ལས་སྐྱབས་པར་ཡང་མ་ངེས་པས་གཙོ་བོའམ་མཆོག་མིན་ལ། དེ་ལ་སྐྱབས་ཡུལ། དཀོན་མཆོག་གསུམ་ཡིན་ཀྱང་བསམ་པ་འཇིག་རྟེན་པ་ཡིན་ན་འཇིག་རྟེན་པའི་སྐྱབས་འགྲོ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་སྐྱབས་འགྲོ་ལའང༌། ཐེག་དམན་གྱི་སྐྱབས་འགྲོ་ནི་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ཞེས་རྐང་གཉིས་མི་རྣམས་ཀྱི་མཆོག་རྒྱལ་བ་ཐུབ་པ་ལྟ་བུ་མཆོག་གི་སྤྲུལ་པའི་སྐུ་སྟེ། ཐུགས་ཆོས་སྐུ་དང་སྐུ་ལུས་གཟུགས་སྐུ་གཉིས་སངས་རྒྱས་དང༌། ཞི་བ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་དམ་པའི་ཆོས་ཞེས། སྤང་བྱ་ཉོན་མོངས་ས་བོན་དང་བཅས་པ་སྤངས་པའི་སྤང་བའམ་མྱང་འདས་སམ་འགོག་པ་ཆོས་དང༌། ཚོགས་རྣམས་ཀྱི་མཆོག་དགེ་འདུན་ཞེས་གང་ཟག་གི་རྒྱུད་དུ་སྔར་མེད་གསར་དུ་འདུས་པའི་རྟོགས་པ་དེ་འགྲོ་བ་ལྷ་དང་བཅས་པས་ལམ་བདེན་དང་གང་ཟག་གཉིས་སོ་སོར་དབྱེ་བར་མི་ནུས་པས་འདུས་པ་རྣམས་ཀྱི་མཆོག་དགེ་འདུན་ཡིན་ཏེ། སང་ག་འདུས་པ་ལའོ་ཅེས་སོ། །འདུས་པ་གཞན་ནི་སྐྱེས་པའི་ཐ་མ་འཆི། འདུས་པའི་ཐ་མ་འབྲལ་བར་འགྱུར་བ་ལ་སོགས་པས་མཆོག་མ་ཡིན་ནོ། །དེའང་སློབ་པ་རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་གསུམ་དང༌། མི་སློབ་པ་དགྲ་བཅོམ་པ་དང་བཞིའོ། །དེ་ལྟ་བུའི་དཀོན་མཆོག་གསུམ་ལ་ཀུན་སློང་རང་ཉིད་སྲིད་པ་འཁོར་བའི་འཇིགས་པ་ལ་སྐྲག་ནས་ཕུང་པོ་ལ་གཤེད་མ་རལ་གྲི་ཐོགས་པ་ལྟ་བུ་དང༌། ཁམས་ལ་སྦྲུལ་གདུག་ལྟ་བུ་སོགས་སུ་བལྟས་ཏེ། དེ་ལས་གྲོལ་བར་འདོད་པའི་བསམ་པས་གནས་སྐབས་དུས་ཇི་སྲིད་འཚོ་བའི་བར་དང་མཐར་ཐུག་རང་ལམ་གྱི་འབྲས་བུ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་ཡིན་ནོ། །ཐེག་ཆེན་གྱི་སྐྱབས་འགྲོ་ནི། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་རྣམས་ལ་སྙིང་རྗེ་དྲག་པོ་ཤས་མི་བཟོད་པ་བསྐྱེད་ནས་སྙིང་རྗེ་སར་མི་བཞག་པར་དེ་དག་སྡུག་བསྔལ་དེ་ལས་སྒྲོལ་བར་བྱ་དགོས་ལ་དེ་ཡང་རང་ཉིད་མ་གྲོལ་བར་གཞན་སྒྲོལ་མི་ནུས་པས། རང་གཞན་ཐམས་ཅད་སྲིད་ཞིའི་འཇིགས་པ་ལས་སྒྲོལ་ཕྱིར་ཐེག་ཆེན་གྱི་དཀོན་མཆོག་གསུམ་ལ་བྱང་ཆུབ་སྙིང་པོ་མ་ཐོབ་བར་དུ་སྐྱབས་སུ་འགྲོ་བ་ཡིན་ལ། དེ་ལའང་གནས་སྐབས་རྒྱུས་སྐྱབས་འགྲོ་དང༌། མཐར་ཐུག་འབྲས་བུའི་སྐྱབས་འགྲོ་གཉིས་ལས། དང་པོ་ནི། རང་གཞན་སེམས་ཅན་ཐམས་ཅད་སྲིད་ཞིའི་འཇིགས་པ་ལས་སྒྲོལ་བའི་ཕྱིར་དུ་གཞན་རྒྱུད་ལ་བྱོན་ཟིན་གྱི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཡིན་ལ། དེ་ཇི་ལྟར་ཞེ་ན། ཐུན་མོང་ལྟར་བཤད་ན་བདག་ཅག་གི་སྟོན་པས་སྔོན་དང་པོ་ཐུགས་བསྐྱེད་དེ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ནས། མཐར་རྒྱལ་པོ་ཟས་གཙང་གི་སྲས་སུ་འཁྲུངས་ནས་བྱང་ཆུབ་ཤིང་དྲུང་དུ་མངོན་པར་བྱང་ཆུབ་པ་རྒྱལ་བ་ཤཱཀྱ་ཐུབ་པ་ལྟ་བུ་རང་རྒྱུད་ལས་ཐ་དད་པའི་སངས་རྒྱས་སྐུ་བཞིའམ་སྐུ་གསུམ་གྱི་བདག་ཉིད་སངས་རྒྱས་དཀོན་མཆོག་དང༌། སངས་རྒྱས་དང་བྱང་སེམས་ཀྱི་ཐུགས་རྒྱུད་ན་བཞུགས་པའི་ལུང་དང་རྟོགས་པའི་ཆོས་དམ་ཆོས་དཀོན་མཆོག་དང༌། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྗེ་བཙུན་འཇམ་པའི་དབྱངས་དང༌། བྱམས་པ་ལ་སོགས་པ་རང་ལས་ཐ་དད་པའི་དགེ་འདུན་ཏེ་དགེ་འདུན་དཀོན་མཆོག་དང་གསུམ་ལ་སྐྱབས་སུ་འགྲོ་བའོ། །གཉིས་པ་འབྲས་སྐྱབས་ནི། མགོན་པོ་བྱམས་པས། འདི་ནི་དེ་དངོས་འདོད་པས་ཁས་ལེན་དེ་ཡང་སྙིང་བརྩེ་ལས་རིག་བྱ། ཞེས་པ་ལྟར། རང་གཞན་གྱི་སྲིད་ཞིའི་རྒུད་པ་སེལ་ཕྱིར་མཐར་ཐུག་གི་དཀོན་མཆོག་གསུམ་རང་རྒྱུད་ལ་སྒྲུབ་པར་དམ་བཅའ་བ་ཡིན་ལ། མཐར་རང་རྒྱུད་ལ་མཆོག་གསུམ་དེ་གྲུབ་པ་ན་སྲིད་ཞིའི་འཇིགས་པ་ལས་གྲོལ་བ་ཡིན་པས་སྐྱབས་གནས་མཐར་ཐུག་ཀྱང་དེ་ཡིན་ཏེ། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་སྟེ། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་གོ །ཅེས་གསུངས་པ་ལྟར་རོ། །སྤྱིར་རྒྱུད་བླ་མའི་དོན་ཡང་སྐྱབས་འགྲོ་ལས་གཞན་མེད་པར་ཤེས་དགོས་ཤིང༌། ཁམས་བྱང་ཆུབ་ཡོན་ཏན་ཕྲིན་ལས་བཞིས་འབྲས་སྐྱབས་ཀྱང་བསྟན་པར་གསུངས། དེས་ན་རྒྱུའི་སྐྱབས་འགྲོས་སྲིད་ཞིའི་འཇིགས་པ་ཐམས་ཅད་ལས་སྒྲོལ་མི་ནུས་པས་སྐྱབས་མཐར་ཐུག་པ་མ་ཡིན་ནོ། །དེ་ལྟར་ན་འབྲས་སྐྱབས་དང་སྨོན་སེམས་གཉིས་གཅིག་ཏུ་འགྱུར་བས་ཁྱད་ཅི་ཡིན་ཞེ་ན། སློབ་དཔོན་དབྱིག་གཉེན་ལ་རང་ལས་ལྷག་པའི་བུ་བཞི་ཡོད་པ་ལས། མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་གྲོས་བརྟན་པས་མདོ་རྒྱན་གྱི་འགྲེལ་ཆེན་ལས། སེམས་བསྐྱེད་ཅེས་བྱ་སྐྱབས་འགྲོ་ཞེས་ཀྱང་བྱ། །ཞེས་གཅིག་ཏུ་བཞེད། རྒྱ་གར་ཇོ་བོས་དམ་བཅའ་བའི་ལྕགས་ཀྱུ་གཉིས་ཡོད་མེད་དུ་བཞེད། ཀུན་མཁྱེན་ཀློང་ཆེན་པོས། རང་དོན་དང་གཞན་དོན་གྱི་ཁྱད་ཡིན་གསུངས་པ་འདིའི་དགོངས་པ་ལ་བརྟགས་ན་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་བཞེད་པ་ཡིན་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེས་པའི་ལྡོག་པ་ནས་སེམས་བསྐྱེད་དང༌། བདག་གི་རྫོགས་པའི་སངས་རྒྱས་ཞེས་པའི་ལྡོག་པ་ནས་སྐྱབས་འགྲོ་ཡིན་ལ། དེ་ལྟ་བུའི་ཁྱད་པར་དུ་བྱས་ནས་དབྱེ་བ་ཡིན་གསུངས་སོ། །གཉིས་པ་གཞུང་དོན་ལ་སྤྱིར་ཐེག་པ་ཆེ་ཆུང་གི་སྐྱབས་འགྲོའི་ཁྱད་པར་མང་དུ་ཡོད་ཀྱང་འདིར་ཁྱད་པར་གསུམ་དང་ལྡན་པའི་སྒོ་ནས་འཆད་པ་ལ། ཁྱད་པར་སོ་སོར་བཤད་པ་དང༌། ཐུན་མོང་དུ་འགྲོ་ཚུལ་བཤད་པ་གཉིས་ལས། དང་པོ་ལ་གཉིས་ལས། དང་པོ་ཐེག་དམན་གྱི་སྐྱབས་འགྲོ་བཤད་པ་ནི། བསམ་པ་རང་ཉིད་སྲིད་པ་འཁོར་བའི་འཇིགས་པ་ལས་གྲོལ་ཏེ་ཞི་བ་མྱང་འདས་ཐོབ་པའི་ཆེད་དུ་དུས་ཇི་སྲིད་འཚོ་བའི་བར་དུ་ཞེས་འདུལ་བའི་གཞུང་ནས་གསུངས་པ་ལྟར་རོ། །སྐྱབས་ཡུལ་ནི་མཛོད་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང༌། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་པ་ལྟར་སངས་རྒྱས་ཀྱི་སྐུ་སྡུག་བསྔལ་བདེན་པའི་ལྷག་མ་སྟེ། རྒྱལ་པོ་ཟས་གཙང་གི་སྲས་རྒྱལ་བུ་དོན་གྲུབ་ཅེས་སོ་སོའི་སྐྱེ་བོ་ཞིག་ཡིན་ལ། དེས་ལམ་ལྔ་སྟན་ཐོག་གཅིག་ཏུ་བསྒྲོད་ནས་མངོན་པར་བྱང་ཆུབ་པ་ཡིན་པས་སྐུ་ལུས་ནི་སྔར་རྒྱལ་བུ་དོན་གྲུབ་ལས་དབང་གིས་འཕང་པའི་སོ་སྐྱེས་ཀྱི་ལུས་དེ་ཡིན་པས་སྐྱབས་ཡུལ་མ་ཡིན་ཞེས་བྱེ་སྨྲས་འདོད་པ་ཡིན་ལ། སྐྱབས་ཡུལ་ནི་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་མི་སློབ་པའི་ལམ་བདེན་ཏེ་རྟོགས་པ་ནི་སངས་རྒྱས་དང༌། དགེ་འདུན་གྱི་སྐུ་ལུས་ནི་སྡུག་བསྔལ་བདེན་པའི་ལྷག་མ་ཡིན་ལ་སློབ་མི་སློབ་པའི་རྒྱུད་ཀྱི་ལམ་བདེན་ཏེ་རྟོགས་པ་ནི་དགེ་འདུན་ཡིན་ལ། སངས་རྒྱས་དང་དགེ་འདུན་གྱི་ཐུགས་རྒྱུད་ན་སྒྲིབ་པ་སྤང་བས་སྤང་བའམ་མྱང་འདས་སམ། འདོད་ཆགས་བྲལ་བ་འགོག་བདེན་ཆོས་དང༌། དེ་ལྟ་བུའི་དཀོན་མཆོག་གསུམ་ཐེག་དམན་གྱི་སྐྱབས་ཡུལ་ཡིན་ནོ། །གཉིས་པ་ཐེག་ཆེན་གྱི་སྐྱབས་འགྲོ་ནི། བསམ་པ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་དུས་འདི་ནས་བཟུང་སྟེ་བྱང༷་ཆུབ༷་སྙིང༷་པོ༷ར་ཏེ་སྙིང་པོ་ལ་མཆི༷ས་ཀྱི༷་བ༷ར་དུ་སང༷ས་རྒྱས༷་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཅན་རྣམ༷ས་ལ༷་སྐྱབ༷ས་སུ༷་མཆི༷འོ། །ལུང་དང་རྟོགས་པའི་བདག་ཉིད་དམ་པའི་ཆོ༷ས་རྣམས་དང༷་བྱང༷་ཆུབ༷་སེམས་དཔ༷འ་ཡི༷་འཕགས་པའི་དགེ་འདུན་གྱི་ཚོ༷གས་ལ༷འ༷ང་སྔ་མ་དེ༷་བཞི༷ན་དུ་སྐྱབ༷ས་སུ༷་མཆི༷་ཞེས་པ་སྟེ། དེ་ཡང་དུས་ཀྱི་ཁྱད་པར་བཟང་སྤྱོད་ལས། བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ། །སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། །བྱང་ཆུབ་སངས་རྒྱས་འཁོར་ལོ་རབ་ཏུ་བསྐོར། །ཅེས་པ་ལྟར་བསྐལ་བཟང་འདིའི་སངས་རྒྱས་ཡིན་ན་རྒྱ་གར་རྡོ་རྗེའི་གདན་དུ་བྱང་ཆུབ་ཀྱི་ཤིང་དྲུང་དང༌། རྒྱལ་བ་འོད་དཔག་མེད་ལྟ་བུ་བྱང་ཆུབ་ཀྱི་ཤིང་རིན་ཆེན་པདྨོ་རྣམ་པར་སྣང་བྱེད་ཅེས་པ་ལ་སོགས་པ་མདོར་ན་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་གང་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་སངས་རྒྱས་པ་ལྟར་སེམས་ཅན་གྱི་དོན་དུ་ཕྱི་བྱང་ཆུབ་སྙིང་པོའི་ཤིང་དྲུང་དུ་མངོན་པར་རྫོགས་པ་བྱང་མ་ཆུབ་ཀྱི་བར་དུ་དང༌། ནང་རིག་པ་བདེ་གཤེགས་སྙིང་པོའི་གནས་ལུགས་མ་ལུས་པ་མངོན་དུ་མ་གྱུར་བར་དུ་སྟེ། བདེ་གཤེགས་སྙིང་པོའི་གནས་ལུགས་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་སངས་རྒྱས་མ་གཏོགས་གཞན་འཕགས་ཆེན་རྣམས་ཀྱིས་ཀྱང་སངས་རྒྱས་ཀྱིས་གཟིགས་པ་ལྟར་མི་མཐོང་སྟེ། མགོན་པོ་བྱམས་པས། བཙས་པའི་ཁྱིམ་གནས་བུ་ཆུང་གིས། །ཉི་མའི་གཟུགས་བཞིན་འཕགས་པས་ཀྱང༌། །ཞེས་གསུངས་པ་ལྟར་རོ། །ཡུལ་གྱི་ཁྱད་པར་ཐེག་ཆེན་ཐུན་མོང་མ་ཡིན་པའི་དཀོན་མཆོག་གསུམ་སྟེ། སངས་རྒྱས་ནི། དེ་ཉིད་ཀྱིས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པས་སངས་རྒྱས་ཉིད། །ཅེས་གསུངས་པ་ལྟར། རྒྱུ་རྐྱེན་གྱིས་འདུས་མ་བྱས་པ་དང༌། ཡོན་ཏན་ལྷུན་གྱིས་གྲུབ་པ་དང༌། གཞན་གྱི་རྐྱེན་གྱིས་རྟོགས་པ་མིན་པར་སོ་སོར་རང་རིག་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་རྟོགས་པ་གསུམ་རང་དོན་ཕུན་ཚོགས་ཀྱི་ཡོན་ཏན་དང༌། ཇི་ལྟ་བ་དང་ཇི་སྙེད་པ་གཟིགས་པས་ཤེས་བྱ་ཐམས་ཅད་མཁྱེན་ནས་དམིགས་པ་མེད་པའི་བརྩེ་བའི་སྙིང་རྗེ་ཆེན་པོས་ལམ་སྟོན་ཅིང་སྡུག་བསྔལ་དང་ཉོན་མོངས་ཐམས་ཅད་སྤོང་བར་ནུས་པ་གསུམ་གཞན་དོན་ཕུན་ཚོགས་ཀྱི་ཡོན་ཏན་ཏེ། དེ་ལྟ་བུའི་དོན་གཉིས་མཐར་ཕྱིན་པའི་ཡོན་ཏན་དགེ་བའི་དབྱེ་བའི་ཡ་གྱལ་དུ་བྱས་པས་ཡོན་ཏན་བརྒྱད་ལྡན་གྱི་སངས་རྒྱས་སྐུ་བཞིའམ་སྐུ་གསུམ་མོ། །ཆོས་ནི། དེ་ཉིད་ཀྱིས། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་པས་རྣམ་རྟོག་གིས་བསམ་གྱིས་མི་ཁྱབ་ཅིང་ལས་དང་ཉོན་མོངས་པ་དང༌། །རྣམ་པར་རྟོག་པ་ཞི་བ་མཐར་ཐུག་པ་གསུམ་གང་ཞིག་འདོད་ཆགས་དང་བྲལ་བ་འགོག་བདེན་གྱི་ཡོན་ཏན་དང༌། དྲི་མས་དག་ཅིང་ཡེ་ཤེས་ཀྱི་སྣང་བ་གསལ་བ་ཅན་ཀུན་ནས་ཉོན་མོངས་པའི་གཉེན་པོར་གྱུར་པ་མཐར་ཐུག་པ་གསུམ་གང་གིས་འདོད་ཆགས་དང་བྲལ་བ་ལམ་བདེན་གྱི་ཡོན་ཏན་ཏེ། དེ་ལྟ་བུའི་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་ཡོན་ཏན་བརྒྱད་ལྡན་རྟོགས་པའི་ཆོས་སོ། །འདི་ལ་ལེགས་པར་བརྟགས་ན་འགོག་བདེན་ནི་སྤང་བའི་ཆའམ་མེད་པ་ཡིན་པས་ན་རྟོགས་པ་མ་ཡིན་པས་རྟོགས་པའི་ཆོས་ཇི་ལྟར་ཡིན་བསམ་ན། ལམ་བདེན་གྱིས་བཞག་པའམ་ལམ་བདེན་རྟོགས་པའི་ལག་རྗེས་ཡིན་པས་སམ་ལམ་བདེན་གྱིས་ཆགས་པ་དང་བྲལ་བའི་དབྱིངས་གང་ཞིག་ཡེ་ཤེས་དང་གཉིས་སུ་མེད་པའི་སྟོང་པའམ་དབྱིངས་ལ་འགོག་པ་ཞེས་བཏགས་པ་ཡིན་པས་རྟོགས་པའི་ཆོས་སུ་བསྡུ་བ་ཡིན་ལ་འདི་ནི་གནད་དོན་གལ་ཆེ་བ་ཡིན་ནོ། །དེ་ལྟར་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་རྟོགས་པའི་ཆོས་ཀྱི་རྒྱུ་མཐུན་པའི་ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་ཆོས་ལུང་དང༌། དགེ་འདུན་ནི་ཐེག་ཆེན་འཕགས་པ་ཕྱིར་མི་ལྡོག་པ་སྟེ། བྱམས་པས། ཇི་ལྟར་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པས་ན། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་པས་གནས་ལུགས་བདེ་གཤེགས་སྙིང་པོ་མངོན་སུམ་རྟོགས་པ་ཇི་ལྟ་མཁྱེན་པའི་ཡེ་ཤེས་དང༌། དེས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གཟིགས་པ་ཇི་སྙེད་མཁྱེན་པའི་ཡེ་ཤེས་དང༌། གཉིས་སུ་མེད་པར་ནང་སོ་སོ་རང་རིག་པའི་ཡེ་ཤེས་གསུམ་རིག་པའི་ཡོན་ཏན་དང༌། ཡེ་ཤེས་དེ་ཉིད་ཉོན་ཤེས་སྙོམས་འཇུག་གི་སྒྲིབ་པ་གསུམ་མམ། ཉོན་མོངས་པ་ལས་གྲོལ་བ་ཆགས་སྒྲིབ་ལས་གྲོལ་བ་དང༌། ཤེས་སྒྲིབ་ལས་གྲོལ་བ་ཐོགས་སྒྲིབ་ལས་གྲོལ་བ་དང༌། རང་འདོད་ཡིད་བྱེད་ཀྱི་ཞེན་པ་དང་བྲལ་བ་དམན་སྒྲིབ་ལས་གྲོལ་བ་གསུམ་ནི་གྲོལ་བའི་ཡོན་ཏན་གསུམ་དང་དྲུག་གམ་དབྱེ་གཞི་དབྱེ་བའི་ཡ་གྱལ་དུ་བྱས་པས་བརྒྱད་དོ། །གཉིས་པ་སྐྱབས་སུ་འགྲོ་ཚུལ་ནི། སྟོན་པ་བླ་མེད་སངས་རྒྱས། །སྐྱོབས་པ་བླ་མེད་དམ་ཆོས། །འདྲེན་པ་བླ་མེད་དགེ་འདུན་ཅེས་པ་ལྟར། ལས་དང་པོ་པ་རྣམས་ཀྱི་སྐྱབས་དངོས་ཆོས་ཡིན་ཏེ། ངས་ནི་ཁྱོད་ལ་ཐར་པའི་ཐབས་བསྟན་པས། །ཐར་པ་རང་ལ་རག་ལས་བརྩོན་པར་གྱིས། །ཞེས་དང༌། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུད་ལ། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ཞིང༌། །ཉིད་ཀྱིས་རྟོགས་པ་གཞན་ལ་སྤོ་མིན་ཡང༌། །ཆོས་ཉིད་ཞི་བ་བསྟན་ལས་གྲོལ་བར་འགྱུར། །ཅེས་གསུངས་པས་དམ་པའི་ཆོས་རང་གིས་བསྒྲུབ་ན་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་རང་ཉིད་སྐྱོབས་པར་འགྱུར་ཏེ་ཐ་ན་ཉིན་ཞག་ཕྲུག་གཅིག་ལ་བསྙེན་གནས་ཀྱི་སྡོམ་པ་བསྲུང་བའི་གང་ཟག་དེས་ཉིན་དེར་རང་རྒྱུད་ཉེས་ལྟུང་ལས་སྐྱབས་ནས་ཕྱི་མ་ལྷ་ཡུལ་དུ་སྐྱེ་བར་འགྱུར་བ་དང༌། དེ་ལྟར་ན་ལས་དང་པོ་པའི་སྐྱབས་དངོས་དམ་པའི་ཆོས་ཡིན་པས་དེ་མ་གཏོགས་པར་སྐྱབས་གནས་གཞན་གཉིས་ཀྱིས་ཀྱང་དངོས་སུ་སྐྱོབས་མི་ནུས་པས་སྐྱོབས་པ་བླ་མེད་དམ་པའི་ཆོས་ཞེས་གསུངས་པས་ན། གསང་སྔགས་རྙིང་མ་བས། སྐྱབས་ཡུལ་དུ་བདེ་གསལ་མི་རྟོག་པ་གསུམ་དང༌། རྩ་རླུང་ཐིག་ལེ་གསུམ་དང༌། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་སོགས་གསུངས་པ་ནི། རང་ལུས་ཀྱི་རྩ་ཐིག་རླུང་གསུམ་དག་པར་བྱེད་བསམ་ནས་དམ་བཅས་པ། དེ་ལྟར་སྒྲུབ་པས་རྩ་དག་པ་སྤྲུལ་སྐུ་སོགས་རང་གཞུང་ནས་བཤད་པའི་འབྲས་བུ་འགྲུབ་པར་འགྱུར་ལ། གཞན་དུ་སྐྱབས་འགྲོ་དང་གསོལ་འདེབས་ཀྱི་ཁྱད་མ་ཤེས་པར་རྩ་ཐིག་རླུང་གསུམ་རང་ལུས་ན་གནས་པས་དེ་ལ་བདག་སོགས་སྐྱབས་པར་མཛད་དུ་གསོལ་ཞེས་རེ་བ་བཅའ་ས་མེད་པས་མདོར་ན་གསོལ་འདེབས་དང་སྐྱབས་འགྲོའི་ཁྱད་པར་ལས་དང་པོ་པའི་སྐྱབས་གནས་དངོས་ཆོས་ཡིན་པ་དང༌། ཆོས་དེ་ཡང་རང་རྒྱུད་དུ་བསྒྲུབ་པར་བྱེད་དགོས་པ་ནི། གནད་དམ་པ་ཡིན་པས་ཤེས་པ་གལ་ཆེ་བ་ཡིན་ནོ། །དེ་ལྟར་སྐྱབས་འགྲོའི་ངོ་བོ་རང་གི་སེམས་ལ་དམ་བཅའ་བ་དང་མཆོག་གསུམ་ལས་དམ་པའི་ཆོས་ལས་དང་པོ་པའི་སྐྱབས་དངོས་ཡིན་པ་དང༌། དེའང་རང་གིས་སྒྲུབ་པར་དམ་བཅའ་བའི་གནད་དེ་མ་གཏོགས་པར་གསང་སྔགས་རྙིང་མ་པའི་སྐྱབས་ཡུལ་གོང་དུ་བཤད་པ་དེ་དག་ལ་དགག་པ་བརྗོད་པ་ནི། རང་ཉིད་ཀྱིས་སྐྱབས་འགྲོ་དང་གསོལ་འདེབས་ཀྱི་ཁྱད་པར་མ་ཤེས་པར་ཟད་དོ། །དེ་ལྟར་བརྗོད་པ་ན་རྙིང་མ་པ་ཁ་ཅིག་འགལ་སྤང་གི་ལན་ཀྱང་བརྗོད་མི་ཤེས་པར་ཁོང་ཁྲོ་བ་དང༌། རང་གི་ཆོས་ལ་ཐེ་ཚོམ་སྐྱེས་ནས་སྤོང་བ་སོགས་ཡོད་པ་ནི་གོང་དུ་བསྟན་པའི་གནད་དེ་མ་གཏོགས་པས་ལན་པ་ཡིན་ནོ། །འོ་ན་ཆོས་སྐྱབས་དངོས་ཡིན་ན་སངས་རྒྱས་དང་དགེ་འདུན་གཉིས་སྐྱབས་གནས་སུ་བརྗོད་པ་ཅི་ཡིན་ཞེ་ན། སངས་རྒྱས་མ་བྱོན་ན་རང་རེ་རྨོངས་པས་ཆོས་ཞེས་བྱ་བ་མི་ཤེས་པས་སངས་རྒྱས་ཉིད་ཀྱིས་རང་གང་ལས་གཤེགས་པའི་ལམ་དེ་མ་ནོར་བ་འགྲོ་བ་རྣམས་ལ་ཡང་དག་པར་བསྟན་པས་སངས་རྒྱས་ཀྱང་སྐྱབས་ཡིན་ནོ། །དགེ་འདུན་ནི་རང་རེ་སྙིགས་མའི་སེམས་ཅན་སྟོན་པའི་ཞལ་རས་མཇལ་བའི་སྐལ་བ་མེད་པ་རྣམས་ཡང་དག་པས་ཐར་པའི་ལམ་དུ་འདྲེན་པར་བྱེད་པས་ན་སྐྱབས་ཡིན་ནོ། །དེ་ལྟ་བུའི་དཀོན་མཆོག་གསུམ་ལ་སྟོན་པ་ལམ་གྲོགས་ཀྱི་ཚུལ་དུ་སྐྱབས་སུ་འགྲོ་དགོས་ཏེ། ཇི་ལྟར་ན། བདག་གི་སྟོན་པ་སངས་རྒྱས་ཡིན་པས་དེས་ཇི་སྐད་གསུངས་པ་བཞིན་སྒྲུབ་པ་མ་གཏོགས་ཕྱི་རོལ་མུ་སྟེགས་པའི་སྟོན་པ་རྣམས་དང༌། རང་རེའི་ཕ་མ་ཉེ་འབྲེལ་ལ་སོགས་པའི་ཆོས་མིན་གྱི་དགྲ་ལ་མི་ཉན་བསམ་ནས་དམ་བཅའ་བ་དང༌། བདག་གི་ལམ་ཆོས་ཡིན་པས་རྒྱལ་བའི་བཀའ་བཞིན་དུ་དམ་པའི་ཆོས་སྒྲུབ་པ་མ་གཏོགས། འཇིག་རྟེན་པའི་བྱ་བ་ངན་པ་ཚོང་དང་སོ་ནམས་དགྲ་འདུལ་གཉེན་སྐྱོངས་ལ་སོགས་པ་མི་བྱེད་བསམ་པས་དམ་བཅའ་བ་དང༌། དགེ་འདུན་ལ་གྲོགས་ཀྱི་ཚུལ་དུ་སྐྱབས་སུ་འགྲོ་སྟེ། བདག་གི་གྲོགས་ནི་འཕགས་པའི་དགེ་འདུན་ཡིན་ཏེ་དཔེར་ན་ལྷ་ས་ལྟ་བུ་འགྲོ་ན་སྒར་དཔོན་དེས་ཇི་ལྟར་བྱེད་པ་དེ་ལྟར་བྱེད་དེ་འགྲོ་ན་གྲོགས་ཡིན་གྱི་གཞན་དུ་དེར་མི་འགྲོ་བ་དང་འགྲོ་ཡང་དེ་ཙམ་མི་འགྲོ་བ་ཐམས་ཅད་གྲོགས་མིན་པ་ལྟར། འཇིག་རྟེན་པའི་བྱ་བ་ངན་པ་ཆོས་བརྒྱད་ལ་གཡེང་བས་སྐྱ་སེར་སུ་ཡིན་ཀྱང་དེ་དག་དང་ཁ་བློ་སྤྱོད་གསུམ་ལ་སོགས་པ་གཅིག་ཏུ་མི་བྱེད། དེར་མ་ཟད་ཉན་རང་ཡང་བདག་གི་གྲོགས་མིན་ལ། བདག་གིས་ནི་རྒྱལ་སྲས་བྱང་སེམས་འཕགས་པ་རྣམས་ཀྱི་རྣམ་ཐར་གྱི་རྗེས་སུ་ཇི་ལྟ་བ་བཞིན་དུ་བསླབ་ལ། དེ་དག་ནི་བདག་གི་གྲོགས་ཡིན་ནོ། །གཞན་ཆོས་ལམ་ལས་བདག་བསྒྱུར་འགྲོ་བ་ཐམས་ཅད་དང་མི་འགྲོགས་སོ་སྙམ་ནས་དམ་བཅའ་བ་ཡིན་ནོ། །དེས་ན་སྟོན་པ་ལམ་གྲོགས་ཀྱི་ཚུལ་དུ་སྐྱབས་སུ་འགྲོ་བ་ནི་གནད་དམ་པ་ཡིན་ནོ། །དེ་ལྟར་སྐྱབས་སུ་འགྲོ་ཤེས་པ་ཙམ་གྱིས་མི་འོང་བར་རང་ཉིད་ཀྱིས་སློབ་དཔོན་གྱི་མདུན་ནས་སྐྱབས་འགྲོའི་སྡོམ་པ་ཡང་དག་པར་བླངས་དགོས། བླངས་ནས་ཀྱང་བསླབ་བྱ་རྣམས་བསྲུང་དགོས་པས་དེ་ལ་ཐུན་མིན་གྱི་དང༌། ཐུན་མོང་གི་བསླབ་བྱ་གཉིས། དང་པོ་ལ། དགག་པའི་དང༌། བསྒྲུབ་པའི་དང༌། ཆ་མཐུན་གྱི་བསླབ་བྱ་གསུམ་ལས། དང་པོ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཁོར་བར་འཁོར་བའི་ལྷ་ལ་གཏན་གྱི་སྐྱབས་སུ་བཟུངས་ནས་ཕྱག་མཆོད་མི་བྱ། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་མཚན་རྨི་ལམ་དུ་ཡང་མི་བྱ་བར་ཅི་ནུས་སུ་འབད་པས་བསྲུང༌། དགེ་འདུན་ལ་སྐྱབས་སུ་སོང་ནས་མུ་སྟེགས་ཅན་དངོས་དང་རང་གི་བླ་མ་དང་ཆོས་ལ་མི་དད་ཅིང་སྐུར་བ་འདེབས་པ་དང་མི་འགྲོགས། གཉིས་པ་ནི། པད་དཀར་ལས། སྐུ་གཟུགས་རྣམ་པ་མང་པོར་དེ་སྤྲུལ་ནས། །འགྲོ་བ་དགེ་ལ་སྦྱོར་བའི་དོན་མཛད་དོ། །ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་སྐུ་རྟེན་དང༌། ཐུགས་རྟེན་སཱཙྪའི་ཆགས་དུམ་ཙམ་ལ་ཡང་སངས་རྒྱས་དཀོན་མཆོག་གི་འདུ་ཤེས་བཞག་སྟེ་མ་གུས་པ་སྤངས་གུས་པས་མཆོད་སྤྱི་བོས་བཏེག །གཙང་སར་འཇོག །ཆོས་ལ་སྐྱབས་སུ་སོང་ནས་ཆོས་ཡི་གེ་འབྲུ་གཅིག་ཡན་ཆད་ལ་ཆོས་དཀོན་མཆོག་གི་འདུ་ཤེས་བཞག་སྟེ་མ་གུས་པ་སྤང་ཞིང་གསུང་རབ་ཡི་གེས་ལྗེན་དུ་འཇོག་པ་དང༌། འགོམ་ཡུག་དང༌། གཞན་ཡང་ཡིག་སྡེབ་བསྒྱུར་བའི་ཚེ་མཛུབ་མོ་མཆིལ་མས་བསྒོས་པ་དང༌། སོ་དྲེག་སོགས་ཀྱིས་མི་གཙང་བ་སྤང་ནས་གུས་པར་བྱེད་དགོས་ཏེ། སྙན་གྱི་གོང་རྒྱན་དུ། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ཉིད་ཡི་གེའི་གཟུགས་སུ་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པར་གྱིས། །ཞེས་དང༌། གཎྜིའི་མདོ་ལས། ཡུམ་ཆེན་མོ་ནི་གཎྜིའི་གཟུགས་ཀྱིས་བཞུགས་སོ། །ཞེས་གསུངས་སོ། །དགེ་འདུན་ལ་ཡང་རབ་བྱུང་གི་རྟགས་སྐ་རགས་སེར་པོ་བཅིང་བ་ཡན་ཆད་དང༌། ཐ་ན་ལྷན་པ་དམར་སེར་ཙམ་ལ་ཡང་དགེ་འདུན་དཀོན་མཆོག་གི་འདུ་ཤེས་བཞག་སྟེ་གུས་པར་བྱེད་དགོས་སོ། །དེ་སྐད་དུ། མ་འོངས་ཐུབ་པའི་བསྟན་པ་ནུབ་པའི་ཚེ། །དམར་དང་སེར་པོའི་གོས་ཀྱི་རས་མ་ཀུན། །ལྷ་རྣམས་ཀྱིས་བསྡུས་དད་པའི་རྟེན་དུ་ཁྱེར། །རི་རབ་རྩེ་རུ་མཆོད་རྟེན་བྱེད་པར་གསུངས། །ཞེས་གསུངས་པས་སོ། །གསུམ་པ་ནི། རང་ལ་བླང་དོར་གྱི་གནས་སྟོན་པའི་བླ་མ་དགེ་བའི་བཤེས་གཉེན་ལ་སངས་རྒྱས་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་སྟེ། ཞབས་ཏོག་བསྙེན་བཀུར་ལ་འབད། དེའི་བཀའ་སྩལ་བའི་གསུང་རྣམས་ལ་ཆོས་དཀོན་མཆོག་གི་འདུ་ཤེས་བཞག་སྟེ། ཅི་གསུང་དང་དུ་ལེན་ཞིང་གསུང་གི་ཟུར་ཙམ་ཡང་མི་བཅག །བླ་མའི་འཁོར་གྲྭ་སློབ་རྣམས་ལ་དགེ་འདུན་དངོས་ཀྱི་འདུ་ཤེས་བཞག་སྟེ་སྒོ་གསུམ་གུས་པས་བསྟེན་མི་མཉེས་པ་སྐད་ཅིག་ཙམ་ཡང་མི་བྱ་སྟེ། རྔ་བོ་ཆེའི་མདོར། མྱ་ངན་མ་བྱེད་ཀུན་དགའ་བོ། །སྨྲེ་སྔགས་མ་འདོན་ཀུན་དགའ་བོ། །ང་ཉིད་ཕྱི་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཐུན་མོང་ནི། མངའ་རིས་པཎ་ཆེན་གྱིས། སྲོག་དང་བྱ་དགར་དཀོན་མཆོག་གསུམ་མི་སྤང། །དགོས་གལ་ཆེ་ཡང་ཐབས་གཞན་མི་འཚོལ་ཞིང༌། །དུས་མཆོད་མི་བཅག་རང་གཞན་སྐྱབས་འགྲོར་འགོད། །གར་འགྲོའི་ཕྱོགས་ཀྱི་སངས་རྒྱས་ལ་ཕྱག་འཚལ། །ལྔ་རྣམས་ཐུན་མོང་བསླབ་བྱར་ཇོ་བོ་བཞེད། །ཅེས་གསུངས་པ་ལྟར། །བླང་དོར་ཚུལ་བཞིན་དུ་བྱ་བ་རྣམས་སོ། །དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་ནི། ཐར་པའི་ས་བོན་ཐེབ་པ་དང༌། ནང་པའི་གྲལ་དུ་ཚུད་པ་དང༌། འཇིགས་པ་ལས་སྐྱོབ་ཅིང་བྱང་ཆུབ་ཐོབ་པར་འགྱུར་བ་ལ་སོགས་པ་སྟེ། ཉི་མའི་སྙིང་པོའི་མདོ་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་དུ་འགྲོ་བ། །བདུད་རྣམས་བྱེ་བས་བསད་པར་མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་གྱུར་ཀྱང༌། །དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ། །ཞེས་དང༌། དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང༌། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས་པ་ལྟར་མཐའ་ཡས་སོ། །བཞི་པ་སྡིག་པ་བཤགས་པའི་ཡན་ལག་ལ། བཤགས་ཡུལ་མངོན་དུ་བྱ་བ་དང༌། བཤགས་པ་དངོས་གཉིས་ལས། དང་པོ་ནི། བཤགས་ཡུལ་ཕྱོག༷ས་བཅུའི་འཇིག་རྟེན་རྣམ༷ས་ཏེ་མཐའ་ཡས་པ་ཀུན༷་ན༷་གཞུག༷ས་པ༷་ཡི༷་ཡང་དག་པར་རྫོག༷ས་པའི་སང༷ས་རྒྱས༷་བཅོམ་ལྡན་འདས་རྣམས་དང༷་བྱང༷་ཆུབ༷་སེམ༷ས་དཔའ་ཆེན་པོ་ཐུགས་སྙིང༷་རྗེ་ཆེན༷་པོ༷་མང༷འ་བ་རྣམ༷ས་མདུན་གྱི་ནམ་མཁར་དམིགས་ལ༷་ལུས་ཀྱིས་ཐ༷ལ་མོ༷་སྦྱར༷་ཏེ་ངག་གིས་གསོ༷ལ་བ༷་སྟེ་ཞུ་བ་འབུལ་བ་ནི༷་འདི་ལྟར་ཞེས་སོ། །གཉིས་པ་བཤགས་པ་དངོས་ལ། སུན་འབྱིན་པའི་སྟོབས། རྟེན་གྱི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། སོར་ཆུད་པའི་སྟོབ༷ས་དང་བཞི་ལས། དང་པོ་ནི། ཅི་ཞུ་ན་དུས་ཐོག༷་མ༷་མེ༷ད་པ་དང་ལྡན༷་པའི་འཁོ༷ར་བ༷་ནས༷་བཟུང་སྟེ་ད་ལྟའི་ཚེ༷་ར༷བས་འདི༷འམ༷་ཚེ་རབས་སྔ་མ་གཞ༷ན་དག༷་ཏུ༵་བད༷ག་གི༷ས་བླང་དོར་གྱི་གནས་མ༷་འཚ༷ལ་ཞེས་མ་རིག་པ་ཉོན་མོངས་པའི་དབང་གིས་སྡིག༷་པ་མི་དགེ་བ་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་སྦྱོར་བ་རང་གིས་དངོས་སུ་བགྱིས༷་པ༷འམ༷་གཞན་དག་ལ་བགྱིད༷་དུ་སྩལ༷་བ༷་ཉིད༷་དང༷་ནི། རྒྱུ་འབྲས་བླང་དོར་ལ་རྨོངས་པའི་གཏི་མུག༷་གིས་འཁྲུལ༷་བར་གྱུར་པས་བད༷ག་ཟིལ་གྱིས་ནོ༷ན་ཏེ༷། གཞན་སྡིག་པ་བྱེད་པ་ལ་རྗེས༷་སུ༷་ཡི་རང༷་བ་སྟེ་དགའ་བ་གང༷་བགྱིས༷་པའི༷་སྡིག་པ་དེ་གསུམ་ལ་ཆེ་ཆུང་མེད་པས་གང་དང་གང་བྱས་པའི་ཉེས་པའམ་ནོ༷ངས་པ༷་དེ༷་ནི༷་མཐོ༷ང་ཞེས་ཉེས་པ་ལ་ཉེས་པར་མཐོང་བར་བགྱིས༷་ན༷ས་ཁ་ཙམ་ཚིག་ཙམ་མ་ཡིན་པར་བས༷མ་པ༷་ཐ༷ག་པ༷ས་ཏེ་སྙིང་ཐག་པ་ནས་མགོ༷ན་པོ་སངས་རྒྱས་སྲས་དང་བཅས་པ་ལ༷་མཐོལ་ཞིང་བཤ༷གས་ཏེ་སླན་ཆད་ཀྱང་སྡོམ་པར་བགྱིའོ། །ཁྱད་པར་ཉེས་པ་ཆེ་ཤོས་ཡུལ་ཡོན་ཏན་ཅན་གྱི་ཞིང་བད༷ག་གིས༷་སངས་རྒྱས་ཆོས་དགེ་འདུན་ཏེ་དཀོ༷ན་མཆོ༷ག་གསུམ༷་དང༷་ནི༷་ཕན་འདོགས་པའི་ཞིང་ཕ༷་དང་མ༷འམ༷་ཡོན་ཏན་གྱི་ཁུར་དུ་ལྕི་ཞིང་བཀུར་བར་འོས་པའི་ཞིང་མཁན་སློབ་སོགས་བླ༷་མ༷་གཞ༷ན་དག༷་ལ༷་ཀུན་སློང་ཆགས་སྡང་རྨོངས་གསུམ་ལ་སོགས་པའི་ཉོན༷་མོ༷ངས་པའི་སྒོ་ན༷ས་སྦྱོར་བ་ལུས༷་ཀྱིས་བཅོམ་བརླག་བརྡུང་བརྡེག་སོགས་དང་ངག༷་གིས་སྐུར་འདེབས་ངན་སྨྲ་སོགས་དང༷་ཡི༷ད་ཀྱིས༷་ལོག་ལྟ་ངན་སེམས་སོགས་གནོ༷ད་པ་བགྱི༷ས་པ་གང༷་ལག༷ས་པ༷་དང༌། དེ་ལས་ཀྱང་དཀོན་མཆོག་ལ་གནོད་པའི་ལས་དང༌། དཀོར་འཕྲོག་པ་ཉེས་པ་ཆེ་སྟེ་སངས་རྒྱས་དང་ཆོས་དང་ཆོས་འཆད་པ་པོའི་ཡོ་བྱད་ཐམས་ཅད་སངས་རྒྱས་དང་ཆོས་ཀྱི་དཀོར་ཡིན་ལ་དེ་དག་རྐུ་འཕྲོག་དང་གཡོ་སྒྱུས་མ་བྱིན་པར་བླང་བ་ལ་སོགས་པ་ནི། མ་ཕམ་པས། གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་དང༌། གྲུབ་ཐོབ་སྐྱེར་སྒང་པའི་སྐུ་ལུས་ཨཿདཀར་པོས་ལན་མང་ཕུགས་ནས་ན་ཚ་དྲག་པོ་བྱུང་བ་བརྒྱད་སྟོང་པའི་ཚབ་ཡོན་བདག་གིས་དྲངས་བའི་རྣམ་སྨིན་དུ་གསུངས་པ་སོགས་དང༌། དེ་ལ་ཕྱོགས་བཅུའི་དགེ་འདུན་གྱི་དཀོར་དང་དེ་ལས་ཀྱང་ཞལ་དུ་འདུ་བའི་སྒོ་ཉེས་པ་ཤིན་ཏུ་ཆེ་བར་གསུངས་ཏེ། མདོར་ན་དགེ་འདུན་ལ་དབང་བའི་ཡོ་བྱད་ཆེ་ཕྲ་གང་དང་གང་རྐུ་འཕྲོག་དང་ཚོང་སེམས་གཡོ་སྒྱུས་བླང་ན་བཤགས་པའི་ཐབས་མེད་པར་དམྱལ་བར་སྐྱེ་ངེས་པར་མདོ་ལས་གསུངས་ཏེ། དགེ་འདུན་གྱི་ནི་རྡོ་རྗེ་དང་འདྲའོ། །དགེ་འདུན་གྱི་ནི་དུག་དང་འདྲའོ། །དུག་ལ་ནི་གཉེན་པོ་ཡོད་ཀྱི། དགེ་འདུན་གྱི་ནི་མ་ཡིན་ནོ། །དགེ་འདུན་གྱི་ཕྲུ་བ་སྟེ་རྫ་ཁོ་ལ་ལོངས་སྤྱད་པས་དེ་ལྟ་བུའི་དམྱལ་བ་སྐྱེས་པའི་ལོ་རྒྱུས་སོགས་དང༌། གཞན་ཡང་ལྷ་ཁང་སྟེང་མར་འབུལ་རྒྱུ་འོག་མ་དང༌། འོག་མར་འབུལ་རྒྱུ་སྟེང་མ་དང༌། དགེ་འདུན་པའི་དབྱར་རྙེད་དགུན་དང་དགུན་རྙེད་དབྱར་དུ་འཇོག་པ་དང༌། དེ་རིང་འབུལ་རྒྱུ་སང་ནང་བར་བཞག་དུ་མི་རུང་བར་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱིས་གསུངས་སོ། །དེའི་ཚུལ་ཅུང་ཟད་ཅིག་སྔོན་གྱི་གཏམ་དང་སྦྱར་ན། འདུལ་བ་ལས། དགེ་འདུན་གྱི་འདུ་ཁང་རྩིགས་པ་དང་ཀ་བ་ལ་མཆིལ་མ་དང་སྣབས་ཀྱིས་མ་རུང་བ་བྱས་པས་རྩིགས་པ་དང་ཀ་བ་ལྟ་བུའི་དམྱལ་བ་དང༌། གཏུན་དང་ཕྱགས་མ་སོགས་རང་གིས་ལོངས་སྤྱད་པས་གཏུན་དང་ཕྱགས་མ་ལྟ་བུའི་དམྱལ་བར་སྐྱེ་བ་དང༌། དགེ་འདུན་པའི་དབྱར་རྙེད་དགུན་རྙེད་དང་དགུན་རྙེད་དབྱར་རྙེད་དུ་བསྒྱུར་ནས་མ་བགོས་པས་སེམས་ཅན་སྐེད་པ་ཆད་པ་ཆུས་རྒྱུས་ཀྱིས་སྦྲེལ་བ་འགྲོ་ཞིང་ཤིན་ཏུ་སྡུག་བསྔལ་བར་གསུངས་པ་དང༌། མཛངས་བླུན་ལས། ཤིང་སྡོང་ཆེན་པོ་ཁབ་རྩེ་ཙམ་ཡང་མ་ཁྱབ་པ་མེད་པར་སྲིན་བུ་སྣ་ཚོགས་ཀྱིས་ཁྱབ་ཅིང་ཟ་བར་གྱུར་པས་ཤིན་ཏུ་སྡུག་བསྔལ་ཞིང་འོ་དོད་འབོད་པ་ཡང་དགེ་འདུན་གྱི་ལས་བྱེད་པ་ལི་ཏ་ཞེས་པས་དགེ་འདུན་གྱི་དཀོར་ལ་རང་སྤྱད་ཅིང་བཟའ་བཏུང་གཞན་ཁྱིམ་པའི་ཕྱོགས་ལ་བྱིན་པའི་རྣམ་སྨིན་རང་ཤིང་སྡོང་དང་གཞན་སྲིན་བུར་གྱུར་པ་དང་དེ་ལས་འཕོས་ཏེ་དམྱལ་བར་སྐྱེ་བར་གསུངས་པ་དང༌། ཡང༌། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱི་མི་གཙང་བའི་ལྡེང་ཀ་ཞིག་གི་ནང་ན་སྲིན་བུ་སྦྲུལ་འདྲ་བ་རྐང་པ་བཞི་ཡོད་པ་ལོ་མང་པོར་སྡུག་བསྔལ་ཚད་མེད་པ་མྱོང་བ་དེར་སྟོན་པ་འཁོར་བཅས་བྱོན་ཏེ་འཁོར་རྣམས་ལ་དེའི་ལས་བསྟན་པ། སྔོན་སངས་རྒྱས་རྣམ་གཟིགས་ཀྱི་བསྟན་པ་ལ། དགེ་སློང་སྟོང་ཕྲག་བཅུ་བཞི་དགོན་པར་གནས་པ་ལ་ཚོང་པ་ལྔ་བརྒྱས་རིན་པོ་ཆེ་བསོད་ནམས་ཀྱི་ཟོང་དུ་ཕུལ་བ་བཞེས་ནས་ཞལ་ཏ་བའི་དགེ་སློང་ལ་གཏད་དོ། །ཕྱིས་བསོད་སྙོམས་ཀྱིས་བྲེལ་ནས་ཞལ་ཏ་བ་ལ་སྔར་གྱི་རིན་པོ་ཆེ་བཙོང་ངམ་ཞེས་པས་དེ་ཁྲོས་ཏེ་ཁྱེད་ཅག་སྐྱག་པ་ཟའམ། ཁོ་བོ་གཅིག་པུ་ལ་བྱིན་གྱི་ཁྱེད་ཀུན་ལ་མ་བྱིན་ནོ་ཟེར་བས། དགེ་འདུན་ཀྱང་སོ་སོར་གྱེས་སོ། །རྒྱུ་དེས་མཚམས་མེད་པའི་དམྱལ་བ་ཆེན་པོར་ལྟུང༌། ངན་སྐྱུགས་ཀྱི་ནང་དུ་བསྐལ་བ་དགུ་བཅུ་རྩ་གཅིག་གི་བར་དུ་འགྲེ་འགྲེའོ། །དེ་ལས་ཐར་ནས་ད་ལྟ་འདིར་ངན་སྐྱུགས་ཀྱི་ཁུང་བུར་སྐྱེས་ནས་ལོ་མང་པོ་ལོན་ཡང་མ་ཐར་ཏེ། འདི་ལྟ་སྟེ་སྔོན་འདས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་དགེ་འདུན་འཁོར་བཅས་འདིར་གཤེགས་ནས་ཉེར་གནས་རྣམས་ལ་འདིའི་ལས་བསྟན་ཏོ། །དེ་ནས་སངས་རྒྱས་ཐམས་ཅད་སྐྱོབ་ཀྱང་དེ་བཞིན་དུ་བསྟན་ཏོ། །དེ་ནས་ཚེ་འཕོས་ཏེ་ཡང་དམྱལ་བར་སྐྱེས་ཏེ་ལོ་ཁྲག་ཁྲིག་གྲངས་མེད་པ་དུ་མ་ལོན་ནས་ཕྱིར་ཡང་ཁུང་བུ་འདིར་སྐྱེས་སོ། །དེའི་འོག་ཏུ། འཁོར་བ་འཇིགས་དང༌། གསེར་ཐུབ་དང༌། འོད་སྲུང་གིས་ཀྱང་དེ་བཞིན་དུ་བསྟན་ཏོ། །དེ་བཞིན་སངས་རྒྱས་སྟོང་པོ་ཀུན་ཉེར་གནས་དང་བཅས་ཏེ་འདིར་གཤེགས་ནས་སྲིན་བུ་འདིའི་སྔོན་ལས་སྟོན་པར་འགྱུར་རོ་ཞེས་གསུངས་པ་དང༌། དགེ་སློང་རྣམས་སྤུ་ལངས་ཏེ་ལུས་ངག་ཡིད་གསུམ་ཤིན་ཏུ་བསྲུང་བ་ལ་བརྩོན་པར་གྱུར་ཏོ་ཞེས་མཛངས་བླུན་ལས་སོ། །ནཱ་ལེན་ཏྲའི་བྱང་ཕྱོགས་ན། སུ་ཁྱེན་གྲོང་ཞེས་པ་ས་ཕུག་དང་བཅས་པ་གཅིག་ན། བྱིས་པ་མང་པོ་རྩེ་བའི་དབུས་སུ་རླུང་ཚུབ་འཁྱིལ་བ་མེ་འཕྲོ་བ་གཅིག་བྱུང་བ་ལ། བྱིས་པ་རྣམས་ཀྱིས་རྡོ་རུབ་བྱས་པས། བྱིས་པ་ཟོས་དུས་སུ་འབོག་པ་གཅིག་ལ་བཏབ་ནས་རྐང་པ་ཕྱིན་ཀ་ལོག་ཏུ་འགྲོ་ཞིང་པགས་པའི་སྐྱི་ཤིག་ཤིག་བྱས་ཏེ། ཁ༷་ནས་མེ་ལྕེ་ཉུག་ཅིང༌། སམ་སྐྲི་ཏའི་སྐད་དུ་ཐམས་ཅད་ལ་འབར་རོ། །དེའི་ཉེ་འཁོར་ན་བྱམས་པ་སྒོམ་པའི་རྣལ་འབྱོར་པ་གཅིག་ཡོད་པ་དེས་གསན་ནས། བྱིས་པ་འདི་འདྲས་ཀྱང་སཾ་སྐྲི་ཏའི་སྐད་ཤེས་པ་ངོ་མཚར་ཆེའོ་སྙམ་ནས་ཉན་དུ་ཕྱིན་པས་དེ་ལ་མེ་འབར་བ་འདུག་ནས་རྒྱུ་མཚན་དྲིས་པས། འདི་རྣམས་སྡང་སེམས་ཀྱིས་ཉན་པས་འབར་ལ་ཁྱོད་དད་སེམས་ཀྱིས་ཉན་པས་མི་འབར་བ་ཡིན་ཟེར། འོ་ན་འདིར་ལས་གང་གིས་སྐྱེས་དྲིས་པས། བཙུན་པ་འདི་རྣམས་ཐོན་གཅིག་དང༌། ཁྱོད་བྱམས་པའི་རྣལ་འབྱོར་བཟང་པོ་གཅིག་འདུག་པས་དྲང་པོར་བཤད་དོ་ཟེར་ཏེ། བཏོན་པས། ད་ནཱ་ལེནྜའི་མཁན་པོ་རྒྱལ་འབྱུང་ཡིན་ཏེ། ང་རང་བདག་པོ་ཡིན་སྙམས་ནས། དགེ་འདུན་གྱི་འབྲས་སྙིགས་བྲེ་ཕྱེད་ཐུབ་ཆོད་དུ་སྤྱད་པས། ད་ལྟ་ལྟོ་བསྲེག་པའི་ཡི་དྭགས་སུ་སྐྱེས་ནས་རྟག་ཏུ་ནང་ཁྲོལ་ཐམས་ཅད་འབར་བའི་མེས་བསྲེག་པའི་མེ་ལྕེ་ཁ་སྣ་ནས་ཉུག་པ་ཡིན། སྡེ་སྣོད་བཞུགས་པའི་གཙུག་ལག་ཁང་དུ་མཆིལ་ལྷམ་མ་ཕུད་པར་ཕྱིན་པས་རྐང་པ་ཕྱིན་ལོག་ཏུ་འཆུ་བ་དང༌། ང་ནི་འདུ་ཁང་གི་ཐུབ་སྐུ་ལ་སྒྲོན་མེ་ཕུལ་བས་སྐུ་མཉེ་བྱས་ཏེ་སྐྱིན་པ་འཚབ་པ་མ་གྲུབ་པས། པགས་པའི་སྐྱི་ཤིག་པའི་སྡུག་བསྔལ་རྟག་ཏུ་ཡོད་པས་དཀོར་འདི་འཇིགས། དཀོན་མཆོག་གསུམ་པས་དགེ་འདུན་གྱི་དཀོར་འདི་ཁོ་ན་ལྕི་བར་འདུག་གོ་ཟེར། འདི་ལས་ནམ་ཐར་དྲིས་པས། འདི་ལས་ལོ་སྟོང་ཕྲག་བཅོ་ལྔ་ན་ཐར་ཏེ། དེ་ནས་མནར་མེད་དུ་འགྲོ་དགོས་པར་འདུག་ཟེར། འདི་ལ་བཤགས་ཐབས་མེད་དམ་བྱས་པས། ལས་འབྲས་ལ་ཁྱད་གསོད་བྱས་པས་ཡེ་མེད་ཟེར། དགེ་འདུན་གྱི་དཀོར་ལ་འཇོམ་ན་ཕན་ཡོན་ཆེ་སྟེ། ངའི་ཉེར་གནས་དཔལ་ཡོན་བྱ་བས་དགེ་འདུན་ལ་སྲོག་བས་གཅེས་ཤིང་ཡོ་བྱད་ལ་དུག་བས་འཇིགས་པ་གཅིག་ཡོད་དེ་ཁོ་འཆི་ཁར་འཇའ་འོད་དང་རོལ་མོ་དང་བཅས་ནས་ལྷ་དང་ཆོས་སྐྱོང་གིས་བསུས་ནས་སོང༌། ཁོ་ད་ཙམ་འཁོར་བ་ལས་གྲོལ་ཏེ་མཆི་ཟེར། འོ་ན་བཙུན་གཞོན་རྣམས་གདོན་དགོས་པའི་རྒྱུ་མཚན་དྲིས་པས། དེ་ཐམས་ཅད་ངའི་མཁན་བུ་ཡིན་པས་ཐོས་ན་ང་ངོ་ཚ་ཁོང་རྣམས་ཡི་མུག་ནས་འགྲོ་ཟེར། དེ་ནས་དར་ཙམ་གཅིག་དྲན་མེད་དུ་སོང༌། ཡང་ལབ་པ་ལ་ད་ཅི་ནས་གར་ཕྱིན་དྲིས་པས། ཕུ་ཡ་གི་ན་རྣལ་འབྱོར་པ་གཅིག་འདུག་པའི་དགེ་སྦྱོང་གི་བར་ཆད་ལ་ཕྱིན་ཟེར། ཁྱེད་མཁན་པོ་སྡེ་སྣོད་གསུམ་ཤེས་པ་གཅིག་དེ་འདྲ་བྱེད་པ་ཞན་བྱས་པས། བདེན་ཏེ་ངའི་ཤེས་པ་ལ་རང་དབང་མེད་ཟེར་ཡང་སོང་ཡང་བྱིས་པ་དེ་ལ་བཏབ་ནས་ལུས་ཐམས་ཅད་དྲོད་དུ་བྱས་ཏེ་ཁ་སྣ་ནས་མེ་ལྕེ་ཉུག་ཅིང་ཐམས་ཅད་ལ་འབར་བ་ལ། སྔར་གྱི་རྣལ་འབྱོར་དེ་སྤྱན་དྲངས་ཏེ། ཁྲོ་བོའི་དམིགས་པ་གཅིག་བྱས་པས་ཁོ་རྒོད་ཅིང་གཏུམ་པོའི་བསྐྱེད་རིམ་ལ་བརྟན་པ་ཐོབ་པས། འཇིག་རྟེན་གྱི་ནུས་མཐུ་ཅན་སུ་ལའང་མི་འཇིགས་ཟེར། འོ་ན་ཁོ་ཅན་འོང་བའི་རྒྱུ་མཚན་དྲིས་པས། ངས་ཟས་བག་རེ་རྙེད་ཀྱང་ཟོས་ན་ལྟོའི་མེ་ལ་ཤིང་བསྣན་པ་བཞིན་འགྱུར་གྱིན་འདུག་ནས་སྔར་འདྲིས་ཀྱི་བག་ཆགས་ཀྱིས་ཁོ་ལྟོག་པ་ལ་སྟེར་དུ་འོང་བ་ཡིན་ཏེ། ཁོའི་ལས་ངན་སད་རྐྱེན་བྱེད་གྱིན་འདུག་པ་ཟེར་དེ་དག་གི་རྒྱུ་མཚན་དྲིས་པས། ང་མཁན་པོ་བྱེད་དུས་སུ། ཁོ་ནཱ་ལེནྟྲའི་བརྡབ་སྤྲོད་སློབ་ཏུ་འོང་ནས་བརྟུལ་ཞུགས་དང་མི་ལྡན་པར་དགེ་འདུན་གྱི་ཚུལ་དང་ཆུ་ཤིང་ལ་སྤྱད་པའི་མཐོང་ཆོས་ཟེར། དེས་མཛད་དམ་དྲིས་པས། མྱོང་མགོ་བཙུགས་ཀྱིས་རྣམ་སྨིན་ཕྱི་མ་ཡི་དྭགས་སུ་འགྲོ་ཟེར། དེ་ལ་ཐབས་ཡོད་དམ་བྱས་པས་དགེ་འདུན་རང་ལ་བསྙེན་བཀུར་བྱས་ཏེ། སྤྱན་སྔར་མཐོལ་ཞིང་བཤགས་ན་འདག་གོ་ཟེར། རྣལ་འབྱོར་པས་དེ་ལ་དམིགས་པའི་བྱམས་པ་ཡུད་ཙམ་སྐྱེས་པས། ཐལ་མོ་སྦྱར་ཏེ་མ་ཡང་བྱོན་བདོག་གམ་ཟེར་ནས་མཆི་མ་ཕྲལ་བྱས་ཏེ་སོང་བས་ཕྱིན་ཆད་དེར་མ་འཁོར་རོ། །དེར་དེ་བཞིན་ཚོགས་སུ་མཐོལ་ཏེ། གླེངས་པས་དེར་འདུས་ཕལ་ཆེར་ཁོང་གི་མཁན་བུ་ཡིན་པར་འདུག་ནས་ཐམས་ཅད་ཆོ་ངེས་སོང་ངོ༌། །དེས་ན་བཅོམ་ལྡན་འདས་ཀྱིས་དགེ་འདུན་གྱི་རྫས་ལ་ཤ་བུའི་འདུ་ཤེས་བཞག་པར་བྱའོ་ཞེས་པའི་དོན་ཏོ། །ཡང་སྔོན་སྐྱེས་བུ་ལྔ་བརྒྱས་ཁྱིམ་བྱའི་ལྷ་ཁང་གི་དགེ་འདུན་གྱི་ཆུ་རྙོག་པས་ཆུ་དེས་འབྲས་བཙོར་མ་བཏུབ་པས་དེའི་ཉིན་དགེ་འདུན་གྱི་ཆོས་སྟོན་ཆགས་པས་དེའི་རྣམ་སྨིན་གྱིས་ཡི་དྭགས་འཇིགས་སུ་རུང་བ་ལྔ་བརྒྱར་སྐྱེས་ཤིང་སྡུག་བསྔལ་བའི་ཚུལ་མདོ་ལས་གསུངས་པ་དང༌། ཡང་ཇོ་བོ་རྗེ་ནཱ་ལེནྟྲ་ན་བཞུགས་དུས་ན། ཞལ་ཏ་བ་ཆོས་བཞིན་བྱེད་པ་གཅིག་ཡོད། དེས་ཉིན་གཅིག་དགེ་འདུན་ལ་བཏུང་བ་འདྲེན་པ་བྱུང་ཡང་གཅིག་བྱུང་བ་ན་དེ་རིང་སྐོམ་མང་པོ་ཡོད་ཀྱི་སང་མ་བྱུང་ན་མི་ཉན་པས་ནང་པར་དྲང་སྙམ་སྟེ་བཞག་པ་དང་མཚན་མོ་སྐོམ་ཤིན་ཏུ་ཆེས་པས་ཆུ་ཟངས་ཆེན་མོ་ནས་ཆུ་འཐུང་བར་ཕྱིན་པ་དང་ཆུ་ཟངས་སུ་ཆུ་སྐོམ་ནས་ཆུ་ཐིག་ཀྱང་མི་འདུག །ད་ཅི་བཀང་ན་ད་མེད་པ་མི་སྲིད་ང་འཁྲུལ་འདུག་བརྟག་པར་བྱ་སྙམ་སྟེ་རྡོ་གཅིག་དེར་བཞག །དེ་ནས་སྒོ་ན་མཚོའུ་ཆེ་བ་ཡོད་པ་ལ་བཏུང་ངོ་སྙམ་པས་སོང་བ་ན་དེ་ཡང་སྐམ་ནས་འདུག །འདི་འདྲ་མི་སྲིད་ང་འཁྲུལ་འདུག་འོན་ཀྱང་བརྟག་པར་སྙམ་སྟེ། དཀྱིལ་དུ་ཐོ་ཆེན་པོ་བརྩིགས་ནས་བཞག །ཡང་གངྒཱ་ལ་བཏུང་ངོ་སྙམ་པས་དེ་ཡང་སྐམ་ནས་འདུག །འདི་འདྲ་མི་སྲིད་ང་འཁྲུལ་འདུག་འོན་ཀྱང་བརྟག་སྙམ་སྟེ་གངྒཱའི་ཕ་རོལ་ན་ཤིང་སྡོང་ཞིག་འདུག་པ་ལ་ཆོས་གོས་དཀྲིས་ནས་བཞག །སྐོམ་གྱིས་གདུང་བཞིན་ཉལ་ནང་བར་བལྟས་ཚེ་ཆུ་ཟངས་ཆུས་བཀང་བའི་ནང་དུ་རྡོ་བཅུག་འདུག །མཚོའུ་ཡེ་ཐར་རྒྱུ་མེད་པ་དེའི་ནང་དུ་ཐོ་ཆེན་བརྩིགས་འདུག །གངྒཱའི་ཕ་རོལ་གྱི་ཤིང་སྡོང་ལ་ཆོས་གོས་དཀྲིས་པ་མཐོང་བ་བཞིན་གསུངས། དེ་མ་ཐག་འབྲས་བུ་སྨིན་པ་སྒྲིབ་པ་ཆུང་བས་ཡིན་གསུངས། དེས་ན་བླ་མ་དང་དགོན་སྡེའི་ཕྱག་མཛོད་དང་སྤྱི་ཁག་དཀོར་གཉེར་བ་སོགས་ལས་འཛིན་པ་ཆེ་ཆུང་རྣམས་ཀྱི་གཙོས་བླ་མ་དང་དགེ་འདུན་པ་ལ་ཕན་ཚུན་འབྲེལ་ཞིང་འདྲིས་ཆེ་བ་རྣམས་ལ་ཤིན་ཏུ་འབྱུང་ཉེ་བའི་དཀོན་མཆོག་གི་དཀོར་སྤྱི་དང་ཁྱད་པར་དགེ་འདུན་པའི་དཀོར་འདི་ལ་ཐུགས་གཟབ་བག་ཡོད་རེ་མ་མཛད་ན་བསྐལ་བ་མང་པོའི་བར་དུ་དམྱལ་བར་བཙོ་བསྲེག་ལ་སོགས་པའི་སྡུག་བསྔལ་མི་བཟད་པ་མྱོང་ངེས་པ་ལ་བསམས་ནས་ཅུང་ཟད་རེ་ཨེ་ཕན་སྙམ་པའི་སེམས་ཀྱིས་སྨྲས་པ་འདི་ལ་གཟིགས་ཤིང་བག་ཡོད་རེས་བཀའ་དྲིན་ཡང་ཞུ། དེ་ལྟར་སྒོ་གསུམ་ཉེས༷་པ༷་དུ༷་མ༷ས་སྐྱོན༷་སེམས་རྒྱུད་ལ་ལྕགས་ལ་གཡའ་ལྟར་ཆ༷གས་ཤིང་གནས་པའི༷་སྡིག༷་ཅ༷ན་ནམ་སྡིག་རྒན་པོ་བད༷ག་གིས༷་སྡིག༷་པ༷་གང༷་ཤིན༷་ཏུ༵་ཉེས་པ་ཆེ་ཞིང་མི༷་བཟ༷ད་པ་དམྱལ་བ་ལ་སོགས་པར་སྐྱེ་བའི་ལས་ངན་བགྱིས༷་པ༷་དེ༷་ཐམ༷ས་ཅ༷ད་འདྲེན༷་པ༷་སངས་རྒྱས་སྲས་དང་བཅས་པ་རྣམ༷ས་ལ༷་སོ་སོར་མཐོལ་ཞིང་བཤ༷གས་སོ། །དེ་ཡང་མྱུར་དུ་བཤགས་དགོས་པའི་རྒྱུ་མཚན་ནམ་འཆི་ཆ་མེད་འཆི་རྐྱེན་ངེས་པ་མེད་པས་དུས་དེ་རིང་ཉིད་དུ་མི་འཆི་བའི་ངེས་པ་མེད་ལ། ཤི་ན་འཆི་ཁ་གནད་གཅོད་ཀྱི་སྡུག་བསྔལ། ཤི་ནས་བར་དོའི་སྡུག་བསྔལ་ཕྱི་མ་ངན་སོང་གི་སྡུག་བསྔལ་ཐམས་ཅད་རྒྱུ་སྡིག་པ་མི་དགེ་བ་ལས་བྱུང་བས་ན་རང་གིས་སྔར་བྱས་ཀྱི་སྡིག་པ་ལ་འགྱོད་སེམས་དང༌། ཕྱིན་ཆད་སྡོམ་སེམས་ཀྱིས་གཉེན་པོ་དགེ་བའི་ལས་ལ་མ་འབད་ན་བད༷ག་ནི༷་སྡིག༷་པ༷་བྱས་པའི་ལས་ངན་བཤགས་པས་མ༷་བྱང༷་པ༷ར་སྔོན༷་དུ་འགུམ༷་པ༷ར་འགྱུར༷་དུ༷་མཆི༷་ཞེས་འཆི་བར་འགྱུར་ལ། སྡིག་པ་མ་བཤགས་པར་ཤི་ན་ངན་སོང་ལ་སོགས་པའི་སྡུག་བསྔལ་མྱོང་བར་འགྱུར་བས་ན་ཐབས་ཇི༷་ལྟར༷་སྡིག་པ་འདི༷་ལ༷ས་རང་རྒྱུད་ངེས༷་པར་ཐར༷་པར༷་འགྱུར་བ་ཞིག་མྱུར༷་ཞིང་རིངས་བའི༷་ཚུལ༷་གྱིས༷་བསྐྱབ༷་པར་མཛད་དུ༷་གསོ༷ལ་ཞེས་སོ། །དུས་ནམ་ཞིག་ན་འཆི་བར་འགྱུར་ནའང༌། དེ་རིང་ཁོ་ནར་སྡིག་པ་བཤགས་སུ་མི་ཁོམས་པས་དེའི་བར་དུ་འཆི་བར་མི་འགྱུར་རོ་སྙམས་ནས་ཡིད༷་བརྟན༷་ནམ་ཡིད་ཆེས་བྱ་མི༷་རུང་བའི་འཆི༷་བད༷ག་གི་བདུད་འདི༷་ནི་རང་གི་སྡིག་བཤགས་ལ་སོགས་པའི་བྱ་བའི་མགོ་བརྩོམ་ཟིན་པ་བྱས༷་པ་དང༷་མ་བརྩོམ་པ་མ༷་བྱས༷་པ་ད་གདོད་བྱ་བར་འདོད་པ་ལ་སོགས་པ་དེ་དང་དེ་སྒྲུབ་པའི་བར་དུ་མི༷་སྡོད༷་པས༷་གཅོང་ཅན་གཅིག་གི་ཚེ་ལ་གཅོང་མེད་བརྒྱ་ཞེས་པ་ལྟར་ན༷་བ་དང༷་མི༷་ན༷་བ་བདེ་བར་གནས་པ་ཀུན༷་གྱིས༷་ཀྱང༷་སྟེ་སུ་ཡིན་ཀྱང་སྤྲིན་གསེབ་ཀྱི་ཉི་ཞུར་དང་རླུང་ནང་གི་མར་མེ་ད་ལྟ་ཡོད་ཀྱང་གློ་བུར་དུ་མེད་པར་འགྱུར་བ་ལྟ་བུའི་གློ་བུར་ཉིད་དུ་མི་འཆི་བའི་ངེས་པ་མེད་པས་ཚེ་འདི་ལ༷་ཡི༷ད་མི༷་བརྟ༷ན་ཞེས་དེ་རིང་ཁོ་ནར་མི་འཆི་སྙམ་པའི་ཡིད་བརྟན་བཅའ་མི་རུང་སྟེ་དུས་ནམ་འཆི་གནས་འདིར་འཆི། འཆི་རྐྱེན་འདིས་འཆི་སོགས་ངེས་པ་མེད་པས་དེ་རིང་ཁོ་ནར་མི་འཆི་བའི་ངེས་པ་མེད་དེ། ཀླུས་དབང་པོས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་དབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། སད་ཁོམས་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས་པ་ལྟར་རོ། །གལ་ཏེ་ཤི་བར་གྱུར་ན་ས་ཆ་ཡུལ་རིས་གཉེན་གྲོགས་སྲིད་སྡེ་དགྲ་གཉེན་ཁྱིམ་བཟའ་ཚང་རྒྱུ་ལོངས་སྤྱོད་ཐ་ན་རང་ཉིད་ཀྱི་ཟས་གོས་ལུས་དང་བཅས་པ་ཐམ༷ས་ཅ༷ད་བོ༷ར་ཏེ༷་ཚེ་ཕ་རོལ་དུ་རང་ཉིད་གཅིག་པུར་ཆ༷་ཞེས་འགྲོ་དགོ༷ས་པར༷་བད༷ག་གིས༷་ཚུལ་དེ༷་ལྟར༷་མ༷་ཤེས༷་པས༷་མཛའ་བ་གཉེན་ཉེ་བ་གྲོགས་དགའ་མཛ༷འ་སྐྱོང་བའི་དོན་དང༷་མི༷་མཛ༷འི་དོན་ཏེ་མི་མཛའ་བ་དགྲ་རྣམས་འདུལ་བའི་དོན༷་གྱི༷་ཕྱིར༷་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་སྒོ་ནས་སྲོག་གཅོད་པ་མ་བྱིན་པ་ལེན་པ་ལ་སོགས་སྡིག༷་པ༷་རྣམ༷་པ༷་དུ་མ་བྱས༷་ཀྱང་དོན་མེད་དེ་མི༷་མཛ༷འ་བ་དགྲ་རྣམ༷ས་མ་བཏུལ་ཀྱང༷་ཤི་ནས་མེ༷ད་པར་འགྱུར༷་ཞིང༷་མཛ༷འ་བ༷་གཉེན་གྲོགས་རྣམ༷ས་བསྐྱང་ཡ༷ང་ཕན་པ་མེད་པར་ཐམས་ཅད་ཤི་ནས་མེ༷ད་པ༷ར་འགྱུར༷་ལ། དེར་མ་ཟད་བད༷ག་རང་ཉིད་ཀྱང༷་ཤི་ནས་མེད༷་པ༷ར་འགྱུར༷་བ༷་སྟེ། དེ༷་བཞིན་དུ་ཕྱི་སྣོད་ཀྱི་འཇིག་རྟེན་རི་གླིང་ལ་སོགས་པ་དང༌། ནང་བཅུད་ཀྱི་འགྲོ་བ་དགྲ་གཉེན་བར་མའི་འགྲོ་བ་མཐོན་པོ་གནམ་ལྟ་བུ། བཙན་པོ་ཐོག་ལྟ་བུ། ཕྱུག་པོ་ཀླུ་ལྟ་བུ། མཛེས་པ་ལྷ་ལྟ་བུ། འཕྱོར་པོ་འཇའ་མཚོན་ལྟ་བུ་དང༌། བརྩེགས་པའི་མཁར། བསོགས་པའི་ནོར། འདུས་པའི་ཕ་མ། སྤུན་ཟླ་ལ་སོགས་པ་ཐ༷མས་ཅ༷ད་མེ༷ད་པར༷་འགྱུར༷་བས་ན་དེ་ཡི་དོན་དུ་སྡིག་པ་བྱས་པ་དོན་མེད་དོ། །དེའི་འཐད་པ་དཔེར་ན་མདང་གི་རྨི༷་ལ༷མ་དུ་གཟུགས་ལ་སོགས་པའི་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པ་དང༌། དགྲ་འདུལ་གཉེན་སྐྱོང་རྙེད་བཀུར་སོགས་གང་དང་གང་ཉམ༷ས་སུ་མྱོང༷་ཡང་ད་ནང་སད་པ་ན་དྲན་པའི་ཡུལ་དུ་འགྱུར་བ་ཙམ་ལས་དངོས་སུ་མི་མཐོང་བ༷་བཞི༷ན་དུ་ཁར་སང་ཕན་ཆད་ཀྱི་བྱ་བ་གཟུགས་སོགས་ཡུལ་ལྔ་ལ་བླང་དོར་དགྲ་འདུལ་གཉེན་སྐྱོང་ཚོང་དང་སོ་ནམས་རྙེད་བཀུར་སྙན་གྲགས་ཟས་གོས་ལོངས་སྤྱོད་ལ་སོགས་པའི་དངོ༷ས་པོ༷་གང༷་དང༷་གང༷་འདོད་ཅིང་ལོངས་སྤྱད༷་པ༷་དེ༷་དང་དེ༷་ཐམས་ཅད་དེ་རིང་འདི་དང་འདི་འདྲ་མྱོང་ངོ་ཞེས་དྲན༷་པའི༷་ཡུལ༷་ཙམ་དུ་འགྱུར༷་སྲིད་པ་ལས་སྔར་འད༷ས་ཤིང་འགག་ཟིན་པ༷་དེ་ཐམས་ཅ༷ད་ད་ལྟ་མཐོང༷་ཞིང་ཕན་གནོད་ཉམས་སུ་མྱོང་བར་མི༷་འགྱུར༷་བས་དེ་དག་གི་དོན་བྱས་པ་དོན་མེད་དོ། །ཚེ་རབས་སྔ་མ་རྣམས་ཀྱི་དགྲ་གཉེན་ལྟ་ཅི་རེ༷་ཞིག༷་ད་ལྟ་གསོ༷ན་པའི་ཚེ༷་འདི་ཉིད༷་ལ༷འང་མཛ༷འ་བ༷་དང་མི་མཛའ་བ་དུ་མ༷་མང་པོ་ཞིག་འད༷ས་པ་སྟེ་ཤི་ནས་དྲན་ཡུལ་ཙམ་དུ་གྱུར་པ་ལས་དེ་དག་གིས་དངོས་སུ་ཕན་གནོད་ཅུང་ཟད་མེད་དོ། །འོ་ན་དེ་དག་གི་དོན་དུ་སྡིག་པ་བྱས་པའང་འདས་ཏེ་མི་གནོད་དོ་སྙམ་ན། དེ་ནི་མ་ཡིན་ཏེ་འདི་ལྟར་མཛའ་བ་དང་མི་མཛའ་བ་དེ༷་དག༷་གི་དོན༷་དུ༷་ཆགས་སྡང་སོགས་ལ་བརྟེན་ནས་བྱས༷་པའི༷་སྡིག༷་པ་རྣམ་སྨིན་མི༷་བཟ༷ད་པ་མྱོང་བར་འགྱུར་བ་གང༷་ཡི༷ན་པ་དེ་ནི་ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་མདུ༷ན་ན༷་སྒུགས་པ་བཞིན་དུ་གན༷ས་ཏེ། རྒྱལ་པོ་ལ་གདམས་པར། དུས་ཀྱི་ཉེན་ཏེ་རྒྱལ་པོ་འགྲོ་འགྱུར་ན། །འཁོར་དང་ལོངས་སྤྱོད་གཉེན་བཤེས་རྗེས་མི་འབྲང༌། །སྐྱེས་བུ་དེ་ནི་གང་དང་གང་སྐྱེས་ཀྱང༷༌། །ལ༷ས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང༌། །ཞེས་པ་ལྟར་དང༌། མདུན་ན་གནས་པ་ཡང་དགེ་སྡིག་གི་འབྲས་བུ་གང་ཡིན་ཡང་དེ་བཞིན་གཤེགས་པས་དགའ་བོ་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་དང་དམྱལ་བར་ཁྲིད་པར་མཛད་པས་དེ་དང་དེར་ཁོ་རང་སྐྱེ་བའི་གནས་ལྷའི་ཁང་བཟང་དང་དམྱལ་བའི་མེ་དང་ཟངས་ཁར་ལ་སོགས་པ་མཐོང་བ་དང༌། ཁྱིམ་བདག་མདངས་ལྡན་གྱིས་སངས་རྒྱས་ལ་ཀུན་དགའ་ར་བ་ཕུལ་རྒྱུའི་ཐིག་གདབ་པ་ན་དེའི་རྣམ་པར་སྨིན་པའི་འབྲས་བུ་ད་ལྟ་ནས་གྲུབ་པར་ཤ་རིའི་བུས་གསུངས་པ་བཞིན་ཏེ། དཔེར་ན་ད་ལྟ་བླ་ཆེན་མི་ཆེན་གང་དུ་འགྲོ་བར་གྲྭ་འཁོར་རྣམས་ཀྱིས་གཞི་བཏང་ནས་ཐབས་བཟུངས་ཏེ་བསུར་འོང་བ་བཞིན་དུ་རང་རང་གི་ལས་སྣང་སྡིག་ཅན་རྣམས་ལ་དམྱལ་བ་ལ་སོགས་པར་གཤིན་རྗེའི་ལས་མཁན་རྣམས་ཀྱིས་བསུ་མ་འོང་ནས་འཁྲིད་པར་སྣང་བ་དང༌། དགེ་བ་ཅན་རྣམས་དག་པའི་གནས་སུ་ལྷ་དང་བླ་མས་བསུ་ཞིང་ཁྲིད་པ་སྣང་བ་འབྱུང་བར་གསུངས་པ་ལྟ་བུའོ། །དེ་དག་གི་དོན་བསྡུ་ན་དེ༷་ལྟར༷་བད༷ག་ནི༷་ནམ་གཞུག་གི་བུང་བའམ་འགྲོན་པོ་ལྟ་བུ་གློ་བུར༷་བ་སྔར་གང་ནས་འོང་བ་དང་ད་གང་དུ་འགྲོ་བ་ཆ་མེད་ཅིང་མྱུར་བ་ཉིད་དུ་མེད་པར་འགྱུར་བ་ཞིག་ཡིན་ནོ་ཞེས༷་བད༷ག་གིས༷་རྟོག༷ས་པའམ་ཤེས་པར༷་མ༷་གྱུར༷་པས༷་རྟག་འཛིན་ཨ་འཐས་ཤིང་བླང་དོར་ལ་རྨོངས་པའི་གཏི༷་མུག༷་དང་རང་ཕྱོགས་དང་འདོད་པའི་དོན་ལ་འདོད་ཆག༷ས་པ་དང༷༌། གཞན་ཕྱོགས་དང་མི་འདོད་པའི་གནས་ལ་ཞེ༷་སྡང་གིས་སྲོག་གཅོད་པ་དང་མ་བྱིན་པ་ལེན་པ་ལ་སོགས་པའི་སྡིག༷་པ༷་རྣམ༷་པ་མི་འདྲ་བ་དུ༷་མ༷་བྱས༷་ཤིང་བསགས་ན་དུས་ད་ལྟ་ཉིད་དུ་མ་བཤགས་ན་ཚེ་ནི་སྣོན་མེད་འགྲིབ་པ་དང་བཅས་པས་ལྟག་ཆུ་ཆད་པས་རྫིང་བུ་བཞིན་དུ་ཉིན༷་མོ་དང་མཚ༷ན་མོ་དུས་སྐད་ཅིག་སྔ་ཕྱི་རིམ་གྱིས་འོང་ནས་ཚེ་འཛད་པ་ལས་དུས་སྐད་ཅིག་མ་ཙམ་དུ་ཡང་ཚེ་མི་འཛད་པར་སྡོད༷་པ་ཡི་གོ་སྐབས་ཡོང༷་ཡེ་མེ༷ད་པར༷་ཚེ༷་འདི༷་དུས་རྟག༷་ཏུ༷་གོ༷ད་ཅེས་འགྲིབ་པར་འགྱུར༷་ཞིང༷་སྨན་པའི་རྒྱལ་པོ་དངོས་སུ་བྱོན་གྱུར་ཀྱང༌། ཚེ་ཡི་འཕེན་ཟད་སྲོག་ལ་མཐུད་དུ་མེད། ཅེས་གསུངས་པ་ལྟར་ཚེ་ལ་སྣོན༷་པ༷་གུད་ནས༷་ཏེ་གཞན་ཞིག་ནས་འོང༷་བ་མེ༷ད་ན༷་འཁོར་བའི་སེམས་ཅན་བད༷ག་དང་བདག་ལྟ་བུ༷་ངེས་པར་འཆི༷་བ༷ར་ཅི༷ས་མི་འགྱུར་ཏེ་ངེས་པར་འཆི་བར་འགྱུར་བས་སྡིག་པ་བཤགས་པ་ལ་འབད་པར་བྱ་དགོས་ཏེ། མི་རྟག་པའི་གཏམ་ལས། ལྟག་ཆུ་བཅད་པའི་རྫིང་བཞིན་དུ། །སྣོན་མེད་འགྲིབ་པ་དང་བཅས་པས། །ཀུན་ཀྱང་འཆི་བའི་ལམ་ཞུགས་ན། །གློ་བུར་ཚེ་ལ་སུ་ཡིད་བརྟན། །ཞེས་པ་ལྟར་རོ། །དེ་ལྟར་ཚེ་ཟད་ནས་འཆི་ཚེ་བད༷ག་ནི༷་མ༷ལ་སའི་ཐ་མ་ན༷་ཉལ་ནས་འདུག༷་བཞིན་དུ༷་གཉེན༷་ཉེ་བ་ཕ་མ་སྤུན་སྲིང་བཤེས༷་གྲོགས་དགའ་མཛའ་དང་སྨན་པ་ལ་སོགས་པ་ཀུན༷་གྱིས༷་མཐ༷འ་ཐམས་ཅད་བསྐོ༷ར་ཞིང་རང་འཆིར་འཇུག་ཐུབ་པ་ལྟ་བུའི་སྡུག་བསྔལ་གྱིས་གདུང་བཞིན་དུ་བསྲུང་བར་བྱས་ཀྱང༷་ཕན་པ་མེད་པར་སྲོག༷་འཆ༷ད་པ༷་ཡི༷་གནད་གཅོད་ཀྱི་སྡུག་བསྔལ་བཟོད་པར་དཀའ་བའི་ཚོ༷ར་བ༷་དྲག་པོ་དག༷་སུས་ཀྱང་མི་ལེན་པར་བད༷ག་རང་ཉིད༷་གཅི༷ག་པུས༷་ཉམས་སུ་མྱོང༷་བ༷ར་འགྱུར༷་ཞིང་ཐིམ་རིམ་དུས་ལས་ངན་འཁྲུལ་པའི་རང་གཟུགས་འཇིགས་སུ་རུང་བའི་གཤི༷ན་རྗེའི་ཕོ༷་ཉས་མངོན་སུམ་དུ་ཟི༷ན་ཏེ་ཞགས་ནག་གིས་སྐེ་བཅིངས་ནས་རང་གཅིག་པུར་ཐོ་བས་བརྡུང་བ་ལ་སོགས་པའི་སྡུག་བསྔལ་གཏད་བཞིན་ཁྲིད༷་པ༷་ལ༷་ཕ་མ་བུ་ཚ་སོགས་ཉེ་བ་གཉེན༷་གྱིས༷་ཅི་ཞིག་ཕ༷ན་ཞིང་གྲོགས་དགའ་མཛའི་བཤེས༷་རྣམས་ཀྱིས་ཀྱང་ཅི༷་ཞིག་ཕ༷ན་ཏེ་སུས་ཀྱང་སྐྱོབ་པར་མི་ནུས་ཀྱི། དུས་དེ༷་ཡི་ཚེ༷་བསོ༷ད་ནམ༷ས་དགེ་བ་ཞིག་བསགས་ཤིང་འགྲུབ་ཡོད་ན་དེ་ཉིད་གཅི༷ག་བུ་ཁོ་ན་སྐྱབ༷ས་ཀྱི་མཆོག་ཏུ་འགྱུར་བ་ཡིན་ན༷་ཡང་དེ༷་ཡ༷ང་བད༷ག་གི༷ས་སྔར་མ༷་བསྟེན༷་ཏོ་ཞེས་སྔར་མ་བསགས་པས་ད་ནི་ཅི་བྱར་ཡོད་དེ་ཐུགས་སྙིང་རྗེ་ཆེན་པོ་དང་ལྡན་པ་རྒྱལ་བ་སྲས་བཅས་ལ་མགོ༷ན་པོ༷་ཞེས་སྡུག་བསྔལ་གྱིས་འོ་དོད་བོས་ཏེ་བླང་དོར་ལ་རྨོངས་ཤིང་རྒྱུ་འབྲས་ཡིད་ཆེས་པའི་དད་པ་མེད་པས་སྒོ་གསུམ་བ༷ག་མེ༷ད་ཀྱི་དབང་དུ་སོང་བ་ལས་ངན་པོ་བད༷ག་གིས༷་ནི་འཆི་ཁ་གནད་གཅོད་ཀྱི་འཇིགས་པ། ཤི་ནས་བར་དོའི་འཇིགས་པ་ཕྱི་མ་ངན་སོང་གི་འཇི༷གས་པ༷་འདི༷་འདྲ༷་ཡོད་པ་མ༷་འཚ༷ལ་ཏེ་མ་ཤེས་ན༷ས་མི༷་རྟག༷་པ་སྙིང་པོ་མེད་པ་ཚེ་འདི༷འི་དགྲ་འདུལ་གཉེན་སྐྱོང་ཟས་ནོར་ལོངས་སྤྱོད་ཀྱི་ཆེ༷ད་ད༷ག་ཏུ་སྲོག་གཅོད་པ་ལ་སོགས་པའི་སྡིག༷་པ༷་མ༷ང་པོ༷་ཉེ༷་བ༷ར་བསགས་ཤིང་བསྒྲུབ༷ས་ན་འཆི་བའི་ཚེ་ཤིན་ཏུ་སྡུག་བསྔལ་གྱིས་གཟིར་ཞིང་ཉམས་ཐག་པར་འགྱུར་ཏེ། དཔེར་ན་རྒྱལ་པོའི་ཆད་པ་ཕོག་པས་ཤིན་ཏུ་ཉེས་ཅན་གྱི་སྐྱེ༷་བོ༷་མི་འགའ་ཞིག་རྐང་ལག་སོགས་ཡ༷ན་ལ༷ག་ཙམ་གཅོ༷ད་པ༷འི་སར༷་སྐལ་པ་མཉམ་པའི་མི་རྣམས་ཀྱིས་དེ༷་རིང༷་ལྟ་བུར་ཁྲིད༷་པ༷འང་ཤིན་ཏུ་འཇིགས་ཤིང་སྐྲག་ནས་བྲེད་པར་འགྱུར༷་ཏེ༷་ཁ༷་གདང་ཞིང་སྐམ༷ས་པ་དང་མི༷ག་རྩ༷་ངན་པ་སྔོ་ཅེར་རེ་མགོ་འཕང་དམའ་བ་ལ༷་སོ༷གས་པ་སྔ༷་ལ༷ས་ཏེ་སྔར་གྱི་མི་དེ་མ་ཡིན་པ་ལྟ་བུ་གཞ༷ན་དུ༵་འགྱུར་ཏེ་ཤིན་ཏུ་ཉམས་ཐག་པར་སྣང༷་ན༷། ལས་ངན་འཁྲུལ་པའི་རང་གཟུགས་གཤི༷ན་རྗེ༷འི་ཕོ༷་ཉ༷་ལས་མཁན་མ་རུང་བ་རྣམས་ནི་མི་ལས་བདུན་འགྱུར་ལས་ཆེ་བ་གཅེར་བུ་སྐྲ་སྤྱི་བོར་གཟེངས་པ་མིག་གྲུ་གསུམ་ཤེལ་མིག་ལྟར་བགྲད་པ་ཨཾ་གཙིགས་བསྡམ་ཞིང་སོ་ཞོ་ངོམས་ཏེ་བཤུགས་པའི་འཐོར་རླུང་དྲག་ཏུ་འབུད་པ་རྒྱུད་ཁྲོ་ཞིང་གཏུམ་པ་ལྕགས་ཀྱུ་དང་ཞགས་པ་ཐོ་བ་དང་དགྲ་སྟ་ལ་སོགས་པ་ཐོག༷་པ་སྲིན་པོ་ལྟར་རབ་ཏུ་འཇི༷གས་འཇི༷གས་ལྟ༵འི་སྟེ་འཇིགས་འཇིགས་ལྟ་བུར་གྱུར་པའི་ཁྲོ་གཉེར་དང་ཤ༷་ཚུ༵གས་སྣ་ཚོགས་ཅ༷ན་གྱིས༷་བཟུང་སྟེ་ཞགས་པས་བཅིང་ནས་རང་ཉིད་གཅིག་པུར་ཚེ་ཕྱི་མར་ཁྲིད་པར་གྱུར༷་ཅིང༷་དམྱལ་བའི་སྣང་བ་ལྕགས་བསྲེག་གི་ཐང་ལ་སོགས་པར་ཉམས་ང་བར་འཇིགས་པའི་མུན་ནག་གིས་མདུན་ནས་བསུས། ལས་ཀྱི་རླུང་དམར་གྱིས་རྒྱབ་ནས་དེད་དེ་གཤིན་རྗེའི་ལས་མཁན་རྣམས་ཀྱིས་རྒྱོབ་རྒྱོབ་དང་སོད་སོད་ཆོད་ཆོད་ཀྱིས་སྒྲ་ཆེན་པོ་སྒྲོགས་བཞིན་དུ་ལྕགས་ཀྱུས་བཟུང༌། ཐོ་བས་བརྡེག་རྐང་ལག་གཅོད་པ་ལ་སོགས་པའི་འཇིགས་པ་ཆེ༷ན་པོའི་ན༷ད་དྲག་པོ་རྣམས་ཀྱིས༷་ཐེ༷བས་པར་གྱུར༷་པ༷་དེ་ཡི་ཚེ་ར༷བ་ཏུ་བྲེད་ཅིང་སྡུག་བསྔལ་གྱིས་ཉ༷མས་ཐ༷ག་པར་འགྱུར་བ་སྨོས༷་ཀྱང་ཅི༷་དགོ༷ས། དུས་དེའི་ཚེ་བླ་མ་ལྷ་རྗེ་སོགས་སྙིང་རྗེ་ཅན་སུ་ཞིག་གིས་འཆི་ཁ་གནད་གཅོད་དང་གཤིན་རྗེའི་ལས་མཁན་ལ་སོགས་པའི་འཇི༷གས་པ་ཆེན་པོ་འདི༷་རྣམས་ལ༷ས་ཉམས་ཐག་བད༷ག་ལེ༷གས་པ༷ར་སྐྱོབ་པ༷ར་བྱེད་པར་འགྱུར༷་ཞེས༷་སྨྲ་ཞིང་ཤིན་ཏུ་སྐྲག་ནས་བྲེ༷ད་ཤ༷་ཐོ༷ན་པ༷འི་སྟེ་སྐྱི་བུང་ཞེས་མགོ་ལྤགས་ཀུན་ལྟག་པར་བསྡུས་ཏེ་མི༷ག་སྔོ་ཅེར་རེ་གཅེར་ཞིང་ཟུམ་དུ་མེད་པར་བགྲ༷ད་ནས༷་ཁ་ཉེར་ལ་སོགས་པའི་ཕྱོག༷ས་བཞི༷ར་བལྟས་ཏེ་སྐྱབ༷ས་མཁན་གཞན་དག༷་འཚོ༷ར་བར་བྱེད་ལ་དེ་ལྟར་ནན་ཏན་གྱིས་ཕྱོག༷ས་བཞི༷ར་བཙལ་ཡང་རང་བྱས་ཀྱི་ལས་ངན་མྱོང་བ་ལ་སངས་རྒྱས་ཀྱི་སྐྱོབ་པར་མི་ནུས་པར་ལྷས་སྦྱིན་གྱིས་གོའུ་ཏ་མ་ཚིག་ཐལ་ཚིག་ཐལ་ཞེས་སྨྲེ་སྔགས་འདོན་བཞིན་དུ་དམྱལ་བར་སྐྱེས་པ་ལྟ་བུ་ཡིན་པས་ན་སྐྱབ༷ས་མཁན་གཅིག་ཀྱང་མེ༷ད་པར་མཐོ༷ང་ན༷ས་ནི༷་དེ༷་ནས༷་སྐྱབས་མ་རྙེད་པས་ཀུན༷་ཏུ༷་ཡི༷་མུག༷་པར་འགྱུར༷་ཏེ་སྐྱེ་དཀའ་བ་ལྷོ་རྒྱལ་འཛམ་བུ་གླིང་དུ་སྐྱེས། ཐོབ་དཀའ་བའི་དལ་འབྱོར་གྱི་མི་ལུས་ཐོབ། མཇལ་བར་དཀའ་བའི་བླ་མ་དམ་པ་དང་མཇལ། འཕྲད་པར་དཀའ་བའི་དམ་པའི་ཆོས་དང་འཕྲད་དེ་བླང་དོར་གྱི་གནས་ཅུང་ཟད་ཤེས་པར་གྱུར་ཀྱང༌། ཀྱེ་མ་ཀྱེ་ཧུད་ལས་ངན་སྐལ་ཆད་པོ་བདག་གིས་དགེ་བ་ནི་མ་འགྲུབ། སྡིག་པ་ནི་རྒྱ་ཆེན་པོ་བྱས། ད་ནི་སྐྱབས་བྲལ་ཞིང་མགོན་མེད་པས་འཆི་ཐག་ཆོད་ཅིང་ངན་སོང་དུ་འགྲོ་རྒྱུ་ལས་མི་འདུག་སྙམ་དུ་སྔར་བྱས་ཀྱི་སྡིག་པ་དྲན་ཏེ་བྲང་སེན་རྗེས་ཀྱིས་བཀང་སྟེ་གདོང་སྔོ་ལམ་མེ་མིག་མཆི་མ་ཁྲ་ཐར་རེ་དབུགས་འདར་ཞིང་མགོ་རྐང་ལག་གཡོབ་བཞིན་ཚེ་ཕ་རོལ་དུ་འགྲོ་ཞིང་སྡུག་བསྔལ་བར་འགྱུར་ཏེ། རྒྱལ་པོ་ལ་གདམས་པའི་མདོ་ལས། འགྲོ་བ་གཞན་དུ་ནི་འགྲོ། །མལ་གྱི་ཐ་མར་ནི་ཉལ། །སྲོག་ནི་ཅུང་ཟད་གཅིག་ལུས། །གཤིན་རྗེའི་སྐྱེས་བུས་ནི་འཇིགས་ཤིང་སྐྲག །བྱུར་གྱི་དབང་དུ་ནི་སོང༌། །དབུགས་ཀྱི་འགྱུ་བ་ནི་འཆད། །ཁ་དང་སྣ་ནི་གདངས། སོ་ནི་གཙིགས། ཕ་མ་དང་ཕུ་ནུ་དང་སྲིང་མོ་དང་བུ་དང་བུ་མོས་ནི་བསྐོར། ནོར་རྣམས་བགོ་བཤའ་བྱ་ཞེས་ནི་ཟེར། ཀྱི་ཧུད་ཕ་ཀྱེ་ཧུད་མ་ཀྱེ་ཧུད་བུ་ཞེས་ཟེར་ན་ཆོས་མ་གཏོགས་པ་སྐྱབས་གཞན་མེད། མགོན་གཞན་མེད། གནས་གཞན་མེད། དཔུང་གཉེན་གཞན་མེད། རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་ཆོས་ནི་གླིང་དང་གནས་དང་མགོན་དང་སྟོན་པར་འགྱུར་རོ་ཞེས་གསུངས་པ་ལྟར་རོ། །དེ་ལྟར་འཆི་བའི་གནས༷་སྐབས་དེར༷་དམ་པའི་ཆོས་དགེ་བ་མ་གཏོགས་པ་སྐྱབ༷ས་གཞན་གཅིག་ཀྱང་ཡོ༷ད་པ་མ༷་ཡི༷ན་ན༷་དེ༷་ཚེ༷་ལས་ངན་པོ་བད༷ག་གིས༷་ཇི༷་ལྟར༷་བྱ༷་སྟེ་ཅི་ཡང་བྱ་ཐབས་མེད་པས་ཤིན་ཏུ་སྡུག་བསྔལ་གྱིས་གདུང་ཞིང་ཉམས་ཐག་པར་འགྱུར་རོ། །གཉིས་པ་རྟེན་གྱི་སྟོབས་ནི། རྟེན་གྱི་སྟོབས་ཞེས་བཤགས་ཡུལ་དུ་བྱེད་པ་དང༌། དག་རྟེན་དུ་བྱེད་པ་གཉིས་ལས་འདིར་ཕྱི་མ་སྟེ། དེ་ལྟར་འཆི་ཞིང་ལས་ངན་འཁྲུལ་པའི་རང་གཟུགས་གཤིན་རྗེའི་བསུ་མ་སླེབ་པ་ན་སྐྲག་ནས་ད་གཟོད་སྐྱབས་འཚོལ་ཀྱང་་མི་རྙེད་པ་དེ༷་ལྟ་བ༷ས་ན་རྒྱལ༷་བ༷་རྫོགས་པའི་སངས་རྒྱས་འགྲོ༷་བ་མ་ལུས་པ༷འི་མགོ༷ན་པོ་ནམ་མཁའ་དང་མཉམ་པའི་འགྲོ༷་བ༷་སེམས་ཅན་ཐམས་ཅད་སྡུག་བསྔལ་མཐའ་དག་ལས་སྐྱོབ༷་པའི༷་དོན་དུ་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས་གཞན་དོན་འབའ་ཞིག་ལ་བརྩོ༷ན་པ༷་མཐར་ཕྱིན་པའི་སྟོབ༷ས་བཅུའི་དབང་ཕྱུག་ཆེ༷ན་པོ་སངས་རྒྱས་བཅོམ་ལྔན་འདས་ཏེ་དེ་ལ་དེ་བཞིན་གཤེགས་པའི་སྟོབས་ཀྱི་རྣམ་གྲངས་ལ་ཡབ་དང་ཡུམ་ལས་བྱུང་བའི་སྟོབས་དང༌། རྫུ་འཕྲུལ་གྱི་དང༌། ཡེ་ཤེས་ཀྱི་སྟོབས་ལ་སོགས་པ་མང་དུ་གསུངས་པ་ལས། ཡབ་དང་ཡུམ་ལས་བྱུང་བའི་སྟོབས་ནི་དེ་བཞིན་གཤེགས་པའི་ཕྱག་ཞབས་སོགས་ཀྱི་ཚིག་བར་རེ་ན་སྲེད་མེད་བུའི་སྟོབས་བརྒྱའམ་ལྔ་བརྒྱ་རེ་ཡོད་པར་མདོ་ལས་གསུངས་ཤིང༌། རྡོ་འཕང་བའི་མདོ་ལས། དེ་བཞིན་གཤེགས་པ་ཀུ་ཤིའི་གྲོང་ཁྱེར་དུ་བྱོན་པ་ན་ཡུལ་དེའི་གྱད་ལྔ་བརྒྱ་རེ་རེ་ལ་འཁོར་ལྔ་བརྒྱ་རེ་དང་ལྡན་པས་ལམ་ཕྱགས་དར་སོགས་བྱེད་པ་ན་དེ་དག་གིས་གཞན་དུ་འཕེན་པར་མ་ཐེག་པའི་རྡོ་ཕ་ཝང་ཆེན་པོ་དེ་བཞིན་གཤེགས་པའི་ཞབས་གཡས་པའི་མཐེ་བོང་གིས་ཕྱུང་སྟེ་ཕྱག་གིས་ནམ་མཁར་འཕང་བ་ཡང་ཡུམ་ལས་བྱུང་བའི་སྟོབས་དང༌། རྫུ་འཕྲུལ་གྱིས་དེ་རྡུལ་ཕྲན་དུ་བྱས་ནས་ཕྱོགས་ཐམས་ཅད་དུ་གཏོར་བ་དང༌། དེ་ལྟར་གྱུར་པ་ལ་གྱད་རྣམས་མི་དགའ་བར་གྱུར་པ་ལ་རྡུལ་ཕྲན་རྣམས་སླར་བསྡུས་ཏེ་སྔ་མ་བཞིན་དུ་མཛད་ནས་གནས་དབེན་པར་བཞག་པར་མཛད་པ་བསྒོམ་པའམ་ཡེ་ཤེས་ཀྱི་སྟོབས་ཞེས་བྱ་བར་གསུངས། ཁྱད་པར་སེམས་ཅན་ཐམས་ཅད་སྐྱོབ་པའི་སྟོབས་དངོས་ནི། ཇི་སྐད་དུ། གནས་དང་གནས་མིན་རྣམ་སྨིན་དབང་པོ་དང༌། ཁམས་དང་མོས་པ་སྣ་ཚོགས་ཀུན་འགྲོའི་ལམ། །བསམ་གཏན་སྔོན་གནས་རྗེས་དྲན་ལྷ་ཡི་མིག །ཟག་ཟད་མཁྱེན་པའི་སྟོབས་དང་བཅུ་ཡིན་ནོ། །ཞེས་གསུངས་པ་ལྟར་མཁྱེན་པའི་སྟོབས་བཅུ་མངའ་བས་དམ་པའི་ཆོས་ཡང་དག་པར་སྟོན་པར་མཛད་པའི་སངས་རྒྱས་དང༌། དེའི་བཀའ་བཞིན་རང་གིས་བསྒྲུབ་ན་འཁོར་བ་དང་ངན་སོང་ལ་སོགས་པའི་སྡུག་བསྔལ་གྱིས་འཇིགས་པ༷་མ་ལུས་ཀུན༷་སེ༷ལ་བར་མཛད་པ་དེ་ལ༷། བླང་དོར་ལ་རྨོངས་པའི་སྐྱེ་བོ་མདོ་ཤོར་རྣམས་ཀྱིས་ནི་ཚེ་གང་སྡིག་པ་མི་དགེ་བ་འབའ་ཞིག་བྱས་བྱས་ནས་སང་འཆི་ཚེ་འཇིགས་སྐྲག་གིས་ཅི་བྱ་མེད་པར་སྐྱབས་འཚོལ་བར་བྱེད་ཀྱང་ཕན་པར་དཀའ་ཞིང་འཕྱི་བར་གྱུར་པ་དེ་དག་གི་ལད་མོ་མི་བྱེད་པར་བདག་གིས་ནི་དུས་དེ༷་རི༷ང་ཉི༷ད་ནས༷་ནང་སྔ་མོ་ཆོས་ཐོས་ན་སྔ་མོ། །ཉིན་གུང་ཆོས་ཐོས་ན་ཉིན་གུང༌། དགོངས་མོ་ཆོས་ཐོས་ན་དགོངས་མོ་ཉིད་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སངས་རྒྱས་ལ་སྟོན་པའི་ཚུལ་དུ་སྐྱབ༷ས་སུ༷་མཆི༷འོ་ཞེས་བསམ་དགོས་ཏེ། ཆོས་ལ་ཐོས་བསམ་བསྒོམ་གསུམ་འདྲེས་མར་བྱེད་དགོས་ཏེ། ཆོས་འཆད་པའི་དུས་ལྟ་བུ་ཡིན་ཀྱང་ཚིག་སྒྲོས་སྙན་སྙན་མི་བྱེད་པར་དོན་སེམས་པའི་ཞོར་ལ་བཤད་ན་བསྒོམ་ཡང་དེ་ཡིན་གསུངས། སངས་རྒྱས༷་དེ༷་ཡི༷ས་སློབ་ལམ་དུ་བསྐལ་པ་གྲངས་མེད་མང་པོར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་ནས་མཐར་བྱང་ཆུབ་ཀྱི་ཤིང་གི་དབང་པོའི་དྲུང་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པའི་ཚེ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཞིག་བདག་གིས་བརྙེས། །ཞེས་གསུངས་པ་ལྟར། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཐམས་ཅད་ཐུག༷ས་སུ་ཆུད༷་པའམ་མཁྱེན་པའི༷་ཆོས་གང་ཞིག་ཉམས་སུ་བླངས་པ་ལས་འཁོ༷ར་པའི༷་འཇི༷གས་པ༷་མ་ལུས་པ་སེ༷ལ་བ༷འམ་ཞི་བར་བྱེད་པའི་ལུང་དང་རྟོགས་པའི་ཆོས་ལ་ལམ་གྱི་ཚུལ་དུ་དེ་རིང་ཉིད་ནས་སྐྱབས་སུ་མཆི་བ་དང༷༌། བྱང༷་ཆུབ༷་སེ༷མས་དཔ༷འི་ཚོ༷གས་འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་ལ༷་ཡ༷ང་དེ༷་བཞི༷ན་དུ་དེ་རིང་ཉིད་ནས་གྲོགས་ཀྱི་ཚུལ་དུ་ཡ༷ང་དག༷་པར་ཏེ་གཡོ་སྒྱུ་དང་ཐེ་ཚོམ་མེད་པར་སྐྱབ༷ས་སུ༷་མཆི༷འོ། །བད༷ག་ནི༷་འཆི་ཁའི་འཇིགས་པ་དང༌། ཤི་ནས་བར་དོའི་འཇིགས་པ་དང༌། ཕྱི་མ་འཁོར་བ་དང་ངན་སོང་གི་འཇི༷གས་པ༷ས་རྣམ་པར་སྐྲག༷་ན༷ས་རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་འཕགས་མཆོག་ཀུན༷་ཏུ༷་བཟ༷ང་པོ་ཞེས་འོ་དོད་བོས་ཏེ་ཁྱེད་ལ༷་བད༷ག་རང་ཉིད༷་ཀྱི་ལུས་ལོངས་སྤྱོད་ཐམས་ཅད་འབུལ༷་བ་ཡིན་ནོ་ཞེས་འབོད་དགོས་ཀྱི་གཞན་དུ་འཇིགས་སྐྲག་མེད་པར་འོ་དོད་ཀྱིས་བོས་ན་རྒྱལ་བ་སྲས་བཅས་ལ་རྫུན་དུ་སྨྲས་པ་དང༌། དེ་དག་གི་ཐུགས་ཀྱང་ཁྲེལ་བར་འགྱུར་རོ་གསུངས། དེ་བཞིན་དུ་རྒྱལ་ཀུན་ཡབ་གཅིག་མགོན་པོ་འཇ༷མ་པ༷འི་དབྱང༷ས་ལ༷འ༷ང་གཞན་གྱིས་མ་བསྐུལ་བར་བད༷ག་རང་ཉིད༷་ཀྱིས༷་བད༷ག་གི༷་ལུས༷་འདི༷་དབུལ༷་བ༷ར་བགྱིའོ༷། །འཕགས་པ་ཐུགས་རྗེ་ཆེན་པོ་ནི་སངས་རྒྱས་རིན་ཆེན་སྙིང་པོའི་མདུན་དུ་ཐུགས་བསྐྱེད་པ་ནས་བཟུང་སྟེ་མཐའ་ཡས་པའི་སེམས་ཅན་ལ་ཐུག༷ས་རྗེས༷་ཏེ་ཐུགས་སྙིང་རྗེ་ཆེན་པོ་དང་ལྡན་པས་རང་འདོད་ཀྱི་འཁྲི་བ་སྤུ་རྩེ་ཙམ་ཡང་མེད་པར་གཞན་དོན་ཁོ་ན་བྱེད་པས་ནང་གི་ཡོན་ཏན་རྙིང་རྗེ་དང་ཕྱིའི་སྤྱོད༷་པ༷་མ༷་འཁྲུལ༷་བ༷་སྟེ་མི་འགལ་བར་མཛད་པས་དུས་དང་རྣམ་པ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་སྤྱན་མི་ཟུམ་པར་གཟིགས་པས་ན་དོན་དང་མཐུན་པའི་མཚན་ཡང་མིག་མི་འཛུམ་པའམ་སྤྱན༷་ར༷ས་གཟི༷གས་མགོ༷ན་པོ༷་དེ༷་ལ༷་ཡ༷ང་ཡིད་ཆེས་ཕྱིར་མི་ལྡོག་པའི་དད་པས་གདུང་ཤུགས་ཀྱིས་ཉམས་ཐག་ཐག་གིས་ཀྱང་གཡོ་སྒྱུ་མ་ཡིན་པར་ཁ་ཙམ་མིན་པར་སྙིང་ཁུང་རུས་པའི་གཏིང་ནས་སྤྱིར་འཁོར་བ་དང་ངན་སོང་གི་འཇིགས་པ་དང༌། དགོས་ཐག་ཉེ་བར་འཆི་བ་དང་བར་དོའི་འཇིགས་པ་ལ་སྐྲག་ནས་སྡུག་བསྔལ་གྱིས་གཟིར་ཞིང་ཤིན་ཏུ་ཉམ༷ས་ཐ༷ག་པའི་དབང་གིས་སྐད་བྱུང་བའི་གདངས་མཐོན་པོའི་ང༷་རོ༷ས་འོ༷་དོད༷་དྲག་པོས་འབོ༷ད་པ་སྟེ་ཕོ་ཆེན་པོ་བཏབས་ཏེ་འཕགས་པ་ཐུགས་རྗེ་ཆེན་པོ་ཞེས་བོས་ཏེ། སྡིག༷་ལྡན༷་བད༷ག་ལ༷་ཞེས་སྤྱིར་ལུས་དང་ངག་དང་ཁྱད་པར་དུ་ཡིད་ཀྱི་དང་དེ་བས་ཀྱང༌། ཇི་སྐད་དུ། རྣམ་རྟོག་མ་རིག་གདོན་ཆེན་ཏེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །ཞེས་གསུངས་པ་ལྟར། ལས་ངན་ཐམས་ཅད་རྣམ་རྟོག་ལས་བྱུང༌། རྣམ་རྟོག་ཐམས་ཅད་ང་དང་ང་ཡིར་བདག་དང་གཞན་དུ་འཛིན་པའི་བདག་འཛིན་ལས་བྱུང༌། བདག་འཛིན་མ་རིག་པ་ཡིན་པས་དུས་དང་རྣམ་པ་ཐམས་ཅད་དུ་ཆོས་འཆད་དམ་ཉན་ནམ་འདོན་བསྒོམ་ལ་སོགས་པ་ཐམས་ཅད་ལ་སེམས་སྐད་ཅིག་ཙམ་ཡང་གཏད་རྒྱུ་མེད་པར་ཆགས་སྡང་ལ་སོགས་པའི་རྟོག་ངན་གྱི་རྗེས་སུ་འབྲང་ནས་འཁྲུལ་བ་རྒྱ་འབྱམས་སུ་སོང་སྟེ་ལས་ངན་བསགས་ནས་འཁོར་བ་མཐའ་མེད་དུ་ངན་སོང་གསུམ་ལ་སོགས་པར་འགྲོ་བའི་སྡིག་ལྡན་ཡིན་པ་ལ་ཡིན་པར་ཁས་བླངས་ནས་ལས་ངན་པོ་བདག་བསྐྱབ༷་ཏུ༷་གསོ༷ལ་ལོ། །དེ་བཞིན་དུ་རང་རེ་སྡོམ་པ་ཐམས་ཅད་ནི་བླང་ཞིང་བསྲུང་བྱ་ནི་མ་བསྲུང་བའི་གང་ཟག་ཡིན་པས་ནམ་མཁའི་སྙིང་པོ་ལ་ཕྱག་མཆོད་སོགས་ཀྱིས་བསྟེན་པ་གལ་ཆེ་སྟེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་འཕགས་པ་ནམ་མཁའི་སྙིང་པོ་ནི་བྱང་སེམས་ལས་དང་པོ་པ་ལྟུང་བ་བྱུང་བ་རྣམས་ཀྱིས་འཁར་བ་ལྟ་བུ་ཡིན་པར་གསུངས་པས་ན་འཕ༷གས་པ༷་ན༷མ་མཁ༷འི་སྙིང༷་པོ༷་དང༷༌། ཉོན་མོངས་འཆོལ་ཉོག་ཏུ་སྤྱོད་པའི་བཙུན་གཟུགས་ལས་དང་པོ་པ་སོགས་གང་ཕོངས་ཤིང་རྒུད་པ་རྣམས་ལ་ཐུགས་ལྷག་པར་བརྩེ་ཞིང་སྐྱོབ་པར་མཛད་པའི་ས་ཡི༷་སྙིང༷་པོ༷་དག་དང༷་ནི་བྱམས་པ་དང་སྒྲིབ་པ་རྣམ་སེལ་ལ་སོགས་པ་ཕྱོགས་བཅུའི་ཞིང་ན་ཐུག༷ས་རྗེ༷་དང་སྨོན་ལམ་སོགས་རྒྱ་ཆེ༷་བའི་མགོ༷ན་པོ་ས་བཅུའི་དབང་ཕྱུག་ཐ༷མས་ཅ༷ད་ལ༷་སྐྱབ༷ས་འཚོལ་ཞིང་སྐྱོབས་ཤིག་ཅེས་སྙིང༷་ཐག་པ་ན༷ས་མཚན་ནས་བརྗོད་དེ་འོ༷་དོ༷ད་ཀྱིས་འབོ༷ད་པར་བྱའོ། །གང་ཞེས་སྤྱི་སྒྲ་བྱེ་བྲག་ལ་སྦྱར་བ་དཔལ་གསང་བའི་བདག་པོ་གང༷་ཞི༷ག་མཐོ༷ང་བ་ཙམ་ཉིད་ན༷ས་གཤི༷ན་རྗེ་ཡི༷་ཕོ༷་ཉ༷་ལས་མཁན་རྣམས་དང་བྱ་དང་ཁྱི་ལ༷་སོ༷གས་པ་ཕ་བསད་ཀྱི་ལག་དམར་ལྟར་སྡང༷་བ༷་ཡི་སེམས་དང་ལྡན་ཞིང་གནོད་པར་བྱེད་པ་རྣམ༷ས་རབ་ཏུ་སྐྲག༷་ནས༷་ཕྱོག༷ས་བཞི༷ར་འབྱེར༷་བའམ་འབྲོས་པར་བྱེད༷་པ༷་ཕྱག་ན་རྡོ༷་རྗེ༷་ཅན་ལ༷་དད་ཅིང་གུས་པས་སྐྱབ༷ས་སུ༷་མཆི༷འོ། །དེ་ཡང་ཐུན་མོང་གི་བཤད་པ་ལྟར་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དང་པོ་ཐུགས་བསྐྱེད་ནས་མངོན་པར་བྱང་ཆུབ་སྟེ་ཆོས་ཀྱི་འཁོར་ལོ་བསྐོར་ནས་མྱ་ངན་ལས་མ་འདས་ཀྱི་བར་དུ་དཔལ་ཕྱག་ན་རྡོ་རྗེས་རྡོ་རྗེ་འབར་བའི་མཚོན་ཆ་བསྣམས་ནས་རྒྱལ་བ་དེ་དག་གི་སྐུ་གསུང་ཐུགས་ལ་ཉེ་བར་འཚེ་བའི་མ་རུངས་པ་ཐམས་ཅད་ཀྱི་མགོ་འགེམ་པར་མཛད་ཅིང་མེལ་ཚེ་བྱེད་པ་སྟེ་དཔེར་ན་འཇིག་རྟེན་པ་རྣམས་ཀྱིས་ལྷན་སྐྱེས་ཀྱི་ལྷ་ཞེས་པ་ལྟར་མཛད་དེ་རྗེས་སུ་འབྲང་བའོ། །ཡང་གསང་བ་པ་ཞེས་པ་གནོད་སྦྱིན་ཡིན་ལ་དེའི་བདག་པོ་གནོད་སྦྱིན་ལག་ན་རྡོ་རྗེ་ཞེས་བྱ་བའང་ཡིན་ནོ། །ཐུན་མིན་གསང་སྔགས་ལྟར་ན་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་རང་གཟུགས་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་བདག་པོར་དབང་བསྐུར་ཞིང་དབང་རྟགས་ཀྱི་རྡོ་རྗེ་ཕྱག་ན་བསྣམས་པས་ན་དེ་སྐད་དོ། །རང་རེའི་དེ་ལྟ་རྒྱལ་སྲས་རིགས་གསུམ་མགོན་པོ་སོགས་རང་གང་མོས་ཀྱི་ཡི་དམ་གྱི་ལྷ་གཅིག་ཆོག་མ་ཞིག་མེད་ཐབས་གཏན་ནས་མེད་པས་དེའི་དབང་ཞུས་ལྷ་བསྒོམ་སྔགས་བཟླས་ཏེ་དུས་ནམ་དུ་མི་བརྗེད་པར་འཇིགས་སྐྲག་ནམ་བྱུང་དང་མཚན་རྨི་ལམ་གྱི་དུས་སུ་དྲན་ཐུབ་པ་ཞིག་དགོས། །དེ་ལྟར་བྱུང་ན་སང་འཆི་ཚེ་མདུན་དུ་བསུ་མར་བྱོན་འོང་བའི་སྣང་བ་འབྱུང་ངོ་གསུངས། ལས་ངན་བདག་ནི་སྔོན༷་ཆ༷ད་རྒྱལ་བ་སྲས་བཅས་ཁྱེད༷་རྣམས་ཀྱིས༷་བཀ༷འ་དགེ་སྡིག་བླང་དོར་ལ༷ས་འད༷ས་པར་བྱས་ཀྱང༷་ད༷་ནི༷་འཆི་ཁ་དང་བར་དོ་ཕྱི་མ་ངན་སོང་གི་འཇི༷གས་པ༷་ཆེ༷ར་ཏེ་ཆེན་པོ་མཐོ༷ང་ན༷ས་འགྱེལ་བའི་སར་འདུ་ཞིང་བརྟེན་ནས་ལྡང་བ་ལྟར་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད༷་རྣམས་ལ༷་སྐྱབས་སུ༷་མཆི༷་བ༷་ལགས་ཀྱིས༷་སྡིག་པ་མི་དགེ་བའི་འབྲས་བུ་སྡུག་བསྔལ་གྱིས་འཇི༷གས་པ༷་དེ་དག་མྱུར༷་དུ་བས༷ལ་དུ༷་གསོ༷ལ་ཞེས་གསོལ་བ་འདེབས་པའོ། །གསུམ་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི་དེ་ལ་བག་ཡོད་དང་ཤེས་བཞིན་དང་བཟོད་ལེ་རྣམས་གཙོ་བོ་དེ་དང་དེ་སྐྱེད་བྱེད་ཡིན་པ་ལྟར་འདིར་ཡང་སྡིག་པ་དག་བྱེད་ཀྱི་གཉེན་པོ་རང་རྒྱུད་ལ་སྐྱེད་བྱེད་ཡིན་པའི་ཕྱིར། ལས་རྒྱུ་འབྲས་དང་ཚེ་མི་རྟག་པ་ཡང་ཡང་བསྒོམ་སྟེ་རང་རྒྱུད་ལ་སྡིག་པ་འདགས་པའི་གཉེན་པོ་བསྐྱེད་པའི་བློ་མེད་པ་རྣམས་ལ་དེའི་བློ་བསྐྱེད་པ་དང༌། ཅུང་ཟད་ཡོད་ཀྱང་ལེ་ལོ་རྣམ་གཡེང་གིས་དེར་མི་སྦྱོར་བ་རྣམས་ལ་མྱུར་དུ་དེ་ལ་སྦྱོར་བའི་ཕྱིར་ལས་རྒྱུ་འབྲས་དང་ཚེ་མི་རྟག་པ་ཡང་ནས་ཡང་དུ་བསྒོམ་སྟེ་དེའི་བློ་སྐྱེས་ཤིང་དེ་ལ་སྦྱོར་བའི་ཚེ་དགེ་བ་གང་སྒྲུབ་སྦྱོར་བ་སྡིག་པ་བཤགས་པའི་ཆེད་དུ་བསམ་པ་དང༌། དངོས་གཞིའི་དུས་སུ་སྡིག་པ་བཤགས་པའི་དྲན་འདུན་དང༌། རྗེས་སུ་སྡིག་པ་འདགས་པའི་ཆེད་དུ་བསྔོ་བ་སྟེ་སྦྱོར་དངོས་རྗེས་གསུམ་ཚང་ན་ཐམས་ཅད་སྡིག་བཤགས་ཡིན་པས་གཉེན་པོ་ཡིན་ལ། དེ་ཡང་ཚེ་གང་དབེན་པར་དགེ་བ་སྒྲུབ་པར་བྱས་ཀྱང་ཉེས་པ་ཕྲན་བུ་ཙམ་བྱུང་བ་ལའང་གཉེན་པོས་མ་བཤགས་ན་དེའི་རྣམ་སྨིན་མྱོང་དགོས་ཏེ། དཔེར་ན་ནས་མང་པོའི་ནང་དུ་སྲན་རྡོག་གཅིག་ཡོད་པ་སར་བཏབ་ན་ནས་མང་པོ་སྐྱེ་ཡང་སྲན་རྡོག་དེ་སྐྱེ་བ་ལའང་མི་གནོད་པར་སྐྱེ་བ་ལྟར་དགེ་བ་ཆེར་བྱས་ཀྱང་སྡིག་པའི་གཉེན་པོར་མ་དམིགས་ན་དེས་སྡིག་པ་འཇོམས་པར་མི་བྱེད་གསུངས། དགེ་བ་ཅན་ཡང་ཕྱི་མ་ངན་སོང་དུ་མི་སྐྱེ་བའི་ངེས་པ་མེད་དེ་དེར་སྐྱེ་བའི་ལས་རྒྱུད་ལ་ཡོད་སྲིད་པའི་ཕྱིར་དང༌། ཁྱད་པར་འཆི་ཁའི་མཚམས་སྦྱོར་ལ་རག་ལས་པས་ན་གང་ལ་མཚམས་སྦྱོར་མི་ཤེས་པས་སྡིག་པ་བཤགས་པའི་གཉེན་པོ་ལ་འབད་པ་འདི་གལ་ཆེ་བས་འདི་ལྟར་རྒྱུ་ཉོན་མོངས་ལ་བསམ་སྟེ་གཉེན་པོ་ལ་འབད་པས་བཤགས་དགོས་པའི་རྒྱུ་མཚན་ནད་ཀྱི་དཔེས་བསྟན་པ་རླུང་མཁྲིས་བད་ཀན་འདུས་པ་ལ་སོགས་པའི་ཐ༷་མ༷ལ་གྱི༷་ན༷ད་ཀྱིས༷་ཐེབས་པ་ལ་འཇི༷གས་ན༷་ཡ༷ང་སྨན༷་པ༷འི་ང༷ག་བཞི༷ན་དུ་སྨན་བསྟེན་ཞིང་གཏར་བསྲེག་ཕུག་པ་སོགས་བཟོད་པར་བྱ༷་དགོ༷ས་ན༷་ཐོག་མ་མེད་པ་ནས་འདོ༷ད་ཆ༷གས་ཞེ་སྡང་གཏི་མུག་ང་རྒྱལ་ལ༷་སོ༷གས་པའི་ཉེས༷་པ་བརྒྱ༷་ཕྲག་མང་པོ་ཡི༷་ན༷ད་ཀྱིས༷་དུས་རྟག༷་ཏུ་བཏབ༷་པའི་རང་རེ་རྣམས་ཀྱིས་སྨན་པ་མཆོག་རྒྱལ་བའི་བཀའ་ལྟར་བླང་དོར་ཇི་ལྟ་བ་བཞིན་བྱེད་དགོས་པ་སྨོས༷་ཅི༷་དགོ༷ས་སོ། །ཆགས་སོགས་ཉོན་མོངས་པའི་ནད་དེ༷་དག་གི་ནང་ནས་གཅི༷ག་གི༷ས་ཀྱང༷་ངམ་ཡང་ན་ཉོན་མོངས་པ་དེ་དག་རྒྱུད་ལ་སྐྱེས་པའི་གང་ཟག་གཅིག་གིས་ཀྱང་འཛ༷མ་བུའི་གླིང༷་ན་གན༷ས་པའི༷་མི༷་ལ་སོགས་པ་ཀུན༷་ངན་སོང་ལ་སོགས་པར་སྡུག་བསྔལ་གྱིས་བརླག༷་པར་བྱེད༷་ན༷་ཉོན་མོངས་པའི་ནད་དེ༷་ད༷ག་གསོ༷་བར་བྱེད་པའི༷་སྨན༷་དམ་པའི་ཆོས་ལས་གཞ༷ན་ནི༷་ཕྱོག༷ས་རྣམ༷ས་ཀུན༷་ནས༷་བཙལ་ཡང་སུས་ཀྱང་མི༷་རྙེད༷་ན༷་དེ་ལ༷་སྟེ་ནད་དེ་དག་གསོ་བའི་སྨན་པ༷་མཆོག་ཐམ༷ས་ཅ༷ད་མཁྱེན༷་པ་སངས་རྒྱས་བཅོམ་ལྡན་འདས་ལུས་སེམས་གཉིས་ཀའི་སྡུག་བསྔལ་གྱི་ཟུག༷་རྔུ༷་ཐམ༷ས་ཅ༷ད་རྩ་བ་དྲུང་ནས་འབྱིན༷་པར་མཛད་པ༷་ཡི༷་བཀ༷འ་ལུང་ནས་ཇི་སྐད་གསུངས་པ་ལྟར༷་དམ་པའི་ཆོས་ཀྱི་སྨན་བསྟེན་པར་མི༷་བྱེད༷་པར་ཕྱིན་ཅི་ལོག་ཏུ་སེ༷མས་པ༷་རྣམས་ནི༷་རང་ངོས་ནས་ཤིན༷་ཏུ་བླུན་ཞིང་གཏི༷་མུག༷་ཅན་གཞན་རྒྱལ་བ་སྲས་བཅས་ཀྱིས་སྨད༷་པའི༷་གན༷ས་དང༌། བསྲུང་སྐྱོབ་ཀྱི་ལྷས་ཀྱང་འདོར་ཞིང་སྨད་པར་བྱེད་དེ། ཀླུས་དབང་པོས། གང་ཞིག་གསེར་སྣོད་རིན་ཆེན་སྤྲས་པ་ཡིས། །ངན་སྐྱུགས་འཕྱག་པར་བགྱིད་པ་དེས་བས་ནི། །གང་ཞིག་མི་རུ་སྐྱེས་ལས་སྡིག་པ་དག །བགྱིད་བ་དེ་ནི་ཆེས་རབ་བླུན་པ་ལགས། །ཞེས་སོ། །ལྷས་སྦྱིན་ལ་མི་གླེན་པ་མཆིལ་མ་འཐུང་བ་ཞེས་གསུངས་པ་ལྟ་བུའོ། །འདིར་རྒྱལ་པོ་རྣམས་ཀྱིས་འཚོ་བྱེད་གཞོན་ནུའི་གསོའི་སྨན་པའི་རྒྱལ་པོར་ལན་གསུམ་དབང་བསྐུར་བ་དང་རང་ཉིད་ཀྱིས་ཀྱང་འཇིག་རྟེན་ན་སེམས་ནད་གསོ་བའི་སྨན་པ་སངས་རྒྱས་བཅོམ་ལྡན་འདས་དང༌། ལུས་ནད་གསོ་བའི་སྨན་པ་བདག་ཉིད་དོ་ཞེས་ང་རྒྱལ་བའི་ཚེ་དེ་བཞིན་གཤེགས་པས་དེ་ལ་ང་རྒྱལ་དེ་མེད་ན་ཆོས་བསྟན་པས་བདེན་པ་མཐོང་བར་དགོངས་ཏེ། རི་བོ་གངས་ལྡན་དུ་རྫུ་འཕྲུལ་གྱིས་ཁྲིད་དེ་སྨན་བཏུ་བཅུག་པས་ཕལ་ཆེར་མ་ཤེས་པས་དེ་བཞིན་གཤེགས་པས་ཇི་བཞིན་མཁྱེན་ཅིང་བསྟན་པས་ང་རྒྱལ་བཅག་པར་མཛད་པར་སྦྱར་ཏེ་སྨན་པའང་རིགས་གནས་ཕྲན་བུ་ཙམ་ཤེས་པས་མི་འོང་བས་སྨན་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཁོ་ན་དང༌། སྨན་ཡང་དམ་པའི་ཆོས་མ་གཏོགས་པ་གཞན་མེད་པར་གསུངས། འབྲས་བུ་ངན་སོང་གི་གཡང་ས་ལ་བསམས་ཏེ་བཤགས་དགོས་པའི་རྒྱུ་མཚན་ནི་ལྟུང་ཡང་ཡན་ལག་ཙམ་སྣང་བར་འགྱུར་བའི་སྐས་འགོ་སོགས་གཡ༷ང་ས༷་ཐ༷་མ༷ལ་པ་ཆུང༷་ངུ༷་ལ༷འ༷ང་འགྲོ་འོང་ལ་སོགས་པ་ལ་བ༷ག་ཡོ༷ད་པས་གན༷ས་པ༷་བྱ༷་དགོས་ན༷་འདི་ནས་དཔ༷ག་ཚ༷ད་སྟོང༷་དུ༷་ཞེས་སྟོང་ཕྲག་ཉི་ཤུར་ཏེ་ཉི་ཁྲི་ལ་སོགས་པར་འོག་ཏུ་ལྷུང༷་བ༷་ཡི༷་དམྱལ་བ་ཡང་སོས་ལ་སོགས་པར་བར་གྱི་བསྐལ་བ་སོགས་ཡུན༷་རིང༷་པོར་སྡུག་བསྔལ་དྲག་པོ་མྱོང་བར་འགྱུར་བས་གཡ༷ང་ས༷ར་ལྟུང་དོགས་ཀྱིས་བག་ཡོད་པར་བྱེད་པ་སྨོས༷་ཅི༷་དགོ༷ས་སོ། །དེས་ན་མྱུར་དུ་གཉེན་པོ་དགེ་བ་ལ་འབད་པར་གདམས་པ། དུས༷་དེ༷་རིང༷་ཁོ༷་ན༷་ཙམ་ལའང་མི༷་འཆི༷འོ་ཞེས༷་སེམས་བག་ཕབ་སྟེ་འདི༷་བ༷ར་འདུ༷ག་པ༷་འདི་ནི་རི༷གས་ཤིང་འཐད་པ་མ༷་ཡི༷ན་ཏེ་བདག་ནི་ཤི་ནས་མེ༷ད་པ༷ར་འགྱུར༷་བ༷འི་དུས་གང་ཡིན་པ་དེ༷་ནི༷་གདོ༷ན་མི༷་ཟ༷་བ༷ར་ཏེ་ཐེ་ཚོམ་མེད་པར་འགྱུར༷་ངེས་ཤིང་དེ་ཡང་དོ་ནུབ་ཙམ་དུའང་མི་འགྱུར་བའི་ངེས་པ་མེད་དེ། བཤེས་སྤྲིང་དུའང༌། ཚེ་ནི་གནོད་མང་ཀླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུག་དབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། །སད་ཁོམས་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་པས་སོ། །དེས་ན་བད༷ག་ལ༷་དེ་རིང་ཙམ་དུའང་མི་འཆི་བས་འཆི་བ་ལ་མི༷་འཇིགས་པའམ་སྐྲག་མི་དགོས་པར་སངས་རྒྱས་བཅོམ་ལྡན་འདས་སོགས་སུ༷་ཡི༷ས་བྱིན༷་ཏེ་སུས་ཀྱང་བྱིན་པ་མེད་ན་འཆི་བའི་འཇིགས་པ་འདི༷་ལས་ཇི༷་ལྟར༷་ངེ༷ས་པར་ཐ༷ར་བར་འགྱུར༷་ཏེ་མི་འགྱུར་ཏེ། མཚན་མོ་བཟང་པོའི་མདོ་ལས། སང་ཙམ་འཆི་འམ་སུས་ཤེས་ཀྱི། །དེ་རིང་ཉིད་དུ་བསྟུན་ཏེ་བྱ། །འཆི་བདག་སྡེ་ཆེན་དེ་དང་ནི། །ཁྱོད་ཉིད་ཤེས་པ་མ་ཡིན་ནམ། །ཞེས་པས་སོ། །གདོ༷ན་མི༷་ཟ༷་བ༷ར་ཤི་ནས་མེ༷ད་པར་འགྱུར༷་ངེས་ན༷་ཅི་ལྟར༷་བད༷ག་ཉིད་ཡི༷ད་ཕབ་སྟེ་སོས་དལ་ཀྱིས་ཟ་དགའ་འཐུང་སྐྱིད་རྩེད་མོ་རྣམ་གཡེང་སོགས་ཀྱི་ངང་དུ་བདེ༷་བ༷ར་འདུག་སྟེ་འདུག་མི་རིགས་ཏེ། མྱ་ངན་བསལ་བར་ཡང༌། ས་འོག་གམ་ནི་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་པ་ལྟར་རོ། །དེ་ཡང་བློ་ངན་གོམས་ཀྱི་བག་ཆགས་ཤོག་དྲིལ་ལྟ་བུའི་འདོད་ཡོན་གྱི་ཞེན་ཆགས་འདི་སྤང་བར་བྱ་བའི་ཕྱིར་འདི་ལྟར་བསམ་དགོས་ཏེ། སྔོན༷་ཆ༷ད་མྱོང༷་སྟེ༷་ཞེས་ད་སྔ་ཡན་ཆད་འདོད་པའི་ཡུལ་ལྔ་པོ་འདི་མ་སྤྱད་པ་མེད་པར་ལོངས་སྤྱོད་ཀྱང་ཡུལ་ཤེས་འཕྲད་པའི་བདེ་བ་སྐད་ཅིག་མ་ཙམ་ཞིག་མྱོང་ནས་ཞིག༷་སྟེ་ཅི་ཡང་མེད་པ༷་ལ༷ས་སྐད་ཅིག་གཉིས་པར་གནས་པའི་བདེ་བ་ནི་མི་སྲིད་ཅིང་མེད་པས་སྙིང་པོ་མེད་པ་དེ་བཞིན་དུ་ད་དུང་ཡང་སྤྱད་ན་ཡང་ཞིག་ཅིང་མེད་པ་ལས་བད༷ག་ལ༷་ལྷག༷་པ༷་སྔར་དང་མི་འདྲ་བའི་བདེ་བ་སྐད་ཅིག་གཉིས་པར་མི་ཞིག་པ་ཅི༷་ཞིག་ཡོ༷ད་དེ་དེ་མེད་ན༷་མེད་བཞིན་དུ་བད༷ག་ནི༷་འདོད་པའི་ཡུལ་ལྔ་པོ་དེ༷་ལ༷་མངོ༷ན་པར་ཞེ༷ན་ཅིང་ཆགས་ན༷ས་དེའི་དོན་དུ་སྡིག་སྡུག་སོགས་གང་ལའང་མི་འཛེམ་པར་དཀའ་ཚེགས་ངལ་དུབ་ཆེན་པོ་ཁྱད་དུ་བསད་ནས་བླ༷་མའི་སྟེ་རང་གི་རྩ་བའི་བླ་མ་དང་འཇིག་རྟེན་གསུམ་གྱི་བླ་མ་སངས་རྒྱས་བཅོམ་ལྡན་འདས་སྲས་དང་བཅས་པའི་བཀ༷འ་དང༷་འག༷ལ་བ༷ར་བྱས༷་ཏེ་འདི་ཕྱི་གཉིས་ཕུང་བྱེད་པ་ཡིན་པས་དེ་ལྟར་མ་བྱེད་ཅིག །ཁྱད་པར་དུ་སྲེད་པ་ཆེ་བ་ཤ་ཆང་བུད་མེད་དང་དོན་མེད་པ་ཁ་སྣའི་དུད་པ་ལ་ལྷག་པར་ཞེན་ནས་ཡང་སྤྱད་ཡང་ཞིག་པ་ལས་སྲེད་པ་ལྷག་པར་འཕེལ་ཏེ་འདི་ཕྱི་གཉིས་ཕུང་དུ་འགྱུར་བ་ལས་ཅི་ཡང་མེད་པས་ན་འདོད་པའི་ཡུལ་ཐམས་ཅད་ལ་ཞེན་པ་བཅད་དེ་བྱ་བ་ཐམས་ཅད་ཆེ་བཞག་ཆུང་བསྐྱུར་བྱེད་པ་གལ་ཆེ་བ་ཡིན་གསུངས། དེ་ལྟར་རང་གིས་ལོངས་སྤྱོད་པ་ཐམས་ཅད་ལ་སྙིང་པོ་མེད་པར་མཐོང་ནས་ཞེན་ཆགས་བཅད་དགོས་ཏེ། དེ་ཡང་བྱིས་པས་རྩེད་མོ་ལ་ཟིན་ནས་འཇོག་པ་མེད་པ་ལྟར་འདོད་ཡོན་ཐམས་ཅད་སྤྱད་ཟིན་ནས་འཇོག་པ་མེད་པས་བྱ་བ་ཐམས་ཅད་རྦད་ཆོད་བྱེད་དགོས་ལ། དེ་ཡང་སྲིད་པའི་ཕ་མ་སྲེད་ལེན་གཉིས་ཡིན་པས་ན་གང་ལ་སྲེད་པ་ཆེ་ན་སྡིག་པ་ཡང་དེའི་ཆེ་ཞིང་སྲེད་ལེན་གཉིས་རྒྱུན་ཆད་ན་ལས་ཡོད་ཀྱང་མྱོང་མི་དགོས་སོ། །ཚིགས་བཞི་འདི་མན་ངག་སྙིང་པོ་ཡིན་གསུངས། ད་ལྟ་བླ་མ་དང་དཔོན་པོ་གཞན་དུ་འགྲོ་ཚེ་འཁོར་གཡོག་བརྒྱ་ཉི་ཤུ་སོགས་དཔོན་གཡོག་མང་པོར་འགྲོ་བ་ལྟ་བུ་མེད་པར་མ་ཟད་འཆི་བའི་ཚེ་ན་རང་རང་གི་གསོ༷ན་པོའི་ཚེ༷་སྲོག་འདི༷་དང༷་དེ༷་བཞིན་དུ༷་ཕ་མ་བུ་ཚ་སོགས་གཉེ༷ན་དང༷་གྲོགས་དགའ་བོ་མཛའ་བཤེས་དང་ནོར་ལོངས་སྤྱོད་སོགས་གང་ཡོད་པ༷་རྣམ༷ས་སྤང༷ས་པའམ་ཤུལ་དུ་བཞག་ནས་རྒྱལ་པོ་ཆེན་པོ་དང་སྤྲང་པོ་དབྱུག་བཟུང་གཉིས་འདྲ་བར་རང་ཉིད་སྲོགས་མེད་གཅི༷ག་པུར༷་གཅེར་འུ་ལག་སྟོང་མཆན་དུ་བཅུག་ནས་འཇིགས་པའི་མུན་ནག་གིས་མདུན་ནས་བསུས། ལས་ཀྱི་རླུང་དམར་གྱིས་རྒྱབ་ནས་དེད་དེ་གཤིན་རྗེའི་སྐྱེས་བུ་འཇིགས་སུ་རུང་བས་སོད་སོད་དང་ཆོད་ཆོད་ཀྱི་སྒྲ་དང་བཅས་པར་གཤེད༷་དེ་ལས་དབང་གིས་མཐོ་སྲིད་པའི་རྩེ་མོ་ནས་མནར་མེད་ཀྱི་བར་གར་འགྲོ་ཆ་མེད་དུ་རང་དབང་མེད་པར་འགྲོ༷་དགོ༷ས་པའི་དུས་ན༷་གཉེན་ཉེ་བ་གྲོགས་དགའ་མཛ༷འ་དང་འཇིག་རྟེན་པའི་མིའི་དགྲ་མི༷་མཛ༷འ་བ་ཀུན༷་ཅི༷་རུང༷་སྟེ་ཕན་པ་དང་གནོད་པ་ཅུང་ཟད་ཀྱང་མི་བྱེད་ལ་དེ་ཚེ་ཅིས་གནོད་ན་དེ་དག་གི་དོན་དུ་ཆགས་སྡང་སོགས་ཀྱིས་རྒྱུ་སྡིག་པ་མི༷་དགེ༷་བ༷་བཅུ་སོགས་བྱས་པ་ལ༷ས་འབྲས་བུ་དམྱལ་བ་ལ་སོགས་པའི་སྡུག༷་བསྔལ་དབང་མེད་དུ་འབྱུང༷་ཞིང་ཤིན་ཏུ་མནར་བར་འགྱུར་བས་ན་རྒྱུ་སྡིག་པ་མི་དགེ་བ་དེ༷་ལ༷ས་ཚུལ༷་ཇི༷་ལྟར༷་བྱས་ན་རང་རྒྱུད་ངེ༷ས་པར་ཐར༷་པར་འགྱུར་ཞེ༷ས་ཉིན༷་མིང་ལ་མཚ༷ན་མི་གཉིད་པར་དུས་རྟག༷་ཏུ༷་བད༷ག་གི༷ས་ནི༷་འདི༷་ཉིད༷་འབ༷འ་ཞི༷ག་ཅེས་གཞན་དགག་སྒྲ་སྟེ་འདི་གཅིག་པུ་ཁོ་ན་བས༷མ་ཤིང་སྡིག་བཤགས་ལ་འབད་པའི༷་བྱ་བ་བྱེད་པར་རི༷གས་ཤིང་འཐད་པའོ་ཞེས་སོ། །དེ་ཡང་གོས་ཚོན་ལ་བཙོ་བ་ལས་འཁྲུ་བ་གལ་ཆེ་བ་ལྟར་ཐོས་བསམ་སྒོམ་པའི་ཡོན་ཏན་རང་རྒྱུད་ལ་མི་འབྱུང་བ་འདི་སྡིག་པ་མི་དགེ་བའི་དབང་གིས་ཡིན་པས་སྡིག་སྦྱང་ལ་བརྩོན་པ་འདི་ཤིན་ཏུ་གཅེས་གསུངས། དེ་ལྟར་ཐབས་དུ་མས་སྡིག་པ་ཐམས་ཅད་སྙིང་ཐག་པ་ནས་བཤགས་པར་འདོད་པའི་རྟོག་པ་རང་རྒྱུད་ལ་བསྐྱེད་ནས་བཤགས་པ་དངོས་ནི་གང་བཤགས་པའི་ཉེས་པའི་རྣམ་གྲངས་མང་དུ་ཡོད་ཀྱང་རིགས་སམ་སྡེ་ཚན་གྱིས་བསྡུས་ན་བཅས་རང་གཉིས་སུ་འདུ་ལ། རང་བཞིན་གྱི་སྡིག་པ་ཞེས་སེམས་ཅན་སུས་བྱས་ན་སྡིག་པར་འགྱུར་བ་དང༌། བཅས་པ་ཞེས་པ་བཅས་ལྡན་གྱི་གང་ཟག་གིས་བཅས་པ་དང་འགལ་བ་རྣམས་ཡིན་ལ། དེ་ལ་ཡང་མུ་བཞི་སྟེ་བཅས་ལྡན་དགེ་ཚུལ་སློང་ལྟ་བུའི་སེམས་ཅན་གྱི་སྲོག་བཅད་པ་ལྟ་བུ་བཅས་རང་གཉིས་ཀ་ཡིན་པ་དང༌། དེས་རྩྭ་སྔོན་བཅད་པ་དང་ཕྱི་དྲོའི་ཁ་ཟས་ལྟ་བུ་བཅས་སྡིག་ཡིན་ལ་རང་བཞིན་མ་ཡིན་པ་དང༌། སྐྱབས་སྡོམ་ཙམ་ཡང་ཞུུ་མ་མྱོང་བའི་གང་ཟག་གིས་སེམས་ཅན་གྱི་སྲོག་བཅད་པ་ལྟ་བུ་རང་བཞིན་གྱི་སྡིག་པ་ཡིན་ལ་བཅས་པ་མ་ཡིན་པ་དང༌། དེས་རྩྭ་སྔོན་བཅད་པ་ལྟ་བུ་བཅས་རང་གཉིས་ཀ་མ་ཡིན་པ་ལྟ་བུ་སྟེ། དེ་ཡང་རྩྭ་སྔོན་མི་གཅོད་པ་ལ་སོགས་པ་བཅས་རྐྱང་གི་གནས་རྣམས་ཀྱང་མ་བསྲུང་ན་བསླབ་པ་ཡང་དག་པར་བསྲུང་མི་ནུས་པས་དེ་བསྲུང་བའི་ཐབས་ར་བ་ལྟ་བུར་བཅས་པ་མཛད་པ་ཡིན་ཏེ། བཀའ་ལས། གང་ཞིག་སྟོན་པ་ཐུགས་རྗེའི་བསྟན་པ་ལ། །སླ་བར་སེམས་ནས་འདའ་བར་གང་བྱེད་པ། །དེ་ནི་དེ་ལས་སྡུག་བསྔལ་གཞན་དབང་ཐོབ། །སྨྲིག་ཚལ་བྲེག་པས་ཨསྨྲའི་ཚལ་ཉམས་ལྟར། །དུད་འགྲོ་སྐྱེ་འགྱུར་ཨེ་ལའི་འདབ་ཀླུ་བཞིན། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་ངེས་པར་བྱས་ནས་བད༷ག་ནི༷་བླང་དོར་ལ་རྨོངས་ཤིང་མི༷་ཤེ༷ས་པ་གཏི༷་མུག་གི་དབང་དུ་གྱུར་པ༷ས་མི་དགེ་བ་བཅུ་ལ་སོགས་པ་རང༷་བཞི༷ན་གྱི་སྡིག་པ་ཁ༷་ན༷་མ༷་ཐོ༷་བ༷་ཞེས་ཁ་ཐོག་ཏུ་ཕུད་མི་ཕོད་པ་སྟེ་གང་བྱས་པའ༷མ། ཕྱི་དྲོའི་ཁ་ཟས་ཟོས་པ་ལ་སོགས་པ་སྡོམ་པ་དང་འགལ་བའི་བཅ༷ས་པའི༷་སྡིག༷་པ༷་གང༷་ཡི༷ན་པ་དེ་རྣམས་ལ༷ས་གང༷་ཡ༷ང་རུང༷་བ༷་ཅི་དང་ཅི་བགྱིས༷་པ༷་རྣམ༷ས་མགོན་པོའི་སྟེ་མགོན་པོ་རྒྱལ་བ་སྲས་བཅས་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་སྤྱན༷་སྔར༷་མངོ༷ན་སུམ༷་དུ༷་ལུས་བ་སྤུ་གཡོ་མིག་མཆི་མ་འཁྲུགས་ལག་ཐ༷ལ་མོ་སྦྱར༷་ཏེ། ངག་སྨྲེ་སྔགས་བཅས་བཤགས་ཚིག །སེམས་འཆི་ཁ་དང་བར་དོ་ཕྱི་མ་ངན་སོང་གི་སྡུག༷་བསྔ༷ལ་ལ་འཇི༷གས་ཤིང་སྐྲག་ནས་གནོང་འགྱོད་དྲག་པོའི་སེ༷མས་ཀྱིས༷་ཡ༷ང་དང༷་ཡང༷་དུ༷་གུས་པས་ཕྱག༷་འཚ༷ལ་ཏེ༷་ཉེས་པ་དང་ལྟུང༷་བ་དེ༷་ད༷ག་ཐམ༷ས་ཅ༷ད་སོ་སོར་མི་གསང་མི་སྦེད་པར་མཐོལ་ཞིང་བཤགས་པ༷ར་བགྱི༷་ཞེས་སོ། །ཡང་དང་ཡང་ཞེས་མཁས་པའི་ཉམས་ལྡན་གྱི་ཚིག་འགྱོད་པ་ཆེན་པོ་ལ་དགོས་པའི་དོན་ཏོ། །དེ་ལྟར་རང་ལ་རྒྱལ་བ་སྲས་བཅས་ལྐོག་ཏུ་གྱུར་ཀྱང་དེ་དག་ལ་རང་ལྐོག་ཏུ་མི་འགྱུར་བར་ལོང་བའི་དྲུང་ན་མིག་ལྡན་བཞིན་ཡིན་པའི་ཕྱིར་ཉེས་པའི་རྣམ་གྲངས་ཞུས་ཏེ་བཤགས་ན་གྲངས་མེད་མང་པོའི་ཕ་རོལ་ནས་དེ་དག་གིས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས། རྫུ་འཕྲུལ་གྱི་སྙན་གྱིས་གསན། མཁྱེན་པའི་ཐུགས་ཀྱིས་དགོངས་པར་འགྱུར་བས་ན་མངོན་སུམ་ཀྱང་ཡིན་གསུངས། འདྲེན༷་པ༷་རྒྱལ་བ་སྲས་བཅས་རྣམ༷ས་ཀྱིས་བད༷ག་གི༷་སྡིག༷་པ་བྱས་པས་ནོ༷ངས་ཤིང་ཉེས་པ་ཅན་ཡིན་པ༷་ལ་ཡིན་པའམ་ལ༷གས་པ༷ར་བཟུང༷་དུ༷་གསོ༷ལ་བའམ་ཞུ་བ་ཡིན་ཏེ། བཤགས་ཡུལ་ཀྱིས་ཉེས་པ་འདྲི་བ་ལྟར་རང་གིས་ཉེས་པ་ཁས་བླངས་ནས་ཞུ་བ་ཡིན་གསུངས། བཞི་པ་སོར་ཆུད་པའི་སྟོབས་ནི། སྡིག་པ་མི་དགེ་བ་སྤྱོད་པ་ངན་པ་འདི༷་ནི༷་སྣང་ནས་མུན་པའི་ལམ་དུ་འགྲོ་ཞིང་རྣམ་སྨིན་ཤིན་ཏུ་མི་བཟད་པ་བསྐྱེད་ཅིང་དམ་པ་རྣམས་ཀྱིས་སྨད་པར་བྱ་བ་ཡིན་གྱི་སྤྱོད་པ་བཟ༷ང་པོ༷་མ༷་ལ༷གས་པ༷ས་དུས་དེ་རིང་ནས་བཟུ༷ང་སྟེ་སླན་ཆ༷ད་བད༷ག་གིས་ནི༷་སྲོག་ལ་བབ་ཀྱང་ཡོ༷ང་ཡེ་མི༷་བགྱིད༷་ཅིང་སྡོམ་ལགས་སོ་ཞེས་བརྗོད་པས་བཤགས་ཡུལ་རྒྱལ་བ་སྲས་བཅས་ཀྱི་སྐུ་ལས་འོད་ཟེར་སྣ་ཚོགས་པ་བྱུང་བས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཉེས་ལྟུང་སྡིག་སྒྲིབ་ཐམས་ཅད་མུན་ཁུང་དུ་ཉི་མ་ཤར་བ་ལྟར་སངས་ཀྱིས་དག་པར་བསམ་མོ། །དེ་ཡང་ཆོས་ཀྱི་རྒྱལ་མཚན་བསྒྲེང་བར་བྱེད་པ་དང༌། བདུད་ཀྱི་རྒྱལ་མཚན་བསྙིལ་བར་བྱེད་པ་ནི་གང་ཟག་གཉིས་ཏེ། ཉེས་པ་མི་འབྱུང་བ་དང༌། བྱུང་ཡང་བཤགས་པས་དག་པར་བྱེད་པའོ། །བཤགས་ན་འདགས་བར་སྡིག་པའི་ཡོན་ཏན་ཏེ། བཤེས་སྤྲིང་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ཡང༌། །ཕྱི་ནས་བག་དང་ལྡན་པར་གྱུར་པ་ནི། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས་པ་ལྟར་རོ། །ལེའུའི་མཚན་ནི། བྱང༷་ཆུབ༷་སེ༷མས་དཔ༷འི་སྤྱོད༷་པ༷་ལ༷་འཇུག༷་པ༷་ལ༷ས་འདིར་ཡན་ལག་བཞི་གསུངས་པའི་ནང་ནས་བརྗོད་བྱའི་གཙོ་བོ་སྡིག་བཤགས་ཡིན་པས་ན་སྡིག༷་པ༷་བཤ༷གས་པ༷འི་ལེ༷འུ༷་སྟེ༷་གཉི༷ས་པ༷འོ༷།། ༈ །།ལེའུ་གསུམ་པ་བྱང་སེམས་ཡོངས་སུ་བཟུང་བའི་ལེའུ་ལ་གཞུང་དང་མཚན་ནོ། །དང་པོ་ལ་སྦྱོར་བ་སྔོན་དུ་འགྲོ་བའི་ཆོས། དངོས་གཞི་དམ་བཅའ་བ། མཇུག་རང་གཞན་དགའ་བ་བསྒོམ་པ་དང་གསུམ་ལས། དང་པོ་སྦྱོར་བ་སྔོན་དུ་འགྲོ་བའི་ཆོས་ལ། ཚོགས་བསགས་པ་དང༌། བློ་སྦྱང་བ་གཉིས་ལས། དང་པོ་ལ་ཚོགས་བསགས་པ་ཡན་ལག་བརྒྱད་ལས། སྔ་མ་བཞི་ལེའུ་གཉིས་པའི་སྐབས་བཤད་ཟིན། འདིར་བཤད་པར་བྱ་བ། རྗེས་སུ་ཡི་རང་བའི་ཡན་ལག །ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག །མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག །དགེ་རྩ་གཞན་དོན་དུ་བསྔོ་བའི་ཡན་ལག་དང་བཞི་ལས། དང་པོ་ནི། སྐྱེས་བུ་ཆུང་འབྲིང་ཆེན་པོའི་དགེ་བ་གསུམ་ལས། སྐྱེས་བུ་ཆུང་ངུའི་དགེ་བ་བསོད་ནམས་ཆ་མཐུན་ལ་རྒྱུ་འབྲས་གཉིས་ལས། རྒྱུ་ལ་ཡི་རང་བ་ནི། འཁོར་བའི་སེ༷མས་ཅ༷ན་གང་སུ་ཡང་རུང་བ་ཀུན༷་གྱི༷་དམྱལ་བ་སོགས་ང༷ན་སོ༷ང་གི༷་སྡུག༷་བསྔལ༷་མྱོང་ཞིང་ངལ་བས་གདུང་བ་ལས་རེ་ཞིག་མཐོ་རིས་སུ་ང༷ལ་བསོ༷འི་ཏེ་བསོ་བའི་ལྷ་མིའི་བདེ་བའི་འབྲས་བུ་འཐོབ་པའི་རྒྱུ་བསམ་པ་ངེས་འབྱུང་དང་བྱང་སེམས། ཉམས་ལེན་བདག་མེད་ཀྱིས་མ་ཟིན་པའི་དགེ་བཅུ་ལ་སོགས་པའི་དགེ༷་བ༷་བསྒྲུབ་པ་དང༷༌། འབྲས་བུ་ལ་ཡི་རང་བ་ནི་ངན་སོང་གསུམ་ལ་ལྟོས་ན་ལྷ་མི་རྣམས་གནས་སྐབས་བདེ་ཡང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ་སྟེ་གསུམ་ཅི་རིགས་པ་དང་ལྡན་པས་སྡུག༷་བསྔལ༷་ཅ༷ན་དག༷་མངོན་མཐོ་ལྷ་མིའི་གནས་སུ་གཟུགས་དང་ལང་ཚོ་ཐོབ་དང་མངའ་ཐང༌། སྙན་པ་དང་གྲགས་པ་ནོར་དང་ལོངས་སྤྱོད་སོགས་ཕུན་སུམ་ཚོགས་པའི་བདེ༷ར་སྟེ་བདེ་བར་གན༷ས་པ་རང་རང་གི་སྔོན་གྱི་དགེ༷་བའི་འབྲས་བུ་ལ་སྤྱོད་པ་རྣམས་ལ༷་ཕྲག་དོག་དང་འགྲན་སེམས་ལ་སོགས་པ་མེད་པར་སྙིང་ནས་དག༷འ་བ༷ས་རྗེས༷་སུ༷་ཡི༷་རང༷་ངོ༌། །སྐྱེས་བུ་འབྲིང་གི་དགེ་བ་ཐེག་དམན་ཐར་པ་ཆ་མཐུན་ལའང་རྒྱུ་འབྲས་གཉིས་ལས། རྒྱུ་ལ། ཟད་དང་མི་སྐྱེ་ཤེས་པ་ཡི། །ཡེ་ཤེས་བྱང་ཆུབ་ཞེས་བརྗོད་དོ། །ཞེས་གསུངས་པ་ལྟར་ཉན་རང་གི་བྱང༷་ཆུབ༷་ཀྱི་རྒྱུར༷་གྱུར༷་པའི་དགེ་བ་ངེས་འབྱུང་དང་བདག་མེད་ཀྱི་རྩིས་ཟིན་པའི་དགེ་བ་གང་བསགས་པ༷་དེ༷་ལ༷་དགའ་བས་རྗེས༷་སུ༷་ཡི༷་ར༷ང་ངོ༷༌། འབྲས་བུ་ལུས༷་ཅ༷ན་སེམས་ཅན་གང་ཞིག་ཁམས་གསུམ་འཁོ༷ར་བ༷འི་སྡུག༷་བསྔལ༷་སྐྱེ་རྒ་ན་འཆི་སོགས་ལ༷ས་ངེ༷ས་པ༷ར་ཐ༷ར་ཏེ་སློབ་པ་རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་དང་མི་སློབ་པ་དགྲ་བཅོམ་པའི་གོ་འཕང་ཐོབ་སྟེ་ཁྲག་དང་མཆི་མའི་རྒྱ་མཚོ་ནི་སྐམ། རུས་པའི་རི་བོ་ནི་བཅོམ། གསེར་དང་བོང་བ་མཉམ་པས་སྤངས་རྟོགས་ཀྱི་ཡོན་ཏན་དྲན་ནས་དང༌། སྟོན་པ་ཐུགས་རྗེ་ཅན་གྱིས་བསྟན་དང་སྟོན་པ་གཉིས་ཀར་བཞག་ཅིང་བསྔགས་པའི་དམ་པའི་ཆོས་འདུལ་བ་དང་མཇལ་བ་འདི་ཡང་དེ་དག་གི་དྲིན་ཡིན་པས་སྐུ་དྲིན་དྲན་ནས་དེ་ལ༷་དད་པས་ཡི༷་ར༷ང་ངོ༷༌། །སྐྱེས་བུ་ཆེན་པོའི་དགེ་བ་ཐེག་ཆེན་ཐར་པ་ཆ་མཐུན་ལ་འབྲས་བུ་དང་རྒྱུ་གཉིས་ལས་འབྲས་བུ་ལ། མཐར་ཐུག་གི་འབྲས་བུ་འགྲོ་བ་ཐམས་ཅད་ཀྱི་སྐྱོབ༷་པ༷་སངས་རྒྱས་རྣ༷མས་ཀྱི༷་སྤངས་རྟོགས་ཀྱི་ཡོན་ཏན་མ་ལུས་པ་རྫོགས་པའི་བྱང༷་ཆུབ༷་ཆེན་པོ་ཡོན་ཏན་རྒྱ་མཚོའི་བདག་ཉིད་དང༷༌། གནས་སྐབས་ཀྱི་འབྲས་བུ་རྒྱལ༷་སྲས༷་བྱང་སེམས་རྣམས་ཀྱིས་ས་དང་པོ་རབ་ཏུ་དགའ་བ་ཐོབ་པ་ནས་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་གྱིས༷་ལམ་གྱི་སྤངས་བ་དང་རྟོགས་པའི་ཡོན་ཏན་རྣམས་ལ༷འ༷ང་ཤེས་ནས་ཡི༷་ར༷ང་ངོ༌། །རྒྱུ་ལ་བསམ་པ་ནམ་མཁའ་དང་མཉམ་པའི་སེམ༷ས་ཅ༷ན་ཐ༷མས་ཅ༷ད་བདེ༷་བ་མཆོག་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་མཛ༷ད་པའི༷་བྱང་ཆུབ་མཆོག་ཏུ་ཐུག༷ས་བསྐྱེད༷་པའི་དགེ༷་བ༷་རྒྱ༷་མཚོ༷་ལྟ་བུ་དང༷༌། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པས་སེ༷མས་ཅ༷ན་ཐམས་ཅད་ལ་ཕ༷ན་པ་དཔག་ཏུ་མེད་པ༷ར་མཛ༷ད་པའི་དགེ་བ་ཕན་ཡོན་ལེའུ་ལས་བཤད་པ༷་ལྟ་བུ་རྒྱ་ཆེ་ཞིང་རྒྱུན་རིང་བ་ནམ་མཁའ་ལྟ་བུ་ལ༷་ཕྲག་དོག་མེད་པར་སྙིང་ནས་དག༷འ་བ༷ས་རྗེས༷་སུ༷་ཡི༷་རང༷་ངོ། །དེ་ལྟར་ཡི་རང་བྱས་ན་དེའི་དགེ་བ་ལས་ཆེ་བ་རང་ཉིད་ཀྱིས་འཐོབ་པའི་ཚུལ་སྔོན་རྒྱལ་པོ་གསལ་རྒྱལ་གྱིས་སངས་རྒྱས་འཁོར་བཅས་སྤྱན་དྲངས་ཏེ་བསྙེན་བཀུར་བྱས་པ་ལ་དབུལ་མོས་ཡི་རང་བྱས་པ་ལས་བསྔོ་བ་དབུལ་མོ་ལ་མཛད་པར་གསུངས་པ་ལྟ་བུ་དང༌། ཕན་ཡོན་ཡང༌། མདོ་སྡུད་པར། སྟོང་གསུམ་རི་རབ་སྲུང་ལ་གཞལ་བས་ཚད་བཟུང་རུང༌། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཞེས་པ་ལྟར་རོ། །རྗེས་སུ་ཡི་རང་འདི་ནི་ང་རྒྱལ་དང་ངོམས་ཆོས་སུ་མི་འགྲོ་ཞིང་ཚེགས་ཆུང་ལ་བསོད་ནམས་རྒྱ་ཆེན་པོ་མྱུར་དུ་འགྲུབ་པའི་མན་ངག་ཡིན་པས་གཞན་གྱི་དགེ་རྩ་མཐོང་ཐོས་གང་ཡོད་ལ་བསྒོམ་པར་བྱ་དགོས་གསུངས། གཉིས་པ་ནི། སྔོན་བདག་ཅག་གི་སྟོན་པ་བྱང་ཆུབ་ཤིང་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ན། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ། །ཞེས་ཆོས་ཀྱི་ཆེ་བ་སོགས་དགོས་པའི་རབ་དུ་མས་ཞག་བདུན་ཕྲག་བདུན་དུ་ཆོས་མི་གསུང་བའི་ཚུལ་གནང་བ་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་ཀར་གཡས་སུ་འཁྱིལ་བ་དང༌། ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་སོགས་ཕུལ་ཏེ་ཉིད་ཀྱི་ཆོས་ཚིགས་བཞི་རེའི་ཆེད་དུ་སྐུ་ལུས་ལ་ལྕགས་ཀྱི་གཟེར་བུ་སྟོང་བཏབ་པ་དང༌། ལུས་ལ་མར་མེ་སྟོང་སྦར་བ་སོགས་དཀའ་བ་དཔག་ཏུ་མེད་པས་བསྒྲུབས་སྟེ་ད་ལྟ་དམ་པའི་ཆོས་ཀྱི་མཛོད་བརྙེས་པའི་དུས་སུ་ཆོས་ཀྱི་འཁོར་ལོ་ཅིའི་ཕྱིར་མི་བསྐོར་ཞེས་ཡང་དང་ཡང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པས། ཚངས་པ་མ་གྷ་དྷ་ཡི་སེམས་ཅན་རྣམས། རྣ་བར་ལྡན་ཞིང་དད་དང་ཤེས་རབ་ལྡན། །མི་འཚེ་འདུ་ཤེས་རྟག་ཏུ་ཆོས་ཉན་པ། །དེ་དག་རྣམས་ལ་བདུད་རྩིའི་སྒོ་དབྱེའོ། །ཞེས་གསུངས་ཏེ་ཆོས་འཁོར་བསྐོར་བ་ལྟར། ཕྱོག༷ས་བཅུ་པོ་རྣམ༷ས་ན་དུས་གསུམ་ཀུན༷་ཏུ་བཞུགས་པ་ཉིད་གྱི༷༷་སང༷ས་རྒྱས༷་བཅོམ་ལྡན་འདས་མཁྱེན་པས་གཟིགས་ཤིང་བརྩེ་བས་དགོངས་པར་མཛད་པས་བདག་ལྐོག་ཏུ་མ་གྱུར་པ་རྣམས་ལ༷་བདག་ཉིད་ཀྱིས་གསེར་གྱི་འཁོར་ལོ་ལ་སོགས་པ་ཕུལ་བར་མོས་ཏེ་ལུས་ཐ༷ལ་མོ༷་སྦྱར༷་ཏེ༷་ངག་གིས་ཞུ་ཞིང་གསོ༷ལ་བ༷་ནི༷་སེ༷མས་ཅ༷ན་སྡུག༷་བསྔ༷ལ་སྣ་ཚོགས་ཀྱིས་གདུང་ཤིང་གནས་དང་གནས་མིན་གྱི་ཁྱད་པར། ལམ་དང་ལམ་མིན་གྱི་དབྱེ་བ་བླང་དོར་གྱི་གནས་མི་ཤེས་པས་མ་རིག་པའི་མུན༷་པ་སྟུག་པོར་འཐོ༷མས་པ་རྣམས་ལ་རང་རང་གི་སྐལ་བ་དང་མཐུན་པར་དམ་པའི་ཆོ༷ས་ཀྱི༷་སྒྲོན༷་མེ༷་རབ་ཏུ་འབར་བ་ལྟ་བུ་སྦར༷་ནས་མི་ཤེས་པའི་མུན་པ་བསལ་ཏེ། ཡེ་ཤེས་ཀྱི་སྣང་བ་ཡང་དག་པ་བསྟན་དུ༷་གསོ༷ལ་ཞེས་གསོལ་བ་བཏབ་པས་ཆོས་འཁོར་བསྐོར་བར་ཞལ་གྱིས་བཞེས་པར་བསམ་མོ། །ཆོས་འཁོར་བསྐོ༷ར་བར་བསྐུལ་ན་སྐྱེ་བ་ཚེ་རབས་ཐམས་ཅད་དུ་ལོག་ལྟའི་ལྟ་ངན་རྒྱུད་ལ་མི་སྐྱེ་བ་དང༌། དམ་པའི་ཆོས་ཀྱི་སྣང་བ་དང་མི་འབྲལ་བའི་དགོས་པ་ཡོད་དོ་གསུངས། གསུམ་པ་ནི་སྔོན་བདག་ཅག་གི་སྟོན་པ་ལ་དགེ་བསྙེན་ཙུན་ཏས་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པས་སྐུ་ཚེ་ཟླ་བ་གསུམ་དུ་བསྲིངས་པ་ལྟར་ཕྱོགས་བཅུའི་ཞིང་ན་བཞུགས་པའི་སངས་རྒྱས་རྣམས་ངེས་པའི་དོན་དུ་རྒྱལ༷་བ༷་རྣམས་མྱ་ངན་ལས་མི་འདའ་ཡང་གདུལ་བྱའི་མཛད་པ་མཐར་ཕྱིན་ནས་དགོས་དབང་གིས་མྱ༷་ང༷ན་ལས་འད༷འ་པའི་ཚུལ་སྟོན་པར་བཞེ༷ད་པ་རྣམས་ལ་ལུས་ཐལ་མོ༷་སྦྱར་ཏེ༷་ངག་གིས་ཞུ་ཞིང་གསོལ་བ་ནི་འགྲོ་བ་མཐའ་ཡས་པ་འདི་རྣམས་བླང་དོར་གྱི་མིག་གཏི་མུག་གི་ལིང་ཏོག་གིས་ལོང་བའམ་ལྡོང༷ས་པ༷ར་མི༷་འགོ༷ད་ཅི༷ང༌། བླང་དོར་གྱི་གནས་གསལ་བར་བགྱི་བའི་སླད་དུ་བསྐལ༷་པ་གྲངས་མེད་མང་པོའི་བར་དུ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོ༷ལ་བ་འདེབས་ཤིང་མྱ་ངན་མི་འདའ་བར་བཞུགས་པར་ཞལ་གྱིས་བཞེས་པར་ཡང་བསམ་མོ། །བཞི་པ་ནི། སྤྱིར་ཐེག་ཆེན་གྱི་བསྔོ་བ་བྱང་ཆུབ་ཆེན་པོ་འཐོབ་ཕྱིར་བསྔོ་བ་ཡང་འདིར་རང་རྒྱུད་ལ་བྱང་ཆུབ་ཀྱི་སེམས་སྐྱེ་བ་ལ་ཚད་མེད་པ་བཞིའམ་སྙིང་རྗེའི་བློ་སྦྱངས་དགོས་ཏེ་དེ་ཡི་རྩ་བར་སྙིང་རྗེ་འདོད། ཅེས་པ་ལྟར་ཡིན་པས་འདིར་བསྔོ་བ་དང་སྙིང་རྗེ་ཕྱོགས་མཐུན་དུ་བསྟན་པ་ཡིན་ནམ་སྙམས། དེ༷་ལྟར༷་གོང་དུ་བཤད་པའི་ཡན་ལག་བདུན་པོ་འདི༷་ད༷ག་ཀུན༷་བྱས་པའི་དགེ་བ་འདིས་མཚོན་ཏེ༷་དགེ༷་བ༷་བད༷ག་གི༷ས་དུས་གསུམ་དུ་བྱས་ཤིང་བས༷གས་པ༷་གང༷་ཡིན་པ་དེ༷འི་ནི་སྤྱིར་ནམ་མཁའ་དང་མཉམ་པའི་སེ༷མས་ཅ༷ན་ཐ༷མས་ཅ༷ད་ཀྱི་འཁོར་བ་དང་ངན་སོང་གི་སྡུག༷་བསྔ༷ལ་མ་ལུས་པ་ཐ༷མས་ཅ༷ད་བསལ་ཞིང་བྱང་བ༷ར་ཤོག་ཅིག་ཅེས་བསམ་མོ། །བྱེ་བྲག་ཏུ་སྙིང་རྗེའི་གནས་འགྲོ༷་བ༷་སེམས་ཅན་སྐྱེ་དགུ་རྣམས་ཀྱི་ངན་སྤྱོད་མི་དགེ་བའི་དབང་གིས་ལྷ་རྣམས་ཕམ་ཞིང་ལྷ་མིན་རྣམས་རྒྱལ་ཏེ་དེའི་ཁ་རླངས་ལས་ནད་སྤྲིན་དམར་པོ་ལས་གཉན་རིགས་བཅོ་བརྒྱད་སོགས་ཀྱི་ན༷ད་སྣ་ཚོགས་ཀྱིས་གདུང་ཞིང་གནར་བ་ཉམས་ཐག་པ༷་རྣམས་ཇི༷་སྲིད༷་དུ༷༷་ན༷ད་ལས་གྲོལ་ཞིང་སོ༷ས་པར་གྱུར༷་གྱི༷་བར༷་དུ་ནི་བདག་ཉིད་ནད་ཞི་བར་བྱེད་པའི་སྨན༷་བཟང་པོ་དཔེར་ན་སྔོན་རྒྱལ་པོ་པདྨ་ཉ་རོ་ཧི་ཏའི་སྐྱེ་བ་བཞེས་ནས་ནད་ཞི་བར་བྱས་པ་དང་གཞན་སྲོག་ཆགས་དེས་པ་ལ་སོགས་པ་ལྟ་བུ་དང༷༌། སྤྱིར་སྨན་གྱི་རྣམ་པ་གང་ཇི་སྙེད་པ་ཐམས་ཅད་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་ལས་བྱུང་བ་ཡང་ཡིན་ནོ། །སྨན་དེ་སྟོན་ཅིང་སྦྱིན་པའི་སྨན༷་པ༷་ཁྱེའུ་ཆུ་འབེབས་ལ་སོགས་པ་ལྟ་བུ་ཉིད༷་དག༷་དང༷༌། བདག་ཅག་གི་སྟོན་པས་དགེ་སློང་ནད་པའི་ལུས་མི་གཙང་བས་གོས་པ་སྨྱུག་མས་བྲད་ཅིང་སྟན་བརྗེ་བ་སོགས་མཛད་ཅིང་ནད་གཡོག་བྱེད་དགོས་པར་བཅས་པའང་མཛད་པས་ན་དེ༷་ཡི་༷ནད༷་གཡོ༷ག་བྱེད༷་པ༷ར་ཤོག༷་ཅིག་ཅེས་སྨོན་ཞིང་དངོས་སུ་ནད་པ་ཡལ་བར་མི་འདོར་ཞིང་ནད་གཡོག་ལ་སོགས་པ་བྱེད་དགོས་སོ། །འཇིག་རྟེན་གྱི་ཁམས་ན་བཟའ་བཏུང་མེད་པའི་སྡུག་བསྔལ་གྱིས་མནར་བ་རྣམས་ལ་རོ་བརྒྱའི་ཟ༷ས་དང༷་བདུད་རྩིའི་སྐོམ་གྱི༷༷་ཆར༷་རྒྱུན་མི་འཆད་པར་ཕ༷བ་སྟེ༷་བཀྲེས༷་དང༷་སྐོམ༷་པ༷འི་གནོ༷ད་པ༷་མཐའ་དག་བསལ་ནས་རབ་ཏུ་ཚིམ་པའི་བདེ་བ་ལ་འཁོད་པར་གྱུར་ཅིག །མུ༷་གེའི༷་བསྐལ༷་པ༷ར་བ༷ར་མ༷འི་སྟེ་གབ་ཚེ་བ་དང༌། ཐུར་མས་ཚོལ་བ་དང༌། རུས་གོང་དཀར་པོ་པ་རྣམས་འབྱུང་བ་དེའི་ཚེ༷་བད༷ག་ནི༷་ཟས༷་དང༷་སྐོམ༷་ཕུན་སུམ་ཚོགས་པར་གྱུར་ཏེ་བཀྲེས་སྐོམ་མ་ལུས་པ་ཞི་བར་བྱེད་པ་ཉིད་དུ་གྱུར༷་ཅིག །དེས་མཚོན་ཏེ་ནད་ཀྱི་བསྐལ་པ་ལ་སྨན་སོགས་དང་མཚོན་གྱི་བསྐལ་པ་ལ་བདག་གི་མཐུས་མཚོན་ཆའི་ཆར་མེ་ཏོག་གི་ཆར་དུ་བསྒྱུར་ནུས་པར་གྱུར་ཅིག་ཅེས་ཀྱང་བྱའོ། །དེང་སང་རང་རེས་ནད་མཚོན་མུ་གེའི་བསྐལ་པ་བར་མ་དེ་དང་དེར་མི་སྐྱེ་བའི་ཆེད་དུ་དཀོན་མཆོག་རིན་པོ་ཆེའི་ཞིང་ལ་རིམ་པར་སྨན་གྱི་རིགས་རྣམས་དང་མཚོན་ཆའི་རིགས་དང་དགེ་འདུན་པ་སོགས་ལ་ཟས་སྐོམ་ཕུལ་སྟེ་རང་གཞན་སེམས་ཅན་ཐམས་ཅད་དེ་དང་དེར་མི་སྐྱེ་བའི་སྨོན་ལམ་གདབ་པར་བྱ་དགོས་གསུངས། འཇིག་རྟེན་ན་སེ༷མས་ཅ༷ན་གང་ཁ་ཟས་སྐོམ་དང་རྒྱབ་གོས་དང་ལག་ནོར་ལོངས་སྤྱོད་ཀྱིས་ཕོ༷ངས་ཤི༷ང་དབུལ༷་བ༷་རྣམ༷ས་ལ༷་བད༷ག་ནི༷་ཟས་འདོད་པ་ལ་ཟས་དང་སྐོམ་འདོད་པ་ལ་སྐོམ་ལ་སོགས་པ་གང་འདོད་པ་མི༷་ཟ༷ད་པའི་གཏེར༷་ཆེན་པོར་གྱུར༷་ཏེ༷་ཟས་གོས་ལོངས་སྤྱོད་སོགས་ཅི་འདོད་པའི་ཡོ༷་བྱད༷་མཁོ༷་དགུ༷་སྣ༷་ཚོ༷གས་པ་རྣམས་སུ༷་རང་རང་གི་མདུ༷ན་ན༷་ཉེ་བར༷་གན༷ས་པར་གྱུར༷་ཅིག༷་ཅེས་སོ། །གཉིས་པ་བློ་སྦྱང་བ་ལ་བློ་སྦྱང་བ་དངོས་དང༌། དེའི་འཐད་པ་དགོད་པ། ལུས་བྱེ་བྲག་ཏུ་གཏོང་བ། བློ་སྦྱོང་གི་འབྲས་བུ་གཞན་དོན་ལ་བསྔོ་བ་དང་བཞི་ལས། དང་པོ་ནི། བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་སྐྱེ་བའི་རྒྱུ་བློ་སྦྱང་བ་འདི་ཉིད་ཡིན་པས་རང་འདོད་ཀྱི་འཁྲི་བ་མ་བཅད་ན་གཞན་ཕན་གྱི་བསམ་པ་མི་སྐྱེ་བས་ན་དང་པོ་བློ་སྦྱང་བ་གལ་ཆེ་སྟེ། དེ་ཡང་ཇི་སྐད་དུ། སེམས་ཅན་ཁམས་ནི་དཔག་མེད་ལ། །ཕན་འདོད་དེ་ནི་དེ་འདྲའོ། །གཞན་ཕན་ལས་ལ་མཐུ་མེད་ཀྱང༌། །དེ་ཡི་བསམ་པ་རྟག་ཏུ་བྱ། །གང་ལ་བསམ་པ་དེ་ཡོད་པ། །དེ་ནི་དེ་ལ་དོན་གྱིས་ཞུགས། །ཞེས་གསུངས་པ་ལྟར་གཞན་དོན་དུ་བདག་ཏུ་འཛིན་པའི་གཞི་གསུམ་བཏང་ནས་བློ་སྦྱངས་པ་སྟེ་ལས་དང་པོ་པས་དངོས་སུ་སྦྱོར་བས་མི་གཏོང་སྟེ། མི་ནུས་དེར་བརྩོན་དེ་ཡི་གཟུགས་བརྙན་ཡིན། །ཞེས་གསུངས་པ་ལྟར་རོ། །དེས་ན་བློ་ཐོག་ནས་དེ་གསུམ་གཞན་ལ་གཏོང་བའི་གཏོང་སེམས་གོམས་ན་སྦྱིན་པའི་ཕར་ཕྱིན་ཡོངས་སུ་རྫོགས་པར་འགྱུར་ལ་དངོས་སུ་ཅུང་ཟད་སྦྱིན་རྒྱུ་མེད་ཀྱང་འགལ་བ་མེད་ལ། གཏོང་སེམས་མེད་པར་སྦྱིན་པ་བྱེད་པ་སོགས་ནི་གཟུགས་བརྙན་ཙམ་ཡིན་པས་གཏོང་སེམས་ལ་གོམས་པ་ཤིན་ཏུ་གཅེས་སོ། །ཡོངས་སུ་བཟུང་བའི་གཞི་གསུམ་པོ་དེ་ལས་ལུས་གཙོ་ཆེ་སྟེ་ལུས་ལ་བདག་གམ་བདག་གིར་བཟུང་ནས་འདི་ཕྱི་ཀུན་ཏུ་བདེ་བའི་ཕྱིར་དུ་རྒྱུ་ལོངས་སྤྱོད་དང་དགེ་བ་ལ་བདག་ཏུ་འཛིན་པ་ཡིན་པས་ལུས་ལ་ཞེན་པ་གཅོད་པ་གནད་ཆེའོ། །དེས་ན་དངོས་པོ་བདག་གིས་གཅེས་པར་བཟུང་བའི་ལུས༷་འདི་དང༷་དེ༷་བཞི༷ན་དུ་ནོར་དང་ཟས་གོས་སོགས་ལོ༷ངས་སྤྱོད༷་ཐམས་ཅད་དང༷་དུས༷་གསུམ༷་དུ་བསགས་པའི་དགེ༷་བའི་རྩ་བ༷་ཐ༷མས་ཅ༷ད་ཀྱང༷་ཆེད་དུ་བྱ་བ་སེ༷མས་ཅ༷ན་མ་ལུས་པ་ཀུན༷་གྱི༷་ཕན་བདེའི་དོན༷་བསྒྲུབ༷་པར་བྱ་བའི་ཕྱིར༷་གཏོང་ཚུལ་སེར་སྣས་ཕ༷ངས་པ་དང་ལན་དང་རྣམ་སྨིན་ལ་རེ་བ་མེ༷ད་པ༷ར་སྙིང་ཐག་པ་ནས་གཏ༷ང་བ༷ར་བྱ༷་ཞེས་ངག་གིས་བརྗོད་ཅིང་དོན་སེམས་ལ་གསལ་བར་ཡང་ཡང་བསམ་དགོས་ཏེ། འདི་ནི་གདམས་ངག་གི་གནད་སྲིད་པའི་རྩ་བ་བདག་ཏུ་འཛིན་པའི་འགོང་པོ་ཡུལ་ཕུད་དེ་བདག་མེད་སྟོང་པ་ཉིད་དམིགས་མེད་སྙིང་རྗེའི་རྩི་དང་མ་བྲལ་བའི་སྒོ་ནས་སྒྱུ་མ་ལྟ་བུའི་སེམས་ཅན་ཡོངས་སུ་མི་གཏོང་བའི་ལམ་མཆོག་ཏུ་གྱུར་པས་ལུས་སོགས་ལ་གཅེས་འཛིན་གྱི་ཞེན་པའི་བློ་ནམ་སྐྱེས་ཀྱི་དུས་སུ་དེ་དང་དེ་ཐད་ཀར་ཐད་ཀ་ནས་གདོང་བཟློག་ཁོ་ན་བྱས་ནས་གཉན་ས་རི་ཁྲོད་སོགས་སུ་འཇིགས་སྐྲག་ལ་སོགས་པ་ཅི་བྱུང་ཚེ་གཞི་གསུམ་པོ་གཞན་ལ་བཏང་ཟིན་པ་ཡིན་པས་གཅེས་པར་འཛིན་པའི་དངོས་པོ་ཅི་ཡང་མེད་པར་བསམ་པ་ཙམ་གྱིས་སེམས་ཀྱི་ཁུར་ཕོག་པ་ལྟར་བློ་ཡང་ཁྱོལ་ལེར་བདེ་ཆེམ་མེར་སོང་ནས་དེ་ཀའི་ངང་དུ་བཞག་ལ་སླར་བདག་འཛིན་སྐྱེ་བར་གྱུར་ན་ལུས་དང་དེ་བཞིན་ལོངས་སྤྱོད་སོགས་ངག་ནས་བརྗོད་ཅིང་སེམས་ཀྱིས་ལུས་ལ་སོགས་པ་ཐམས་ཅད་གཅན་གཟན་ལ་སོགས་པ་གཟུགས་ཅན་དང་གཟུགས་མེད་འདྲེ་སྲིན་པོ་སོགས་མ་རུངས་པ་རྣམས་ཀྱིས་ཤ་ཁྱེར་ཞིང་ཁྲག་འཐུང་ལོངས་སྤྱོད་ཧབ་ཐོབ་ཀྱིས་ཁུར་བར་བསམ་པ་སྟེ་ཕཊ་བརྗོད་དམ་མ་བརྗོད་ཀྱང་འདི་ནི་བློ་སྦྱོང་ཡིན་ལ་སྦྱིན་པ་ཡང་ཡིན། གཅོད་ཀྱི་དོན་ཡང་འདི་ལས་ལྷག་པ་མེད་དེ། གཉན་ས་རི་ཁྲོད་འགྲིམ་པ་ཕྱི་ཡི་གཅོད། །ཕུང་པོ་གཟན་དུ་བསྐྱུར་བ་ནང་གི་གཅོད། །བདག་འཛིན་རྩད་ནས་གཅོད་པ་དོན་གྱི་གཅོད། །ཅེས་གསུངས་པ་ལྟར་རོ། །དེས་ན་འདི་ལས་གལ་ཆེ་བ་གཞན་མེད་དོ། །བསླབ་བཏུས་ལས། གང་གིས་ལྟུང་བར་མི་འགྱུར་བའི། །གནད་ཀྱི་གནད་རྣམས་འདི་རིགས་བྱ། །བདག་གི་ལུས་དང་ལོངས་སྤྱོད་དང༌། །དགེ་བ་དུས་གསུམ་བསྐྱེད་པ་རྣམས། །སེམས་ཅན་ཀུན་ལ་བཏང་བ་དང༌། །དེ་བསྲུང་དག་དང་སྤེལ་བའོ། །ཞེས་པ་ལ་སོགས་པས་འདི་གསུམ་གཞན་ལ་བཏང་བ་དང་མི་མཐུན་ཕྱོགས་བསྲུང་བ་དང༌། རང་སྐལ་གྱི་དྲི་མ་དག་པར་བྱེད་པ་དང༌། ཐབས་ཀྱི་གོང་ནས་གོང་དུ་སྤེལ་བ་སྟེ་བཏང་བསྲུང་དག་སྤེལ་བཞི་བཞི་སྦྱར་བས་བཅུ་གཉིས་ཕར་ཕྱིན་དྲུག་གི་ངོ་བོར་བསྒྲུབ་པ་དང༌། ཁྱད་པར་དུ་བྱེད་པའི་སྒོ་ནས་བསྟན་ཏོ། །དེ་ཉིད་ལས། དེ་ལྟར་ལུས་ལོངས་སྤྱོད་གཞན་ལ་གཏང་ནས་རང་གི་ཟས་གོས་སོགས་ཡིན་ཀྱང་དཔེར་ན་གཡོག་གིས་དཔོན་གྱི་ཟས་གོས་ལ་ལོངས་སྤྱོད་པ་ལྟར་གཞན་དེ་དག་གི་དོན་དུ་འདི་འཚོ་བའི་ཆེད་དུ་ཟས་གོས་ལ་ལོངས་སྤྱོད་དགོས་ཀྱི་གཞན་དུ་མ་བྱིན་ལེན་དུ་འགྱུར་བར་ཡང་གསུངས། གཞན་ལ་བྱིན་ནས་རང་དོན་དུ་སྤྱོད་ན་སྦྱིན་འཕྲོག་ཏུ་ཡང་འགྱུར་རོ། །གཉིས་པ་ནི། དེ་ལྟར་གཏོང་དགོས་པའི་རྒྱུ་མཚན་རིགས་པས་སྒྲུབ་པ་ལ་གཉིས་ལས། དང་པོ་བདག་ཏུ་འཛིན་པའི་གཞི་གསུམ་པོ་འདི་ཐ༷མས་ཅ༷ད་བཏ༷ང་བ༷ས་མྱ་ང༷ན་འད༷འ་བའམ་མྱང་འདས་འཐོབ་པ་ཡིན་ན། བད༷ག་སངས་རྒྱས་ཀྱི་རྗེས་སུ་འཇུག་ཅིང་རབ་ཏུ་བྱུང་བའི་བློ༷་འདི་ཡང་མྱ༷་ང༷ན་ལས་འད༷ས་པ༷་ཡི་གོ་འཕང་བསྒྲུབ༷་པར་འདོད་པ་ཡིན་པས་གཏོང་དགོས་སོ། །འོ་ན་དགེ་བས་མྱང་འདས་འགྲུབ་པ་མིན་ནམ་ཇི་ལྟར་ཞེ་ན། བསོད་ནམས་དགེ་བའི་ཚོགས་ཀྱིས་ལམ་གྱི་རྟེན་མངོན་མཐོ་འཐོབ་ཅིང་ལམ་བདེན་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་པའི་རྟོགས་པ་རྒྱུད་ལ་སྐྱེ་བའི་རྐྱེན་ཙམ་ཡིན་ལ་དེས་ཉོན་སྒྲིབ་སྤང་བས་ཉན་རང་གི་ལྷག་མེད་མྱང་འདས་ཐོབ་ཚེ་བུད་ཤིང་ཟད་པའི་མེའམ་མར་མེ་ཤི་བ་ལྟ་བུར་འགྱུར་བར་འདོད་པ་དང༌། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤང་བའམ་བྲལ་བའི་འབྲས་བུ་ཐེག་ཆེན་གྱི་མྱང་འདས་ཀྱང༌། དེ་ཕྱིར་ཐར་པ་ནོར་ཙམ་ཟད་པ་ཡིན་ཞེས་གསུངས་པ་ལྟར་སྒྲིབ་གཉིས་བྲལ་བ་ཙམ་མ་གཏོགས་གཞན་སྒྲུབ་ཏུ་མེད་པ་དང༌། ལམ་བདེན་ཡང་ཆུ་བརྒལ་ཟིན་པའི་གཟིངས་ལྟར་སྤང་བར་གསུངས་ཤིང༌། དེས་ན་སྤྱིར་ཐར་པ་བསྒྲུབ་པ་ལ་བདག་འཛིན་གྱིས་བཅིང་བའི་འཇིག་རྟེན་པའི་དགེ་བ་དོན་མེད་པ་དང༌། ཁྱད་པར་མཐར་འབྲས་རྫོགས་བྱང་འཐོབ་པ་ལ་ནི་འདུས་བྱས་ཀྱི་དགེ་བ་ཐམས་ཅད་བྲལ་དགོས་པའི་ཕྱིར་དེ་ནི་ངེས་པར་གཏོང་དགོས་སོ། །རྒྱུ་མཚན་གཉིས་པ། དེ་ལྟ་ན་ཡང་མྱང་འདས་མ་བསྒྲུབ་ན་གཏོང་ཅི་དགོས་སྙམ་ན། ད་ལྟ་མ་བཏང་ཡང་འཆི་བའི་ཚེ་ལུས་དང་ལོངས་སྤྱོད་ཐམས་ཅད་དང་དགེ་བ་ཡང་སྔར་ཞེ་སྡང་སོགས་ཀྱིས་ཟད་ཟིན་ནམ། མིན་ཀྱང་རྣམ་སྨིན་ལན་གཅིག་མྱོང་ནས་ཟད་པར་འགྱུར་བས་ན་ཐམ༷ས་ཅ༷ད་དོན་འབྲས་མེད་པར་གཏོང༷་བ༷ར་ཆབ༷་གཅི༷ག་སྟེ་འདྲ་བར་ངེས་པར་འདོར་བར་འགྱུར་བ་ལ༷་ད་ལྟ་རང་ལ་རང་དབང་ཡོད་པའི་དུས་འདིར་སེ༷མས་ཅ༷ན་རྣམ༷ས་ལ༷་ཕན་བདེའི་ཕྱིར་བཏང༷་བ༷་མཆོ༷ག་ཡིན་ཏེ། ཆུད་ཟོས་སུ་མ་སོང་བར་དོན་འབྲས་མཆོག་ཐོབ་པའི་ཕྱིར་རོ། །གསུམ་པ་ནི། ཁྱད་པར་དུ་བད༷ག་གི༷ས་ནམ་མཁའ་དང་མཉམ་པའི་ལུས༷་ཅ༷ན་སེམས་ཅན་ཐ༷མས་ཅ༷ད་ལ༷་ལུས༷་འདི༷་ཉིད༷་ཅི༷་བདེ༷ར་ཏེ་གང་འདོད་འདོད་དུ་བྱིན༷་ཟི༷ན་པ་ཡིན་གྱིས༷་ད་ནི་དུས་རྟག༷་ཏུ་ལུས་ཀྱིས་གསོ༷ད་པ་དང༷་ངག་གིས་སྨོད༷་པའམ༷། རྡོ་དབྱུག་གིས་བརྡེག༷་པ་ལ་སོ༷གས་ཅི༷་དག༷ར་བྱེད༷་ལ༷་རག་སྟེ་ཅི་འདོད་འདོད་གྱིས་ཤིག །དེའང་བད༷ག་གི༷་ལུས༷་ལ༷་ལུས་ཀྱི་རྩེ༷་འཇོ་སྣ་ཚོགས་བྱེད༷་དམ༷་ངག་གིས་བཟང་ངན་སྣ་ཚོགས་ཀྱིས་ཅི་ཟེར་ལྟ་བས་ཅོ༷་འདྲི༷་བར་བྱེད་དམ་མང་པོས་གཞད་གད་དང་ག༷་ཞ༷འི་རྒྱུ་འཕྱ་སྨོད་སོགས་མི་འདྲ་བ་སྣ་ཚོགས་བྱེད་ཀྱང༷་རུང་སྟེ་བད༷ག་གི༷་ལུས༷་འདི༷་གཞན་སེམས་ཅན་ཐམས་ཅད་ལ་བྱིན༷་ཟི༷ན་གྱིས༷་འདི༷་ལ་འགལ་སྤོང་མཐུན་སྒྲུབ་ལ་སོགས་པ་ཡི༷་ཁ༷་ཏས༷་ཅི༷་ཞིག་བྱ༷་ཞེས་རང་དབང་བའི་འདུ་ཤེས་བཀག་པའོ། །དེ༷་དག་ལ༷་འཕྲལ་དང་ཡུན་དུ་གནོ༷ད་པའམ་སྡིག་པ༷ར་མི༷་འགྱུར༷་བའི༷་ལ༷ས་བཟང་ངན་ག༷ང་ཡིན་པ༷འང༷་དེ་བྱེད༷་དུ་ཆུག་ཅེས་རིགས་པའི་ལས་ལ་སྦྱར་བར་བྱའོ། །དེ་ལྟར་ལས་བྱས་པ་ཆུད་མི་ཟ་བའི་རྒྱུར་སྨོན་པ་བད༷ག་ལ༷་དམི༷གས་ནས༷་དུས་ནམ༷་དུ༷་ཡ༷ང་སེམས་ཅན་འག༷འ་ཡ༷ང་སྟེ་གཅིག་ཀྱང་དོན༷་མེ༷ད་པ་ཉིད་དུ་མ༷་གྱུར༷་ཅི༷ག་ཅེས་སྤྱིར་བསྟན་ནས་བྱེ་བྲག་ཏུ་བད༷ག་ལ༷་དམི༷གས་ན༷ས་ཕ་རོལ་པོ་ག༷ང་དག༷་གི༷་རྒྱུད་ལ་ཁོང་ཁྲོ་བའི་སེམས་སྐྱེས་ཏེ་གནོད་པར་འདོད་པའམ༷་འོན་ཏེ་ད༷ད་པའི༷་སེ༷མས་བྱུང༷་ནས་རང་དོན་སྒྲུབ་པར་འདོད་ན༷་གང་ཟག་དེ༷་ཉིད༷་དུས་རྟག༷་ཏུ་ཐབས་དེ༷་དག༷་གིས༷་ཆོས་དང་ཟང་ཟིང་སོགས་གང་འདོད་པའི་དོན༷་ཐམས་ཅད་ཀུན༷་འགྲུབ་པའི༷་རྒྱུར་གྱུར༷་ཅིག༷་ཅེས་བསམ་པ་ཆུད་མི་ཟ་བར་བསྟན་ཏོ། །སེམས་ཅན་གང༷་དག་བད༷ག་ལ༷་མདུན་དུ་དངོས་སུ་སྨོད་པ་ཁ༷་ཟེ༷ར་ར༷མ་གཞ༷ན་གང་དག༷་ལུས་དང་ལོངས་སྤྱོད་ལ་དངོས་སུ་གནོ༷ད་པ༷་བྱེད༷་པ༷འམ༷་དེ༷་བཞི༷ན་དུ་ལྐོག་ནས་འཕྱ་བ་དང་སྐུར་བ་འདེབས་པ་སོགས་ཕྱར་ཀ༷་སྣ་ཚོགས་གཏོ༷ང་ཡ༷ང་རུང༷་དེ་དག་ཐ༷མས་ཅ༷ད་ཀྱང་བྱང༷་ཆུབ༷་ཆེན་པོ་ཐོབ་པའི་སྐལ༷་བ་དང་ལྡན༷་པར་གྱུར༷་ཅིག་ཅེས་སྦྱོར་བ་ཆུད་མི་ཟ་བར་བསྟན་པ་སྟེ། མདོར་ན་ཡབ་སྲས་མཇལ་བའི་མདོ་ལས། གང་གིས་བདག་ལ་ཁ་ཟས་སྦྱིན་པ་དེ་དག་ཉེ་བར་ཞི་བའི་བདེ་བ་ཐོབ་པར་གྱུར་ཅིག་ཅེས་སོགས་གསུངས་པ་ལྟར་བདག་ལ་མཐོང་ཐོས་དྲན་རེག་དང་བཟང་ངན་ཀྱི་འབྲེལ་ཐོག་གི་སེམས་ཅན་ཐམས་ཅད་ཀྱི་འདོད་པའི་དོན་ཐམས་ཅད་འགྲུབ་ཅིང་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མ་ལུས་པ་འགྲུབ་པའི་རྒྱུར་སྨོན་པའོ། །བཞི་པ་ནི། བད༷ག་ནི༷་སེམས་ཅན་ཁས་ཞན་དབང་ཆུང་བ་མགོ༷ན་མེ༷ད་པས་ཉམས་ཐག་པ་རྣམ༷ས་ཀྱི༷་མགོ༷ན་སྐྱབས་དམ་པར་གྱུར་ཅིག །དེ་བཞིན་དུ་ཚོང་པ་ལ་སོགས་པ་ལ༷མ་དུ་ཞུག༷ས་པ་རྣམས་ཀྱི༷་དེད༷་དཔོ༷ན་གྱི་གཙོ་བོ་དང༌། ཕ་རོལ་དུ་བརྒ༷ལ་བར་འདོ༷ད་པ་རྣམ༷ས་ཀྱིས༷་ཆུ་འབྲིང་པོ་ལ་གྲུ༷་བཟང་པོ་དང༷་ནི༷་ཆེན་པོ་ལ་གཟི༷ངས་ཆེན་པོ་དང༷་ཆུང་ངུ་རྣམས་ལ་ཟ༷མ་པ༷་ཉིད༷་དུ༷་གྱུར༷་ཅིག ཡུན་རིང་རྒྱ་མཚོའི་ཆུ་དབུས་ནས་སོང་བས་སྐྱོ་ནས་གླིང༷་དོན༷་དུ་གཉེར༷་བ་རྣམས་ལ༷་ཆུ་མེད་པའི་ས་བཟའ་ཤིང་མེ་ཏོག་ཡོད་པའི་གླིང༷་དང༷་ནི༷། མཚན་མོ་ཡི་གེ་སོགས་ལ་བལྟ་བར་འདོད་པ་སོགས་བླང་དོར་གྱི་བྱ་བ་མུན་པས་སྒྲིབ་ནས་མ༷ར་མེ༷་འདོ༷ད་པ་རྣམ༷ས་ལ༷་མ༷ར་མེ༷་དང༷༌། འདུག་པའི་གན༷ས་དང་ཉལ་བའི་མ༷ལ་འདོ༷ད་པ་ལ༷་གན༷ས་དང་མ༷ལ་བཟང་པོ་དང༷༌། བད༷ག་ནི༷་ལུས༷་ཅ༷ན་ནད་པ་དང་རྒན་པ་སོགས་བྲན་ཁོལ་འདོ༷ད་པ༷ར་ཀུན༷་གྱི༷་ཅི་བསྒོ་བ་ཉན་པའི་ཐ༷ད་དུ༷་འགྱུར༷་བ༷ར་ཤོག༷་ཅིག །གླིང་བཞི་སོགས་ལ་གང་འདོད་ཀྱི་ཆར་འབེབ་ནུས་པའི་ཡི༷ད་བཞི༷ན་གྱི་ནོ༷ར་བུ་དབང་གི་རྒྱལ་པོ་དང༷༌། གང་ཅི་འདོད་ཐམས་ཅད་འབྱུང་བའི་གཏེར་ཆེན་པོའི་བུམ་པ་བཟ༷ང་པོ་དང༌། རིགས་སྔགས་གྲུབ་པ་རྣམས་ཀྱིས་རིགས་སྔགས་ཀྱི་རྫས་གཞན་ལ་གཏོར་བས་ཕོག་ཚད་འདོད་པའི་ལྷ་དང་སྐལ་བ་མཉམ་པའི་རིག་འཛིན་གྲུབ་ནས་ཚེ་ཉི་ཟླ་བས་རིང་མདངས་པདྨ་ལས་གསལ། སྟོབས་གླང་པོ་བས་ཆེ་བ་སོགས་ཀྱི་ཡོན་ཏན་འབྱུང་བས་ན་བཀླག་པ་ཙམ་གྱིས་དངོས་གྲུབ་འབྱུང་བའི་རི༷གས་སྔག༷ས་གྲུབ༷་ནས་སེམས་ཅན་གྱི་དོན་བྱེད་པ་དང༌། ནད་དང་གདོན་ཐམས་ཅད་ཞི་བར་བྱེད་པའི་སྨན༷་ཆེ༷ན་པོ་རྣམས་དང༌། བློས་ཇི་ལྟར་བསམ་ཞིང་དཔག་པ་ཐམས་ཅད་འབྱུང་བའི་དཔ༷ག་བས༷མ་གྱི༷་ནི་ཤིང༷་དག༷་དང༷༌། ལུས་ཅ༷ན་རྣམ༷ས་ཀྱི༷་ཇི་ལྟར་འདོད་པ་བཞོས་པས་འབྱུང་བའི་འདོ༷ད་འཇོ༷ར་ཏེ་འདོད་པ་འཇོ་བའི་བ་དམར་ཟལ་དུ་གྱུར་ཅིག །གཞན་ཡང་ས༷་ལ་སོག༷ས་པའི་འབྱུང༷་བ༷་ཆེ༷ན་པོ་བཞི་པོ་འདི་ནི་ཕྱི་ནང་གི་འབྱུང་འགྱུར་ཐམས་ཅད་འབྱུང་བས་འབྱུང་བ་སྟེ་དེའང་གནས་པ་ལྟོས་ཆེ་ཞིང་ཁྱབ་པ་རྒྱ་ཆེ་བས་ན་ཆེན་པོ་སྟེ། སས་རྟེན་དང་ཆུས་སྡུད་པ་དང་མེས་སྨིན་པ་དང་རླུང་གིས་མི་རུལ་བར་བྱེད་པ་ལ་སོགས་པ་དང༷༌། ནམ༷་མཁ༷འ་ཡིས་ཐམས་ཅད་ཁྱབ་ཅིང་གོ་འབྱེད་པའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་ཉེར་འཚོ་བྱེད་པ་དེ་བཞི༷ན་དུ་བདག་ཉིད་ཀྱང་དུས་རྟག༷་པ༷ར་ཡ༷ང་སེ༷མས་ཅན་གྲངས་དཔག་ཏུ༷་མེ༷ད་པ༷་ཡི༷་རྟེན་སྡུད་སྨིན་གཡོ་གོ་འབྱེད་པ་དང་ཟས་གོས་ནོར་ལོངས་སྤྱོད་ལ་སོགས་པ་རྣམ༷་པ༷་མ༷ང་པོའི་ཉེར༷་འཚོ༷འི་སྟེ་ཉེར་བར་འཚོ་བ་ཇི་སྙེད་པའི་རྒྱུའམ་གཞི༷ར་ཡ༷ང་ཤོ༷ག་ཅིག་ཅེས་ཁྱབ་པ་རྒྱ་ཆེ་བའི་སྨོན་ལམ་དང༌། དེ༷་བཞི༷ན་ནམ༷་མཁ༷འི་མཐ༷ས་གཏུག༷ས་ཞེས་ནམ་མཁའ་འདི་མེད་པར་མ་གྱུར་པ་དེ་སྲིད་དུ་ཁྱབ་ཅིང་ཟད་པ་མེད་པའི༷་སེ༷མས་ཅ༷ན་གྱི་ཁ༷མས་རྣམས་ལ༷་དུས་དང་རྣམ༷་པ་ཀུན༷་ཏུ༷་སྟེ་སེམས་ཅན་དེ་དག་ཐམས་ཅ༷ད་མྱ་ང༷ན་ལས་འད༷ས་བ༷ར་དུ་སྟེ་ཐམས་ཅད་སངས་རྒྱས་ཏེ་གཅིག་ཀྱང་མ་ལུས་པ་དེ་སྲིད་དུ་བད༷ག་ནི༷་གང་ལ་ཅི་དགོས་པའི་ལོངས་སྤྱོད་སྣ་ཚོགས་པའི་ཉེར༷་འཚོ༷འི་རྒྱུར༷་ཡང་ཤོག༷་ཅེས་གནས་པ་རྒྱུན་རིང་བའི་སྨོན་ལམ་མོ། །དེ་ལྟར་བློ་སྦྱང་བ་འདི་ཉིད་ནི་སེམས་བསྐྱེད་ཀྱི་སྔོན་དུ་སྦྱོར་བ་དང་རྗེས་སུ་བསླབ་བྱའང་ཡིན་པས་ན། བློ་རྒྱ་བསྐྱེད་ནས་སྨོན་ལམ་འདེབས་དགོས་ཏེ། ད་ལྟ་ཐུགས་བསྐྱེད་དང་སྨོན་ལམ་རྒྱ་ཆེ་ཆུང་གིས་སངས་རྒྱས་དང་བྱང་སེམས་རྣམས་ལ་ཕྲིན་ལས་རྒྱ་ཆེ་ཆུང་ལྟར་སྣང་བ་ཡིན་པས་ཤིན་ཏུ་གལ་ཆེའོ། །གཉིས་པ་དངོས་གཞི་དམ་བཅའ་བ་ནི། འདི་ནི་སེམས་བསྐྱེད་ཀྱི་སྡོམ་པ་ལེན་ཆོག་ཡིན་ལ། སེམས་བསྐྱེད་ལ་རྒྱལ་པོ་ལྟ་བུ། མཉན་པ་ལྟ་བུ། རྫི་བོ་ལྟ་བུའི་སེམས་བསྐྱེད་གསུམ་ལས་གང་ཡིན་ཀྱང༌། ལེན་ཚུལ་ཡང་འཕགས་པ་ཐོགས་མེད་ཀྱི་ལུགས་ལྟར་ན་སྨོན་འཇུག་སོ་སོར་ལེན་ཅིང༌། ཀླུ་སྒྲུབ་ཀྱི་ལུགས་ལྟར་ན་སྨོན་འཇུག་གི་སྡོམ་པ་སྟབས་གཅིག་ཏུ་ལེན་ལ། དེ་ཡང་བླ་མ་མཚན་ལྡན་ལས་ལེན་ན་ངོ་ཚ་དང་ཁྲེལ་ཡོད་ཀྱི་རྟེན་དུ་མཆོག་ཡིན་ལ། མཚན་ལྡན་གྱི་བླ་མ་མ་འབྱོར་ནའང་ཐེག་ཆེན་གྱི་རྟེན་གསུམ་དང་ཚོགས་ཞིང་གི་དྲུང་དུ་བླང་ནའང་སྡོམ་པ་སྐྱེ་བ་གསུངས། གང་ལྟར་ཡང་དགོངས་སུ་གསོལ་བ་གསུམ་གྱིས་སད་པར་བྱས་ཏེ་སྐྱབས་སུ་འགྲོ་བ་གསུམ་གྱི་གཞི་བཟུང་ནས་སོ་སོར་ལེན་ན། ཇི་ལྟར་སྔོན་གྱི་སོགས་རྐང་པ་གཉིས་དང་དེ་བཞིན་འགྲོ་ལ་ཕན་སོགས་རྐང་པ་གཉིས་ཀྱིས་སྨོན་སེམས་ཀྱི་སྡོམ་པ་དང་བྱང་ཆུབ་སེམས་དཔའི་བསླབ་པ་སོགས་རྐང་པ་གཉིས་དང་དེ་བཞིན་དུ་ནི་སོགས་རྐང་པ་གཉིས་ཀྱིས་འཇུག་སྡོམ་བླང་ངོ༌། །སྟབས་གཅིག་ཏུ་ལེན་ན་སོ་བྱང་སྔགས་གསུམ་གྱི་སྡོམ་པ་ལེན་ཚེ་སྔོན་གྱི་དཔེ་ལྟར་ལེན་པར་མཚུངས་པས་འདིར་ཡང་དཔེ་ཇི༷་ལྟར༷་ན་སྔོན་བདག་ཅག་གི་སྟོན་པ་རྫ་མཁན་ཀྱི་ཁྱེའུ་སྣང་བྱེད་དུ་གྱུར་ཚེ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཆེན་པོའི་མདུན་དུ་ཐུགས་བསྐྱེད་པ་དང༌། སངས་རྒྱས་སྤྱན་ཆེན་པོའི་མདུན་དུ་དགེ་སློང་མི་འཁྲུགས་པས་ཐུགས་བསྐྱེད་པ་དང༌། བཅོམ་ལྡན་འདས་མགོན་པོ་འོད་དཔག་མེད་དང༌། སངས་རྒྱས་སྨན་གྱི་བླ་མ་ལ་སོགས་པ་སྔོན༷་གྱི༷་བདེ༷་བར་གཤེ༷གས་པ་རྣམས་ཀྱིས༷་བླ་ན་མེད་པའི་བྱང༷་ཆུབ༷་ཆེན་པོར་ཐུག༷ས་ནི་བསྐྱེད༷་པ༷་དང༷༌། བྱང༷་ཆུབ༷་སེ༷མས་དཔ༷འི་བསླ༷བ་པ༷་སྟེ་བསླབ་པར་བྱ་བ་རྒྱ་ཆེན་པོ་རྣམས་༷ལ༷་བདེ་བར་གཤེགས་པ་དེ༷་དག༷་གིས་ལས་དང་པོ་པ་ནས་སངས་རྒྱས་ཀྱི་སའི་བར་ལ་རིམ༷་པ་བཞི༷ན་དུ་བསླབས་ཤིང་གན༷ས་པ༷་ལྟར་དེ༷་བཞི༷ན་དུ་བདག་གིས་ཀྱང་ནམ་མཁའ་དང་མཉམ་པའི་འགྲོ༷་བ་སེམས་ཅན་ཐམས་ཅད་ལ༷་ཕ༷ན་པ་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་དོ༷ན་ནམ་ཆེད་དུ༷་སྨོན་པ་བྱང༷་ཆུབ༷་ཀྱི་སེམ༷ས་ནི༷་བསྐྱེད༷་པར་བགྱི༷་ཞིང༷༌། དེ༷་བཞི༷ན་དུ༷་ནི༷་བྱང་ཆུབ་སེམས་དཔའི་བསླབ༷་པ་ཕར་ཕྱིན་དྲུག་སོགས་ལ༷འང་དུས་འདི་ནས་བཟུང་སྟེ་རང་གིས་ནུས་ཚོད་དང་སྦྱར་ནས་རིམ༷་པ༷་བཞི༷ན་དུ་བསླབ༷་པ༷ར་བགྱི༷འོ་ཞེས་འཇུག་སེམས་བསྐྱེད་དེ་སྡོམ་པའི་ཐོབ་མཚམས་དེ་ལྟར་ལན་གསུམ་བརྗོད་པའི་ཐ་མའི་ཚེ་ཡིན་པས་དེ་དུས་བདག་གི་རྒྱུད་ལ་སྨོན་འཇུག་གི་སྡོམ་པ་ཐོབ་བོ་སྙམ་དུ་ཐོབ་བློ་སྐྱེ་དགོས་སོ། །སློབ་དཔོན་རྒྱ་མཚོའི་སྤྲིན་ལྟར་ན་དང་པོའི་སྨོན་པ་གཉིས་པས་འཇུག་པ་གསུམ་པས་བརྟན་པར་བྱས་ཞེས་གསུངས་པ་བཞིན་ཐོབ་བློ་བསྐྱེད་དགོས་པའོ། །དེ་ལྟར་བྱང་སེམས་སྦྱང་བ་ལ་བརྩོན་དགོས་པས་ན་དུས་དང་རྣམ་པ་ཐམས་ཅད་དུ་བྱང་སྡོམ་ལེན་པ་འདི་ཤིན་ཏུ་གལ་ཆེ་བ་ཡིན་པས་འདི་ལ་བརྩོན་པར་བྱ་དགོས་སོ། །དེ་ལ་རིམ་པ་བཞིན་ཞེས་པ་འདིར་ས་སྐྱ་པ་རྣམས་ཀྱི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ལ་བྱང་ཆུབ་སེམས་དཔའ་དབང་པོ་རབ་འབྲིང་ཐ་མ་གསུམ་ལས། རབ་ཀྱིས་ནམ་མཁའི་སྙིང་པོའི་མདོ་ལས་གསུངས་པའི་རྩ་ལྟུང་བཅོ་བརྒྱད་པོ་བསྲུང་དགོས་པ་དང༌། འབྲིང་གིས་ཁྱིམ་བདག་དྲག་ཤུལ་ཅན་གྱི་ཞུས་པའི་མདོ་ལས་གསུངས་པའི་རྩ་ལྟུང་སེར་སྣས་ཆོས་ནོར་མི་སྟེར་བ་སོགས་བཞི་པོ་བསྲུང་དགོས་པ་དང༌། ཐ་མས་གསང་ཆེན་ཐབས་ལ་མཁས་པའི་མདོ་ལས་གསུངས་པའི་སྨོན་སེམས་མི་འདོར་བ་ཙམ་བསྲུང་བས་ཆོག་པས་རྩ་ལྟུང་ལ་རྒྱས་འབྲིང་བསྡུས་པའི་རིམ་པ་ཡོད་པས་རིམ་པ་བཞིན་དུ་ཞེས་བཞེད་པ་དང༌། ཡང་ཚོགས་ལམ་དུ་ཉེས་སྤྱོད་སྡོམ་པ་དང༌། སྦྱོར་ལམ་དུ་དགེ་བ་ཆོས་སྡུད་དང༌། འཕགས་ལམ་དུ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་བསླབ་པར་བཞད་པ་དང༌། ཡང་ཚོད་མ་ལ་སོགས་སྦྱིན་པ་ནས་རང་ལུས་གཏོང་ནུས་པའི་བར་དུ་བློ་ནུས་དང་བསྟུན་ནས་བསླབ་པར་བཞེད་པ་ཡོད་ལ། རང་ལུགས་ལ་ལག་བཟང་གི་ཞུས་པའི་མདོ་ལས། དུས་དང་དུས་སུ་ཅུང་ཟད་ཅུང་ཟད་སོགས་གསུངས་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལྟ་བུ་ལ་དང་པོ་ཉིད་ནས་སློབ་མི་ནུས་པར་རིམ་པ་བཞིན་དུ་སློབ་པར་གསལ་པོར་གསུངས་ཤིང་བསླབ་བཏུས་སུ་བསླབ་པ་རང་ཉིད་ཀྱི་སྟོབས་དང་སྦྱར་ཏེ་བླང་བར་བྱ་སྟེ། ཞེས་གསུངས་པས་ན། རང་གིས་ནུས་ཚོད་དང་སྦྱར་ནས་བྱང་ཆུབ་སེམས་དཔའི་བསླབ་པ་ལ་རིམ་བཞིན་བསླབ་པས་ཇེ་བཟང་དུ་འགྲོ་བ་ཡིན་ནོ་གསུངས། གསུམ་པ་མཇུག་རང་གཞན་དགའ་བ་བསྒོམ་པ་ལ། རང་དགའ་བ་བསྒོམ་པ་དང༌། གཞན་དགའ་བ་བསྒོམ་དུ་གཞུག་པ་གཉིས་ལས། དང་པོ་ནི། གོང་དུ་བཤད་པ་དེ༷་ལྟར༷་བློ༷་ཤེས་རབ་དང༷་ལྡན༷་པ༷་ཡི༷ས་སེམས་ར༷བ་ཏུ་དྭང་བའི་སྒོ་ནས་སྦྱོར་བ་དང་དངོས་གཞིའི་ཆོ་གས་བྱང༷་ཆུབ༷་ཀྱི་སེམས་བསྐྱེད་དེ་སྡོམ་པ་བཟུངས་ན༷ས་རྗེས་སམ་མཇུག༷་ཀྱང༷་མི་ཉམས་པར་བརྟན་ཞིང་གོང་ནས་གོང་དུ་འཕེལ་ཞིང་རྒྱས༷་པ༷ར་བྱ༷་བ༷འི་ཕྱིར་དུ་རང་གི་སེ༷མས་ནི༷་འདི༷་ལྟར༷་གཟེ༷ངས་བསྟོད༷་ཅིང་དགའ་བར་བྱེད་དོ༷། །ཇི་ལྟར་ན་སེམས་བསྐྱེད་པ་དེང༷་གི་དུས༷་འདིར་བད༷ག་གསོན་པའི་ཚེ༷་འདི་ལ་དོན་ནམ་འབྲ༷ས་བུ་ཡོ༷ད་པར་གྱུར་ལ། ཇི་སྐད་དུ། ལེགས་ན་ཐར་པའི་གྲུ་གཟིངས་ལུས་འདི་ཡིན། །ཉེས་ན་འཁོར་བའི་གཏིང་རྡོ་ལུས་འདི་ཡིན། །ཞེས་པ་ལྟར། མི༷་ཡི༷་སྐྱེ་བའམ་སྲིད༷་པ༷་ཐོབ་པའང་ཉེས་ཐོབ་མ་ཡིན་པར་ལེ༷གས་པ༷ར་ཐོབ༷་པར་གྱུར་ཏེ་དུས་དེ༷་རིང༷་ནས་རྫོགས་པའི་ས༷ངས་རྒྱས༷་བཅོམ་ལྡན་འདས་རྣམས་ཀྱི་རི༷གས་སུ༷་སྐྱེས༷་ཤིང་སང༷ས་རྒྱས༷་ཐམས་ཅད་ཀྱི་གདུང་འཚོབ་པའི་ཐུགས་ཀྱི་སྲས༷་སུ༷་ད༷་གྱུར༷་ཏོ༷། །དེས་ན་ད༷་ནི༷་བད༷ག་གིས༷་ལས་ཅི༷་ལ་བབ་ནས༷་ཀྱང༷་ཐེག་ཆེན་གྱི་རིག༷ས་དང༷་མཐུན༷་པ༷འི་ལ༷ས་གཞན་དོན་ཁོ་ན་ལ་བརྩ༷མས་ཏེ༷་སངས་རྒྱས་བཅོམ་ལྡན་འདས་དང་འཇམ་པའི་དབྱངས་སོགས་ནས་རང་ཉིད་ལ་ཐུག་གི་བར་དུ་བརྒྱུད་པའི་བླ་མ་ཐམས་ཅད་རང་འདོད་ཡིད་བྱེད་སོགས་ཀྱིས་རྩ་ལྟུང་གིས་གོས་མ་མྱོང་བས་ལྟུང་བའི་སྐྱོན༷་མེ༷ད་པས་བཙུན༷་པར་གྱུར་པ༷འི་རི༷གས་འདི༷་ལ༷་བདག་རང་ཐོག་ནས་ཕ་རྗེས་བུས་ཟིན་པར་བྱས་ནས་ཉེས་ལྟུང་གི་དྲི་མས་རྙོག་པ་དང་བཅས་པ༷ར་མི༷་འགྱུར༷་བ་དེ༷་ལྟར༷་བསླབ་པ་ལ་འབད་པར་བྱ༷་ཞེས་ཡང་ཡང་བསམ་དགོས་སོ། །རྙེད་པར་དཀའ་བའི་ཚུལ་ཡང་དཔེར་ན་མི་རྙེད་པའི་ཚད་མི་ལོ༷ང་བ༷ས་ཏེ་ལོང་བ་ཞིག་གི་གནས་ཕྱག༷་དར༷་བྱས་པའི་རྡུལ་གྱི་ཕུང༷་པོ༷་ལ༷ས་ཇི༷་ཞིག་ལྟར༷་ཡིད་བཞིན་གྱི་ནོར་བུ་རི༷ན་ཆེན་རྙེད༷་པར་གྱུར་པ༷་ན་ཤིན་ཏུ་ངོ་མཚར་དུ་བལྟ་ཞིང་དགའ་བ་རྒྱ་ཆེན་པོ་སྐྱེ་བ་ལྟར༷་དོན་དེ༷་བཞིན་དུ་ཇི༷་ཞི༷ག་ལྟར༷་སྟེས༷་ཏེ། ཇི་སྐད་དུ། སྲིན་བུའི་ཟོས་པའི་ཡིག་འབྲུ་ནི། །སྟེས་དབང་ཡིན་གྱི་བསྒྲུབ་པས་མིན། །ཞེས་པ་ལྟར་སོ་སོའི་སྐྱེ་བོའི་གནས་ཉོན་མོངས་པའི་རྡུལ་ཁྲོད་ནས་ཇི་ཞིག་ལྟར་བསོད་ནམས་ཀྱི་སྟེས་དབང་ལེགས་པར་གྱུར་ན༷ས་སྲིད་ཞིའི་རྒུད་པ་ཐམས་ཅད་སེལ་བར་བྱེད་པའི་བྱང༷་ཆུབ༷་ཀྱི་སེ༷མས་རིན་པོ་ཆེ་འདི་བད༷ག་ལ༷་སྐྱེས༷་པ་ནི་ཤིན་ཏུ་ངོ་མཚར་ཆེ་བར་བལྟས་ཏེ་དགའ་ཞིང་སྤྲོ་བར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེ༷མས་ཅན་རྣམས་ལ་རང་རང་གི་མོས་པ་དང་མཐུན་པར་ཆོས་བསྟན་པའི་སྒོ་ནས་མཐའ་ཡས་པའི་འགྲོ༷་བ་མ་ལུས་པའི༷་འཆི༷་བད༷ག་གི་བདུད་རྩ་བ་ནས་འཇོམ༷ས་ཤིང་འཆི་མེད་ཞི་བ་བྱང་ཆུབ་ཆེན་པོ་ཐོབ་པར་བྱེད༷་པ༷འི་བདུ༷ད་རྩི༷་མཆོ༷ག་ཏུ་གྱུར་པ་ཉིད་ཀྱང༷་བྱང་ཆུབ་ཀྱི་སེམས་འདི༷་ཡི༷ན་ཏེ། རྒྱུད་བླ་མ་ལས། འཆི་མེད་ཞི་བའི་གནས་ཐོབ་ལ། །འཆི་བདུད་རྒྱུ་བ་མེད་པའི་ཕྱིར། །ཞེས་གསུངས་པ་ལྟར་དང༌། གནས་སྐབས་སུ་ཡང་དུས་མིན་གྱི་འཆི་བ་བཟློག་པར་བྱེད་པའི་བདུད་རྩི་ཡང་ཡིན་ནོ༷། །ཀྱངས་སྒྲས་ལྷ་ཀླུ་མིའི་གྲུབ་པའི་རིག་འཛིན་རྣམས་ཀྱི་སྒྲུབ་པའི་བདུད་རྩིའི་ལོ་བརྒྱ་ཕྲག་དུ་མར་མི་འཆི་བར་བྱེད་ནུས་པ་ལས་མཆོག་ཏུ་བསྟན་ཏོ། །ས་བརྒྱད་པར་ཡོ་བྱད་ལ་དབང་ཐོབ་པས་འགྲོ༷་བ༷འི་དབུལ༷་བ༷་མ་ལུས་པ་སེ༷ལ་བའ༷མ་མེད་པར་བྱེད་པ་ཡི༷་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་མི༷་ཟ༷ད་པའི་གཏེར༷་ཆེན་པོ་གྱུར་པ་ཡ༷ང་བྱང་ཆུབ་ཀྱི་སེམས་འདི༷་ཉིད་ཡི༷ན་ནོ༷། །རྒྱུ་ཆགས་སྡང་རྨོངས་གསུམ་སོགས་ཉོན་མོངས་པའི་ནད་དང་དེའི་འབྲས་བུ་རླུང་མཁྲིས་བད་ཀན་སོགས་སྡུག་བསྔལ་གྱི་ནད་ཡིན་ལ་བྱང༷་ཆུབ་སེམས་དཔའ་རྣམས་ཀྱིས་མི་སྡུག་པ་དང་བྱམས་པ་དང་རྟེན་འབྲེལ་དང་བདག་མེད་པའི་ཆོས་བསྟན་པས་འགྲོ༷་བའི༷་རྒྱུ་འབྲས་ཀྱི་ནད༷་མ་ལུས་པ་ར༷བ་ཏུ་ཞི༷་བར་བྱེད༷་པའི་སྨན༷་བཟང་པོ་ཀུན༷་གྱི༷་མཆོ༷ག་ཉིད་ཀྱང༷་བྱང་ཆུབ་ཀྱི་སེམས་འདི༷་ཡི༷ན་ནོ༷། །ཤེར་ཕྱིན་ལས། ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞི་ཁྲིད་མཛད་ཅེས་པ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐེག་གསུམ་སོགས་ཀྱི་ལམ་ཤེས་པར་མཛད་ནས་སྲིད༷་པ་འཁོར་བའི་ལ༷མ་འདིར་ཡུན་རིང་འཁྱམ༷ས་ཤིང༷་སྡུག་བསྔལ་གྱིས་ངལ་བཞིན་དུབ༷་པ༷་ཡི༷་ཉན་རང་གི་རིགས་ཅན་སྐྱེས་བུ་འབྲིང་དུ་གྱུར་པའི་འགྲོ༷་བ་སྡུག་བསྔལ་གྱིས་མནར་བ༷འི་སེམས་ཅན་རྣམས་ལ་ཉན་ཐོས་ཀྱི་ལམ་བསྟན་ཏེ་སྲིད་པའི་སྡུག་བསྔལ་ཞི་བར་བྱེད་པས་ན་སྡུག་བསྔལ་གྱིས་ངལ༷་བ་གསོ༷་བར་བྱེད་པའི༷་གན༷ས་ལྗོན༷་ཤིང༷་བཟང་པོའི་བསིལ་གྲིབ་ལྟ་བུ་ཉན་རང་གི་འབྲས་བུ་ཐོབ་པའང་བྱང་ཆུབ་ཀྱི་སེམས་འདི་ཉིད་ཀྱི་མཐུ་ལས་བྱུང་བ་ཡི༷ན་ཞིང༌། སྐྱེས་བུ་ཆུང་ངུའི་འགྲོ༷་བ༷་ཐ༷མས་ཅ༷ད་ལ་བསོད་ནམས་ཆ་མཐུན་གྱི་དགེ་བའི་ལམ་དགེ་སྡིག་བླང་དོར་བསྟན་སྟེ། ང༷ན་སོང་གསུམ་གྱི་འགྲོ༷་བའི་གནས་ལ༷ས་སྒྲོལ༷་བ༷ར་བྱས་ནས་མཐོ་རིས་ལྷ་མིའི་བདེ་འབྲས་ལ་འགོད་ཅིང་འཛིན་པར་བྱེད༷་པའི༷་སྤྱི༷་སྟེག༷ས་ཞེས་གྱོམ་ཁྲི་ལྟ་བུ་ཡི༷ན་པ་དང༌། དེའང་ངན་སོང་ལས་སྒྲོལ་བར་བྱེད་པས་སྤྱི་སྟེགས་སམ་སེམས་ཅན་ཐམས་ཅད་ཐེག་གསུམ་གྱི་ངེས་ལེགས་ལ་བཀོད་པའི་ཐོག་མར་མངོན་མཐོ་ལ་འགོད་དགོས་པས་ན་ལམ་སྤྱིའི་སྟེགས་སུའང་གསུངས། དེ་ལྟར་འགྲོ་བ་རྣམས་མངོན་མཐོ་དང་ཐེག་དམན་གྱི་ངེས་ལེགས་ལ་བཀོད་ནས་ཐེག་ཆེན་གྱི་རིགས་ཅན་རྣམས་དང་མཐར་དེ་རྣམས་དང་བཅས་པ་ཐེག་ཆེན་ལ་འགོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཞེད་དོན་མཐར་ཐུག་པ་ཡིན་པའི་ཕྱིར་ཆོས་ཐེག་པ་ཆེན་པོ་བསྟན་ཏེ་མཐའ་ཡས་པའི་འགྲོ༷་བ༷འི་རྒྱུད་ཀྱི་གཙོ་བོ་ཐར་པ་ལ་བར་དུ་གཅོད་པའི་ཆགས་སོགས་ཉོན༷་མོ༷ངས་པའི་སྒྲིབ་པའི་ཚ་གདུ༷ང་མ་ལུས་པ་སེ༷ལ་བར་བྱེད་པའི༷་སེ༷མས་ཀྱི༷་དམ་པ་བྱང་ཆུབ་ཀྱི་སེམས་འདི་ནི་བསིལ་བའི་རང་བཞིན་གྱི་ཟླ༷་བ༷་ཤར་བ་ལྟ་བུ་ཡི༷ན་ལ། དེ་ལ་ཉོན་སྒྲིབ་ནི་མགོན་པོ་བྱམས་པས། སེར་སྣ་ལ་སོགས་རྣམ་རྟོག་གང༌། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །ཅེས་ཕར་ཕྱིན་དྲུག་གི་མི་མཐུན་པའི་ཕྱོགས་རགས་པ་ཐམས་ཅད་ཡིན་ནོ། །འགྲོ༷་བ༷འི་རྒྱུད་ཀྱི་ཐམས་ཅད་མཁྱེན་པ་རྣམ་མཁྱེན་ལ་གཙོ་བོར་བར་དུ་གཅོད་པའི་དངོས་པོ་རྣམས་ཀྱི་དེ་ཉིད་མི༷་ཤེས༷་པའི་ར༷བ་རི༷བ་ཤེས་བྱའི་སྒྲིབ་པ་མཐའ་ད༷ག་དཔྱིས་ཏེ་དྲུང་ནས་འབྱིན༷་པར་བྱེད་པའི་བྱང་ཆུབ་ཀྱི་སེམས་འདི་ཉིད་སྟོང་གསུམ་གྱི་མུན་པ་གཅིག་ཅར་དུ་སེལ་བར་བྱེད་པའི་ཉི༷་མ༷་ཆེ༷ན་པོ༷་ལྟ་བུ་ཡི༷ན་ལ་ཤེས་སྒྲིབ་ཡང་དེ་ཉིད་ཀྱིས། འཁོར་གསུམ་རྣམ་པར་རྟོག་པ་གང༌། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་འཁོར་གསུམ་ལ་བདེན་པར་ཞེན་ན་ཡུལ་གཅིག་ལ་དམིགས་ན། དེར་འཐོག་པས་གཞན་ཤེས་བྱ་ཐམས་ཅད་གཅིག་ཆར་དུ་མཐོང་བར་མི་ནུས་པས་ན་དེར་འདོད་དོ། །སངས་རྒྱས་ཀྱི་བཀའ་དམ༷་པའི་ཆོ༷ས་འཁོར་ལོ་གསུམ་གྱི་སྙིང་པོའི་ཡང་ཞུན་བྱང་ཆུབ་ཀྱི་སེམས་འདི་ནི་དཔེར་ན་འོ༷་མ༷་མང་པོ་བསྲུབ༷ས་པ༷་ལ༷ས་སྙིང་པོ་མར་དང་མ༷ར་གྱི༷་སྙིང་ཁུ༷་ཞེས་མར་བཞུས་པའི་དྭངས་མའི་དྭངས་མ་ཉིང་ཁུ་ཕྱུང༷་བ༷་ལྟ་བུ་མཆོག་ཏུ་གྱུར་པ་ཉིད་ཡིན་ནོ། །རིགས་དྲུག་གི་འགྲོ༷་བ་མཐའ་ཡས་པའི་འགྲོན༷་པོ༷་སྲིད༷་པའི༷་ལ༷མ་སྟེ་མཐོ་སྲིད་པའི་རྩེ་མོ་ནས་དམའ་བ་དམྱལ་བ་མནར་མེད་ཀྱི་བར་དུ་རྒྱུ་ཞིང༷་འགྲོ་བས་སྡུག་བསྔལ་བར་གྱུར་པ་ལས་གནས་སྐབས་དང་མཐར་ཐུག་གི་བདེ༷་བ༷འི་ལོ༷ངས་སྤྱོད༷་ལ་སྤྱད༷་པ༷ར་འདོ༷ད་པ༷་རྣམས་ལ༷་བྱང་ཆུབ་སེམས་དཔའ་འདི༷་ནི༷་བྱང་ཆུབ༷་སེམས་ཀྱི་མཐུས་བདེ༷་བའི༷་མཆོ༷ག་འཆི་མེད་ཞི་བ་ཐོབ་པ་ལ་སོགས་པ་གོང་དུ་ཇི་སྐད་བསྟན་པ་རྣམས་ཀྱི་དོན་དུ༷་འཁོར་བར་སྐྱེས་ནས་ཉེར༷་གན༷ས་ཞེས་ཉེ་བར་གནས་ཏེ༷་དཔེར་ན་ཙ་རིའི་ཚོས་ཁ་བཟུང་བ་བཞིན་དུ་སེ༷མས་ཅ༷ན་རྣམས་སྐད་ཅིག་མ་ཙམ་དུ་མི་སྡོད་པར་འཆི་བ་ལ་ཐག་ཇེ་ཉེར་འགྲོ་ཞིང་གཏན་དུ་སྡོད་པའི་སར་ཐོན་རྒྱུ་མེད་པས་འགྲོ༷ན་པོ་ཆེ༷ན་པོར་གྱུར་པ་རྣམས་གང་འདོད་པའི་བདེ་བས་ངོམས་ཤིང་ཚི༷མ་པ༷ར་བྱེད༷་པ༷་དེ་ཡང་བྱང་ཆུབ་སེམས་ཀྱི་མཐུས་ཡི༷ན་ནོ་ཞེས་དོན་བསྡུས་སྟེ་བསྟན་པའོ། །གཉིས་པ་ནི། འདིར་བཤད་གཞི་སྔོན་དུ་བླང་སྟེ། མགྲོན་དུ་འབོད་པ་ཡིན། སུས་འབོད་ན་བད༷ག་གི༷ས། དུས་ནམ་འབོད་ན་དེ༷་རིང༷་ནས་ཚུལ་ཇི་ལྟར་འབོད་ན་སྐྱོབ༷་པ་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་པའི་ཚོགས་དང་བཅས་པ་ཐ༷མས་ཅ༷ད་ཀྱི༷་སྤྱན༷་སྔར༷་ཏེ་དཔང་པོ་བཞག་པའི་མདུན་དུ། སུ་འབོད་ན་ནམ་མཁའ་དང་མཉམ་པའི་འགྲོ༷་བ༷་སེམས་ཅན་ཐམས་ཅད་བོས་ཏེ་ཅི་སྦྱིན་ན་མཐར་ཐུག་གི་བདེ་བ་བདེ༷་བར་གཤེ༷གས་པ་སངས་རྒྱས་ཀྱི་གོ་འཕང་ཉི༷ད་དང༷་ནི༷། དེ་མ་ཐོབ་ཀྱི་བ༷ར་དུ༷་གནས་སྐབས་ཀྱི་བདེ་བ་མངོན་པར་མཐོ་བ་ལྷ་དང་མི་ཡི་བདེ༷་བ་ཕུན་སུམ་ཚོགས་པ་སྦྱིན་པ་ལ༷་མགྲོ༷ན་དུ༷་བོ༷ས་ཟི༷ན་གྱི༷ས་གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔ་སོགས་དཀར་ཕྱོགས་ཀྱི་ལྷ་དང༷་ལྷ༷་མི༷ན་ལ་སོ༷གས་པ་ཐམས་ཅད་དག༷འ་བ༷ར་གྱིས༷་ཤིག་ཅེས་དགའ་བ་སྒོམ་དུ་གཞུག་པས་དེ་དག་གིས་རྗེས་སུ་ཡི་རང་བས་ཕན་ཡོན་གྱི་བགོ་སྐལ་ཐོབ་ཅིང་བསྲུང་སྐྱོབ་བྱེད་པ་དང༌། དེ་དག་དཔང་པོར་བཞག་པས་རང་གི་ངོ་ཚ་དང་ཁྲེལ་ཡོད་ཀྱི་རྟེན་དུའང་འགྱུར་བའི་དགོས་པ་ཡོད་དོ། །ལེའུའི་མཚན་ནི། བྱང༷་ཆུབ༷་སེ༷མས་དཔ༷འི་སྤྱོད༷་པ༷་ལ༷་འཇུ༷ག་པ༷་ལ༷ས། བྱང༷་ཆུབ༷་ཀྱི༷་སེ༷མས་གཙོ་བོར་ཡོ༷ངས་སུ༷་བཟུང༷་བ༷་ཞེས༷་བྱ༷་བ༷་སྟེ་ལེ༷འུ༷་གསུམ་པ༷འོ༷།། ༈ །།གཉིས་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེས་པ་མི་ཉམས་པར་བྱེད་པའི་ལེའུ་གསུམ་ལས། དང་པོ། འཇུག༷་ལྡོག་གི་གནས་ལ་གཟོབ་ལྷུར་ལེན་པ་བག་ཡོད་ཀྱི་ལེའུ་ལ་གཞུང་དང་མཚན་ནོ། །དང་པོ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། དེ་ལ་ཐེག་ཆེན་གྱི་ལམ་ཐམས་ཅད་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། སྦྱོར་བ་ཕྱིན་དྲུག་གི་ཉམས་ལེན་གཉིས་སུ་འདུུ་ལ། དེ་ལས་སྔ་མ་བསྟན་ཟིན་ནས་ཕྱི་མ་ལའང་སྦྱིན་པ་ནི་ལེའུ་སྔ་མ་རྣམས་ལས་བསྟན་ཅིང་ཁྱད་པར་ཞི་བ་ལྷ་ཉིད་སྤྲོས་མེད་ཀྱི་རྣལ་འབྱོར་ཡིན་པས་དགེ་སློང་རི་ཁྲོད་པའི་སྦྱིན་པ་ཙམ་མ་གཏོགས་རྒྱ་ཆེན་མ་གསུངས་ཚུལ་ཁྲིམས་ནི་བག་ཡོད་དང་ཤེས་བཞིན་གྱི་ལེའུ་གཉིས་དང་གཞན་བཞི་ལེའུ་ཕྱི་མ་རྣམས་ཀྱིས་བསྟན་ཏེ། དེ་ཡང་སྡོམ་པ་ཐོབ་ཚུལ་བསྲུང་བྱ་རྣམས་གྲངས་ཕྱིར་བཅོས་ཚུལ་ཀྱི་སྒོ་ནས་མ་ཡིན་པར་ཚུལ་ཁྲིམས་ཉིད་སྲུང་བྱེད་ཀྱི་ཐབས་ནི་བག་ཡོད་དང་དྲན་ཤེས་རྣམས་ཇི་སྐད་གསུངས་པ་བཞིན་ཡང་ཡང་བསྒོམ་ཏེ་རང་རྒྱུད་ལ་བསྐྱེད་དགོས་ལ་བག་ཡོད་མེད་པར་རང་དགར་ལུས་ངག་བཙོན་དུ་བཟུང་ནས་བསྲུང་སྡེམ་ཁུར་དུ་སོང་སྟེ་རེ་ཞིག་བསྲུང་ཁུལ་བྱས་ཀྱང་སྣང་བ་བྲིད་མཁས། རིག་པ་ཅོལ་ཆུང༌། ཡུལ་བསླུ་སྐྱེན་པས་མཐའ་མི་འཁྱོལ་བས་ན་བག་ཡོད་བསྟེན་ཏེ་ཐོས་བསམ་སྒོམ་གསུམ་གྱི་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཚུལ་ཁྲིམས་བསྲུང་བ་ལ་འབད་པ་གཅེས་ཏེ། ཀླུའི་དབང་པོས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་དང༌། དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱར། །ཞེས་གསུངས་པ་ལྟར་ཡོན་ཏན་ཐམས་ཅད་ཀྱི་རྩ་བའམ་གཞི་རྟེན་ཚུལ་ཁྲིམས་ཡིན་ལ། ཚུལ་ཁྲིམས་དེ་ཡང་དག་པར་བསྲུང་བར་བྱེད་པ་ལ། བསྲུང་བྱ་མི་ཤེས་བསྲུང་བར་རློམས་པ་མཚར། །ཞེས་གསུངས་པ་ལྟར་ཐོག་མར་བསླབ་བྱ་རྩ་ལྟུང་བཅོ་བརྒྱད་ལ་སོགས་པའི་དགག་སྒྲུབ་ཀྱི་བསླབ་བྱ་རྣམས་ལེགས་པར་ཤེས་པར་བྱས་ནས་བླང་དོར་རམ་འཇུག་ལྡོག་གི་གནས་ལ་གཟོབ་པ་ལྷུར་ལེན་པ་བག་ཡོད་ཀྱི་ངོ་བོ་ཡིན་པར་ཡང་ཤེས་པར་བྱས་ཏེ་དེ་ཉིད་རང་རྒྱུད་ལ་བསྐྱེད་ནས་བླང་དོར་ལ་འབད་དགོས་ཏེ། ཏིང་འཛིན་རྒྱལ་པོ་ལས། ཁྲིམས་དང་ཐོས་དང་གཏོང་དང་བཟོད་ལ་སོགས། །དགེ་བའི་ཆོས་སུ་བརྗོད་པ་ཇི་སྙེད་པ། །ཀུན་གྱི་རྩ་བ་བག་ཡོད་འདི་ཡིན་ཏེ། །གཏེར་ཐོབ་བྱེད་ཅེས་བདེ་བར་གཤེགས་པས་བསྟན། །ཞེས་པ་ལྟར་བག་ཡོད་བརྟེན་པ་ལས་དེ་དག་འཐོབ་པར་འགྱུར་བས་ན་དེ་ལྟར་ངེས་པར་ཤེས་པར་བྱས་ཏེ་རྒྱལ༷་བ༷འི་སྲས༷་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས༷་གོང་དུ་བཤད་པ་དེ༷་ལྟ༷་བུར༷། བྱང༷་ཆུབ༷་ཀྱི༷་སེ༷མས་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་སྲོག་གི་ཕྱིར་ཡང་མི་འདོར་བར་རང་རྒྱུད་ལ་ར༷བ་དུ་བརྟན༷་པོར་བཟུ༷ང་ན༷ས། ལེ་ལོ་དང་ཕྱི་བཤོལ་གྱིས་གཡེ༷ལ་བ༷་མེ༷ད་པ༷ར་དུས་རྟག༷་ཏུ༷་ཡ༷ང༌། བྱང་ཆུབ་སེམས་དཔའི་རྩ་ལྟུང་ཉི་ཤུ་སོགས་དགག་སྒྲུབ་ཀྱི་བསླབ༷་པ་རྣམས་ལ༷ས་མི༷་འད༷འ་བའམ་མི་ཉམས་པའི་དོན་དུ་ཅིས་ཀྱང་འབ༷ད་པ༷ར་བྱ༷་བསམ་དགོས་སོ། །དེ་ལ་རྒྱལ་བའི་སྲས་ཞེས་སྤྱིར་སེམས་མཆོག་བསྐྱེད་པ་མི་གཙོ་སྐྱེས་པ་གཙོ་ཞེས་པ་ལྟར་ཡིན་ཀྱང༌། སེམས་ཅན་རྣམས་ལ་བྱམས་སེམས་ཙམ་ཡོད་པ་ལ་གཞན་དག་གིས་བྱང་ཆུབ་སེམས་དཔའ་ཞེས་འདོགས་ཀྱང་བྱང་ཆུབ་སེམས་དཔར་མི་འགྱུར་བས། གཙོ་ཆེར་དོན་གཉིས་སམ་ཟུར་གཉིས་དང་ལྡན་པའི་རྫོགས་བྱང་དོན་གཉེར་གྱི་བསམ་བརྒྱ་ཆེན་པོའི་སྒོ་ནས་ཆོ་ག་ཚད་ལྡན་གྱིས་ཚུལ་བཞིན་དུ་བྱང་སྡོམ་རང་རྒྱུད་ལ་བླངས་ནས་བཟུང་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཞེས་འདོགས་སུ་རུང་བ་ལས་གཞན་དུ་མ་ཡིན་ནོ། །བརྟན་བཟུང་ཞེས་མི་ལྡོག་པ་ཡི་སེམས་ཀྱིས་སུ། །སེམས་དེ་ཡང་དག་བླང་གྱུར་པ། །ཞེས་སེམས་བསྐྱེད་ཚེ་དུས་འདི་ནས་བཟུང་བྱང་ཆུབ་ཀྱི་སེམས་འདི་ཅི་ལ་བབ་ཀྱང་མི་གཏོང་ངོ་སྙམ་པའི་འདུན་པས་བརྟན་པོར་འཛིན་དགོས་ཏེ་འདུན་པ་གཏད་དཔེར་ན་རྨི་ལམ་ཟིན་དགོས་སྙམ་དུ་འདུན་པ་གཏད་ན་ཟིན་པར་འགྱུར་བ་ལྟར་ཡིན་པས་འདུན་པ་གཏད་པ་གལ་ཆེ་གསུངས། བསླབ་ལས་མི་འདའ་ཞེས་བྱང་ཆུབ་སེམས་དཔའི་བསླབ་པ་རྒྱ་མཚོ་ལྟ་བུ་ལ་དཔེར་ན་ཞེས་མཁས་མཁས་སྙན་སྙན་བྱས་པས་ཅི་ཡང་མི་འོང་བས། བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་དང༌། ཁྱད་པར་དུ་བསླབ་བྱའི་གཙོ་བོ་གང་ཡིན་ཤེས་དགོས་པ་ལས་དང་པོ་ལ་སྤང་བླང་གཉིས་ལས། དང་པོ་ལ་སྤང་བྱ་རྩ་ལྟུང་བཅོ་བརྒྱད་དང༌། སྨོན་འཇུག་གི་རྩ་ལྟུང་དང་གཉིས་ལས། དང་པོ་ནི། ནམ་མཁའི་སྙིང་པོའི་མདོ་ལས། རྩ་ལྟུང་བཅོ་བརྒྱད་གསུང་པ་བསླབ་བཏུས་སུ་ཚིགས་བཅད་དུ་བསྡུས་པ་དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །དམ་པའི་ཆོས་ནི་སྤོང་བྱེད་པ། །གཉིས་པར་ཐུབ་པས་གསུང་བ་ཡིན། །ཚུལ་ཁྲིམས་འཆལ་བའི་དགེ་སློང་ལའང༌། །ངུར་སྨྲིག་འཕྲོག་དང་བརྡེག་པ་དང༌། །བརྩོན་རར་འཇུག་པར་བྱེད་པ་དང༌། །རབ་ཏུ་བྱུང་ལས་འབེབས་པ་དང༌། །སྲོག་དང་འབྲལ་བྱེད་གསུམ་པ་ཡིན། །མཚམས་མེད་ལྔ་པོ་བྱེད་པ་དང༌། །ལོག་པར་ལྟ་བ་འཛིན་པ་དང༌། །གྲོང་ལ་སོགས་པར་འཇིག་པ་ཡང༌། །རྩ་བའི་ལྟུང་བར་ཐུབ་པས་གསུངས། །བློ་སྦྱོང་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་བརྗོད་པ་དང༌། །སངས་རྒྱས་ཉིད་ལ་ཞུགས་པ་རྣམས། །རྫོགས་པའི་བྱང་ཆུབ་བཟློག་པ་དང༌། །སོ་སོར་ཐར་པ་ཡོངས་སྤང་ནས། །ཐེག་པ་ཆེ་ལ་སྦྱར་བ་དང༌། །སློབ་པའི་ཐེག་པས་ཆགས་ལ་སོགས། །སྤོང་བར་འགྱུར་བ་མིན་ཞེས་འཛིན། །ཕ་རོལ་དག་ཀྱང་འཛིན་འཇུག་དང༌། །རང་གི་ཡོན་ཏན་བརྗོད་པ་དང༌། །རྙེད་པ་དང་ནི་བཀུར་སྟི་དང༌། །ཚིགས་བཅད་རྒྱུ་ཡིས་གཞན་སྨོད་དང༌། །བདག་ནི་ཟབ་མོ་བཟོད་པའོ་ཞེས། །ལོག་པ་ཉིད་ནི་སྨྲ་བ་དང༌། །དགེ་སྦྱོང་ཆད་པས་གཅོད་འཇུག་དང༌། །དཀོན་མཆོག་གསུམ་གྱི་སྦྱིན་བྱེད་དང༌། །སྦྱིན་པ་ལེན་པར་བྱེད་པ་དང༌། །ཞི་གནས་འདོར་བར་བྱེད་པ་དང༌། །ཡང་དག་འཇོག་གི་ལོངས་སྤྱོད་རྣམས། །ཁ་ཏོན་བྱེད་ལ་སྦྱིན་པ་དང༌། །འདི་དག་རྩ་བའི་ལྟུང་བ་སྟེ། །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །རྨི་ལམ་འཕགས་པ་ནམ་སྙིང་པོའི། །མདུན་དུ་འདུག་སྟེ་བཤགས་པར་བྱ། །ཞེས་རིམ་པར་རྒྱལ་པོ་ལ་འབྱུང་ཉེ་བ་ལྔ། །བློན་པོ་ལ་འབྱུང་ཉེ་བ་ལྔ། །དམང་ཕལ་པ་ལ་འབྱུང་ཉེ་བ་བརྒྱད་བཅས་བཅོ་བརྒྱད་བཤགས་ཐབས་དང་བཅས་བསྟན་ཏོ། །གཉིས་པ་ནི་གསང་ཆེན་ཐབས་ལ་མཁས་པའི་མདོ་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཉན་ཐོས་དང༌། རང་སངས་རྒྱས་ཡིད་ལ་བྱེད་པས་གནས་པ་འདི་ནི་བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་ལྕི་བའོ་ཞེས་ཐེག་དམན་དུ་སེམས་བསྐྱེད་ནས་སེམས་ཅན་བློས་བཏང་བ་སྨོན་སེམས་ཀྱི་རྩ་ལྟུང་དང༌། དཀོན་མཆོག་བརྩེགས་པ་ལས་གསུངས་པའི། འཇུག་པའི་བསླབ་བྱ་ཉམས་པའི་རྩ་ལྟུང་སྟེ་གཉིས་སོ། །དེ་ཡང་སྦྱིན་སོགས་བསྒྲུབ་པར་དམ་བཅས་པ་ལས་ཉམས་ཏེ་རང་གི་ནུས་པའི་ཚོད་ཙམ་ཞིག་ཀྱང་མི་བསྒྲུབ་བོ་སྙམ་པའི་བློ་སྐྱེས་པས་འཇུག་སེམས་གཏོང་གི་སྙོམ་ལས་སོགས་ཀྱིས་དགེ་བ་ལ་མི་སྦྱོར་བ་ཙམ་གྱིས་རྩ་བ་ནས་མི་གཏོང་ངོ༌། །མདོར་ན་ཉེས་སྤྱོད་སྤང་བའོ། །གཉིས་པ་ནི། ཕྱིན་དྲུག་ལ་བསླབ་པ་དང༌། སེམས་ཅན་ལ་ཕན་པའི་དོན་སྒྲུབ་པར་བྱེད་པའོ། །གཉིས་པ་ཁྱད་པར་དུ་བསླབ་བྱའི་གཙོ་བོ་ཤེས་དགོས་པས། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་ཁྱོད་ནི་བྱ་བ་མང་ལ་བྱེད་པ་མང་བ་སྟེ། ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་སློབ་མི་བཟོད་ན། འདི་ལྟར་རྒྱལ་པོ་ཆེན་པོ་རྫོགས་པའི་བྱང་ཆུབ་ལ་འདུན་པ་དང༌། དད་པ་དང༌། དོན་དུ་གཉེར་བ་དང༌། སྨོན་པ་འདི་འགྲོ་ཡང་རུང༌། །འགྲེང་ཡང་རུང༌། འདུག་ཀྱང་རུང༌། ཉལ་ཡང་རུང༌། སད་ཀྱང་རུང༌། ཟ་ཡང་རུང༌། འཐུང་ཀྱང་རུང༌། རྟག་ཏུ་རྒྱུན་མི་འཆད་པར་དྲན་པར་གྱིས་ཤིག །ཡིད་ལ་གྱིས་ཤིག །སྒོམས་ཤིག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་དང༌། སོ་སོའི་སྐྱེ་བོ་ཐམས་ཅད་དང༌། བདག་གི་འདས་པ་དང༌། མ་འོངས་པ་དང་ད་ལྟར་བྱུང་བའི་དགེ་བའི་རྩ་བ་ཐམས་ཅད་བསྡུས་ཏེ་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་བར་གྱིས་ཤིག །རྗེས་སུ་ཡི་རང་ནས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། རང་སངས་རྒྱས་དང་ཉོན་ཐོས་རྣམས་ལ་མཆོད་པ་ཕུལ་ཅིག །ཕུལ་ནས་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱིས་ཤིག །དེ་ནས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཉིན་གཅིག་བཞིན་དུ་དུས་གསུམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིག །རྒྱལ་པོ་ཆེན་པོ་ཁྱོད་དེ་ལྟར་ཞུགས་ལ་རྒྱལ་པོ་གྱིས་ཤིག །རྒྱལ་པོའི་སྲིད་ཀྱང་མི་ཉམས་སོ། །བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར་ཞེས་པས་བྱང་ཆུབ་ཏུ་སྨོན་པ་དང་དགེ་བ་ལ་རྗེས་སུ་ཡི་རང་བ་དང་དེ་སངས་རྒྱས་སྲས་བཅས་ལ་འབུལ་ཞིང་བྱང་ཆུབ་ཆེན་པོར་བསྔོ་བར་གསུངས་པ་འདི་དང༌། ལག་བཟང་གིས་ཞུས་པ་ལས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག་ཅྀག་སྙམ་པའི་འདུན་པ་མ་བརྗེད་ན་དེར་སངས་རྒྱས་ཀྱི་སའི་ཟག་མེད་ཀྱི་ཕྱིན་དྲུག་འདུ་བར་གསུངས་པས་ན་དེས་ཕྱིན་དྲུག་ལ་ཡང་བསླབ་པ་ཡིན་པར་གསུངས། འདི་དག་གིས་བྱང་ཆུབ་སེམས་ཀྱི་མཚན་ཉིད་ལེགས་པར་བསྟན་ཅིར་སྙིགས་དུས་ཀྱི་སེམས་ཅན་རྣམས་ལ་ཕན་པ་ཆེ་བའི་གདམས་ངག་གི་མཆོག་ཡིན་ནོ། །གཉིས་པ་ལ། བསྒྲུབ་བྱ་བསླབ་པ་ལ་བསམ་སྟེ་བག་ཡོད་པར་བྱ་བ། རྟེན་དལ་འབྱོར་ལ་བསམ་སྟེ་བག་ཡོད་པར་བྱ་བ། སྤང་བྱ་ཉོན་མོངས་པ་ལ་བསམ་སྟེ་བག་ཡོད་པར་བྱ་བ་དང་གསུམ་ལས། དང་པོ་ལ། བསམ་པ་སེམས་བསྐྱེད་མི་ཉམས་པར་བྱ་བ་སྦྱོར་བ་བརྩོན་འགྲུས་མི་ཉམས་པར་བསྲུང་བ་དང་གཉིས་ལས། དང་པོ་ནི། བ༷ག་ཅོ༷ལ་ཏེ་ཅི་ཡང་མ་བརྟགས་པའི་བྱ་བ་བརྩམ༷་པ༷འམ་བསྒྲུབ་པར་ཁས་བླངས་པ་གང༷་ཡི༷ན་པ༷འམ། བྱ་བ་གང༷་ཞིག༷་དོན་ཡོད་མེད་སོགས་ཅུང་ཟད་བརྟགས་ཀྱང་ཞིབ་པར་ལེ༷གས་པ༷ར་མ༷་བརྟག༷ས་པ༷་ཡི་བྱ་བ་དེ༷་ནི༷་བསྒྲུབ་པར་ཁས་བླངས་ཤིང་དམ༷་བཅ༷ས་པར་བྱས༷་པར་གྱུར༷་ཀྱང་༷། ཁས་བླངས་བ་བཞིན་དུ་བྱ༷༷་བའ༷མ་མི་བྱ་བར་བཏུང༷་ཞེས༷་གཟོད་ཞིབ་པར་བརྟག༷ས་ཤིང་དཔྱད་པའི༷་སྒོ་ནས་བླང་དོར་ལ་འཇུག་ལྡོག་བྱེད་པ་རིག༷ས་ཤིང་འཐད་པ་ཡིན་པ་ལ། འདི་ནི་དེ་ལྟ་མ་ཡིན་ཏེ་འཁྲུལ་བ་ཅུང་ཟད་ཀྱང་མི་མངའ་བའི་སང༷ས་རྒྱས༷་རྣམ༷ས་དང༷་དེ༷་ཡི༷་སྲས༷། བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་དབྱངས་དང་བྱམས་པ་ལ་སོགས་པའི་ཤེ༷ས་ར༷བ་ཆེ༷ན་པོ༷ས་གང༷་ལ་ལེགས་པར་བརྟག༷ས་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཕན་ཡོན་ཆེན་པོ་དང་ལྡན་པར་གསུངས་ཤི༷ང༌། བད༷ག་རང་ཉིད༷་ཀྱིས༷་ཀྱང༷་ཕན་ཡོན་གྱི་ལེའུའི་སྐབས་སོགས་ནས་ཡང་དང་ཡང་དུ་ཞེས། ཤིན་ཏུ་དོན་ཆེན་ལྡན་པ་ལ། ཚིག་གཅིག་ལན་གཉིས་བརྗོད་པར་བྱ། །ཞེས་བརྟག༷ས་བརྟག༷ས་ནས་ཡོན་ཏན་དཔག་ཏུ་མེད་པ༷་དང་ལྡན་པར་མཐོང་སྟེ་བྱང་ཆུབ་ཀྱི་སེམས་དེ་རང་རྒྱུད་ལ་བླངས་ཟིན་ནས་ད་བསླབ་པ་ལ༷་སློབ་མི་ནུས་ཞེས་ཕྱི་བཤོལ་ལམ་བཤོ༷ལ་དུ་ཅི༷་ཞི༷ག་ཡོ༷ད་དེ་མེད་པས་བསླབ་བྱ་ལ་འབད་པར་བྱ་དགོས་སོ། །ག༷ལ་ཏེ༷་སྔར་བསྟན་པ་དེ༷་ལྟར༷་སེམས་ཅན་ཐམས་ཅད་སྲིད་ཞིའི་སྡུག་བསྔལ་ལས་བསྒྲལ་ཏེ་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་དམ༷་བཅ༷ས་ན༷ས། དེ་སྦྱོར་བ་ལག་ལེན་གྱི་སྒོ་ནས་ལ༷ས་ཀྱིས༷་བསྒྲུབ༷་པ་ལ་བརྩོན་པ༷ར་མ༷་བྱས༷་ན༷། སེ༷མས་ཅ༷ན་མགྲོན་དུ་བོས་པ་དེ༷་དག༷་ཀུན༷་ཁས་བླངས་པ་ལྟར་སངས་རྒྱས་ཀྱི་གོ་འཕང་མ་བྱིན་པ་ས་བསླུས༷་པར་བྱས་པ༷ས་བསླུབ་པོ་བད༷ག་གི་འགྲོ༷་བ༷་ཅི༷་འདྲར༷་འགྱུར༷་ཏེ་དམྱལ་བ་ལ་སོགས་པའི་ངན་འགྲོར་འགྲོ་བར་འགྱུར་བ་ལས་མ་འདས་པ་དེས་ན་ཇི་ལྟར་དམ་བཅས་པ་བཞིན་དུ་བསྒྲུབ་པར་བྱའོ་ཞེས་བསམ་དགོས་སོ། །དེའི་རྒྱུ་མཚན་དངོ༷ས་པོ༷་ཕ༷ལ་པ༷་ཟན་ཆང་བུ་ལྟ་བུ་ཅུང༷་ཟ༷ད་ཙམ་ལ༷འ༷ང༌། ཡི༷ད་ཀྱིས༷་འདི་ལ་འདི་སྦྱིན༷་པར༷་བྱའོ་ཞེས་བས༷མ་པར་བྱས༷་ནས༷། མི༷་གང༷་གིས་དངོས་སུ་དེ་སྦྱིན༷་པ༷ར་མི༷་བྱེད༷་པ༷་ཡི་མི་དེ༷་ཡ༷ང་ཡི༷་དྭག༷ས་སུ་སྐྱེ་བར་འགྱུར༷་རོ་ཞེས་ཆོས་ཡང་དག་པར་སྡུད་པའི་མདོ་ལས་གསུངས་ཤིང༌། མདོ་དྲན་པ་ཉེར་བཞག་ལས་ཀྱང༌། ཅུང་ཟད་གཅིག་སྦྱིན་པར་བས༷མ་ནས་མ་བྱིན་ན་ནི་ཡི་དྭགས་སུ་སྐྱེལ་དམ་བཅས་ནས་མ་བྱིན་པ་ནི་སེམས་ཅན་དམྱལ་བར་འགྲོའོ་ཞེས་གསུང༷ས་ན༷། བླ༷་ན༷་མེད༷་པའི༷་སངས་རྒྱས་ཀྱི་བདེ༷་བ༷་ཆེན་པོ་ལ་རང་གིས་ཁ་ཙམ་མ་ཡིན་པར་བས༷མ་པ༷་ཞེ་ཐ༷ག་པ༷ས་ནམ་མཁའི་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་མགྲོན་དུ་གཉེར༷་བའམ་བོས་ན༷ས་ཇི་ལྟར་ཁས་བླངས་བ་བཞིན་དུ་སྦྱོར་བ་ལག་ལེན་གྱི་སྒོ་ནས་སངས་རྒྱས་ཀྱི་གོ་འཕང་དེ་བསྒྲུབ་པར་མ་བྱས་པའམ་མ་བྱིན་ན་རྒྱལ་བ་སྲས་དང་བཅས་པ་དང་འགྲོ༷་བ༷་ལྷ་དང་ལྷ་མིན་ལ་སོགས་པ་དེ་ཐ༷མས་ཅ༷ད་རྫུན་གྱིས་བསླུས༷་པར་བྱས་པ་ཡིན་པས་ན༷། བསླུ་བར་བྱེད་པ་པོ་བདག་བདེ༷་འགྲོར༷་ཇི༷་ག༷ར་འགྲོ༷་བར་འགྱུར༷་ར༷མ་སྟེ་མི་འགྱུར་བ་ཁོ་ནའོ། །དེ་ལྟར་ན་པད་དཀར་དུ་ཤཱ་རིའི་བུས་སྔོན་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སངས་རྒྱས་སྟོང་ཕྲག་བཅུ་ལ་བསྙེན་བཀུར་བྱས་ཤིང་སེམས་ཅན་གྱི་དོན་ལ་ཞུགས་པ་ན། རྒྱལ་པོ་བི་ན་སི་བར་གྱུར་པ་ལ་བདུད་སྡིག་ཅན་བྲམ་ཟེར་སྤྲུལ་པས་ལག་པ་བསླང་བ་ལ་གཡས་བཅད་དེ་གཡོན་པས་བྱིན་པས་མ་གུས་པས་བྱིན་པ་མི་ལེན་ཟེར་ནས་བསྐྱུར་བ་ལ་སྐྱོ་བར་གྱུར་ནས་སེམས་བསྐྱེད་བཏང་ཡང་རང་ཐར་པ་དགྲ་བཅོམ་པ་ཐོབ་ཅིང་སེམས་ཅན་གྱི་དོན་མཛད་པ་དང་སྔོན་བྱང་སེམས་བསྐལ་པ་བཞི་བཅུར་སྤྱོད་པ་སྤྱད་པའི་མི་ཞིག་གིས་བྱང་ཆུབ་ཀྱི་སེམས་བཏང་ཡང་རང་རྒྱལ་དུ་གྱུར་པར་གསེར་མདོག་ཅན་གྱི་རྟོགས་བརྗོད་དུ་གསུངས་པ་དག་དང་འགལ་ལོ་ཞེ་ན་མི་འགལ་ཏེ། དེ་ལྟ་བུ་ལ་སོགས་པའི་མི༷་གང༷་གིས་བྱང༷་ཆུབ༷་སེམ༷ས་གཏང༷་ཡ༷ང་དེ༷་དག༷་རང་ཉིད་ངན་འགྲོར་མ་ལྟུང་བར་ཐར་པ་ཐོབ་ཅིང་གཞན་དག་ཀྱང་ཐ༷ར་པ༷ར་མཛ༷ད་པ༷་ནི༷། རང་རང་གི་སྔོན་ལ༷ས་ཀྱི་ཚུལ༷་ཞིག་གིས་ཡིན་ཀྱང་ལས་ཚུལ་སྣ་ཚོགས་པ་རྣམས་ཚུར་མཐོང་གིས་བས༷མ་གྱིས༷་མི༷་ཁྱབ༷་སྟེ༷། ཇི་སྐད་དུ། རྨ་བྱའི་མདོངས་བཀྲ་གཅིག་ལ་ཡང༌། །རྒྱུ་ཡི་དབྱེ་བ་ཐ་དད་པ། །དེ་མཁྱེན་པ་ནི་ཀུན་མཁྱེན་ཏེ། །ཀུན་མཁྱེན་ཡེ་ཤེས་མིན་པས་མིན། །ཞེས་པ་ལྟར་རྒྱུ་འབྲས་ཕྲ་ཞིང་ཞིབ་པ་དེ་ཐ༷མས་ཅ༷ད་མཁྱེན༷་པ་ཁོ༷་ནས༷་མཁྱེན༷་ཅིང་གཟིགས་པའི་ཁྱད་ཆོས་ལས་གཞན་སུས་ཀྱང་བསམ་གྱིས་མི་ཁྱབ་པ་ཡིན་པས་བསམ་པའི་ངལ་བས་ཅི་ཞིག་བྱ་ཞེས་པ་སྟེ་སེམས་ཅན་ཀྱི་ལས་དང་སངས་རྒྱས་ཀྱི་མཛད་པ་དང༌། ཏིང་འཛིན་དང་སྨན་དང་སྔགས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པའི་གནས་སུ་གསུངས་པས་སོ། །འདི་ལ་ཡང་བདག་ཅག་གིས་མི་ཤེས་སོ་ཞེས་རྣམ་སྣང་དང་རྣམ་བཤད་ལས་སོ། །དགེ་ལྷ་ནི། ཐབས་ཀྱིས་བཏང་དུ་ཟིན་ཀྱང་ཡང་དག་པར་ལེན་པས་སེམས་ཅན་ཐམས་ཅད་གྲོལ་བར་བྱེད་པ་ཡིན་ནོ་ཞེས་དང༌། བི་བྷུ་ཏི་ནི། ཀུན་རྫོབ་བྱང་སེམས་བཏང་ཡང་དོན་དམ་བྱང་སེམས་མ་བཏང་བ་ཞེས་དང༌། འདིའི་འགྲེལ་ཆེན་དུ་སེམས་བསྐྱེད་བཏང་ཡང་ཐར་པའི་སེམས་མ་གཏང་བའི་ནུས་པས་ཐར་བ་ཐོབ་ནས་སེམས་ཅན་སྒྲོལ་བ་ལ་ཉེས་པ་མེད་ཅེས་བཤད་དོ། །དེ་ལས་དང་པོ་ནི། མདོ་རྒྱན་ལས། ཉན་ཐོས་བྱང་ཆུབ་ཆེན་པོར་འགྱུར་བར་གསུངས་པ་དེ་ཡིན་ནམ་སྙམ། དེ་ཡང་དགོས་ཆེད་ཀྱིས་བྱང་སེམས་བཏང་ཚུལ་བྱས་ཀྱང་སླར་བླངས་པ་ཡིན་པར་གསུངས། གཉིས་པ་འདི་ཡང་འཐད་ཕྱོགས་སུ་མཛད་པ་འདུག་ཀྱང༷་མཐོང་ལམ་གྱི་བདེན་པ་བདག་མེད་གཉིས་རྟོགས་ཚེ་ཀུན་རྫོབ་བྱང་སེམས་བཏང་བར་ཇི་ལྟར་འཐད་སྙམ་པ་སོགས་གང་ལའང་དཔྱད་གཞི་ཆེ་ཡང་དགོངས་པར་བསླང་བར་བྱོས་ཤིག །དེ་ཡང་སྨོན་སེམས་གཏོང་བ་ལའང༌། དགྲ་མི་ཤ་བོར་བ་ལྟ་བུ་སོགས་སུ་ཡིན་ཀྱང་འདི་ལ་ཕན་འདོགས་པའི་དུས་བྱུང་ན་མི་བཏགས་གནོད་པ་བཟློག་པའི་དུས་བྱུང་ན་ཡང་མི་བཟློག་སྙམ་པས་སེམས་ཅན་བློས་བཏང་བར་དང༌། ཐེག་དམན་དུ་སེམས་བསྐྱེད་པ་དང༌། རྩ་ལྟུང་བྱུང་བ་གསུམ་གྱིས་གཏང་ལ། བྱང་ཆུབ་ཀྱི་སེམས་བཏང་བ་དེ༷་ནི་བྱང་ཆུབ༷་སེམས་དཔ༷འ་རྣམས་ལ༷་ལྟུང༷་བའི༷་ནང༷་ནས༷་ཤིན་ཏུ་ཉེས་པ་ལྕི་བ༷་སྟེ། འཕགས་པ་སྡུད་པ་ལས། གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་རང་རྒྱལ་དགྲ་བཅོམ་ཉིད་ལ་འདོད་བསྐྱེད་ན། །དེ་ནི་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་བས་ཀྱང་ཤིན་ཏུ་ལྕི། །ཞེས་གསུངས་ཤིང༌། དེའི་རྒྱུ་མཚན་འདི༷་ལྟར༷་ལྟུང་བ་དེ༷་ནི༷་བྱུང་༷་བར་གྱུར༷་ན༷་སེམ༷ས་ཅ༷ན་མ་ལུས་པ་ཀུན༷་གྱི༷་དོ༷ན་བསྒྲུབ་པ་ལ༷་ནུས་པ་དམ༷ན་པར་འགྱུར་བའི་ཕྱིར་རོ། །དེ་ལ་སེམས་ཅན་བློས་བཏང་བའི་ལྟུང་བ་བྱུང་ཡང་ཐེག་དམན་གྱི་ཐར་པ་ཐོབ་ནས་ལྷག་མེད་མ་གྲུབ་ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་ཀྱང་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་གྱི་དོན་མི་ནུས་པས་སེམས་ཅན་ཀུན་གྱི་དོན་ལ་དམན་པར་འགྱུར་ལ་སངས་རྒྱས་འགྲུབ་ན་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱེད་པར་འགྱུར་རོ། །དེར་མ་ཟད་གང༷་སེམས་ཅན་གཞ༷ན་འགའ་ཞིག་གིས་ཡུན་རིང་པོར་ལྟ་ཅི་དུས་སྐད༷་ཅིག་གི་བར་ཙམ༷་དུ་ཡ༷ང་བྱང་ཆུབ་སེམས་དཔའ་འདིའི༷་བསོ༷ད་ན༷མས་དགེ་བའི་བར༷་ཆ༷ད་དང་གེ༷གས་བྱེད༷་པར་གྱུར་ན་གེགས་བྱེད་པ༷་དེས་ཀྱང་བྱང་སེམས་དེ་སེ༷མས་ཅ༷ན་ཐམས་ཅད་ཀྱི༷་དོན༷་སྒྲུབ་པ་ལ༷་དམ༷ན་ཞིང་ཉམས་པར་འགྱུར༷་བའི་ལས་བྱས་པ༷ས་བྱེད་པ་པོ་དེ༷་ཡི༷་ང༷ན་འགྲོར༷་སྐྱེ་བའི་གྲངས་མུ༷་མཐ༷འ་ཐུག་པ་མེ༷ད་པ་མྱོང་བར་འགྱུར་ཏེ་རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས། གང་ལ་ལ་ཞིག་གིས་འཛམ་བུ་གླིང་གི་སེམས་ཅན་ཐམས་ཅད་ཀྱི་བདོག་པ་འཕྲོག་ཅིང་སྲོག་བཅད་པ་བས་ཀྱང༌། གང་གིས་བྱང་ཆུབ་སེམས་དཔའི་དགེ་བ་ཐ་ན་དུད་འགྲོ་ལ་ཟན་ཆངས་པ་གཅིག་ཙམ་སྦྱིན་པའི་བར་ཆད་བྱས་ན། དེ་ནི་དེ་བས་སྡིག་པ་ཆེས་གྲངས་མང་དུ་བསྐྱེད་དེ། སངས་རྒྱས་འབྱུང་བ་བསྐྱེད་པའི་དགེ་བ་ལ་བར་ཆད་བྱེད་པའི་ཕྱིར་རོ་ཞེས་གསུངས་སོ། །འདི་ལའང་བསོད་ནམས་ཞེས་བྱང་ཆུབ་སེམས་ཀྱི་བར་ཆད་དང་དེ་བྱེད་མཁན་ལ་རྫོགས་བྱང་ཕྱིར་བཟློག་ཐེག་དམན་སེམས་བསྐྱེད་ཀྱི་རྩ་ལྟུང་དང་དབྱེར་པའི་ཡུལ་བྱང་ཆུབ་སེམས་དཔའ་དེས་སྨོན་སེམས་བཏང་བས་སེམས་ཅན་གྱི་དོན་ལ་དམན་ཞེས་སྔ་མའི་འཐད་པ་ཉིད་དུའང་འགྲེལ་པར་མཛད་དོ། །དེའི་རྒྱུ་མཚན་ནམ་འཐད་པ་སེམས་ཅན་མང་པོ་ལྟ་ཞོག་སེ༷མས་ཅ༷ན་གཅི༷ག་གི༷་མངོན་མཐོའི་བདེ༷་བ༷་ཙམ་ཡ༷ང་བཤི༷ག་ན༷་བད༷ག་ཉིད༷་མངོན་མཐོའི་བདེ་བ་ལས་ཉམ༷ས་ཏེ་ངན་འགྲོར་སྐྱེ་བར་འགྱུར༷་ཞེས་མདོ་ལས་གསུང༷ས་ན་བྱང་ཆུབ་སེམས་དཔའི་དགེ་བའི་བར་ཆད་བྱས་པས་ནི་ན༷མ་མཁ༷འ་ཡི་ཁམས་མ༷་ལུས༷་མཐ༷འ་ཀླས༷་པའི༷་ལུས༷་ཅན༷་སེམས་ཅན་རྣམས་ཀྱི་བདེ༷་བ་ཆེན་པོའི་རྒྱུ་བཤི༷ག་པས་བདེ་འགྲོ་ལས་ཉམས་ཤིང་ངན་འགྲོར་མུ་མཐའ་མེད་པར་སྐྱེ་བར་འགྱུར་བ་ལྟ་སྨོས༷་ཀྱང་ཅི༷་དགོ༷ས་སོ། །དེའི་རྒྱུ་མཚན་ཡང་དེའི་བྱང་ཆུབ་སེམས་བསྐྱེད་ཀྱི་གེགས་མ་བྱས་ན་སངས་རྒྱས་འགྲུབ་ལ་དེ་འགྲུབ་ན་སྐུའི་འོད་ཟེར་སྣ་ཚོགས་ངན་སོང་གསུམ་སོགས་སུ་བཀྱེས་ནས་དེ་དག་གནས་སྐབས་སུ་བདེ་བ་ལ་འགོད་པ་སོགས་སེམས་ཅན་ཐམས་ཅད་རིམ་གྱིས། བྱང་ཆུབ་ཆེན་པོ་སངས་རྒྱས་ཀྱི་བདེ་བ་ལ་འགོད་པར་མཛད་པས་སོ། །དེ་ལྟ་བུའི་ལྟུང་བ་བྱུང་ཡང་སོར་སྡོམ་དང་མི་འདྲ་བས་གཉེན་པོས་བཤགས་ཏེ་སླར་སེམས་བསྐྱེད་བླང་བས་གསོ་བར་བྱའོ་སྙམས་ན་གོང་དུ་བཤད་པ་དེ༷་ལྟར༷་རེས་འགའ་བྱང་ཆུབ་ཀྱི་སེམས་བཏང་བའི་ལྟུང༷་བ༷་སྟོབ༷ས་ལྡན༷་བྱུང་བ་དང༷་རེས་འགའ་བྱང༷་ཆུབ༷་ཀྱི་སེ༷མས་སྟོབ༷ས་དང་ལྡན་པ༷་བླང་བ་དག༷་འཁོ༷ར་བ༷ར་རེ༷ས་མོ༷ས་ཀྱིས༷་འདྲེ༷་བར་བྱེད༷་ན༷་ཡང༌། གནས་སྐབས་ས༷་དང་པོ་སོགས་ཐོབ༷་པ༷་ལ༷་ཡུན་རི༷ང་དུ་ཐོ༷གས་ན་མཐར་ཐུག་གི་བྱང་ཆུབ་ཆེན་པོར་ཐོབ་པ་ལ་ལྟ་སྨོས་ཀྱང་ཅི་དགོས། དེ་ལ་གལ་ཏེ་ལྟུང་བ་བཤགས་སྟོབས་ཀྱིས་དག་ནས་ངན་སོང་དུ་མ་སྐྱེས་ཀྱང་རང་རྒྱུད་ལ་ཡོན་ཏན་གསར་དུ་སྐྱེ་བའི་གེགས་བྱེད་པས་ན་ས་ཐོབ་པ་ལ་སོགས་པའི་ཡོན་ཏན་སྐྱེ་བ་ལ་ཡུན་རིང་དུ་ཐོགས་པར་འགྱུར་ཏེ། དཔེར་ན་ཏེ་ལོ་བས་ཞག་བདུན་གྱིས་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་བ་ལས་ཏིལ་སྤར་གང་ལྐོག་ནས་བླངས་བས་ཟླ་བ་བདུན་འགྱང་བ་ལྟ་བུའོ། །ཞེས་ཀྱང་གསུང༌། རྒྱུ་མཚན་དེ་ལྟས༷་ཏེ་དེ་ལྟ་བས་ན་སེམས་བསྐྱེད་པའི་དུས་སུ་ཇི༷་ལྟར༷་ཁས་བླང་ཞིང་དམ༷་བཅ༷ས་པ་བཞི༷ན་དུ། བདག༷་གི༷ས་བསླབ་པ་ལ་གུས༷་པ༷ས་བག་ཡོད་པའི་སྒོ་ནས་བསྒྲུབ༷་པ་ལ་འབད་པ༷ར་བྱའོ། །གཉིས་པ་ནི། དེང༷་ན༷ས་སམ་དེ་རིང་ནས་བསླབ་པར་བྱ་བའི་བླང་དོར་གྱི་གནས་ལ་བརྩོ༷ན་པར༷་མ༷་བྱ༷ས་ན༷་ལྟུང་བའི་དབང་གིས་འདི་ནས་དུད་འགྲོ་ལ་སོགས་པར་འོ༷ག་ན༷ས་འོ༷ག་ཏུ༷་ངན་སོང་ནས་ངན་སོང་དུ་སྐྱེ་བ་བརྒྱུད་མར་འགྲོ༷་ཞིང་སྡུག་བསྔལ་མྱོང་བ༷ར་འགྱུར༷་རོ། །འོན་ཀྱང་བདག་གིས་བརྩོན་པར་མ་ནུས་ནའང་སངས་རྒྱས་བྱང་སེམས་བླ་མ་རྣམས་ཀྱིས་བདག་ངན་སོང་དུ་མི་གཏོང་བར་མཐོ་རིས་དང་ཐར་པའི་ལམ་དུ་འདྲེན་འགྲོའོ་སྙམ་ན། སྔར་ཡང་རང་དོན་ཡིད་བྱེད་མེད་པར་སེམས་ཅ༷ན་ཐ༷མས་ཅ༷ད་ལ་ཕ༷ན་པ་དང་བདེ་བ་འབའ་ཞིག་མཛ༷ད་པའི༷་སང༷ས་རྒྱས༷་བཅོམ་ལྡན་འདས་གྲང༷ས་མེ༷ད་པ་བྱོན་ནས་སེམས་ཅན་གྱི་དོན་མཛད་དེ་འད༷ས་པར་གྱུར༷་ཀྱང༷༌། དཔེར་ན་གསོར་མི་རུང་བའི་ནད་པ་ལ་སྨན་པས་ཕན་མི་ཐོགས་པ་བཞིན་དུ་བད༷ག་ནི༷་ར༷ང་གི༷་སྡིག་པ་མི་དགེ་བ་བྱས་པའི་ཉེ༷ས་པ༷ས་སངས་རྒྱས་མང་པོ་དེ༷འི་གསོ༷་བའི༷་སྟེ་ཕན་གདགས་ཤིང་འདྲེན་པའི་སྤྱོད༷་ཡུལ༷་དུ་མ༷་གྱུར༷་ཏོ༷། །དེ་ཡང་དཔེར་ན་འཇིག་རྟེན་གསུམ་གྱི་བླ་མ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་བདག་ཅག་གི་སྟོན་པའི་མདུན་དུ་ལྷས་སྦྱིན་མངོན་སུམ་དུ་དམྱལ་བར་ལྟུང་བ་འདྲེན་དུ་མ་བྱུང་བ་ལྟར་རོ། །ད༷་དུང༷་ངམ་ད་རུང་ཡང་སྔར་གྱི་སྤྱོད་པ་དམན་པ་དེ༷་བཞི༷ན་དུ་བད༷ག་གིས་དགེ་བ་མི་བསྒྲུབ་པར་སྡིག་པ་མི་དགེ་བ་བྱེད༷་ན༷། ལན་གཅིག་མ་ཡིན་པར་ཡ༷ང་དང༷་ཡ༷ང་དུ༷འ༷ང་འོག་ནས་འོག་ཏུ་འགྲོ་བ་དེ༷་བཞི༷ན་དུ་འགྱུར་ཏེ། ང༷ན་འགྲོ༷ར་སྐྱེ་ཞིང་གལ་ཏེ་དེ་ལས་ཐར་ནས་མངོན་མཐོར་སྐྱེས་ན་ཡང་ལས་ཀྱི་ལྷག་མ་ནད་མང་བ་དང༷་ལྕགས་སྒྲོག་སོགས་ཀྱིས་འཆི༷ང་བ༷་དང༷༌། རལ་གྲི་སོགས་ཀྱིས་བཅ༷ད་པ་དང༷་དགྲ་སྟྭ་སོགས་ཀྱིས་བཤ༷གས་པ་སོ༷གས་ཀྱི་སྡུག་བསྔལ་མྱོང༷་བ༷ར་འགྱུར༷་རོ། །གཉིས་པ་རྟེན་དལ་འབྱོར་ལ་བསམ་སྟེ་བག་ཡོད་པར་བྱ་བ་ལ་དལ་འབྱོར་རྙེད་དཀའི་ཚུལ་ལ་བསམ་སྟེ་བག་ཡོད་པར་བྱ་བ། ངན་སོང་ལས་ཐར་དཀའ་བ་ལ་བསམ་སྟེ་བག་ཡོད་པར་བྱ་བ། དལ་འབྱོར་ཐོབ་དུས་དགེ་བ་ལ་འབད་དགོས་པར་བསྟན་པ་དང་གསུམ་ལས། དང་པོ་ནི། ཨུ་དུམ་ཝཱ་རའི་མེ་ཏོག་ལྟར་དེ༷་བཞི༷ན་གཤེ༷གས་པ༷་འཇིག་རྟེན་དུ་བྱོན་པའམ་འབྱུང༷་བ༷་དང༷༌། དེའི་བསྟན་པ་ལ་ད༷ད་པ་ཡོད་པ་དང༷༌། རྟེན་དལ་འབྱོར་གྱི་མི༷་ལུས༷་རིན་པོ་ཆེ་ཐོབ༷་པ༷་དང༷་གསུམ་གྱིས་རིམ་པར་གཞན་འབྱོར་དང་རང་འབྱོར་ལྡན་པ། མི་ཁོམས་པ་སྤང་བས་དལ་བ་དང་གསུམ་བསྟན་ཏོ། །མཐུན་རྐྱེན་འཛོམས་ཤིང་འགལ་རྐྱེན་མེད་པས་དགེ༷་བ་ལ་གོ༷མས་ཤིང་འགྲུབ་ཏུ་རུང༷་བ༷ས་དེ༷་ལྟ༷་བུ༷་ནི་ཤིན་ཏུ་རྙེད་པར་དཀོན་པ་ཡིན་ན༷་ད་རེས་ཙམ་ལས་དུས་གཞན་ནམ༷་ཞིག༷་རྙེད་ཅིང་ཐོབ༷་པ༷ར་འགྱུར༷་ཏེ་མི་འགྱུར་བས་ན་དལ་འབྱོར་ཐོབ་པ་དོན་ལྡན་ལ་འབད་པར་བྱ་དགོས་སོ། །དེ་ཡང་འགལ་རྐྱེན་ནད༷་མེ༷ད་པའི་ཉི༷་མ༷་འདི༷་ལྟ༷་བུ༷་དང་ལྡན་ཞིང༌། མཐུན་རྐྱེན་ཟ༷ས་གོས་ལ་སོགས་པ་དང་བཅ༷ས་ཤིང་དགྲ་གདོན་སོགས་ཀྱིས་ཉེ་བར་འཚེ༷་བ༷་མེ༷ད་ཀྱང༷་ནི༷། གསོན་པའི་ཚེ༷་འདི༷་ནི༷་སྐད༷་ཅི༷ག་ཙམ་དུ་ཡང་ཡིད་བརྟན་མི་རུང་བས་བསླུ༷་བ༷་སྟེ༷་སྐད་ཅིག་སྐད་ཅིག་གིས་ཟད་པར་འགྱུར་ཞིང༌། ལུས༷་འདི་ནི༷་ཡུན་རིང་མི་གནས་པས་ཐ༷ང་གཅི༷ག་གི་བརྙན༷་པོ༷འམ་གཡར་པོའི་ཀ་ཆ་བཞི༷ན་དུ་གཏན་དུ་སྤྱོད་པའི་དབང་མེད་པར་བདག་པོ་དང་འདྲ་བའི་འཆི་བདག་གིས་ནམ་ལེན་ངེས་པ་མེད་དོ། །བད༷ག་གི༷་སྔོན་ཆད་ཀྱི་སྤྱོད་པ་བླང་དོར་ལ་བག་མེད་པར་མི་དགེ་བ་སྤྱོད༷་པ༷་འདི༷་འདྲ༷ས་གནས་པར་བྱེད་ན་ནི༷་ད་ཕྱིན་ཆད་ཐར་པ་ལྟ་ཅི་མཐོ་རིས་མི༷་ཡི༷་ལ༷ས་ཀྱང་འཐོ༷བ་པར་མི༷་འགྱུར༷་བ། དཔེར་ན་སྔོན་ཀླུའི་རྒྱལ་པོ་རྒྱ་མཚོས་དེ་བཞིན་གཤེགས་པ་རྒྱ་མཚོའི་ནང་དུ་སྤྱན་དྲངས་ཚེ་སྔོན་བདག་འདིར་སྐྱེ་དུས་ཀླུ་ཉུང་ལ་ད་ནི་མང་བས་རྒྱ་མཚོར་མི་ཤོང་བ་ལྟ་བུ་ཅི་ལགས་ཞུས་པ་ལ་བཅས་པ་དང་མ་འབྲེལ་བ་དང་འབྲེལ་བའི་ལྟུང་བ་བྱུང་བས་ཡིན་པ་གསུངས་པ་ལྟར་རོ། །མི༷་ལུས༷་རིན་པོ་ཆེ་ཐོབ༷་པ༷ར་མ༷་གྱུར༷་པར་ངན་སོང་གསུམ་དུ་སྐྱེས་པར་གྱུར་ན༷། སྡིག༷་པ༷་འབ༷འ་ཞིག༷་བསྒྲུབ་པ་ལས་དགེ༷་བ༷་སྒྲུབ་པའི་གོ་སྐབས་མེ༷ད་དེ། དེ་ཡང་དུད་འགྲོ་ཕལ་ཆེར་གཞན་གྱི་སྲོག་བཅད་ནས་ཤ་ཁྲག་མ་རྙེད་ན་སྲོག་མི་འཚོ་ཞིང་གཞན་གསོད་ཐབས་ལ་མི་བས་ཀྱང་མཁས་པ་ལྟ་བུ་དང༌། དེའི་འཐད་པ་ནི་འདི་འདྲའི་དལ་འབྱོར་ཐོབ་པ་གང༷་གི་ཚེ༷་སྒོ་གསུམ་དགེ༷་བ་ལ་སྤྱད༷་དུ་རུང་བའི་སྐལ༷་བ་དང་ལྡན༷་བཞིན་དུ་ཡང༷༌། དགེ༷་བ་ཅུང་ཟད་ཙམ་ཡང་བད༷ག་གི༷ས་མ༷་བྱས༷་པར་གྱུར་ན༷། ཚེ་ཕྱི་མ་སྡིག་པའི་འབྲས་བུ་ང༷ན་སོ༷ང་དུ་དམྱལ་བ་ལ་སོགས་པའི་སྡུག༷་བསྔ༷ལ་གྱིས་གཟིར་ཞིང་བླང་དོར་ལ་ཀུན༷་ཏུ༷་རྨོང༷ས་པ༷་རུ་གྱུར་པ། དེ༷་ཡི་ཚེ༷་བད༷ག་གི༷ས་དགེ་བ་ཅི༷་ཞིག་བྱར༷་ཡོ༷ད་དེ་བྱ་ཐབས་མེད་དོ། །ངན་འགྲོ་ལས་བཟློག་པར་ཡང་མི་ནུས་ཏེ་འདི་ལྟར་བདག་གིས་ནི་དགེ༷་བ༷་ཆུང་ངུ་དག༷་ཀྱང༷་མ༷་བྱས༷་ལ༷་སྡིག་པ༷་ཆེན་པོ་སྣ་ཚོགས་པ་དག༷་ཀྱང༷་ཉེར༷་ཏེ་ཉེ་བ༷ར་བས༷གས་ན༷་ཡུན་རིང་པོར་བསྐལ༷་པ༷་བྱེ༷་བ་ཕྲག་བརྒྱར༷་ཡ༷ང་ནི༷་ངན་འགྲོར་བརྒྱུད་མར་ལྟུང་བ་ལས་བདེ་འགྲོར་སྐྱེ་བ་ལྟ་ཅི། ཐ་ན་བདེ༷་འགྲོའི༷་སྒྲ༷་ཙམ་ཡ༷ང་ཐོ༷ས་པར་མི༷་འགྱུར༷་རོ། །རྒྱུ་མཚན་དེ༷་ཉིད༷་ཀྱི་ཕྱིར༷་ན༷་བཅོ༷མ་ལྡན༷་འདས་ཀྱིས༷་ཡང་དག་པར་གདམས་པའི་མདོ་ལས་བརྟག་པ་མཐའ་བཟུང་གི་དཔེར་གསུངས་པ་ས་གཞི་འདི་ཐམས་ཅད་རྒྱ་མཚོ༷ར་ཆེ༷ར་གྱུར་ཞིང་དེའི་ཁར་རླུང་གིས་ཕྱོགས་ཐམས་ཅད་དུ་ཁུར་ཞིང་གཡེ༷ང་བའི་གཉ༷འ་ཤིང༷་བུ་ག་གཅིག་པ་ཞིག་གི༷་བུ༷་ག༷ར་རུས༷་སྦལ༷་ལོ༷ང་བ་ལོ་བརྒྱ་བརྒྱ་རེའི་མཚམས་སུ་སྟེང་དུ་ལན་རེ་འོང་བས་མགྲི༷ན་པ་ཆུད༷་སྲིད་པ་ཙམ་ཡིན་གྱི་རྒྱ་མཚོ་རྒྱ་ཆེ་ཞིང་གཉའ་ཤིང་ལ་སེམས་མེད་ཅིང་རུས་སྦལ་ལ་མིག་མེད་པ་ལ་སོགས་པའི་ཕྱིར་ན་ཤིན་ཏུ་དཀོན་པ་ལྟར༷། མི༷་ལུས་ཉིད༷་དེ་བས་ཤིན༷་ཏུ༷་ཐོབ་པར་དཀའ་ཞེས་ཐོབ༷་པར་དཀ༷འ་བར་གསུང༷ས་སོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའ་ལ་ངན་སེམས་སྐྱེས་པའམ་མཚམས་མེད་པར་བྱས་པ་ལྟ་བུ་དུས་མཐའའམ་བྱ་རྫོགས་ཀྱི་སྐད༷་ཅི༷ག་མ་གཅི༷ག་ལ་བྱས༷་པའི་སྡིག༷་པས་ཀྱང༷་དུས་ཡུན་རིང་པོ་བར་གྱི་བསྐལ༷་པའམ་བསྐལ་བ༷ར་མན༷ར་མེད༷་དུ་གན༷ས་ཏེ་སྡུག་བསྔལ་མྱོང་བར་འགྱུ༷ར་རོ་ཞེས་གསུངས་ན༷། དུས་ཐོ༷ག་མ་མེ༷ད་ནས་ད་ལྟའི་བར་དུ་འཁོ༷ར་བ༷ར་བས༷གས་པའི༷་སྡིག༷་པ་མི་དགེ་བ་བྱས་པའི་དབང་གིས༷། ངན་སོང་དུ་ཡུན་རིང་པོར་ཐར་པ་མེད་པར་སྡུག་བསྔལ་མྱོང་བར་འགྱུར་བ་ལས་བདེ༷་འགྲོ༷འི་མི་འགྲོ༷་བ་ལྟ་སྨོས༷་ཀྱང་ཅི༷་དགོ༷ས་ཏེ་བཤད་མི་དགོ༷ས་སོ། །དེ་ལ་སྤྱིར་རྒྱུ་ཆུང་ཡང་འབྲས་བུ་ཆེ་བ་སྲོག་གཅོད་པ་ན་དུས་ཐུང་ཡང་འབྲས་བུ་ཡུན་རིང་པོ་བར་གྱི་བསྐལ་བར་དམྱལ་བའི་སྡུག་བསྔལ་མྱོང་དགོས་པ་ལྟ་བུ་ཡིན་པས་ན་རང་རེ་རྣམས་ཀྱིས་དུས་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་མྱོང་ནས་ཟད་པ་དང་བཤགས་ནས་དག་ཟིན་པ་མ་ཡིན་པ་ཅི་ཙམ་ཞིག་རང་རང་གི་རྒྱུད་ན་མེད། དེར་མ་ཟད་ད་ལྟར་ལུས་འདིའི་སྟེང་ནས་དུས་སྐད་ཅིག་རེ་ཡང་རྟོག་ངན་གྱིས་དམྱལ་བར་སྐྱེ་བའི་ལས་ངན་ཅི་ཙམ་ཞིག་མ་བསགས་དེས་ན་སྐྱེས་ནས་མ་ཤི་བའི་བར་དུ་ལས་ངན་བསགས་པ་འདིས་དམྱལ་བ་ནས་ཐར་པའི་དུས་ཡོད་དཀའ་བ་ཡིན་ལ། ལས་རྣམས་ཀྱི་མྱོང་ཚུལ་ནི། མཛོད་ལས། ལས་ཀྱི་འཁོར་བར་ལྕི་གང་དང༌། །ཉེ་བ་གང་དང་གོམས་པ་དང༌། །སྔོན་བྱས་གང་ཡིན་དེ་དག་ལས། །སྔ་མ་སྔ་མ་སྨིན་པར་འགྱུར། །ཞེས་གསུངས་པ་ལྟར་དགེ་སྡིག་གི་འབྲས་བུ་སྨིན་པའི་སྔ་ཕྱིའང་འཆི་ཚེ་གང་དང་ཉེ་བའི་མྱོང་འགྱུར་གྱི་ལས་དེ་སྔོན་ལ་མྱོང༌། དེ་མེད་ན་གང་ལ་གོམ་པ་ཤུགས་ཆེ་བ་དེའམ་དེ་མེད་ན་སྔ་མ་སྔ་མ་རྣམས་སྔོན་ལ་མྱོང་བར་གསུངས་པས་ན་སྡིག་ཅན་འཆི་ཚེ་སྔོན་གྱི་དགེ་བས་བདེ་འགྲོ་འཐོབ་པ་དང༌། ཆོས་ལྡན་ལ་ནི་ཚེ་སྔོན་གྱི་མི་དགེ་བས་དམྱལ་བར་མི་སྐྱེ་བའི་ངེས་པ་མེད་དེ། དེས་བཤགས་མྱོང་གིས་སྔོན་གྱི་ལས་ངན་ཐམས་ཅད་དག་ཅིང་ཟད་པར་མ་ངེས་པའི་ཕྱིར་རོ། །དེ་ལྟ་ནའང་སྔར་བྱས་པའི་ལས་ཀྱི་འབྲས་བུ་ངན་སོང་གི་སྡུག་བསྔལ་དེ་མྱང་བས་ཟད་ནས་ཐར་པར་འགྱུར་རོ་སྙམ་ན། དམྱལ་བ་ལ་སོགས་པའི་ངན་སོང་གི་སྡུག་བསྔལ་དེ༷་ཙ༷མ་ཞིག་ཁོ༷་ན༷་མྱོང༷་བར་གྱུར༷་ནས༷་ཀྱང་ལས་ངན་པའི་སེམས་ཅན་འདི༷་ནི༷་ངན་སོང་གི་གནས་དེ་ལས་རྣམ༷་པར་ཐར༷་པ་མི༷་འགྱུར༷་ཏེ༷། དེའི་རྒྱུ་མཚན་འདི༷་ལྟར༷་སྔར་བྱས་པའི་ལས་ངན་གྱི་འབྲས་བུ་ངན་སོང་གི་སྡུག་བསྔལ་དེ༷་ནི༷་མྱོང༷་བཞི༷ན་ཏུ༷་ཡང༌། རྒྱུ་མཐུན་གྱི་འབྲས་བུ་གནོད་སེམས་དང་ཁོང་ཁྲོར་དང་སྲོག་གཅོད་པ་ལ་སོགས་པའི་སྡིག༷་པ༷་གཞ༷ན་དག༷་ནི་ར༷བ་ཏུ་སྐྱེ༷་ཞིང་གསོག་པར་འགྱུར་ཏེ། དཔེར་ན་ཁྲ་དང་སྤྱང་ཀུ་དང་ནབས་སོ་དང་འགྲོ་མགྱོགས་གཉིས་ཀྱི་ལོ་རྒྱུས་ལ་སོགས་པ་ལྟ་བུའོ། །དེ་ལ་སྤྱིར་ཤེས་བྱ་མངོན་གྱུར་རྣམས་མངོན་སུམ་དང་ལྐོག་གྱུར་རྣམས་རྗེས་དཔག་དང༌། ཤིན་ཏུ་ལྐོག་གྱུར་ལས་རྒྱུ་འབྲས་རྣམས་རྒྱལ་བའི་བཀའ་ལུང་ཚད་མ་རྣམས་ཀྱིས་གཞལ་དགོས་ལ་འདི་རིགས་པས་སྒྲུབ་བྱེད་དུ་གསུང་པ་ལྟར་ན་རིགས་པ་ལ་བྱ་བྱེད་ལྟོས་པ་ཆོས་ཉིད་འཐད་སྒྲུབ་ཀྱི་རིགས་པ་བཞི་ལས་ཕྱི་མ་ཡིན་ནོ། །འོན་ཀྱང་དམྱལ་བའི་འགྲོ་བ་རྣམ་སྨིན་གྱི་ས་པ་ཡིན་པས་རྒྱུ་ལས་གསོག་པ་དང་དེའི་འབྲས་བུ་ཡང་རིམ་གྱིས་མྱོང་ན་ནམ་ཡང་དེ་ལས་ཐར་བའི་སྐབས་མེད་པ་ཞིག་ཏུ་འགྱུར་བའི་ཕྱིར་འདིའི་དགོངས་པ་ཇི་ལྟར་ཡིན་མ་ཤེས་པས་མཁས་པ་རྣམས་ཀྱིས་ལེགས་པར་དཔྱད་པར་ཞུ། གསུམ་པ་ནི། དམ་པའི་ཆོས་བསྒྲུབ་ན་འགྲུབ་རུང་བ་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེན་འདི༷་འདྲ༷འི་ད༷ལ་བ༷་མི་ལུས་རིན་པོ་ཆེ་འདི་འདྲ་བརྙེད༷་དེ་ཆོས་དང་བླ་མ་བཟང་པོ་ལ་འཕྲད་པར་གྱུར༷་ན༷ས་བད༷ག་གི༷ས་རབ་ཚེ་འདིར་གཏན་སྲིད་ཟིན་པ་དང༌། འབྲིང་ཕྱི་མ་མི་ལུས་ཐོབ་ནས་བྱང་ཆུབ་སེམས་དཔའི་རིགས་སད་ཐུབ་པ་དང༌། ཐ་ན་འཆི་ཁར་འགྱོད་པ་མེད་པའི་དགེ༷་བ་ལ་ཅི་ཡང་གོ༷མས་པར་མ༷་བྱས༷་པའམ་དགེ་བ་ཅི་ཡང་མི་བསྒྲུབ་པར་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་ཡེངས་མ་ལམ་ལ་མི་ཚེ་སྟོང་ཟད་བྱས་ན༷་རང་གི་རང་བསླུས་པ་འདི༷་ལ༷ས་བསླུས༷་ན་བསླུ་ཚབ་ཆེ་བར་གྱུར་པ༷་གཞ༷ན་གཅིག་ཀྱང་མེ༷ད་དེ༷་རང་གིས་རང་རྨོངས་པར་བྱས་པ་འདི༷་ལ༷ས་བླང་དོར་ལ་ཤིན་ཏུ་རྨོང༷ས་ཚབ་ཆེ་བར་གྱུར་པ༷འང༷་གཞ༷ན་འགའ་ཡང་མེ༷ད་དོ༷། །དེས་ན་ཡུལ་བསླུ་བྲིད་མཁས་པས་རྗེས་སུ་མི་འབྲང༌། རིག་པ་ཅོལ་ཆུང་བས་རྨོངས་པའི་གཞན་དབང་དུ་མི་གཏོང་བར་བག་ཡོད་བསྐྱེད་དེ་དམ་པའི་ཆོས་རྣམ་དག་ཞིག་བསྒྲུབ་དགོས་སོ། །ག༷ལ་ཏེ༷་བད༷ག་གི༷ས་དལ་འབྱོར་ཐོབ་དུས་དགེ་བ་མ་བསྒྲུབ་ན་རང་གིས་རང་ཤིན་ཏུ་བསླུས་ཤིང་རྨོངས་ཚབ་ཆེས་ཆེ་བ་དེ༷་རྟོག༷ས་པའམ་ཤེས་ན༷ས་ཀྱང་སྨིག་རྒྱུའི་ཆུས་རི་དྭགས་བསླུས་པ་བཞིན་དུ་འདོད་ཡོན་ལ་སྲེད་ཅིང་རྙེད་བཀུར་སྙན་གྲགས་སོགས་བསྒྲུབ་པས་འཁྲུལ་ཞིང་རྨོང༷ས་པའི་དབང་དུ་གྱུར་པ༷ས་ད་དུང་ངམ་ཕྱིས༷་ཀྱང༷་བདག་ལྟས་ཆོས་བསྒྲུབ་མི་ནུས་སོ་སྙམས་པས་ཡིད་ཆད་ཅིང་སྒྱིད་ལུགས་པ་སྟེ། རང་གི་ཆོས་སྐལ་རང་གིས་བཅད་དེ་རིག་པ་ངན་པས་སློབ་གཉེར་མི་ཤེས་ང་ཞེ་སྡང་ཆེ་བས་སྙིང་རྗེ་མི་འོང་ང་རྣམ་གཡེང་ཆེ་བས་བརྩོན་འགྲུས་མི་ནུས་ཞེས་པ་ལ་སོགས་པས་རང་གིས་རང་བརྙས་ནས་མི་ཚེ་སྟོང་ཟད་བྱས་ནས་རང་གིས་རང་ཕུང་བར་བྱས་ན༷། ཚེ་འདིའི་མཐར་ནི་འཆི༷་བ༷ར་འགྱུར༷་བ༷འི་དུས༷་ཀྱི༷་ཚེ༷། སྐྱེ་དཀའ་བ་འཛམ་བུའི་གླིང་དུ་སྐྱེས། ཐོབ་དཀའ་བ་དལ་འབྱོར་གྱི་མི་ལུས་ཐོབ། མཇལ་དཀའ་བ་བླ་མ་དང་ཆོས་དང་མཇལ་བས་དམ་པའི་ཆོས་ཤིག་བསྒྲུབ་ན་འགྲུབ་པར་འགྱུར་བ་ལ་བདག་གིས་མ་བསྒྲུབས་པ་ང་རེ་འགྱོད་སྙམ་དུ་བྲང་སེན་རྗེས་ཀྱིས་བཀང་ནས་སེམས་ལ་མྱ་ང༷ན་ཆེ༷ན་པོ༷་ལྡང༷་བའམ་སྐྱེ་བ༷ར་འགྱུར༷་ལ་ཤི་འཕོས་ནས་ཀྱང་དམྱལ་བར་ལྟུང་སྟེ། ཐ་མལ་ཙན་དན་དུས་མཐའ་དང༌། དམྱལ་མེ་རྣམས་ནི་བདུན་འགྱུར་རོ། །ཞེས་པའི་དམྱལ༷་བའི་མེ༷་ཤིན་ཏུ་བཟོ༷ད་པར་དཀ༷ས་ཞེས་བཟོད་དཀའ་བས་དུས་ཡུན༷་རིང༷་དུ༷་བད༷ག་གི༷་ལུས༷་ཀྱང་ད་ལྟ་ལས་ཤིན་ཏུ་གཞོན་ཤ་ཅན་ལ༷་བསྲེག༷གས་པའི་སྡུག་བསྔལ་མྱོང་བར་གྱུར༷་པའི་ཚེ་ན༷། བདག་གིས་ཆོས་ཞིག་བསྒྲུབས་ན་འདི་འདྲ་མྱོང་དོན་མེད་པས་ཆོས་ཞིག་མ་འགྲུབ་བོ་སྙམ་དུ་བསམས་ནས་སམ་དམྱལ་བ་ལྷུང་རྣམས་ཀྱིས་ལས་འདི་ལྟ་བུ་བྱས་པས་སྡུག་བསྔལ་འདི་མྱོངས་པ་ཡིན་ནོ་ཟེར་བ་ན་ནང་སེམས་ལ་འགྱོད༷་པ༷་མི༷་བཟ༷ད་པ་མེ༷་རབ་ཏུ་འབ༷ར་བ་དང༷་འདྲ་བ་སྐྱེ་བ༷ས་སེམ༷ས་ལ་སྡུག་བསྔལ་གྱི་གདུང༷་བ་དྲག་པོ་བཟོད་པར་དཀའ་བ་མྱོང་བར་འགྱུར༷་བ༷ར་གདོ༷ན་མི༷་ཟ༷་བ་སྟེ་ཐེ་ཚོམ་མེད་དོ། །རྒྱུ་དཔེ་གྲངས་གསུམ་གང་ལ་བསམ་ན་ཤིན༷་ཏུ༷་རྙེད༷་པར་དཀ༷འ་བ་རྙེད་ན༷ས་ཕ༷ན་བདེ་སྒྲུབ་པའི༷་གཞིའམ་ས༷་ཆ་དགེ་བ་དམ་པའི་ཆོས་བསྒྲུབ་ཆོག་པའི་དལ་འབྱོར་གྱི་ལུས་འདི་འདྲ་བ། ཇི༷་ཞི༷ག་ལྟར༷་ཡུན་རིང་པོ་ནས་མ་རྙེད་པ་ད་རེས་བསོད་ནམས་ཀྱི་སྟེས༷་དབང་གིས་རྙེད༷་པར་གྱུར༷་ནས༷་བད༷ག་རང་ཉིད༷་སྨྱོ་འཁྲུལ་གྱི་དབང་དུ་མ་སོང་ཞིང་ཕན་གནོད་ངོ་ཤེ༷ས་པའི་སེམས་ད༷ང་ལྡན༷་བཞི༷ན་དུ༷་སླར་ཡང་ངམ་ཕྱིར༷་ཡ༷ང་སྡིག་པ་མི་དགེ་བ་བྱས་ཏེ་སྔར་སྐྱེས་པའི་གནས་དམྱལ༷་བ༷་དེར༷་རང་གིས་རང་ཁྲིད༷་འགྲོ་ན༷་ཞེས་དམྱལ་བ་ནས་འདིར་འོང་བ་ཡིན་པར་ཅིས་ཤེས་ན་དཔེར་ན་ཕ་རྒྱ་མཚོར་འགྲོ་ཚེ་བུ་གཞོན་ནུའི་ཆེད་དུ་གཉེན་རྣམས་ལ་ཁ་ཆེམ་བཞག་པ་ལྟར་དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་ཁར་འཕགས་མཆོག་སྤྱན་རས་གཟིགས་དང་འཇམ་པའི་དབྱངས་སོགས་ལ་བདག་ཉིད་ལ་ཅུང་ཟད་འབྲེལ་བ་ཐོགས་པ་ད་ལྟ་དམྱལ་བ་ན་གནས་པའི་སེམས་ཅན་རྣམས་ནམ་ཞིག་དེ་ལས་ཐར་ཏེ་མི་ལུས་ཐོབ་པའི་ཚེ་དེ་རྣམས་ལ་བདག་གིས་བསྐལ་པ་གྲངས་མེད་གསུམ་དུ་བསགས་པའི་ཆོས་ཀྱི་མཛོད་འདི་གཏོད་ཅིག་ཅེས་བཀའ་སྩལ་པ་འདིས་ཤེས་པས་ན་གནས་དེར་སླར་རང་གི་རང་འཁྲིད་ཅིང་བརླག་པར་བྱེད་ན། འགའ་ཞིག་གིས་རིགས་སྔག༷ས་ཀྱིས༷་མགོ་འཁོར་སྒྲུབ་པས་རྨོང༷ས་པ༷ར་བྱས༷་པ༷་བཞི༷ན་དུ་གྱུར་པ་ཡིན་ནམ། བད༷ག་ལ༷་དེང་གི་སྐབས་འདི༷ར་ཕན་གནོད་ངོ་ཤེས་པའི་སེ༷མས་མེ༷ད་པ་ཉིད་དུ༷་ཟ༷ད་དེ། ཀུན་མཁྱེན་ཆེན་པོས། བཤད་པས་མི་གོ་བསྟན་ཡང་མི་རྟོགས་པ། །བདག་སྙིང་ལྕགས་ཀྱི་གར་བུ་ཆེན་པོའམ། །རྡོ་ཡི་ཁམས་བཞིན་སེམས་པ་མེད་པར་ཟད། །ཞེས་གསུངས་པ་ལྟར་སེམས་མེད་པ་ཡིན་ནམ། །ལེགས་པར་བརྟགས་ན་དེ་གཉིས་གང་ཡང་མ་ཡིན་མོད་འོན་ཀྱང་རྒྱུ་ཅིས༷་རྨོང༷ས་ཤིང་འཁྲུལ་པ་ཡིན་པའི་ཚུལ་བད༷ག་གིས་ཀྱང༷་མ༷་ཤེ༷ས་ཏེ། བད༷ག་གི༷་ལུས་ཀྱི་ཁོ༷ང་འདི་ན༷་ཚུལ་ཁྲིམས་བསྲུང་བ་དང་ཐོས་བསམ་བྱེད་པ་སོགས་དམ་པའི་ཆོས་ཤིག་བསྒྲུབ་སྙམས་ཀྱང་རང་དབང་མེད་པར་བསྒྲུབ་ཏུ་མི་འཇུག་པས་རྨོངས་པར་བྱེད་པ་པོ་ཅི༷་ཞིག༷་ཡོ༷ད་དེ་ཅིག་ཡོད་ངེས་པས་ད་སྔ་ངོས་མ་ཟིན་པས་འདི་ཅི་ཞིག་ཡིན་ཞེས་ཡང་ཡང་བརྟགས་དགོས་སོ། །གསུམ་པ་སྤང་བྱ་ཉོན་མོངས་པ་ལ་བསམ་སྟེ་བག་ཡོད་པར་བྱ་བ་ལ། ཉོན་མོངས་པའི་ཉེས་དམིགས་བཤད་པ། ཉོན་མོངས་སྤང་བའི་དཀའ་སྤྱད་བཟོད་པ། ཉོན་མོངས་ཇི་ལྟར་སྤང་བའི་ཚུལ་བཤད་པ་དང་གསུམ་ལས། དང་པོ་ནི། དེ་ལྟར་བརྟགས་ཚེ་བདག་གི་ཁོང་ན་རྨོངས་པར་བྱེད་པ་པོ་ཅི་ཞིག་ཡོད་ན་སྲིད་པའི་ཕ་མ་ཞེ༷་སྡང༷་དང་སྲེད༷་པ་འདོད་ཆགས་སོ༷གས་ཁོང་ནས་གཏི་མུག་ལ་སོགས་པའི་ཉོན་མོངས་པའི་དགྲ་རྣམས་ཡོད་པ་ཡིན་ལ་ཉོན་མོངས་པའི་དགྲ༷་བོ་དེ་རྣམ༷ས་ནི༷་མགོ་དང་རྐང༷་ལ༷ག་ལ༷་སོ༷གས་པའི་གཟུགས་སུ་གྲུབ་པའི་དམག་གོ་ཅན་གོ་འཕྲུ་ཅན་མཚོན་ཆ་སྣ་ཚོགས་ཐོག་པ་ཞིག་ཡོ༷ད་པ་མི༷ན་ལ༷། དཔ༷འ་བོ་བརྩོན་འགྲུས་ཅན་ཡང་མ་ཡིན་ཏེ་ལེ་ལོ་དང་མཚུངས་ལྡན་ཡིན་ལ་བསླུ་བྲིད་མཁས་པས་མཛ༷ངས་པ་ཤེས་རབ་ཅན་ཞིག་ཀྱང་མི༷ན་ཏེ་གཏི་མུག་དང་མཚུངས་ལྡན་ཡིན་ཡ༷ང་ཇི༷་ཞིག༷་ལྟར༷་ཉོན་མོངས་པ་དེ༷་དག༷་གི༷ས་བླ་མ་དཔོན་པོ་སོགས་མཐོ་དམན་དྲག་ཞན་བད༷ག་གཞན་ཐམས་ཅད་བྲན༷་གཡོག་བཞི༷ན་དུ་རང་དབང་མེད་པར་བཀོལ་ཞིང་སྡུག་བསྔལ་བར་བྱས༷་པ་སྟེ། ཇི་ལྟར་ན་རྙེད་བཀུར་སྙན་གྲགས་ལོངས་སྤྱོད་ཡོངས་ཚོལ་གྱིས་ཉིན་མི་དལ་མཚན་མི་གཉིད་པར་འདོད་ཆགས་ཀྱི་གཡོག་དང༌། རང་སྲོག་འདོར་བ་ལ་སོགས་པའི་གང་ལའང་མི་འཛེམ་པར་ཞེ་སྡང་གི་གཡོག་བྱེད་པ་ལ་སོགས་པ་ཉོན་མོངས་པའི་བཀའ་གང་སྩལ་བ་ཉིད་རང་དབང་མེད་པར་སྒྲུབ་དགོས་པས་བྲན་དུ་གྱུར་པའི་སྡུག་བསྔལ་གྱིས་མནར་བར་བྱེད་པ་དང༌། དེ་འདྲའི་དགྲ་བོ་དེ་ལ་འདུག་པའི་གནས་ཁང་ཡང་གཞན་མེད་པར་བད༷ག་གི༷་སེ༷མས་ལྷ་ཁང་ལྟ་བུ་ལ༷་གནས་འགྲོན་ལྟར་གན༷ས་བཅས་བཞི༷ན་དུ༷་ཕར་ལ་ཆགས་སྡང་ལ་སོགས་པའི་ཉོན་མོངས་པའི་གཡོག་ཅི་འདོད་ལྟར་དགའ་མགུར་བསྒྲུབ་པར་བྱས་ཀྱང་སླར་ཚུར་ལ་འཛེམ་བག་མེད་པར་དག༷འ་མགུར༷་བད༷ག་ལ༷་ཚེ་འདི་དང་ཕྱི་མ་ཀུན་ཏུ་གནོ༷ད་པ་སྣ་ཚོགས་བྱེད༷་པ༷་ཡི་ཉོན་མོངས་པའི་དགྲ་བོ་དེ༷་ལ༷འང་མི༷་ཁྲོ༷་བར་བཟོད་པ༷་ནི༷་བཟོད་པ་བསྒོམ་པའམ་བཟོད་པར་བྱ་བའི་གན༷ས་མི༷ན་པ་ལ་བཟོད་པ༷ར་བྱས་པ་འདི་ནི་རྒྱལ་བ་སྲས་དང་བཅས་པས་སྨད༷་པ༷འི་གན༷ས་ཡིན་ནོ། །ཉོན་མོངས་པའི་དགྲ་བོ་འདི་ཡིས་གནོད་ཚབ་ཆེ་བ་ལ་བསམ་ན་གལ༷་ཏེ༷་ལྷ༷་ཡི་དབང་པོ་དང༷་ལྷ༷་མི༷ན་གྱི་དབང་པོ་འཁོར་དང་བཅས་པ་ལ་སོགས་པ་འཇིག་རྟེན་ན་སྟོབས་ཆེ་བར་གྲགས་པ་རེ་རེས་ཀྱང་མི་སྟོང་ཕྲག་མང་པོ་གཞོམ་ནུས་པ་དེ་རྣམ༷ས་མ་ལུས་པ་ཐ༷མས་ཅ༷ད་བད༷ག་ཁོ་ན་ལ༷་དགྲར༷་ལ༷ངས་ཀྱང༷་ཚེ་འདིའི་ལུས་དང་ལོངས་སྤྱོད་ལ་གནོད་པ་ཙམ་ནུས་མོད་ཀྱི་དགྲ་བོ་དེ༷་ད༷ག་གི༷ས་ཀྱང༷་བདག་དམྱལ་བ་མན༷ར་མེ༷ད་པའི༷་མེ་རབ་ཏུ་འབར་བའི་ནང༷་དུ་འཁྲིད༷་ཅི༷ང་འཇུ༷ག་པར་བྱེད་མི་ནུས༷་ལ། འདོད་ཆགས་ཞེ་སྡང་ལ་སོགས་པའི་ཉོ༷ན་མོ༷ངས་པ་སྟོབ༷ས་ཤིན་ཏུ་ཆེ༷ན་པོ་དང་ལྡན་པའི་དགྲ༷་བོ་འདིས༷་ནི༷། དམྱལ་བའི་མེ་གང༷་དང༷་འཕྲད༷་ན༷་དངོས་པོ་གཞན་ལྟ་ཞོག་དཔག་ཚད་བརྒྱད་ཁྲི་ཡོད་པའི་རི་ཡི་རྒྱལ་པོ་རྒྱ་ཆེ་ཞིང་བརྗིད་པ་བརྟན་པའི་རི༷་ར༷བ་ཀྱང༷་སྐད་ཅིག་གིས་ཐ༷ལ་བ༷་ཙ༷མ་ཡ༷ང་ནི༷་མི༷་ལུས༷་པར་བསྲེག་པར་ནུས་པ༷་ཡི་དམྱལ་བ་མནར་མེད་པའི་མེ་ནང་དེར༷་བད༷ག་བྱང་ཆུབ་སེམས་དཔའ་ལ་གནོད་སེམས་སྐྱེས་པ་ལྟ་བུའི་དུས་སྐད༷་ཅི༷ག་མ་གཅི༷ག་ལ༷་འདོ༷ར་བར་བྱེད་པས་ན་དགྲ་དེ་དག་སྤང་དགོས་སོ། །གནོད་ཡུན་རིང་བ་ལ་བསམ་ན། བད༷ག་གི༷་ཉོན༷་མོ༷ངས་པའི་དགྲ༷་བོ༷་གང༷་ཡིན་པ་འདིས་དུ༷ས་རིང༷་པོ་འཁོར་བ་ཐོ༷ག་མ་མེད་པ་ནས་ད་ལྟའི་བར་དུ་གནོད་པ་བྱས་ཤིང་གཉེན་པོས་མ་བཅོམ་ན་ད་དུང་ཡང་འཁོར་བ་མཐ༷འ་མེ༷ད་པའི་བར་དུ་འདི་ཕྱི་ཀུན་ཏུ་གནོད་པ༷་བྱེད་པ་ལྟར༷་ནོར་ལོངས་སྤྱོད་སོགས་འཕྲོག་པའི་དགྲ༷་བོ་གཞ༷ན་ཀུན༷་ཀྱང༷་ཉོན་མོངས་པའི་དགྲ་བོ་དེ༷་ལྟ༷་བུ༷ར་ཡུན༷་རིང༷་པོར་ཐུབ༷་པ༷་གཅིག་ཀྱང་ཡོད་པ་མ༷་ཡིན་ནོ༷། །དེས་ན་གཉེན་པོ་ལ་འབད་པར་བྱའོ། །བརྟེན་པར་དཀའ་བ་ལ་བསམ་ན་ཐ་མལ་གྱི་དགྲ་གཞན་ལ་རྒྱུ་ནོར་ཟས་གོས་སོགས་ཅི་འདོད་བྱིན་ཏེ་ཡིད་དང་མཐུ༷ན་པ༷ར་རི༷མ་གྲོ༷་བསྐྱེད་ཅིང་བསྟེན༷་པར་བྱས༷་ན༷་ཚུར་ལེན་དུ་དུས་རྒྱུན་ཐ༷མས་ཅ༷ད་ཕ༷ན་པ་དང༷་བདེ༷་བའི་ཐབས་ཕན་ཅི་ཐོགས་བྱེད༷་པ་ཡིན་ན༷། ཆགས་སྡང་རྨོངས་གསུམ་སོགས་ཉོན༷་མོ༷ངས་དགྲ་བོ་རྣམ༷ས་ནི༷་ཉོན་མོངས་པས་ཅི་འདོད་ལྟ་བུས་བསྟེན༷་པར་བྱས༷་ན༷་ཕན་པ་དང་བདེ་བ་མི་བྱེད་པར་མ་ཟད་ཕྱིར༷་ཞིང༷་ཚེ་འདི་དང་ཕྱི་མར་སྡུག༷་བསྔ༷ལ་སྣ་ཚོགས་ཀྱིས་གནོ༷ད་པ༷་བྱེད་པས་ན་དེ་ལ་མི་བསྟེན་པར་སྤང་བར་བྱ་དགོས་སོ། །གོང་དུ་ཇི་སྐད་བཤད་པའི་ཚུལ་དེ༷་ལྟར༷་དུས་ཡུན༷་རི༷ང་པོ་ཐོག་མཐའ་མེད་པར་སྐད་ཅིག་མ་ཙམ་དུ་ཡང་རྒྱུན་མི་ཆད་པར་རྒྱུན༷་ཆ༷གས་སུ་རྒྱུ་མཚན་ཅི་ཡང་མེད་པར་ངང་གིས་མེའི་རང་བཞིན་ཚ་བ་བཞིན་དུ་དགྲར༷་གྱུར༷་པ༷་ཚེ་འདི་དང་ཕྱི་མའི་སྡུག་བསྔལ་སྣ་ཚོགས་ཀྱིས་གནོ༷ད་པའི༷་ཚོ༷གས་ར༷བ་ཏུ་འཕེ༷ལ་བ༷འི་རྒྱུ༷་གཅི༷ག་པུ༷་ཉིད་དུ་གྱུར་པའི་ཉོན་མོངས་པའི་དགྲ་བོ་འདི་རྣམས་བད༷ག་གི༷་སྙིང༷་ལྷ་ཁང་ལྟ་བུ་ལ༷་ངེ༷ས་པ༷ར་གན༷ས་འཆ༷འ་བའམ་བཅས་ནས་འདུག་པ་དེའི་བཀའ་རབ་ཞིག་བསྒྲུབ་ན་གནོད་པ་རབ་ཞིག་དང༌། འབྲིང་ཞིག་བསྒྲུབ་ན་འབྲིང་ཞིག་དང༌། ཐ་མ་ཞིག་བསྒྲུབ་ན་གནོད་པའང་ཐ་མའམ་ཆུང་ངུ་ཞིག་བྱེད་ལ། གཏན་ནས་མ་བསྒྲུབ་ན་གནོད་པའང་གཏན་ནས་མི་བྱེད་པའི་ཉོན་མོངས་པའི་དགྲ་འདི་སྙིང་ལ་གནས་བཅས་ནས་ཡོད་ན༷། དེ་ཐམས་ཅད་ཀྱི་རྩ་བ་སྡུག་བསྔལ་གྱི་རང་བཞིན་མེ་ཡི་འོབས་དང་དུག་སྦྲུལ་གྱི་གཟེབ་ལྟ་བུའི་འཁོ༷ར་བ༷ར་སྐྲག་པའམ་འཇི༷གས་པ་མེ༷ད་པར་འདི་ལ་བདག་དགའ་བར་གྱུར་པས་ལན་པ་ཡིན་པས་འཁོར་བ་ལ་ཆགས་ཤིང་དག༷འ་བ༷ར་ག༷་ལ༷་འགྱུར༷་ཏེ་འགྱུར་མི་རིགས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་འཁོར་བའི་སྡུག་བསྔལ་མི་འདོད་བཞིན་དུ་སྙིང་རྗེའི་དབང་གིས་སྐྱེ་བ་བླངས་ནས་སེམས་ཅན་གྱི་དོན་བྱེད་པ་ཡིན་གྱི་འཁོར་བ་ལ་དགའ་ཞིང་འདོད་ནས་མ་ཡིན་ཏེ། གལ་ཏེ་ཡིན་ན་སེམས་ཅན་རྣམས་ཀྱང་འཁོར་བ་ལ་གནས་ནས་མི་ཐར་པར་འདོད་དགོས་ན་དེ་ལྟ་མ་ཡིན་པར་སེམས་ཅན་གྱི་འཁོར་བའི་སྡུག་བསྔལ་མི་བཟོད་པ་དེས་རང་ཡང་དེ་མི་བཟོད་པར་རང་གི་སྡུག་བསྔལ་ཁྱད་དུ་བསད་ནས་གཞན་དོན་དུ་འཁོར་བ་མི་སྤོང་བ་ཡིན་ནོ་གསུངས། ཁམས་གསུམ་འཁོ༷ར་བ༷འི་བཙོ༷ན་རའི༷་ནང་ནས་ཐར་དུ་མི་འཇུག་པའི་བསྲུང༷་མ༷་བྱེད་ཅིང་དམྱལ༷་བ་ཡང་སོས་ལ་སོ༷གས་པའི་གནས་སུ༷འང་སྲོག་གཅོད་པའི་གསོ༷ད་བྱེད༷་ཀྱི་གཤེ༷ད་མ༷ར་སྣང་བར་གྱུར༷་པ༷་ཡི་ཉོན་མོངས་པ་འདི༷་ད༷ག་ནི༷། ག༷ལ་ཏེ༷་བདག་གི་བློ༷་ལ་གན༷ས་ཏེ་སྤང་དུ་མི་འདོད་པའི་ཆ༷གས་པའི༷་དྲཱ་བ༷་ན༷་མི་འབྲལ་བར་བྱ་བྱ་འཛིན་གྱི་དྲཱརྵ་བས་བཟུང་བ་ལྟར་གན༷ས་པར་གྱུར་ན༷་བད༷ག་ལ༷་ཚེ་འདི༷་ཕྱི་ཀུན་ཏུ་བདེ༷་བ༷་ཡི་གོ་སྐབས་ག༷་ལ༷་ཡོ༷ད་དེ་མེད་པས་འདི་ཉིད་སྤོང་བ་ལ་འབད་པར་བྱའོ། །གཉིས་པ་ནི། དེ༷་ལྟར༷་ཉོན་མོངས་ངོས་ཟིན་ཅིང་ཉེས་དམིགས་ཤེས་པ་ཙམ་གྱིས་མི་འོང་བས་སྤང་དགོས་ལ་དེའང་དུས་ཇི༷་སྲིད༷་བད༷ག་གིས༷་དགྲ༷་ཉོན་མོངས་པ་འདི༷་དག་མགོ་ནོན་ལྟ་བུ་མ་ཡིན་པར་མངོ༷ན་སུམ༷་ཉིད་དུ༷་ངེ༷ས་པ༷ར་མ༷་བཅོ༷མ་པའམ་མ་སྤང་བ་དེ༷་སྲིད༷་དུ་བད༷ག་གིས་ཉོན་མོངས་པའི་གཉེན་པོ་རང་རྒྱུད་ལ་བསྐྱེད་ཅིང་བསྒོམ་པའི་སྐབས་འདི༷ར་བརྩོ༷ན་འགྲུས་སྲོག་ལ་བབ་ཀྱང་མི༷་འདོར་བར་འབད་པར་བྱ་ཞེས་དམ་བཅས་ནས་བརྩོན་དགོས་ཏེ། དཔེར་ན་རེ༷་ཞིག༷་ཐ་མལ་པའི་དགྲ་བོ་རྟ་ནོར་སོགས་འཕྲོག་པས་གནོ༷ད་བྱེད༷་ཆུང་ངུ༷་ཙམ་ལ༷་ཡ༷ང་ཁྲོ༷ས་པ་གྱུར༷་པ༷་ཡི་ང༷་རྒྱལ༷་ཆེན་པོ་བདོ༷་སྟེ་ཤུགས་ཆེན་པོ་བསྐྱེད་པ་རྣ༷མས་ཀྱིས་དགྲ་དེ༷་མ༷་བཅོ༷མ་གྱི་བ༷ར་དུ་ཐ་ན་གཉི༷ད་ཙམ་ཡང་མི༷་འོང་བ་ཙམ་གྱིས་བརྩོན་པ་བསྐྱེད་པར་བྱེད་ན་གནོད་བྱེད་ཆེན་པོ་ཉོན་མོངས་པའི་དགྲ་འཇོམ་པ་ལ་བརྩོན་པ་ཆེན་པོ་བསྐྱེད་དགོས་པ་སྨོས་ཅི་དགོས་སོ་ཞེས་དཔེ་རྗེས་སུ་བསྟན་པ་འདི་ཟླ་བོ་དངོས་པོའི་དཔེ་ཞེས་གསུངས། བདག༷་གིས་འབད་པས་གཞོམ་པར་མ་བྱས་ན་ཡང་རང༷་བཞི༷ན་གྱིས་ཡུན་རིང་པོར་མི་ཐོགས་པར་འཆི་བར་འགྱུར་བ༷ས་སྡུག༷་བསྔལ༷་གྱི་དབང་དུ་གྱུར༷་པའི༷་དགྲ་བོ་ཐ་མལ་པ་ཉོན༷་མོངས་པ་ཞེས་སྨད་པའི་ཚིག་སྟེ་ཉམས་ཐག་ཅིང་སྙིང་རྗེ་བའི་གནས་སུ་གྱུར་པའི་དགྲ་བོ་འདི་དག༷་དང་གཡུལ༷་ངོ༷ར་ཕན་ཚུན་འགྲན་པའི་འཐབ་མོ་ལ་གྲལ་དུ་དང༷ར་ནས་དཔུང་བསྒྲིགས་པའི་ཚེ༷་ན༷ན་ཏན་གྱིས༷་དགྲ་བོ་དེ་གཞོ༷མ་པ༷ར་འདོ༷ད་པ༷་དུ་ཡང༷་རང་ལ་མད༷འ་དང་མདུ༷ང་དང་རལ་གྲི་ལ་སོགས་པའི་མཚོ༷ན་གྱིས༷་ཕོ༷ག་པའི༷་སྡུག༷་བསྔ༷ལ་དྲག་པོ་ཡོད་པར་ཤེས་ཀྱང་ཁྱད༷་པར་བས༷ད་ནས༷། དགྲ་བོ་དེ་གསོད་པ་སོགས་དོ༷ན་དེ་མ༷་གྲུབ༷་ཀྱི་བར༷་དུ་ཕྱིར༷་ཕྱོག༷ས་ཏེ་ལོག་ནས་འབྱོར༷་ཞེས་བྲོས་པར༷་མི༷་བྱེད༷་པ་ཡིན་ན༷་འབད་པས་སྤང་ཞིང་གཞོམ་པར་མ་བྱས་ན་དུས་རྟག༷་ཏུ༷་ཚེ་འདི་ཕྱིའི་སྡུག༷་བསྔལ༷་སྣ་ཚོགས་པ་ཀུན་གྱི༷་རྒྱུར༷་གྱུར༷་པ༷་མེའི་རང༷་བཞི༷ན་ཚ་བ་བཞིན་དུ་རྒྱུ་མཚན་ཅི་ཡང་མི་དགོས་པར་རང་བཞིན་གྱི་དགྲ༷ར་ངེ༷ས་པ་མཆོག་དམན་སུས་རྒྱུད་ལ་སྐྱེས་ན་བརླག་པར་བྱེད་པའི་ཉོན་མོངས་པ་འདི་དག་གཞོ༷མ་པའམ་སྤང་བའི་དོན་དུ་བརྩོན༷་འགྲུས་རྩོམ་པ་བད༷ག་ལ༷་དེང༷་གི་དུས་འདིར་གཉེན་པོ་ལ་འབད་པའི་ཆེད་དུ་ཁ་ཟས་མེད། ལག་ནོར་མེད། རྒྱབ་གོས་མེད། རྐྱེན་ངན་པ་ལ་སོགས་པའི་སྡུག༷་བསྔལ༷་བརྒྱ༷་ཕྲག༷་མང་པོའི་རྒྱུར༷་གྱུར༷་པའི་གནོད་པ་གང༷་གིས༷་ཀྱང༷༌། སྔར་ངས་ཉོན་མོངས་པའི་གཉེན་པོ་བརྟེན་ཀྱང་སྤོང་མ་ནུས་སྙམ་དུ་སེམས་ཞུམ་ཞིང་ཡི༷ད་ཆ༷ད་པ་དང་ད་རུང་ཡང་ངས་སྤངས་མི་ནུས་སོ་སྙམ་པས་གཉེན་པོ་བརྟེན་པ་ལ་མི་སྤྲོ་ཞིང་སྒྱིད༷་ལུག༷ས་པར་མི༷་འགྱུར༷་བར་ཉོན་མོངས་པའི་དགྲ་འདི་མ་ཐུལ་གྱི་བར་དུ་བརྩོན་པ་མི་འདོར་བར་ལྟ་སྨོས༷་ཀྱང་ཅི༷་དགོ༷ས་ཏེ་ཡིད་ཆད་དང་སྦྱིད་ལུགས་བྱེད་མི་ཉན་ནོ། །གང་དང་འཐབ་པ་དོ༷ན་ཆེན་པོ་མེ༷ད་པར་གཡུལ་དུ་དགྲ༷་བོ་ཡི༷ས་རང་གི་མགོ་ལ་སོགས་པའི་ལུས་ལ་རལ་གྲི་སོགས་ཀྱིས་རྨ་ཡི་སྲོལ༷་ལམ་ཤུལ་གཏོ༷ད་པ༷་ཡ༷ང་རང་རང་གི་ལུས༷་ལ༷་རྒྱན༷་ཆ་དང༷་འདྲ༷་བ༷ར་སྲེལ༷་ཞིང་མི་དཔའ་བོ་ཡིན་པའི་རྟགས་སུ་གཞན་ལ་ངོམ་པར་བྱེད༷་ན༷་རང་དང་གཞན་གྱི་དོན༷་ཆེ༷ན་པོ་སངས་རྒྱས་སྒྲུབ༷་པར་བྱ་བའི་ཕྱིར༷་དུ་བྱང་ཆུབ་སེམས་དཔའ་བསླབ་པ་རྣམས་ལ་ཡ༷ང་ད༷ག་པར་བརྩོན༷་འགྲུས་རྩོམ་པར་གྱུར༷་པ༷་བད༷ག་ལ༷་གཉེན་པོ་ལ་འབད་པའི་སྡུག༷་བསྔ༷ལ་གང་བྱུང་ཡང་ཅི༷་ཡི་ཕྱིར༷་གནོད༷་བྱེད༷་ཡི༷ན་ཏེ་མ་ཡིན་པར་མ་ཟད་སྒྲིབ་པ་འདག་པ་ལ་སོགས་པས་ན་ཕན་འདོགས་བྱེད་ཉིད་ཡིན་ནོ། །ཐ་ན་ཉན་པ་དང་གདོ༷ལ་པ༷་སྟེ་ཤན་པ་ཞི༷ང་ལས་པ༷་ལ་སོགས་པ༷་ར༷ང་གི་འཚོ༷་བ་ཙ༷མ་ཞི༷ག་དོན་དུ་གཉེར་ཞིར་བསྒྲུབ་པར་སེ༷མས་པ༷་ལ་ཡ༷ང་ཉིན་མི་དལ་མཚན་མི་གཉིད་པར་རྐང་ཁྲག་རྡོ་ལ་ཟད་ལག་ཁྲག་ཤིང་ལ་ཟད་དེ་གྲང༷་པ་དང༷་ཚ༷་བ་དང་ཆར་དང་རླུང་ལ༷་སོ༷གས་པའི༷་སྡུག་བསྔལ་གྱི་གནོ༷ད་པ་ཁྱད་དུ་བསད་ནས་བཟོ༷ད་པར་བྱེད་དགོས་ན༷། འགྲོ༷་བ༷་རྣམས་གནས་སྐབས་བདེ་འགྲོ་དང་མཐར་ཐུག་གི་བདེ༷་བ་ཆེན་པོ་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པའི་ཕྱིར༷་བད༷ག་ལྟ༷་བུའི་ལམ་གྱི་དཀའ་སྤྱད་ཀྱི་གནོད་པ་ཅིས༷་མི༷་བཟོ༷ད་དེ་ངེས་པར་བཟོད་དགོས་སོ། །སྔར་སེམས་བསྐྱེད་པའི་དུས་སུ་ཕྱོག༷ས་བཅུ་ན་གནས་པ་ན༷མ་མཁ༷འི་མཐ༷ས་གཏུག༷ས་པར་ཁྱབ་པའི༷་འགྲོ༷་བ་སེམས་ཅན་མ་ལུས་པ་རྣམས་མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། མ་གྲོལ་བ་རྣམས་གྲོལ་བ་དང༌། དབུགས་མ་བྱུང་རྣམས་དབུགས་དབྱུང་བ་དང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བགྱིའོ་ཞེས་ལས་དང་ཉོན༷་མོ༷ངས་པ་ལ་སོགས་པའི་སྒྲིབ་པ་མཐའ་དག་ལ༷ས་བསྒྲལ༷་བར༷་བྱའོ་ཞེས་དམ༷་བཅ༷ས་པའི་དུས་ག༷ང་གི་ཚེ༷་བདག༷་རང་ཉིད༷་ཀྱང༌། ཆགས་སོགས་ཉོན༷་མོ༷ངས་པ་རྣམ༷ས་ལ༷ས་ཅུང་ཟད་ཙམ་ཡང་མ༷་གྲོལ༷་བ༷ར་གནས་ན། བད༷ག་རང་གི༷་ནུས་པའི་ཚོད་ཀྱང༷་མི༷་ཤེས༷་པ༷ར་དེ་ལྟར་བ་བཅོལ་དུ་སྨྲ༷་བ༷་འདི་ཇི༷་ལྟར༷་ན་སྨྱོན་པ༷་མི༷ན་ཏེ་སྨྱོན་པ་དང་འདྲ་བ་ཡིན་ཏེ་རང་ཉིད་བཅིངས་པ་དང་ཆུ་ལས་མ་གྲོལ་བཞིན་དུ་གཞན་དེ་ལས་དགྲོལ་བར་ཁས་བླང་བ་བཞིན་ནོ། །གང་ཁས་བླང་བ་ལྟར་སྒྲུབ་དགོས་པ་དེ༷་ལྟས༷་ཏེ་དེ་ཞེས་པ་ངེས་བཟུང་དང་ལྟས་ཞེས་པ་མཚུངས་པ་གསལ་བྱེད་ཀྱི་སྒྲ་སྦྱར་ནས་རྒྱུ་མཚན་དེ་ལྟ་བས་ན་ཉོ༷ན་མོ༷ངས་པའི་དགྲ་བོ་མ་ལུས་པ་གཞོ༷མ་པ༷འམ་སྤང་བའི་དོན་དུ་གཉེན་པོ་བསྟེན་པ་ལ༷་རྟག༷་ཏུ་ཕྱིར༷་མི༷་ལྡོག༷་པ༷ར་དམ་བཅས་ཏེ་བརྩོན་པས་འབད་པར་བྱ༷་དགོས་སོ། །གསུམ་པ་ནི། ཉོན་མོངས་པ་ལ་དགྲར་བལྟས་ནས་ནི་འཇོམས་པར་བྱེད་པའི་གཉེན་པོ་རང་གང་ལ་གོམས་འདྲིས་ཡོད་པ་འདི༷་ལ༷་བད༷ག་གི༷ས་ཞེ༷ན་པས་ནན་ཏན་དུ་བྱ༷་ཞིང༷་འདས་བདག་ལ་ཐོག་མ་མེད་པ་ནས་གནོད་པ་བྱས་སོ་ཞེས་ཉོན་མོངས་པ་ལ་ཁོ༷ན་དུ་བཟུང༷་ན༷ས་སྤང་གཉེན་གཉིས་གཡུལ༷་སྤྲད༷་དེ༷་ཉོན་མོངས་པ་སྤང་དགོས་སོ། །དེ་ལྟར་ན་ཞེན་ཁོན་དུ་འཛིན་པ་འདི་ཡང་ཆགས་སྡང་ཡིན་པས་སྤང་བར་བྱ་དགོས་སོ་སྙམ་ན་གཉེན་པོ་ལ་ཞེན་ཅིང་སྤང་བྱ་ལ་འཁོན་དུ་འཛིན་པའི་རྣམ༷་པ༷་དེ་འདྲ༷འི་ཉོན༷་མོ༷ངས་པ༷་འདི་ནི་ལས་དང་པོ་པའི་གནས་སྐབས་སུ་ཉོན༷་མོ༷ངས་པ་འཇོ༷མས་བྱེད༷་ཡིན་པས་སྤང་བྱ་མ་གཏོག༷ས་སོ༷་སྟེ་རེ་ཞིག་སྤང་བྱ་མིན་ནོ། །འོན་ཀྱང་དེ་ཤེས་སྒྲིབ་ཡིན་པས་ནམ་ཞིག་ན་སྤང་དགོས་སོ། །དེས་ན་རང་རེ་རྣམས་ཀྱིས་དང་པོ་ཉིད་ནས་འདི་ལྟར་བད༷ག་ནི༷་མེས་བསྲེག༷ས་ཏེ༷་བས༷ད་པ་གྱུར༷་ཏམ༷། བད༷ག་གི༷་མགོ༷་བོ༷་རལ་གྲིས་བཅ༷ད་དེ་ས་ལ་ལྷུང་ཀྱང༷་བླའི༷་སྟེ་སླ་ཞིང་ཉམས་ཉེས་ཆེན་པོ་ཅི་བྱུང་ཡང་དུས་རྣམ༷་པ༷་ཀུན༷་ཏུ་དེའི་དབང་དུ་སོང་ནས་ཆགས་སྡང་ལ་སོགས་པའི་ཉོན༷་མོ༷ངས་པ༷འི་དགྲ་བོ་འདི་ལ༷་འདུད༷་ཅིང་དེའི་དབང་དུ་འགྲོ་བར་གྱུར་པ༷་མི༷་བྱའོ༷་ཞེས་ཡང་ནས་ཡང་དུ་དམ་བཅའ་བྱེད་དགོས་སོ། །རང་གི་སྟོབས་ཀྱི༷་ཐ་མ༷ལ་བའི་དགྲ༷་བོ༷་གནོད་བྱེད་རྣམས་རང་གི་ཡུལ༷་ནས༷་ཡུལ་གཞན་ཞིག་ཏུ་ལན་གཅིག་ཏུ་བསྐྲད་པའམ་ཕྱུང༷་ཡ༷ང་ནི༷། དགྲ་བོ་དེ་ཉིད་ཡུལ༷་གཞ༷ན་སྟོབས་དང་ལྡན་པ་དག༷་ཏུ༷་སོང་ནས་དེར་གནས༷་བཅས་ཤིང༷་ཡོང༷ས་སུ་བཟུང༷་ནས༷་ཁྲམ་པ་རྐུན་མའི་དཔུང་མང་པོ་བསགས་པ་ལ་སོགས་པའི་སྟོབས་དང་ནུས༷་པ༷ར་བརྟ༷ས་པའམ་རྒྱས་ནས༷་དེ༷་ནས༷་རང་ཡུལ་དུ་ཕྱིར༷་ལྡོག༷་ཅིང་རང་ལ་ལན་དུ་གནོད་པ་བྱེད་དུ་འོང་གི༷ །ཉོ༷ན་མོ༷ངས་པའི་དགྲ༷་ཡི་ཚུལ༷་ནི་ཐ་མལ་པའི་དགྲ་དེ༷་དང༷་འདྲ༷་བ་མ༷་ཡི༷ན་ཏེ་འཕགས་པའི་ལམ་གྱིས་ལན་གཅིག་སྤངས་ཟིན་ནས་ཕྱིར་ལྡོག་ཏུ་མེད་དོ། །དེ་ཇི་ལྟར་སྤོང་ན་ཆགས་སོགས་ཉོན༷་མོ༷ངས་པ་རྣམས་ལ་བརྟགས་ཤིང་དཔྱད་ན་གཞོམ་སླ་བས་སྨད་པའི་ཚིག་གིས་ཉོན༷་མོ༷ངས་ཞེས་ངན་པ་ཐ་ཆད་རྣམས་ནི་རང་བཞིན་མེད་པར་ཤེས་པའི་ཤེ༷ས་རབ༷་ཀྱི་མི༷ག་གི༷ས་བལྟས་ནས་མུན་ཁུང་དུ་ཉི་མ་ཤར་བས་མུན་པ་བཞིན་དུ་སྤང༷་བར་བྱས་ཏེ། བད༷ག་གི་ཡི༷ད་ལྷ་ཁང་ལྟ་བུ་ལ༷ས་ཕྱིར་བས༷ལ་ནས་ཡུལ་གཞན་ག༷ང་དུ་འགྲོ༷་བར༷་འགྱུར༷་ཏེ་འགྲོ་བའི་ཡུལ་མེད་ཅིང༌། ཡུལ་གཞན་གང༷་དུ༷་གན༷ས་ན༷ས་ནུས་པ་བརྟས་ཏེ་སླར་བདག་ལ་གནོ༷ད་པ་བྱ༷་བའི་དོན་གྱི་ཕྱིར༷་དུ་འོང་ཏེ་འོང༷་བ་མེད་དོ། །དེས་ན་བློ་ཤེས་རབ་ཞ༷ན་ཅིང་དམན་པ་བད༷ག་ལ༷་སྔར་ཉོན་མོངས་པ་སྤོང་བའི་དོན་དུ་བརྩོན་པ༷་མེ༷ད་པ༷ར་ཟ༷ད་ཀྱི་ཡོད་ན་ནི་དགྲ་གཞན་པས་གཞོམ་པའམ་སྤང་སླ་བ་ཡིན་ནོ། །ཤེས་རབ་ཀྱིས་མིག་གིས་ཉོན་མོངས་པའི་རང་བཞིན་ལ་ཇི་ལྟར་ལྟ་ན། རང་རྒྱུད་ལ་ཆགས་སྡང་སོགས་ནམ་སྐྱེས་ན་དེའི་དབང་དུ་མི་བཏང་བར་འདི་ལྟར་བརྟགས་དགོས་ཏེ། ཆགས་སྡང་སོགས་ཉོ༷ན་མོ༷ངས་རྣམ༷ས་ནི༷་ཕྱི་ཡུལ༷་དགྲ་གཉེན་ལ་སོགས་པ་དེ་དག་གི་སྟེང་ན༷་མི༷་གན༷ས་ཏེ་དེ་དག་མེད་ཀྱང་སྐྱེ་བ་ཡོད་པའི་ཕྱིར་རོ། །གལ་ཏེ་ཡོད་ན་དེ་དག་གང་ཟག་གཞན་སུས་མཐོང་ན་བདག་ལྟར་ཆགས་སྡང་སོགས་སྐྱེ་བར་འགྱུར་དགོས་ནའང་མི་སྐྱེ་བའི་ཕྱིར་དེ་ན་མེད་དོ། །ནང་རང་གི་དབ༷ང་པོ་མིག་སོགས་དང་རྣམ་ཤེས་ཚོ༷གས་པ་ལ༷་གནས་པ་མི༷ན་ཏེ་དབང་ཤེས་ཚོགས་པ་ཡོད་ཀྱང་མི་སྐྱེ་བའང་ཡོད་པའི་ཕྱིར་རོ། །གལ་ཏེ་ཡོད་ན་མཐོང་ཐོས་ལ་སོགས་པར་གང་དང་གང་བྱུང་བ་ཐམས་ཅད་ལའང་ཆགས་སྡང་སོགས་སྐྱེ་བར་འགྱུར་དགོས་ནའང་མི་སྐྱེ་བའི་ཕྱིར་ན་མེད་དོ། །ཡུལ་དབང་དེ་གཉིས་ཀྱི་བར༷་ན༷འང་གནས་པ་མི༷ན་ཏེ་ནམ་མཁའ་སྟོང་པ་ཡིན་པས་གནས་པའི་ཡུལ་ཅི་ཡང་མེད་དོ། །དེ༷་དག༷་ལ༷ས་གཞ༷ན་སེམས་ཅན་གཞན་རྣམས་ཀྱི་སྟེང་ངམ་སྣོད་ཀྱི་ནང་སོགས་གང་ཡང་རུང་བ་ཞིག་ན༷འང་གནས་པའམ་ཡོད་པ་སྲིད་པ་མི༷ན་ན༷། འོ་ན་ཐོག་མེད་ནས་དགྲར་གྱུར་པའི་ཉོན་མོངས་པ་དེ༷་དག༷་ཡུལ་ག༷ར་རམ་གང་ལ་གན༷ས་ནས་བདག་སོགས་འགྲོ༷་བ༷་ཀུན་ལ་འདི་ཕྱི་ཐམས་ཅད་དུ་གནོ༷ད་པ་ཇི་ལྟར་བྱེད༷་སྙམ་ན། ཉོན་མོངས་པ་འདི༷་ནི༷་བརྟགས་ཤིང་དཔྱད་ན་སྣང་ལ་རང་བཞིན་མ་གྲུབ་པར་དཔེར་ན་རྐྱེན་ལས་སྐྱེས་པ། བློ་ངོར་སྣང་བ་རང་བཞིན་མེད་པའི་ཆོས་གསུམ་ཚང་བས་མེད་སྣང་སྒྱུ༷་མ༷་དང་འདྲ༷་སྟེ། དགྲ་གཉེན་ལ་སོགས་པའི་རྐྱེན་ལས་སྐྱེས་པ། རང་གི་བློ་ངོར་སྣང་བ། རང་བཞིན་མེད་པ་ཡིན་པ་དེ༷་ཡི་ཕྱིར༷་ན་རང་གི་སྙིང༷་ལ༷་ཉོན་མོངས་པ་སྤང་མི་ནུས་སྙམ་པའི་འཇི༷གས་པ་སྤོང༷ས་ལ་ཁྱི་ལ་རྡོ་འཕང་བ་ལྟར་ཡུལ་གྱི་རྗེས་སུ་མི་འབྲང་བར་སེང་གེ་ལ་རྡོ་འཕང་བ་ལྟར་རང་གི་སེམས་ལ་ཆགས་སྡང་སོགས་ཉོན་མོངས་པའི་རྣམ་རྟོག་གང་སྐྱེས་པ་དེ་གཅེར་གྱིས་ངོས་བཟུང་སྟེ་དེ་ཉིད་དང་པོ་གང་ནས་བྱུང༌། ད་ལྟ་གང་དུ་གནས། མཐར་གང་དུ་འགྲོ་ཞེས་བྱུང་གནས་འགྲོ་གསུམ་ཚོལ་བ་སོགས་ཀྱི་སྒོ་ནས་ཉོན་མོངས་པ་རྣམས་རང་བཞིན་མེད་པར་ཤེས༷་པར་བྱ་བའི་ཕྱིར༷་བརྩོན༷་པ༷་བསྐྱེད་ཅིང་བརྟེན༷་ན་རང་བཞིན་མེད་པས་སྤང་སླ་བ་ལ་དེ་ལྟར་མི་བརྩོན་པར་དོ༷ན་མེ༷ད་པ་ཉིད༷་དུ་བད༷ག་ལ༷་དམྱལ༷་བ་ལ་སོ༷གས་པའི་ངན་སོང་རྣམ༷ས་སུ༷་ཅི༷་སྟེ་སྡུག་བསྔལ་གྱིས་གནོ༷ད་པ༷་བྱེད༷་དུ་འཇུག་སྟེ་མ་འཇུག་ཅེས་སོ། །དེ་སྐད་དུ་ཡང༌། འཕགས་པ་དཀོན་མཆོག་བརྩེགས་པ་ལས། མ་འོངས་པའི་དུས་ན་དགེ་སློང་མངོན་པའི་ང་རྒྱལ་ཅན་ཁྱི་རྡོ་ལ་སྙེགས་པ་དང་མཚུངས་པ་དག་འབྱུང་ངོ༌། །འོད་སྲུང་ཇི་ལྟར་ཁྱི་རྡོ་ལ་སྙེགས་པ་དང་མཚུངས་པ་དག་གང་ཞེ་ན། ཁྱི་རྡོ་དེ་ཉིད་ཀྱིས་འཇིགས་པ་ལས། རྡོ་དེ་ཉིད་ཀྱི་ཕྱིར་སྙེགས་ཀྱི། རྡོ་དེ་སུས་འཕང་བ་ལ་མི་སྙེགས་སོ། །འོད་སྲུང་འདི་ལྟར་དགེ་སྦྱོང་དང་བྲ་ཟེ་ཁ་གཅིག་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་རྣམས་ཀྱི་ནང་དུ་སོ་སོར་རྟོག་པ་ལ་མངོན་པར་བརྩོན་ཏེ། མི་རྟག་པ་དང༌། བསླུ་བ་དང༌། འཇིག་པའི་ཆོས་སུ་རྟོགས་ཀྱང་དེ་དག་གང་ལས་བྱུང་མི་ཤེས་པས། གྲོང་དང༌། གྲོང་ཁྱེར་དང་གྲོལ་བརྡལ་དང༌། ལྗོངས་དང༌། ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་དུ་སོང་ན་ཡང༌། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་རྣམས་ཀྱིས་གནོད་པར་འགྱུར་རོ། །གལ་ཏེ་དེ་དག་དགོན་པར་གནས་པ་ལས་འཆི་བའི་དུས་བྱེད་པར་གྱུར་ན་ཡང་འཇིག་རྟེན་གྱི་སྡོམ་པ་ལ་གནས་པ་དེ་དག་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ་དེར་ཡང་དེ་དག་གི་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་གནོད་པར་འགྱུར་རོ། །དེ་དག་ཤིང་འཕོས་ནས་ཀྱང་ངན་སོང་ལས་ཡོངས་སུ་མི་གྲོལ་བར་འགྱུར་ཏེ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་དང༌། ལྷ་མ་ཡིན་ནོ། །དེ་ལྟར་ན་དགེ་སྦྱོང་ཁྱི་རྡོ་ལ་སྙེགས་པ་དང་མཚུངས་པ་ཡིན་ནོ། །འོ་སྲུང་ཕྱི་མའི་དུས་ན་དགེ་སློང་རྣལ་འབྱོར་པ་ཁྱི་རྡོ་ལ་སྙེགས་པ་དང་མི་འདྲ་བ་དག་ནི། དཔེར་ན་སེང་གེ་ལ་རྡོ་འཕང་ན་རྡོ་གང་ལས་བྱུང་ཤེས་པས་རྡོ་ལ་མི་སྙེགས་པར་རྡོ་འཕང་བར་བྱེད་པ་དག་ལ་སྙེགས་པས་ཕྱིར་རྡོ་འབྱུང་བར་མི་འགྱུར་རོ། །དེ་བཞིན་དུ་དགེ་སློང་རྣལ་འབྱོར་སྤྱོད་པ་པ་ཕྱི་རོལ་གྱི་འདོད་པའི་ཡོན་ཏན་མཐོང་བ་དེའི་ཚེ་སེམས་ལས་བྱུང་བར་ཤེས་ནས་སེམས་ལ་བརྟགས་པས་དངོས་པོ་མེད་པར་ཤེས་ནས་གྲོལ་བར་འགྱུར་རོ། །ཞེས་གསུངས་སོ། །གོང་དུ་བསྟན་པ་དེ༷་ལྟར༷་བག་ཡོད་པའི་གཏམ་རྣམ༷ས་ལེགས་པར་རྣམ་པར་བས༷མས་ཏེ་བཀའ་དང་བསྟན་བཅོས་ལས་ཇི༷་སྐད༷་བཤ༷ད་པ༷་ཡི༷། ལམ་ལྷག་པའི་བསླབ༷་པ༷་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་སྟེ་བསླབ་པ་གསུམ་བསྒྲུབ༷་པའི༷་ཆེ༷ད་དུ་སྦྱོར་བས་ཉམས་སུ་ལེན་པ་ལ་ཤིན་ཏུ་འབ༷ད་པ༷ར་བྱ༷་དགོས་སོ། །དེ་ཡང་སྨན་པ་ལྟ་བུ་སངས་རྒྱས། སྨན་ལྟ་བུ་ཐོས་བསམ་བསྒོམ་པ་ལ་སོགས་པའི་དམ་པའི་ཆོས། ཟས་སྤྱོད་ལྟ་བུ་གཙོ་བོ་ཚུལ་ཁྲིམས་ཀྱི་བསླབ་པའམ་སྡོམ་པ། ནད་ལྟ་བུ་ཆགས་སྡང་སོགས་ཉོན་མོངས་པ། ནད་པ་ལྟ་བུ་རང་རང་དང་ཆོས་མཐུན་པར་སྦྱར་ནས་གསུངས་ཏེ། འདི་ལྟར་བླང་དོར་ལ་འབད་པའི་ཚུལ་ཁྲིམས་བསྲུངས་ཏེ་མ་སྒྲུབ་ན་དཔེར་ན་ཟས་སྤྱོད་ལ་སོགས་པ་སྤང་བླང་འདི་དང་འདི་དགོས་ཞེས་པའི་སྨན༷་པ་མཁས་པའི༷་ངག༷་བཞིན་མ༷་མཉ༷ན་པར་སྤང་བླང་མ་བྱས་ན༷་ཚ་གྲང་ལ་སོགས་པའི་གཉེན་པོ་སྨན༷་བཟང་པོ་ཟོས་ཤིང་འཐུང་བ་དག༷་གིས༷་ཀྱང་བཅོ༷མ་དགོ༷ས་པའི་ན༷ད་པ༷་རྣམས་ཚ་གྲང་སོགས་ཀྱི་ནད་ལས་གྲོལ་བའམ་སོ༷ས་པ༷ར་ག༷་ལ༷་ཡོད་དེ་མེད་པ་ལྟར་ཆོས་ཀྱིས་ཕན་མི་ཐོགས་ཤིང་ཚུལ་བཞིན་དུ་འབད་པས་བསྒྲུབ་ན་ནི་སྨན་ཡང་དག་པར་བརྟེན་པས་ནད་ཞི་བར་འགྱུར་བ་བཞིན་དུ་སྡུག་བསྔལ་མཐའ་དག་ལས་གྲོལ་བའི་བདེ་བ་ཆེན་པོ་ཐོབ་པར་འགྱུར་བས་བག་ཡོད་པ་ལ་འབད་ཅིང་བསླབ་པར་བྱ་སྟེ། བཤིས་སྤྲིང་ལས། བག་ཡོད་བདུད་རྩིའི་གནས་ཏེ་བག་མེད་པ། འཆི་བའི་གནས་སུ་ཐུབ་པས་བཀའ་སྩལ་ཏེ། །དེ་བས་ཁྱོད་ཀྱིས་དགེ་ཆོས་སྤེལ་སླད་དུ། །གུས་པས་རྟག་ཏུ་བག་དང་ལྡན་པར་མཛོད། །ཅེས་པས་སོ། །ལེའུའི་མཚན་ནི་བྱང༷་ཆུབ༷་སེ༷མས་དཔ༷འི་སྤྱོད༷་པ༷་ལ༷་འཇུག༷་པ་ལ༷ས། བ༷ག་ཡོ༷ད་བསྟ༷ན་པ༷་ཞེ༷ས་བྱ༷་བ༷་སྟེ༷་ལེ༷འུ༷་བཞི༷་པ༷འོ༷།། ༈ །།གཉིས་པ་ལུས་སེམས་ཀྱི་གནས་སྐབས་ལ་ཡང་ཡང་བརྟགས་པ་ཤེས་བཞིན་གྱི་ལེའུ་ལ། གཞུང་དང་མཚན་ནོ། །དང་པོ་ལ་བསླབ་པ་བསྲུང་བའི་ཆེད་དུ་སེམས་བསྲུང་བ། སེམས་བསྲུང་བའི་ཆེད་དུ་དྲན་ཤེས་བརྟེན་ཚུལ། དྲན་ཤེས་དང་ལྡན་པའི་སྒོ་ནས་བློ་སྦྱོང་གི་སྤྱོད་པ་ལ་བསླབ་ཚུལ། བསྒྲུབ་པ་ཕུན་སུམ་ཚོགས་པའི་ཡན་ལག་གཞན་བསྟན་པ་དང་བཞི་ལས། དང་པོ་ལ། མདོར་བསྟན་པ་དང༌། རྒྱས་བཤད་གཉིས་ལས་དང་པོ་ནི། དེ་ལ་འདིར་ཤེས་པར་བྱ་བ་གལ་ཆེ་བ་དྲན་པའི་ངོ་བོ་ནི། བླང་དོར་གྱི་གནས་མི་བརྗེད་པ་དང༌། ཤེས་བཞིན་གྱི་ངོ་བོ་ནི་རང་མང་པོའི་ནང་ངམ་གཅིག་པུར་འདུག་ཀྱང་རུང་སྟེ་རྣམ་པ་ཐམས་ཅད་དུ་རང་གི་སྒོ་གསུམ་གྱི་སྤྱོད་པར་ཡང་ཡང་བརྟགས་ཏེ་བླང་དོར་ལ་ཤེས་བཞིན་དུ་འཇུག་པ་ཉིད་ཡིན་ལ། དེ་ལ་ཡང་ཐོག་མར་རང་གིས་ཡང་དག་པའི་བླ་མ་ལ་བརྟེན་ཏེ་ཐོས་པའི་སྒོ་ནས་བླང་དོར་གྱི་གནས་ལ་སྦྱངས་ནས་མཁས་པར་བྱས་ཏེ་བླང་དོར་རྣམས་ལེགས་པར་བྱ་ཤེས་པ་ཞིག་དགོས་ཀྱི་དེ་མི་ཤེས་ན་ཅི་ཞིག་མི་བརྗེད་ཅིང་བླང་དོར་བྱ་སྟེ། བསྲུང་བྱ་མི་ཤེས་བསྲུང་བར་རློམ་པར་མཚར། །ཞེས་པ་ལྟར། དེང་སང་དགེ་ཚུལ་སློང་སྡོམ་ལྡན་དང་སྔགས་པར་རློམས་པ་གཞན་དག་གིས་བཟང་པོར་བརྩི་བ་ཕལ་ཆེར་གྱིས་ཕམ་ལྷག་དང་རྩ་ལྟུང་ཙམ་གང་ཡིན་ངོ་མི་ཤེས་པ་མང་པོ་འདུག་པ་འདི་འདྲས་ཅི་ཡང་མི་འོང་ལ། དེས་ན་བླང་དོར་གྱི་གནས་ལེགས་པར་ཤེས་ནས་མི་བརྗེད་ཅིང་ཚུལ་བཞིན་བརྟགས་ནས་བླང་དོར་ལ་སེམས་བསྲུང་བའི་སྒོ་ནས་འཇུག་དགོས་ཏེ། བསླབ་བཏུས་ལས། རང་གི་སློབ་དཔོན་རང་འདྲ་བར། །བདག་གི་བག་ཉལ་སུ་ཡིས་ཤེས། །ཞེས་གསུངས་པ་ལྟར་གཞན་དག་གིས་རང་གི་སེམས་ཀྱི་རྟོག་ངན་མི་ཤེས་པས་ལམ་དུ་འཇོག་པ་ལྟ་ཅི། ཐ་ན་ལུས་ངག་གི་སྤྱོད་ངན་ཅུང་ཟད་ཙམ་རེ་ཤེས་ནས་དེ་མ་བྱེད་ཅེས་བརྗོད་ན་ཁོང་ཁྲོ་བ་ལས་མེད་པར་ལམ་དུ་འཇོག་མི་ནུས་པས་ན། རང་གི་སྒོ་གསུམ་རང་གིས་ལམ་དུ་བཞག་ནས་ངན་པ་ཅི་བྱས་ཀྱང་ཁོང་ཁྲོ་བར་མི་འགྱུར་བར་ལམ་དུ་ཡང་འཇོག་ནུས་པའི་ཕྱིར། རང་གི་སློབ་དཔོན་རང་གིས་བྱས་ཏེ་དཔེར་ན་སེམས་རྟ་ཕོ་ལྟ་བུ་དང༌། དྲན་པ་ཐག་པ་ལྟ་བུ་དང༌། ཤིས་བཞིན་བྱ་ར༷་བའི་མི་ལྟ་བུ་ཡིན་པས་སེམས་དྲན་ཤེས་ཀྱིས་མ་བསྲུང་ན་བསླབ་པ་བསྲུང་མི་ནུས་པས་ན་ལམ་ལྷག་པའི་བསླབ༷་པ༷་རིན་པོ་ཆེ་རྣམ་པ་གསུམ་ཡང་དག་པར་བསྲུང༷་བ༷ར་འདོ༷ད་པ༷་ཡི༷ས། སེམས་རྣམ་གཡེང་གི་དབང་དུ་མི་གཏོང་བར་དྲན་པ་དང་ཤེས་བཞིན་གྱིས་ར༷བ་ཏུ་བསྒྲིམ༷ས་ན༷ས་རང་གི་སེ༷མས་འདི་རྩེ་གཅིག་ཏུ་ཕྱིན་ཅི་ལོག་ལས་བསྲུང༷་བར་ལ་འབད་པར་བྱ༷་སྟེ། རང་གི་སེ༷མས་འདི༷་དྲན་ཤེས་ཀྱིས་ཉོན་མོངས་པ་ལས་བསྲུང༷་བ༷ར་མ༷་བྱས༷་ན༷་བསླབ༷་པ༷་མི་ཉམས་པར་བསྲུང་བསམ་ཡང་བསྲུང༷་བ༷ར་ཡོ༷ང་ཡེ་མི༷་ནུས༷་པའི་ཕྱིར་རོ། དེས་ན་སེམས་མ་བསྲུང་བར་རྒྱལ་པོ་སོགས་ལ་སྐྲག་ནས་རེ་ཞིག་ལུས་ངག་བཙོན་དུ་བཟུང་ནས་བསྲུང་སྡོམ་ཁུར་དུ་སོང་བ་ཙམ་གྱིས་མཐར་མི་འཁྱོལ་བས་སེམས་འདི་བསྲུང་བ་གལ་ཆེའོ། །གཉིས་པ་ལ། གནོད་པ་ཐམས་ཅད་སེམས་ལས་བྱུང་ཚུལ། དགེ་བ་ཐམས་ཅད་སེམས་ལས་བྱུང་ཚུལ། དེས་ན་ངེས་པར་སེམས་བསྲུང་དགོས་པར་གདམས་པ་དང་གསུམ་ལས། དང་པོ་ནི། རང་གི་སེ༷མས་ཀྱི༷་གླང༷་པོ༷་ཆེ་འདི་སྔོན་སོང་གི་བག་ཆགས་ཀྱི་རྗེས་སུ་དཔྱོད། མ་འོངས་པའི་རྣམ་པར་རྟོག་པའི་མདུན་བསུས། ད་ལྟའི་རྣམ་པར་རྟོག་པ་རྐྱེན་ཡུལ་དུ་བཏང་ནས་ཁ་ཡན་བྱུང་རྒྱལ་དུ་ཡ༷ན་པར་བཏ༷ང་བ༷ས་ལས་ངན་པ་བསགས་ཏེ། ཚེ་ཕྱི་མ་ལ་དམྱལ་བ་མན༷ར་མེ༷ད་པ་ལ་སོགས་པར་བཙོ་བསྲེག་ལ་སོགས་པའི་སྡུག་བསྔལ་གྱི་གནོ༷ད་པ༷་དྲག་པོ་བྱེད༷་པ༷་ལྟར༷་རྒྱ་གར་ན་གཡུལ་ངོར་སྤྱོད་པའི་གླང༷་ཆེ༷ན་འདུལ་སྦྱོང་གིས་མ༷་ཐུལ༷་བ་ཆང་གིས་མྱོས༷་པར་བྱས་པ་དགྲ་ལ་རྦད་པ༷་ཡི༷ས་དགྲ་བོའི་གྲོང་ཁྱེར་བརླགས་པའི་གནོད་པ་ཆེན་པོ་བྱེད་ན་ཡང་མི་ཡུལ་འདི༷་ན༷་དམྱལ་བ་མནར་མེད་ལ་སོགས་པ་དེ༷་འདྲ༷འི་གནོ༷ད་པ་ཆེན་པོ་མི༷་བྱེད༷་པས་སེམས་བསྲུང་བ་ལ་འབད་པར་བྱའོ། །དེ་ཡང་ལུས་ངག་ཡིད་གསུམ་གྱི་སྒོ༷་ཀུན་ནས་བླང་དོར་གྱི་གནས་མི་བརྗེད་པའི་དྲན༷་པའི༷་ཐག༷་པ༷་ཡི༷ས་སེ༷མས་ཀྱི༷་གླང༷་པོ༷་འདོད་པས་མྱོས་པ་འདི་སྔོན་སོང་གི་རྗེས་མི་དཔྱོད་མ་འོངས་པའི་མདུན་མི་བསུ། ད་ལྟའི་རིག་པ་རྐྱེན་ཡུལ་དུ་མི་བཏང་བར་ཚུལ་བཞིན་ཡིད་ལ་བྱེད་པའི་སྡོང་པོ་ལ་དམ༷་པོར་བཏག༷ས་ན༷་ཚེ་འདི་ཕྱིའི་འཇི༷གས་པ༷་ཐ༷མས་ཅ༷ད་མེ༷ད་པར་འགྱུར༷་ཞིང༷་རང་གཞན་ལ་ཕན་པའི་དགེ༷་བ༷་ཐ༷མས་ཅ༷ད་ལ༷ག་ཏུ་གཏ༷ད་པ་བཞིན་དུ་འོ༷ང་བར་འགྱུར་བས་དཀའ་ཚེགས་མེད་པར་འགྲུབ་པར་འགྱུར་རོ། །ཚེ་འདི་ཕྱིའི་འཇིགས་པ་གང་ཞེ་ན་ཚེ་འདིའི་འཇིགས་པ་སྟག༷་དང༷་སེ༷ང་གེ༷་དང་གླང༷་ཆེ༷ན་དང་དྲེ༷ད་དང་སྦྲུལ༷་དང༷་ཆོམ་རྐུན་ལ་སོགས་པའི་དགྲ༷་རྣམ༷ས་ཐམ༷ས་ཅད༷་དང་ཚེ་ཕྱི་མའི་འཇིགས་པ་སེམས་ཅ༷ན་དམྱལ༷་བ༷འི་སྲུང༷་མ༷་གཤིན་རྗེའི་སྐྱེས་བུ་འཇིགས་སུ་རུང་བ་ལ་སོགས་པ་རྣམས་དང་༷། གཉིས་ཀར་འཇིགས་པ་ཕ་རོལ་པོའི་མཐུས་རྦད་པའི་བྱད༷་མ་གདོན་རྦད་འདྲེ་རྦོད་གཏོང་དང་དེ༷་བཞི༷ན་དུ་ཚེ་ལེན་ཅིང་མདངས་འཕྲོག་པའི་སྲིན༷་པོ༷་ལ་སོགས་པའི་གནོད་བྱེད་རྣམ༷ས་རང་གི་སེ༷མས་འདི༷་གཅི༷ག་པུ༷་དྲན་པས་བཟུང་སྟེ་དམ་པོར་བཏ༷གས་པ༷་ཡི༷ས་གནོད་བྱེད་གདུག་པ་ཅན་དེ༷་དག༷་ཐ༷མས་ཅ༷ད་བཏག༷ས་པ༷ར་བྱས་པ་དང་འདྲ་བར་འགྱུར༷་བས་རང་ལ་གནོད་པར་མི་འགྱུར་ཏེ། འཆད་འགྱུར་ལྟར་ལམ་དུ་འགྲོ་བ་ལ་སོགས་པའི་ཚེ་དྲན་ཤེས་དང་ལྡན་པའི་སྒོ་ནས་མདུན་དང་རྒྱབ་སོགས་སུ་བརྟགས་ཏེ་སོང་ན་སྟག་སོགས་དང་འཕྲད་པར་མི་འགྱུར་བ་དང༌། དྲན་ཤེས་དང་ལྡན་པ་རྣམས་ལ་འགོ་བའི་ལྷ་ལ་སོགས་པ་དཀར་ཕྱོགས་སྐྱོང་བ་རྣམས་ཀྱིས་བསྲུངས་ཤིང་སྐྱབས་པར་འགྱུར་བས་སྟག་སོགས་དང་མི་ཐུག་པ་དང༌། གལ་ཏེ་ཐུག་ཀྱང་ཨོ་རྒྱན་ཆེན་པོར་གསོལ་བ་བཏབ་པས་གནོད་པར་མ་ནུས་པ་ལ་སོགས་པ་བཞིན་ནོ། །རང་གི་སེམ༷ས་འདི༷་གཅི༷ག་པུ༷་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སམ་ཏིང་ངེ་འཛིན་གྱིས་བརྟུལ༷་བ༷་ན༷་ཚེ་འདི་ཕྱིའི་འཇིགས་པ་དེ༷་དག༷་ཐ༷མས་ཅ༷ད་ཐུལ༷་བ་དང་འདྲ་བར༷་འགྱུར༷་ཞིང་གནོད་པ་མི་བྱེད་དེ། རིམ་པར་རྒྱལ་སྲས་ཐོགས་མེད་ཀྱིས་མདུན་དུ་ལུག་དང་སྤྱང་ཁུ་ཕན་ཚུན་བརྩེ་བས་རྩེད་མོ་བྱེད་པ་དང་རྒྱ་གར་གྱི་གྲུབ་ཆེན་ས་ར་ཧ་ལ་སོགས་པས་སེང་གེ་ལ་དུག་སྦྲུལ་གྱིས་གློ་གོང་སོགས་བྱས་ཏེ་བཞོན་པ་ལ་སོགས་པ་བཞིན་ནོ། །དེའི་སྒྲུབ་བྱེད་ལུང་གིས་སྒྲུབ་པ་འདི༷་ལྟར༷་ཚེ་འདི་ཕྱིའི་འཇི༷གས་པ༷་དེ་དག་ཐ༷མས་ཅ༷ད་དང༷་ལུས་དང་སེམས་ཀྱི་སྡུག༷་བསྔ༷ལ་དཔ༷ག་ཏུ༷་མེ༷ད་པ༷་ཡ༷ང༌། རང་གི་སེ༷མས་རྣམ་གཡེང་འཁྲུལ་པའི་དབང་དུ་སོང་སྟེ་སྡིག་པ་མི་དགེ་བ་བྱས་པ་ལས༷་བྱུང༷་བ༷་ཡི༷ན་ནོ༷་ཞེ༷ས་ཡང༷་ད༷ག་པ་སྟེ་བདེན་པ་ཉག་གཅིག་གསུང༷ས་པ༷་རྫུན་མེད་པའི་སངས་རྒྱས་ཉིད༷་ཀྱིས༷་བསྟན༷་ཏེ། དཀོན་མཆོག་སྤྲིན་ལས་སེམས་ཉིད་དབང་དུ་གྱུར་ན་ཆོས་ཐམས་ཅད་དབང་དུ་འགྱུར་རོ། །ཞེས་དང༌། དྲན་པ་ཉེར་བཞག་ལས། སེམས་ནི་དགྲ་དང་དགྲ་ཆེན་ཏེ། །སེམས་ལས་གཞན་པའི་དགྲ་མེད་དོ། །རྩུབ་ཤིང་རང་གིས་རང་བསྲེག་ལྟར། །སེམས་ནི་རང་གི་སེམས་ཀྱིས་བསྲེག །ཅེས་པ་ལ་སོགས་པའོ། །རིག་པས་སྒྲུབ་བྱེད་ནི། སེ༷མས་ཅ༷ན་དམྱལ༷་བ༷འི་མཚོ༷ན་ཆ༷་གཅོད་བྱེད་ཀྱི་རལ་གྲི་དང་སོག་ལེ་རལ་གྲི་ལོ་མའི་ནགས་ཚལ་ལ་སོགས་པ་དང༌། འཐག་བྱེད་ཀྱི་གཏུན་ལ་སོགས་པ་དེ་རྣམ༷ས་བྱེད་པོ་སུ༷་ཞིག༷་གི༷ས་ནི༷་གང་གཅོད་པ་ལ་སོགས་པའི་ཆེ༷ད་དུ༷་བྱས༷་ཏེ་བྱེད་པ་པོ་གཞན་སུ་ཡང་མེད་དོ། །ལྕག༷ས་སྲེག༷ས་པའི་རང་བཞིན་གྱི་ས༷་གཞི༷་མེ་རབ་ཏུ་འབར་བ་ཡང་སུ༷་ཡི༷ས་གང་གི་ཆེད་དུ་བྱས༷་ཏེ་བྱེད་པ་པོ་གཞན་མེད་ཅིང་ཤལ་མ་རིའི་སྡོང་པོའི་སྟེང་འོག་ཏུ་སྔར་རང་གང་ལ་ཆགས་ཤིང་ལོག་པར་ཞུགས་པའི་མོ༷་ཡི་ཚོ༷གས་ཀྱིས་འབོད་པའི་སྣང་བ་དེ༷་ད༷ག་བྱེད་པ་པོ་གཞན་ཅི༷་ལས་བྱུང༷་སྟེ་གཞན་གང་ལས་ཀྱང་མ་བྱུང་ངོ༌། །དེས་ན་དེ་དང་དེ་འདྲ༷་བ་ཡི་འཇིགས་པའི་གནོད་བྱེད་དེ༷་དག༷་ཐ༷མས་ཅད་ཀྱང༷༌། རང་གི་སྡིག༷་པ་མི་དགེ་བའི་སེ༷མས་གོམས་པའི་དབང་གིས་བྱུང་བ་ཡི༷ན་པ༷ར་སངས་རྒྱས་བཅོམ་ལྡན་འདས་ཐུབ༷་པ༷ས་མདོ་ལས་གསུང༷ས་ཏེ། འགྲོ་བ་རྣམ་འབྱེད་ཀྱི་མདོ་ལས། ལྕགས་ཀྱི་ས་གཞི་འབར་ཞིང་ཚ། །འབར་བའི་མེ་ལྕེས་ཀུན་ནས་ཁྱབ། །ལྕགས་ཀྱི་སོག་ལེ་རྣོན་པོ་ཡིས། །ལུས་གཅིག་ཆ་ཤས་བརྒྱར་གཤགས་པ། །ལུས་ངག་ཡིད་ཀྱི་སྡིག་པ་ཅན། །རྣམས་ཀྱི་སེམས་ལས་བྱུང་བ་ཡིན། །ཞེས་པ་ལ་སོགས་པའོ། །དེ༷་ལྟར༷་འཇི༷ག་རྟེན༷་གསུམ༷་པོ༷་སྟེ་འདོད་ཁམས་གཟུགས་ཁམས་གཟུགས་མེད་ཀྱི་ཁམས་གསུམ་མམ་ས་འོག་ས་སྟེང་ས་བླ་སྟེ་གསུམ་ན༷་རང་སེམ༷ས་འཁྲུལ་པའི་དབང་ལ༷ས་མ་བྱུང་བའི་འཇི༷གས་པ༷་གཞ༷ན་འག༷འ་ཡང་མེ༷ད་པས་ན་རང་གི་སེམས་ཉིད་རྣམ་གཡེང་འཁྲུལ་བའི་དབང་དུ་མི་གཏོང་བར་ལེགས་པར་བསྲུང་ན་ཚེ་འདི་ཕྱིའི་གནོད་པ་ཐམས་ཅད་མེད་པར་འགྱུར་རོ། །གཉིས་པ་ནི། སྦྱིན་པ་ཡང་ནང་སེམས་ཀྱི་སྟེང་ན་ཡོད་དེ་ག༷ལ་ཏེ༷་རྫས་ཀྱི་དངོས་པོ་ཆེན་པོ་བྱིན་ནས་འགྲོ༷་བ་མ་ལུས་པའི་དབུལ༷་བ་མཐའ་དག་བོ༷ར་བ༷ས་ཏེ་བསལ་ནས་སྤྲང་པོ་གཅིག་ཙམ་ཡང་མེད་པར་བྱས་པ་ཉིད་སྦྱིན་པའི་ཕ༷་རོ༷ལ་ཏུ་ཕྱིན༷་པ་ཡི༷ན་ན༷་དེང་སང་ངམ་ད༷་དུང༷་འགྲོ༷་བ་བཀྲེན༷་པའམ་སྤྲང་པོ་མང་པོ་འདི་བཞིན་དུ་ཡོ༷ད་པར་གྱུར་ན༷་སྔོན༷་གྱི་སྐྱོབ༷་པ༷་སངས་རྒྱས་བཅོམ་ལྡན་འདས་རྣམས་ཇི༷་ལྟར༷་ན་སྦྱིན་པའི་ཕ༷་རོལ་ཏུ་ཕྱིན༷་ཏེ་མ་ཕྱིན་པར་འགྱུར་ན། དེ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་རང་ལ་ལུས་ལོངས་སྤྱོད་ཅི་ཡོད་ཀྱི་དངོས་པོའམ་བདོ༷ག་པ༷་ཐམ༷ས་ཅ༷ད་ཚེ་འདིའི་ལན་དང་ཕྱི་མར་རྣམ་སྨིན་གྱི་འབྲས་བུ་ལ་རེ་བ་མེད་པར་འབྲས༷་བུ་བཅ༷ས་ཏེ༷་སྦྱིན་ཡུལ་ཀྱང་སྐྱེ་བོ༷་མཐོ་དམན་ཕྱུགས་དབུལ༷་ཀུན༷་ལ༷་སེར་སྣ་དང་ཆགས་སེམས་ཀྱིས་གཏོང་མི་ཐུབ་པ་མེད་པས་གཏོང་སེམས་སམ་གཏོང༷་སེམས་གོམ་པ་ཉིད་ཀྱིས༷་སྦྱིན༷་པའི༷་ཕ༷་རོ༷ལ་ཏུ་ཕྱིན༷་པ༷་ཡིན་པར་གསུང༷ས་ཏེ༷ བློ་གྲོས་མི་ཟད་པ་ལས། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་གང་ཞེ་ན་བདོག་པ་ཐམས་ཅད་འབྲས་བུ་དང་བཅས་ཏེ་གཞན་ལ་གཏོང་བའི་སེམས་པའོ། །ཞེས་སོ། །ཕ་རོལ་ཏུ་ཕྱིན་པ་ཞེས་འཁོར་གསུམ་དུ་མི་རྟོག་པས་ཟིན་པ་ལ་བྱ་ཞིང་འོག་མ་ལའང་འདྲེའོ། །དེ༷་ལྟས༷་སམ་དེ་ལྟ་བས་ན་སྦྱིན་པ་དེ༷་ནི༷་སྦྱིན་རྒྱུའི་དངོས་པོ་ཆེ་ཆུང་ལ་མི་ལྟོས་པར་རང་གི་སེམས་ཕྱི་ནང་གི་དངོས་པོ་གང་ལ་ཡང་གཏོང་མི་ཐུབ་པའི་ཆགས་སེམས་མེད་པའི་གཏོང་སེམས་དེ་སྦྱིན་པ་ཉིད་ཡིན་པས་ན་སེམ༷ས་ལས་བྱུང་བ་ཉིད༷་དོ༷། །ཚུལ་ཁྲིམས་ཡང་སེམས་ལས་བྱུང་སྟེ་སྲོག་གཅོད་ལྟ་བུ་ལ་མཚོན་ན་ཉ༷་ལ༷་སོ༷གས་པ༷་ཡི་སེམས་ཅན་རྣམས་ཡུལ་གང༷་ཞིག༷་ཏུ༷་དེ་དག༷་གཏན་ནས་གསོ༷ད་པར་མི༷་འགྱུར༷་བ༷ར་བསྐྲད༷་པའམ་གཞན་གཅིག་གིས་མི་གསོད་པའི་གནས་ཞིག་ཏུ་འཇོག་ཐབས་མེད་པས་གཞན་དག་གིས་གསོད་དམ་མ་བསད་ཀྱང་རུང་སྟེ། རང་གི་སྲོག་ལ་བབ་ཀྱང་མི་གསོད་སྙམ་པའི་སྤོང༷་བ༷འི་སེམ༷ས་ནི༷་ཡ༷ང་དག༷་པར་ཐོབ༷་པ༷་ལ༷ས། ཚུལ༷་ཁྲི༷མས་ཀྱི་ཕ༷་རོལ༷་ཏུ་ཕྱིན༷་པ་ཡིན་པ༷ར་བཤ༷ད་དེ། མདོ་ལས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། གཞན་ལ་གནོད་པ་སྤོང་བའི་སེམས་པའོ། །ཞེས་སོ། །དེ་བཞིན་དུ་ཡུལ་བུད་མེད་སོགས་མེད་པར་བྱས་ནས་གཟོད་སྡོམ་པ་བསྲུང་ཐབས་མེད་པས་རང་གིས་སེམས་བུད་མེད་སོགས་ལ་ཆགས་པ་སྤོང་བའི་སྤོང་སེམས་ཉིད་ཡོད་ན་ཚུལ་ཁྲིམས་ཡིན་ལ་དེ་མེད་པར་ཉེས་པ་མ་བྱས་པ་ཙམ་ཚུལ་ཁྲིམས་མིན་ནོ། །དེས་ན་ཚུལ་ཁྲིམས་ཡང་སེམས་ལས་བྱུང་བ་ཡིན་ནོ། །བཟོད་པ་ཡང་སེམས་ལས་བྱུང་བ་ཡིན་ཏེ་སེ༷མས་ཅ༷ན་མི༷་བསྲུན༷་པའམ་མ་རུངས་བའི་གནོད་བྱེད་ནི་ནམ༷་མཁ༷འ་བཞི༷ན་ཏེ་གང་དུ་སོང་ཡང་ནམ་མཁའ་མེད་པའི་གནས་ཞིག་མེད་པ་བཞིན་དུ་གང་དུ་སོང་ཡང་གནོད་པར་བྱེད་པའི་སེམས་ཅན་མེད་པའི་གནས་ཞིག་མེད་པས་ན་གནོད་བྱེད་དེ༷་དག༷་མེད་པར་རམ་གཞོ༷མ་གྱིས༷་ཡོང༷་ཡེ༷་མི༷་ལ༷ང་ཞེས་ཁྲོ་བའི་ཡུལ་མེད་པ་ཞིག་བྱེད་མི་ནུས་པས་ན་གནོད་བྱེད་ཀྱི་དགྲ་ཡོད་ཀྱང་ནང་རང་གི་ཁྲོ༷་བ༷འི་སེམ༷ས་འདི༷་ཉིད་གཅི༷ག་པུ་བཟོད་པ་བསྒོམ་པས་བཅོ༷མ་པའམ་སྤོང་ཐུབ་ན༷་ཕྱི་རོལ་གྱི་དགྲ༷་བོ་དེ༷་དག་ཐམ༷ས་ཅ༷ད་ཆོམ༷་པའམ་ཐུབ་པ་དང༷་འདྲ༷་བར་འགྱུར་ཏེ། དཔེར་ན་ཚེར་མ་ལ་སོགས་པའི་གནོད་པ་བསྲུང་བའི་དོན་དུ་ས༷་ཡི་སྟེང༷་འདི༷་མཐའ་དག༷་ཀོས༷་ཞེས་ཀོ་བ་འཇམ་པོས་གཡོ༷གས་ཏུ་འདོད་ཀྱང་དེ༷་སྙེད༷་ཀྱི་ཀོ༷་བ༷ས་ག༷་ལ༷་ལ༷ང་སྟེ་མི་ལང་ལ། རང་གི་ལྷམ༷་མཐིལ༷་ཙམ༷་གྱི་ཀོ༷་བས༷་ནི༷་རང་རང་གི་རྐང་པ་གཡོགས་ན་ས་སྟེང༷་ཐ༷མས་ཅ༷ད་ཀོ་བས་གཡོ༷གས་པ་དང༷་འདྲ༷་བའི་དོན་གྲུབ་པ་དེ༷་བཞིན་ཏུ་ཕྱི༷་རོལ༷་གྱི་གནོད་པར་བྱེད་པའི་དངོ༷ས་པོ༷་མ་ལུས་པ་ཡ༷ང་བད༷ག་གི༷ས་མེད་པའམ་ཕྱིར༷་བཟློག༷་པར་མི༷་ལང་གི༷་ཞེས་མི་ཐུབ་ཀྱང་ནང༷་བད༷ག་གི༷་ཁྲོ་བའི་སེ༷མས་འདི༷་གཅིག་པུ་ཉིད་ཕྱིར༷་བཟློག༷་པར་བྱའི༷་སྟེ་བྱ་དགོས་ཀྱི་གཞ༷ན་ཕྱི་རོལ་གྱི་གནོད་བྱེད་རྣམ༷ས་ཕྱིར་བཟློག༷་གོ༷་ཅི༷་ཞི༷ག་དགོ༷ས་ཏེ་མི་དགོས་སོ། །བརྩོན་འགྲུས་ཀྱང་ནང་སེམས་ཀྱི་སྟེང་ན་ཡོད་དེ་བྱམས་པའམ་སྙིང་རྗེའི་སེ༷མས་གསལ་བ་སྟེ་མོག་མོག་པོ་ལྟ་བུ་མ་ཡིན་པར་མས་བུ་གཅིག་པུ་ལ་བརྩེ་བ་ལྟ་བུ་གཅི༷ག་བསྐྱེད༷་ན་དེའི་འབྲས༷་བུ༷་གང༷་ཞིག །གཟུགས་ཁམས་སུ་ཚ༷ངས་པའི་འཇིག་རྟེན་ལ༷་སོ༷གས་པ༷་རུ་སྐྱེས་ནས་བདེ་བ་ཁྱད་པར་ཅན་ཐོབ་པར་གྱུར་པ་ཡི༷ན་ཏེ་དཔེར་ན་མྱ་ངན་ལས་འདས་པའི་མདོར། བུ་ཆུང་འཆི་བར་མ་ལ་བརྩེ་བ་ཆེན་པོ་སྐྱེས་པ་དང༌། བུད་མེད་མ་བུ་གཉིས་ཆུས་ཁྱེར་བ་ལ་ཕན་ཚུན་བྱམས་པའི་སེམས་གསལ་པོ་གཅིག་བསྐྱེད་པ་ཙམ་གྱིས་ཀྱང་ཤི་འཕོས་པ་ན་དེའི་འབྲས་བུ་ཚངས་པའི་འཇིག་རྟེན་ཏུ་སྐྱེས་པར་གསུངས་པ༷་ལྟར༷་ལུས༷་ངག༷་དང་བཅ༷ས་པའི་འབད་རྩོལ་ཆེན་པོས་དགེ་བ་གང་དང་གང་སྒྲུབ་ན་དེའི་འབྲས༷་བུ༷་ཡང༷་རྒྱུ་ལུས་ངག་གི་སྤྱོད༷་པ༷་ཞ༷ན་པས༷་འབྲས་བུ་ཚངས་པ་ལ་སོགས་པ་འཐོབ་པ་དེ༷་ལྟ༷་བུ་མི༷ན་ཏེ་སེམས་གཙོ་ཆེ་བའི་ཕྱིར་རོ། །འདིར་ཡང་སྤྲོ་སེམས་ལ་གསུངས་སོ། །འགྲེལ་ཚུལ་གཞན་མང་ངོ༌། །བསམ་གཏན་ཡང་སྤྱིར་སེམས་ཀྱི་བསྒོམ་པ་ཡིན་ཀྱང་བསམ་གཏན་དེ་རང་རྒྱུད་ལ་སྐྱེ་བའི་གྲོགས་སམ་ཐབས་ངག་གི་བཟླས༷་བརྗོད༷་དང་ནི་ལུས་ཀྱི་ཁ་ཟས་མེད། རྒྱབ་གོས་མེད་ལ་སོགས་པའི་དཀ༷འ་ཐུབ༷་རྒྱ་ཆེན་པོ་ཀུན༷་ལ་ཡུན༷་རིང༷་པོའི་དུས༷་སུ༷་གོམས་ཤིང་སྤྱད༷་པར་བྱས༷་ཀྱང༌། སེ༷མས་ན་འདོད་པའི་ཡུལ་སོགས་གཞ༷ན་ལ་གཡེ༷ངས་བ༷ས་ཤིང་ཁ་ཤོག་ལྕེ་ལྟ་བུ་ལ་སོགས་པས་བཟླས་བརྗོད་དང་དཀའ་ཐུབ་ལ་སོགས་པ་གང་བྱས༷་པ༷་ནི༷་སངས་རྒྱས་བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི༷་དེ༷་ཁོ་ན་ཉིད༷་མངོན་སུམ་དུ་རིག༷་པའམ་མཁྱེན་པས༷་འདོད་པའི་དོན༷་གྲུབ་པ་མེ༷ད་པར་གསུང༷ས་ཏེ། ཏིང་ངེ་འཛིན་སྡུད་པའི་མདོ་ལས། དགེ་སློང་དག་འདོད་པ་ལ་སེམས་གཡེངས་པས་དཀའ་ཐུབ་དང་ཁ་ཏོན་ལ་སོགས་པ་ནི་འབྲས་བུ་མེད་པར་འགྱུར་རོ། །ཞེས་དང༌། ཡུམ་ལས། སེམས་གཡེང་བས་ནི་བདག་གི་དོན་ཡང་འགྲུབ་པར་མི་འགྱུར་ན་གཞན་གྱི་དོན་ལྟ་ཅི་སྨོས། དེའི་ཕྱིར་སེམས་གཡེང་བའི་གོ་སྐབས་ནི་འགའ་ཙམ་ཡང་དབྱེ་བར་མི་བྱའོ། །ཞེས་པ་ལ་སོགས་པའོ། །ཤེས་རབ་ཀྱང་གང་ཟག་གང༷་གི༷ས་ཤེས་བྱའི་ཆོས༷་ཀྱི༷་དོན༷་ནམ་གཙོ༷་བོ༷་མཆོ༷ག་ཏུ་གྱུར་པ་སེམ༷མས་ཀྱི༷་རང་བཞིན་སྟོང་ཞིང་བདག་མེད་པའི་འོད་གསལ་བ་འགྲོ་བ་ཀུན་ལ་ཡོད་ཀྱང་ཀུན་གྱིས་ཤེས་ཤིང་རྟོགས་པ་མིན་པས་གས༷ང་བ་སྟེ། ཕྱི་རོལ་གྱི་ཆོས་ཐམས་ཅད་སེམས་མེ་ལོང་ལྟ་བུ་ལ་གཟུགས་བརྙན་བཞིན་དུ་ཤར་ཞིང་སེམས་ཀྱིས་བྱས་པས་རང་གི་སེམས་ལས་མ་འདས་པས་སེམས་ཀྱི་རོལ་བ་ཙམ་ཡིན་པའི་ཕྱིར་གཙོ་བོ་སེམས་འདི་གཏན་ལ་འབེབས་དགོས་ལ་དེའང་གཏན་ཚིགས་ཀྱིས་སམ་བྱུང་གནས་འགྲོ་གསུམ་དབྱིབས་དང་ཁ་དོག་སོགས་བརྟགས་པས་རང་གི་སེམས་སྐྱེ་འགག་གནས་གསུམ་སོགས་སྤྲོས་པ་དང་བྲལ་བའི་སེམས་ཀྱི་གསང་སྟོང་ཞིང་བདག་མེད་པ་འདི༷་མ༷་ཤེས༷་ན༷། མྱང་འདས་ཀྱི་བདེ༷་བ་ཐོབ༷་པར་འདོད་པ་དང་འཁོར་བའི་སྡུག༷་བསྔལ༷་ཐམས་ཅད་རྩད་ནས་གཞོ༷མ་པར་འདོ༷ད་ཀྱང༌། དེ༷་དག༷་དོ༷ན་མེ༷ད་ཅིང༷་གྱི༷་ན༷ར་ཏེ་སྙིང་པོ་མེད་པ་ཉིད་དུ་འཁྱམ༷ས་པར་འགྱུར་བ་ཡིན་ནོ། །དེ་ལ་ཉན་རང་གིས་ཀྱང་སེམས་ཀྱི་གསང་གང་ཟག་གི་བདག་མེད་ཙམ་རྟོགས་ཀྱང་ཆོས་ཀྱི་བདག་མེད་མ་རྟོགས་པས་དེ་དག་ལའང་དེ་ཉིད་གསང་བ་ཡིན་ནོ། །དེ་བས་ན་སྡོང་པོ་བཀོད་པར། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ནི་རང་གི་སེམས་ལ་བརྟེན་ཏོ། །ཞེས་སོགས་གསུངས་སོ། །གསུམ་པ་ནི། ཚེ་འདི་ཕྱིའི་སྡུག་བསྔལ་གྱི་འཇིགས་པ་དང་དགེ་བ་ཐམས་ཅད་སེམས་ལས་བྱུང་བ་དེ༷་ལྟས༷་བདག༷་གི༷་སེ༷མས་འདི༷་ནི༷་བླང་དོར་གྱི་གནས་མི་བརྗེད་པའི་དྲན་པས་ལེ༷གས་པར་བཟུང༷་ཞིང་ལུས་སེམས་ལ་ཡང་ཡང་བརྟགས་པའི་ཤེས་བཞིན་གྱིས་ལེ༷གས་པ༷ར་བསྲུང༷་བ༷ར་བྱ༷་དགོས་ཏེ། བསླབ་བྱ་ཐམས་ཅད་དེའི་ནང་དུ་འདུས་པས་རང་གི་སེམ༷ས་འདི་བསྲུང༷་བའི་ཐབས་སུ་ངོ་ཚ་ཁྲེལ་ཡོད་ཀྱི་རྟེན་དུ་གྱུར་པའི་གོས་དཀར་ལྕང་ལོ་དང་རབ་བྱུང་ངུར་སྨྲིག་གི་བརྟུལ༷་བཞུག༷ས་མ༷་གཏོག༷ས་པ༷་དེ་ལས་གཞན་ངོ་ཚ་ཁྲེལ་ཡོད་ཀྱིས་སེམས་བསྲུང་བའི་རྟེན་དུ་མི་འགྱུར་བར་གོས་དཀར་པོ་གྱོན་པ་དང་སྐྲ་སྤྱི་བོར་བཅིང་བ་དང༌། གོས་ངུར་སྨྲིག་བགོ་བ་ལ་སོགས་པ་ངལ་བ་འབྲས་བུ་མེད་པའི་བརྟུལ༷་ཞུག༷ས་འདྲ་མི་འདྲ་མ༷ང་པོ༷ས་ཅི༷་ཞི༷ག་བྱ༷་སྟེ་དགོས་པ་ཅི་ཡང་མེད་དོ། །སེམས་ཕྱི་རོལ་དུ་རྣམ་པར་གཡེང་བས་དྲན་ཤེས་མེད་པས་མ་གྲང༷ས་པ་དང་རྒྱུད་སྡོམ་པས་བསྡམ་པ་ཞིག་པའམ་གྲོལ༷་བའི༷་དམུ་རྒོད་མང་པོའི་ཁྲོད༷་དུ་གན༷ས་ན༷་རང་གིས་འབད་པས་བསྒྲིམ༷ས་ཏེ༷་རང་གི་ལུས་རྨ་ཉམས་སུ་དོགས་ནས་བསྲུང་བ་ཡི༷་ཕྱིར་དུ་བ༷ག་ཡོད་པ་བྱེད༷་པ་བཞི༷ན་དུ་ཞེ་སྡང་སྐྱེ་བའི་ཁྲོད་སྐྱེ་བོ་གདུག་རྩུབ་ཅན་དང༌། འདོད་ཆགས་སྐྱེ་བའི་གནས་སམ་ཁྲོད་བུད་མེད་ལ་སོགས་པ་སྐྱེ༷་བོ༷་ང༷ན་པའི་ཁྲོད༷་ན་གན༷ས་ཤིང་བསླབ་པ་བསྲུང་བར་འདོད་པ༷ས་ཀྱང༷་ཉམས་ན་སྡུག་བསྔལ་ཆེན་པོ་བསྐྱེད་པའི་སེ༷མས་ཀྱི༷་རྨ༷་འདི༷་དུས་རྟག༷་ཏུ་བསྲུང་བ་ལ་བག་ཡོད་པར་བྱ་དགོས་ཏེ། དཔེར་ན་ལུས་ཀྱི་རྨ་རྐྱེན་དང་འཕྲད་ན་ཉམས་ཏེ་ཟག་པར་འགྱུར་བ་ལྟར་རང་གི་སེམས་འདི་ཡང་འདོད་པ་དང་མི་འདོད་པའི་ཡུལ་དུ་ཟག་ནས་ཆགས་སྡང་སྐྱེ་བར་འགྱུར་བས་ན་དུས་དང་རྣམ་པ་ཐམས་ཅད་དུ་ཆགས་སྡང་སྐྱེ་བའི་ཁྲོད་དུ་བདུག་མི་རུང་ངོ༌། །དེའི་སྒྲུབ་བྱེད་རང་གི་ལུས་ཀྱི་རྨ༷་ཉམས་པ་ཡི༷་སྡུག༷་བསྔལ༷་ཆུང༷་ངུ༷་ཡི༷ས་ཚེ་འདི་ཙམ་ལ་གནོད་པས་སྐྲག༷་པ༷འང༷་རྨ༷་བསྲུང་བ་ཡི༷་ཆེད་དུ་བག༷་ཡོད་པར་བྱེད༷་ན༷། ཚེ་ཕྱི་མ་དམྱལ་བར་བསྡུས༷་འཇོ༷མས་ཀྱི་རི༷ས་བར་དུ་ལུས་འཇོ༷མས་པ་ལ་སོགས་པའི་སྡུག་བསྔལ་ཆེན་པོས་སྐྲག༷་པ༷་དག༷་གིས་ད་ལྟ་རང་གི་སེ༷མས་ཀྱི༷་རྨ༷་ལྟ་བུ༷་འདི་ཕྱི་རོལ་དུ་ཟག་ཏུ་མི་འཇུག་པར་དྲན་ཤེས་ཀྱིས་ཅི༷ས་མི༷་བསྲུང༷་སྟེ་བསྲུང་དགོས་སོ། །དུས་དང་རྣམ་པ་ཐམས་ཅད་དུ་དྲན་ཤེས་དང་ལྡན་པའི་སྒོ་ནས་རང་གི་སེམས་བསྲུང་བའི་སྤྱོད༷་པ༷་འདི༷་འདྲས༷་རྒྱུན་དུ་གནས༷་པར་བྱེད༷་ན༷་ཞེ༷་སྡང་སྐྱེ་བའི་ཡུལ་སྐྱེ༷་བོ༷་གདུག་པ་ཅན་ང༷ན་པ༷འི་ཁྲོད༷་ན་གན༷ས་ས༷མ་འདོད་ཆགས་སྐྱེ་བའི་ཡུལ་བུད༷་མེ༷ད་མཛེས་མའི་ཁྲོད༷་ན༷་གན༷ས་ཀྱང༷་རུང༷་སྟེ་རང་གི་བསླབ་པའི་གནས་སྡོམ༷་པ་དེ་བསྲུང་བ་ལ་བརྩོ༷ན་པའི་དམ་བཅའ་བརྟ༷ན་པ༷་རྐྱེན་གྱིས་ཉ༷མས་པར་མི༷་འགྱུར༷་བའི་དགོས་པའམ་ཕན་ཡོན་དེ་ལྟ་བུ་ཡོད་དོ། །བད༷ག་གི༷་རྙེད་པ་ཡོན་འབུལ་བ་ལ་སོགས་པ་དང༷་བཀུར་སྟི༷་ཕྱག་འཚལ་གདན་སྟོབས་པ་ལ་སོགས་པ་དང༷་ལུས༷་སྲོག་གི་རྟེན་རང༷་འཚོ༷་བ་ཟས་གོས་ལ་སོགས་པ་མེ༷ད་ཅིང་མདོར་ན་ཤི་བར་གྱུར་ཀྱང་བླ་ཞི༷ང་དགེ༷་བ༷་གཞན་ལུས་ངག་གི་དགེ་བ་གང་ཡ༷ང་ཉ༷མས་པར་གྱུར་ཀྱང་བླ༷་ཡི༷་བསླབ་པ་བསྲུང་བའི་ཆེད་དུ་དུས་རྟག་ཏུ་དྲན་ཤེས་ཀྱི་སྒོ་ནས་རང་གི་སེ༷མས་བསྲུང་བའི་བརྟུལ་ཞུགས་འདི་ནི༷་དུས་ནམ་དུ༷་ཡ༷ང་ཉ༷མས་པར་མི༷་བྱ་སྟེ༷་བྱ་མི་རུང་ངོ༌། །གཉིས་པ། སེམས་བསྲུང་བའི་ཆེད་དུ་དྲན་ཤེས་བསྟེན་ཚུལ་ལ། མདོར་བསྟན་རྒྱས་བཤད་གཉིས་ལས། དང་པོ་ནི། གོང་དུ་ཇི་སྐད་བཤད་པའི་རྒྱུ་མཚན་དེའི་ཕྱིར་ན་རང་གི་སེ༷མས་འདི་བསྲུང༷་བར་འདོ༷ད་པ༷་བདག་གི་རྗེས་འཇུག་རྣམ༷ས་ལ༷་ནི༷་བླང་དོར་གྱི་གནས་མི་བརྗེད་པའི་དྲན༷་པ༷་དང༷་ནི༷་སྒོ་གསུམ་གྱི་སྤྱོད་པ་ལ་ལེགས་པར་བརྟགས་ནས་འཇུག་པའི་ཤེས༷་བཞི༷ན་དག༷་སྒོ་ཐ༷མས་ཅ༷ད་ནས་འབ༷ད་པ༷ས་སྲོག་ལ་བབ་ཀྱང་བསྲུང༷ས་ཤིག༷་ཅེ༷ས་ཞི་བ་ལྷ་བད༷ག་ནི༷་དེ༷་ལྟར༷་ངག་གིས་གསོལ་བ་འདེབས་ཤིང་ལག་ཐ༷ལ་མོ༷་སྦྱོར༷་བ་ཡིན་ནོ་ཞེས་རང་རེ་ལ་དད་པས་མ་ཡིན་གྱི་ཤིན་ཏུ་གལ་ཆེ་བས་ན་དེ་སྐད་གསུང་བ་ཡིན་ནོ། །གཉིས་པ་ལ། ཤེས་བཞིན་མེད་པའི་ཉེས་དམིགས། དྲན་པ་བསྟེན་ཐབས་དངོས་གཉིས་ལས། དང་པོ་ནི། དཔེར་ན་རླུང་མཁྲིས་བད་ཀན་ལ་སོགས་པའི་ན༷ད་ཀྱིས༷་བཏབ་ཅིང་དཀྲུག༷ས་པའི༷་མི༷་དག༷་ལང་ཚོ་དར་ལ་བབ་ཅིང་རྣམ་རིག་བཀྲ་བར་གྱུར་ཀྱང་ནི༷་འགྲོ་འདུག་སྨྲ་བརྗོད་ལ་སོགས་པའི་ལ༷ས་རྣམ༷ས་ཀུན༷་ལ༷་མཐུ༷་མེ༷ད་ཅིང་མི་ནུས་པ༷་དེ༷་བཞི༷ན་དུ་བློ་གསལ་ཞིང་རིག་པ་རྣོ་བའི་གང་ཟག་ཡིན་ཀྱང་དྲན་ཤེས་མེད་པས་སེམས་རྣམ་པར་གཡེངས་ཤིང་བླང་དོར་ལ་རྨོང༷ས་པ༷ས་རང་གི་སེ༷མས་དཀྲུག༷ས་པར་གྱུར་པ༷་དེས་སྤོང་ཀློག་ལ་སོགས་པ་དགེ་བའི་ལས༷་རྣམ༷ས་གང་བསྒྲུབ་པ་ཀུན༷་ལ༷་ཅི་ལྟར་འདོད་པ་བཞིན་དུ་ཕྱེད་པའི་མཐུ༷་དང་ནུས་པ་མེ༷ད་པར་གྱུར་པ་ཉིད་དོ༷། །ཤེས་བཞིན་མེད་ན་ཤེས་རབ་ཆུད་ཟ་བར་འགྱུར་ཏེ་འདི་ལྟར་ཤེས༷་བཞི༷ན་མེ༷ད་པས་རྣམ་པར་གཡེང་བའི༷་སེ༷མས་དང་ལྡན༷་པའི༷་སྐྱེས་བུ་གང་ལ་བླ་མ་ལས་ཐོས༷་པའི་ཤེས་རབ་དང༷་དེའི་དོན་ལ་ཚུལ་བཞིན་ཡང་ཡང་བརྟགས་ཤིང་དཔྱད་པའི་བས༷མ་པའི་ཤེས་རབ་དང༷་དེ་ཉིད་ཀྱི་དོན་ལ་རྩེ་གཅིག་ཏུ་སྒོམ་པ༷་ལས་བྱང་བའི་ཤེས་རབ་ཡང༷་དཔེར་ན་གློ༷་རྡོལ༷་བའི་བུ༷མ་པའི༷་ནང་དུ་ཆུ༷་བླུགས་ཀྱང་རིམ་གྱིས་ཟག་ནས་མེད་པར་འགྱུར་བ་དེ་བཞི༷ན་དུ༷་གང་ཟག་དེའི་དྲན༷་པ༷་ཙམ་ལ༷་ནི༷་ཐོས་བསམ་བསྒོམ་གསུམ་གྱི་ཤེས་རབ་གསུམ་པོ་དེ༷་ཡུན་རིང་དུ་མི༷་གན༷ས་པར་བརྗེད་པར་འགྱུར་ཏེ་ཤེས་བཞིན་མེད་ན་དྲན་པ་ཁོ་ནས་དེ་དག་བསྲུང་མི་ཐུབ་པས་སོ། །དེ་བཞིན་དུ་ཚུལ་ཁྲིམས་ཡང་ཆུད་ཟ་བར་འགྱུར་ཏེ། རང་ཉིད་གང་ལ་བསླབ་པར་བྱ་བའི་གནས་བླང་དོར་ཡང་དག་པར་ཤེས་པའི་ཐོ༷ས་པ་དང་ལྡན༷་ཅིང་རྒྱུ་འབྲས་ལ་ཡིད་ཆེས་པའི་ད༷ད་པ༷་ཅན༷་ཡིན་པ་དང༷་ནི༷་བླང་དོར་ལ་སྤྲོ་བའི་བརྩོན་པ༷་ལྷུར༷་ལེན༷་པའི་གང་ཟག་དུ༷་མ༷་ཡ༷ང་སྐབས་འགའ་ཞིག་ཏུ་ཤེས༷་བཞི༷ན་མེ༷ད་པའི༷་སྐྱོན༷་རང་རྒྱུད་ལ་ཆ༷གས་པ༷ས་ཚུལ་ཁྲིམས་འཆལ་ཞིང་ལྟུང༷་བའི༷་རྙོག༷་པའམ་དྲི་མ་དང༷་བཅ༷ས་པ༷ར་འགྱུར༷་རོ། །གང་ཟག་གང་ལ་ཤེས༷་བཞི༷ན་མེ༷ད་པའི༷་སྐྱོན་གྱིས་ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་གཉིས་ཆོ༷མ་པོ་ལྟ་བུ་དང༌། ང་རྒྱལ་དང་ཕྲག་དོག་སོགས་རྐུན་མ་ལྟ་བུ་དག༷་བསྲུང་མ་ལྟ་བུའི་བླང་དོར་གྱི་གནས་མི་བརྗེད་པའི་དྲན༷་པ༷་ཉམ༷ས་པའི༷་རྗེས༷་སུ་འབྲང༷་བ༷ས་ཏེ་རྗེས་སུ་ཞུགས་ནས། སྔར་རང་གི་བསོ༷ད་ན༷མས་དགེ་བའི་དངོས་པོ་དག༷་ནི་ཉེ༷ར་ཏེ་ཉེ་བར་བས༷གས་པ་ཀུན་ཀྱང༷་དཔེར་ན་རྒྱུ་རྫས་ཀྱི་དངོས་པོ་རྣམས་རྐུན་མ་དང་ཆོམ་པོ༷ས་འཕྲོག༷་སྟེ་སྲོག་གཅོད་པ་ཇི་ལྟ་བ་དེ་བཞི༷ན་དུ་དགེ་བའི་ནོར་འཕྲོག་ཅིང་བདེ་འགྲོའི་སྲོག་བཅད་སྟེ་ང༷ན་འགྲོ༷ར་འགྲོ༷་ཞིང་སྐྱེའོ། །ཆགས་སྡང་ལ་སོགས་པའི་ཉོན༷་མོ༷ངས་པ་ཆོ༷མ་རྐུན་ལྟ་བུའི་ཚོ༷གས་འདི༷་ཡིས་ནི༷་དཔེར་ན་ཆོམ་རྐུན་གྱིས་འགྲོན་པོ་ལྟ་བུ་ལ་སོགས་པ་ལ་དང་པོ་ཐུབ་བམ་མི་ཐུབ་བརྟགས་ནས་གླགས་ལྟ་ཞིང་ཐུབ་ན་དུས་ཉིན་མཚན་ནམ་དགའི་སྐབས་ཚོལ་བར་བྱེད་པ་ལྟར་ཡང་དང་ཡང་དུ་རང་རྒྱུད་ལ་གླག༷ས་ལྟ་ཞིང་གནོད་པའི་སྐབ༷ས་ཚོ༷ལ་བ༷ར་བྱེད༷་པ༷་སྟེ་ཆོམ་རྐུན་དང་འདྲ་བར་བསྟན་ཏེ་ནམ་ཆགས་སྡང་སོགས་ཉོན་མོངས་པས་རང་རྒྱུད་ལ་གླག༷ས་རྙེད༷་པར་གྱུར༷་ན༷ས་རྒྱུ་དགེ༷་བའི་ནོར་བསགས་པ་རྣམས་འཕྲོག༷་པར་བྱེད་ཅི༷ང་འབྲས་བུ་བདེ༷་འགྲོ༷འི་སྲོག་ཉིད་ཀྱང༷་འཇོ༷མས་པ༷ར་བྱེ༷ད་དེ་བདེ་འགྲོའི་གོ་འཕང་མི་འཐོབ་པས་སོ། །གཉིས་པ་ནི། རྒྱུ་མཚན་དེ༷་ལྟ་བས༷་ན་བླང་དོར་གྱི་གནས་མི་བརྗེད་པའི་དྲན༷་པ༷་འདི་ནི་རང་གི་ཡི༷ད་ཀྱི་ཁང་པའི་སྒོ༷་ཁར་སྟེ་སེམས་ཕྱིན་ཅི་ལོག་གི་ཡུལ་དུ་འཇུག་པའི་སྒོར་ཉོན་མོངས་པའི་ཆོམ་རྐུན་བསྲུང་བའི་དོན་དུ་བཞག་ན༷ས་དེ་ལས་ཕྱི་རོལ་ལམ་གུ༷ད་དུ༷་སྟེ་གཞན་དུ་དུས་ནམ༷་ཡ༷ང་མི༷་གཏོ༷ང་ངོ༷་ཞེས་དོན་དུ་དྲན་པ་བརྟེན་ནས་རང་གི་སེམས་ཚོགས་དྲུག་གི་ཡུལ་ལ་དུས་ནམ་དུ་གཡེང་དུ་མི་འཇུག་པར་བསྲུང་དགོས་ཞེས་སོ། །གལ་ཏེ་དྲན་པ་བརྟེན་པ་བརྗེད་ནས་སེམས་ཡུལ་ཐོག་ཏུ་གཡེང་སོང༷་ན༷འང༷་དེ་མ་ཐག་ཏུ་བདག་གིས་དྲན་པ་བརྟེན་པ་བརྗོད་འདུག་པས་སེམས་ཉོན་མོངས་པའི་དབང་དུ་སོང་ནས་ང༷ན་འགྲོ༷འི་གནོ༷ད་པ༷འམ་སྡུག་བསྔལ་དག༷་མྱོང་བར་འགྱུར་བའི་ཉེས་དམིགས་རྣམས་དྲན༷་པ༷ར་བྱས༷་ཏེ་སླར་ཡང་དྲན་པ་དེ་ཉེ༷་བ༷ར་བཞ༷ག་སྟེ་བསྟེན་དགོས་སོ། །ལས་དང་པོ་པ་དྲན་པ་བརྟེན་མི་ཐུབ་པ་རྣམས་ཀྱིས་དྲན་པ་བརྟེན་ཐུབ་ཐབས་སམ་སྐྱེ་བའི་རྒྱུ་ནི་དྲན་ཤེས་དང་ལྡན་པའི་བླ༷་མ༷་མཚན་ཉིད་ལྡན་པ་དང་ནི༷་འགྲོག༷ས་པ༷འམ་བསྟེན་པ་ལ༷ས་དྲན་པ་སྐྱེ་བར་འགྱུར་བས་ན་ཐེག་པ་གང་གི་ལུགས་ལ་བླ་མ་ལ་འབྲལ་མེད་དུ་བརྟེན་དགོས་པར་གསུངས་ལ། བླ་མའམ་མཁ༷ན་པོ༷ས་ཀྱང་བླང་དོར་གྱི་གནས་ཚུལ་བཞིན་དུ་སློབ་མ་དེ་ལ་རྗེས༷་སུ༷་བསྟ༷ན་ཅིང་སློབ་དགོས་པ༷་དང༷༌། དེས་ཀྱང་བསྟན་པ་ལྟར་རང་གིས་བླང་དོར་བཀའ་བཞིན་སྒྲུབ་ཅིང་བདག་བསླབ་བ་དང་འགལ་སོང་ན་བླ་མའི་བཀའ་བཀྱོན་དང་ཉེས་དམིགས་ལ་འཇི༷གས་པའམ་སྐྲག་པ༷ས་སྐལ༷་པ་དང་ལྡན་པའི་གང་ཟག་བསླབ་པ་ལ་གུས༷་པར་བྱེད༷་པ་དེ་ལ༷་དྲན༷་པ༷་བདེ༷་བླག༷་ཉིད༷་དུ༷་སྟེ་དཀའ་ཚེགས་མེད་པར་སྐྱེའོ། །གཞན་ཡང་སང༷ས་རྒྱས༷་དང་བྱང༷་ཆུབ༷་སེ༷མས་དཔ༷འ་དག༷་དུས་ཀུན༷་ཏུ༷་ཤེས་བྱ་གང་ལ་ཡང་ཐོ༷གས་པ་མེ༷ད་པའི་ཡེ་ཤེས་ཀྱི་གཟི༷གས་པ༷ར་ལྡ༷ན་པ་མི་མཁྱེན་པ་དང་མི་གཟིགས་པ་ཅུང་ཟད་ཙམ་ཡང་མེད་པ་དེ༷་དག༷་ཐ༷མས་ཅད༷ད་ཀྱི་སྤྱན༷་སྔ༷་ན༷། དུས་རྟག༷་ཏུ་རྒྱུན་མི་འཆད་པ༷ར་བད༷ག་ནི༷་འདུག་པའམ་གན༷ས་སོ༷་ཞེ༷ས་བསམ་པར་བྱ་སྟེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་ལོང་བའི་དྲུང་ན་མིག་ལྡན་བཞིན་ཡིན་པས་བདག་གི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ངན་པ་ཆེ་ཆུང་ཐམས་ཅད་མངོན་སུམ་དུ་མཁྱེན་ཅིང་ཐུགས་ཁྲེལ་འགྲོ་བས་མི་རུང་ངོ་ཞེས་དེ༷་ལྟར༷་ཡང་ནས་ཡང་དུ་མི་བརྗེད་པར་བས༷མ་ན༷ས་རང་ངོས་ནས་ཉེས་སྤྱོད་ལ་འཛེམས་པ་ངོ༷་ཚ༷་བ༷་དང༷་བསླབ་པ་ལ་གུས༷་པ་དང༷་གཞན་ངོས་ནས་ཉེས་སྤྱོད་ལ་འཛེམས་པ་ཁྲེལ་ཡོད་པས་འཇི༷གས་པ་དང་ལྡན༷་པ་དེ་བཞི༷ན་དུ་མནོས་ཏེ་གནས་པར་གྱིས་ཤིག །དེ་ལྟར་གནས་པ་དེས༷་ནི༷་དྲན་པ་ཙམ་སྐྱེ༷་བར་མ་ཟད་བྱང་ཆུབ་སེམས་དཔའི་བསླབ་པ་སངས་རྒྱས་ཆོས་དགེ་འདུན་གཏོང་བ་ཚུལ་ཁྲིམས་ལྷ་སྟེ་རྗེས་དྲན་དྲུག་ལས་ས༷ངས་རྒྱས༷་རྗེས༷་སུ་དྲན༷་པ༷འ༷ང་གང་ཟག་དེ༷་ལ༷་ཡང༷་དང༷་ཡ༷ང་དུ༷་འབྱུང༷་བའི་ཡོན་ཏན་དང་ལྡན་ཞིང༌། དུས་གང༷་ཚེ༷་བླང་དོར་གྱི་གནས་མི་བརྗེད་པའི་དྲན༷་པ༷་ཡི༷ད་ཀྱི་ཁང་པའི་སྒོ་ཁ༷ར་བཞག་ན༷ས་སེམས་ཉོན་མོངས་པའི་ཡུལ་དུ་འཇུག་པ་ནི་བསྲུང༷་བའི༷་དོན༷་དུ་དྲན་པ་ཉེ་བར་གན༷ས་པར་གྱུར༷་པ༷་དེ༷་ཡི་ཚེ་སྒོ་གསུམ་གྱི་སྤྱོད་པ་ལ་ཤེས༷་བཞི༷ན་ཏུ་འཇུག་པའང་ངང་གིས་འོང༷་བར་འགྱུར༷་ཞིང༷་ལན་འགར་བརྗེད་པའམ་གཞན་དུ་སོང༷་བ༷་དག༷་ཀྱང༷་སླར་སྐྱེ་བའམ་ཕྱིར༷་འོ༷ང་བར་འགྱུར༷་རོ། །གསུམ་པ་དྲན་ཤེས་དང་ལྡན་པའི་སྒོ་ནས་བློ་སྦྱོང་གི་སྤྱོད་པ་ལ་བསླབ་ཚུལ་ལ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་གསུམ་ལས། དང་པོ་ལ་སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་དག་པར་བྱ་བ། བསླབ་པ་མི་ཉམས་པར་བསྲུང་བ་དང་གཉིས་ལས། དང་པོ་ནི། དུས་དང་རྣམ་པ་ཐམས་ཅད་དུ་དྲན་ཤེས་བསྟེན་ཏེ་རེ༷་ཞི༷ག་དང༷་པོར༷་རང་རྒྱུད་ལ་རྣམ་རྟོག་གང་དང་གང་སྐྱེས་འོང་བ་ལ་བལྟས་ཏེ་འདི༷་འདྲ༷འི་སེ༷མས་སམ་རྣམ་རྟོག་འདི་དགེ་བའམ་མི་དགེ་བ་གང་ཡིན་ཞེས་བརྟགས་ཏེ་མི་དགེ་བའི་རྣམ་རྟོག་ཡིན་ན་འདི༷་ནི༷་ཚེ་འདི་ཕྱི་གཉིས་ཀར་གནོད་པར་བྱེད་པའི་སྐྱོན༷་དང་བཅ༷ས་པའོ་ཞེས་ཤེས་པར་བྱས༷་ན༷ས་དེ༷་ཚེ༷་བད༷ག་གི༷ས་ལུས་ལས་སུ་མི་བྱ། ངག་སྨྲ་བར་མི་བྱ། སེམས་རྟོག་ངན་དེའི་རྗེས་སུ་འབྲང་དུ་མི་འཇུག་པར་ཤིང༷་སྡོང་ཆེན་པོ་རླུང་གིས་མི་གཡོ་བ་བཞི༷ན་དུ༷་རང་གི་སེམས་ཡུལ་ཐོག་ཏུ་ཤོར་བའི་རྟོག་ངན་གྱི་དབང་དུ་མི་གཏོང་བར་ཟུང༷ས་ཐུབ༷་པ༷ར་ནི༷་གན༷ས་པ༷ར་བྱ༷་དགོས་ཏེ་དཔེར་ན་ཀོང་བུ་དྲོ་ཕྱིས་དང་ཕག་སྣ་གཏུན་བརྡུང་ཞེས་པ་ལྟར་རྣམ་རྟོག་ངན་པ་གང་སྐྱེས་དེ་མ་ཐག་དུ་འབུར་འཇོམས་བྱེད་དགོས་སོ། །དུས་དང་རྣམ་པ་ཐམས་ཅད་དུ་རང་གི་མིག་གིས་ཆོས་དང་མཐུན་པའི་དོ༷ན་ནམ་འབྲས་བུ་མེ༷ད་པར་མིག་གཞན་དུ་གཡེ༷ང་བའི་ཚུལ་གྱིས་རྣམ་པར་གཡེང་བ༷ར་བལྟ་བ༷་ནི༷་དུས༷་ན༷མ་ཡ༷ང་བད༷ག་གི༷ས་མི༷་བྱ༷་སྟེ༷་གཞན་གྱི་མཐོང་སར་ཚུལ་འཆོས་ལྟ་བུ་མ་ཡིན་པར་བླང་དོར་རམ་དེ་ཁོ་ན་ཉིད་ལ་ངེ༷ས་པ༷ར་སེ༷མས་པ༷ས་དུས་རྟག༷་ཏུ༷་ནི༷་མི༷ག་ནི༷་ཅུང་ཟད་ཕྱེ་བ་སྣ་རྩེའམ་གཉའ་ཤིང་གང་ཙམ་དུ་ཕབ༷་སྟེ༷་བལྟ༷་བ༷ར་བྱ༷་དགོས་ལ་གཞན་དུ་སེམས་ལ་འདོད་ཆགས་དང་ཞེ་སྡང་སོགས་གང་སྐྱེས་ན་མིག་དེའི་རྗེས་སུ་འབྲང་ནས་དེའི་རྣམ་འགྱུར་མིག་ལ་དོད་འོང་བས་ན་རྣམ་པར་གཡེང་བས་མིག་གིས་བལྟ་མི་རུང་ངོ་ཞེས་གསུངས། འགྲོ་བའམ་འདུག་པ་ལ་སོགས་པ་གང་གི་ཚེ་རྩེ་གཅིག་ཏུ་བལྟ༷་བས་དུབ་པར་གྱུར་པ༷་ན་མིག་དང་སེམས་ང༷ལ་བསོ༷འི་ཆེ༷ད་དུ༷་ནི་དྲན་ཤེས་དང་ལྡན་པས་རང་གིས་སེམས་མ་ཡེངས་བཞིན་དུ་རེ༷ས་འག༷འ་ཕྱོགས་ཕྱོག༷ས་སུ༷་བལྟ༷་བ༷ར་བྱ་དགོས་སོ། །གལ་ཏེ་གང་ཟག་འག༷འ་ཞིག༷་རང་གནས་སུ་མིག༷་ལམ༷་དུ་འོངས་ནས་སྣང༷་བར་གྱུར༷་ན༷་མི༷ག་སྡང་སོགས་ཀྱིས་མི་བལྟ་བར་མིག་གཉའ་ཤིང་གང་ཙམ་དུ་ཕབ་སྟེ་ལེགས་པར་དེ་ལ་བལྟས༷་ནས༷་རྒྱ་གར་པས་འོ༷ངས་བ༷་ལེགས་ཞེ༷ས་པ་སོགས་ཡུལ་ལུགས་དང་མཐུན་པའི་གཏམ་སྙན་པའི་ཚིག་དག་སྔ་བར་བརྗོད༷་ནས་མགུ་བར་བྱའོ། །གཞན་ཡང་འཇིགས་བཅས་ཀྱི་ལ༷མ་ལ་སོ༷གས་པར་དགྲ་སོགས་འཇི༷གས་པ༷་ཡོད་མེད་བརྟག༷་པའི༷་ཕྱིར༷་རང་གི་སེམས་མ་ཡེངས་བཞིན་དུ་ཡ༷ང་ད༷ང་ཡ༷ང་དུ༷་རིམ་པར་ཤར་ལ་སོགས་པར་ཕྱོག༷ས་བཞི༷ར་དལ་བུའི་བལྟ༷་བར་བྱ་ཞིང་ཁྱད་པར་ལམ་དུ་ང༷ལ་བསོ༷་བའི་ཚེ་སོགས་སུ་གཞན་གྱི་མིག་སྔར་མི་མཛེས་པའི་མགོ་ཕྱིར་བསྒྱུར་རྩེ་མཆོངས་ལ་སོགས་པས་རྒོད་བག་གི་སྤྱོད་པ་མ་ཡིན་པར་བག་ཕབ་སྟེ་ཞི་དུལ་གྱིས་ཁ༷་ནི༷་ཕྱིར༷་ཕྱོགས་ཤིང་བལྟས༷་ནས༷་རྒྱབ་ཀྱི་ཕྱོག༷ས་སུ་ཡང་དགྲ་རྐུན་གཅན་གཟན་སོགས་འཇིགས་པ་ཡོད་མེད་ལ་ལེགས་པར་བལྟ༷་བ༷ར་བྱ༷་དགོས་སོ། །དེ་ལྟར་རང་གི་མདུ༷ན་དང༷་རྒྱབ༷་ཏུ་ལེགས་པར་འཇིགས་པ་ཡོད་མེད་བརྟག༷ས་པར་བྱས༷་ན༷ས་ཡུལ་གཞན་དུ་ཕར་འགྲོ༷་བའམ༷་ཡང༷་ན༷་རང་གི་གནས་སུ་ཚུར་འོང་བར་བྱ༷་སྟེ་དེ༷་ལྟར༷་ཕྱོགས་འདིས་མཚོན་ནས་གྲོང་དང་དགོན་པ་ཚོགས་གྲལ་སོགས་ཀྱི་གན༷ས་སྐབ༷ས་ཀུན་ཏུ་ཟ་ཉལ་འགྲོ་འདུག་ལ་སོགས་པ་ཐ༷མས་ཅ༷ད་དུ༷་རང་ངམ་གཞན་གྱི་དོན་ནམ་དགོ༷ས་པ༷་གང་དང་གང་ཆེ་བ་དེ་དང་ཤེས༷་པར་བྱས་ན༷ས་ཤེས་བཞིན་དང་ལྡན་པས་བྱ་བ་དེ་ལ་འཇུག་ཅིང་སྤྱད༷་པ༷ར་བྱ་དགོ༷ས་སོ། །རང་གི་གྲོང་ངམ་ཚོགས་གྲལ་ལ་མཐུན་བཅད་པའི་ཚེ་ལ་སོགས་པར་བདག་གིས་ལུས༷་ཀྱིས༷་རྐང་པ་དཀྱིལ་དཀྲུང་དང་ལག་པ་མཉམ་བཞག་ལ་སོགས་པའི་རྣམ་སྣང་ཆོས་བདུན་ལྟ་བུ་འདི༷་ལྟར༷་གན༷ས་པར་བྱའོ༷་ཞེས༷་བསམ་ནས་བྱ༷་བ༷་བསྡོག༷ས་ན༷ས་ཏེ་བྱ་བ་དེའི་མགོ་བརྩམས་པ་དེ༷་ན༷ས་ནི༷་སྐབ༷ས་སུ༷་རང་གི་ལུས༷་འདི༷་སྔར་ཇི༷་ལྟར་བསྡད་པ་དེ་ལྟ༷་བུར༷་ད་ལྟ་གན༷ས་པ༷་ཡི༷ན་ནམ་མིན་ཞེ༷ས་ཤེས་བཞིན་གྱིས་ལུས་ལ་བརྟགས་ཤིང་བལྟ༷་བ༷ར་བྱ༷་དགོས་སོ། །གླང་ཆེན་སྨྱོན་པ་བཏགས་པ་ཤོར་སོང་ན་གནོད་པ་ཆེན་པོ་བྱེད་པས་ན་མི་འཆོར་བར་དམ་པོར་བཏགས་དགོས་པ་ལྟར་རང་གི་སེ༷མས་ཆགས་སྡང་སོགས་ཀྱི༷་དབང་དུ་གྱུར་པ་གླང༷་ཆེ༷ན་མྱོས༷་པའམ་སྨྱོན་པ༷་ལྟ་བུ་འདི་ནི༷་ཕྱི་རོལ་ཆགས་སྡང་གི་ཡུལ་སོགས་ལ་གཡེང་སོང་ན་དམྱལ་བ་དང་ཡི༷་དྭགས་ལ་སོགས་པའི་ངན་སོང་གི་གནོད་པ་བྱེད་པས་ན་རང་གི་སེམས་ཕྱི་རོལ་དུ་ཡོངས་སུ་མི་འཇུག་པར་དམ་པའི་ཆོ༷ས་འཆད་ཉན་སྒོམ་པ་ལ་སོགས་པའི་དོན་ལ༷་རྩེ་གཅིག་ཏུ་སེ༷མས་པ༷འི་ཀ༷་བ་ཆེ༷ན་པོ་དང་འདྲ་བ་ལ༷་དྲན་ཤེས་ཀྱི་སྒོ་ནས་ཇི༷་ལྟར༷་ན་གླང་ཆེན་བཏ༷གས་པ༷་གཞན་དུ་མི༷་འཆོ༷ར་བ༷ར་དེ༷་ལྟར༷་འབ༷ད་པ༷་ཀུན༷་གྱིས༷་ཏེ་ནན་ཏན་གྱིས་ལུས་སྒུལ་བསྐྱོད་མི་བྱ། ངག་སྨྲ་བརྗོད་མི་བྱ། སེམས་དམ་པའི་ཆོས་ཀྱི་ཚིག་དོན་ལྟ་སྒོམ་སྤྱོད་པ་ལ་རྩེ་གཅིག་ཏུ་སེམས་པ་ལས་སྐད་ཅིག་ཙམ་དུ་ཡང་སེམས་ཕྱི་རོལ་དུ་མི་གཡེང་བ་དྲན་པས་བཏག༷ས་ཏེ་ཤེས་བཞིན་གྱིས་སྲུངས་དགོས་སོ། །ཅི༷་ན༷ས་ཀྱང་ཏིང༷་ངེ་འཛི༷ན་ཟབ་མོ་བསྒོམ་པ་ལ་བརྩོ༷ན་པར་བྱེད་པ༷་ལ་ནི༷་རང་གི་སེམས་འདི་དེ་ཁོ་ན་ལ་གཏང་ཅིང་སྒོམ་པ་དེ་ལས་དུས་སྐད༷་ཅི༷ག་གཅི༷ག་ཀྱང༷་ཡུལ་གཞན་དུ་མི་ཡེངས་པའམ་མི༷་འཆོ༷ར་བ༷ར་བྱ་ཞིང༌། གལ་ཏེ་ཅུང་ཟད་ཡེངས་ཤོར་ན་དེ་མ་ཐག་ཏུ་བད༷ག་གི༷་ཡི༷ད་འདི༷་ཏིང་ངེ་འཛིན་ལས་གཞན་ག༷ར་སྤྱོད་ཅིང་འཇུག་པར་བྱེད་ཅེས༷་དེ༷་ལྟར༷་རང་གི་ཡིད༷་ལ༷་སོ༷་སོ༷ར་བརྟག༷་ཅིང་སླར་བླ་ན་ཏེ་མི་ཡེངས་པར་མཉམ་པར་བཞག་པར་བྱ་དགོས་སོ། །སྟག་གཟིག་སོགས་ཀྱིས་སྲོག་གི་འཇི༷གས་པ་ད༷ང་དཀོན་མཆོག་གི་མཆོད་པའི་དག༷འ་སྟོན་དུས་མཆོད་ལྟ་བུ་ལ་སོ༷གས་པ་དང་གཞན་དོན་ཆེན་པོ་སྒྲུབ་པ་དང་འབྲེལ་བ༷ར་ཤིན་ཏུ་བསྡམས་པའི་སྤྱོད་ལམ་དེ་ལྟ་བུའི་རྩེ་གཅིག་ཏུ་མཉམ་པར་བཞག་པར་ག༷ལ་ཏེ་མི༷་ནུས༷་པར་གྱུར་པའི་ཚེ་ན་རེ་ཞིག་དྲན་ཤེས་བརྟེན་ཏེ་སེམས་མ་ཡེངས་པར་ཅི་བདེར༷་བྱ༷་བ་གནང་སྟེ་དེ་ཡང་འདི༷་ལྟར༷་སྤྱིར་སྦྱིན་པ་ལས་ཚུལ་ཁྲིམས་མཆོག་ཏུ་གསུངས་ཀྱང་གཏན་པ་མེད་པའི་སྦྱིན་པ་རྒྱ་ཆེན་པོ་སྦྱིན༷་པའི༷་དུས༷་དག༷་ཏུ༷་ལག་པ་ཆེར་བསྐྱོད་པའམ་ཆང་སྦྱིན་པ་ལྟ་བུའི་ཚུལ༷་ཁྲིམ༷ས་ཀྱི་བསླབ་པ་ཆུང་ངུ་བཏང༷་སྙོམ༷ས་སུ་བཞ༷ག་པ་བྱ་བར༷་བློ་གྲོས་མི་ཟད་པའི་མདོ་ལས་སྦྱིན་པའི་དུས་སུ་ཚུལ་ཁྲིམས་བསྡུས་ཏེ་བཏང་སྙོམས་སུ་བཞག་པར་བྱའོ་ཞེས་གསུང༷ས་པས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་འཇུག་འདི་ལྟ་བུ་སློབ་པའམ་ཨེ་ཤེས་ལྟ་བ་ལ་སོགས་པའམ་ག༷ང་ཞི༷ག་དང་པོ་བས༷མ་སྟེ༷་དེའི་འགོ་བཟུང་བའམ་བྱར༷་ཏེ་བྱ་བར་བརྩ༷མས་ཟིན་པ༷་དེ་ཉིད་མ་གྲུབ་ཀྱི་བར་དུ། དེ༷་ལས༷་གཞ༷ན་དུ༷་འདོན་རྒྱུ་ལྟ་རྒྱུ་སྒྲུབ་རྒྱུ་འགྲོ་རྒྱུ་སོགས་འདྲ་མི་འདྲ་སྣ་ཚོགས་ནམ་དུ་ཡང་མི༷་བས༷མ་སྟེ། སྤྱོད་འཇུག་སློབ་པ་ལ་སོགས་པ་གང་བརྩོམ་པ་དེར༷་རྩེ་གཅིག་ཏུ་གཏ༷ད་པ༷་ཡི༷་བས༷མ་པ༷་ཡི༷ས་གང་བརྩོམ་པ་དེ༷་ཉིད༷་མ་གྲུབ་ཀྱི་བར་དུ་རེ༷་ཞིག༷་དང་པོ་འབད་པས་བསྒྲུབ༷ས་ནས་མཐར་ཕྱིན་པ༷ར་བྱ་ཞིང་སྤྱོད་འཇུག་སློབ་པ་སོགས་གང་བརྩོམ་དེ་ཁོ་ནས་ཆོག་པར་མི་བྱེད་པར་སྔ་མ་སྔ་མ་རྣམས་ལེགས་པར་ཟིན་ནས་ཕྱི་མ་ཕྱི་མ་ལ་ཞུགས་པར་བྱས་ན་དེ༷་ལྟ༷་ན་སྟེ་དེ་ལྟར་བྱས་ན་ནི༷་སྔ་ཕྱི་ཀུན༷་ལེ༷གས་པར་བྱས༷་པ་སྟེ་སྔ་ཕྱི་གཉིས་ག་མཐར་ཕྱིན་པར་འགྱུར་རོ། །དེ་ལྟར་མི་བྱེད་པར་གཞ༷ན་དུ༷་སྔ་མ་མ་ཟིན་པར་ཕྱི་མ་སོགས་གཞན་ལ་འཇུག་པར་བྱས་ན་སྔ་ཕྱི་གཉི༷ས་ཀ༷ར་འགྲུབ་པར་མི༷་འགྱུར༷་ཏེ། རྐང་པ་ཡ་གཅིག་མ་གཏེགས་པར། །གཉིས་ཀར་བཏེགས་ན་འགྱེལ་བའི་རྒྱུ། །ཞེས་པ་ལྟར་རོ༷། །དེ་ལྟར་རིམ་པར་སྔ་མ་ལེགས་པར་ཟིན་ནས་ཕྱི་མ་ལ་ཞུགས་པར་བྱས་ན་ཉེ་ཉོན་ཉི་ཤུ་ཡོད་པ་ལས་ཤེས༷་བཞི༷ན་མ༷་ཡི༷ན་པ་ཞེས་པའི་ཉེ༷་བའི་ཉོན་མོངས་པ་དེ་ཉིད་དེ༷་ལྟ༷་ན༷་སྟེ་དེ་ལྟར་བྱས་ན་ནི༷་འཕེ༷ལ་བར་མི༷་འགྱུར༷་རོ། །གཉིས་པ་ནི། ནད་པ་དང་རྒས་པ་ལ་སོགས་པའི་སེམས་བསྲུང་བའི་ཆེད་དུ་ཀུ་རེའི་བཞད་གད་དམ་བྲེ༷་མོ༷འི་གཏམ་སྟེ་འབྲེལ་མེད་ཀྱི་གཏ༷མ་ནི༷་འདྲ་མི་འདྲ་རྣམ་པ་སྣ་ཚོ༷གས་པ་དང༷༌། སྤྲང་པོ་རྣམས་ཀྱིས་ཟས་རྙེད་ཕྱིར་སྤྲེལ་རྩེད་དང་སྒྲ་སྙན་དང་གར་དང་མིག་འཕྲུལ་བྱེད་པ་ལ་སོགས་པའི་ངོ༷་མཚ༷ར་བའི་ལྟད༷་མོ༷་རྣམ་པ་མང༷་པོ༷་ཀུན༷་ལ༷་གཞན་གྱི་སེམས་བསྲུང་བའི་ཕྱིར་འཇུག༷་པ༷ར་གྱུར༷་པ༷་ན༷་གཏམ་སྣ་ཚོགས་དང་པོ་མཚར་བའི་ལྟད་མོ་དེ༷་དག་ལ༷་རང་ཆ༷གས་པ༷་སྤང༷་བའམ་མེད་པ༷ར་བྱ༷་དགོས་ཏེ་རང་ཉིད་གཏམ་དང་ལྟད་མོ་ལ་ཆགས་ནས་གཏམ་སྣ་ཚོགས་པ་ལ་འཇུག་མི་རུང་ཞིང་ལྟད་མོ་སྣ་ཚོགས་པ་ལ་མཚར་མཚར་དུ་བལྟ་མི་རུང་ངོ༌། །ཁྱད་པར་སྤྲང་པོའི་གར་ལ་སོགས་པ་ལ་བླ་མ་དང་མི་ཆེན་གྱིས་བལྟས་ནས་སྤྲང་པོ་ལ་གནང་སྦྱིན་བྱས་ནས་དགའ་བར་བྱེད་དགོས་སོ། །བྱང་ཆུབ་སེམས་དཔའ་དང་བླ་མ་དང་སྤྲུལ་སྐུ་ལ་སོགས་པས་གཞན་གྱི་མ་དད་པ་བསྲུང་དགོས་པས་ན་དོན༷་ནམ་དགོས་པ་ཆེན་པོ་མེ༷ད་པར་སོར་མོ་དང་ཤིང་བུ་སོགས་ཀྱིས་ས༷་རྐོ༷་བ་དང་ལག་པ་བཟུང་མི་ཐུབ་པར་རྩྭ༷་ལ་སོགས་གཅོ༷ད་པ་དང༷༌། ས༷་རི༷ས་འདྲི༷་བ་སྟེ་ས་ལ་རི་མོ་འདྲ་མི་འདྲ་སྣ་ཚོགས་འདྲི་བ་སོ༷གས་བྱེད༷་པར་འདོད་པར་གྱུར༷་པ་ན༷་བདེ༷་བར་གཤེགས་པས་དེ་དག་བྱ་མི་རུང་བའི་བསླབ༷་པ་བཅས་པ༷་རྣམས་དྲན༷་པར་བྱས༷་ནས༷་བསླབ་པ་དང་འགལ་བའི་ཉེས་པས་ངན་སོང་དུ་འགྲོ་བ་ལ་སྐྲག༷་པ༷ས་དེ༷་ཡི༷་མོ༷ད་ལ༷་སྟེ་དེ་མ་ཐག་ཏུ་དོ༷ར་བར་བྱ་དགོས་སོ། །དུས་གང༷་གི་ཚེ༷་ན་རང་གི་ལུས་ཀྱི་བྱ་བ་ཐག་ཉེ་རིང་གང་དུ་འགྲོ་བར་འདོད་པའམ་ཐ་ན་ལག་སོགས་ཡན་ལག་ཙམ་བསྐྱོད༷་པ༷ར་འདོ༷ད་པར་གྱུར༷་ཏམ༷་ངག་གི་བྱ་བ་གཏམ་རྣམ་པ་སྣ་ཚོགས་གཞན་ལ་བཤད་པའམ་སྨྲ་བ༷ར་འདོ༷ད་པ༷ར་གྱུར་པ་ན་ཡ༷ང་དང༷་པོ༷ར་རང༷་གི༷་སེ༷མས་ལ་འགྲོ་བ་འདི་དང་གཏམ་སྨྲ་བ་འདི་དག་གི་ཀུན་སློང་དགེ་བའམ་མི་དགེ་བ་གང་ཡིན་ཞེས་བརྟག༷ས་ནས༷་བྱང་ཆུབ་སེམས་དཔའ་འམ་བརྟན༷་པ༷ས་རི༷གས་ཤིང་འཐད་པ༷་དང་ལྡན༷་པར༷་བྱ༷་སྟེ་ཞེས་མི་དགེ་བ་ལ་འཇུག་པ་སྤངས་ནས་དགེ་བའི་ལས་ལ་འཇུག་དགོས་སོ། །འདི་ལྟར་ཉེས་སྤྱོད་ཀྱི་འབྱུང་སྒོ་ཉི་ཤུ་རྩ་བདུན་པོ་འདི་རྣམས་ཕྲ་ཞིང་ཕྲ་བ་ཡང་རང་རྒྱུད་ལ་ངེས་པར་མ་བྱུང་བ་ཡང་དག་པ་ཞིག་ཐོན་ན་སོར་བྱང་སྔགས་གསུམ་གྱི་ཉེས་ལྟུང་མི་འབྱུང་བ་ཞིག་འོང་བ་ཡིན་པས་དེ་དག་བློ་ཐོག་ཏུ་ལེན་ནས་དོན་ཇི་བཞིན་དུ་ཤེས་ཤིང་ངེས་པ་རྙེད་ནས་བླང་དོར་ལ་ཚུལ་བཞིན་དུ་འབད་པ་ཤིན་ཏུ་གལ་ཆེ་བ་ཡིན་ལ། ཉི་ཤུ་རྩ་བདུན་པོ་དེ་དག་གང་ཞེ་ན་དུས་གང༷་གི་ཚེ༷་ར༷ང་གི་ཡི༷ད་གྲོགས་དང་རྒྱུ་རྫས་ལ་སོགས་པ་ཡིད་དུ་འོང་བ་རྣམས་ལ་ཆ༷གས་ཤིང་ཞེན་པར་གྱུར་པ༷་དང༷༌། དགྲ་ལ་སོགས་པ་ཡིད་དུ་མི་འོང་བའི་ཡུལ་ལ་སེམས་རྒྱབ་ཀྱིས་ཕྱོགས་པའི་ཁྲོ༷་བ༷ར་འདོ༷ད་པ༷་དེ༷་ཡི༷་ཚེ༷་དེ་དག་གིས་ཀུན་ནས་བསླང་བའི་ལུས་ཀྱི་བྱ་བ་འགྲོ་ཞིང་བསྐྱོད་པ་ལ་སོགས་པའི་ལ༷ས་སུ༷་མི༷་བྱ༷་ཞིང༌། ངག་གིས་དེ་དག་གི་གཏམ་སྨྲ༷་བར་མི༷་བྱ༷་ཞིང་སེམས་དེའི་རྗེས་སུ་མི་འབྲང་བར་ལུས་ངག་ཡིད་གསུམ་བྱེད་པ་མེད་པར་ཤིང༷་བཞི༷ན་དུ་ཟུང་ཐུབ་པར་ནི༷་གན༷ས་པར༷་བྱ༷་ཞེས་ལུས་ངག་ཡིད་གསུམ་ཆགས་སྡང་གི་རྗེས་སུ་འབྲང་དུ་མི་འཇུག་པར་བྱ་དགོས་སོ། །རང་གི་ལུས་ངག་ཡིད་གསུམ་གྱིས་ཅི་བྱེད་རང་གིས་མི་གོ་བའི་ལུས་ངག་ཡིད་གསུམ་རྒོད་པ་དང༌། ཁྱད་པར་འདོད་ཆགས་ཀྱི་ཕྱོགས་སུ་སེམས་རྣམ་པར་གཡེང་བས་རྒོ༷ད་པ་དང༷༌། ག༷་ཞར༷་སྟེ་བཞད་གད་བྱེད་པའི་རྩེད་མོ་རྩེ་འདོད་པ་དང་བཅ༷ས་པ༷འ༷མ། ག༷ལ་ཏེ༷་ངའོ་སྙམ་པའི་ང་རྒྱལ་དང༌། ང་རྒྱལ་ཙམ་དང༌། ཆེ་བའམ་ལྷག་པའི་ང་རྒྱལ། ང་རྒྱལ་ལས་ཀྱང་ང་རྒྱལ། ཅུང་ཟད་སྙམས་པའི་ང་རྒྱལ། ལོག་པའི་ང་རྒྱལ་མངོན་པའི་ང་རྒྱལ་སྟེ་ང༷་རྒྱལ༷་བདུན་དང༌། རྒྱག༷ས་པ་ནི། རིགས་དང་གཟུགས་དང་ལང་ཚོ་དང་ཐོས་པ་དང་ནོར་གྱིས་རྒྱགས་པ་སྟེ་ལྔ་དང་ལྡན༷་པ༷འ༷མ། གཞན་གྱི་སྐྱོན་དངོས་སམ་ཟུར་གྱིས་བརྗོད་པར་འདོད་པ་མཚ༷ང་འབྲུ༷་བ༷་ཡི༷་བས༷མ་པ༷་དང༷༌། ག༷ལ་ཏེ༷་སྐྱོར༷་འབྱིན༷་ཞེས་རྩོད་པ་སྔར་འདུམ་པ་སླར་དབྱེ་བར་འདོད་པའམ་སྦྱིན་པ་སྟེར་བའི་གནས་དེར་ཡང་ཡང་སློང་བའམ་འདོད་པ་ཆོག་མི་ཤེས་པ་རྣམས་ལ་བཤད་དོ། །གཞན་མགོ་གཡོག་ནས་བསླུ༷་བ༷ར་འདོད་པའི་སེ༷མས་ས༷མ། དུས་གང༷་ཚེ༷་བད༷ག་དང་རང་ཕྱོགས་ལ་ཡོན་ཏན་བརྗོད་པས་བསྟོ༷ད་པ་ལྷུར༷་ལེ༷ན་པ༷འམ༷། རང་མི་དགའ་བ་ལ་སོགས་པའི་གཞ༷ན་གྱི་ཕྱོགས་ལ༷་ཉེས་པ་བརྗོད་པས་སྨོ༷ད་པ༷་ཉི༷ད་དང༷་ནི༷་ངག་གིས་གཞན་ལ་གནོད་པའི་གཏམ་གྱིས་གཤེ༷་བ་དང་བཅ༷ས་པ་དང༌། རང་གཞན་ཕན་ཚུན་རྩོད་པའམ་འགྱེ༷ད་པ་དང༷་བཅ༷ས་པར་གྱུར༷་པ༷་དེ༷་དག་གང་གི་ཚེ༷་ཡང་ལུས་ངག་ཡིད་གསུམ་བྱེད་པ་མེད་པར་ཤི༷ང་བཞི༷ན་དུ་གན༷ས་པ༷ར་བྱ༷་དགོས་སོ། །ཟས་གོས་སོགས་ཟང་ཟིང་གི་དངོས་པོ་རྙེད༷་པར་འདོད་པ་དང༷་སྟན་བཏིང་བ་དང་ཕྱག་འཚལ་བ་སོགས་གཞན་གྱིས་བཀུར༷་སྟི་འདོད་པ་དང་རང་གི་ཡོན་ཏན་གཞན་ལ་གྲག༷ས་པར་འདོ༷ད་པ༷འ༷མ། མེ་འབུད་ཆུ་ལེན་ལ་སོགས་པའི་ལས་བྱེད་པའི་གཡོ༷ག་འཁོ༷ར་བཟང་པོ་དོ༷ན་དུ་གཉེར་བར་འདོ༷ད་པ༷འ༷མ། །བད༷ག་གི་སེ༷མས་ལ་རི༷མ་གྲོ༷་སྟེ༷་མལ་ས་བཅའ་བ་དང་གཟིམ་འགེབ་སོགས་འཕྲལ་གྱིས་བསྙེན་བཀུར་འདོ༷ད་པར་གྱུར༷་པ་ན༷་དེ༷་དག་གི་ཚེ༷་རང་གི་ལུས་ངག་ཡིད་གསུམ་དེ་དག་གི་རྗེས་སུ་མི་འབྲང་བར་བྱེད་པ་མེད་པར་ཤི༷ང་བཞི༷ན་དུ་གན༷ས་པ༷ར་བྱ༷་དགོས་སོ། །རང་གི་སྒྲུབ་པར་ནུས་པས་གཞ༷ན་དོ༷ན་ཆུང་ངུ་ནད་གཡོག་ལྟ་བུ་ཡ༷ལ་བ༷ར་འདོ༷ར་བ༷་ད༷ང་རང་དོན་ཆུང་ངུ་ཆོས་གྲལ་ལ་སོགས་པ་འདུག་ས་ལྟ་བུ་འདོམས་པ་སོགས་རང༷་དོན༷་གཉེ༷ར་བ༷ར་འདོ༷ད་པ༷་དང༷་དེ་ཡང་རང་དོན་གཉེར་བ་དྲན་ཤེས་ཀྱིས་ཟིན་པ་དགེ་བཤེས་འབེན་གྱི་རྣམ་ཐར་ལྟ་བུར་དགོས་སོ། །ཆགས་སྡང་ཉོན་མོངས་པའི་གཏམ་དང་རང་གར་དོན་མེད་པའི་ལུང་མ་བསྟན་གྱི་གཏམ་སོགས་ཁ་མི་དགེ་བའི་བང་མཛོད་ཉེས་ལྟུང་གི་འབྱུང་སྒོ་ཡིན་པ༷ས་སྨྲ་བའམ་བཤད་པ༷ར་འདོ༷ད་པའི༷་སེ༷མས་བྱུང༷་བར་གྱུར་ན༷་དེ༷་ཚེ༷་ཤིང༷་བཞི༷ན་དུ་གན༷ས་པ༷ར་བྱ། བཟོད་པའི་མི་མཐུན་ཕྱོགས་སྲན་མི༷་བཟོ༷ད་པ་དང་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ལེ༷་ལོ༷་དང་བྱ་དཀའ་བའི་སྤྱོད་པ་དང་སྟོང་པ་ཉིད་ཐོས་པས་དེ་དག་ལ་འཇི༷གས་པའམ་སྐྲག་པ༷་དང༷་དེ༷་བཞི༷ན་སྤྱི༷་བརྟོལ༷་ཏེ་ཕོ་ཚོད་ཀྱི་བྱ་བ་དང་མུ༷་ཅོ༷ར་ཏེ་མ་བརྟགས་པའི་གཏམ་སྐད་ཆ་ཚིག་འཆལ་འདྲ་མི་འདྲ་སྣ་ཚོགས་པ་བཤད་པ་དང༷༌། རང༷་གི་ཕྱོག༷ས་དགའ་བའི་མཐུན་གྲོགས་ལ་ཆོས་འཇིག་རྟེན་གང་ལའང་བཟང་ངོ་སྙམས་པས་ཞེ༷ན་ཅིང་ཆགས་པའི་སེ༷མས་བྱུང༷་ན༷་དེ༷་ཚེ༷་ཤིང༷་བཞི༷ན་གན༷ས་པ༷ར་བྱ༷། དེ་ཡང་རང་ཕྱོགས་ཀྱི་བླ་མ་སོགས་ལ་དང་མདོག་བྱེད་པ་ཕལ་ཆེར་ཕྱོགས་ཞེན་ཡིན་པས་དད་པ་དང་ཕྱོགས་ཞེན་མ་ནོར་བ་དགོས་ཞེས་གསུངས། སྔར་བསྟན་པ་དེ༷་ལྟར༷་ཆགས་སྡང་སོགས་ཀུན༷་ན༷ས་ཉོན༷་མོ༷ངས་པ་ཉེས་སྤྱོད་ཀྱི་འབྱུང་སྒོ་ཉི་ཤུ་རྩ་བདུན་པོ་ལ་སོགས་པ་ལ་བརྩོན་པ་དང༷་ས་རྐོ་རྩྭ་གཅོད་ས་རིས་བྲི་བ་ལ་སོགས་པའི་དོ༷ན་མེ༷ད་པ་ལ་བརྩོ༷ན་པ༷འི་ཡི༷ད་བྱུང་མ་བྱུང་ལ་ལེགས་པར་བརྟག༷ས་ཏེ་ངོས་ཟིན་པར་བྱས་ན༷ས་རང་གི་ཡིད་ཉོན་མོངས་པ་དང་དོན་མེད་པ་ལ་བརྩོན་པ་དེ༷་ཚེ༷་དཔ༷འ་བོ༷ས་ཏེ་བྱང་ཆུབ་སེམས་དཔའ་ཡིས་དེ་དང་དེའི་གཉེན༷ན་པོ༷་རང་རྒྱུད་ལ་བརྟེན་པ་ཡི༷ས་སེམས་དེ༷་ནི༷་ཉོན་མོངས་པའི་ཡུལ་དང་དོན་མེད་པའི་ཡུལ་ལ་མི་འཆོར་བའམ་མི་གཡེངས་བར་བརྟན༷་པོ༷ར་གཟུང༷་བ༷ར་བྱ༷་ཞིང་ལུས་ངག་གཉིས་ཀྱང་རྟོག་ངན་གྱི་རྗེས་སུ་འབྲང་དུ་འཇུག་མི་རུང་ངོ༌། །མཚམས་ལ་འདུག་པ་སོགས་ལུས་ངག་ཡིད་གསུམ་གྱིས་ཆོས་གང་སྒྲུབ་ན་གཞན་གྱི་ལད་མོ་བྱས་པས་མི་འོང་བས་དགེ་བ་བྱེད་པའི་དངོས་པོ་དགུ་པོ་འདི་དག་དང་ལྡན་ནས་སྒྲུབ་དགོས་ལ། དེ་གང་ཞེ་ན། ཆོས་གང་བྱེད་ན་དེའི་སྦྱོར་དངོས་རྗེས་གསུམ་གྱི་དོན་ལ་མཁས་ཤིང་ཐེ་ཚོམ་མེད་པས་ཤི༷ན་ཏུ༷་ངེ༷ས་པ༷་དང༷༌། དེའི་དོན་ལ་ཡིད་ཆེས་པས་ར༷བ་ཏུ་ད༷ད་པ༷་དང༷༌། དེ་བསྒྲུབ་པ་ལ་དམ་བཅས་པའི་དམ་བཅའ་བརྟན༷་པོས་ཟས་སོགས་མེད་པ་དང་ན་བ་སོགས་ཀྱི་རྐྱེན་དབང་དུ་མི་གཏོང་བ་དང༷༌། དེ་བསྒྲུབ་པ་ལ་སེམས་གུས༷་ཤིང་དགའ་བ་དང༷༌། རང་གི་མཁན་སློབ་བླ་མ་སོགས་མཆོད་འོས་ལ་ལུས་དང་ངག་གིས་ཞེ༷་ས༷ར་བཅ༷ས་པ་དང༌། རང་ངོས་ནས་ངོ༷་ཚ༷་ཤེ༷ས་པ་དང༷་བླ་མ་དང་སངས་རྒྱས་བྱང་སེམས་སོགས་གཞན་ངོས་ནས་སྐྲག་པའམ་འཇི༷གས་པ་དང་བཅ༷ས་པ་དང༷་ཞི༷་ཞི༷ང་སྟེ་སྤྱིར་དབང་པོ་ལྔའི་སྒོ་དང་ཁྱད་པར་མིག་རྣ་བ་སེམས་གསུམ་གྱི་དབང་པོའི་སྒོ་སྡོམ་དགོས་ལ། མ་བསྡམས་ན་ཆགས་སྡང་སོགས་སྐྱེ་བར་འགྱུར་རོ། །གལ་ཏེ་ཆགས་སྡང་རྣམ་གཡེང་སོགས་ཆེ་བས་དབང་པོའི་སྒོ་བསྡམས་མི་ཐུབ་སྙམ་པས་རང་གིས་རང་བརྙས་ཏེ་རང་ཕུང་རང་གིས་བྱེད་མི་རུང་སྟེ་དང་པོ་ནས་ཆགས་སྡང་སོགས་མེད་པ་ཞིག་གིས་དབང་པོའི་སྒོ་བསྡམས་སྟེ་མཆོག་ཏུ་ལུང་བསྟན་ཐོབ་པ་མ་ཡིན་ཏེ་འདི་ལྟར། དཔེར་ན་འདོད་ཆགས་ཅན་གཅུང་མཛེས་དགའ་དང་ཞེ་སྡང་ཅན་རབ་འབྱོར་དང་གཏི་མུག་ཅན་ལམ་ཆུང་པ་ལ་སོགས་པ་ལྟ་བུ་ཡིན་པས་བརྩོན་པ་ལ་འབད་པར་བྱའོ། །ཞི་དུལ་གྱི་སྤྱོད་པ་ལ་སོགས་པ་དེ་ཡང་གཞ༷ན་དག༷འ་བར་བྱེད༷་པ་ཁོ་ནའི་དོན་ལ༷་བརྩོ༷ན་པར་བྱ་དགོས་ཏེ་བྱང་སེམས་རྣམས་ཡུལ་གཉན་པོ་ཡིན་པས་གཞན་སེམས་མ་དད་པ་བསྲུང་དགོས་སོ། །ཁ་གཅིག་མགུ་ན་ཁ་ཅིག་ཁྲོ་བས་ཕ༷ན་ཚུན༷་མི༷་མཐུ༷ན་པར་གནས་པའི་བྱིས༷་པ༷་སོ་སོའི་སྐྱེ་བོ་ཡི༷་འདོ༷ད་པ༷་ཐ་དད་པ་ཡིན་པས་ན་རང་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་ན་ལ་ལ་དགའ་སྟེ་བསྟོད་པ་སོགས་བྱེད་ཅིང་ལ་ལ་མི་དགའ་བར་སྨད་པ་སོགས་བྱེད་པ་རྣམ༷ས་ཀྱིས༷་མི༷་སྐྱོ༷་ཞི༷ང་གལ་ཏེ་སྐྱོ་བར་གྱུར་ན་བྱང་ཆུབ་སེམས་ཀྱི་བར་ཆད་དུ་འགྱུར་བ་སྔོན་ཤཱ་རིའི་བུ་དང་རང་རྒྱལ་གྱི་གཏམ་བཞིན་དང༌། རང་མི་སྐྱོ་བར་མ་ཟད། སེམས་ཅན་མོས་པ་སྣ་ཚོགས་པའི་དབང་གིས་ཆགས་སྡང་སོགས་ཉོ༷ན་མོ༷ངས་པ་སྐྱེས༷་པ་ལ་རག་ལས་པ༷ས་སམ་དེའི་དབང་དུ་སོང་བའི་བྱིས་པ་འདི༷་དག༷་གི༷་བྱང་ཆུབ་སེམས་དཔའི་སྤྱོད་པ་ཆོས་སྒྲུབ་པ་སོགས་ལ་མི་དགའ་བའི་སེ༷མས་འདི༷་ལྟ་བུ་རང་དབང་མེད་པར་བྱུང༷་བའོ་སྙམ༷་སྟེ་སེམས་ཅན་མ་རུངས་བ་དེ་དག་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་ལྷག་པར་བརྩེ༷ར་ཏེ་བརྩེ་བ་ཆེན་པོ་དང་ལྡན༷་པར་འགྱུར་བ་དང༷༌། རང་གང་ལ་འཇུག་ན་ཁ༷་ན༷་མ༷་ཐོ༷་བ་མེ༷ད་པའི་དངོས་པོ་ལ༷་བད༷ག་གི་དབང་དུ་བྱས་ཏེ་ཆོས་ཉན་པ་དང༌། ཟས་ཟ་བ་ལ་སོགས་པ་དང༷་གཞན་སེ༷མས་ཅ༷ན་གྱི་དབ༷ང་དུ་བྱས༷་ཏེ་ཆོས་བཤད་པ་དང་སྦྱིན་པ་གཏོང་བ་ལ་སོགས་པ་ལ་འཇུག་དགོས་ཤིང༷་དེ་དག་ལ་འཇུག་པའི་ཚེ་ཡང་སྤྲུལ༷་པ༷་ལ་ངས་འདི་བྱས་སོ་བྱེད་དོ་བྱའོ་སྙམ་པ་ལ་སོགས་པའི་ང་དང་ང་ཡིར་འཛིན་པ་མེད་པ་བཞི༷ན་དུ༷་ང་དང་ང༷་ཡིར་འཛིན་པ་མེ༷ད་པ༷ར་ཡི༷ད་འདི༷་དུས་རྟ༷ག་ཏུ༷་གཟུང༷་བ༷ར་བྱ་དགོས་སོ། །དུས་རི༷ང་མོ་ཞིག༷་ལོན་ནས༷་མ་རྙེད་པའི་དལ༷་བའི༷་མཆོ༷ག་སྟེ་མི་ལུས་རིན་པོ་ཆེ་ཤིན་ཏུ་རྙེད་པར་དཀའ་བ་ད་རེས་རྙེད་པའམ་ཐོབ༷་པ༷་འདི་དོན་ཡོད་པར་བྱ་དགོས་སོ། །ཞེས་ཡ༷ང་དང༷་ཡ༷ང་དུ་བས༷མས་ན༷ས་དལ་འབྱོར་རྙེད་དཀའ་བསྒོམ་པ་ལ་སོགས་པའི་སེ༷མས་དེ༷་ལྟ༷་བུ༷་དཔེར་ན་རི་ཡི་རྒྱལ་པོ་རི༷་ར༷བ་རྐྱེན་གང་གིས་ཀྱང་མི་གཡོ་བ་ལྟར༷་སྡིག་གྲོགས་ལ་སོགས་པས་ཇི་ལྟར་བསྒོམ་པའི་དོན་ལས་རབ་ཏུ་མི༷་གཡོ༷་བར་བརྟན་པར་གཟུང༷་བ༷ར་བྱ་དགོ༷ས་སོ། །གཉིས་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ལ། བསླབ་པ་ལ་མི་སློབ་པའི་རྒྱུ་ལུས་ལ་ཆགས་པ་སྤང་དགོས་པར་བསྟན་པ། བསྒྲུབ་པའི་ཐབས་ལ་མཁས་པར་བྱ་བ་དང་གཉིས་ལས། དང་པོ་ནི། དེ་ལྟར་སེམས་འདིས་ལུས་ལ་གཅེས་སྤྲས་བྱས་ཏེ་ལྟོག་ན་ཟས་དང་སྐོམ་ན་བཏུང་བ་སྟེར་ཞིང་ཐ་ན་གཞན་གྱིས་མིག་སྣ་ཙམ་ལ་སྐྱོན་བརྗོད་ནའང་དེ་དང་དེའི་ལན་བརྗོད་ནས་ལུས་འདི་བསྲུང་བའི་སེམས་སྤང་བྱའི་རྣམ་རྟོག་དེ་ལ་ལུས་ལ་གཅེས་འཛིན་གཅོད་པའི་གཉེན་པོའི་རྣམ་རྟོག་གིས་རྩོད་པ་ལྷུར་བྱས་ཏེ་བཤད་པ་བྱ༷༷་རྒོ༷ད་དང་ལྕེ་སྤྱང་སོགས་ཤ༷་ལ༷་ཆ༷གས་ཤིང་ཞེན་པ༷་ཡི༷ས་རྒྱུ་མ་ལ་སོགས་པ་ཕ༷ན་ཚུན༷་ཀུན༷་ཏུ༷་བཤ༷ལ་ཞིང་ཁྲིད་དེ་ཟོས་ཀྱང༷་དེའི་ཚེ་ཡི༷ད་ཁྱོད༷་ཀྱིས་བྱ་རྒོད་ལ་སོགས་པ་དེ་དག་ལ་མི༷་དག༷ར་ཏེ་མི་དགའ་བར་མི༷་བྱེད༷་པར་འདུག་ན༷་ནི་དེང་སང་ངམ་ད༷་ལྟ༷་ཡང་ཅི༷་ཕྱིར༷་ལུས་འདི་ལ་ཆགས་ཤིང་ཟས་གོས་ལ་སོགས་པས་ཕན་པ་བསྒྲུབ་ཅིང་གནོད་པ་བསྲུང་བའི་དོན་དུ་ཁ༷་ཏ༷་བྱེད༷་དེ་བྱེད་པར་མི་རིགས་སོ། །ལུས༷་འདི༷་བདག་གམ་བད༷ག་གི༷ར་བཟུང༷་བར་བྱས༷་ན༷ས་ཡི༷ད་ཁྱོད༷་ཀྱིས་ཟས་གོས་སོགས་ཀྱིས་ཅི༷་ཕྱིར༷་ལུས་འདི་སྲུང༷་བ༷ར་བྱེད༷་དེ་བྱེད་མི་རིགས་ཏེ། སེམས་སམ་ཡིད་ཁྱོད༷་དང༷་ཕ་མའི་ཁུ་ཁྲག་གི་རང་བཞིན་གྱི་ལུས་བེམ་པོ་འདི༷་གཉིས༷་ཐ་དད་དམ་སོ༷་སོ༷་བ་ཡིན་ན༷་ལུས་དེས༷་ཀོ༷་སེམས་ཁྱོད༷་ལ༷་ཅི༷་ཞིག༷་བྱ༷་སྟེ་དགོས་པ་མེད་དོ། །བདག་གནས་པའི་རྟེན་ཙམ་དུ་མཁོའོ་ཞེ་ན། བླང་དོར་ལ་རྨོང༷ས་པའི༷་ཡི༷ད་ཁྱོད༷་གནས་པའི་རྟེན་ཞིག་མཁོ་ན་ཅི༷་ཡི༷་ཕྱིར༷་ན་ཤིང༷་གི་མི་གཟུགས་གཙ༷ང་མ༷་ཞིག་ལ་བདག་གི་ལུས་ཞེས་གཟུང༷་བར་མི༷་བྱེད༷་དེ་བྱེད་རིགས་ཀྱི་ཤ་ཁྲག་ལ་སོགས་པའི་མི༷་གཙ༷ང་བའི་རྫས་སོ་དྲུག་འདུས་པའི་ཚོ༷གས་ཀྱི༷་རང་བཞིན་རུས་པ་རྒྱུས་པས་སྦྲེལ་བ་ཕར་རྐྱངས་ཞིང་ཚུར་བསྐུམ་དུ་ཡོད་པའི་འཁྲུལ༷་འཁོ༷ར་བུ་གའི་སྒོ་དགུ་ནས་མི་གཙང་བ་འཛག་པ་འདི༷་འདྲའི་རུལ༷་བ༷་ཡི་ལུས་ངན་པ་བཙོག་པ་འདི་བསྲུང༷ས་ཏེ༷་ཅི༷་ཞིག༷་རུང༷་སྟེ་དགོས་པ་མེད་དོ། །དེ་ཡང་རུལ་བ་ནི་ཟས་ཟོས་པའི་དྭང་མ་ཤ་ཚིལ་སོགས་དང་སྙིགས་མ་རུལ་བ་རྒྱུ་ལོང་དུ་གནས་པ་ལ་སྲིན་བུ་བརྒྱད་ཁྲི་གནས་པར་དགའ་བོ་མངལ་འཇུག་གི་མདོ་ལས་གསུངས་ཤིང་གཤང་གཅི་ལ་དྲི་མ་ངན་པ་བྲོ་བའང་དེའི་དབང་གིས་ཡིན་ནོ། །དེ་འདྲའི་རུལ་བ་ཞིག་ཡིན་ཀྱང་སྙིང་པོ་ཡོད་པས་བསྲུང་ངོ་སྙམ་ན། ཐོ༷ག་མ༷ར་ལུས་ཀྱི་པ༷གས་པ་ལ་སོགས་པའི༷་རི༷མ་པ་འདི༷་ར༷ང་གི༷་བློ༷་ཤེས་རབ་ཀྱི་མཚོན་ཆ་རྣོན་པོ་དང་འདྲ་བ་ཡི༷ས་པགས་པ་དང་ཤ་སོགས་ཐ༷་དད༷་དུ་རྣམ་པར་ཕྱེ་སྟེ་བལྟས་ན་མི་གཙང་བ་དྲི་མི་ཞིམ་པ་ཤིན་ཏུ་འཇིགས་པ་སྐྱེ་བའི་གནས་ལས་གཞན་ཅི་ཡང་མེད་དོ། །ཤ༷་ཡ༷ང་རུས༷་པའི༷་དྲ་བ༷་རྣམས་ལ༷ས་བློ་ཤེ༷ས་རབ༷་ཀྱི་མཚོ༷ན་གྱིས༷་གུད༷་དུ་ཐ་དད་དུ༷་ཕྱེ༷་ཞིང་བརྟགས་པ་དང་རུས༷་པ༷་རྣམ༷ས་ཀྱང༷་ལྷུ་ཚིགས་སོགས་སོ་སོར་ཐ་དད་དུ་དབྱེ༷་བར་བྱས་ནས༷་ནང་དུ་རྐང༷་གི༷་བ༷༷ར་དུ་ལེགས་པར་བལྟ༷་བར་བྱ་ཞིང༷་ལུས་འདི༷་ལ༷་ཕྱི་ནང་གང་དུ་སྙིང༷་པོ༷་འདོད་བྱ་ཡིད་འོང་གི་དངོས་པོ་གཙང་བ་སོགས་ཅི༷་ཞིག་ཡོ༷ད་ཅེ༷ས། བད༷ག་རང་ཉིད༷་ཀྱིས༷་ནི༷་བློ་ཤེས་རབ་ཀྱིས་དེ་ལྟར་སོ་སོར་དཔྱད་དེ་བརྟག༷ས་པ༷ར་གྱིས༷་དང༌། དེ༷་ལྟར༷་འབ༷ད་དེ་འདོད་བྱ་ཡིད་འོང་གི་དངོས་པོ་ཅི་ཡོད་ཅེས་བཙ༷ལ་ཀྱང༷་ལུས་དེར༷་སེམས་ཁྱོད༷་ཀྱིས༷་སྙིང༷་པོ༷་འདོད་བྱ་ཡིད་འོང་གི་དངོས་པོ་ཅི་ཡང་མ༷་མཐོ༷ང་ན༷། མ་མཐོང་བཞིན་དུ་ད༷་དུང༷་ཡང་ཅི༷་ཕྱིར༷་ན་ལུས་འདི་ལ་ཞེན་ཅིང་ཆ༷གས་པའི་ཚུལ༷་གྱིས༷། སེམས་ཁྱོད༷་ཀྱིས་ནི༷་ལུས༷་མི་གཙང་རུལ་བ་དྲི་མི་ཞིམ་པ་འདི༷་སྲུང༷་བ༷ར་བྱེད༷་དེ་བྱེད་མི་རིགས་སོ། །ལུས་འདི་བདག་ལ་ཉེ་བར་མཁོ་བའི་ཕྱིར་ལོས་བསྲུང་སྙམ་ན་ཅི་ཞིག་མཁོ་སྟེ་སེམས་ཁྱོད༷་ཀྱིས༷་ལུས་མི༷་གཙ༷ང་བ་འདི་བཟ༷ར་ནི་མི༷་རུང༷་ཞིང་ཁྲག༷་དང་རྣག་ལ་སོགས་པ་དག་ཀྱང༷་བཏུང༷་དུ་ནི་མི༷་རུང༷་ལ༷། རྒྱུ༷་མ་དང༷་ལྟོའང༷་སྟེ་ལོང་ཁ་ལ་སོགས་པའང་གཞི༷བ་པའམ་འཇིབ་ཏུ༷་མི༷་རུང༷་ན༷། འདི་འདྲའི་མི་གཙང་བའི་ལུས༷་ཀྱིས༷་སེམས་ཁྱོད༷་ལ༷་ཅི༷་ཞིག༷་བྱ༷་སྟེ་ཅི་ཡང་མི་མཁོའོ། །རྒྱུ་མཚན་དེས་ན་གཅིག་ཏུ་ན་ལུས་འདི་བསྲུང་བ་ལ་དགོས་པ་ཅི་ཡང་མེད་ལ། ཉི༷ས་སུ་ན༷་གཙང་བཙོག་མེད་པའི་ཝ༷་དང༷་བྱ༷་རྒོད༷་སོགས་ཀྱི༷་ཟ༷ས་ཀྱི༷་དོན༷་དུ་སེམས་ཁྱོད་ཀྱིས་ལུས་འདི༷་བསྲུང༷་བ་ཡིན་ན་རི༷གས་ཤིང་འཐད་ཅེས་སྨད་པའི་ཚིག་གོ །དེ་ལྟར་ལུས་ལ་ཕྱི་ནང་ཀུན་ཏུ་བརྟགས་ན་སྙིང་པོ་ཅི་ཡང་མེད་ཀྱང་དེ་ལ་སྙིང་པོ་ཞིག་ལེན་དགོས་ལ་དེ་ཇི་ལྟར་ལེན་ན། སེམས་ནི་ཀུན་ལ་དབང་བསྒྱུར་རྒྱལ་པོ་འདྲ། །ལུས་ནི་དགེ་སྡིག་ཀུན་གྱི་གཡོག་པོ་ཡིན། །ཞེས་པ་ལྟར་ལུས་འདི་དགེ་བ་བསྒྲུབ་པའི་གཡོག་ཏུ་བཀོལ་ཐུབ་ན་འགྲོ་དྲུག་གི་ལུས་ཀྱི་ནང་ནས་དམ་པའི་ཆོས་བསྒྲུབ་པ་ལ་མི་ཡི་ལུས་འདི་མཆོག་ཡིན་པས་དེ་ལ་སྙིང་པོ་ལེན་པའི་ཕྱིར་དུ་བླ་མ་དང་གྲྭ་བ་མཐོ་དམན་དྲག་ཞན་སོགས། མི༷་འོ༷་ཅོ༷ག་སྟེ་མིར་གྱུར་པ་མཐའ་དག་གི་ལུས༷་འདི་ནི༷་དགེ་བ་བསྒྲུབ་པའི་གཡོག་ཏུ་བཀོ༷ལ་བར༷་བྱ༷་བ༷་ཉིད༷་དུ༷་ཟ༷ད་ཅེས་དེ་ལས་གཞན་བྱེད་དུ་མེད་དོ། །དེ་ཡང་ལུས་ལ་མངོན་ཞེན་ཅན་རྣམས་ཀྱིས་རང་ལུས་ལ་ཁ་ཟས་རྒྱབ་གོས་རྒྱན་ཆ་སོགས་ཅི་འདོད་ཅི་དགྱེས་ཀྱིས་འདི༷་ལྟར༷་སེམས་ཁྱོད༷་ཀྱིས༷་འབར་བས་ལུས་འདི་བསྲུང༷་བར་བྱས་ཀྱང་ནི༷་འཆི༷་བད༷ག་གཤིན་རྗེ་བརྩེ༷་བ༷་སྙིང་རྗེ་མེ༷ད་པ༷་དེ་ཡི༷ས་དབང་མེད་དུ་ཁྱེད་ལས་ཕྲོག༷ས་ཏེ༷་བྱ༷་རྒོད༷་སོགས་དང༷་ཁྱིར༷་བྱིན༷་ནས་དེ་དག་གིས་ཟ་བར་བྱེད་ན༷། དེ༷་ཚེ༷་སེམས་ཁྱོད༷་ཀྱིས༷་ཅི༷་བྱར༷་ཡོ༷ད་དེ་བྱ་ཐབས་ཅི་ཡང་མེད་དོ། །བྲན༷་གཡོ༷ག་ལས་ལ་བཀོ༷ལ་དུ༷་མི་བཏུབ༷་སྟེ་ལས་ལེགས་པར་མི་བྱེད་པ་དེ་ལ༷འང༌། རྗེ་བོའམ་དཔོན་པོ་དེས་ཟས་དང་གོ༷ས་ལ༷་སོགས་པ༷་མི༷་སྦྱིན༷་ན༷། སེམས་ཁྱོད་ཀྱིས་ལུས༷་འདི༷་ཟས་གོས་སོགས་ཀྱིས་བསྙོད༷་པའམ་གསོས་ཀྱང༷་སེམས་ཁྱོད་དང་ལུས་གཉིས་མཐར་འབྲལ་ཞིང་སོ་སོར་གཞ༷ན་དུ་འགྲོ༷་བས་རང་ལ་མི་ཕན་ན༷། སེམས་ཁྱོད༷་ཀོ༷་ཅི༷་སྟེ་ཤ༷་ཐ༷ང་སྟེ་དཀའ་ཚེགས་ཆེན་པོས་འདི་ཟས་གོས་སོགས་ཀྱིས་གསོ༷་སྟེ་གསོ་མི་རིགས་སོ། །དེས་ན་སྔར་བཞིན་དུ་ལུས་ལ་ཞེན་མི་འདུག་པར་གླ་བྱིན་ནས་ལས་བཅོལ་བ་བཞིན་དུ་ལུས་འདི༷་ལ༷་དམ་པའི་ཆོས་ལེགས་པར་བསྒྲུབ་པའི་གླ༷་དང་རྔན༷་པ་ལྟ་བུར་མཐའ་གཉིས་ལ་མ་ལྷུང་བའི་ལྟོ་འགྲང་ལྷག་སྐྱོབ་ཙམ་གྱིས་ཟས་གོས་ལ་སོགས་པའི་འཚོ་བ་བྱིན༷་ན༷ས་ནི༷། ད༷་ནི༷་རང༷་གི༷་དོན༷་ཏེ་དམ་པའི་ཆོས་ལ་ཐོས་བསམ་སྒོམ་པ་སོགས་བྱེད༷་དུ་ཆུག༷་ཅིག །ཚེ་ཕྱི་མ་ལ་ཕན་པ༷་དམ་པའི་ཆོས་ཞིག་བསྒྲུབ་པའི་དོན་མེ༷ད་པ༷ར་ལུས་འདི༷་ལ༷་ནི༷་ཟས་གོས་སོགས་ཡོད་ན་ཡོད་ཚད་ཐ༷མས་ཅ༷ད་སྦྱིན༷་པ༷ར་མི༷་བྱ༷འོ༷་སྟེ་ལུས་འདིའི་ལྟོ་རྒྱབ་ཁོ་ན་མི་བྱའོ། །ཐར་པ་དང་རྣམ་མཁྱེན་དུ་འགྲོ༷་བ་དང༷་འགྲོ་བའི་དོན་ལ་འོང༷་བའི༷་རྟེན༷་ཙ༷མ་དུ༷་ལུས༷་ལ༷་གྲུ༷་ཡི༷་བློ༷་ཙམ་བཞ༷ག་སྟེ༷་ཞེས་གྲུ་ལ་མཐའ་གཉིས་ལ་མ་ལྟུང་བར་བསྲུང་བ་ལྟར་ལུས་འདི་ལའང་བཟང་ངན་གྱི་མཐའ་གཉིས་ལ་མ་ལྷུང་བའི་ཟས་གོས་ཀྱིས་བསྲུང་བར་བྱ་སྟེ། སེ༷མས་ཅ༷ན་རྣམ༷ས་ཀྱིས་དོ༷ན་ལེགས་པར་བསྒྲུབ༷་པའི༷་ཕྱིར༷་བསམ་པ་བཟང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་དེ་སྦྱོར་བ་བཟང་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ལེགས་པར་བསླབ་ནས་མཐོང་ཐོས་དྲན་རེག་གི་འགྲོ་བ་ཐམས་ཅད་དོན་དང་ལྡན་པའི་ཡི༷ད་བཞི༷ན་གྱི༷་ནོར་བུ་དབང་གི་རྒྱལ་པོ་ལྟ་བུ་ཡི་ནི༷་ལུས༷་སུ༷་སྟེ་རྒྱལ་བའི་སྐུ་རུ་བསྒྱུར༷་བར་བྱོས་ཤིག །གཉིས་པ་ནི། དེ༷་ལྟར༷་ལུས་ངག་གཉིས་སེམས་ལ་དབང་ཞིང་སེམས་ཡང་གཉེན་པོའི་སེམས་ལ་ར༷ང་དབ༷ང་ཡོ༷ད་པར་གྱིས༷་ཏེ༷། དུས་རྟག༷་ཏུ༷་གཞན་ལ་བལྟ་ན་འཛུ༷མ་པའི༷་བཞི༷ན་དུ༷་གྱིས༷་ལ་ཁྲོ་བའི་རྣམ་འགྱུར་ཁྲོ༷་གཉེར༷་བསྡུ་བ་དང་ངོ༷་ཟུམ༷་སྟེ་ངོ་ནག་པོའི་ལྟ་བ་ཡོང༷ས་སུ་ཐོང༷་སྟེ༷་ཞེས་མ་བྱེད་པར་འགྲོ༷་བའི༷་བཤེ༷ས་ཏེ་ཕན་འདོགས་པ་དང༷་གཡོ་དང་སྒྱུ་མེད་པས་དྲང་ཞིང་གསོ༷ང་པོ༷ར་སྨྲ་བར་གྱི༷ས། ཁྲི༷་དང་མལ་སྟན་སྣོད་སྤྱད་ལ༷་སོ༷གས་པ་ལ་འདུག༷་པ་དང་ལེན་པ་ལ་སོགས་པའི་ཚེ་བ༷བ་ཅོལ༷་དུ༷་སྟེ་མ་བརྟག་པར་སྒྲ༷་དང༷་བཅ༷ས་པ༷ར་མི་འདུག་ཅིང་མི༷་དོ༷ར་རོ༷། །གལ་ཏེ་དོར་ན་གཞན་གྱི་མིག་སྔར་མི་མཛེས་པས་མ་དད་པར་འགྱུར་བ་དང༌། བླ་མ་དང་མཁན་པོ་སོགས་ཀྱི་ཏིང་ངེ་འཛིན་ལ་བར་དུ་གཅོད་པ་ལ་སོགས་པའི་གནོད་པར་འགྱུར་བས་ཁང་པ་སོགས་ཀྱི་སྒོ༷་ཡ༷༷ང་ཤུགས་དྲག༷་ཏུ༷་མི༷་དབྱེ༷་སྟེ༷། དུས་རྟག༷་ཏུ༷་རང་སྐྱོན་ལ་བསམ་ནས་གཅོ༷མ་ཞེས་པ་བྱ་བ་གང་ལའང་འུར་ཆེན་པོ་གཞན་གྱིས་མཐོང་ཐོས་སུ་མི་འགྱུར་བའམ་མེད་པས་སྐྱུང༷་བ་ལ་དག༷འ་བ༷ར་བྱ༷་དགོས་ཏེ་དགོན་རི་ཁྲོད་སོགས་གང་དུ་འདུག་ཀྱང་སུས་ཀྱང་མཐོང་ཐོས་མེད་པ་ཞིག་དགོས་སོ། །འཇིག་རྟེན་ན་མ་ཞི་བ་ཆུ༷་སྐྱར༷་དང་བྱི༷་ལ༷་དང་ཆོ༷མ་རྐུན༷་པ་དག༷་གིས་སྤྱོད་ལམ་ཤིན་ཏུ་འཇམ་པོས་རྐང་ལག་ལ་སོགས་པའི་སྒྲ༷་མེ༷ད་པར་འཇ༷བ་ཅི༷ང་འགྲོ༷་བ༷་ཡི༷ས་རང་རང་གི་མངོ༷ན་པ༷ར་འདོ༷ད་པའི༷་དོན༷་ཁ་ཟས་ལ་སོགས་པ་སྒྲུབ༷་པ༷་ཡིན་ལ་དེ་ལྟར་མ་བསྒྲུབ་ན་མི་འགྲུབ་པ་ཡིན་ན། །ཐུབ༷་པ༷ས་སམ་བྱང་ཆུབ་སེམས་དཔའ་རང་གཞན་གྱི་དོན་བསྒྲུབ་པ་ལ་དུས་རྟག༷་ཏུ༷་དེ༷་བཞི༷ན་དུ་སྤྱོད་ལམ་ཞི་དུལ་དང་བག་ཡོད་པར་སྤྱད༷་དགོས་པར་སྨོས་ཀྱང་ཅི་དགོས་སོ། །གཞ༷ན་ལ༷་གཞེ༷ན་བསྐུལ༷་འདེ༷བས་པ་སྟེ་རང་ལ་གཞན་ཞིག་གིས་ཁྱོད་ཀྱིས་མི་དགེ་བ་མ་བྱེད་བསླབ་པ་སློབ་གཉེར་སོགས་ཀྱིས་ཤིག་ཅེས་ཕན་པའི་ཁ་ཏ་བྱེད་པ་ལ་མཁ༷ས་ཤིང༷༌། རང་གིས་ཆེད་དུ་གཉེར་ནས་མ༷་བཅོ༷ལ་བཞིན་དུ་ཆོས་དང་འཇིག་རྟེན་གྱི་ཕ༷ན་པ༷ར་བྱེད༷་པ༷འི་ང༷ག་ཅེས་ཁ་ཏ་བསྒྲུབ་ཏུ་རུང་མི་རུང་ཅི་ཡིན་ཀྱང་ང་རྒྱལ་དང་ཁྱད་གསོད་སོགས་མི་བྱེད་པར་རེ་ཞིག་གུས༷་པས༷་སྤྱི༷་བོ༷ར་བླང༷་གྱིས༷་ཏེ༷་ཆོས་དང་མཐུན་པ་རྣམས་ནི་བསྒྲུབ་ཅིང་མི་མཐུན་པ་རྣམས་གཟོད་འདོར་ཞིང་དེ་ལ་མི་འཇུག་གོ། །དུས་རྟག༷་ཏུ༷་འཕྲལ་ཡུན་དུ་ཕན་པར་སྨྲ་བ་ཀུན༷་གྱི༷་བཀའ་བཞིན་སྒྲུབ་པའི་སློབ༷་མར༷་གྱུར༷་པ་ལྟ་བུ་ཞིག་བྱས་ནས་ཆོས་ཀྱི་གཏམ་སོགས་ལེ༷གས་པ༷ར་སྨྲས༷་པ༷་ཐ༷མས་ཅད༷་ལ། དེ་ལ་མི་མཐུན་པའི་ལན་མི་བརྗོད་པར་ཡི་རང་ཞིང་དེ་དག་མགུ་བའི་ཆེད་དུ་དགེ༷་བ༷ར་གསུང༷ས་སོ་ཞེ༷ས་ཀྱང་བརྗོད༷་པ༷ར་བྱ༷་དགོ༷ས་སོ། །ཡར་མཆོད་མར་སྦྱིན་སོགས་བསོ༷ད་ན༷མས་བྱེད༷་པ་གཞན་མཐོ༷ང་བར་གྱུར༷་པ་ན༷་རང་གིས་དེ་ལ་ཕྲག་དོག་གིས་མི་སྨོད་པར་རང་གིས་འོས་ཤིང་རིགས་པ་ཁྱེད་ཀྱིས་བྱས་སོ་ཞེས་སོགས་དངོས་སུ་མངོན་སུམ་དུ་བསྟོད༷་པ༷ས་དེའི་སེམས་ལེ༷གས་པར༷་དག༷འ་བ༷་དང༷་སྤྲོ་བ་བསྐྱེད༷་ལ། དེ་ཁ་གསག་ཏུ་འགྲོ་བ་བཟློག་པའི་ཆེད་དུ་ལྐོག༷་ན༷འང༷་དེའི་ཡོ༷ན་ཏ༷ན་གཞན་ལ་བརྗོད་པས་བསྟོད་པར་བྱ༷་ཞིང༷༌། གང་ཟག་གཞན་ཞིག་གིས་རང་མི་དགའ་བའི་གང་ཟག་སོགས་གཞན་སུ་ཞིག་གི་ཡོན་ཏ༷ན་བརྗོད༷་པར་བྱེད་ན༷་རང་གིས་དེ་དང་འགལ་བར་མི་སྨྲ་བར་དེའི་རྗེ༷ས་སུ༷་མཐུན་པར་ཡོན་ཏན་བརྗོ༷ད་པ་སྟེ་བརྗོད་རོག་བྱེད་དགོས་སོ། །འགའ་ཞིག་གིས་ར༷ང་གི༷་ཡོ༷ན་ཏ༷ན་བརྗོ༷ད་པ་མཐོང་ན༷་དེས་རང་ང་རྒྱལ་བར་མི་བྱེད་པར་བརྗོད་མཁན་པོ་དེ༷་ཡོ༷ན་ཏ༷ན་གྱི་ཁྱད་པར་ཤེས༷་པའི་མཁས་པ་དག་སྣང་ཅན་ཡོན་ཏན་དང་ལྡན་པ༷ར་རིག༷་པ༷ར་བྱ༷་དགོས་སོ། །སྤྱིར་ཡང་རང་གཞན་གྱི་བྱ་བ་རྩོམ༷་པ༷་ཐ༷མས་ཅད༷་རང་རང་གི་སེམས་དག༷འ་བ་འཐོབ་པའི་ཕྱིར༷་ཡིན་ཏེ༷། དེ་ལྟ་བུའི་སེམས་དགའ་བ་དེ༷་ནི༷་ཆེན་པོའི་རིན༷་གྱིས༷་ཉོ༷་ན༷འང༷་མི་རྙེད་པས་ཤིན་ཏུ་དཀོ༷ན་པ་ཡིན་པ། དེ༷་ལྟས༷་ཏེ་དེ་ལྟ་བས་ན་གཞ༷ན་རྣམས་ཀྱིས་བྱས༷་པའི་ཐོས་བསམ་སྒོམ་པ་ལ་སོགས་པ་ཆོས་འཇིག་རྟེན་གྱི་ཡོན༷་ཏ༷ན་གྱི༷ས་ཏེ་ཡོན་ཏན་ལ་ཕྲག་དོག་མེད་པར་ཡི་རང་བས་རང་ཉིད་དག༷འ་བ༷འི་བདེ༷་བ༷་ལ་ལོངས་སྤྱད༷་པ༷ར་བྱ༷་སྟེ་དགའ་བ་བསྒོམ་ནས་བད༷ག་དེ་ལ༷་ལོངས་སྤྱོད་ན་ཚེ་འདི༷ར་ལོངས་སྤྱོད་དེ་ལ་གོ༷ད་པར་འགྱུར་བ་ཅུང་ཟད་ཀྱང་ཡོ༷ང་ཡེ་མེ༷ད་ལ༷་ཕྲག་དོག་མེད་པའི་བསམ་པ་བཟང་པོའི་འབྲས་བུ་ཚེ་ཕ་རོལ་ཏུ་ཡང་མངོན་མཐོ་ལ་སོགས་པའི་བདེ༷་བ༷་ཆེ༷་བའམ་ཆེན་པོ་འཐོབ་པར་འགྱུར་རོ། །གཞན་གྱི་ཡོན་ཏན་དང་འབྱོར་པ་ལོངས་སྤྱོད་སོགས་མཐོང་བ་ལ་སྡང་ཞིང་ཕྲག་དོག་དང་འགྲན་སེམས་ལ་སོགས་པའི་ཉེ༷ས་པ༷ས་ཚེ་འདིར་རང་གི་ཡོན་ཏན་ཟད་པར་འགྱུར་ཞིང་བསམ་ངན་གྱི་མཚོན་ཆ་རང་ལ་འཁོར་བས་མི༷་དག༷འ་བ་དང་སྡུག༷་བསྔལ༷་སྣ་ཚོགས་པ་མྱོང་ཞིང༷་ཚེ་ཕ༷་རོ༷ལ་ཏུ༷་ཡ༷ང་བསམ་ངན་གྱི་འབྲས་བུ་ངན་སོང་གི་སྡུག༷་བསྔ༷ལ་ཆེ༷་བའམ་ཆེན་པོ་མྱོང་བར་འགྱུར་རོ། །གཞན་དག་གིས་གཏམ་འདྲི་བ་ལ་ལན་སོགས་སྨྲ་བའི་ཚེ་ན༷་ཡང་ཤེས་བཞིན་དང་ལྡན་པས་ཡི༷ད་ཕེ༷བས་པའམ་ཡིད་ཕབ་ཏེ་དེ་དགེ་སྡིག་གང་ལ་མོས་ན་དེ་དང་མཐུན་པ་དང༌། ཡིད་ཆེས་སུ་རུང་བས་རང་གི་ཚིག་སྔ་ཕྱི་མི་འགལ་བས་འབྲེལ་བ༷་དང༷༌། ཐེ་ཚོམ་མི་སྐྱེད་པས་དོ༷ན་གས༷ལ་བོ་དང་ཕ་རོལ་པོ་དེའི་སེམས་དགའ་བས་ཡིད་དུ༷་འོ༷ང་བ༷་དང༷༌། རང་ཕྱོགས་ལ་སེམས་ཆ༷གས་པའི་གཏམ་དང༷་གཞན་ཕྱོགས་ལ་ཞེ༷་སྡང་བས་མི་དགའ་བའི་གཏམ་ལ་སོགས་པ་སྤང༷ས་པ༷་དང༌། སྐད་ཀྱི་གདང་དང་བཤད་ཚུལ་འཇ༷མ་ཞིང་གཏམ་མང་ཉུང་དེ་ལ་ར༷ན་པ༷ར་སྨྲ་བར༷་བྱ༷་དགོས་སོ། །མི༷ག་གི༷ས་མཐོ་དམན་དྲག་ཞན་སོགས་སེ༷མས་ཅན་སུ་ལ་ལྟ་བ་ན༷་ཡ༷ང་སེམས་ཅན་འདི་དག༷་ཉིད༷་ལ༷་བརྟེན་ནས་བདག་གིས་དང་པོ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་བར་དུ་ཕ་རོལ་དུ་ཕྱིན་པ་དྲུག་ལ་སོགས་པའི་ཚོགས་གཉིས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་དེ་མཐར་སང༷ས་རྒྱས༷་ཀྱི་གོ་འཕང་ཐོབ་པ་ཉིད༷་དུ༷་འགྱུར༷་རོ༷་ཞེས༷་བྱང་ཆུབ་སེམས་དཔའི་སྤྱོད་པའི་གྲོགས་དང་བཤེས་གཉེན་ལྟ་བུར་ཤེས་ནས་མིག་སྡང་སོགས་མི་བྱེད་པར་མས་བུ་ལ་ལྟ་བ་བཞིན་དུ་གཡོ་མེད་ཅིང་འཁྱོག་པོ་མ་ཡིན་པར་དྲང༷་ཞིང༷་ཀུན་སློང་བྱམ༷ས་པ་དང་ལྡན་པ༷འི་ཚུལ༷་གྱིས༷་བལྟ༷་བར་བྱ་དགོས་སོ། །དགེ་བ་གང་དང་གང་བསྒྲུབ་ན་དུས་ཀྱི་ཁྱད་པར་རྟག༷་པ༷ར་རམ་རྒྱུན་ཆགས་པ་དང༌། བསམ་པའི་ཁྱད་པར་མངོ༷ན་ཞེ༷ན་གྱིས༷་ཏེ་དད་པ་དང་སྙིང་རྗེ་ལ་སོགས་པའི་འདུན་པ་ཤུགས་དྲག་པོའི་ཀུན་ནས་བསླང༷་བ༷འ༷མ། གཉེན༷་པོ༷་ཡི༷ས་ནི༷་བསླང༷་པ༷་ཉིད༷་དེ། གཉེན་པོའི་ཁྱད་པར་སྦྱིན་པ་ལྟ་བུ་ལ་རང་གིས་གང་གཅེས་གང་དམར་ཕྱིན་པས་སེར་སྣའི་གཉེན་པོར་འོང་ངེས་པ་དང༌། ཚུལ་ཁྲིམས་ཀྱང་རང་ལ་ཞེན་པ་གང་ཆེ་དེ་སྤོང་བ་སོགས་ཕྱིན་དྲུག་གི་མི་མཐུན་ཕྱོགས་ཀྱི་གཉེན་པོ་འགྲོ་ངེས་པ་ལྟ་བུ་དང༌། ཞིང་གི་ཁྱད་པར་ཡུལ་ཡོ༷ན་ཏ༷ན་ཅན་གྱི་ཞིང༷་དཀོན་མཆོག་གསུམ་དང༷་ནི་ཕ༷ན་འདོ༷གས་པའི་ཞིང༷་རང་གི་ཕ་མ་དང༌། ཐག་རིང་གི་འགྲོན་པོ་ཡུན་རིང་གི་ནད་པ་ལ་སོགས་པ་སྡུག༷་བསྔལ༷་བ༷་རྣམས་ཀྱི་ཞིང་ལ༷་སྦྱིན་པ་སོགས་བྱས་ན་གཞན་ལ་བྱིན་པ་བས་དགེ༷་བ་རྒྱ་ཆེ༷ན་པོར་འགྱུར༷་རོ། །སྡིག་པ་ལའང་ཚུལ་དེ་བཞིན་ནོ། །དགེ་བ་གང་དང་གང་བསྒྲུབས་ན་གཞན་གྱིས་ལད་མོ་བྱས་པས་ཅི་ཡང་མི་འོང་ཞིང་ཁྱད་པར་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྦྱིན་པ་ལྟ་བུ་ལའང་དག་མ་དག་གི་སྦྱིན་པ་སོགས་ཀྱི་དབྱེ་བ་ཀུན་སློང་དང་སྦྱིན་ཚུལ་བསྔོ་བ་སོགས་ལ་མི་མཁས་པར་རང་གར་སྦྱིན་པ་ཙམ་ནི་དུད་འགྲོས་ཀྱང་སྦྱིན་ལ་དེས་ན་མཁས་པར་བྱས་ནས་གནད་དུ་འགྲོ་དགོས་པ་ལྟ་བུ་ཡིན་པས་ན། དང་པོ་རང་ཉིད་ཀྱིས་ཆོས་གང་བསྒྲུབ་ན་དེའི་དོན་ལ་ཤིན་ཏུ་མཁ༷ས་པར་བྱས་ཤིང༷་དེའི་དོན་ལ་ཡིད་ཆེས་པའི་ད༷ད་པ་དང༷་ལྡན༷་པར་བྱས༷་ན༷ས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕྱིན་དྲུག་ལ་སོགས་པའི་ལ༷ས་རྣམ༷ས་བདག༷་གི༷ས་དུས་རྟག༷་ཏུ༷་བྱ༷་སྟེ། སྔོན་ཇོ་བོ་རྗེའི་ཕྱག་ཚྭ་གདབ་པའི་རྣམ་ཐར་བཞིན་དུ་མཆོད་པ་དང་སྦྱིན་པ་ལ་སོགས་པའི་ལ༷ས་རྣམ༷ས་ཀུན༷་ལ༷་བསྐུལ་བ་པོ་དང་བྱེད་པ་པོ་སོགས་གང་ཟག་གཞན་སུ༷་ལ༷་ཡ༷ང་རེ་ལྟོས༷་བཅས་ཏེ་སྒྲུབ་པ༷ར་བྱ༷་བ༷་མ༷་ཡི༷ན་ནོ༷་སྟེ་རང་གིས་འགྲུབ་ན་བསྒྲུབ་ལ་མི་འགྲུབ་ན་གཞན་ལ་ལྟོས་མི་རུང་ངོ༌། །སྦྱིན༷་པའི༷་ཕ༷་རོལ༷་དུ་ཕྱིན༷་པ་དང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ༷་སོ༷གས་པ་འོག་མ་འོག་མ་ལས་གོ༷ང་ན༷ས་གོ༷ང་དུ་ཁྱད་པར་མཆོག་ཏུ་ཞུག༷ས་པའམ་འཕགས་པས་ན་གོང་མ་གོང་མ་ལ་གཙོ་བོར་སྤྱད༷་དགོས་ཏེ་དཔེར་ན་བ་ལང་གི་རྨིག་རྗེས་ཀྱི་ཆུ་དང་རྒྱ་མཚོ་ཆེན་པོའི་ཁྱད་པར་བཞིན་དུ་ལོ་བརྒྱ་ལ་སྦྱིན་པ་བྱིན་པ་བས་ཉིན་གཅིག་ཚུལ་ཁྲིམས་བསྲུང་བ་ཕན་ཡོན་ཆེ་བ་སོགས་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པར། མདོ་རྒྱན་ལས། སྔ་མ་ལ་བརྟེན་ནས་ཕྱི་མ་དང༌། དམན་དང་མཆོག་རགས་པ་དང་ཕྲ་བའི་སྒོ་ནས་གསུངས་སོ། །སྦྱིན་པ་ལྟ་བུ་དམན་པའམ་ཆུང༷་ངུའི༷་ཕྱིར༷་ནི༷་ཚུལ་ཁྲིམས་ལྟ་བུ་མཆོག་གམ་ཆེ༷་སྟེ་ཆེན་པོ་མི་གཏ༷ང་ངོ་ཞེས་སྤྱིར་བཏང་དང༌། དམིགས་བསལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཙོ༷་ཆེ༷ར་གཞ༷ན་སེམས་ཅན་རྣམས་གྱི༷་དོ༷ན་གང་གིས་འོང་བ་དེ་བས༷མ་མོ༷་ཞེས་བསམ་ཞིང་བསྒྲུབ་དགོས་པ་ཡིན་ནོ། །དེ་ཡང༌། སྤྱིར་བཏང་བ་དང་དམིགས་ཀྱིས་བསལ། བསྟན་བཅོས་ཀུན་ལ་མཆོག་ཏུ་གཅེས། ཞེས་པ་ལྟར་རོ། །གསུམ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ། གཞན་དོན་ལྷུར་ལེན་པ། ཟང་ཟིང་དང་ཆོས་ཀྱིས་བསྡུ་བ་ཕ་རོལ་གྱི་མ་དད་པ་བསྲུང་བ་དང་གསུམ་ལས། དང་པོ་ནི། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དེ༷་ལྟར༷་རི༷ག་ཅིང་གནས་པར་བྱས༷་ཏེ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཞེས་གཞ༷ན་སེམས་ཅན་གྱི་དོ༷ན་བསྒྲུབ་པ་ལ༷་རང་དོན་ཡིད་བྱེད་གཏན་ནས་མེད་པར་དུས་རྟག༷་ཏུ་བརྩོ༷ན་པ་ཆེན་པོ་དང་ལྡན་པས༷་གནས་པ༷ར་བྱ༷་དགོས་ལ། དེ་ལྟར་བརྩོན་པར་རང་དོན་ཡིད་བྱེད་གཏན་ནས་མེད་པ་དེ་ལ་སངས་རྒྱས་ཐུགས་རྗེ༷་ཆེན་པོ་མང༷འ་བ༷་དེ་ཡིས་དུས༷་རི༷ང་པོའི་མཐའ་འམ་ཕུག་གི་བདེ་བ་ཆེན་པོ་འཐོབ་ཅིང་སྡུག་བསྔལ་ཆེན་པོ་འདོར་བའི་ཆེད་དུ་འཕྲལ་གྱི་བདེ་བ་ཆུང་ངུ་ཉམས་པ་དང་སྡུག་བསྔལ་ཆུང་ངུ་བསྐྱེད་པའི་ཚུལ་ལ་གཟི༷གས་པ༷ས་ཐེག་པ་ཆུང་ངུ་བ་རྣམས་དང་བྱང་སེམས་ལས་དང་པོ་པ་ལ་བཀ༷ག་པ༷་ཡི་ལུས་ངག་གི་མི་དགེ་བ་བདུན་པོ༷་རྣམ༷ས་ཀྱང༷་བྱང་ཆུབ་སེམས་དཔའ་ཆེན་པོ་རང་དོན་ཡིད་བྱེད་མེད་པ་དེ༷་ལ༷་གན༷ང་སྟེ་དཔེར་ན་དེད་དཔོན་སྙིང་རྗེ་ཆེན་པོས་མི་ནག་མདུང་ཐུང་ཅན་དམྱལ་བར་ལྟུང་བ་ལས་བསྐྱབ་པའི་དོན་དུ་བསད་པ་དང༌། བྲམ་ཟེའི་ཁྱེའུ་སྐར་མས་ཚོང་དཔོན་གྱི་བུ་མོ་འཆི་བའི་འཇིགས་པ་ལས་བསྐྱབ་པའི་དོན་དུ་མི་ཚངས་པར་སྤྱད་པས་དེ་དག་གིས་བསྐལ་པ་མང་པོའི་ཚོགས་རྫོགས་པར་གསུངས་པ་ལྟ་བུའོ། །གཉིས་པ་ནི། རང་རི་ཁྲོད་ལྟ་བུར་འདུག་ཚེ་བསོད་སྙོམས་ཅི་རྙེད་པ་རྣམས་ལོ༷ག་པ༷ར་ལྟུང༷་བ་བྱ་ཁྱི་ལ་སོགས་པ་དུད་འགྲོ་རྣམས་དང༷་མགོ༷ན་མེ༷ད་པ་སྤྲང་པོ་རྣམས་དང༷་ཕྱི་ནང་གི་བརྟུལ༷་ཞུག༷ས་ལ་གན༷ས་པའི་རི་ཁྲོད་པ་རྣམ༷ས་ལ༷་བགོ༷་བར་བྱ༷་ཞིང༷་རང་གི་སྐལ་བ་ལ་ཡང་ཕུད་ཀྱིས་དཀོན་མཆོག་མཆོད་ཅིང་རང་ཉིད་ཀྱི་ལྟོ་འགྲང་ཙམ་མམ་འགྲང་ལྟོག་ར༷ན་པ༷་ཙ༷མ་དུ་ཆགས་སྡང་མེད་པར་ལུས་གསོ་བའི་ཆེད་དུ་བཟ༷འ་བར་བྱ་ཞིང་ལྷག་མ་འཕྲོག་མ་ལ་བསྔོ་ཞིང་སྦྱིན་པར་བྱ༷་སྟེ། བཟའ་མང་ཆེས་ན་ལྕི་ཞིང་རྨུགས་པ་དང་ཉུང་ན་ཉམས་ཆུང་བས་དགེ་བ་བསྒྲུབ་མི་ནུས་པའི་ཕྱིར་རོ། །རང་ཉིད་ཀྱིས་འཆང་བའི་ཆོས་གོས་དང་མཐང་གོས་དང་སྣམ་སྦྱར་ཏེ། ཆོ༷ས་གོ༷ས་རྣམ་པ་གསུམ༷་པོ་མ༷་གཏོགས་པ༷་གཞན་རང་ལ་ཅི་ཡོད་སློང་མོ་བ་ལ་སྦྱིན༷་པར་བྱ་དགོས་སོ། །ཆོས་གོས་གསུམ་ནི་སྦྱིན་པར་མི་བྱ་སྟེ། བྱང་སེམས་སོ་ཐར་ལས། གལ་ཏེ་དེ་ལ་ཆོས་གོས་གསུམ་ལས། ཉུང་བར་གྱུར་ན་གང་ལ་བརྟེན་ནས་ཚངས་པར་སྤྱོད་པ་ལ་གནས་པས་དེ་ནི་ཡོངས་སུ་བཏང་བར་མི་བྱའོ་ཞེས་གསུང་པའི་ཕྱིར་རོ། །དེ་ལའང་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་དུས་འདིར་ད༷མ་པའི༷་ཆོ༷ས་ནི༷་ཚུལ་བཞིན་དུ་སྤྱོད༷་པའི༷་རང་གི་ལུས༷་འདི་ལ་གཞན་དོན་ཕྲན༷་ཚེག༷ས་ཀྱི་ཆེ༷ད་དུ་ལག་པ་གཅོད་པ་ལ་སོགས་པའི་གནོ༷ད་པ་མི༷་བྱ་བར༷་ལྟོ་འགྲང་ལྷག་སྐྱོབས་ཙམ་གྱིས་ཟས་གོས་མཐའ་གཉིས་ལ་མ་ལྟུང་བས་གཞན་སེམས་ཅན་གྱི་དོན་དུ་རང་གི་ལུས་བསྲུང་བར་བྱས་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་ནས་དགེ་བ་སེམས་ཅན་གྱི་དོན་དུ་རྣམ་མཁྱེན་དུ་བསྔོ་བ་དང་སྨོན་ལམ་གདབ་སྟེ་སེམས་ཅན་གྱི་དོན་བྱ་དགོས་སོ། །དེ༷་ལྟར༷་བྱས༷་ན༷་རིམ་གྱིས་སེ༷མས་ཅ༷ན་ཐམས་ཅད་ཀྱི༷་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་བས༷མ་པ༷་ཐམས་ཅད་མྱུར༷་དུ་རྫོག༷ས་པར༷་འགྱུར༷་བའི་ཕྱིར་རོ། །དེས་ན་ལས་དང་པོ་པ་སྙིང༷་རྗེའི༷་བས༷མ་པ༷་མ༷་ད༷ག་པ༷ར་ཏེ་ས་དང་པོ་རབ་ཏུ་དགའ་བ་མ་ཐོབ་ཀྱི་བར་དུ་དམ་པའི་ཆོས་བསྒྲུབ་པའི་རྟེན་ལུས༷་འདི༷་ཡི་མགོ་དང་རྐང་ལག་ལ་སོགས་པ་གཞན་ལ་དངོས་སུ་གཏ༷ང་བ༷ར་མི༷་བྱ༷་སྟེ༷་གཞན་ལ་ཕན་པར་མ་ངེས་ཤིང་རང་འགྱོད་ཅིང་དགེ་བའི་བར་ཆད་དུ་འགྱུར་སྲིད་པའི་ཕྱིར་ཏེ། བསླབ་བཏུས་ལས། དཔེར་ན་སྨན་ཆེན་པོའི་ལྗོན་ཤིང་ལྟ་བུར་བསྲུང་དགོས་པར་གསུངས་པས་སོ། །ཅི༷་ན༷ས་འཇིག་རྟེན་འདི༷་དང༷་འཇིག་རྟེན༷་གཞན༷་དུ༷་ཡང༷་ལྷ་བླ་མ་བྱང་ཆུབ་འོད་ཀྱི་སྐུ་ལུས་བཏང་བ་ལྟ་བུ་བསྟན་པ་དང་འགྲོ་བའི་དོ༷ན་རྒྱ་ཆེ༷ན་པོ་སྒྲུབ༷་པའི༷་རྒྱུར་འགྱུར་ཞིང་དགེ་བའི་བར་ཆད་དུ་མི་འགྱུར་ན་གཏང༷་ངོ༷་སྟེ་བཏང་དགོས་སོ། །ཆོས་དང་བླ་མ་ལ་བསམ་པ་དང་སྤྱོད་ལམ་མ༷་གུས༷་པ༷་རྣམས་ལ༷་ཆོས༷་མི༷་བཤ༷ད་དེ། བཤད་ན་ཆོས་ཀྱི་ཆེ་བ་ཉམས་པ་དང་ཉན་པ་པོ་ལ་ཕན་མི་ཐོགས་པ་དང་དེར་མ་ཟད་ཆོས་ལ་མ་གུས་པས་ངན་སོང་དུ་ལྟུང་བར་འགྱུར་རོ། །བསམ་པ་གུས་ཀྱང་སྦྱོར་བའི་ཁྱད་པར་མི༷་ན༷་བའམ་ནད་པ་མིན་བཞི༷ན་དུ༷་མགོ༷་ལ་ཐོད་སོགས་ཀྱིས་དཀྲིས༷་པ་དང༷༌། ཞྭ་གྱོན་པ་དང༌། གདུག༷ས་ཐོགས་པ་དང༷་འཁ༷ར་བ༷་སྟེ་ལག་རྟེན་དང་རལ་གྲི་དང་མདུང་ལ་སོགས་པའི་མཚོ༷ན་ཆ་ཐོ༷གས་པ་དང༷༌། གཟན་ལ་སོགས་པ་གོས་ཀྱིས་མགོ༷་བོ༷་གཡོ༷གས་པ༷་དང་ཁྲི་སྟན་ཆེ་མཐོ་ལ་འདུག་པ་ལ་སོགས་པ་དག༷་ལ༷་ཆོས་བཤད་པ་མི༷ན་ཏེ་བཤད་མི་རུང་ཞིང་ནད་པ་སོགས་ལ་ནི་ཉེས་པ་མེད་དོ། །བློ་དམན་པ་ཉན་རང་གི་ལམ་ལ་མོས་པ་དག་ལ༷་ཐེག་པ་ཆེན་པོ་ཟབ་པ་སྟོང་པ་ཉིད་དང༷༌། རྒྱ༷་ཆེ༷་བ་ས་དང་ལམ་ལ་སོགས་པ་བཤད་མི་རུང་བ་དང༷༌། རབ་ཏུ་བྱུང་བ༷ས་སྐྱེས༷་པ༷་ཡི་གྲོགས་དག༷་མེ༷ད་པར་བུ༷ད་མེ༷ད་ཁོ་ན་ལ་ཡང་ཆོས་བཤད་པ་མི༷ན་ཏེ་བཤད་མི་རུང་ངོ༷༌། །ཆོས་བཤད་པའི་ཚེ་ཡང་དམ༷ན་པ་ཉན་རང་ད༷ང་མཆོ༷ག་གི༷་ཆོ༷ས་ཐེག་པ་ཆེན་པོ་ལ་སོགས་པ་རྣམ༷ས་ལ༷་ལ་ལ་བཤད་མོས་པ་དང༌། ལ་ལ་བཤད་མི་མོས་པར་མི་བྱེད་པ་རྒན་དང་བྱིན་པ་ཁ་ཟས་ཐ་དད་པ་ལྟར་བཟང་ངན་དུ་མི་བལྟ་བར་རྣམ་གྲོལ་གྱི་ལམ་དུ་བུ་རམ་དང་ལན་ཚའི་རོ་བཞིན་དུ་མཚུང༷ས་པའམ་མཉམ་པ༷ར་ཤེས་ནས་གུས༷་པ༷ས་ཀུན༷་ཏུ༷་སྤྱད༷་པ་སྟེ་བཤད་དགོས་ཏེ། ཆོས་ཐམས་ཅད་རྣམ་པར་འཐག་པ་བསྡུས་པའི་མདོ་ལས། འཇམ་དཔལ་གང་ལ་ལས་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ལ་ལ་ནི་བཟང་པར་འདུ་ཤེས་པར་བྱེད་ལ་ལ་ནི་ངན་པར་འདུ་ཤེས་པར་བྱེད་ན་དེ་ནི་དམ་པའི་ཆོས་སྤོང་བའོ། །ཞེས་གསུངས་པའི་ཕྱིར་རོ། །ཐེག་པ་ཆེན་པོའི་རིགས་ཅན་དབང་པོ་རྣོན་པོ་ཟབ་པ་དང་རྒྱ༷་ཆེ༷ན་པོའི་ཆོ༷ས་ཀྱི༷་སྣོད༷་དུ་གྱུར༷་པ༷་རྣམས་ནི་དམ༷ན་པའི༷་ཆོ༷ས་ཉན་རང་གི་ལམ་ལ༷་སྦྱར༷་བར་མི༷་བྱ༷་སྟེ། སྦྱར་ན་རྩ་ལྟུང་དུ་འགྱུར་ཞིང་ཤེས་རབ་ཅན་སྒྲོག་ཏུ་བཅུག་པ་དང༌། དད་པ་ཅན་མགོ་བསྐོར་མི་རུང་བས་སོ། །ལྟ་བ་ཟབ་མོ་གཙོ་བོ་བཤད་དགོས་པའི་དུས་ཐུན་མིན་ལས་གཞན་དུ་དགེ་བའི་ཕན་ཡོན་དང་སྡིག་པའི་ཉེས་དམིགས་ལ་སོགས་པ་ལས་འབྲས་ཀྱི་སྤྱོད༷་པ༷་ཡོ༷ངས་སུ༷་འདོར༷་བར་མི༷་བྱ༷་སྟེ་དགེ་སྡིག་རྒྱུ་འབྲས་གཙོ་བོར་བཤད་དགོས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་ནུས་པའི་གང་ཟག་ལ་ཕན་ཡོན་ཅན་གྱི་མདོ༷་ཅུང་ཟད་ཙམ་བཀླགས་པ་དང༷་གཟུང་སྔགས་ཅུང་ཟད་ཙམ་བཟླས་པ་སོགས་ཀྱི༷ས་ཆོག་སྟེ་དེ་ཁོ་ནས་གྲོལ་བར་འགྱུར་རོ་ཞེས་སྒྲ་ཇི་བཞིན་པའི་ཚིག་གིས་འདྲི༷ད་ཅིང་བསླུ་བར་མི༷་བྱ༷་སྟེ། དྲང་ངེས་ལྡེམ་དགོངས་སོགས་ཀྱི་དབྱེ་བ་ལ་སོགས་པར་འབྱེད་ཅིང་སྣོད་དང་འཚམས་པར་ཆོས་སྟོན་པས་རྗེས་སུ་བཟུང་བར་བྱའོ། །གསུམ་པ་ནི། བྱང་ཆུབ་སེམས་དཔས་གཞན་གྱིས་མ་དད་པ་མ་བསྲུང་ན་གཞན་གྱི་སྡིག་རྐྱེན་ཆེན་པོར་འགྱུར་བས་ན་སོ༷་ཤི༷ང་དང༷་ནི༷་མཆི༷ལ་མ༷་དང་སྣབ་དང་ཁ་ལུད་ལ་སོགས་པ་དག༷་བླ་མའི་མདུན་དང་ལྷ་ཁང་དང་ཁང་པ་ལ་སོགས་པའི་འདུག་གནས་ལ་དོ༷ར་བ༷་ན༷་ནི༷་ས་ལ་སོགས་པའི་མཐོང་བ་དག༷བ་པར་བྱ༷་དགོས་སོ། །གཅི༷་བ་དང་གཤང་བ་ལ༷་སོ༷གས་པ༷འ༷ང་རང་དང་གཞན་གྱི་ལོ༷ངས་སྤྱོད༷་པ༷འི་ཆུ༷་གཙང་མ་དང༷་ཐ༷ང་བཟང་པོ་ལ༷་དོ༷ར་བ༷་ནི་སྨད༷་ཅིང་བཀག་པ་ཡིན་པས་མི་བྱའོ། །ཟས་ཟ་བའི་ཚེ་ཁ༷་ཧ་ཅང་བཀ༷ང་ཆེ་བ༷་དང༷་རྐན་ཏོག་པ་ལ་སོགས་པའི་སྒྲ༷་དང་བཅ༷ས་པར་ཟ་བ་དང༷་ཟས་ཁར་མ་སླེབ་པར་ཁ༷་གད༷ང་ན༷ས་ཧ་ཅང་རྔམས་པས་ནི༷་བཟ༷འ་བར་མི༷་བྱའོ༷། །ཁྱིམ་ལ་སོགས་པར་གང་དུ་འདུག་པའི་ཚེ་རྐང༷་པ༷་གཉིས་བརྐྱང༷་ཏེ༷་མི༷་འདུག༷་ཅིང༷་ལག༷་པ་བཀྲུ་བའི་ཚེ་ལག་གཉིས་མཉ༷མ་པར་མི༷་མཉེ༷འོ༷་སྟེ་ཕན་ཚུན་རིམ་གྱིས་བཀྲུའོ། །རྟ་ཁ་ལ་སོགས་བཞོ༷ན་པ༷་དང་མ༷ལ་ས་དང་འདུག་པའི་སྟན༷་གཅིག་གམ་གན༷ས་ཁང་དབེན་པ་ད༷ག་ཏུ༷་ཡ༷ང་ཁྱིམ་པ་རྣམས་ཀྱིས་གཞན་གྱི་བུད་མེད་དང་རབ་ཏུ་བྱུང་བས་ནི་ཉེ་དུ་མ་ཡིན་པའི་བུ༷ད་མེ༷ད་གཞ༷ན་ད༷ང་གཅི༷ག་ཉིད་དུ་མི༷་བྱ༷་སྟེ་བྱ་མི་རུང་ངོ༌། །མདོར་ན་འཇི༷ག་རྟེན༷་སེམས་ཅན་གཞན་རྣམས་ཀྱིས་འཕྱ་ཞིང་མ༷་དད༷་པར་གྱུར༷་པའི་སྤྱོད་པ༷་ཀུན༷་རང་གིས་མཐོ༷ང་ཞིང་ཤེས་པ་རྣམས་དང༷་རང་གི་མ་མཐོང་ཞིང་མི་ཤེས་པ་རྣམས་ཀྱང་གང་ཟག་གཞན་མཁས་པ་དང་རྒྱུས་ཡོད་རྣམས་ལ་དྲིས༷་ཏེ༷་སྤང༷་བ༷ར་བྱ༷་དགོས་སོ། །ལམ་སོགས་འདྲི་བའི་ཚེ་མ་གུས་པའི་རྣམ་འགྱུར་ལག་པ་གཡོན་པས་སྡིགས་མཛུབ་ལ་སོགས་པ་དང་སོ༷ར་མོ༷ས་ཏེ་སོར་མོ་གཅིག་གིས་བརྡ༷་ཙམ་གྱིས་ལམ་བསྟན་པར་ནི༷་མི༷་བྱ༷་སྟེ༷་ལུས་ངག་གི་རྣམ་འགྱུར་གུས༷་ཤིང་སྤྲོ་བ་དང་བཅ༷ས་པ༷ས་གཡ༷ས་པ༷་ཡི༷་ལ༷ག་པ༷་དག༷་ནི༷་སོར་མོ་ཀུན༷་གྱིས༷་ཀྱང༷་ཇི་ལྟར་བྲིས་པའི་ལ༷མ་ཡ༷ང་འཇིག་རྟེན་པ་རྣམས་དད་པར་འགྱུར་བ་དེ༷་ལྟར༷་ཡང་དག་པར་ལེགས་པར་བསྟན༷་པ༷ར་བྱ༷་དགོས་སོ། །སྣོད་སྤྱད་སོགས་བཅའ་ཀ་ལེན་པ་དང་འཇོག་པ་སོགས་དགོས་པ་ཆུང་ངུ་ལའང་ལ༷ག་པ༷་ཆེས་ཆེར་རམ་ཤས༷་ཆེ༷ར་དྲག་ཏུ་བསྐྱོད༷་པར་བྱ་བ་མི༷ན་ཏེ༷་ཅུང༷་ཟ༷ད་ཙམ་བསྐྱོད༷་ལ༷་ཡང་སྒྲ༷་སྒྲ༷གས་པ༷་དང་སེ༷་གོ༷ལ་ལ་སོ༷གས་པས་བརྡ༷་བྱ༷་སྟེ་གོ་བརྡའ་སྤྲད་དགོས་ཤིང་དེ་ལྟར་མ་བྱས་ན་གཞ༷ན་དུ༷་སྤྱོད་ལམ་མ༷་བསྡ༷མས་པ༷ར་འགྱུར་བའི་སྐྱོན་གྱིས་གཞན་རྣམས་མ་དད་པར་འགྱུར༷་རོ༷། །ཉལ་བའི་ཚེ་ནམ་གྱི་གུང་ཐུན་ལ་འགྲོ་བ་ཐམས་ཅད་ཀྱི་མགོ༷ན་པོ༷་སངས་རྒྱས་བཅོམ་ལྡན་འདས་མྱ་ང༷ན་འད༷ས་པའི་ཚུལ་སྟོན་པ་ན་སེང་གེའི་ཉལ་སྟབས་ཀྱི་གཞོག་གཡས་ས་ལ་ཕབ་སྟེ་དབུ་བྱང་དང་ཞལ་ནུབ་ཏུ་གཟིགས་ཏེ་གཟི༷མས་པ་ལྟར༷་ཉལ་བར་བྱའོ་ཞེས་བསམ་ན་སངས་རྒྱས་རྗེས་དྲན་ཀྱང་ཡིན་པས་འདི་ལྟར་གནོད་པ་མེད་ཅིང་ཡིད་ལ་གང་འདོ༷ད་པ༷འི་ཕྱོག༷ས་སུ༷་ཤར་དང་བྱང་ལ་སོགས་པར་མགོ་བསྟན་ཏེ་གློ་གཡས་འོག་ཏུ་ཕབ་ནས་རྐང་པས་རྐང་བ་མནན་ལ་ལག་གཡས་འགྲམ་པའི་འོག་དང་གཡོན་བརླའི་སྟེང་ནས་བརྐྱངས་ཏེ་ལུས་ཆོས་གོས་ཀྱིས་གཡོགས་ནས་ཉ༷ལ་བ༷ར་བྱ༷་ཞིང་དྲན་པ་དང་ཤེས༷་བཞི༷ན་དང་ལྡན་པའི་སྒོ་ནས་སྣང་བའི་འདུ་ཤེས་དང་འཆི་བའི་འདུ་ཤེས་དང་སད་མྱུར༷་དུ༷་ལྡང༷་བའི་སེ༷མས་སམ་འདུ་ཤེས་ལ༷་ཉལ་བའི་ཐོག༷་མ༷་ཉི༷ད་དུ་ངེ༷ས་པ༷ར་སེམས་སྦྱར༷་བའམ་འདུན་པ་གཏད་དེ་ཉལ་བར་བྱའོ། །དེ་ལྟར་བྱས་ན་གཉིད་ཀྱང་དགེ་བར་འགྱུར་རོ། །དེ་ལ་རང་གི་ཚེ་གཅིག་གི་བྱ་བ་དང་ཉིན་གཅིག་གི་བྱ་བ་སྒོ་བསྟུན་ནས་ཉམས་སུ་ལེན་དགོས་ཏེ། འདི་ལྟར་ད་ནང་ཉི་རྩེ་ཤར་བ་རང་བྱིས་པ་བཙའ་བའི་དུས་དང༌། ཉིན་གུང་དར་ལ་བབ་པ་དང༌། དགོངས་མོ་རྒས་པ་དང༌། ཉལ་བ་འཆི་ནད་ཀྱིས་ཐེབ་པའི་དུས་དང༌། གཉིད་ཚེ་ཤི་བ་དང༌། རྨི་ལམ་བར་དོ་དང༌། ནང་སད་ཚེ་ཕྱི་མའི་སྐྱེ་སྲིད་དང་ཉིང་མཚམས་སྦྱར་བ་དང་མཐུན་པས་དེ་དང་དེའི་སྐབས་སུ་དེ་དང་དེ་ཡིན་པའི་འདུ་ཤེས་བཞག་སྟེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སོགས་ཉམས་ལེན་མ་བརྗེད་པར་བྱ་དགོས་གསུངས། བཞི་པ་བསྒྲུབ་པ་ཕུན་སུམ་ཚོགས་པའི་ཡན་ལག་གཞན་བསྟན་པ་ལ། བསྒྲུབ་པ་ཕུན་སུམ་ཚོགས་པ་དངོས་དང༌། ལེའུའི་དོན་བསྡུ་བ་གཉིས་ལས། དང་པོ་ནི། བྱང༷་ཆུབ༷་སེ༷མས་དཔ༷འི་སྤྱོད༷་པ༷་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞི་ལ་སོགས་པ་དག༷་གི་དབྱེ་བ་གྲངས་དང་ཚ༷ད་མེ༷ད་པ༷ར་ནི༷་བྱང་ཆུབ་སེམས་དཔའི་སྡེ་སྣོད་རྣམས་ནས་གསུ༷ངས་པ༷་ལ༷ས་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྣམས་ཀྱིས་རང་གི་སེ༷མས་སྦྱང་བའམ་སྦྱོང༷་པ༷་ཡི་སྤྱོད་པ་སྤྱོད་འཇུག་འདི་ལྟ་བུ་ནི༷་ངེ༷ས་པ༷ར་སེམས་སྦྱོང་མ་ཐུབ་པར་དེ༷་སྲིད༷་དུ་བསྒོམ་ཞིང་སྤྱད༷་པ༷ར་བྱ་དགོས་སོ། །གལ་ཏེ་རྩ་ལྟུང་བྱུང་ན་གང་ཟག་དབང་པོ་རབ་འབྲིང་ཐ་མའི་བཤགས་ཐབས་བཞིན་དུ་བཤགས་པ་བགྱིད་ཅིང་སླར་བྱང་སྡོམ་ལེན་པར་བྱ་བ་དང་གཞན་ཉེས་བྱས་ལ་སོགས་པ་གང་བྱུང་བ་ལ་ཉིན༷་ལན་གསུམ་དང༷་མཚ༷ན་མོ༷་ལ༷ན་གསུམ༷་དུ༷་ཕུང༷་པོ༷་གསུམ༷་པ༷་ཞེས་བཤགས་པ་ཡི་རང་བསྔོ་བ་གསུམ་སྟེ་བྱང་ཆུབ་ལྟུང་བཤགས་ལྟ་བུ་ལ་སོགས་པ་གདོ༷ན་པར་བྱ༷་ཞིང༷་སངས་རྒྱས་སོ་ལྔ་སོགས་རྒྱལ༷་བ་སྲས་དང་བཅས་པ་དང༷་བྱང༷་ཆུབ༷་ཀྱི་སེ༷མས་ལ་བརྟེན༷་ན༷ས་ལྟུང༷་བ༷འི་ལྷག༷་མ༷་ཞེས་རྩ་བའི་ལྟུང་བ་ལས་གཞན་ཉེས་བྱས་ལ་སོགས་པ་གཉེན་པོ་སྟོབས་ལྡན་དེས༷་ཞི༷་བའམ་མ་དག་པར་བྱ༷་ཞིང༌། ཆེད་དུ་བྱ་བ་ར༷ང་ང༷མ་གཞ༷ན་སེམས་ཅན་རྣམས་ཀྱི་དབ༷ང་ཡ༷ང་རུང༷་སྟེ་གན༷ས་སྐབ༷ས་གང་དང་གང༷་དུ༷་བྱ་བ་ཅི་དང་ཅི༷་ལ་སྤྱོད༷་ཀྱང༷་རུང༌། མདོར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་བསླབ༷་དགོས་པ༷ར་ལུང་རྣམས་ལས་གསུང༷ས་པ༷་ཞི་བ་ལྷས་བཀའ་ལུང་བཞིན་དུ་བསྡུས་པ་གང༷་ཡི༷ན་པ༷འི་གན༷ས་སྐབ༷ས་དེ༷་དང་དེ༷་ལ་མངོན་པར་ཡིད་ཆེས་པའི་སྒོ་ནས་འབ༷ད་དེ༷་བསླབ་པར་བྱ་དགོས་སོ། །དེ་གང་ཞེ་ན་ཞི་བ་ལྷས་རྒྱལ་བའི་བཀའ་ལུང་བཞིན་དུ་བསྡུས་པ་འདི་ལྟར། དཔེར་ན་འགྲོ་བའི་ཚེ། ལམ་སོགས་འཇིགས་པ་བརྟགས་སོགས་དང་འདུག་པའི་ཚེ། རྐང་པ་བརྐྱང་ཏེ་སོགས་དང༌། རི་ཁྲོད་སོགས་སུ་འདུག་ཚེ། ལོག་པར་ལྟུང་དང་སོགས་དང༌། ཟས་ཟ་ཚེ། ཁ་བཀང་བ་སོགས་དང༌། གཏམ་བཤད་ཚེ། སྨྲ་ན་ཡིད་ཕེབ་སོགས་དང་གཞན་ལ་བལྟ་བའི་ཚེ། མིག་གིས་སེམས་ཅན་སོགས་དང༌། ཉལ་བའི་ཚེ། མགོན་པོ་མྱ་ངན་འདས་སོགས་ཀྱིས་མཚོན་ཏེ་གང་གསུངས་པ་དང༌། གཞན་ཡང་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་བཞིན་དུ་ཡང་གསུངས། རྒྱལ༷་སྲས༷་རྣམ༷ས་ཀྱིས༷་བཟོ་གསོ་བ། སྒྲ་ཚད་མ། ནང་དོན་རིགས་པ་སྟེ་རིགས་པའི་གནས་ཆེན་ལྔ་དང་གནས་ཆུང་ལྔ་ལ་སོགས་པར་མི༷་བསླབ༷་པ༷་ཡི་ཤེས་བྱའམ་རིགས་པའི་གནས་དེ༷་ནི༷་གང༷་ཅི་ཡ༷ང་ཡོ༷ད་པ་མིན་ཏེ༷་དེ༷་ལྟར༷་ཤེས་བྱ་མཐའ་ཡས་པ་ལ་བསླབ་ཅིང་དྲན་ཤེས་ལ་གན༷ས་པའི༷་བྱང་ཆུབ་སེམས་དཔའི་ཐབས་ལ་མཁ༷ས་པ༷་དེ་ལ༷་གོམས་པའི་འདེགས་འཇོག་དང་ལག་པའི་བརྐྱང་བརྐུམ་ལ་སོགས་པ་ཚུན་ཆད་བསོ༷ད་ན༷མས་དགེ་བའི་དངོས་པོར་མི༷་འགྱུར༷་བ་གང༷་ཅི་ཡང༷་མེ༷ད་དེ་མི་དགེ་བའང་དགེ་བར་འགྱུར་ན་གཞན་ལུང་མ་བསྟན་ལ་སོགས་སྨོས་ཅི་དགོས་སོ། །ཆོས་དང་ཟང་ཟིང་གིས་གཞན་དོན་དངོ༷ས་སུ་བྱས་ས༷མ་ཡ༷ང་ན༷་རང་མཚམས་བསྙེན་སྒྲུབ་ལ་སོགས་པའི་དགེ་བ་བསྒྲུབ་སྟེ་གཞན་དོན་དུ་བསྔོ་ཞིང་སྨོན་ལམ་གདབ་པ་ལ་སོགས་པས་བརྒྱུད༷་ནས་ཀྱང༷་རུང༷་སྟེ་གཞན་སེ༷མས་ཅ༷ན་ཐམས་ཅད་ཀྱི་དོན༷་ཁོ་ན་སྒྲུབ་པ་ལ༷ས་རང་དོན་བསྒྲུབ་པ་སོགས་གཞ༷ན་མི༷་སྤྱད་ཅིང༌། ཆེད་དུ་བྱ་བ་སེ༷མས་ཅ༷ན་ཁོ༷་ནའི་དོན༷་གྱི༷་ཕྱིར༷་རང་དང་གཞན་གྱིས་དུས་གསུམ་དུ་བསགས་པའི་ཕྱིན་དྲུག་ལ་སོགས་པའི་དགེ་རྩ་གང་འགྲུབ་ཐ༷མས་ཅ༷ད་རྫོགས་པའི་བྱང༷་ཆུབ་ཀྱི་གོ་འཕང་འཐོབ་པའི་ཕྱིར༷་བསྔོ༷འོ༷་ཞེས་བསྔོ་ཞིང་སྨོན་ལམ་གདབ་པར་བྱ་དགོས་སོ། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བྱང་ཆུབ་ཆེན་པོའི་གོ་འཕང་མ་ཐོབ་ཀྱི་བར་དུ་དུས་རྟག༷་པ༷ར་གང་དང་འགྲོགས་ན་ཡོན་ཏན་ཐམས་ཅད་ངང་གིས་བྱུང་བར་འགྱུར་བའི་དགེ༷་བའི༷་བཤེ༷ས་གཉེན༷་བླ་མ་དམ་པ་ལ་ནི༷་རང་གིས་སྒོ་གསུམ་གུས་པས་བརྟེན་པར་བྱེད་དགོས་ལ། དེ་ཡང་གང་འགྲོ་བའི་དང༌། གང་དུ་འགྲོ་བའི་དང༌། གང་གིས་འགྲོ་བའི་ཐེག་པ་གསུམ་ལས་འདི་ཕྱི་མ་སྟེ་མདོ་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང༌། །ཡེ་ཤེས་བརྩོན་འགྲུས་བརྩོན་པ་དང༌། །ཐབས་ལ་མཁས་པར་གྱུར་པ་དང༌། །ཡང་དག་གྲུབ་པ་ཆེན་པོ་དང༌། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་བདུན་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་ཆེན་པོ་བདུན་དང་ལྡན་པའི་ཆོས་ཐེ༷ག་པ་ཆེན་པོ་ཟབ་པ་དང་རྒྱ་ཆེ་བའི་ཚིག་དང་དོན༷་སྟོན་པ་ལ༷་མཁ༷ས་པ༷་དང༷་སྤྱོད་པ་བྱང༷་ཆུབ༷་སེ༷མས་དཔ༷འི་ཚུལ་ཁྲིམས་སམ་བརྟུལ༷་ཞུག༷ས་མཆོ༷ག་སྟེ་སྡོམ་པ་ལ་གནས་པའི་དགེ་བའི་བཤེས་གཉེན་རྣམས་རང་གི་ལུས་དང་སྲོག༷་གི༷་ཕྱིར༷་ཡང༷་མི་གཏོ༷ང་ངོ༷་སྟེ་རང་གི་སྲོག་ལ་བབ་ཀྱང་བཀའ་འགལ་ཐུགས་དཀྲུགས་སོགས་མི་བྱ་བར་བླ་མ་ལ་བསྟེན་པ་མི་སྤང་བར་བྱ་དགོས་སོ། །བསྟེན་པའི་ཚུལ་ཇི་ལྟར་ཡིན་ན་ཕལ་པོ་ཆེའི་སྡོང་པོ་བཀོད་པའི་ལེའུ་ལས་བྱང་ཆུབ་སེམས་དཔའ་ནོར་བཟང་གིས་དགེ་བའི་བཤེས་གཉེན་བརྒྱ་དང་བཅུ་སོགས་རབ་ཏུ་མང་པོ་བསྟེན་པ་ལས་ཁྱེའུ་དཔ༷ལ་གྱི་འབྱུང༷་གནས་དང་བུ་མོ་དཔལ་གྱི་བློ་གྲོས་མ་གཉིས་ཀྱི་མདུན་དུ་བྱོན་ཚེ་གུས་པས་བཤེས་གཉེན་བསྟེན་པ༷་ཡི༷་རྣམ༷་ཐ༷ར་ལ༷ས་བླ༷་མ༷་དགེ་བའི་བཤེས་གཉེན་བསྟེན༷་པ༷འི་ཚུལ་དང་དེ་ལ་བསྔགས་པ་དང༌། རིགས་ཀྱི་བུ་ཁྱོད་ཀྱིས་རང་ལ་ནད་པའི་འདུ་ཤེས་དང་དགེ་བའི་བཤེས་གཉེན་ལ་ནི་སྨན་པའི་འདུ་ཤེས་དང༌། ཆོས་ལ་སྨན་གྱི་འདུ་ཤེས་དང༌། ནན་ཏན་ཉམས་སུ་བླང་བ་ལ་ནི་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་པ་ལ་སོགས་པས་ཇི་ལྟར་བསྟེན་པའི་ཚུལ༷་རྒྱ་ཆེར་གསུངས་པ་དེ་ལྟར༷་བསླབ༷་སྟེ་བསྟེན་དགོས་སོ། །ཁྱེའུ་དཔལ་འབྱུང་བའི་རྣམ་ཐར་འདི༷་དང༷་སང༷ས་རྒྱས༷་ཀྱི་བཀ༷འ་སྩལ་པ་གཞ༷ན་མདོ༷་སྡེ༷་རྣམས་བཀླག༷ས་ན༷ས་དགེ་བའི་བཤེས་གཉེན་བསྟེན་ཚུལ་གྱི་སྤང་བླང་ལ་སོགས་བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་ཤེས༷་པ༷ར་བྱ༷་དགོས་སོ། །གཞན་ཡང་མདོ༷་སྡེ༷་རྣམ༷ས་ལ་མཇལ་ཞིང་བལྟས་པ་ལ༷ས་བྱང་ཆུབ་སེམས་དཔའི་བསླབ༷་པ༷་སྣང་ཞིང་ཤེས་པར་འགྱུར་ལ། རྒྱུ་མཚན་དེ༷་ལྟ་བ༷ས་ན་མདོ༷་སྡེ་རྣམས་ལ་བལྟ་ཞིང་བཀླག༷་པ༷ར་བྱ་ཞིང༷༌། ཁྱད་པར་དུ་བྱང་ཆུབ་སེམས་དཔའ་ནམ་མཁ༷འི་སྙིང༷་པོའི༷་མདོ༷་སྡེ༷་ལས་ནི༷་བྱང་ཆུབ་སེམས་དཔའི་རྩ་ལྟུང་བཅོ་བརྒྱད་ཀྱི་རྣམ་དབྱེ་རྩ་ལྟུང་བྱུང་ན་འཆོས་ཐབས་དང་བཅས་པ་གསལ་བར་བསྟན་པའི་ཕྱིར་ཐོག༷་མ༷འམ་དང་པོ་ཉི༷ད་དུ༷་དེ་ལ་བལྟ༷་བ༷ར་བྱ་དགོ༷ས་སོ། །ག༷ང་གིས་ཕྱིར༷་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དུས་རྟག༷་ཏུ༷་སྤྱད༷་པ༷འམ་བསླབ་པར་བྱ་བ་ནི༷་ལུས་ལོངས་སྤྱོད་དགེ་བ་རྣམས་བཏང་བསྲུང་དག་པ་སྤེལ་བའི་ཚུལ་ལ་སོགས་པ་ཞི་བ་ལྷ་རང་གིས་མཛད་པའི་བསླབ་བཏུས་དེ་ལ༷ས་རྒྱ༷་ཆེ༷ར་ར༷བ་ཏུ་གསལ་བར་སྟོན༷་པ༷ས་ན་བྱང་ཆུབ་སེམས་དཔའི་བསླ༷བ་པ༷་ཀུན༷་ལ༷ས་བཏུས༷་པ༷་ལ་ཡ༷ང་ངེ༷ས་པ༷ར་ཏེ་གདོན་མི་ཟ་བར་ལན་གཅིག་ཙམ་མ་ཡིན་པར་ཡ༷ང་དང༷་ཡ༷ང་དུ༷་བལྟ༷་བར་བྱ་ཞིང༌། ཡ༷ང་ན༷་རེ༷་ཞི༷ག་ཞི་བ་ལྷ་རང་གིས་མདོ་སྡེ་རྣམས་ལས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་མདོ༷ར་བསྡུ༷ས་པ༷འི་མདོ༷་རྣམ༷ས་ཀུ༷ན་ལ༷ས་བཏུས༷་པ༷་ལ་ཡང་བལྟ༷་བར་བྱ་དགོས་སོ། །དེ་བཞིན་དུ་བདག་ཉིད་ཆེན་པོ་འཕ༷གས་པ༷་ཀླུ༷་སྒྲུབ༷་ཀྱིས༷་མཛ༷ད་པའི༷་བསླབ་བཏུས་དང་མདོ་བཏུས་གཉི༷ས་པོ༷འ༷ང་འབ༷ད་པ༷ས་ཡང་ནས་ཡང་དུ་བལྟ༷་བ༷ར་ཡང་བྱའོ༷། །དེ་ལྟར་རྒྱལ་བའི་བཀའ་མདོ་སྡེ་རྣམས་དང་བསྟན་བཅོས་བསླབ་བཏུས་དང་མདོ་བཏུས་ཀྱི་གཞུང་གང་དང་གང༷་ལ༷ས་བྱ་བ་གང་དང་གང༷་ནི༷་མ༷་བཀ༷ག་ཅིང་གནང་བ༷་དེ་དང་དེ༷་ཉིད༷་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དུས་རྟག་ཏུ་ཚུལ་བཞིན་དུ་སྤྱད༷་ཅིང་བསླབ༷་པ༷ར་བྱ༷་བ༷་སྟེ་མདོར་ན་འཇི༷ག་རྟེན༷་པ་རྣམས་ཀྱི་མ་དད་པའི་སེ༷མས་ནི༷་བསྲུང༷་ཞིང་མགུ་བར་བྱ་བ༷འི་ཕྱིར༷་བྱང་ཆུབ་སེམས་དཔའི་བསླབ༷་པ༷་མཐོ༷ང་ཞིང་ཤེས་པར་བྱས་ན༷ས་སེམས་ཅན་རྣམས་ལ་ཕན་པ་འབའ་ཞིག་ཡ༷ང་ད༷ག་པར་སྤྱད༷་པར་བྱའོ། །གཉིས་པ་ནི། རང་གི་ལུས༷་ཀྱི་ཅི་བྱེད་དང་ངག་གི་ཅི་བཤད་དང༷་སེ༷མས་ཀྱི༷་ཅི་བསམ་སོགས་ཀྱི་གན༷ས་སྐ༷བས་ལ༷་སྐད་ཅིག་ཙམ་མ་ཡིན་པར་དུས་རྟག་ཏུ་ཡ༷ང་དང༷་ཡང༷་དུ་དགེ་མི་དགེ་ལུང་མ་བསྟན་གང་ཡིན་ཞེས་བརྟག༷་སྟེ་བླང་དོར་ལ་སྤྲོ་བས་ཤེས་བཞིན་དུ་འཇུག་པར་བྱ༷་བ༷་འདི༷་ཉིད༷་ཁོ༷་ན༷་མདོ༷ར་བསྡུ་ན༷་ནི༷་ཤེ༷ས་བཞི༷ན་ཉམས་སུ་བླང་བའི་སྒོ་ནས་བསྲུང༷་བའི༷་མ༷ཚན་ཉིད༷་དོ༷་ཞེས་མཚན་ཉིད་ཡང་དག་པའོ། །ལུས༷་ངག་ཡིད་ཀྱིས༷་ཇི་སྐད་བཤད་པའི་བསླབ་བྱ་འདི༷་དག༷་དངོས་སུ་ནན་ཏན་དུ་སྦྱང༷་ཅིང་བསླབ་པ༷ར་བྱ་དགོ༷ས་ཀྱི་གཞུང་གི་ཚི༷ག་ཙ༷མ་བརྗོ༷ད་པ༷ས་སམ་བཤད་པ་ཙམ་གྱིས་དགོས་པའམ་དོན་ཅི༷་ཞི༷ག་འགྲུབ༷་སྟེ་མི་འགྲུབ་པས་དོན་ཉམས་སུ་ལེན་པ་ལ་འབད་པར་བྱ་དགོས་ཏེ་དཔེར་ན་སྨན་མ་ཟོས་པར་སྨན༷་དཔྱད༷་རྒྱུད་བཞི་སོགས་བཀླག༷་པའམ་བཤད་པ༷་ཙ༷མ་གྱིས༷་ནི༷་ནད་པ༷་དག༷་གི་ནད་ལ༷་ཕ༷ན་པར་འགྱུར༷་ར༷མ་ཏེ་མི་འགྱུར་ལ་ལུས་ཀྱིས་སྨན་ཟོས་པ་དང་སྤྱོད་ལམ་ལ་སོགས་པ་ཚུལ་བཞིན་བསྟེན་པ་ལས་ཕན་ཐོགས་པ་བཞིན་ནོ། །ལེའུའི་མཚན་ནི། བྱང༷་ཆུབ༷་སེམས་དཔ༷འི་སྤྱོད༷་པ༷་ལ༷་འཇུག༷་པ༷་ལ༷ས། ཤེས༷་བཞི༷ན་བསྲུང༷་བ༷ར་བྱ༷་བ༷་སྟེ་ལེ༷འུ༷་ལྔ༷་པ༷འོ༷།། ༈ །།གསུམ་པ་བྱང་ཆུབ་སེམས་ཀྱི་མི་མཐུན་ཕྱོགས་ཁོང་ཁྲོ་སྤོང་བྱེད་བཟོད་པ་བསྒོམ་པའི་ལེའུ་ལ། གཞུང་དང་མཚན་ནོ། །དང་པོ་ལ་ཁོང་ཁྲོ་སྤོང་བ། བཟོད་པ་བསྒོམ་པ། སེམས་ཅན་ལ་གུས་པར་བྱ་བ་དང་གསུམ་ལས། དང་པོ་ནི། བསྐལ་པ་ཞེས་ཆགས་གནས་འཇིག་སྟོང་བཞི་རེ་རེ་ལ་བར་བསྐལ་ཉི་ཤུ་རེ་སྟེ་བརྒྱད་ཅུ་ལ་བསྐལ་ཆེན་ཞེས་བྱ་བ་དེ་ལྟ་བུའི་བསྐལ༷་པ༷་སྟོང༷་དུ༷་བས༷གས་པ་ཡི༷་སེམས་ཅན་རྣམས་ལ་སྦྱིན༷་པ་ཕྱིན་པ༷་དང༷་བདེ༷་བར་གཤེ༷གས་པ་སངས་རྒྱས་དང་དམ་པའི་ཆོས་དང་དགེ་འདུན་ཏེ་དཀོན་མཆོག་གསུམ་ལ་མཆོ༷ད་ཅིང་སྐྱབས་སུ་འགྲོ་བ་ལ༷་སོ༷གས་པ་དང༌། ཚུལ་ཁྲིམས་བསྲུང་བ་ལ་སོགས་པའི་ལེ༷གས་པར་སྤྱད༷་པའི་དགེ་བ་ག༷ང་ཡི༷ན་པ་དེ༷་དག་ཐམས་ཅད་ཀུན༷་ཀྱང༷་ཁོ༷ང་ཁྲོ༷་དྲག་པོ་གཅི༷ག་གི༷ས་འཇོ༷མས་པ༷ར་བྱེད་པའམ་ཟད་པར་བྱེད༷་ཅེས་མདོ་ལས་གསུངས་པ་དང༌། ཡང༌། འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས་འཇམ་དཔལ་ཁོང་ཁྲོ་ཞེས་བྱ་བ་ནི་བསྐལ་པ་བརྒྱར་བསགས་པའི་དགེ་བ་འཇོམས་པར་བྱེད་པ་ཞེས་བསྐལ་པ་བརྒྱ་དང་སྟོང་གི་ཚོགས་འཇོམས་པར་གསུང་པ་ཡང༌། འཇུག་འགྲེལ་རྣམས་ལས། སེམས་ཅན་ཐ་མལ་པ་ལ་ཁྲོས་ན་བརྒྱ་དང༌། བྱང་སེམས་ལ་ཁྲོས་ན་སྟོང་ཞེས་བརྗོད་ཅེས་དང༌། མདོ་སྡུད་པར། བྱང་སེམས་ལུང་བསྟན་མ་ཐོབ་པས་ལུང་བསྟན་ཐོབ་པ་ལ་སྐད་ཅིག་མ་དུ་ལ་ཁྲོས་ན་དེའི་གྲངས་ཀྱི་བསྐལ་བ་རེའི་ཚོགས་འཇོམ་པར་གསུངས་པ་ནི་ཡུམ་རྒྱས་འབྲིང་ན་དེ་ལྟར་གསུང་མོད། འགྲེལ་བཤད་འགས་དོགས་པ་ཁོང་བསླང་གིས་རྩོད་པ། ཞེ་སྡང་སྐད་ཅིག་མ་གཅིག་སྐྱེས་ན་བསྐལ་པ་སྟོང་གི་སྦྱིན་ཚུལ་གྱི་དགེ་ཚོགས་འཇོམས་ན་སོ་སྐྱེས་ཁོང་ཁྲོ་མི་སྐྱེ་བ་མེད་པས་སེམས་ཅན་གཅིག་གིས་ཀྱང་ཐར་པ་མི་འཐོབ་སྙམ་པའི་དོགས་པ་བཀོད་ལ། འདིའི་སྐད་ཅིག་བྱ་རྫོགས་ཀྱི་སྐད་ཅིག་ཡིན་ལ། དེའི་ལན་ལ། ཁ་ཅིག །འདི་ལ་གཞོམ་བྱ་དང༌། འཇོམ་བྱེད་དང༌། འཇོམ་ཚུལ་གྱི་ཁྱད་པར་གསུམ་ལས། དང་པོ་ནི། སྤྱིར་དགེ་བ་ཐབས་ཤེས་གཉིས་ཀས་མ་ཟིན་པ་བསོད་ནམས་ཆ་མཐུན་གྱི་དང༌། བདག་མེད་རྟོགས་པས་ཟིན་པ་ཐར་པ་ཆ་མཐུན་ཙམ་དང༌། ཐབས་ཤེས་གཉིས་ཀས་ཟིན་པ་ཐེག་ཆེན་གྱི་དགེ་བ་དང་གསུམ་ཡོད་པ་ལས་དང་པོ་ཡིན་ལ། གཉིས་པ་ནི། ཡུལ་ཁྱད་པར་ཅན་ལ་དམིགས་ནས་ངོ་བོ་དྲག་ཏུ་འཁྲུགས་པ། རྗེས་ཀྱང་འགྱོད་པ་སོགས་མེད་པའི་གཉེན་པོ་དང་བྲལ་བ་ཡིན་ཞིང༌། གསུམ་པ་ནི། ས་བོན་རྩ་བ་ནས་འཇོམས་པ་མ་ཡིན་གྱི། སྐྱེས་ནས་མྱོང་འགྱུར་གྱི་ནུས་པ་ཟིལ་གྱིས་མནན་ནས་ལན་གྲངས་གཞན་དུ་མྱོང་འགྱུར་དུ་བསྒྱུར་བ་སྟེ། དེའི་རྒྱུ་མཚན་ཡང་ལྕི་བ་དེའི་འབྲས་བུ་ཐོག་མར་སྨིན་པར། ཇི་སྐད་དུ། ལས་ཀྱི་འབྲས་བུ་ལྕི་གང་དང༌། །ཉེ་བ་གང་དང་གོམས་པ་གང༌། །སྔ་ཕྱི་གང་ཡིན་དེ་དག་ལས། །སྔ་མ་སྔ་མ་རྣམ་སྨིན་འགྱུར། །ཞེས་བཤད་པས་སོ་ཟེར་ཡང་མྱོང་དུས་བསྒྱུར་བ་ནི་ཐར་ཆ་ལ་ཡང་ནུས་པས་གཞོམ་བྱ་མ་ངེས་ཤིང༌། འཇོམས་ཚུལ་ཡང་མ་ངེས་ཏེ་འཕགས་པ་ཐམས་ཅད་ཡོད་པར་སྨྲ་བ་ལས། ཉེ་བ་འཁོར་དགེ་བའི་རྩ་བ་ཆེན་པོ་ཡང་སྲབ་བ་དང་ཡོངས་སུ་བྱང་བ་དང་ཡོངས་སུ་ཟད་པར་འགྱུར་བ་དེ་ལྟ་བས་ན་མགལ་དུམ་ལ་ཡང་སེམས་ཁྲོ་བར་མི་བྱེད་ན། རྣམ་པར་ཤེས་པ་དང་བཅས་པའི་ལུས་ལ་ལྟ་ཅི་ཞིག་སྨོས་ཞེས་རྒྱལ་སྲས་རིན་པོ་ཆེས་དགག་པ་མཛད་པར་གཞོམ་བྱ་མ་ངེས་ཞེས་གསུངས་ཀྱང་ཐར་ཆ་ལ་དེ་ལྟར་ནུས་པའི་རྒྱུ་མཚན་བཀོད་པ་ཅི་ཡང་མེད། འཇོམས་ཚུལ་མ་ངེས་ཞེས་གསུངས་ལ། འཇོམས་བྱེད་དངོས་སུ་མ་གསུང་ཡང༌། མགལ་དུམ་ལ་ཡང་ཁྲོ་བར་མི་བྱ་བར་གསུངས་པས་ཡུལ་ཁྱད་པར་ཅན་ལ་ཁྲོ་དགོས་པར་མ་ངེས་པ་ཡིན་པས། དེ་ནི་དེ་ལྟར་བཀག་ལ། དེས་ཀྱང་དངོས་ལན་ནི་མི་འོང་བ་ཡིན། དེ་མིན་ལན་གཞན་མ་མཐོང་ལ། འདིར་རྩ་བའི་ཚིག་ལ་བསམ་ན། དཀོན་མཆོག་མཆོད་པ་ལ་སོགས་པའི་ལེགས་སྤྱད་གང་ཡིན་ཞེས་པ་འདྲ་ཡང༌། དོན་ལ་བསམ་ན། སྦྱིན་ཚུལ་ལུས་ངག་གི་དགེ་བ་རྣམས་འཛེམས་ལ། སེམས་ཀྱི་དགེ་བ་རྣམས་འཇོམས་མི་ནུས་པ་འདྲ་སྟེ། སྦྱིན་པ་དང་མཆོད་པ་སོགས་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་དང༌། སྒོ་གསུམ་ལེགས་པར་སྤྱད་པ་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་གང་ཡིན་པ་དེ་ཀུན་བྱང་སེམས་སོགས་ལ་སྙིང་ནས་ཁོང་ཁྲོ་ལན་ཅིག་ཙམ་སྐྱེས་པས་འཇོམ་པར་བྱེད་ལ། བཟོད་བརྩོན་བསམ་ཤེར་བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་རྣམས་ནི་འཇོམས་མི་ནུས་ཏེ། དམན་དང་མཆོག་གི་ཁྱད་ཞུགས་པའི་ཕྱིར་བཟོད་པ་ནི་ཁོང་ཁྲོ་རང་དང་དངོས་འགལ་ཡིན་པ་དང༌། སྦྱིན་ཚུལ་གྱིས་བསྡུས་པའི་དགེ་རྩ་རྣམས་ཀྱང་དམ་པ་གསུམ་གྱི་ཐབས་ཀྱིས་ཟིན་ན་དགེ་བ་རྐྱེན་གྱིས་མི་འཕྲོག་པ་ཡིན་ནོ་ཞེས་གསུངས། རང་རྒྱུད་ཀྱི་དགེ་བ་འཇོམས་ཤིང་དམྱལ་བར་སྐྱེ་བའི་རྒྱུ་ཞེ༷་སྡང༷་ལྟ༷་བུ༷འི་སྡིག༷་པ༷་ཆེ་བ་གཞན་མེ༷ད་ལ། དེའི་གཉེན་པོར་གྱུར་པ་བཟོ༷ད་པ༷་ལྟ་བུའི༷་དགེ་བའམ་དཀ༷འ་ཐུབ༷་མཆོག་གཞན་མེ༷ད་དེ། མདོ་ལས། བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་མཆོག །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས། །ཞེས་སོ། །རྒྱུ་མཚན་དེ༷་བ༷ས་ན་བཟོ༷ད་པ་བསྒོམ་པ་ལ༷་ན༷ན་ཏ༷ན་དུ༷་བྱས་ཏེ་འཆད་པར་འགྱུར་བའི་ཐབས་རྣམ་པ་སྣ༷་ཚོ༷གས་པའི་ཚུལ༷་གྱིས༷་བསྒོམ༷་པ༷ར་བྱ༷་བ་ལ་འབད་དགོས་སོ། །དགྲ་ལ་སོགས་པ་ཕ་རོལ་པོ་ལ་སེམས་མི་དགའ་བས་ཞེ༷་སྡང༷་བའི་ཟུག༷་རྔུའི་སེ༷མས་རང་རྒྱུད་ལ་འཆ༷ང་ན༷་ཡི༷ད་ནི༷་རབ་ཏུ་ཞི༷་བ༷་ཡི་ཏིང་ངེ་འཛིན་གྱི་བདེ་བ་སོགས་ཉ༷མས་སུ་མི༷་མྱོང༷་སྟེ་ཏིང་ངེ་འཛིན་སོགས་རྒྱུད་ལ་མི་སྐྱེ་ཞིང་སེམས་དག༷འ་བ་དང༷་ལུས་བདེ༷་བ༷འང་མི༷་འཐོ༷བ་ལ༷་ཐ་ན་མཚན་མོ་ཡང་གཉི༷ད་ཙ༷མ་མི༷་འོ༷ང་ཞིང༷་ལུས་སེམས་གཉིས་པོ་ཚུགས་མི་ཐུབ་པས་བརྟན༷་པ་མེ༷ད་པར་འགྱུར༷་རོ། །བྲན་ལ་སོགས་པ་གང་ཟག་གང༷་དག༷་གསེར་དངུལ་དར་ཟབ་གོས་སོགས་ནོར༷་དང༷་གདན་སྟོབ་པ་སོགས་གཞན་གྱིས་བཀུར༷་སྟི༷་ཆེན་པོ་ཡི༷ས་དྲི༷ན་ཆེན་པོ་བྱིན༷་པའམ་སྦྱིན་པར་བྱེད་པའི་རྒྱལ་པོ་ལ་སོགས་པ་དེ༷་དག༷་ལ༷་བརྟེན༷་པར་གྱུར༷་པ༷་ཡི་བློན་པོ་ལ་སོགས་པ་བྲན་གཡོག་དེ༷་དག༷་ཀྱང༷་ནི༷་ཞེ་སྡང༷་དྲག་པོ་དང་ལྡ༷ན་པའི༷་རྗེ༷་དཔོ༷ན་དེ༷་ལ༷་དྲིན་མི་རྩི་བར་གསོད་པ༷ར་རྒོ༷ལ་ཞིང་གནོད་པ་བྱེད་ན་གཞན་དག་ལ་ལྟ་སྨོས་ཀྱང་ཅི་དགོས་སོ། །ཞེ་སྡང་ཅན་དེ༷་ཡི༷ས་ཚིག་རྩུབ་དང་བརྡུང་བརྡེག་ལ་སོགས་པ་བྱས་པས་གཉེན་ཉེ་བ་གྲོགས་མཛ༷འ་བཤེ༷ས་ཐམས་ཅད་ཀྱི་སེམས་སྐྱོ༷་བ༷ར་འགྱུར༷་བས་དེ་ལ་མི་དགའ་ཞིང་སྤང་བར་འགྱུར་རོ། །འཁོར་གཡོག་ལ་རྒྱུ་ལོངས་སྤྱོད་སོགས་ཕངས་པ་མེད་པར་སྦྱིན༷་པ༷ས་རང་གི་གཡོག་ཏུའམ་འཁོར་དུ་བསྡུས༷་ཀྱང༷་དེ་ལ་བསྟེན༷་པར་མི༷་བྱེད༷་ཅིང་འཁོར་དང་གཡོག་ཏུ་མི་འདུའོ། །མདོ༷ར་བསྡུ༷་ན༷་སྦྲུལ་གདུག་པ་ཅན་བཞིན་དུ་ཁྲོ༷་བ༷ས་སམ་ཁོང་ཁྲོ་ཅན་དེ་བདེ༷ར་ཏེ་བདེ་བར་གན༷ས་པ༷་དེ༷་ནི༷་འག༷འ་ཡ༷ང་ངམ་གཅིགཀྱང་ཡོ༷ད་པ་མ༷་ཡི༷ན་པས་ཁོང་ཁྲོ་སྤོང་བ་ལ་འབད་པར་བྱའོ། །ཞེ་སྡང་ཅན་རྣམས་ལ་ཁྲོ༷་བའི༷་དགྲ༷་ཡི༷ས་དགེ་རྩ་འཇོམས་ཤིང་དམྱལ་བར་སྐྱེ་བ་སོགས་གོང་དུ་བཤད་པ་དེ༷་ལ་སོ༷གས་པ་ཡིས་ཚེ་འདི་ཕྱིའི་སྡུག༷་བསྔ༷ལ་མང་པོ་དག༷་ནི༷་ཕྱེད༷་པ༷ར་འགྱུར༷་ལ། གང་ཟག་གང༷་ཞིག༷་རང་སེམས་བསྒྲིམ༷ས་ཏེ༷་ཁྲོ༷་བའི་དགྲ་དེ་འཇོ༷མས་པར་བྱེད་པའི་བཟོད་པ་བསྒོམ་པ༷་དེ༷་ནི༷་གོང་དུ་བཤད་པ་དེ་ལས་བཟློག་སྟེ་ཚེ་འདི༷་དང༷་སྐྱེ་བ་ཕྱི་མར་ཚེ་རབས་གཞ༷ན་དུ་བདེ༷་དགའ་རྒྱ་ཆེན་པོ་འཐོབ་པར་འགྱུར་རོ། །བདག་དང་བདག་གི་ཕྱོགས་ལ་ལོངས་སྤྱོད་འཕྲོག་པ་སོགས་མི༷་འདོ༷ད་པ་སྡུག་བསྔལ་བྱས༷་པ་དང༷་རྙེད་པ་སོགས་འདོ༷ད་པ༷་བདེ་བ་འགྲུབ་པ་ཡི༷་གེ༷གས་བྱས༷་པ༷་ལ༷ས་བྱུང༷་བར་གྱུར༷་པ༷་ཡི་ཡིད་མི་དགའ་བའམ་ཡི༷ད་མི༷་བདེ༷་བ་ཞེ་སྡང་སྐྱེ་བ༷འི་ཟ༷ས་རྙེད༷་པར་གྱུར་ན༷ས་དཔེར་ན་ཟས་ཀྱིས་ལུས་རིམ་གྱིས་རྒྱས་པར་བྱེད་པ་ལྟར་ཞེ༷་སྡང་ཆེར་བརྟས༷་པའམ་རྒྱས་ཏེ༷་བད༷ག་རང་རྒྱུད་ཀྱི་དགེ་བ་རྣམས་འཇོ༷མས་པར་བྱེད་པས་ན་ཞེ་སྡང་གི་ཟས་ཡིད་མི་བདེ་བ་དེ་དང་ནས་གཞོམ་པར་བྱ་དགོས་སོ༷། །དེ༷་ལྟས༷་ཏེ་དེ་ལྟ་བས་ན་ཟས་བཅད་ནས་དགྲའི་སྟོབས་ཉམས་པར་བྱེད་པ་བཞིན་དུ་བད༷ག་གི༷ས་དགྲ༷་བོ༷་ཞེ་སྡང་དེའི༷་ཟས༷་ཡིད་མི་དགའ་བ་དེ་ནི༷་རྩ་བ་ནས་རྣམ༷་པ༷ར་གཞོ༷མ་པ༷ར་བྱ༷་དགོས་ཏེ། འདི༷་ལྟར༷་བད༷ག་རང་ཉིད་ལ༷་དགེ་རྩ་འཇོམས་པ་ལ་སོགས་པའི་སྒོ་ནས་ཚེ་འདི་ཕྱིར་གནོ༷ད་པ༷་སྣ་ཚོགས་བྱེད་པ་ལ༷ས། དགྲ༷་བོ་ཞེ་སྡང་འདི༷་ལ༷་ནི༷་བྱ་བའི་ལ༷ས་ཀ་གཞ༷ན་ཅུང་ཟད་ཙམ་ཡང་མེ༷ད་པའི་ཕྱིར་རོ། །མི་འདོད་པ་དང་འདོད་པའི་གེགས་བྱེད་པ་ལ་སོགས་པས་གནོད་པ་ཆེན་པོའི་ལས་ཅི༷་ལ༷་བ༷བ་པར་གྱུར་ཀྱང༷་བད༷ག་གི༷ས་ནི༷་ཡིད་མི་བདེ་བའི་གཉེན་པོར་གྱུར་པའི་དག༷འ་བ༷འི་ཡི༷ད་འདི་ནི༷་དཀྲུགས༷་པར་མི༷་བྱའོ༷་ཞེས་རང་གིས་དམ་བཅའ་ཡང་ཡང་བྱེད་དགོས་སོ། །དེ་ལྟར་གནོད་བྱེད་ཐམས་ཅད་བཟོད་པར་བྱས་ན་བདག་བཟང་ངན་ཀུན་གྱིས་བརྙས་པར་འགྱུར་རོ་སྙམ་ན། སེམས་འཁྲུགས་ནས་གནོད་བྱེད་དེ་ལ་མི༷་དག༷འ་བ་བྱས༷་ཀྱང༷་རང་གིས་འདོ༷ད་པའི་དོན་ཅུང་ཟད་ཙམ་ཡང་མི༷་འགྲུབ༷་པར་མ་ཟད་རང་རྒྱུད་ཀྱི། དགེ༷་བ༷་དག༷་ནི༷་འཇོམས་ཤིང་ཉ༷མས་པ༷ར་འགྱུར༷་རོ། །གནོད་པ་བྱས་པ་དེ་ཡང་ག༷ལ་ཏེ༷་ནས་སོགས་ཕོ་བ་ལྟ་བུ་བཅོ༷ས་སུ༷་ཡོ༷ད་ན༷་ནི༷་རང་གཞན་གཉིས་ཀས་བཅོས་པར་ནུས་ན། དེ༷་ལ་མི༷་དག༷ར་ཏེ་མི་དགའ་བར་ཁྲོ་བར་བྱས་པས་དོན་ཅི༷་ཞིག༷་ཡོ༷ད་དེ་མེད་དོ། །ག༷ལ་ཏེ༷་དཀར་ཡོལ་བཅག་པ་ལྟ་བུ་ལ་སོགས་པ་བཅོ༷ས་སུ༷་མེ༷ད་ན༷་ནི༷་བཅོས་སུ་མེད་པས་དེ༷་ལ༷་མི༷་དག༷འ་བྱས༷་པས་ཅི༷་ཞིག་ཕ༷ན་ཏེ་མི་ཕན་པར་མ་ཟད་སླར་ཡང་རང་གཞན་འཁྲུགས་པའི་སྡུག་བསྔལ་གྱིས་གནོད་པར་འགྱུར་བས་སོ། །གཉིས་པ་བཟོད་པ་བསྒོམ་པ་ལ། བཟོད་ཡུལ་ངོས་བཟུང་བ་དང༌། བཟོད་པ་བསྒོམ་པ་གཉིས་ལས། དང་པོ་ནི། བཟོད་ཡུལ་ཉི་ཤུ་རྩ་བཞི་ཞེས་བདག་ལ་མི་འདོད་པ་བྱས་པ་བཅུ་གཉིས་དང༌། འདོད་པའི་གེགས་བྱས་པ་བཅུ་གཉིས་ཏེ། དེ་གང་ཞེ་ན། བད༷ག་ག༷མ་བདག༷་གི༷་བཤེ༷ས་ཕ་མ་གཉེན་གྲོགས་བླ་མ་ཆོས་ལུགས་ལ་སོགས་པ་རྣམ༷ས་ལ༷། སྡུག༷་བསྔལ༷་བར་བྱས་པ་དང༌། བརྙས༷་སོགས་ཀྱིས་རྙེད་པ་མི་རྙེད་པ་བྱས་པ་དང༷༌། དངོས་སུ་རྐུན་མ་ཁྱོད་སོགས་ཚི༷ག་རྩུབ༷་མོ་དང༷༌། ཕྱོགས་ཐམས་ཅད་དུ་གཏམ་ངན་བརྗོད་པས་མི༷་སྙན༷་པ་བསྒྲགས་པ་ཞེ༷ས་བྱ༷་བ་སྟེ་བརྒྱད་མི༷་འདོ༷ད་དེ༷། དགྲ༷་ལ༷་དེ༷་ལ༷ས་བཟློག༷་པ༷ས་ཏེ་བདེ་བ་དང་རྙེད་པ་དང་བསྟོད་པ་དང་སྙན་པ་སྟེ་བཞི་མི་འདོད་པས་བཅུ་གཉིས་སོ། །འདོད་པའི་གེགས་བྱས་པ་བཅུ་གཉིས་ནི་བདག་གམ་བདག་གིས་བཤེས་རྣམས་ལ་བདེ་སོགས་བཞི་བཞི་སྟེ་བརྒྱད་དང་དགྲ་ལ་དེ་ལས་བཟློག་པ་སྡུག་བསྔལ་སོགས་བཞི་སྟེ་བཅུ་གཉིས་བཅས་ཉེར་བཞིའོ། །དེ་ལ་སྔར་བྱས་སོ། །ད་ལྟ་བྱེད་དོ། །མ་འོངས་པ་ན་བྱེད་པར་འགྱུར་བ་སྟེ། བདུན་ཅུ་དོན་གཉིས་པོ་ནི་ཞེ་སྡང་སྐྱེ་བའི་རྒྱུ་ཡིན་ལ་དེ་ལས་མི་འདོད་པ་དང་དུ་ལེན་པ་དང༌། འདོད་པ་ལ་སྐྱོན་དུ་བལྟས་ནས་བཟོད་པ་བསྒོམ་དགོས་གསུངས། གཉིས་པ་ལ། མི་འདོད་པ་བྱས་པ་ལ་བཟོད་པ་བསྒོམ་པ། འདོད་པའི་གེགས་བྱེད་པ་ལ་བཟོད་པ་བསྒོམ་པ་དང་གཉིས་ལས། དང་པོ་ལ། བདག་ལ་སྡུག་བསྔལ་བྱེད་པ་ལ་བཟོད་པ་བསྒོམ་པ་དང༌། བདག་ལ་བརྙས་སོགས་བྱེད་པ་ལ་བཟོད་པ། བདག་གི་བཤེས་ལ་མི་འདོད་པ་བྱེད་པ་ལ་བཟོད་པ། དགྲ་ལ་ལེགས་བྱས་བཟོད་པ་དང་བཞི་ལས། དང་པོ་ལ། སྡུག་བསྔལ་དང་ལེན་གྱི་བཟོད་པ། ཆོས་ལ་ངེས་སེམས་ཀྱི་བཟོད་པ། གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་དང་གསུམ་ལས། དང་པོ་ནི། དེ་ལ་བདག་ལ་སྡུག་བསྔལ་བྱེད་པ་ལ་བཟོད་པ་བསྒོམ་ཚུལ་རྒྱས་པར་བཤད་ནས་འོག་མ་རྣམས་ལ་དེའི་འགྲེས་སྦྱར་ཏེ་བསྒོམ་དགོས་པའི་ཕྱིར་བསྡུས་ནས་གསུངས་པ་བཞིན་དུ་ས་བཅད་ཀྱང་དེ་ལྟར་བསྟན་པ་ལས་འཁོར་བའི་གནས་འདི་བདེ༷་བའི༷་རྒྱུ༷་རྙེད༷་བཀུར་སོགས་ནི༷་རེས༷་འག༷འ་ལས་མི་འབྱུང༷་བས་ཉུང་ལ་སྡུག༷་བསྔལ༷་གྱི་རྒྱུ་མི༷་འདོད་པ་སྣ་ཚོགས་པ་ནི༷་ཤི༷ན་ཏུ༷་མ༷ང་པོ་དབང་མེད་དུ་འབྱུང་བ་ཡིན་པ་འདི་ཉིད་འཁོར་བའི་མཚན་ཉིད་ཡིན་པས་འཁོར་བར་འཁྱམ་ཕྱིན་ཆད་སྤང་བློ་བྱས་ཀྱང་ཟད་པ་མེད་པས་བཟོད་དགོས་ལ། གལ་ཏེ་ཤེས་ན་སྡུག༷་བསྔ༷ལ་ལ་ཡོན་ཏན་ཀྱང་ཡོད་དེ་འདི་ལྟར་སྡུག་བསྔལ་མེ༷ད་པ༷ར་འཁོར་བའི་སྡུག་བསྔལ་ལས་ཐར་འདོད་ཀྱི་ངེ༷ས་འབྱུང༷་མེ༷ད་ལ་སྡུག་བསྔལ་ཡོད་ན་ངེས་འབྱུང་གི་བློ་སོགས་ཀྱང་སྐྱེ་བར་འགྱུར་བ་དེ༷་བ༷ས་ན་སེ༷མས་ཁྱོད༷་བརྟན༷་པ༷ར་མནོ༷ས་ཞེས་སྲན་ཚུགས་པས་བཟོད་པར་གྱིས་ཤིག་དང་སྡུག་བསྔལ་ནི་ངེས་འབྱུང་གི་སྣ་འདྲེན་དགེ་བའི་བསྐུལ་མ་སྡིག་པའི་ཕྱགས་མ་ཡིན་པས་ཡོན་ཏན་ཡོད་པ་ཡིན་ནོ། །དཀ༷འ་ཟློག༷་སྟེ་ལྷ་མོ་ཨུ་མ་ལ་ད༷ད་པ་རྣམས་དེའི་རྟེན་རྩེ་གསུམ་གྱི་རྩེར་མཆོངས་པ་དང་སྦྱིན་སྲེག་གི་མེ་ནང་དུ་རང་མཆོངས་པ་དང་ཡུལ་ཀ༷རྞ༷་པ༷འི་མུ་སྟེགས་འགའ་ཞིག་གིས་ཚངས་པ་ཐོབ་པར་འདོད་པས་ཉི་ཟླ་གཟས་ཟིན་པ་ན་རང་གི་མགོ་གཅོད་པའམ་ཡུལ་དེ་དག་ཕན་ཚུན་ཕྲག་དོག་གིས་རྩོད་པས་ཁང་པ་སོགས་མེར་བསྲེ༷གས་པ་དང༷་མཚོན་གྱིས་བཅ༷ད་པ་ལ་སོ༷གས་པའི་སྡུག་བསྔལ་གྱི་ཚོ༷ར་བ་ཤིན་ཏུ་བཟོད་པར་དཀའ་བ༷་ནི༷་འདོད་པའི་དོན༷་གྲུབ་པ་མེད༷་བཞིན་དུ་ཡང་བཟོ༷ད་པར་བྱེད༷་ན་བདག་གིས་དོན་ཆེན་པོ་ཐ༷ར་པ་མྱ་ངན་ལས་འདས་པ༷་ཡི༷་དོ༷ན་དུ༷་བད༷ག་གོ༷་ཅི༷་ཡིས་ཕྱིར༷་སྔར༷་ཏེ་སྔར་མི་རིགས་སོ། །གནོད་པ་བཟོད་པ་ལ་སོགས་པ་གང་ལ་ཡང་རང་གོ༷མས་སོང་ན༷་བྱ་སླ༷་བར༷་མི༷་འགྱུར༷་བའི༷་དངོ༷ས་པོ་དེ་དང་དེ༷་གང༷་ན་ཡང༷་ཡོ༷ད་པ་མ༷་ཡི༷ན་ཏེ། རྒྱུ་མཚན་དེ༷་བ༷ས་ན་དང་པོ་གནོ༷ད་པ༷་ཆུང༷་ངུ་ལ་བཟོད་པ་གོ༷མས་པར་བྱས་པ༷ས་ཕྱིས་སུ་རིམ་གྱིས་གནོ༷ད་པ༷་ཆེ༷ན་པོ༷་ཡང་བཟོ༷ད་པ༷ར་བྱོས༷་ཤིག །དེ་ཇི་ལྟར་ན་སྦྲུལ༷་དང༷་ཤ༷་སྦྲང༷་གིས་རྨུགས་པ་དག་དང༷་ནི༷་ཟས་མེད་པས་བཀྲེས༷་པ་དང་བཏུང་བ་མེད་པས་སྐོམ༷་པ་ལ༷་སོ༷གས་པའི་སྡུག་བསྔལ་གྱི་ཚོར༷་བ༷་དང༷༌། ལུས་ལ་གཡ༷ན་པ༷་ཟ་ཞིང་འཁྲུགས་པ་ལ༷་སོ༷གས་པ་དང་བཅ༷ས་པ༷་ཡི༷། དོ༷ན་མེ༷ད་པའི་སྡུག༷་བསྔལ༷་མི་བཟོད་པའི་ཐབས་མེད་པ་ཅིས༷་མ༷་མཐོང་སྟེ་མཐོང་ན་དོན་ཆེན་བསྒྲུབ་པ་ལ་བཟོད་པར་རིགས་སོ། །གཞན་ཡང་དབྱར་ཚ༷་བ་དང་དགུན་གྲང༷་བ་དང་ཆ༷ར་པ་དང༷་རླུང༷་ལ་སོག༷ས་པ་དང༷་ན༷ད་རྣམ་པ་སྣ་ཚོགས་པ་དང་ཞགས་པ་ལ་སོགས་པས་འཆི༷ང་བ་དང༷་གཞན་གྱིས་བརྡུང་བརྡེ༷ག་སོ༷གས་བྱས་པ་ལ༷། བད༷ག་གི༷ས་ཧ་ཅང་བཟེ༷་རེ༷་ཆེན་པོའམ་བཟོད་སྲན་ཆུང་ངུ་ཉིད་དུ་མི༷་བྱ༷་སྟེ༷་དེ༷་ལྟར༷་བཟེ་རེ་ཇི་ཙམ་བྱས༷་ན༷། དེ་ཙམ་དུ་བཟེ་རེ་ཇེ་ཆེ་དང༌། གནོ༷ད་པ༷་ཇེ་འཕེ༷ལ་དུ་འཕེལ་ཞིང་མི་བཟོད་པར་འགྱུར་བའི་ཕྱིར་རོ། །གོམས་ན་འགྲུབ་པ་དང༌། དེ་ལ་བཟོད་པའི་སྟོབས་བསྐྱེད་པ་དཔེར་ན་གང་ཟག་ལ༷་ལ༷་དག་གཡུལ་ངོར་རང་རང་གི་ལུས་ལ་མཚོན་སོགས་ཕོག་པས་བད༷ག་གི༷་ལུས་ཀྱི་ཁྲག་མཐོ༷ང་བར་གྱུར་ན༷་སྙིང་སྟོབས་ཀྱི་དཔ༷འ་ཞིང་བརྟན༷་པ་ལྷག༷་པ༷ར་སྐྱེ༷་ཞིང་ཆེ་བར་འགྱུར༷་བའང་ཡོ༷ད་ལ་གང་ཟག་ལ༷་ལ༷་དག་གཡུལ་ངོར་གཞ༷ན་གྱི༷་ལུས་ལ་མཚོན་ཕོག་པའི་ཁྲག༷་ཅུང་ཟད་མཐོ༷ང་བར་གྱུར་ན༷་ཐུན་ཤི་ཕོག་སྟེ་བོ༷ག་ཅི༷ང་བརྒྱལ༷་བར༷་འགྱུར༷་བ༷་ཡང་ཡོ༷ད་ན་རང་གི་ཁྲག་མཐོང་ན་སྨོས་ཅི་དགོས་དེ༷་ལྟར་འགྱུར་བའི་རྒྱུ་མཚན་ནི༷་རིམ་པ་ལྟར་སེ༷མས་ཀྱི༷་ང༷ང་རྒྱུད་བརྟན༷་པ་སྟེ་དཔའ་བརྟན་ཆེ་བ་དང༷་སྔ༷ར་མ༷འི་ཚུལ༷་ལ༷ས་ཏེ་དཔལ་བརྟན་མེད་པ་ལས་གྱུར་པ༷་ཡི༷ན་ནོ། །གོམས་ན་སླ་བར་འགྱུར་བ་དེ༷་བ༷ས་ན་དོན་ཆེན་པོ་སྒྲུབ་པའི་ཆེད་དུ་གནོ༷ད་པ༷་ཆེ་ཆུང་གང་བྱུང་བ་ཐམས་ཅད་ཁྱད༷་དུ་བས༷ད་ཅི༷ང༌། དཀའ་སྤྱད་ཀྱི་སྡུག༷་བསྔ༷ལ་གང་བྱུང་རྣམ༷ས་ཀྱིས༷་ནམ་དུ་ཡང་མི༷་ཚུག༷ས་ཤིང་ཁྲོ་བར་མི་འགྱུར་བར་བྱོས༷་ཤིག །མཁ༷ས་པ༷ས་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རང་རང་ལ་གཞན་གྱི་གནོད་པ་ལ་སོགས་པའི་སྡུག༷་བསྔལ༷་དྲག་པོ་ཅི་བྱུང༷་ཡ༷ང་ནི༷་རང་རང་གི་སེ༷མས་ཀྱི༷་རབ༷་ཏུ་དང༷་ཞིང་དགའ་བ་དེ་ཡིད་མི་བདེ་བས་རྙོག༷་པར་མི༷་བྱའོ༷། །དཔེར་ན་འཇིག་རྟེན་པ་རྣམས་གཡུལ་དང་འཕྲད་ཚེ་སྡུག་བསྔལ་ཡོད་པ་བཞིན་དུ་ཆོས་ཤེས་ནས་ཉོན་མོངས་པའི་གཉེན་པོར་འགྲོ་དགོས་པས་སྤང་བྱ་ཞེ་སྡང་ལ་སོགས་པའི་ཉོན༷་མོ༷ངས་པ་རྣམ༷ས་དང༷་གཉེན་པོ་བཟོད་པ་སོགས་གཡུལ་སྤྲད་པའམ་འགྱེད༷་པ་ལ་འབད་དགོས་ལ༷་དེ་ལྟར་གཡུལ༷་འགྱེད༷་པའམ་སྤང་གཉེན་གཡུལ་སྤྲད་པའི་ཚེ༷་ན༷་ཆོས་གནད་དུ་སོང་བ་ན་སྔོན་གྱི་ལས་ངན་པ་སློང་བར་འགྱུར་བས་སྡུག་བསྔལ་ལམ་གནོ༷ད་པ་མང༷་པོ་འབྱུང་བར་འགྱུར་མོད། འོན་ཀྱང་དོན་ཆེན་པོ་འགྲུབ་པའི་སྡུག༷་བསྔལ༷་ལམ་གནོད་པ་ཐམ༷ས་ཅ༷ད་ཁྱད༷་དུ་བས༷ད་ནས༷་ཉོན་མོངས་པ་ཞེ༷་སྡང༷་ལ༷་སོ༷གས་པའི་དགྲ་བོ༷་འཇོ༷མས་པར་བྱེད་པ༷་དེ༷་དག༷་ནི་དགྲ་ལས་རྒྱལ༷་བར་བྱེད༷་པའི་དཔ༷འ་བོ༷་སྟེ་སྟོབས་དང་ལྡན་པའི་མཆོག་ཡིན་ནོ། །དེ་ལས་ལྷག༷་མ༷་མི་རྟ་སོགས་གཞན་གསོད་པའི་དགྲ་འཇོམས་པ་ནི་ཤི་ཟིན་པའི་རོ༷་ལ་སོགས་པ་ལ༷་མཚོན་གྱིས་བསྣུན་ནས་གསོ༷ད་པར་བྱེད་ཅིང་དཔའ་བོར་རློམ་པ༷འོ༷། །དེ་ལས་གཞ༷ན་ཡ༷ང་སྡུག༷་བསྔལ༷་མྱོང་བ་ལས་བྱུང་བའི་ཡོ༷ན་ཏན༷་ནི་སྡུག་བསྔལ་ཡོད་ན་ཡིད་འབྱུང་ཞིང་སྐྱོ༷་བར་གྱུར་པས་རང་རྒྱུད་ཀྱི་ཁེངས་པའི་ང་རྒྱལ་ལམ་དྲེག༷ས་པ༷་ཐམས་ཅད་སེ༷ལ་བ༷ར་བྱེད༷་པར་འགྱུར་བ་དང༌། རང་སྡུག་བསྔལ་བའི་རྐྱེན་གྱིས་གཞན་འཁོ༷ར་བ༷་པ༷་སྡུག་བསྔལ་ཅན་རྣམས་ལ༷་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང༷་རྗེ༷་ཚད་མེད་པ་སྐྱེ༷་བར་འགྱུར་ལ། སྡུག་བསྔལ་དེའི་རྒྱུ་སྡིག༷་པ་ལ༷་འཛེ༷མ་ཞིང༷་སྤོང་བར་བྱེད་པ་དང་བདེ་བའི་རྒྱུ་དགེ༷་བ་ལ༷་དགའ༷་ཞིང་བསྒྲུབ་པར་བྱེད་པས་ལས་དགེ་སྡིག་གི་རྒྱུ་འབྲས་ལ་ཞིབ་པར་འགྱུར་རོ། །གཉིས་པ་ནི། རང་གི་སྡུག་བསྔལ་བཟོད་མོད་ཀྱང་སྡུག་བསྔལ་གང་ལས་འབྱུང་བའི་གནོད་བྱེད་ལ་ཁྲོའོ་སྙམ་ན། དེ་ལྟར་ན་རླུང་དང་མཁྲི༷ས་པ༷་བད་ཀན་ལ༷་སོ༷གས་པའི་ནད་ཆེན་པོ་སྡུག༷་བསྔལ༷་གྱི༷་འབྱུང༷་གན༷ས་ཆེ༷་བའམ་ཆེན་པོ་དེ་ལ༷་མི༷་ཁྲོ༷་བ༷ར། སེ༷མས་ཡོ༷ད་པའི་གང་ཟག་རྣམ༷ས་ཀྱིས་གནོད་པ་བྱས་པ་ལ༷་ཅི༷་སྟེ༷་ཁྲོ༷་སྟེ་ཁྲོ་མི་རིགས་སོ། །ནད་ནི་དུས་གདོན་ཟས་སྤྱོད་བཞིའི་རྐྱེན་དབང་ལས་བྱུང་བས་ནད་ལ་རང་དབང་མེད་པས་ཁྲོས་པས་ཅི་ཞིག་བྱ། གང་ཟག་འདིས་བདག་ལ་བསམ་པ་ཐག་པ་ནས་རྡོ་དབྱུག་ལ་སོགས་པས་བསྣུན་པ་ཡིན་པས་ཅིའི་ཕྱིར་དེ་ལ་མི་ཁྲོ་སྙམ་ན། དེ་གཉིས་རང་དབང་མེད་པར་འདྲ་བར་ཁོ་ན་ཡིན་ཏེ་ཕ་རོལ་གནོད་བྱེད་ཀྱི་དགྲ་དང་ནད་དེ༷་དག༷་ཀུན༷་ཀྱང༷་རིམ་པ་བཞིན་ཞེ་སྡང་སོགས་ཉོན་མོངས་པ་དང་དུས་གདོན་ཟས་སྤྱོད་ལ་སོགས་པའི་རྐྱེན༷་གྱིས༷་བསྐུལ༷་ནས་རང་དབང་མེད་པས་གཞན་དབང་དང་དེ་ཡིན་ན་རྟེན་འབྲེལ་དང་རྟེན་འབྲེལ་ཡིན་ན་སྟོང་ཉིད་ཡིན་པས་ཁྲོ་བྱ་ཁྲོ་བྱེད་མེད་པར་ཤེས་ནས་ཁྲོ་བ་བཟློག་དགོས་སོ། །དཔེ༷ར་ན༷་རླུང་མཁྲིས་བད་ཀན་ལ་སོགས་པ་རང་དབང་མེད་པས་མི༷་འདོ༷ད་བཞི༷ན་དུ༷་ཡང༷་རྒྱུ་རྐྱེན་གྱི་དབང་གིས་ན༷ད་སྣ་ཚོགས་པ་འདི༷་འབྱུང༷་བ༷ར་འགྱུར༷་བ༷་ལྟར༷། དོན་དེ༷་བཞི༷ན་དུ་གནོད་བྱེད་དགྲ་ལ་སོགས་པ་རྣམས་ཀྱང་རང་དབང་མེད་པས་མི༷་འདོ༷ད་བཞི༷ན་དུ༷་ཡ༷ང་ཡིད་མི་བདེ་བ་ལ་སོགས་པའི་རྒྱུ་རྐྱེན་གྱི་དབང་གིས་ན༷ན་གྱིས༷་ཁྲོ་བ་སོགས་ཉོ༷ན་མོ༷ངས་པ་འབྱུང༷་བ༷ར་འགྱུར༷་བས་ན་རང་དབང་མེད་པར་མཚུངས་སོ། །ནད་ལ་གནོད་པར་བྱེད་པའི་བསམ་པ་མེད་ལ་དགྲ་ལ་ཡོད་པས་མི་མཚུངས་སོ་སྙམ་ན། དང་པོ་ནས་བདག་ཉིད་འདི་ལ་ཁྲོ༷་བ༷ར་བྱ༷་དགོས་ཞེ༷ས་མ༷་བས༷མས་ཀྱང༷་སྐྱེ་བོ༷་རྣམ༷ས་ནི༷་རྐྱེན་གྱི༷་ན༷ར་ཏེ་རྐྱེན་ཕལ་པ་ཙམ་ལ་བརྟེན་ནས་ཁྲོ༷་བར་འགྱུར་ལ། རྐྱེན་དེས་ཀྱང་གང་ཟག་འདིའི་རྒྱུད་ལ། ཁྲོ་བ་ཞིག་བསྐྱེད༷་པ༷ར་བྱ༷་དགོས་ཞེ༷ས་མ༷་བས༷མས་ཀྱང༷༌། ཁྲོ༷་བ༷་ཡང་དེ༷་བཞི༷ན་དུ་རྐྱེན་ཕལ་པ་ཙམ་ལ་བརྟེན་ནས་སྐྱེ༷་བ༷ར་འགྱུར༷་ལ། དེ་ཡང་དཔེར་ན་མེ་ལོང་དུ་གཟུགས་བརྙན་ཤར་ཚེ་མེ་ལོང་གིས་རང་གི་ངོར་གཟུགས་བརྙན་དེ་བསྐྱེད་པར་བྱའོ་ཞེས་མ་བསམས་ཀྱང་རྐྱེན་དབང་གིས་འཆར་ལ། གཟུགས་དེས་ཀྱང་གཟུགས་བརྙན་ཞིག་མེ་ལོང་ནང་དུ་བསྐྱེད་པར་བྱ་ཞེས་མ་བསམས་ཀྱང་རྐྱེན་དབང་གིས་སྣང་བ་ལྟར་ནད་དང་དགྲ་གཉིས་ཀའང་དེ་ལྟར་མཚུངས་པ་ཁོ་ནའོ། །ཞེ་སྡང་ལ་སོགས་པའི་ཉོན་མོངས་པའི་ཉེས༷་པ༷་ཇི༷་སྙེད༷་པ་ཐ༷མས་ཅད༷་དང༷༌། དེས་ཀུན་ནས་བསླངས་བའི་སྲོག་བཅད་པ་དང་མ་བྱིན་པ་ལེན་པ་ལ་སོགས་པའི་སྡིག༷་པ༷་རྣམ༷་པ༷་སྣ་ཚོག༷ས་པ༷། དེ༷་རྣམས་ཀུན༷་ཀྱང་རྐྱེན༷་གྱི༷་སྟོབ༷ས་ལ༷ས་བྱུང༷་བ་ཡིན་གྱི། རྐྱེན་མེད་པར་བསམ་བཞིན་དུ་བྱེད་པ་ལ་སོགས་པའི་རང༷་དབང་ཡོ༷ད་པ༷་མ་ཡི༷ན་པས་ཁྲོ་བར་མི་རིགས་ཤིང་སྙིང་རྗེ་བསྐྱེད་པར་བྱ་བ་ཡིན་ནོ༷། །ཡུལ་གཟུགས་སོགས་མེད་པར་མིག་སོགས་དབང་ཤེས་ཀྱིས་མཐོང་ཐོས་སོགས་མེད་ལ་མཐོང་ཐོས་སོགས་མེད་ན་དེ་ལ་བཟང་ངན་གྱི་དཔྱོད་པ་མི་འཇུག་པས་ཡུལ་དབང་ཤེས་གསུམ་ཚོགས་པ་ལ་བརྟེན་ནས་ཞེ་སྡང་སྐྱེ་ཡང་ཡུལ་དབང་ཤེས་གསུམ་གྱི་རྐྱེན་རྣམ༷ས་ཚོ༷གས་པ༷་དེ༷་ད༷ག་གིས་ཀྱང༷་ཞེ་སྡང་འདི་གང་ཟག་འདིའི་རྒྱུད་ལ་བསྐྱེད༷་པ༷ར་བྱ༷་དགོས་ཞེས༷་སེམས་པ༷་མེ༷ད་ལ། ཡུལ་དབང་ཤེས་གསུམ་ཚོགས་པའི་རྐྱེན་དེས༷་བསྐྱེད༷་པའི་ཞེ་སྡང་དེ་ཡ༷ང་བད༷ག་རྐྱེན་འདི་དག་གིས་བསྐྱེད༷་ཅེ༷ས་སེ༷མས་པ༷་ཡོད༷་པ༷་མ༷་ཡི༷ན་པས་བྱེད་པ་པོ་རང་དབང་ཅན་འགའ་ཡང་ཡོད་པ་མིན་ནོ༷། །ཕྱི་རོལ་མུ་སྟེགས་གྲངས་ཅན་པ་དང་རིགས་པ་ཅན་ལ་སོགས་པས་རྐྱེན་ཐམས་ཅད་རང་དབང་མེད་པ་མ་ཡིན་ཏེ། གཙོ་བོ་དང་བདག་ལ་སོགས་པ་རང་དབང་ཅན་གྱིས་དགྲའི་གནོད་སེམས་ལ་སོགས་པ་འབྲས་བུ་རྣམས་བསྐྱེད་དོ་སྙམ་ན། དེ་མ་ཡིན་ཏེ་ཆོས་ལྔ་ལྡན་གྱི་གཙོ༷་བོ༷་ཞེ༷ས་བྱར༷་གང༷་འདོ༷ད་པ་དེ་དང༷༌། ཆོས་ལྔ་ལྡན་གྱི་བད༷ག་ཅེ༷ས་འདོད་པའམ་བརྟག༷ས་པ༷་ག༷ང་ཡི༷ན་པ༷་དེ༷་དག་ཉིད་ལ་རང་མ་སྐྱེས་པའི་སྔོན་རོལ་དུ་བད༷ག་ནི༷་གཞན་ལ་གནོད་པ་ལ་སོགས་པ་བྱ་བའི་ཕྱིར་འབྱུང༷་བར་བྱའོ༷་ཞེས༷། ཆེད༷་དུ༷་བས༷མས་ཤིང་སྟེ༷་བསམ་ནས་འབྱུང༷་བ༷་མེད་དེ་མ་སྐྱེས་པའི་ཕྱིར་དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ། །དེ་དག་རྟག་པ་རང་དབང་ཅན་དུ་ཁས་བླང་བས་སྐྱེས་ན་མི་རྟག་པ་དང༌། རྒྱུ་རྐྱེན་གྱིས་གཞན་དབང་ཅན་དུ་འགྱུར་བས་སོ། །གལ་ཏེ་དེ་དག་མ༷་སྐྱེས༷་པ༷ར་གྱུར་ན་ནི༷་གཙོ་བདག་དེ༷་དག་མེ༷ད་པར་འགྱུར་བས་ན༷། དེ༷་ཡི་ཚེ༷་གནོད་བྱེད་སོགས་སུ་སྐྱེ་པའམ་སྐྱེ་བར༷་འདོ༷ད་པ༷་གང༷་ཞིག་ཡིན་ཏེ་མེད་དོ། །གྲངས་ཅན་པས་འདོད་པའི་བདག་ཤེས་རིག་གི་སྐྱེས་བུ་དེས་གཙོ་བོས་གཏད་པའི་ཡུལ་ལ་ལོངས་སྤྱོད་པར་བྱེད་དོ་ཞེ་ན། བདག་དེས་ཡུལ་སྒྲ་ལྟ་བུ་ཤེས་ཤིང་འཛིན་ན་ཡུལ༷་སྒྲ་ལྟ་བུ་གཅིག་པུ་དེ་ལ༷་དུས་རྟག༷་ཏུ་དེ་ཁོ་ན་འཛིན་པའམ་གཡེ༷ང་བར་འགྱུར༷་བས༷་ཏེ་དེ་ཁོ་ན་འཛིན་པ་ལས་དུས་ནམ་ཡང་འག༷ག་སྟེ་མེད་པར༷་འགྱུར༷་བ༷འང༷་མ༷་ཡི༷ན་ནོ༷་སྟེ་འཛིན་བྱེད་དུ་རྟག་པའི་ཕྱིར་རོ། །རིགས་པ་ཅན་པས་བདག་རྟག་པ་སེམས་མེད་པ་ཞིག་འདོད་པ་དགག་པ་ལ། དེ་ལྟའི་བདག་དེས་གནོད་སེམས་སོགས་ཀྱི་དོན་མི་བྱེད་པར་འགྱུར་ཏེ། ཅི༷་སྟེ༷་བད༷ག་དེ༷་རྟག༷་པ་ཡིན་ན༷་ནི༷། རྟག་པའི་ཕྱིར་དཔེར་ན་ནམ་མཁ༷འ་བཞི༷ན་ཡིན་པས་དོན་བྱེད༷་པ༷་ཡི་བྱ་བྱེད་ཐམས་ཅད་མེ༷ད་པར༷་མངོ༷ན་ནོ། །གལ་ཏེ་བདག་རྟག་ཀྱང་རྐྱེན་གཞན་སེམས་པ་སོགས་མི་རྟག་པ་རྣམས་དང་འཕྲད་པའི་ཚེ་དོན་བྱེད་དོ་ཞེ་ན། དེ་མི་འཐད་དེ། སེམས་པ་སོགས་རྐྱེན༷་རྣམ༷ས་གཞ༷ན་དང༷་ཕྲད༷་པར་གྱུར་ན༷་ཡང༷་བདག་རྟག་པ་རང་བཞིན་འགྱུར༷་བ༷་མེ༷ད་པ་དེ་ལ༷་རྐྱེན་གྱིས་སྔར་དང་མི་འདྲ་བའི་དོན་བྱེད་པའི་ཁྱད་པར་ཅི༷་བྱར༷་ཡོད༷་དེ་ཅི་ཡང་མེད་པས་སོ། །འདི་ལྟར་སེམས་པ་སོགས་རྐྱེན་གཞན་གྱིས་ཕན་པར་བྱེ༷ད་པའི༷་ཚེ༷་ཡ༷ང་བད༷ག་ད་སྔོན༷་བཞི༷ན་ལས་མ་འགྱུར་ན༷། སེམས་པས་སམ་རྐྱེན་གྱི་བྱེད༷་པ༷ས་བདག་དེ༷་ལ༷་སྔར་མེད་ཀྱི་ཁྱད་པར་ཅི༷་ཞིག༷་བྱས༷་ཏེ་མ་བྱས་སོ། །གལ་ཏེ་བྱས་ན་རྟག་པ་ཉམས་སོ། །དེ་བས་ན་བདག་དེ༷་ཡི༷་ཕན་འདོགས་པར་བྱེད༷་པ༷་པོ་འདི༷་ཡི༷ན་ནོ་ཞེས༷་དེ་གཉིས་ལ་ཕན་ཚུན་ཕན་གདག་བྱ་འདོགས་བྱེད་དུ་འབྲེལ༷་བ༷ར་འགྱུར༷་བ༷་ག༷ང་ཅི་ཞི༷ག་ཡོ༷ད་དེ་རྟག་པ་ལ་རྐྱེན་གྱིས་ཕན་གདགས་པར་མི་ནུས་པའི་ཕྱིར་རོ། །དེ༷་ལྟར༷་དགྲ་ལ་སོགས་པའི་གནོད་བྱེད་ཐ༷མས་ཅ༷ད་ལ་རང་དབང་མེད་པར་རྐྱེན་གཞ༷ན་གྱི༷་དབ༷ང་གིས་བྱུང་བ་ཡིན་ལ། རྐྱེན་རྣམས་ཀྱང་སྔ་མ་སྔ་མ་དེ༷་ཡི༷་དབ༷ང་གི༷ས་ཕྱི་མ་ཕྱི་མ་དེ༷་དག་ལ་རང་དབ༷ང་མེ༷ད་དེ་དཔེར་ན་དགྲ་དེ་ཞེ་སྡང་གི་དབང་དང༌། ཞེ་སྡང་དེ་རྐྱེན་གྱི་དབང་དང་རྐྱེན་དེ་ཡང་སྔ་མའི་ལས་ཀྱི་རྐྱེན་གྱི་དབང་ལས་བྱུང་བ་ལ་སོགས་པས་སྔ་མའི་མཐར་ཐུག་པ་མེད་པས་རང་དབང་ཅན་གྱི་དངོས་པོ་འགའ་ཡང་མི་སྲིད་པས་རྟེན་ཅིང་འབྲེལ་འབྱུང་སྟོང་པ་ཉིད་ཡིན་ལ། དེ༷་ལྟར༷་ཡིན་པར་ཤེ༷ས་པར་བྱས་ན༷ས་བདེན་པ་མེད་བཞིན་དུ་སྣང་བ་སྒྱུ་མ་རྨི་ལམ་སྤྲུལ༷་པ་ལྟ༷་བུ༷འི། གནོད་བྱེད་ཀྱི་དངོ༷ས་པོ༷་ཀུ༷ན་ལ༷་ཁྲོ་བྱ་ཁྲོ་བྱེད་མེད་པས་རྟེན་འབྲེལ་ལམ་སྟོང་ཉིད་ཡིན་པས་ཁྲོ༷་བར་མི༷་འགྱུར༷་བར་བྱ་དགོས་སོ། །གལ་ཏེ་ཆོས་ཐམས་ཅད་སྤྲུལ་པ་ལྟར་བདེན་པ་མེད་ན་གང་ཟག་གམ་གཉེན་པོ་གང༷་གིས༷་ཁྲོ་བ་གང༷་ཞི༷ག་བཟློག༷་པར་བྱ༷་སྟེ༷་བྱ་བྱེད་དང་བྲལ་བས་བཟོད་པས་ཁྲོ་བ་བཟློག༷་པ༷འང་རི༷གས་ཤིང་འཐད་པ༷་མི༷ན་ནོ་ཞེ༷་ན༷། དོན་དམ་པར་བདེན་ཀྱང་ཐ་སྙད་ཀུན་རྫོབ་ཙམ་དུ་བཟོད་པ་བསྒོམ་པ་དེ༷་ལ༷་བརྟེན༷་ན༷ས་ཁོང་ཁྲོའི་འབྲས་བུ་དམྱལ་བ་ལ་སོགས་པའི་སྡུག༷་བསྔལ༷་རྣམ༷ས་རྒྱུན༷་ཆ༷ད་པར་འགྱུར༷་བར༷་འདོ༷ད་པ་མི༷་རི༷གས་པ་མེ༷ད་པ༷ར་མ་ཟད་ཤིན་ཏུ་འཐད་པའང་ཡིན་ནོ། །ཐམས་ཅད་གཞན་དབང་རྟེན་འབྲེལ་ཙམ་ཡིན་པ་དེ༷་བ༷ས་ན་དགྲའ༷མ་མཛ༷འ་བོ་ཡང༷་རུང༷་སྟེ་གནོད་པ་ལ་སོགས་པའི་མི༷་རི༷གས་པའི་ལས་བྱེད༷་པ༷་མཐོ༷ང་བར་གྱུར༷་ན༷། དེ་ཡི་དབང་གིས་དེ་དབང་མེད་པ་འདི༷་འདྲ༷འི་རྐྱེན༷་དབང་ལ༷ས་རང་དབང་མེད་པར་གྱུར༷་ཏོ༷་ཞེས༷། སྔར་ཇི་སྐད་བསྟན་པའི་ཚུལ་དེ༷་ལྟར༷་སོ༷མས་ཏེ༷་ཁོང་མི་འཁྲུགས་པར་སེམས་བདེ༷་བ༷ར་མནོ༷ས་ཤིག་སྟེ་ཁྲོ་བར་མ་བྱེད་ཅིག་ཅེས་ཉན་ཐོས་གང་པོ་བསོད་སྙོམས་ལ་འགྲོ་བར་ཆས་པའི་གཏམ་རྒྱུད་དང་ཡང་སྦྱར་ཏེ་གསུངས་སོ། །གསུམ་པ་ནི། ག༷ལ་ཏེ༷་རྐྱེན་ལ་མ་ལྟོས་པར་རང༷་དག༷ས་ཏེ་རང་རང་གི་ཇི་ལྟར་འདོད་པ་བཞིན་རང་དབང་ཡོད་པས་འགྲུབ༷་པ༷ར་འགྱུར༷་ན༷་ནི། སེམས་ཅན་འག༷འ་ཡང་སྟེ་གཅིག་ཀྱང་རང་རང་ལ་སྡུག༷་བསྔལ༷་དང་ཡིད་མི་བདེ་བ་ཅུང་ཟད་ཙམ་ཡང་མི་འདོ༷ད་ཅིང་བདེ་བ་འདོད་པ༷ས་ན་ལུས༷་ཅ༷ན་ནམ་སེམས་ཅན་ད༷ག་ནི༷་ཐ༷མས་ཅ༷ད་ཀྱང༷༌། སུ༷་གཅིག་ལ༷འ༷ང་སྡུག༷་བསྔ༷ལ་ཕྲ་མོ་ཙམ་ཡང་འབྱུང༷་བར་མི༷་འགྱུར༷་བའམ་མི་འབྱུང་བ་དགོས་ན། དེ་ལྟ་མ་ཡིན་པར་རང་དབང་མེད་པ་བ༷ག་མེ༷ད་པ༷ས་ནི༷་བད༷ག་ལ༷འ༷ང་བད༷ག་ཅེས་བག་མེད་པས་རང་གིས་རང་ལ་ཚེ༷ར་མ༷་ཟུག་པ་ལ༷་སོ༷གས་པའི་གནོ༷ད་པ༷་བྱེད༷་པར་འགྱུར་བ་ཡིན་ནོ། །ཁ་ཅིག་ཡུལ་བུད༷་མེ༷ད་དང་རྒྱུ་རྫས་ནོར་ལ༷་སོ༷གས་པ་ཐོབ༷་བྱའི༷་ཕྱིར༷་བུད་མེད་ལ་སོགས་པ་དེ་རྔམ༷་ཞིང༷་ཆགས་ནས་ཟ༷ས་སྐོམ་གཅོ༷ད་པ་ལ༷་སོ༷གས་པ་རང་གིས་རང་ལ་སྡུག་བསྔལ་དང་དཀའ་ཚེགས་ཆེན་པོ་གཏད་པར་བྱེད༷་དོ། །ཁ༷་ཅི༷ག་རང་གི་རང་ཐག་པ་ལ་སོགས་པས་འགག་ཅི༷ང་གསོད་པར་བྱེད་པ་དང་ཁ་ཅིག་བྲག་ལ་སོགས་པའི་གཡ༷ང་ས༷ར་མཆོ༷ང་སྟེ་རང་གིས་རང་གསོད་པར་བྱེད་པ་དང་ཁ་ཅིག་དུག༷་ཟ་བ་དང༷་མི༷་འཕྲོ༷ད་པའི་ཟས་ཟ༷་བ༷་དང༷༌། བསོ༷ད་ན༷མས་མ༷་ཡི༷ན་པ་སྲོག་གཅོད་པ་དང་མ་བྱིན་པ་ལེན་པ་དང་འདོད་ལོག་སྤྱོད་པ་དང་རྫུན་སྨྲ་བ་ལ་སོགས་པའི་སྤྱོད་པ་ངན་པ༷་ཡི༷ས། རང་གིས་རང་ལ༷་ཚེ་འདི་ཕྱི་ཀུན་ཏུ་གནོ༷ད་པ༷་སྣ་ཚོགས་པ་བྱེད༷་པ༷་ཡོ༷ད་དེ་དུས་གང༷་གི་ཚེ༷་གོང་དུ་བཤད་པ་དེ་ལྟར་ཞེ་སྡང་དང་འདོད་ཆགས་སོགས་ཉོ༷ན་མོ༷ངས་པའི་གཞན་དབ༷ང་དུ་གྱུར༷་པ༷ས་རང་དབང་མེད་པར་བད༷ག་སྡུག༷་གུའམ་སྙིང་ལ་སྡུག་ཅིང་ཕོངས་པ་ཉི༷ད་ཀྱང༷་རང་གིས་རང་གསོ༷ད་པར་བྱེད༷་པ༷འམ་བྱེད་ན། དེ༷་ཚེ༷་ཉོན་མོངས་པའི་གཞན་དབང་དུ་གྱུར་པ་དེ༷་ད༷ག་གིས་གཞ༷ན་སེམས་ཅན་གྱི་ལུས༷་ལ༷་གནོ༷ད་པ་མི༷་བྱེད༷་པ༷ར་ཇི༷་ལྟར༷་འགྱུར༷་ཏེ་གནོད་པ་ལོས་བྱེད། ཞེ་སྡང་ལ་སོགས་པའི་ཉོ༷ན་མོ༷ངས་པ་སྐྱེས༷་པ༷ས་གདོན་གྱིས་བཟུང་བ་བཞིན་རང་དབང་མེད་པ་དེ༷་ལྟ༷་བུ༷ར། བད༷ག་རང་གིས་རང་གསོ༷ད་པར་བྱེད་པ་ལ༷་སོ༷གས་པར་ཞུག༷ས་པས་རང་དབང་མེད་པ་དེ་དག་གིས་གཞན་བདག་ཉིད་ལ་སོགས་པ་ལ་གནོད་པ་སོགས་བྱས་པ༷་ལ༷་བདག་བྱང་ཆུབ་སེམས་དཔའ་ཞིག་ཡིན་ན་དེ་ལ་སྙིང་རྗེ་ཞིག་སྐྱེ་བར་རིགས་ན་ཡང་སྙིང༷་རྗེ༷་བརྒྱ་ལ༷་མ༷་སྐྱེས༷་པར་གྱུར་ན༷་ཡང་དེ་ལ་ཁྲོ༷་བ༷་བྱེད་པའམ་འགྱུར༷་བ༷་ཅི༷འི༷་ཐ༷་ཚི༷ག་ཅེས་ཅི་བརྗོད་ཆག་ཡིན་ཅེས་སོ། །ག༷ལ་ཏེ༷་གཞ༷ན་སེམས་ཅན་རྣམས་ལ༷་གནོད་ཅིང་འཚེ༷་བར་བྱེད༷་པ༷་འདི། བྱིས༷་པ༷་སོ་སོའི་སྐྱེ་བོ་རྣམ༷ས་ཀྱི་རང་གི་རང༷་བཞི༷ན་ཡིན་ནམ་མིན། ཡིན་ན༷་དེ༷་ལ༷་ཁྲོ༷་བ༷ར་བྱེད་མི༷་རི༷གས་ཏེ༷། དཔེར་ན་སྲེག༷་པ༷འི་ར༷ང་བཞི༷ན་ཅན་གྱི་མེ༷་ལ་རང་གིས་རེག་སྟེ་ཚིག་པར་གྱུར་པ་ན་མེ་ལ་བཀོ༷ན་ཞིང་ཁྲོ་བར་མི་རིགས་པ་དང་འདྲ༷འོ། །འོ༷ན་ཏེ༷་གནོད་ཅིང་འཚེ་བར་བྱེད་པའི་སྐྱོན༷་འདི༷་རང་གི་རང་བཞིན་མ་ཡིན་པར་གློ༷་བུར་བ་ཡིན་ལ༷། སེ༷མས་ཅ༷ན་རང་གི་ར༷ང་བཞི༷ན་ནི་དེ༷ས་པ༷འམ་འཇམ་པོ་ཞིག་ཡིན་ན༷འ༷ང༌། འོ༷་ན༷་དེ་ལའ༷ང་ཁྲོ༷་བ༷ར་འགྱུར༷་བ་འདི་མི༷་རི༷གས་ཏེ་དཔེར་ན་མཁ༷འ་ལ༷་དུད༷་པ་འཐུལ༷་སྟེ་དུ་བས་རང་བདུག་ནས་གནོད་པར་གྱུར་པ་ན་དུ་བ་ལ་མི་ཁྲོ་བར་ནམ་མཁའ་ལ་ཁྲོ་བའམ་བཀོ༷ན་པ༷་བཞི༷ན་ནོ། །གནོད་བྱེད་ཀྱི་དགྲ་འདིས་བསམ་བཙུག་ནས་རྡོ་དང་དབྱུག༷་པ༷་རལ་གྲི་ལ༷་སོ༷གས་པའི་དངོ༷ས་པོ་དེ་བཀོ༷ལ་ཏེ༷་བདག་གི་ལུས་ལ་བཏབ་པར་འགྱུར་བས་ན། ག༷ལ་ཏེ༷་འཕེ༷ན་པ༷འམ་འཕེན་མཁན་དེ་ལ༷་ཁྲོ༷འོ་ཞེ་ན༷་འཕེན་མཁན་དེ༷་ཡ༷ང་ཞེ༷་སྡང༷་གི༷ས་རྦད༷་པ༷ས་རང་དབང་མེད་པ་ཡིན་པས་གཅིག་ཏུ་ན་དངོས་སུ་གནོད་མཁན་རྡོ་དབྱུག་ལ་སོགས་པའི་དངོས་པོ་དེ་ཡིན་པས་དེ་ལ་ཁྲོ་བར་རིགས་ལ་ཉི༷ས་སུ་ན༷་ཞེ༷་སྡང༷་དེ་ལ༷་ཁྲོ༷་བར་རི༷གས་སོ། །ལེ་ལན་ཐམས་ཅད་རང་ལ་ཐུག་སྟེ་བདག༷་རང་རང་གིས༷་ཚེ་རབས་སྔོན༷་ཆ༷ད་གཞན་སེ༷མས་ཅ༷ན་རྣམས་ལ༷། ད་ལྟ་རང་རང་ལ་གནོད་པ་གང་བྱུང་བ་འདི༷་འདྲ་བ༷་ཡི༷་གནོ༷ད་པ༷་སྣ་ཚོགས་བྱས༷་པ། དེ༷་བ༷ས་སམ་དེའི་དོན་གྱིས་རྒྱུ་སེ༷མས་ཅ༷ན་གཞན་ལ་ཕར་གནོད་ཅིང་འཚེ༷་བར་བྱེད༷་པ༷་བད༷ག་ལ༷་ལན་དུ་འབྲས་བུ་གཞན་གྱིས་གནོ༷ད་པ༷་ལ་སོགས་པའི་སྡུག་བསྔལ་འདི༷་རྣམས་འབྱུང༷་བར་རི༷གས་པ་དང་གནོད་བྱེད་ཀྱི་རྒྱུ་ཡིན་པ་ལ་ཕ་རོལ་པོ་དེ༷་ཡི༷་མཚོ༷ན་ཆ་ད༷ང་གནོད་བྱ་བད༷ག་གི༷་ལུས༷་གཉིས་ཀ༷འང་སྡུག༷་བསྔལ༷་གྱི་རྒྱུ༷་ཡི༷ན་པར་མཚུངས་ཏེ༷་འདྲ་ན། དགྲ་དེས༷་སྡུག་བསྔལ་ལྷན་ཅིག་བྱེད་པའི་མཚོ༷ན་ཆ་ཕྱུངས༷་ཤིང༷་སྡུག་བསྔལ་ཉེ་བར་ལེན་པའི་བད༷ག་གི༷་ནི་ལུས༷་ཕྱུང༷་ནས་སྡུག་བསྔལ་འདི་བསྒྲུབ་ན༷་རང་གཞན་གཉིས་པོ་ག༷ང་ཞི༷ག་ལ༷་ནི༷་ཁྲོ༷་བ༷ར་བྱ༷་སྟེ་ཉེས་པ་འདྲ་བས་གཞན་ཁོ་ན་ལྷག་པར་ཁྲོ་བར་ནི་མི་རིགས་སོ། །དེ་ལས་ཀྱང་བདག་གི་ལུས་འདི་འཇིག་སླ་ཞིང་འཚོ་དཀའ་བ་ཁྲག་དང་ཆུ་སེར་སོགས་ཀྱི་རང་བཞིན་ཤུ༷་བ༷་དབྱིབས་མི༷་ཡི་གཟུག༷ས་དང་འདྲ་བ༷། ཚ་གྲང་ལ་སོགས་པའི་རེག་བྱ་ཆུང་ངུ་ཙམ་ཡང༌། རེ༷ག་ཏུ་མི༷་བཟོད་པའི་སྡུག༷་བསྔལ༷་ཅ༷ན་འདི་ཉིད་ཟས་གོས་གྲོགས་སོགས་ལ་སྲེད༷་པ་ཤིན་ཏུ་ཆེ་ལ་དེ་ཡང་རང་གི་བསྒྲུབ་མི་ནུས༷་པར་སེམས་ཀྱིས་ཡུལ་དང་སྤྲད་དགོས་པས་ལྡོང༷ས་པའམ་ལོང་བ་ལྟ་བུ་འདི་བད༷ག་གི༷ས་བཟུ༷ང་བར་གྱུར༷་ན༷། དེ༷་ལ༷་གནོ༷ད་པ༷་གཞན་སུ༷་ལ༷་ཁྲོ༷་སྟེ་ཁྲོ་བར་མི་རིགས་ཤིང་རང་ལ་ཁྲོ་བར་རིགས་པ་ཉིད་དོ། །གང་བྱིས༷་པ༷་སོ་སོའི་སྐྱེ་བོ་རྣམས་ནི་ཚེ་འདི་ཕྱིའི་སྡུག༷་བསྔལ༷་མྱོང་བར་མི༷་འདོ༷ད་ཅི༷ང་སྡུག༷་བསྔ༷ལ་གྱི༷་རྒྱུ༷་སྲོག་གཅོད་མ་བྱིན་ལེན་པ་ལ་སོགས་པ་ལ༷་བརྐམ༷་པའམ་ཆགས་པ༷ས་ན༷་ར༷ང་གི༷་མི་དགེ་བའི་ཉེས༷་པ༷ས་རང་ལ་སྡུག་བསྔལ་གྱིས་གནོ༷ད་པར་གྱུར༷་པ༷་ཡིན་ན། གཞ༷ན་ལ༷་ཁྲོ་ཞིང་བཀོ༷ན་དུ༷་ཅི༷་ཞི༷ག་ཡོ༷ད་དེ་མེད་དོ། །དཔེ༷ར་ན༷་སེམས་ཅན་དམྱ༷ལ་བའི༷་སྲུང༷་མ༷་འཇིགས་སུ་རུང་བའི་གནོད་བྱེད་རྣམས་དང༷༌། ར༷ལ་གྲི༷་ལོ༷་མའི༷་ན༷གས་ཚ༷ལ་ལས་ཀྱི་དབང་གིས་བྱུང་བ་ལྟར༷། རང༷་གི༷་མི་དགེ་བའི་ལ༷ས་ཀྱི༷ས་རང་ལ་ཚེ་འདི་ཕྱིའི་སྡུག་བསྔལ་སྣ་ཚོགས་པ་བྱེད་པ་འདི༷་བསྐྱེད༷་པ་ཡིན་ན༷་གཞན་གནོད་བྱེད་གང༷་ཞིག༷་ལ༷་ནི༷་ཁྲོ༷་བ༷ར་བྱ༷་སྟེ་སུ་ལའང་ཁྲོ་བར་བྱ་མི་རིགས་སོ། །རང་གི་སྔར་དགྲ་དེ་ལ་ཕར་གནོད་པ་བྱས་པའི་བད༷ག་གི༷་ལས༷་ཀྱིས༷་དགྲ་སོགས་གནོད་བྱེད་དེའི་རྒྱུད་བསྐུལ༷་བ་བྱས༷་ན༷ས་བད༷ག་ལ༷་ད་ལྟ་རྐུ་འཕྲོག་ལ་སོགས་པའི་གནོ༷ད་པ་བྱེད༷་པ་འདི་རྣམ༷ས་འབྱུང༷་བ་ཡིན་པ༷་སྟེ་བདག་གི་སྔོན་གྱི་ལས་ཀྱིས་བསྐུལ་ནས་རང་ལ་གནོད་པ་བྱས་པའི་ལས་དེ༷ས་ནི༷་གཞན་དགྲ་རྐུན་ལ་སོགས་པའི་སེ༷མས་ཅ༷ན་དེ་དག་དམྱ༷ལ་བར་འདོ༷ང་བའམ་འགྲོ་བར་བྱེད་ན༷་བད༷ག་གི༷ས་དགྲ་བོ་དེ༷་དག༷་མ༷་བརླག༷་ག༷མ་ཏེ་བརླག་པས་བདག་ནི་དགྲ་བོ་དེ་ལ་གནོད་བྱེད་ཡིན་ལ། དགྲ་བོ་འདི༷་ད༷ག་གིས་གནོད་པ་བྱས་པ་ལ༷་ནི༷་རྟེན༷་བཅ༷ས་ན༷ས་བདག་གིས་བཟོད་པ་བསྒོམ་ནུས་ན་བཟོ༷ད་པ་བསྒོམ་པས༷་བད༷ག་གི་སྡིག༷་པ་མ༷ང་དུ༷་འབྱང༷་ཞིང་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས་པར་འགྱུར་བས་ན་དགྲ་བོས་བདག་ལ་ཕན་བཏགས་པ་ཡིན་ནོ། །དགྲ་བོའི་སྡིག་རྐྱེན་བདག་གིས་བྱས་ཏེ་བད༷ག་ལ༷་གནོད་པ་བྱས་པ་ལ་བརྟེ༷ན་ན༷ས་དགྲ་བོ་དེ༷་དག༷་གིས་ནི༷་སྐད་ཅིག་གཅིག་བྱས་སྡིག་པས་ཀྱང༌། བསྐལ་བར་མནར་མེད་གནས་འགྱུར་ན་ཞེས་པ་ལྟར། དུས་ཡུན༷་རིང༷་པོར་སྡུག༷་བསྔལ༷་ཤིན་ཏུ་ཆེ་བའི་དམྱལ༷་བ༷ར་འདོ༷ང་ཞིང་འགྲོ་བར་འགྱུར་བས་ན་བད༷ག་ནི༷་དགྲ་བོ་དེ༷་ལ༷་ཕར་གནོད༷་བྱེད༷་ཡིན་ལ༷་དགྲ་བོ་དེ༷་ད༷ག་བདག༷་ལ༷་བུ་ལོན་སོད། ལན་ཆགས་བྱང༌། ཤ་མཁོན་དག །ཚོགས་རྫོགས་སྒྲིབ་པ་འདག་པའི་ཕ༷ན་འདོ༷གས་པར་བྱེད་པར་ཡིན་ན༷་བླང་དོར་ཕྱིན༷་ཅི༷་ལོ༷ག་ཏུ༷་གྱུར་པ་རྒྱུ་མཚན་ཅི༷་ཡི༷་ཕྱིར༷། མ༷་རུང༷ས་པའི་སེ༷མས་ཁྱོད༷་ཁྲོ༷་བར༷་བྱེད་དེ་བྱེད་མི་རིགས་སོ། །བདག་གིས་དགྲ་བོ་གནོད་བྱེད་དེ་དག་དམྱལ་བར་འཕང་ཞིང་བརླག་པས་བདག་ཀྱང་དམྱལ་བར་འགྲོའོ་སྙམ་ན། ག༷ལ་ཏེ༷་བད༷ག་རང་ཉིད་ལ༷་བས༷མ་པ༷་ཡི༷་ཡོ༷ན་ཏ༷ན་བཟོད་པ་བསྒོམ༷་པ་ཡོ༷ད་ན༷་བདག་དམྱ༷ལ་བར་མི༷་འགྲོ༷་ལ་མེད་ན་འགྲོ་ཞེས་ཤུགས་ཀྱིས་བསྟན་ཏོ། །འོ་ན་གནོད་བྱེད་ཀྱི་དགྲ་བོ་དེ་དག་གིས་བདག་ལ་ཕན་བཏགས་པས་དེ་དག་ཀྱང་དམྱལ་བར་མི་འགྲོའོ་སྙམ་ན། ག༷ལ་ཏེ༷་བད༷ག་གི༷ས་བཟོད་པ་བསྒོམས་པས་བད༷ག་རང་ཉིད་དམྱལ་བར་མི་སྐྱེ་བར་བསྲུང༷ས་ན༷་གནོད་བྱེད་དེ༷་ད༷ག་ལ༷་སྐབས་འདི༷ར་དམྱལ་བར་མི་སྐྱེ་བ་ཅི༷་ཞིག༷་བྱུང༷་སྟེ་ཅི་ཡང་མི་འབྱུང་ངོ༌། །འོ་ན་བདག་བྱང་ཆུབ་སེམས་དཔའ་ཡིན་ན་གནོད་བྱེད་དེ་དག་མ་བསྲུང་བ་འདི་མི་རིགས་སོ་སྙམ་ན། དེ་དག་བདག་གིས་རེ་ཞིག་ཇི་བཞིན་བསྲུང་མ་ནུས་ཀྱང༌། འོ༷ན་ཏེ༷་དེ་དག་ལ་ལན་དུ་ཕར་གནོ༷ད་པ་བྱས༷་ན༷་གནོད་བྱེད་དེ༷་དག་གི་རྒྱུད་ཀྱི་ཁོང་ཁྲོ་སོགས་སྡིག་པ་ལྷག་པར་འཕེལ་བར་འགྱུར་བས་ན་དེ་དག་བསྲུང༷ས་བ༷ར་ཡང་མ༷་གྱུར༷་ལ༷་བད༷ག་རང་གི༷་དགེ་སྦྱོང་གི་སྤྱོད༷་པ༷། གཤེ་ཡང་སླར་མི་གཤེ་བ། ཁྲོས་ཀྱང་སླར་མི་ཁྲོ་བ། བརྡེག་ཀྱང་སླར་མི་བརྡེག་པ་མཚང་འབྲུ་ཡང་སླར་མི་འབྲུ་བ་སྟེ་བཞི་པོའ༷ང་ཉ༷མས་པ༷ར་འགྱུར༷་བ་དེས༷་ན་བྱང་ཆུབ་སེམས་དཔའི་སྤྱོད་པའི་མཆོག་བཟོད་པའི་དཀ༷འ་ཐུབ༷་ཀྱང་ཞིག༷་པ༷ར་འགྱུར༷་རོ། །དེ་ལ་འདིར་བྱང་ཆུབ་སེམས་དཔའ་གང་ཞིག་རང་གཞན་གཉིས་ཀ་བསྲུང་ནུས་པ་དང༌། རང་བསྲུང་ནས་གཞན་བསྲུང་མི་ནུས་པ་དང༌། གཞན་བསྲུང་ནས་རང་མི་བསྲུང་བ་དང༌། རང་གཞན་གཉིས་ཀ་མི་བསྲུང་བ་སྟེ་མུ་བཞི་ཡོད་ཆོག་ཅེས་གསུངས། གཉིས་པ་བདག་ལ་བརྙས་སོགས་བྱེད་པ་ལ་བཟོད་པ་བསྒོམ་པ་ནི། བརྙས་སོགས་འདི་དག་གིས་བདག་གི་ཡིད་དམ་ལུས་གང་ལ་གནོད་ནས་ཁྲོ་སྙམ་ན། ཡི༷ད་དམ་སེམས་ནི༷་ལུས༷་ཅ༷ན་ནམ་གཟུགས་ཅན་མ༷་ཡི༷ན་པ༷ས་དེ་ནི་གང་ཟག་སུས༷་ཀྱང་མཚོན་ཆ་ལ་སོགས་པས་གནས་གང༷་དུ༷འང༷་གཞོ༷མ་པར་མི༷་ནུས༷་ལ་འོན་ཀྱང་རང་གི་ལུས༷་ལ༷་གཅེས་འཛིན་གྱི་སེམས་ཀྱིས་མངོ༷ན་པ༷ར་ཞེ༷ན་པ༷ས་བདག་གིར་བཟུང་ཞིང་ཆགས་པ༷ས་ན༷་ལུས༷་ལ་ནི༷་བརྡུང་བརྡེག་ལ་སོགས་པའི་སྡུག༷་བསྔ༷ལ་ད༷ག་གི༷ས་གནོ༷ད་པར་འགྱུར་བ་ཡིན་གྱི་ལུས་ལ་རང་གིས་མངོན་པར་མ་ཞེན་ན་གནོད་པར་མི་འགྱུར་རོ། །དེ་ལ་གནོད་པས་ལུས་སེམས་གཉིས་ཀ་ལ་གནོད་དོ་ཞེ་ན་མིག་སྡང་སོགས་བརྙས༷་པ་ད༷ང་རྐུན་མ་ཁྲམ་པ་རྫུན་རྒན་སོགས་ཚི༷ག་རྩུབ༷་སྨྲ་བ༷་དང༷༌། དེ་ལྟར་ལྐོག་ནས་མི༷་སྙན༷་པ༷་ཡི༷་ཚི༷ག་དེ༷་ཡི༷ས་ལུས༷་ལ༷་ཅུང་ཟད་ཀྱང་གནོ༷ད་པ༷ར་མི༷་འགྱུར༷་ན༷་སེམས་ལ་ལྟ་ཅི་སྨོས་ཏེ། དེ་དག་ལ་སེམ༷ས་ཁྱོ༷ད་རྒྱུ་མཚན་ཅི༷འི་ཕྱིར༷་རབ་ཏུ༷་ཁྲོ་སྟེ་ཁྲོ་མི་རིགས་སོ། །དེས་ལུས་སེམས་གཉིས་གར་དངོས་སུ་ཅི་ཡང་མི་གནོད་ཀྱང་དེས་དབང་གིས་གཞན་སེམས་ཅན་རྣམས་བདག་ལ་མི་དགའ་བར་འགྱུར་བས་དེ་མི་འདོད་དོ་སྙམ་ན། གཞ༷ན་སེམས་ཅན་དག༷་བད༷ག་ལ༷་མི༷་དག༷འ་བར་གྱུར་བ༷་དེས༷་ནི༷་ཚེ༷་འདི༷འ༷མ་ཚེ༷་གཞ༷ན་ཏེ་ཚེ་ཕྱི་མ་ལ༷་བད༷ག་ལ༷་ཟ༷་བ༷ར་ཏེ་གནོད་པ་མི༷་བྱེད༷་ན༷་བད༷ག་ནི༷་རྒྱུ་མཚན་ཅི༷་ཡི་ཕྱིར༷་གཞན་རྣམས་བདག་ལ་མི་དགའ་བས་མ་དད་པ་དེ༷་མི༷་འདོ༷ད་དེ་འདོད་དགོས་སོ། །གལ་ཏེ་བདག་ལ་བརྙས་སོགས་བྱས་པས་གཞན་དག་བདག་ལ་མི་དགའ་ཞིང་མ་དད་པར་གྱུར་པ་དེའི་སྟོབས་ཀྱིས་རྒྱུ་རྫས་ཀྱི་རྙེད་པ་ཆུང་ངུར་འགྱུར་བ་སོགས་རྙེད༷་པ༷འི་བ༷ར་ཆ༷ད་བྱེད༷་པ༷འི་ཕྱིར༷་ག༷ལ་ཏེ༷་བརྙས་སོགས་འདི༷་བད༷ག་གིས་མི༷་འདོ༷ད་པས་ཁྲོའོ་སྙམ་ན༷། བད༷ག་གི༷ས་ཇ་རྟ་གསེར་དངུལ་སོགས་རྙེད༷་པ༷་ལེགས་པར་གྲུབ་ཀྱང་ནམ་འཆི་བའི་ཚེ་འཇིག་རྟེན་འདི༷ར་ཅི་ཡོད་ཀྱི་དངོས་པོ་ཐམས་ཅད་འདོ༷ར་བའམ་བསྐྱུར་ཏེ་རང་གི་རྗེས་སུ་མི་འབྲང་བར་གཅེར་བུ་ལག་སྟོང་མཆན་དུ་བཅུག་ནས་ཚེ་ཕྱི་མར་འགྲོ་དགོས་པར་འགྱུར་གྱི༷། དེའི་ཚེ་རྙེད་པའི་དོན་དུ་ཁྲོས་པའི་སྡིག༷་པ༷་ད༷ག་ནི༷་སྔོན་དུ་བརྟན༷་པ༷ར་གན༷ས་ཏེ་ཆུད་མི་ཟ་བར་མྱོང་དགོས་སོ། །གལ་ཏེ་རྙེད་པ་མེད་ན་བདག་གི་ཁ་ཟས་རྒྱབ་གོས་ལ་སོགས་པ་མི་འབྱོར་བས་བདག་མྱུར་དུ་འཆི་བར་འགྱུར་བས་དེ་མི་འདོད་པས་ཁྲོའོ་ཞེ་ན། བད༷ག་ནི༷་དེང༷་ཉིད་དེ་དེ་རིང་ཉི༷ད་དུ་ཤི༷་ཡང༷་བླ༷འི་ལོ༷ག་འཚོ༷ས་བདག་ཡུ༷ན་རིང༷་པོར་གསོ༷ན་མི༷་རུང༷་སྟེ་ལོག་འཚོས་ཡུན་རིང་གསོན་པ་དང་དེ་རིང་ཤི་བ་གཉིས་ལས་དེ་རིང་ཤི་བས་དགའ་བར་གསུངས། ལོག་འཚོ་དེ་ཡང་མདོ་ལས་དབང་པོ་དྲུག་གི་ཡུལ་ལ་ཞེན་ཚད་ལོག་འཚོ་ཡིན་པར་གསུངས། རིན་ཆེན་ཕྲེང་བར། ཁ་གསགས། ཚུལ་འཆོས། རྙེད་པས་རྙེད་ཚོལ། ཐོབ་འཇལ། གཞོག་སློང་དང་ལྔར་བསྡུས་ཏེ་གསུངས་སོ། །བདག་གསོན་པོའི་ཚེ་འདི་འདོད་པས་དེ་རིང་མ་ཤི་བས་དགའ་སྙམ་ན། བདག་དང་བད༷ག་ལྟ༷་བུ་སུ་ཡིན་ཀྱང་ཡུན༷་རི༷ང་པོ་ལོ་མང་པོར་མ་ཤི་བར་གན༷ས་པར་གྱུར༷་ཀྱང༷་འཆི༷་བའི༷་སྡུག༷་བསྔལ༷་དེ༷་ཉིད༷་མི་མྱོང་བའི་ཐབས་མེད་པས་མྱོང་དགོས་པ་ཡི༷ན་པས་ལོག་འཚོས་གསོན་པ་ལས་དེང་ཉིད་ཤི་བས་དགའ་ལ། ཁྱད་པར་སྡིག་ཅན་ཚེ་རིང་ན་འཆི་ཚེ་སྡུག་བསྔལ་ལྷག་པར་ཆེ་བས་དེ་རིང་ནས་ཤི་བས་དགའའོ། །དཔེར་ན་མི་ཞིག་གིས་རྨི༷་ལ༷མ་དུ་ལོ༷་བརྒྱར༷་འདོད་པའི་ཡོན་ཏན་ལྔའི་བདེ༷་བ་མྱོང༷་བ༷ར་རྨིས་ན༷ས་གཉིད་ས༷ད་པ༷ར་གྱུར༷་པ༷་ག༷ང་ཡི༷ན་པ་དང༷་མི་གཞ༷ན་ཞིག༷་གིས་རྨི་ལམ་དུ་སྐད་ཅིག་གམ་ཡུ༷ད་ཙ༷མ་ཞིག་འདོད་ཡོན་ལྔའི་བདེ༷་བ་མྱོང༷་བར་རྨི༷ས་ན༷ས་གཉིད་ས༷ད་པ༷ར་གྱུར༷་པ༷་གང༷་ཡི༷ན་པ༷་ཡི་གཉི༷ད་ས༷ད་པ༷་ཡི༷་མི༷་དེ༷་ད༷ག་གཉི༷ས་ཀ༷་ལ༷འ༷ང་ཡུན་རིང་ངམ་ཐུང་ཡང་འདོད་ཡོན་ལ་ལོངས་སྤྱོད་པའི་རྨི་ལམ་གྱི་བདེ༷་བ༷་དེ༷་ནི༷་སུ་ལ་ཡང་ཕྱིར༷་འོ༷ངས་ཤིང་མྱོང་བ་མེ༷ད་དོ། །དེ་བཞིན་དུ་ཚེ༷་རིང༷་ནས་འདོད་ཡོན་ལ་ཡུན་རིང་པོར་ལོངས་སྤྱོད་པ་དང་ཚེ༷་ཐུང༷་ནས་འདོད་ཡོན་ལ་ཡུན་རིང་ལོངས་སྤྱོད་ལོངས་མ་བྱུང་བ་དེ་གཉི༷ས་ཀ༷་ཡ༷ང་འདོད་ཡོན་ལ་ལོངས་སྤྱོད་པའི་བདེ་བ་ཡུན་རིང་ཐུང་ཅི་མྱོང་ཡང་འཆི༷་བའི༷་དུས༷་ན༷་རྨི༷་ལམ་དེ༷་འདྲར༷་ཟ༷ད་ཅེས་དེ་དང་འདྲ་བས་སྔར་མྱོང་བའི་བདེ་བ་དེ་ནི་ཕྱིར་འོང་བ་མེད་པས་བདེ་བ་མི་མྱོང་བར་འཆི་བའི་སྡུག་བསྔལ་དེ་ཁོ་ན་མྱོང་དགོས་པས་ཚེ་རིང་ངམ་ཐུང་ཡང་འདྲའོ། །གལ་ཏེ་ཇ་རྟ་གསེར་དངུལ་དར་གོས་སོགས་རྙེད༷་པ༷་རྒྱ་ཆེན་པོ་མ༷ང་པོ༷་ཐོབ༷་པར་གྱུར༷་ཏེ༷་ཡུ༷ན་རི༷ང་པོའི་དུས༷་སུ༷་ཁ་ཇ་ཆང་ལུས་དར་གོས་སོགས་འདོད་པའི་ཡོན་ཏན་ལྔའི་བདེ༷་བ་རྒྱ་ཆེན་པོ་ལ་ལོངས་སྤྱད༷་ཀྱང༷་སང་འཆི་བའི་ཚེ་དགྲ་ཇག་གིས་བཅོམ་པའམ་ཆོ༷མ་པོ༷ས་ཕྲོག༷ས་པ༷་ཇི༷་ལྟ་བ་བཞི༷ན་དུ༷་གོས་མེད་པས་གཅེར་བུའམ་སྒྲེན༷་མོ༷་ལ༷ག་པ༷་སྟོང༷་པ༷ར་རྟ་དྲིལ་ལོངས་སྤྱོད་ཟས་གོས་གཉེན་གྲོགས་གྲྭ་སྡེ་སློབ་འབངས་ཇི་ཙམ་ཡོད་རུང་གཅིག་ཀྱང་འཁྱེར་དབང་དང་འཁྲིད་དབང་སོགས་མེད་པར་རང་གཅིག་པུར་ཚེ་ཕ་རོལ་ཏུ་འགྲོ༷་དགོས་སོ། །གལ༷་ཏེ་རྙེད༷་པ་མང་པོ་ལོན་པས་བདག་མ་ཤི་བར་གསོ༷ན་པར་གྱུར༷་ན༷་ཡར་མཆོད་མར་སྦྱིན་ལྷ་བྲི་རྟེན་བཞེང་ཕྱག་བསྐོར་སོགས་ཀྱིས་སྔར་གྱི་སྡིག༷་པ་ཟ༷ད་པའམ་འདག་པ་དང་བསོ༷ད་ན༷མས་ཀྱི་ཚོགས་རྒྱ་ཆེན་པོ་དག་བྱ༷་སྙམ་པས་དེའི་བར་ཆད་བྱས་པས་ཁྲོའོ་ཞེ༷་ན༷། གལ་ཏེ་ཁྱེད་རྙེད༷་པ༷འི་དོན༷་དུ༷་དེའི་བར་ཆད་བྱེད་པ་གཞན་ལ་ཁྲོས༷་པར་གྱུར་ན༷། བསྐལ་པ་སྟོང་གི་ཚོགས་བསགས་ཁོང་ཁྲོ་གཅིག་གིས་འཇོམ་པར་འགྱུར་བས་ན་བསོ༷ད་ན༷མས་ཟ༷ད་ཅིང་སྡིག༷་པ་ཆེན་པོ་འཕེལ་བ་ཉིད་དུ་མི༷་འགྱུར༷་ར༷མ་སྟེ་འགྱུར་ན་སྡིག་པ་འདག་པ་དང་བསོད་ནམས་ཀྱི་ཚོགས་གསོག་པ་ག༷ང་གི༷་དོན༷་དུ་བད༷ག་གསོ༷ན་དགོས་པ༷་ཡི་དོན་དེ༷་ཉིད༷་ག༷ལ་ཏེ༷་ཉམ༷ས་པར་གྱུར༷་ཏེ་བསོད་ནམས་ཟད་ཅིང་སྡིག་པ་ཆེན་པོ་འཕེལ་བར་འགྱུར་ན༷། སྡིག༷་པ༷་ཆེན་པོ་དེ་ལྟ་བུ་འབ༷འ་ཞིག༷་བྱེད༷་པ༷་ཡི༷་ཁྱོད་མ་ཤི་བར་གསོ༷ན་པ༷་དེ༷ས་ཀོ༷འམ་དེས་ནི་ཅི༷་ཞིག༷་བྱ༷་སྟེ་དགོས་པ་ཅུང་ཟད་ཙམ་ཡང་མེད་དོ། །ག༷ལ་ཏེ༷་བདག་བྱང་ཆུབ་སེམས་དཔའ་ཞིག་ཡིན་པས་མི་སྙན་པ་བརྗོད་པ་སོགས་ཐམས་ཅད་བཟོད་བསྡད་ན་གཞན་སེ༷མས་ཅ༷ན་རྣམས་ཀྱིས་བདག་ལ་ལོག་ལྟ་སྐུར་འདེབས་སོགས་བྱས་པས་དེ་དག་གི་བསོད་ནམས་ཉ༷མས་ཤིང་ངན་སོང་དུ་འཕེན་པར་བྱེད༷་པ༷ས་ན་བདག་ལ་མི༷་སྙན༷་པ༷་སྨྲ་བ་འདི༷་ལ༷་ཁྲོ༷འོ་ཞེ༷་ན༷། འོ་ན་ཁྱོད་ལས་ལྷག་པའི་སྐྱེས་བུ་དམ་པ་གཞ༷ན་ལ༷་ལོག་ལྟ་བསྐུར་འདེབས་སོགས་མི༷་སྙན༷་པ་བརྗོད༷་པ་ལ༷འང༷་ཁྱོད༷་རང་ཉིད་ལ་མི་སྙན་པ་བརྗོད་པ་དེ༷་བཞི༷ན་དུ་ཅི༷་སྟེ་ཁྲོ༷་བར་མི༷་བྱེད༷་དེ་བྱེད་རིགས་སོ། །གཞན་ལ་མི་སྙན་པ་བརྗོད་པ་ལ་བདག་ཁྲོ་ཚོད་མེད་དེ། བརྗོད་མཁན་རྣམས་མ༷་ད༷ད་པར་གྱུར་པས་མི་སྙན་པ་བརྗོད་པ་ཡིན་ལ་མི་དད་པ་དེ་ཡང་གཞ༷ན་སྐྱེས་བུ་དམ་པ་ཡིན་ཀྱང་མཛད་སྤྱོད་ངན་པ་ལྟར་སྣང་བ་ཡོད་པས་ཁོང་རྣམས་ལ༷་ར༷ག་ལ༷ས་པ་ཡིན་པ༷ས་ད༷ད་པ༷་མེ༷ད་པ་རྣམས་ལ༷་ཁྲོ་ཚོད་མེད་དོ་ཞེས་བསམ་ནས་ཁྱོད༷་དེ་དག་ལ་བཟོ༷ད་པར་བྱེད་ན༷་ཁྱོད་རང་ལའང་མི་སྙན་པ་བརྗོད་མཁན་རྣམས་ཀྱང་ཉོ༷ན་མོ༷ངས་པ་སྐྱེས༷་པ་ལ༷་ར༷ག་ལ༷ས་པ༷ས་དབང་མེད་དུ་གྱུར་པ་ཡིན་པས་ཁྱོད་ལ་མི༷་སྙན༷་པ༷་སྨྲ་བ་ལ༷་ཅི༷ས་མི༷་བཟོ༷ད་དེ་བཟོད་དགོས་སོ། །མདོར་ན་གཞན་པ་དག་ལ་མི་དགའ་བ་དང༌། རྙེད་པའི་བར་ཆད་བྱེད་པ་དང༌། དངོས་སུ་བརྗོད་པ་ཚིག་རྩུབ་དང༌། ལྐོག་ནས་བརྗོད་པ་མི་སྙན་པ་སྟེ་དེ་རྣམས་བདག་ལ་བྱུང་ན་ང་རེ་དགའའོ་སྙམ་དུ་བཟོད་པ་བསྒོམ་དགོས་པ་ཡིན་ནོ། །གསུམ་པ་བདག་གི་བཤེས་ལ་མི་འདོད་པ་བྱེད་པ་ལ་བཟོད་པ་བསྒོམ་པ་ནི། ཕྱི་རོལ་པ་རྣམས་དང་གྲུབ་མཐའི་ཆགས་སྡང་སོགས་ཀྱི་ཕན་ཚུན་སྐུ༷་གཟུག༷ས་དང༌། མཆོ༷ད་རྟེན༷་དང་དམ༷་པའི་ཆོས༷་ཡི་གེ་སོགས་ལ༷་འཁྱལ༷་བ་སྟེ་ཚུལ་དང་མི་མཐུན་པར་སྨྲ་ཞིང༷་བཅོམ་པའམ་འཇི༷ག་པ༷ར་བྱེད༷་པ་རྣམས་རང་རང་གིས་ཆོས་སྤོང་དང་མཚམས་མེད་པ་སོགས་ལས་ངན་རྒྱ་ཆེན་པོ་བསགས་པ༷་དེ་དག་ལ༷འང་སྙིང་རྗེ་བསྐྱེད་པ་ལས་བད༷ག་གི༷ས་ཞེ༷་སྡང༷་བྱེད་མི༷་རི༷གས་ཏེ༷། སང༷ས་རྒྱས༷་སོ༷གས་ལ་གནོ༷ད་པ་མི༷་མང༷འ་སྟེ་རང་གི་ངོ་བོ་འདུས་མ་བྱས་པ་ཡིན་པའི་ཕྱིར་དང༌། སངས་རྒྱས་དང་ཆོས་ཀྱི་རྟེན་གཟུགས་བརྙན་རྣམས་ནི་བེམ་པོ་ཡིན་པས་གནོད་པའི་ཡུལ་ལས་འདས་པ་ཡིན་ནོ། །རང་རང་གི་བླ༷་མ༷་དང་ཕ་མའི་ཕྱོགས་ནས་ཉེ་བའི་གཉེ༷ན་ལ༷་སོ༷གས་པ༷་དང༷༌། གྲྭ་རོག་གྲོགས་མཆེད་ལ་སོགས་པའི་བཤེ༷ས་རྣམས་ལ༷་ལོག་ལྟ་སྐུར་འདེབས་འཕྲོག་བཅོམ་ལ་སོགས་པའི་གནོ༷ད་པ༷་བྱེད༷་མཁན་རྣམ༷ས་ལ༷འ༷ང་བླ་མ་ལ་སོགས་པ་རང་རང་གི་ལས་ཀྱིས་གནོད་བྱེད་དེ་དག་གི་རྒྱུད་བསྐུལ་ནས་རང་རང་ལ་མི་སྙན་པ་བརྗོད་པ་ལ་སོགས་པ་དང༌། དེ་ལྟར་ཐམས་ཅད་གཞན་གྱི་དབང་ཞེས་སོགས་སྔ༷་མ༷འི་ཚུལ༷་གྱིས༷་རྐྱེན༷་དག༷་ལ༷ས་སྡུག་བསྔལ་དེ་དག་བྱུང་བར་འགྱུར༷་བ༷ར་མཐོ༷ང་ན༷ས་ཁྲོ༷་བ༷་བཟློ༷ག་དགོས་སོ། །ལུས༷་ཅ༷ན་སེམས་ཅན་རྣམ༷ས་ལ༷་མི་ལ་སོགས་པ་སེ༷མས་ཡོ༷ད་པ་དང༷་མེ་དང་ཆུ་དང་རླུང་དང་རྦབ་འདྲིལ་བའི་རྡོ་ལ་སོགས་པ་སེ༷མས་མེ༷ད་པ་གཉི༷ས་ཀ༷ས་གནོ༷ད་པ་བྱས༷་པར་འགྱུར་ན༷། དེ་གཉིས་གནོད་བྱེད་ཡིན་པ་ལ་འདྲ་བ་དང་རྐྱེན་དབང་ཡིན་པ་ལ་འདྲ་བ་དང༌། བྱེད་པ་པོའི་བདག་མེད་པ་ལ་འདྲ་བ་ཡིན་པ་ལ། དེ་ལས་སེ༷མས་ཡོ༷ད་པ་ཅི༷་སྟེ༷་དམི༷གས་ཀྱིས༷་བཀ༷ར་ཏེ༷་བཀོ༷ན་ཞིང་ཁྲོ་མི་རིགས་སོ། །རྒྱུ་མཚན་དེ༷་བ༷ས་ན་སེམས་ཡོད་སེམས་མེད་གཉིས་ཀའི་གནོ༷ད་པ༷་ཐམས་ཅད་བཟོ༷ད་པ༷ར་གྱིས་ཤིག །གང་ཟག་ལ༷་ལ༷་རྨོང༷ས་པ༷ས་རྐུ་འཕྲོག་དང་ལོག་ལྟ་སྐུར་འདེབས་ཆོས་སྤོང་བ་དང་མཚམས་མེད་པ་ལ་སོགས་པའི་ཉེ༷ས་པ༷་སྣ་ཚོགས་བྱེད༷་པ་དང༌། གང་ཟག་ལ༷་ལ༷་དེ་དག་ལ་སྙིང་རྗེ་མི་སྐྱེ་བར་མ་ཟད་རྨོང༷ས་ཏེ༷་དེ་དག་ལ་ཁྲོས༷་པར་གྱུར༷་ཏེ་རྩོད་པར་འགྱུར་ན༷། དེ༷་གཉིས་ལ༷་སྐྱོན༷་མེད༷་པ་ནི་གང༷་གིས༷་བྱ༷། སྐྱོན༷་དང༷་བཅ༷ས་པ་དེ༷་གང༷་ཞིག༷་ཡི༷ན་ཏེ་གཉིས་ཀས་སྡིག་པ་ཆེན་པོ་བསགས་པས་སྐྱོན་ཅན་དུ་འདྲ་བའི་ཕྱིར་རོ། །བླ་མ་གཉེན་ལ་སོགས་པ་གང༷་གི༷ས་གཞ༷ན་དག༷་གིས་དེང་སང་རང་རང་ཉིད་ལ་གནོ༷ད་པ་བྱེད༷་པ༷འི་ལ༷ས་དེ༷་སྔོན་ཆ༷ད་ཕར་ལ་ཅི༷་ཕྱིར༷་བྱས༷་ཏེ་ལས་སྔོན་སོང་གི་འབྲས་བུ་བཟློག་མེད་ད་ལྟ་རང་རང་ལ་སྨིན་པ་ཡིན་པས་ཁྲོ་བར་མི་བྱ་སྟེ། ཐ༷མས་ཅ༷ད་རང་གི་ལ༷ས་ལ༷་ར༷ག་ལ༷ས་པ་ཡིན་པས་ན༷། བད༷ག་གི༷ས་གནོད་བྱེད་འདི༷་དག་ལ༷་ཅི༷་སྟེ༷་བཀོ༷ན་ཏེ་ཁྲོ་མི་རིགས་སོ། །རྒྱུ་མཚན་དེ༷་ལྟར༷་མཐོ༷ང་ན༷ས་ཐབས་ཅི༷་ན༷ས་ཀྱང༷་རང་གི་གཉེན་སོགས་ལ་གཞན་གྱིས་གནོད་པ་བྱས་ཚེ་དེ་ལ་རང་མི་ཁྲོ་བར་གཉེན་དང་དགྲ་ཐམ༷ས་ཅ༷ད་ཕ༷ན་ཚུན༷་གཅིག་ལ་གཅིག་ཁྲོ་བ་སྤངས་ཏེ་བྱམ༷ས་པའི་སེ༷མས་སུ༷་འགྱུར༷་བ༷་དེ༷་ལྟར༷་བྱ་བའི་ཕྱིར་བད༷ག་གི༷ས་ནི༷་དགྲ་གཉེན་མཁོན་པ་བསྡུམ་པའི་བསོ༷ད་ན༷མས་དག༷་ལ༷་བརྩོན་པས་སྒྲིམ༷ས་ཏེ༷་འབད་པར་བྱ༷་དགོས་སོ། །དེ་ལྟར་མཁོན་པ་བསྡུམ་པའི་ཐབས་སམ་ཞེ་སྡང་མི་སྐྱེ་བའི་ཐབས་ནི་དཔེ༷ར་ན༷་ཕ་རོལ་པོའི་ཁྱིམ༷་རྣམས་ཚིག༷་པར་གྱུར༷་པའི༷་ཚེ༷་མེ་རབ་ཏུ་འབར་བ་དེ་ཁྱིམ་གཞ༷ན་རང་ཁྱིམ་ལྟ་བུ་ཞིག༷་ཏུ་སོང་བའམ་མཆེད་ནས༷་འོང་ན་ནི༷། རྩྭ༷་ལ་སོ༷གས་པ་གང༷་ལ༷་མྱུར་དུ་མཆེ༷ད་པར་བྱེད༷་པ༷་སྟེ་རྩྭ་སོགས་མེ་མཆེད་སླ་བ་དེ་རྣམས་རང་ལ་མཁོ་ཡང་གལ་ཆུང་ངུ་རྩྭ་སོགས་དེ༷་ནི༷་ཁྱིམ་ནས་ཕྱུང༷་སྟེ་ཕྱི་རོལ་དུ་འདོ༷ར་བ༷ར་རི༷གས་ཤིང་འཐད་པ། དེ༷་བཞིན་དུ་གཉེན་ཉེ་བ་སོགས་ག༷ང་ལ༷་རང་གི་སེ༷མས་ཆ༷གས་ན༷ས་དེ་ལ་གནོད་པ་བྱས་པས་ཐོག་མར་དགྲ་གཉེན་གཉིས་ཀ་ལ་ཞེ་སྡང་གི་མེ༷་ནི༷་མཆེ༷ད་དེ་ཚིག་པར་གྱུར༷་པ༷་ཡི་མེ་དེ་བདག་རྒྱུད་ལ་མཆེད་དེ་བསྐལ་པ་སྟོང་གི་བསོ༷ད་ན༷མས་དགེ་བའི་དངོས་པོ་ཞེ་སྡང་གི་མེ་དེས་འཚི༷ག་པར༷་དོག༷ས་པ༷་ཡི༷ས་གང་ལ་སེམས་ཆགས་པའི་གཉེན་ཉེ་བ་ལ་སོགས་པ་དེ༷་ནི༷་དེ༷་ཡི༷་མོ༷ད་ལ༷་སྟེ་དེ་མ་ཐག་ཏུ་དོར༷་དགོས་ཞེས་དེ་དག་ལ་ཆགས་པ་སྤང་ཐུབ་དགོས་པར་གསུངས་སོ། །གལ་ཏེ་གཉེན་སོགས་ལ་གཞན་གྱིས་གནོད་པ་བྱས་ཚེ་རང་གིས་ཀྱང་གཉེན་དེའི་དོན་མ་བྱས་ན་གཞན་གྱིས་འཕྱ་ཞིང་མི་ཁ་ཆེའོ་སྙམ་ན་དཔེར་ན་བས༷ད་བྱའི༷་མི༷་ཤིན་ཏུ་ཉེས་པ་ཆེན་པོ་ཞིག༷་གསོད་སར་ཁྲིད་ནས་དངོས་སུ་མ་བསད་པར་ལ༷ག་པ་བཅ༷ད་དེ༷། གལ༷་ཏེ༷་ཐ༷ར་འོངས་ན༷་ཅི༷ས་མ༷་ལེ༷གས་ཏེ་ལེགས་པ་ཡིན་ནོ། །དཔེ་དེ་བཞིན་དུ་ག༷ལ་ཏེ༷་གཞན་གྱི་འཕྱ་བ་ལ་སོགས་པའི་མི༷་ཡི༷་སྡུག༷་བསྔལ༷་དེ་ཙམ་གྱིས༷་བདག་དམྱལ༷་བ༷་ཡི་སྡུག་བསྔལ་དང་བྲལ༷་བར་འགྱུར་ན༷་ཅིས༷་མ༷་ལེ༷གས་ཏེ་ཤིན་ཏུ་ལེགས་པ་ཡིན་ནོ། །གཉེན་དང་བདག་གི་ད༷་ལྟའི༷་སྡུག༷་བསྔལ་དགྲས་གནོད་པ་འདི༷་ཙ༷མ་ལ༷འ༷ང༌། གཉེན་གྱི་དགྲས་གནོད་པ་བྱས་པའི་སྡུག་བསྔལ་དང༌། གཉེན་ལ་དགྲས་གནོད་པ་བྱས་པའི་སྡུག་བསྔལ་འདི་ཙམ་ཡང་བད༷ག་གི༷ས་བཟོ༷ད་པ༷ར་མི༷་ནུ༷ས་ན༷་དམྱལ་བའི་སྡུག་བསྔལ་ཇི་ལྟར་བཟོད་ནུས་ཏེ་མི་ནུས་སོ །དེས༷་ན༷་བཟོད་པར་དཀའ་བའི་དམྱལ༷་བའི༷་སྡུག༷་བསྔལ༷་གྱི་རྒྱུ༷་གཉེན་དང་རང་གི་རྒྱུད་ཀྱི་ཁྲོ་བ༷་དེ་ཅི༷་སྟེ༷་བཟློག༷་པར་མི༷་བྱེད༷་དེ་ངེས་པར་བཟློག་པར་བྱེད་དགོས་སོ། །མི་ཡུལ་གྱི་སྡུག་བསྔལ་དགྲའི་གནོད་པ་ལ་སོགས་པ་དེ་ཡང་མི་འདོད་ཅིང་མི་བཟོད་དོ་སྙམ་ན། ད་སྔ་ཡན་ཆད་འདོད་ཡོན་ཀྱི་དངོས་པོ་རྣམས་ལ་ཆགས་ཤིང་འདོ༷ད་པའི༷་དོན་དུ༷་མེ་ཆེན་པོས་བསྲེག༷་པ་དང་རལ་གྲིའི་གཤགས་པ་ལ༷་སོ༷གས་པའི་སྡུག་བསྔལ་ཤིན་ཏུ་མི་བཟོད་པ་དྲག་པོ་དམྱལ༷་བ༷ར་ལན་སྟོང༷་ཕྲག༷་མང་པོར་མྱོང༷་བར་གྱུར༷་ཀྱང༷་དེ་དག་གིས་བདག༷་གིས༷་རང༷་གི༷་དོན༷་དང༷་ནི༷་གཞ༷ན་སེམས་ཅན་གྱི༷་དོ༷ན་ཡང༷་མ༷་བྱས༷་སོ༷་སྟེ་རང་གཞན་གྱི་དོན་ཅི་ཡང་མ་འགྲུབ་པར་དོན་མེད་པར་སྡུག་བསྔལ་ཆེན་པོ་མྱོང་བར་གྱུར་ཏོ། །སྡུག་བསྔལ་དང་དུ་བླང་ཞིང་གནོད་བྱེད་ལ་ཅི་མི་སྙམ་པའི་བཟོད་པ་བསྒོམ་པ་འདི༷་ནི༷་དམྱལ་མེས་བསྲེགས་པ་ལ་སོགས་པ་དེ༷་ཙ༷མ་དུ༷༷་གནོ༷ད་པ་ཆེན་པོ་མི༷ན་ལ༷། དེར་མ་ཟད་རང་གཞན་དོན་ཆེ༷ན་པོ་བཟོད་པའི་དཀའ་ཐུབ་དག༷་ཀྱང༷་འགྲུབ༷་པར་འགྱུར་བ༷ས་འགྲོ༷་བའི༷་སྟེ་འགྲོ་བ་རྣམས་ཀྱིས་ངན་སོང་སོགས་ཀྱི་གནོད་པ་སེ༷ལ་བའི་གནོད་པ་དེ་དང་དུ་ལེན་པའི་སྡུག༷་བསྔལ༷་སྡིག་པའི་ཕྱགས་མ་ཡོན་ཏན་གྱི་བསྐུལ་མ་འདི་ལ༷་མི་དགའ་བར་མ་ཟད་དག༷འ་བ༷་འབ༷འ་ཞིག༷་འདི༷ར་བྱ༷་བ༷ར་རི༷གས་སོ། །བཞི་པ་དགྲ་ལ་ལེགས་བྱས་བཟོད་པ་ནི། གཞ༷ན་གྱིས༷་ཏེ་ཕ་རོལ་པོ་གཞན་ཞིག་གིས་བདག་གིས་དགྲ་བོ་དང་ཕྲག་དོག་གིས་འགྲན་ཟླ་སོགས་ལ་འདི་ཡོ༷ན་ཏན༷་དང་ལྡན༷་ནོ་ཞེས་དེ་ལ་བསྟོད༷་པ་བྱས་ན༷ས་ག༷ལ་ཏེ༷་བསྟོད་མཁན་པོ་ཁོ་རང་ལ་སེམས་དག༷འ་བའི༷་བདེ༷་བ་ཐོབ༷་པར་གྱུར་པ་ཡིན་ན༷་ཡིད༷་ཁྱོད༷་ཀྱིས་ཀྱང༷་ནི༷་དེ་དང་མི་མཐུན་པར་མི་བརྗོད་པར་ཡོན་ཏན་བརྗོད་ན་རྗེས་སུ་བརྗོད་ཅེས་པ་ལྟར་དགྲ་བོ་དེ༷་ལ་བསྟོ༷ད་པ་བྱས་ན༷ས་ཅི༷འི་ཕྱིར༷་དགྲ་བོ་བསྟོད་མཁན་ཕ་རོལ་པོ་དེ༷་ལྟར༷་རང་གི་སེམས་དག༷འ་བ་མི༷་བྱེད༷་དེ་བྱེད་དགོས་ཀྱི་དེ་ལ་ཁྲོ་བར་བྱ་མི་རིགས་སོ། །འདིར་དགྲ་ལ་སོགས་པ་གང་བསྟོད་ཚེ་བསྟོད་མཁན་པོ་རང་རང་ལ་སེམས་ལ་དགའ་བ་རེ་ཡོད་པ་ཤེས་དགོས་སོ། །དེ་ལྟར་དགྲ་བོ་དེ་ལ་བསྟོད་པ་བྱས་པའི་ཁྱོད༷་ཀྱི༷་སེམས་དག༷འ་བ༷འི་བདེ༷་བ༷་འདི༷་ནི་ཤ་ཆང་བུད་མེད་སོགས་ལ་སྤྱད་པའི་བདེ་བ་ནི་ཚེ་འདི་ཕྱིའི་སྡུག་བསྔལ་གྱི་འབྱུང་གནས་དང༌། ཁ་ན་མ་ཐོ་བ་སྡིག་པ་ཆེན་པོ་དང༌། སངས་རྒྱས་བྱང་སེམས་ཡོན་ཏན་དང་ལྡན་པ་རྣམས་ཀྱིས་དུག་ལས་ཐུ་བར་སྨད་ཅིང་བཀག་པ་དང༌། གཞན་དང་མི་མཐུན་པར་རྩོད་ཅིང་སོ་སོར་འབྲལ་བར་བྱེད་པ་དང༌། མི་འདྲ་བར་ཕན་ཡོན་བཞི་དང་ལྡན་པ་ཡིན་ཏེ་ཚེ་འདི་ཕྱིའི་བདེ༷་བ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པ་དང༌། དགའ་བ་ཚད་མེད་དང་རྗེས་སུ་ཡི་རང་ཡིན་པས་ཁ༷་ན༷་མ༷་ཐོ༷་བ༷་སྡིག་པ་མེ༷ད་པ་དགེ་བ་དང་ཡོ༷ན་ཏན༷་དང་ལྡན༷་པ༷་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམ༷ས་ཀྱིས༷་མ་བཀག་པར་གན༷ང་བ་མཛད་པ་དང༌། ཕྲག་དོག་མེད་པར་དགའ་བས་སྙན་པར་སྨྲ་བ་རྣམས་ཀྱི་མཆོག་ཡིན་པས་གཞ༷ན་དག་རང་གི་འཁོར་དུ་སྡུད༷་པར་བྱེད་པ༷་ཡི༷་ཐབས་མཁས་ཀྱི་མཆོ༷ག་ཀྱང༷་ཡི༷ན་ཏེ་འབྲོམ་སྟོན་པས་བླ་མ་ཁུ་བའི་ཡོན་ཏན་བརྗོད་པར་མཛད་པ་བཞིན་ནོ། །དགྲ་ལ་སོགས་པ་གཞ༷ན་ཕ་རོལ་པོ་དེ་ལ་ཡང༷་དེ༷་ལྟར༷་བདག་གིས་བསྟོད་པར་བྱས་ན་དེ་རྣམས་དགའ་ཞིང་བདེ༷་བར་འགྱུར༷་རོ་ཞེས༷་ཕྲག་དོག་གི་དབང་གིས། ག༷ལ་ཏེ༷་ཁྱོད༷་རང་ཉིད་ཀྱིས་དགའ་ཞིང་བདེ༷་བ་འདི༷་མི༷་འདོ༷ད་པར་བྱེད་ན་བྲན་གཡོག་ལ་གླ་རྔ༷ན་སྦྱིན༷་པ་ལ་སོ༷གས་པས་ཀྱང་དེ་བདེ་བར་འགྱུར་བས་དེའང་སྤང༷ས་དགོས་པར་འགྱུར་བའི༷་ཕྱིར༷་དེ་ལྟ་ན་མཐོང༷་བ་ཚེ་འདིར་བྱ་བའི་ལས་བྱེད་པ་ལ་སོགས་པ་དང༷༌། མ༷་མཐོ༷ང་བ་ཚེ་ཕྱི་མར་སྦྱིན་པའི་འབྲས་བུ་མྱོང་བ་ལ་སོགས་པ་ཐམས་ཅད་ཉམ༷ས་པ༷ར་འགྱུར༷་རོ། །དེས་ན་ཁྱོད་ནི་བླང་དོར་ཤིན་ཏུ་འཆོལ་བ་ཞིག་སྟེ་དགྲ་ལ་སོགས་པས་ཚུར་རང༷་གི༷་ཡོན་ཏ༷ན་བརྗོད༷་པ་མཐོང་ཞིང་ཐོས་པའི༷་ཚེ༷་གཞ༷ན་དེ་ལ༷་ཡང༷་དེ་བརྗོད་པའི་བདེ༷་བ༷འང་འདོ༷ད་པར་བྱེད༷་ལ་རང་གིས་ཕར་གཞ༷ན་དགྲ་ལ་སོགས་པ་རྣམས་ཀྱི༷་ཡོ༷ན་ཏ༷ན་བརྗོ༷ད་པར་བྱེད་པ༷འི་ཚེ༷་དགྲ་ལ་སོགས་པ་དེའང་བདེ་བར་འགྱུར་རོ་ཞེས་རང༷་ལ༷འ༷ང་དེ་བརྗོད་པའི་བདེ༷་བ༷་མི༷་འདོ༷ད་པར་བྱེད༷་པའི་ཕྱིར་རོ། །རང་ཉིད་ཀྱིས་སྔར་ནམ་མཁའ་དང་མཉམ་པའི་སེ༷མས་ཅ༷ན་ཐ༷མས་ཅ༷ད་བདེ༷་བ་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་འདོ༷ད་པ༷ས་བསམ་པ་བྱང༷་ཆུབ༷་མཆོག་ཏུ་ནི༷་སེ༷མས་བསྐྱེད༷་ན༷ས་ད་ལྟ་བདག་གིས་གྲོགས་བྱེད་མི་དགོས་པར་སེ༷མས་ཅ༷ན་རང་རང༷་གིས༷་ཟས་གོས་ལོངས་སྤྱོད་ཀྱི་བདེ་བ་ཅུང་ཟད་ཙམ་རྙེད༷་པར་གྱུར་ན༷་དེས༷་ཀོ༷་ཁྱོད་ནི་ཅི༷་སྟེ༷་ཁྲོ༷་བར་བྱེད༷་དེ། ཁྲོ་ཞིང་མི་དགའ་བ་བྱེད་མི་རིགས་སོ། །སེམས་བསྐྱེད་པའི་དུས་སུ་འདོད་པ་དང་གཟུགས་དང་གཟུགས་མེད་ཀྱི་འཇི༷ག་རྟེན༷་གསུམ༷་པོ་མ་ལུས་པས་མཆོ༷ད་པར་འོས་པའི་གནས་སུ་གྱུར་པ་མངོན་པར་རྫོགས་པར་འཚ༷ང་རྒྱ༷་བ༷ར་སེ༷མས་ཅ༷ན་རྣམ༷ས་ལ་ནི༷་འདོ༷ད་ཅེ༷་ན༷་སྟེ་འདོད་དོ་ཞེས་ཁས་བླངས་ཤིང་དམ་བཅས་ནས། ད་ལྟ་དེ་ལྟ་བུའི་མཆོད་པ་ལྟ་ཞོག་དེ་དག་ལ་བསྙེན༷་བཀུར༷་ང༷ན་ངོ༷ན་ཅུང་ཟད་ཙ༷མ་གཞན་གྱིས་བྱེད་པ་མཐོ༷ང་བར་གྱུར་ན༷ས་ཅི༷་ཕྱིར༷་དེ༷་དག་ལ༷་ཕྲག་དོག་གིས་མི་བཟོད་པར་གདུང༷་ཞིང་ཁྲོ་བ༷ར་བྱེད་དེ་བྱེད་མི་རིགས་པ་ཁོ་ནའོ། །དཔེར་ན་རང་རང་གི་ཕ་མ་ལ་སོགས་པ་གསོ༷་བར་བྱ༷་བ་གཉེན་གང༷ཞི༷ག་ཁྱོད༷་རང་གིས་རྟག་ཏུ་གསོ༷་བར་བྱ་བ༷་ཡིན་པས་ཁྱོད༷་ཉིད༷་ཀྱིས༷་ནི༷་ཟས་གོས་སོགས་སྦྱིན༷་པར་བྱ༷་དགོས་པ་དེ༷་ལ་ཁྱོད་ཀྱིས་སྦྱིན་མ་དགོས་པར་གཉེ༷ན་རང་རང་རྣམས་ཀྱིས༷་ཟས་གོས་སོགས་འཚོ༷་བ༷་རྙེད༷་པར་གྱུར༷་ན༷་དག༷ར་ཏེ་དགའ་བར་མི༷་འགྱུར༷་བར༷་སླར༷་ཁྲོ༷འམ༷་སྟེ་ཁྲོ་བ་ནི་ཤིན་ཏུ་མི་རིགས་པ་ཞིག་ཡིན་པ་བཞིན་ནོ། །བསྙེན་བཀུར་ངན་ངོན་ཙམ་དེ༷་ཡང་ཅི༷་སྟེ་འགྲོ༷་བ་རྣམས་ལ༷་ཡོ༷ད ་པར་མི༷་འདོ༷ད་ན༷་འགྲོ་བ་དེ༷་ལ༷་བྱང༷་ཆུབ༷་ཆེན་པོ་སངས་རྒྱས་ཀྱི་གོ་འཕང་འདོ༷ད་པ་ནི་གང༷་ཡི༷ན་ཏེ་འདོད་མི་སྲིད་པའོ། །གང་ཟག་གང༷་ཞིག༷་སྐྱེས་བུ་གཞ༷ན་རྣམས་ཀྱི་ཆོས་དང་འཇིག་རྟེན་གྱི་འབྱོར༷་བ་ལ་ཕྲག་དོག་གིས་མི་བཟོད་པར་ཁྲོ་བར་བྱེད་པ་དེ༷་ལ༷་བསམ་པ་བྱང༷་ཆུབ༷་མཆོག་ཏུ་སེ༷མས་བསྐྱེད་པ་ནི༷་ག༷་ལ༷་ཡོ༷ད་དེ་མེད་པར་གསལ་ལོ། །བླ་སྤྲུལ་རྣམས་ཀྱིས་བླ་སྤྲུལ་དང༌། ཨ་མཆོད་རྣམས་ཀྱིས་ཨ་མཆོད་རྣམས་ལ་ཕྲག་དོག་གིས་གཞན་གྱིས་འབུལ་བ་ཞབས་ཏོག་མི་བཟོད་པར་ཡོན་བདག་མཆོད་གཉིས་ཀའི་སྟེང་ལ་ཁྲོ་བར་བྱེད་ལ་དེའི་གཉེན་པོ་འདི་ལྟར་བསྒོམ་པར་བྱ་སྟེ། ག༷ལ་ཏེ༷་བླ་མཆོད་དེ་དང་དེ༷ས་ཡོན་བདག་དེ་དང་དེ༷་ཡི་ཁྱིམ་ལ༷ས་རྟ་མཛོ་ལ་སོགས་པ་དེ་དང་དེ་རྙེད༷་ད༷མ་མ་རྙེད་པར་སྦྱིན༷་བད༷ག་དེ་དང་དེའི་ཁྱིམ༷་ན༷་གནས་པར་གྱུར༷་པ༷་དེ་གཉིས་གང་ཡིན་ཡང་རུང༌། རྣམ་པ་ཀུན་ཏུའང་རྟ་མཛོ་ལ་སོགས་པ་དེ༷་ཁྱོད༷་རང་ལ༷་ཐོབ་པ་མེ༷ད་པར་འདྲ་ན༷་སྦྱིན་བདག་དེས་རྟ་མཛོ་ལ་སོགས་པ་བླ་མཆོད་དེ་ལ་བྱིན་རུང༷་མ༷་བྱིན༷་རུང༷་དངོས་པོ་དེའང་ཕྲག་དོག་གིས་དགག་སྒྲུབ་དེས༷་ཁྱོད་ལ་ཅི་ཞི༷ག་བྱ༷་སྟེ་བཏང་སྙོམས་སུ་གནས་པར་རིགས་སོ། །གཞན་ཕ་རོལ་པོ་དེའི་རྙེད་པ་ཐོབ་པ་ལ་ཁྱོད་ཕྲག་དོག་གིས་ཁྲོ་ཞིང་རང་ལ་རྙེད་པ་ལྷག་པར་འདོད་ན་རྙེད་པ་འབྱུང་བའི་རྒྱུ་ཕ་རོལ་པོའི་རྒྱུ་སྔོན་སོང་གི་བསོད་ནམས་དང༌། ད་ལྟ་ཆོས་དང་བླ་མ་ལ་དད་པ་དང་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་སྦྱིན་བདག་རྣམས་དང་ནས་རྙེད་པ་ཐོབ་པར་གྱུར་པ་ཡིན་ན་ཁྱོད་རང་གིས་ཀྱང་ཡར་མཆོད་མར་སྦྱིན་ལ་སོགས་པ་བསོ༷ད་ན༷མས་ཀྱི་ཚོགས་ད༷ང་ནི༷་ཆོས་དང་བླ་མ་ལ་དད་པའི་སྟོབས་ཀྱིས་དྲན་ཤེས་བག་ཡོད་ཀྱིས་སྤྱོད་པ་ཞི་དུལ་དང་ལྡན་པས་དད་ལྡན་དྭང་བ་འདྲེན་པའི་ད༷ད་པ༷འ༷མ། ར༷ང་གི༷་ཡོ༷ན་ཏ༷ན་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་ཞིང་ཐོས་པ་སློབ་གཉེར་གྱིས་བླང་དོར་ལ་མཁས་པར་བྱས་ཤིང་རང་རྒྱུད་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་བརླན་པར་བྱེད་པ་ལ་སོགས་པའི་རྙེད་པ་འབད་མེད་འཐོབ་པའི་རྒྱུ་འདི་ཉིད་གཞན་ལ་ཕྲག་དོག་གིས་མི་བཟོད་པར་ཁྲོ་བའི་སྟོབས་ཀྱིས་ཅི༷འི་ཕྱིར༷་འདོ༷ར་ཏེ་འདོར་མི་རིགས་པར་རྒྱུད་དེ་དག་འཛིན་པ་ལ་འབད་པར་བྱ་དགོས་སོ། །ཅེས་ཀྱང་རྙེད་པར་འདོད་ན་གཞན་ཡོན་བདག་རྣམས་ཀྱིས་ཡོན་གནས་སུ་འཛིན་ཅིང་རྙེད༷་པ་ཕུན་སུམ་ཚོགས་པ་ཐོབ་པ༷ར་གྱུར༷་པ༷་ཡི་རྒྱུ་དེ་དག་མི༷་འཛི༷ན་པ༷་ཕྲག་དོག་ཅན་ཁྱོད་ལེ་ལན་ཐམས་ཅད་རང་ལ་བཟླས་ནས་རང་གིས་རང་ལ་རྒྱུ་མཚན་གང༷་གི༷ས་ཁྲོ༷་བ༷ར་མི༷་བྱེད༷་པ་སྨོས༷་ཏེ་ཁྲོ་བར་བྱ་དགོས་ཀྱི་གཞན་ལ་ནི་ཁྲོ་བར་མི་བྱའོ། །དེ་ལྟ་ནའང་ངེད་གཉིས་འདྲ་བས་ན་རང་ལ་རྙེད་པ་མེད་ཕྱིན་ཆད་འདི་ལའང་མེད་ན་དགའ་སྙམ་ན་ཁྱོད༷་ནི༷་ར༷ང་གི༷ས་རྙེད་པ་མི་ཐོབ་པའི་རྒྱུ་བླང་དོར་ལ་རྨོངས་ཤིང་མ་བྱིན་པ་ལེན་པ་སོགས་སྡིག་པ་བྱས༷་པ་ལ༷་གནོད་འགྱོད་ཀྱིས་མྱ༷་ང༷ན་མེ༷ད་པ༷ར་མ༷་ཟ༷ད་ཀྱི༷་རྙེད་པ་འཐོབ་པའི་རྒྱུ་བླང་དོར་ལ་མཁས་ཤིང་ཚུལ་ཁྲིམས་བསྲུང་བ་དང་བསོ༷ད་ན༷མས་རྒྱ་ཆེན་པོ་བྱས་པ་གཞ༷ན་དག༷་དང༷་ལྷན༷་ཅི༷ག་འགྲན༷་པ༷ར་བྱེད༷་འདོ༷ད་ད༷མ་སྟེ་འགྲན་པར་བྱེད་མི་རིགས་པ་ཁོ་ནའོ། །གལ་ཏེ་མ་འགྲན་པའི་ཐབས་མེད་ན་ཚུལ་ཁྲིམས་བསྲུངས་ཤིང་བསོད་ནམས་ཀྱི་ཚོགས་བསགས་ཏེ་བླང་དོར་གྱི་གནས་ལ་མཁས་པར་བྱོས་ཤིག །དེ་ལྟར་ན་བཟོད་ཡུལ་ངོས་འཛིན་པའི་སྐབས་སུ་བདག་དང་བཤེས་སྔོན་དུ་དང་དགྲ་རྗེས་སུ་བསྟན་ལ། རྒྱས་པར་བཤད་པའི་ཚེ་མི་འདོད་པ་བཅུ་གཉིས་ལ་ཡང་དེ་ལྟར་བསྟན་པ་ལས། བདག་ལ་སྡུག་བསྔལ་བྱེད་པ་ལ་བཟོད་པ་སྒོམ་ཚུལ་རྣམ་པ་གསུམ་གྱིས་རྒྱས་པར་བཤད་དེ། བདག་ལ་བརྙས་སོགས་གསུམ་དང་བཤེས་ལ་དེ་བཞི་དང་དགྲ་ལ་ལེགས་བྱས་བསྡུས་ནས་བསྟན་པར་མཛད་པ་ལ་གོང་གི་འགྲེས་སྦྱར་ཏེ་བཤད་ཅིང་བསྒོམ་དགོས་པ་ཡིན་ལ། འདོད་པའི་གེགས་བཅུ་གཉིས་བསྡུས་ཏེ་བསྟན་པ་ལ་ཐོག་མར་དགྲ་བཞག་སྟེ་གསུང་བ་ནི་བསྟན་བཅོས་ཀུན་ལས་བརྗོད་བྱ་ཉུང་བ་ཐོག་མར་བཤད་པ་བཞིན་ཡིན་ནོ། །བ༷མ་པོ༷་གཉིས༷་པ། འདི་ལ་མང་ཉུང་གི་ཚད་གཅིག་ཏུ་མ་ངེས་ཤིང་འདིར་བམ་པོ་གཉིས་ཞེས་གསུང་ནའང་ཕྱི་མ་འདི་མང་ངོ༌། །གཉིས་པ། འདོད་པའི་གེགས་བྱེད་ལ་བཟོད་པ་བསྒོམ་པ་ལ། དགྲ་བོའི་མི་འདོད་པའི་གེགས་བྱེད་པ་ལ་བཟོད་པ་བསྒོམ་པ། བདག་དང་བདག་གི་བཤེས་ལ་འདོད་པའི་གེགས་བྱེད་པ་ལ་བཟོད་པ་བསྒོམ་པ་དང་གཉིས་ལས། དང་པོ་ནི། དགྲ་ལ་སྡུག་བསྔལ་བརྙས་སོགས་བཞི་འབྱུང་བར་དེའི་གེགས་བྱས་པས་ཁྲོ་བར་བྱེད་པ་ལ་འདི་ལྟར་ག༷ལ་ཏེ༷་དགྲ༷་ཞི༷ག་ལ་མི་ཤི་ཕྱུགས་འཐོར་དགྲ་བརྒྱབ་པ་ལ་སོགས་པའི་མི༷་དག༷འ་བའམ་སྡུག་བསྔལ་བར་གྱུར་ན༷འང༷་དེ༷་ལ༷་ཁྱོད༷་དག༷ར་ཏེ་ཁྱོད་དགའ་དགའ་བྱས་པ་ལ་དོན་ཅི༷་ཞི༷ག་ཡོ༷ད་དེ་ཁྱོད་ལ་ཕན་པ་ཅི་ཡང་མེད་དོ། །གལ་ཏེ་ཡོད་དུ་ཆུག་ནའང་ཁྱོད༷་ཀྱི༷་དགྲ་ལ་མི་ཤི་བའམ་དགྲ་བརྒྱབ་ན་ཅི་མ་རུང་སྙམ་པ་སོགས་ཡི༷ད་ལ་སྨོན༷་ཅིང་ངག་ཏུ་དམོད་པ་བོར་བ་ཙ༷མ་གྱི༷ས་ནི༷་དགྲ་དེ༷་ལ༷་འདི་ཕྱིར་གནོ༷ད་པ༷འི་རྒྱུར༷་ཅུང་ཟ༷ད་ཙམ་ཡང་མི༷་འགྱུར༷་བས་དོན་མེད་དོ། །ཁྱོད༷་ཀྱི༷་འདོ༷ད་པ༷ས་དགྲ་བོ་དེ་ལ་སྡུག༷་བསྔལ༷་དེ༷་རྣམས་གྲུབ༷་པར་གྱུར་ན༷འང་ཁྱོད༷་དག༷ར་བྱ་རྒྱུ་ཅི༷་ཞིག༷་ཡོ༷ད་དེ་དོན་ཅི་ཡང་མེད་དོ། །ག༷ལ་ཏེ་དེ་ལྟ་ནའང་བདག་མི་ཤི་གོང་དུ་འདོད་པ་གྲུབ་པས་རང་གི་སེམས་འཚ༷ངས་པ༷ར་འགྱུར༷་རོ༷་ཞེ༷་ན༷། ཅི་ཞིག་འཚངས་ཏེ་དེ༷་ལ༷ས་ཚེ་འདི་ཕྱིར་གཉིས་ཀར་ཕུང༷་བ༷འང༷་གཞ༷ན་ཅི༷་ཞིག༷་ཡོ༷ད་དེ་དགྲ་ལ་མི་གནོད་པར་མ་ཟད་ཚེ་འདི་བསམ་ངན་མཚོན་ཆ་རང་ལ་འཁོར་ནས་མི་འདོད་པ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་བླངས་པ་ལྟར་རང་ཉིད་ལ་འདུ་བ་དང་སེམས་ཅན་བློས་བཏང་གི་རྩ་ལྟུང་དུའང་འགྱུར་ཞིང་ཕྱི་མ་དམྱལ་བ་ལ་སོགས་པར་ལྟུང་སྟེ་ཤིན་ཏུ་སྡུག་བསྔལ་བར་འགྱུར་བའི་ཕྱིར་རོ། །དེ་ཡང་ཉ་བས་ཉ་རྣམས་ལྕགས་ཀྱུས་བཟུང་ནས་སྣོད་དུ་བཙོ་བ་བཞིན་དུ་ཀུན་སློང་ཉོ༷ན་མོ༷ངས་པ་ཉ༷་བ་དང་འདྲ༷་བ༷ས་བཏབ༷་པ༷་ཡི༷་སྨོན་ལམ་ལོག་པ་ལ་སོགས་པའི་མཆི༷ལ་པ༷་སྟེ་ལྕགས་ཀྱུ་འདྲ་བ་འདི༷་ནི༷་མི༷་བཟ༷ད་པ་གཟེ༷་བའམ་རྣོ་བ་དེ༷ས་བཟུང༷་ནས་སེ༷མས་ཅན་དམྱལ་བའི་ལྕགས་བསྲེག་གི་བུམ༷་པ༷ར་རམ་དམྱལ་ཟངས་ཆེན་པོའི་ནང་དུ་ཡ༷ང་གཤིན་རྗེས་ལས་མཁན་དམྱལ༷་བའི༷་སྲུང༷་མ༷ས་བདག་ཉིད་ཡུན་རིང་དུ་འཚེ༷ད་ཅིང་བསྲེག་པའི་སྡུག་བསྔལ་ཤིན་ཏུ་མི་བཟོད་པ་མྱོང་བར་ངེ༷ས་པའི་ཕྱིར་རོ། །གཉིས་པ་ནི། འཇིག་རྟེན་པའི་ཆོས་རང་ལ་བསྟོད་པ་དང་གྲགས་པའི་གེགས་བྱས་པ་ལ་ཁྲོ་བར་མི་རིགས་ཏེ་བདག་ལ་གཞན་རྣམས་ཀྱིས་བསྟོད༷་པ་ད༷ང་སྙན་པའི་གྲག༷ས་པ་སྒྲོགས་པའི༷་རི༷མ་གྲོས༷་ནི༷་ཚེ་ཕྱི་མར་ཕན་པའི་བསོ༷ད་ན༷མས་ཀྱི་ཚོགས་སུ་མི༷་འགྱུར༷་ཞིང་ཚེ་འདིར་ཕན་པའི་ཚེ༷ར་ཏེ་ཚེ་རིང་བའི་རྒྱུར་མི༷་འགྱུར༷་ལ་བད༷ག་གི་སྟོབ༷ས་འཕེལ་བར་ཡང་མི༷་འགྱུར༷་བ་དང་ལུས་ལ་ན༷ད་མེ༷ད་པར་འགྱུར་བའང་མི༷ན་ཞིང་ཐ་ན་ཟས་སྐོམ་ཅུང་ཟོས་ཤིང་འཐུང་བ་ཙམ་གྱིས་ལུས༷་ལ་བདེ༷་བ༷ར་ཡ༷ང་མི༷་འགྱུར༷་བའི་ཕྱིར་རོ༷། །དེ་ལྟ་ན་བད༷ག་ནི༷་རང༷་དོ༷ན་མཁས་ཤིང་སྒྲུབ་ཤེས༷་པར་གྱུར༷་པ་ཡིན་ན༷་བསྟོད་པ་དང་གྲགས་པ་དེ༷་ལ༷་རང་གི་དོ༷ན་ཅི༷་ཞི༷ག་ཡོད་དེ་ཅི་ཡང་མེད་དོ། །དེ་ལ་ལུས་ལ་ཕན་པ་སོགས་མེད་ཀྱང་སེམས་ལ་ཕན་ཅིང་དགའ་བར་འགྱུར་བས་འདོད་དོ་ཞེ་ན། འོ་ན་ཡི༷ད་བདེ༷་འབ༷འ་ཞིག༷་དོན་དུ་གཉེར་ཞིང་འདོ༷ད་ན༷་ནི༷་ལུས་ཀྱི་རྒྱན༷་ནམ་ཤྭ་དང་ར་ཕེས་སོགས་རྒྱན་པོ་འགྱེད་པ་དང་བུད་མེད་ལ་སོ༷གས་པ་དང་ཆ༷ང་གི་བཏུང་བ་ཡ༷ང་བསྟེན༷་དགོ༷ས་སོ༷་ཞེས་རབ་ཏུ་བྱུང་བ་རྣམས་ཀྱིས་མི་བརྟེན་པའི་ཚད་ཡིན་པས་དེ་དང་མགོ་མཉམ་དུ་བསྟན་ཏོ། །རྨོངས་པ་རྣམས་དོན་མེད་ཀྱང་གཏོང་ཕོད་ཅན་དང་གྱོད་སོགས་གཞན་ལས་རྒྱལ་བར་གྲག༷ས་པ༷འི་དོན༷་དུ༷་ནོ༷ར་བཟང་པོ་རྣམས་ཟད་པར་གཏོང༷་ཞིང༷་དཔའ་བར་གྲགས་པའི་དོན་དུ་གཡུལ་དུ་ཞུགས་ཏེ་བད༷ག་ཉི༷ད་ཀྱང༷་ནི༷་འཆིར་འཇུག་པས་གསོ༷ད་པར་བྱེད༷་ནུས་ན༷་དེ་ཉིད་རྒྱལ་བར་གྱུར་ཏོ་དཔའ་བོ་ཡིན་ནོ་ཞེས་སྙན་པར་གྲགས་པའི་ཚི༷ག་འབྲུ་བཟང་པོ་རྣམ༷ས་ཀྱིས༷་ཅི༷་ཞི༷ག་བྱ༷་སྟེ་དགོས་པ་ཅི་ཡང་མེད་དེ་རང་ཉིད་ཤི༷་བར་གྱུར་པ་ན༷་སྙན་པའི་གྲགས་པ་དེ༷ས་ཀོ༷་ལུས་སེམས་སུ༷་ལ༷་བདེ༷་སྟེ་སུ་ལའང་མི་ཕན་པའི་ཕྱིར་རོ། །དཔེར་ན་རྩེད་མོའི་ཆེད་དུ་བྱེ༷་མའི༷་ཁ༷ང་བུ༷་བྱས་ཤིང་ཟིན་པ་ན་དེ་རྡིབ༷་པར་གྱུར༷་ན༷་བྱིས༷་པ༷་ཅི་ཡང་མི་ཤེས་པ་རྣམ༷ས་ནི༷་ག༷་ཆ༷ད་ཆད་སྟེ་བརྒྱལ་འགྲོ་བ་ལྟ་བུར༷་ངུ་ཞིང་ཆོ་ངེས་འདེབས་པ་དེ༷་བཞི༷ན་དུ་བསྟོ༷ད་པ་དང༷་གྲག༷ས་པ་ཉ༷མས་ན༷་མི་དགའ་བར་མྱ་ངན་གྱིས་གདུང་བར་བྱེད་པའི་ར༷ང་གི༷་སེ༷མས་འདི་ནི༷་བྱིས༷་པ༷་ཅི་ཡང་མི་ཤེས་པ་ཇི་ལྟ་བ་བཞི༷ན་དུ་འཁྲུལ་པའོ། །བདག་ནི་བསྟོད༷་པ་སོགས་ལ་དགའ་བ་འདི་ཕ་རོལ་པོའི་དག་གི་བརྗོད་པའི་སྒྲའམ་སེམས་གང་ལ་དགའ་བ་ཡིན་སྙམ་ན། རེ༷་ཞིག༷་ཕ་རོལ་པོའི་ངག་གི་བརྗོད་པའི་སྒྲ་དེ་ལ༷་སེ༷མས་མེ༷ད་པའི་ཕྱིར༷་ན༷་བད༷ག་ལ༷་འདི་བསྟོད༷་པར་བྱའོ་སྙམ་པའི་སེ༷མས་ཡོ༷ད་མི༷་སྲིད༷་པས་དེ་ལ་དགའ་བར་མི་རིགས་ཤིང་དོན་སྤྱི་དངོས་མེད་ཀྱི་སྒྲ་ལའང་དགའ་བའི་གནས་ཅི་ཡང་མེད་དོ། བད༷ག་ལ༷་གཞ༷ན་བསྟོད་མཁན་དེ་དག༷འ་འོ་ཞེ༷ས་གྲག༷ས་པ༷་ཡི་གཞན་གྱི་སེམས་དགའ་བ་དེ༷་ནི༷་བདག་དག༷འ་བའི༷་རྒྱུ༷་ཡི༷ན་གྲང༷་ཞེས་ཡིན་ལས་ཆེ་ན་ཡང༌། གཉེན་དང་གྲོགས་གཞ༷ན་ན༷མ་ཡ༷ང་ན༷་བད༷ག་ལ༷འང༷་རུང་སྟེ་གཞ༷ན་བསྟོད་པ་པོའི་རྒྱུད་ལ་ཡོད་པའི་དག༷འ་བ་དེ༷ས་བད༷ག་ལ༷་ཅི༷་ཞིག༷་ཕ༷ན་ཏེ་ཅི་ཡང་མི་ཕན་ནོ། །དེའི་རྒྱུ་མཚན་གཞན་བསྟོད་པ་པོའི་རྒྱུད་ལ་ཡོད་པའི་དག༷འ་བདེ༷་ནི༷་བསྟོད་པ་པོ་དེ༷་ཉིད༷་ཀྱི༷་མྱོང་བ་ལས་བད༷ག་གི༷ས་དགའ་བ་དེ་དེ༷་ལ༷ས་ཤེས༷་ཙམ་མམ་ཅུང་ཟད་ཙམ་ཡང་མི་མྱོང་ཞིང་མི༷་འཐོབ༷་པའི་ཕྱིར་རོ། །དཔེར་ན་མ་བདེ་བས་ན་བུ་བདེ་བ་ལྟར་བསྟོད་མཁན་པོ་དེ༷་དགའ་ཞིང་བདེ༷་པ༷་ཡི༷ས་བད༷ག་དགའ་ཞིང་བདེ༷འོ་སྙམ༷་ན། དེ་ནི་བྱང་ཆུབ་སེམས་དཔའི་ཚུལ་ཡིན་པས་དེ་ལྟ་ན་སེམས་ཅན་མ་ལུས་པ་ཀུན་ལས་སུ་ལ༷འ༷ང་དགའ་བདེ་ཡོད་ན་སྔ༷་མ་དེ༷་བཞི༷ན་དུ་བདག་ཀྱང་དགའ་ཞིང་བདེ་བར་བྱ༷་དགོ༷ས་ན༷་ཡང་ཅིའི༷་ཕྱིར༷་དགྲ་སོགས་གཞ༷ན་ལ༷་གང་ཟ༷ག་གཞན་རྣམས་དག༷འ་བ༷་ཡི༷ས་བསྟོད་པས༷་བདེ༷་བ༷ར་གྱུར༷་ན༷་ཕྲག་དོག་གིས་བད༷ག་ཡིད་མི༷་བདེ༷་བར་བྱེད་དེ་བྱེད་མི་རིགས་ཏེ་དེ་གཉིས་འགལ་བ་ཡིན་པས་སོ། །དེ༷་བས༷་ན་བད༷ག་ནི་གཞན་རྣམས་ཀྱིས་བསྟོད༷་དོ༷་སྙན་པར་བརྗོད་དོ༷་ཞེ༷ས་བསམས་ནས་རང༷་གི༷་རྒྱུད་ལ་དགའ༷་བ༷་ཆེན་པོ་སྐྱེ༷་བར་འགྱུར༷་བ༷་དེ༷་ཡང༷་ཕ་རོལ་པོའི་ངག་གི་སྒྲ་དང་སེམས་གཉིས་ཀར་གང་ལ་དགའ་ཞེས་བརྟགས་ན་དེ༷་ལྟར་མི༷་འཐ༷ད་པ༷ས་བྱི༷ས་པ་རྣམས་བྱེ་མའི་ཁང་བུ་ལ་དགའ་ཞིང་ཆགས་པའི་སྤྱོད༷་པ༷་དང་འདྲ་བ་ཁོ༷་ན༷ར་ཟ༷ད་དེ་སྙིང་པོ་ཅི་ཡང་མེད་དོ། །དམ་པའི་ཆོས་བཤད་སྒྲུབ་གང་བྱེད་པ་ལའང་བསྟོད༷་བཀུར་གྲགས་སྙེད་སོ༷གས་ཡོ༷ད་ན་དེས་བད༷ག་ནི༷་སེམས་ཁེངས་ཤིང་རྒོད་པ་དང་རྙེད་པ་སོགས་ལ་ཞེན་པ་ཇེ་ཆེར་སོང་སྟེ་རྙེད་བཀུར་བསྒྲུབ་ཕྱིར་བཤད་སྒྲུབ་གང་ཡང་མི་ཁོམས་ཤིང་མི་མོས་པར་ཕན་ཚུན་འདུ་འཛིས་འབྲེལ་ནས་འཇིག་རྟེན་ཆོས་བརྒྱད་ལ་གཡེང༷་བ༷ར་བྱེད༷་ལ། འདོད་ཡོན་ལ་གཡེང་བ་དེས༷་ནི༷་སྐྱོ་ཤེས་དང་ངེས་འབྱུང་གི་བསམ་པ་ཅུང་ཟད་འབྱུང་བ༷འང༷་འཇི༷ག་པ༷ར་བྱེད༷་པ་སྟེ་མེད་པར་བྱེད་ཅིང༌། སེམས་སྐྱོ་བའི་གནས་ལ་བསམ་གཏན་འཁོ༷ར་ཞེས་སེམས་སྐྱོ་ཤེས་དང་བྲལ་ན་བསམ་གཏན་སོགས་ཏིང་འཛིན་གྱི་ཉམས་ལེན་ལྟ་ཅི་ཐ་ན་ལུས་ངག་གི་དགེ་སྦྱོར་ཡང་མི་འགྲུབ་བོ། །རང་ལ་བསྟོད་སོགས་ཀྱི་ཡོན་ཏན་ཅུང་ཟད་ཙམ་ཡོད་ན་བསྟོད་སོགས་ལྡན་པའི་གཞན་ཡོ༷ན་ཏ༷ན་དང་ལྡན༷་པ་རྣམས་ལ༷་ཕྲག་དོག༷་འཕེལ་བར་འགྱུར་བ་དང༷་དེས་གཞན་གྱི་ཡོན་ཏན་ལ་མི་བཟོད་ཅིང་ཁྲོ་བས་རང་བཞིན་འདི་ཕྱིའི་ཡོན་ཏན་ཕུ༷ན་སུམ༷་ཚོ༷གས་པ༷འ༷ང་འཇི༷ག་པ༷ར་བྱེད༷་དོ། །དེས་ན་ཉོན་མོངས་པ་ཐམས་ཅད་ལས་ཕྲག་དོག་གི་སྐྱོན་ཆེ་སྟེ་འདོད་ཆགས་ཅན་དགའ་བོ་དང༌། ཞེ་སྡང་ཅན་རབ་འབྱོར་དང༌། གཏི་མུག་ཅན་ལམ་ཆུང་བ་ལ་སོགས་པའང་གཞན་དེ་བཞིན་གཤེགས་པའི་ཡོན་ཏན་མཐོང་ནས་འདུལ་བར་ནུས་ལ་ལྷས་སྦྱིན་གྱི་རྫུ་འཕྲུལ་ཅུང་ཟད་ཐོབ་ནས་མ་སྐྱེས་དགྲ་དབང་དུ་བསྡུས་ཏེ་ཕྲག་དོག་གིས་དེ་བཞིན་གཤེགས་པའི་ཡོན་ཏན་མ་མཐོང་བར་མ་ཟད་ངན་སེམས་ཀྱིས་མཚམས་མེད་ཀྱི་ལས་ངན་བསགས་པ་ལ་སོགས་པས་དམྱལ་བར་སྐྱེས་བ་ལྟ་བུར་ཡིན་པས་སོ། །ཉེས་པ་ཆེན་པོ་དེ་ལྟ་བུ་ཡོད་པ་དེ༷་ཕྱིར༷་བད༷ག་གི༷་བསྟོད༷་བཀུར་གྲགས་རྙེད་ལ་སོ༷གས་པ་ནི༷་གཞི༷ག་པའམ་མེད་པར་བྱ་བའི་ཕྱིར༷་དགྲ་ལ་སོགས་པའི་སེམས་ཅན་གང༷་དག༷་ཉེར༷་ཏེ་ཉེ་བར་གན༷ས་བ༷་དེ༷་ད༷ག་བད༷ག་ནི༷་བསྟོད་སོགས་ལ་ཆགས་ཤིང་ཞེན་པས་དམྱལ་བ་ལ་སོགས་པའི་ང༷ན་སོ༷ང་དུ༷་ལྟུང༷་བའམ་སྐྱེ་བར་འགྱུར་བ༷་ལས་བསྲུང༷་ཞིང་སྐྱབས་པའི་ཕྱིར༷་བརྩོ༷ན་པས་ཞུག༷ས་པ་མི༷ན་ན༷མ་སྟེ་ཡིན་པས་ན་ཕན་འདོགས་པའི་དྲིན་ཅན་ལ་དྲིན་བཟོ་བ་ལས་ཁྲོ་བར་བྱ་མི་རིགས་པ་ཁོ་ནའོ། །བད༷ག་ནི༷་འཁོར་བའི་བཙོན་རར་ཉོན་མོངས་པའི་འཆིང་བ་ལས་གྲོལ༷་ཞིང་ཐར་པ༷་དོ༷ན་དུ་གཉེར༷་མཁན་ཡིན་ལ༷་བསྟོད་པ་དང་རྙེད༷་པ་དང༷་བཀུར༷་སྟིས༷་ནི་འཁོར་བའི་གནས་སུ་འཆིང་བར་བྱེད་པས་ན་དཔེར་ན་བཙོན་རར་ལྕགས་སུ་བཅུག་པ་ལ་ཡང་ལྕགས་གཅིག་ཏུ་བཅུག་མི་དགོས་པ་བཞིན་དུ༷་འཆི༷ང་བྱེད་དེ་ཨེ་དགོས་ན་ངེས་པར་མི༷་དགོ༷ས་པ་ཡིན་པས་དགྲ་ལ་སོགས་པ་གང༷་དག༷་བད༷ག་རྙེད་བཀུར་སོགས་ཀྱིས་འཁོར་བ་དང་ངན་སོང་དུ་བཅིང༷ས་པ་ལས་གྲོལ༷་བར་བྱེད༷་ཅིང་ཕན་འདོགས་པ༷་དེ༷་ལ༷་བད༷ག་ནི༷་ཇི༷་ལྟར༷་ཁྲོ་སྟེ་ཁྲོ་མི་རིགས་སོ། །དེ་ཡང་རྙེད་པ་དང་བཀུར་སྟིའི་སྒོ་འཕར་ཕྱེས་པ་ལ་ཆགས་ཤིང་ཞེན་པ་ནི་ངན་སོང་དུ་འགྲོ་བའི་སྔ་ལྟས་ཡིན་པས་ན་བད༷ག་ནི༷་རྙེད༷་བཀུར་སོགས་ལ་ཆགས་པས་ངན་སོང་གི་སྡུག༷་བསྔལ༷་ལ་འཇུག༷་པར་འདོ༷ད་པ་ལ༷་སང༷ས་རྒྱས༷་རྣམས་ཀྱིས༷་ནི༷་བྱིན༷་གྱིས་རླབ༷ས་པ་ཇི་ལྟ་བ་བཞི༷ན་དུ་རྙེད་བཀུར་སོགས་ཀྱི་བར་ཆད་བྱས་པའི་སྒོ་ནས་ངན་སོང་དུ་མི༷་གཏོ༷ང་བའི་སྒོ༷་འཕ༷ར་རམ་སྒོ་གླེགས་ལྟ་བུ་ཉི༷ད་དུ་གྱུར་པ༷་ཕན་འདོགས་པའི་དྲིན་ཅན་དེ༷་དག༷་ལ༷་བད༷ག་ནི༷་ཇི༷་ལྟར༷་ཁྲོ༷་སྟེ་ཁྲོ་མི་རིགས་ཤིང་དྲིན་གཟོ་བར་རིགས་སོ། །དགྲ་ལ་སོགས་པ་འདི༷་ཡིས་ནི༷་བདག་གི་རྙེད་པ་ཐོབ་ན་ལྷ་བྲི་རྟེན་བཞེངས་ཡར་མཆོད་མར་སྦྱིན་དང་རང་ཡང་མཚམས་བསྙེན་སྒྲུབ་སོགས་ཀྱི་བསོ༷ད་ན༷མས་དགེ་བ་བསྒྲུབ་པའི་གེ༷གས་བྱེད༷་དོ་ཅེ༷ས་བས༷མ་ནས་དེ༷་ལ༷འང༷་ཁྲོ༷་བ༷ར་རི༷གས་ཤིང་འཐད་པ་མི༷ན་ཏེ༷་སྔར་བཤད་པ་ལྟར་བཟོོ༷ད་པ་དང་མཚུང༷ས་པའི་དཀ༷འ་ཐུབ༷་བམ་དགེ་བ་མཆོག་ཏུ་གྱུར་པ་ནི་གཞན་ཡོ༷ད་པ་མི༷ན་ན༷་དེ༷་ཉིད་ལ༷་བད༷ག་ནི༷་མི༷་གནས་སམ་སྟེ༷་བསོད་ནམས་དགེ་བ་ཞིག་འདོད་ན་དེ་ལ་གནས་པར་རིགས་ཤིང་འཐད་དོ། །ག༷ལ་ཏེ༷་བད༷ག་ནི༷་ཞེ་སྡང་དང་ཕྲག་དོག་ལ་སོགས་པའི་ར༷ང་གི་སྐྱོན༷་གྱིས༷་རྙེད་བཀུར་ལ་སོགས་པའི་གེགས་བྱེད་པའི་དགྲ་བོ་ལ་སོགས་པའི་གནོད་བྱེད་འདི་ལ༷་བཟོ༷ད་པ༷ར་མི༷་བྱེད༷་ན༷་བསོ༷ད་ནམ༷ས་དགེ་བ་མཆོག་ཏུ་གྱུར་པ་བཟོད་པའི་རྒྱུ༷་དགྲ་ལ་སོགས་པས་གནོད་པར་བྱེད་པ་ནི༷་ཉེར་ཏེ་ཉེ༷་བ༷ར་གན༷ས་པ༷་འདི༷་ལ༷་བད༷ག་རང་ལ་རང་གིས་གེ༷གས་བྱེད༷་པ༷ར་ཟ༷ད་དོ། །འདི་ལ་རྒྱུ་བཟོད་པ་ལའང་བཤད་དོ། །དེ་ཡང་བཟོད་པ་གང༷་ཞིག༷་དགྲ་སོགས་གནོད་བྱེད་གང༷་མེད༷་ན་མི༷་འབྱུང༷་ལ༷་དགྲ་སོགས་གནོད་བྱེད་གང༷་ཞིག༷་ཡོ༷ད་ན༷་བཟོད་པ་དེ་ཡང་ཡོད༷་པར་འགྱུར༷་བ༷་ཡི་གནོད་བྱེད་དེ༷་ཉིད༷་བཟོད་པ་དེ༷་འགྲུབ་པ་ཡི༷་རྒྱུ་ངེ༷ས་པར་ཡི༷ན་ན༷་ཇི༷་ལྟར༷་དགྲ་སོགས་གནོད་བྱེད་དེ་ལ་བསོད་ནམས་དགེ་བའི་གེ༷གས་ཡིན་ནོ་ཞེས༷་བྱ་སྟེ་བྱ་མི་རིགས་ཏེ་མེད་ན་མི་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ། །དཔེར་ན་སྦྱིན་པ་གཏོང་བའི་དུས༷་སུ༷་བབ་པ་ན་ཕྱིན༷་པའི༷་སློང༷་མོ༷་བ༷ས་སྦྱིན༷་པའི༷་གྲོགས་བྱེད་པ་ཡིན་གྱི་གེ༷གས་བྱས༷་པ་ཅུང་ཟད་ཙམ་ཡོ༷ད་པ་མ༷་ཡིན་ན་ཇི་ལྟར་དེ་ལ་གེགས་ཞེས་བྱ་སྟེ་བྱ་མི་རིགས་པ་དང༌། རབ་བྱུང་དོན་དུ་གཉེར་བ་ན་ར༷བ་ཏུ་འབྱིན༷་པ༷ར་བྱེད༷་པའི་མཁན་སློབ་ལ་སོགས་པ་མཐུན་རྐྱེན་དུ་གྱུར༷་པ༷་འདི་ནི་རབ༷་ཏུ༷་བྱུང༷་བའི་གེ༷གས་ཡིན་ནོ་ཞེ༷ས་བྱར༷་ཏེ་བྱ་བར་མི༷་རུང༷་བ་བཞིན་ནོ། །བསྐལ་པ་མར་འགྲིབ་སྙིགས་མའི་དུས་འཇིག༷་རྟེན༷་ན༷་ནི༷་སྦྱིན་པའི་གྲོགས་སློང༷་བ༷་སྤྲང་པོ་ནི་ཤིན་ཏུ༷་མོ༷ད་ལ་དེ་བས་རབ་ཏུ་འབྱིན་པར་བྱེད་པའི་མཁན་སློབ་དཀན་ལ། དེ་བས་ཀྱང་བཟོད་པའི་རྒྱུ་གནོ༷ད་པ༷་བྱེད༷་པ༷་ཡི་སེམས་ཅན་དཀོ༷ན་པ༷་སྟེ༷་དེའི་རྒྱུ་མཚན་འདི༷་ལྟར༷་བྱང་ཆུབ་སེམས་དཔའ་རྣམས་གྱིས་ཕ༷ར་ལ་གནོ༷ད་པ་རྡུལ་ཙམ་མ༷་བྱས༷་པར་ཕན་པ་འབའ་ཞིག་སྒྲུབ་པར་བྱེད་ན༷་སེམས་ཅན་འག༷འ་ཡ༷ང་ཚུར་གནོ༷ད་པ༷་མི་བྱེད༷་པས་བཤེས་པར་འགྱུར་བ་ཉིད་དོ༷། །དེ་ཡང་སེམས་ཅན་མ་རུང་བ་རྣམས་ཀྱིས་ཀྱང་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་མཇལ་མ་ཐག་ཏུ་གནོད་འཚེའི་བསམ་སྦྱོར་ཞི་ཞིང་བྱམས་པའི་སེམས་དང་ལྡན་པར་གྱུར་ནས་གུས་པར་བྱེད་དེ། སྔོན་རྗེ་བཙུན་མི་ལའི་མདུན་ན་ཁྱི་དང་ཤ་བ་ལྷན་གཅིག་ཏུ་ཆོས་ཉན་པ་དང༌། རྒྱལ་སྲས་ཐོགས་མེད་ཀྱི་མདུན་ན་སྤྱང་ཀུ་དང་ལུག་གཉིས་ཕན་ཚུན་དགའ་ཞིང་རྩེ་བར་བྱེད་པ་ལ་སོགས་པ་ལྟ་བུའོ། །བསོད་ནམས་དགེ་བ་མཆོག་བཟོད་པ་དེ་འགྲུབ་པའི་རྒྱུ་དཀོན་པ་དེ༷་བ༷ས་ན་མི་ཤིན་ཏུ་དབུལ་པོ་ཞིག་གིས་དཀའ་ཚེགས་དང་ང༷ལ་བ༷ས་མ༷་སྒྲུབ༷་པའི༷་རང་གི་ཁྱི༷མ་དུ་ཟས་གོས་ལ་སོགས་པའི་ལོངས་སྤྱོད་ཟད་མི་ཤེས་པའི་གཏེར༷་ཆེན་པོ་ནི༷་བྱུང༷་ན་དགའ་བ་ཆེན་པོ་སྐྱེ་བ༷་ལྟར༷་བྱང༷་ཆུབ༷་སེམས་དཔའི་སྤྱོད་པ༷འི་མཆོག་བཟོད་པ་བསྒོམ་པའི་གྲོག༷ས་རྙེད་པ་དཀོན་པ་རྙེད་པར་གྱུར་པ༷ས་ན་བད༷ག་གི༷ས་དགྲ༷་སོགས་གནོད་བྱེད་བྱུང་བ་རྣམས་ལ༷་དག༷འ་བ་འབའ་ཞིག་སྐྱེ་བ༷ར་བྱ་དགོ༷ས་སོ། །དེ་ཡང་བླ་མ་གསེར་ཁང་པ་ཆེན་པོས་ཁོང་གི་བླ་མ་གཉའ་ཐུབ་བསྟན་ཟེར་བ་ཇག་དཔོན་དེ་ཡིན་ཞེས་གསུངས་དེའི་རྒྱུ་མཚན་ཁོང་གི་ལོངས་སྤྱོད་ཐམས་ཅད་དེས་བཅོམ་སྟེ་འཕྲོག་སོང་བ་དེ་ཕྱིན་ཁོང་སྔར་ལྟར་བླ་ཆེན་གྱི་གོས་མ་མཛད་པར་ཁོང་བྱ་བྲལ་ལྟ་བུར་མཛ༷ད་པར་གསུངས་དེ་ལྟར་དགྲ་སོགས་གནོད་བྱེད་དེ་མེད་ན་བཟོད་པ་དེ་མི་འགྲུབ་པས་དགྲ་འདི༷་དང༷་བད༷ག་གི༷ས་བཟོད་པ་འདི་བསྒྲུབ༷་པ་ཡིན་པས༷་ན༷་དེ༷་ཕྱིར༷་བཟོ༷ད་པ་བསྒོམ་པའི༷་འབྲས༷་བུ༷་དེ་ནི༷་དགྲ་འདི༷་ལ༷་ཐོག༷་མ༷ར་བད༷ར་ཏེ་བཤམས་ནས་སྦྱིན་པར་འོ༷ས་ཏེ༷་དེའི་རྒྱུ་མཚན་འདི༷་ལྟར༷་དགྲ་སོགས་གནོད་བྱེད་དེ༷་ནི་བཟོ༷ད་པ་དེ་འགྲུབ་པའི་རྒྱུ༷་ཡིན་པའི་ཕྱིར་རོ། །གལ༷་ཏེ༷་དགྲ་འདིས་བདག་རྒྱུད་ལ་བཟོ༷ད་པ་བསྒྲུབ༷་པར་བྱའོ་སྙམ་པའི་ཀུན་སློང་གི་བས༷མ་པ་བཟང་པོ་མེ༷ད་པ༷ས་དགྲ༷་འདི༷་ནམ་ཡང་མཆོ༷ད་པ༷ར་བྱ༷་བ་མི༷ན་ནོ་ཞེ༷་ན༷། འོ་ན་རང་རྒྱུད་ལ་དགེ་བ་རྒྱ་ཆེན་པོ་འགྲུབ༷་པ༷་ཡི༷་ནི༷་རྒྱུར༷་རུང༷་བ༷་ཡི་དམ༷་པའི༷་ཆོས༷་ཀྱང༷་ཅི༷་སྟེ་མཆོ༷ད་དེ་མཆོད་མི་རིགས་ཏེ་བདག་རྒྱུད་ལ་དགེ་བ་བསྒྲུབ་པར་བྱེད་དོ་སྙམ་པའི་ཀུན་སློང་གི་བསམ་པ་མེད་པའི་ཕྱིར་རོ། །དེ་ལྟ་ནའང་ག༷ལ་ཏེ་ད༷མ་པ༷འི་ཆོས་ལ་གནོད་སེམས་མེད་ལ་དགྲ༷་འདི༷་ལ་བདག་ལ་གནོ༷ད་པར་བྱ༷་སྙམ་པའི༷་བས༷མ་པ་ཡོ༷ད་པས་ན་མཆོ༷ད་པར་བྱ༷་བ་མི༷ན་ནོ༷་ཞེ༷་ན༷། དགྲ་རྣམས་གནོད་སེམས་མེད་པར་སྨན༷་པ༷་བཟང་པོ་བཞི༷ན་དུ༷་བདག་ལ་ཕ༷ན་བདེ་འབའ་ཞིག་བསྒྲུབ་པར་བརྩོ༷ན་པ་ཡིན་ན༷་དེ་ལ་བརྟེན་ནས་བད༷ག་གི༷ས་བཟོ༷ད་པ༷་ཇི༷་ལྟར༷་འགྲུབ༷་སྟེ་མི་འགྲུབ་སྟེ་རྒྱུ་མེད་པའི་ཕྱིར་རོ། །ཕན་པར་བརྩོན་པ་ལས་བཟོད་པ་མི་འགྲུབ་པ་དེ༷་བ༷ས་ན་རབ༷་ཏུ༷་སྡང༷་བའི་སེ༷མས་དང་ལྡན་པས་གནོད་པར་བྱེད་པའི་དགྲའི་མཚན་ཉིད་ཡོད་པ་ལ་བརྟེན༷་ནས་བདག་རྒྱུད་ལ་བཟོ༷ད་པ༷་སྐྱེ༷་བར་འགྱུར་བ༷ས་ན༷་དགྲ་བོ་དེ༷་ཉིད༷་བཟོ༷ད་པ་འགྲུབ་པ༷འི་རྒྱུ༷་ཡི༷ན་པ༷ས་བདག་ལ་བཟོད་པ་བསྒྲུབ་པའི་བསམ་པ་མེད་ཀྱང་དམ༷་པ༷འི་ཆོ༷ས་བཞི༷ན་དུ་མཆོ༷ད་པ༷ར་འོ༷ས་ཏེ་དགེ་བ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །གསུམ་པ་སེམས་ཅན་ལ་གུས་པར་བྱ་བ་ལ། བསོད་ནམས་ཀྱི་ཞིང་དུ་བསམ་སྟེ་སེམས་ཅན་ལ་གུས་པར་བྱ་བ། རྒྱལ་བ་དགྱེས་པ་ལ་བསམ་སྟེ་སེམས་ཅན་ལ་གུས་པར་བྱ་བ། ཕན་གནོད་ཀྱི་འབྲས་བུ་ལ་བསམ་སྟེ་སེམས་ཅན་ལ་གུས་པར་བྱ་བ་དང་གསུམ་ལས། དང་པོ་ནི། དགྲ་ལ་སོ༷གས་པའི་སེམས་ཅན་ལ་བརྟེན་ནས་བཟོད་པ་ལ་སོགས་པའི་དགེ་བ་རང་རྒྱུད་ལ་འགྲུབ་པ་དེ༷་ཕྱིར༷་དོན་གཉིས་ཕུན་སུམ་ཚོགས་པའི་སངས་རྒྱས་ཀྱི་ས་བོན་འདེབས་པའི་ཞིང་ས་བཟང་པོ་ནི་སེ༷མས་ཅ༷ན་གྱི་ཞིང༷་དང༷་ནི༷་རྒྱལ༷་བ༷འི་ཞིང༷་གཉིས་ལ་བརྟེན་ནས་དགེ་བའི་ལོ་ཏོག་འཕེལ་ཞིང་རྒྱས་པར་འགྱུར་བས་ན་ཞིང་ས་བཟང་པོ་དང་འདྲའོ་ཞེས༷་ཐུབ༷་པ་དེ་བཞིན་གཤེགས་པ༷ས་གསུ༷ངས་ཏེ། སྨོན་ལམ་རྣམ་པར་དག་པའི་མདོ་ལས། ངས་སྔོན་སེམས་ཅན་ཞིང་རྣམས་དང༌། །ཐུབ་པའི་ཞིང་ལ་བརྟེན་ནས་ནི། །སངས་རྒྱས་ཆོས་རྣམས་མཐའ་ཡས་པའི། །ལོ་ཏོག་ཕུན་སུམ་ཚོགས་པ་ཐོབ། །ཅེས་པ་ལ་སོགས་པས་སོ། །དེ་ལ་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཚེ་སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་ཕྱིར་དང་བར་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཚད་མེད་བཞི་དང༌། སྦྱིན་ཚུལ་བཟོད་པ་ལ་སོགས་ཕལ་ཆེར་སེམས་ཅན་ལ་དང༌། སྐྱབས་སུ་འགྲོ་བ་ལ་སོགས་པ་ཕལ་ཆེར་སངས་རྒྱས་ལ་བརྟེན་དགོས་པའི་ཕྱིར་དང༌། མཐར་མངོན་པར་རྫོགས་པར་སངས་རྒྱས་པ་ན་ཡང་སེམས་ཅན་རྣམས་སངས་རྒྱས་ཀྱི་གོ་འཕང་ལ་འགོད་དགོས་པའི་ཕྱིར་ན་ཞིང་ས་གཉིས་བསྟན་ཏོ། །དེ་ལ་ལུང་དོན་རིགས་པས་འགྲུབ་དགོས་པའི་ཕྱིར་རིགས་པའང་ཡོད་དེ་འདི་ལྟར་བྱམས་སྙིང་རྗེ་སོགས་ཀྱིས་སེམས་ཅན་འདི༷་ད༷ག་རྣམས་མགུ༷་བར་བྱས་པ་དང༌། དམ་པའི་ཆོས་སྒྲུབ་པ་ལ་སོགས་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་ཐུགས་དགྱེས་པར་བྱས༷་པའི་གང་ཟག་དམ་པ་མ༷ང་པོ༷་ཞིག༷་འདི༷་ལྟར༷་དོན་གཉིས་ཕུ༷ན་སུམ་ཚོ༷གས་པའི་ཕ༷་རོ༷ལ་དུ་ཕྱིན་པའམ་མཐར་ཕྱིན༷་པའི་སངས་རྒྱས་ཉིད་ཐོབ་པའི་ཕྱིར་རོ། །དེས་ན་སེ༷མས་ཅ༷ན་རྣམ༷ས་དང༷་རྒྱལ༷་བ༷་རྣམས་ལ་བསྟེན་པ་ལ༷ས་འབྲས་བུ་ས༷ངས་རྒྱས༷་ཀྱི་ཆོས༷་སྟོབས་བཅུ་མི་འཇིགས་པ་བཞི་ལ་སོགས་པ་རང་རྒྱུད་ལ་འགྲུབ༷་པའི་ཆ་ནས་དེ་གཉིས་འདྲ་བ༷་ལ༷་རྒྱལ༷་བ་རྣམས་ལ༷་གུས༷་པར་བྱེད༷་པ་དང་དེ༷་བཞི༷ན་དུ༷་སེ༷མས་ཅ༷ན་རྣམས་ལ༷་གུས་པར་བྱེད་པ་མི༷ན་པ་འདི་ཅི༷་ཡི༷་ཚུལ༷་ཏེ་ཚུལ༷་དང་མི་མཐུན་པ་ཡིན་པས་གཉིས་ཀར་མཉམ་པར་གུས་པར་བྱའོ། །སངས་རྒྱས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་དང༌། སེམས་ཅན་སྐྱོན་གྱི་གོང་བུ་གཉིས་མི་འདྲ་བས་ཡིན་ནོ་ཞེ་ན། སངས་རྒྱས་དང་སེམས་ཅན་རང་རང་གི་བས༷མ་པ༷འི་ཡོ༷ན་ཏ༷ན་ཏེ་སེམས་རྒྱུད་ཀྱི་ཡོན་ཏན་དེ་གང་རུང༷་གི༷ས་དེ་གཉིས་འདྲ་བའམ་མཉམ་པ་ཡིན་ནོ་ཞེས་བརྗོད་པ་མི༷ན་ན། འོ་ན་ཅི་ཞེ་ན་དེ་གཉིས་ལ་བརྟེན་ནས་འབྲ༷ས་བུ༷་སངས་རྒྱས་ཀྱི་ཆོས་རང་རྒྱུད་ལ་འགྲུབ་པའི་ཆ་ནས་འདྲ་བ་ལ༷ས་མཉམ་པར་བརྗོད་པ་ཡི༷ན་ཏེ་དེས༷་ན་སངས་རྒྱས་རྣམས་དང་མཚུང༷ས་པ༷ར་སེམ༷ས་ཅ༷ན་རྣམ༷ས་ལ༷འ༷ང་རང་རྒྱུད་ལ་སངས་རྒྱས་བསྐྱེད་པའི་ཡོ༷ན་ཏ༷ན་ཡོ༷ད་པ་དེའི༷་ཕྱིར༷་སངས་རྒྱས་དང་སེམས་ཅན་དེ༷་དག་འདྲ་བའམ་མཉ༷མ་པར་བཤད་པ༷་ཡི༷ན་ནོ། །དེ་ཡང་བསམ་གཏན་བཞི་པའི་ངོ་བོར་གྱུར་པའི་བྱམ༷ས་པའི་ཏིང་ངེ་འཛིན་གྱི་སེ༷མས་དང་ལྡན༷་པ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་སྟན་ལས་མ་བཞེངས་པའི་གང་ཟག་དེ་ལ༷་མཆོ༷ད་པ༷་སོགས་བྱས་ན་འབྲས་བུ་ཚེ་འདིར་མཐོང་ཆོས་མྱོང་གྱུར་དུ་སྨིན་པར་འགྱུར་བ་གང༷་ཡིན་པ་དེ༷་ནི༷་སེ༷མས་ཅ༷ན་རྣམས་ཀྱི་ཆེ༷་བ༷་ཉིད༷་ཡིན་ཏེ། གང་ཟག་དེ་ཡུལ་གཉན་པོ་དེ་ལྟ་བུར་གྱུར་པ་ནི་བྱམས་པའི་སེམས་སེམས་ཅན་ལ་དམིགས་པས་ཡིན་པས་སོ། །ས༷ངས་རྒྱས༷་ལ་ད༷ད་པ༷འི་བསོ༷ད་ན༷མས་ཐལ་མོ་ཡ་གཅིག་སྦྱར་བ་དང་མེ་ཏོག་གཅིག་ཙམ་མམ་ཆུ་ཐིག་གཅིག་ཙམ་མཆོད་པ་ལ་སོགས་པ་ཡང་ཐར་པ་ཆ་མཐུན་གྱི་དགེ་བ་ཟད་པ་མེད་པར་འགྱུར་བ་གང༷་ཡིན་པ་དེ༷་ཡ༷ང་ས༷ངས་རྒྱས༷་རྣམ༷ས་ཀྱི་ཆེ༷་བ༷་ཉིད༷་ཡིན་ནོ། །མདོར་ན་འབྲས་བུ་ས༷ངས་རྒྱས༷་ཀྱི་ཆོ༷ས་འགྲུབ༷་པའི་ཆ༷་སེམས་ཅན་རྣམས་ལའང་ཡོ༷ད་པ༷་དེ༷ས་ན༷་སེམས་ཅན་དང་སངས་རྒྱས་དེ༷་དག༷་མཉ༷མ་པ༷ར་འདོ༷ད་པ་ཡིན་གྱི་སྟོབས་བཅུ་མི་འཇིགས་པ་བཞི་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པའི་ཡོ༷ན་ཏན༷་རྒྱ༷་མཚོ༷་ལྟར་མཐ༷འ་ཡ༷ས་པ་མངའ་བ༷འི་ས༷ངས་རྒྱས༷་རྣམ༷ས་དང༷་སེམས་ཅ༷ན་འག༷འ་ཡང་ཡོན་ཏན་གྱི་ཆ་ནས་མི༷་མཉ༷མ་མོ། །སྟོབས་བཅུ་ལ་སོགས་པའི་ཡོ༷ན་ཏན༷་མཆོ༷ག་ཏུ་གྱུར་པའི་ཚོ༷གས་ལ་འགྲན་ཟླ་མེད་པས་གཅི༷ག་པུ༷་ཡི༷་ཡོ༷ན་ཏ༷ན་གྱི་ཆ་ཤས༷་ཕྲ་མོ་ཅུང་ཟད་ཙ༷མ་ཞིག་སེམས་ཅན་འག༷འ་ཞིག༷་ལ༷་སྣང༷་ན༷འ༷ང་སེམས་ཅན་དེ༷་ལ༷་མཆོ༷ད་པའི༷་དོན་དུ་ཁ༷མས་གསུམ༷་གྱི་འབྱོར་པའམ་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་ཕུལ༷་ཡ༷ང་ཆུང༷་པ༷ར་འགྱུར༷་བས་ན་ཡོན་ཏན་གྱི་ངོས་ནས་མི་མཚུངས་ཀྱང་ས༷ངས་རྒྱས༷་ཀྱི་ཆོས༷་མཆོ༷ག་ཏུ་གྱུར་པ་རྣམས་རང་རྒྱུད་ལ༷་སྐྱེ་བ༷འི་ཡོན་ཏན་གྱི་ཆ་ཤ༷ས་ནི་སེ༷མས་ཅ༷ན་རྣམ༷ས་ལ༷འང་ཡོ༷ད་པ༷ས་ན༷་རྒྱུ་མཚན་འདི༷་ཙ༷མ་དག༷་གི༷ས་ཆ༷་དང་ཡང་བསྟུན༷་ན༷ས་སེ༷མས་ཅ༷ན་རྣམས་ཀྱང་སངས་རྒྱས་དང་འདྲ་བར་མཆོ༷ད་བྱར༷་ཏེ་མཆོད་ཅིང་མཉེས་པར་བྱ་བའི་ཞིང་དུ་རི༷གས་པ༷ར་འགྱུར༷་རོ། །གཉིས་པ་ནི། སེམས་ཅན་ལ་གུས་པར་བྱ་དགོས་པའི་རྒྱུ་མཚན་གཞ༷ན་ཡ༷ང་གཡོ༷་དང་སྒྱུ་མེ༷ད་པར་དགྲ་ལ་སོགས་པ་མཐའ་ཡས་པའི་འགྲོ་བ་རྣམས་ལ་ལྷས་སྦྱིན་དང་སྒྲ་གཅན་འཛིན་མཉམ་པ་ལྟ་བུར་གཉེ༷ན་བཤེས་མཆོག་ཏུ་གྱུར༷་ཅི༷ང་ཚེ་འདི་ཕྱི་ཀུན་ཏུ་ཕ༷ན་པ༷་དང་བདེ་བ་དཔ༷ག་ཏུ་མེ༷ད་པ་མཛ༷ད་པའི་རྒྱལ་བ་དང་བྱང་ཆུབ་སེམས་དཔའ་དང་བཅས་པ་རྣམས་ལ༷་སེ༷མས་ཅ༷ན་རྣམས་ལ་ཕན་བཏགས་པས་མགུ༷་བར་བྱ་བ་མ༷་གཏོ༷གས་པ༷་གཞ༷ན་ག༷ང་ཞིག༷་གི༷ས་ནི་ཕན་བཏགས་པར་མཛད་པའི་དྲིན་ལན་ལོན་པར་འགྱུར༷་ཏེ་མི་འགྱུར་བས་བྱས་པ་ཤེས་ཤིང་དྲིན་གཟོ་བའི་ཕྱིར་སེམས་ཅན་རྣམས་མགུ་བར་བྱའོ། །སེམས་ཅན་གང༷་ཞིག༷་ཕན་བདེ་ཐོབ་པའི་ཕྱིར༷་དུ་བསོད་ནམས་བརྒྱ་ལས་གྲུབ་པའི་སྐུ༷་ཡང་གཏོང་དགོས་ན་གཏོང༷་ཞིང༷་མན༷ར་མེ༷ད་པ་ཉིད་དམྱལ་བར་ཡང་འཇུག༷་པར་མཛ༷ད་པ༷་དེ་དག་ལ་དད་གུས་ཡོད་ན་ནི་སེམས་ཅན་དེ༷་ལ༷་ཕ༷ན་བཏ༷གས་པས་དྲིན་ལ༷ན་ལོ༷ན་པའམ་སོད་པར་འགྱུར༷་བ༷ས་ན༷་རྒྱུ་མཚན་དེ༷་བ༷ས་ན་སེམས་ཅན་འདི༷་དག༷་གིས་བདག་གི་ལོངས་སྤྱོད་སོགས་ལ་གནོ༷ད་པ་ཆེ༷ན་པོ་ཇི་ཙམ་བྱེད༷་ན༷་ཡ༷ང་སློབ་མ་བཟང་པོས་བླ་མས་ཅི་མཛད་ལེགས་མཐོང་ལྟར་ཐམ༷ས་ཅ༷ད་བཟ༷ང་དགུ༷་འབའ་ཞིག༷་ཏུ༷་བསམ་ནས་དང་དུ་བླང་ནས་སྤྱད༷་པ༷ར་བྱའོ། །རེ༷་ཞི༷ག་དང་པོར་བད༷ག་གཞན་སེམས་ཅན་མཐའ་དག་གི༷་རྗེར་ཏེ་རྗེ༷་བོར་གྱུར༷་པ་རྒྱལ་བ་སྲས་བཅས་ཉིད༷་ཀྱང༷་ནི༷་སེམས་ཅན་ག༷ང་གི་ཕྱིར༷་དུ་རང༷་གི༷་སྐུ་ལ༷འང༷་མི༷་གཟི༷གས་པར་མཛད་པ༷་ཡི་སེམས་ཅན་དེ༷་ལ༷་བླང་དོར་ལ་རྨོང༷ས་པ༷་བད༷ག་གི༷ས་ཇི༷་ལྟར༷་ན༷་ང༷་རྒྱལ༷་གྱིས་ཁེངས་པར་བྱ་སྟེ་མི་བྱ་ཞིང་གུས་པ་དང་བཅས་པའི་སྒོ་ནས་བྲན༷་གྱི༷་དངོ༷ས་མི༷་བྱ༷་སྟེ་བྲན་བཟང་པོ་བཞིན་དུ་སེམས་ཅན་མགུ་བར་བྱ་བ་ལ་བརྩོན་པར་བྱའོ། །བུ་གཅིག་པ་དང་འདྲ་བའི་སེམས་ཅན་གང༷་དག༷་བདེ༷་བ་དང་ལྡན་པར་བྱས་པ༷ས་ཐུབ༷་དབང་རྣམས་ཀྱི་ཐུགས་དགྱེས༷་པར་འགྱུར༷་ཞིང༷་སེམས་ཅན་གང༷་ལ༷་གནོ༷ད་པ་བྱས་ན༷་ཐུགས་མི༷་དགྱེ༷ས་པ་འབྱུང༷་བར་འགྱུར༷་བ༷་ཡི་སེམས་ཅན་དེ༷་དག༷་ལ་ཕན་བཏགས་ནས་དག༷འ་བར་བྱས་པ༷ས་ཐུབ༷་པ༷་སངས་རྒྱས་ཀུན་ཐུགས་མཉེས་པས་དགྱེས༷་ཤིང༷་སེམས་ཅན་དེ༷་ལ༷་གནོད༷་པས་སྡུག་བསྔལ་བར་བྱས༷་ན་ཐུབ༷་པའི་དབང་པོ་རྣམས་ལ༷་གནོ༷ད་པ༷་བྱས༷་པར་ཡང་འགྱུར་རོ། །དེ་ཉིད་དཔེས་བསྟན་པ་ཇི༷་ལྟར༷་ན་སྐྱེས་བུ་ཞིག་གི་ལུས༷་ལ༷་ཕྱོགས་ཐམས་ཅད་ཀུན༷་ན༷ས་མེ༷་འབ༷ར་བ༷་ཆེན་པོས་བསྲེག་སྟེ་སྡུག་བསྔལ་བར་གྱུར་པ་དེ་ལ་གཞན་ཞིག་གིས་འདོ༷ད་པ༷་ཡི་ཡོན་ཏན་ལྔ་པོ་ཀུན༷་གྱིས༷་བསྟབས་ཏེ་འདི་ལ་ལོངས་སྤྱོད་ཅིག་ཅེས་མཆོད་ཀྱང་ཡི༷ད་བདེ༷ར་མི༷་འགྱུར༷་བར་མ་ཟད་སླར་སྡུག་བསྔལ་གྱི་རྒྱུར་འགྱུར་པ༷་དེ༷་ཇི་ལྟ་བ་བཞི༷ན་དུ་སེ༷མས་ཅ༷ན་རྣམས་ལ་གནོ༷ད་པ༷་ཆེན་པོས་སྡུག་བསྔལ་བར་བྱས༷་ཏེ་དཀོན་མཆོག་ལ་མཆོད་པ་འབུལ་བར་འདོད་ན༷་ཡང༷་ཐུག༷ས་སྙིང་རྗེ༷་ཆེ༷་བའམ་ཆེན་པོ་དང་ལྡན་པའི་ཐུབ་པའི་དབང་པོ་རྒྱལ་བ་སྲས་དང་བཅས་པ་རྣམ༷ས་ནམ་ཡང་མཉེས་ཤིང་དགྱེས༷་པ༷འི་ཐབ༷ས་མེ༷ད་དོ༷། །དེ་ཡང་ཤ་ཁྲག་གི་མཆོད་པ་དམར་ཆོག་བྱེད་པ་རྣམས་ཀྱིས་དཀྱིལ་འཁོར་དུ་ཤ་ཁྲག་བཤམས་ནས་རྒྱལ་བ་སྲས་བཅས་སྤྱན་དྲངས་ཏེ་མཆོད་པར་རློམས་པ་ནི་དཔེར་ན་བུ་སྡུག་གུ་བསད་པའི་ཤ་ཁྲག་གིས་མ་རྒན་མགྲོན་དུ་འབོད་པ་ལྟ་བུ་ཡིན་པས་ལྷ་ཡེ་ཤེས་པ་རྣམས་དེར་ཉེ་མི་ནུས་ལ་ནགས་ཕྱོགས་ཀྱི་འབྱུང་པོ་གདུག་འདྲེ་ཤ་ལ་དགའ་ཞིང་ཁྲག་ལ་རྔམས་པ་རྣམས་ཀྱིས་ཟ་ཞིང་བཏུང་སྟེ་ཡོན་བདག་མཆོད་གཉིས་ཀ་འདི་ཕྱི་གཉིས་ཕུང་པའི་རྒྱུ་བྱེད་པ་ཁོ་ན་ཡིན་ནོ། །དེ༷་བ༷ས་ན་བད༷ག་གི༷ས་འགྲོ༷་བ་སེམས་ཅན་རྣམས་ལ༷་སྔོན་ནས་ད་ལྟ་བའི་བར་དུ་ལུས་ངག་ཡིད་ཀྱིས་གནོ༷ད་པ་གང་དང་གང་བྱས༷་པ༷ས་ཐུག༷ས་སྙིང་རྗེ་ཆེ༷་བའམ་ཆེན་པོ་དང་ལྡན་པའི་རྒྱལ་བ་སྲས་དང་བཅས་པ་ཀུན༷་མི༷་དགྱེས༷་པར་གྱུར༷་པ༷་གང༷་ཡིན་པའི་སྡིག༷་པ་ཆེན་པོ་དེ༷་ཐམས་ཅད་དུས་དེ༷་རིང༷་ནས་རྒྱལ་བ་སྲས་བཅས་ཀྱི་མདུན་དུ་གནོད་འགྱོད་དྲག་པོའི་སྒོ་ནས་མི་འཆབ་མི་སྦེད་པར་སོ༷་སོ༷ར་བཤ༷གས་ཤིང་ཕྱིན་ཆད་ཀྱང་བསྡོམ་པར་བགྱི༷་ཡི༷ས་ཐུགས་དང་འགལ་བ་བྱས་པས་མི༷་དགྱེས་པར་གྱུར་པ་གང༷་ལ༷གས་པ་དེ༷་ཐམས་ཅད་ཐུབ༷་དབང་སྲས་དང་བཅས་པས་བཟོ༷ད་པ༷ར་མཛད་དུ་གསོ༷ལ། ད་ཕྱིན་ཆད་དེ༷་བཞི༷ན་གཤེ༷གས་པ་སྲས་དང་བཅས་པ་རྣམ༷ས་ཐུགས་དགྱེས༷་པ༷ར་བགྱི༷་བའི་སླད༷་དུ༷་དུས་དེ༷ང་ན༷ས་བཟུང་སྟེ་སེམས་ཅན་ལ་གནོད་པ་དང་ང་རྒྱལ་ངེ༷ས་པར་བརྟུལ༷་ཏེ་འཇི༷ག་རྟེན༷་ན་སེམས་ཅན་རྣམས་ཀྱི་བྲན༷་དུ་མཆི༷་བར་བགྱིའོ། །དེས་ན་འགྲོ༷་བ་མ༷ང་པོའི་ལུས་ཀྱི་དམའ་ཤོས་རྡོག༷་པ༷ས་བད༷ག་གི༷་ལུས་ཀྱི་མཐོ་ཤོ༷ས་སྤྱིར༷་ཏེ་སྤྱི་བོའི་གཙུག་ཏུ་བརྡུང་ཞིང་འཚོ༷ག་ག༷མ་འགུམ༷ས་པ་སྟེ་གསོད་པར་བྱས་ཀྱང༷་ལན་བསྡོ་ཐུབ་ཀྱང་མི༷་བསྡོ༷་བར་གུས་པས་དང་དུ་བླང་བར་བགྱིད་ན་འཇི༷ག་རྟེན༷་གསུམ་གྱི་མགོ༷ན་པོ་ཐུགས་སྙིང་རྗེ་ཆེན་པོ་དང་ལྡན་པ་རྣམས་དགྱེས༷་པར་མཛོ༷ད་ཅིག་ཅེས་པའོ། །འགྲོ༷་བ༷་མ་ལུས་པ་འདི༷་ཀུན༷་ཐུག༷ས་རྗེ༷འི་སྟེ་སྙིང་རྗེ་ཆེན་པོའི་བད༷ག་ཉིད་ཅ༷ན་དེས༷་ཞེས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བད༷ག་ཏུ༷་མཛ༷ད་པ༷་འདི༷་ལ༷་ཐེ༷་ཚོ༷མ་མེ༷ད་དེ་དེ་ཡང་ལྷས་སྦྱིན་གྱིས་མདའ་བསྣུན་པའི་ངང་པ་སངས་རྒྱས་ཉིད་ཀྱིས་བདག་གིར་མཛད་པར་གསུངས་པ་བཞིན་ནོ། །ཇི་ལྟར་ན་སངས་རྒྱས་ཀྱིས་དང་པོ་ཐུགས་བསྐྱེད་པའི་ཚེ་སྤྱིར་སེམས་ཅན་ཐམས་ཅད་ཕ་དང་མ། བྱེ་བྲག་ཏུ་རང་ལས་ཆེ་བ་རྣམས་ལ་ཕ་མ་དང༌། མཉམ་པ་རྣམས་ལ་སྤུན་དང་སྲིང་མོ། །ཆུང་བ་རྣམས་ལ་བུ་དང་བུ་མོའི་འདུ་ཤེས་བསྐྱེད་ནས་བདག་གིར་མཛད་ལ། ཚོགས་སྦྱོར་དུ་བདག་གཞན་མཉམ་བརྗེའི་སྒོ་ནས་བདག་ཏུ་མཛད་པ་འཆད་འགྱུར་ལྟར་དང༌། མཐོང་ལམ་ནས་ཆོས་ཉིད་བདག་གཞན་མཉམ་པ་ཉིད་རྟོགས་པས་བད༷ག་གཞན་གཉིས་མེད་ཀྱི་བདག་ཏུ་མཛད་པ་དང༌། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་ཏེ་སངས་རྒྱས་པའི་ཚེ་ཡུལ་ཆོས་ཀྱི་དབྱིངས་དང་ཡུལ་ཅན་ཡེ་ཤེས་གཉིས་ཆུ་ལ་ཆུ་བཞག་པ་ལྟར་གཉིས་སུ་མེད་པར་རོ་མཉམ་གཅིག་ཏུ་གྱུར་པའི་ཚེ། སངས་རྒྱས་དང་སངས་རྒྱས་ཀྱི་ཞིང་ཞེས་ཁོང་བུར་གཅིག་ཏུ་འཛིན་པའི་གཉིས་ཆོས་ཅུང་ཟད་ཙམ་ཡང་མེད་པས་ནམ་མཁས་གང་ཁྱབ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱིས་ཁྱབ་སྟེ། མདོ་ལས། ནམ་མཁའ་མཐར་ཐུག་གྱུར་པ་ཅི་ཙམ་བར། །སེམས་ཅན་མ་ལུས་མཐའ་ཡས་དེ་བཞིན་དེ། །ཞེས་དང༌། ནམ་མཁས་ཇི་སྙེད་ཁྱབ་གྱུར་པར། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པར། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །གསུང་གིས་ཇི་སྙེད་ཁྱབ་གྱུར་པར། །ཐུགས་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་གསུངས་པ་ལྟར་ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ་ལ་དེ་ལ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱིས་ཁྱབ་པའི་ཕྱིར་ན་སེམས་ཅན་དང་སངས་རྒྱས་ཀྱི་ཐུགས་གཉིས་ཡེ་ནས་དབྱེར་མེད་ཡིན་པ་ལ་ཡིན་པར་གཟིགས་པས་སངས་རྒྱས་དང་སེམས་ཅན་ཞེས་ཐ་དད་པ་ཅི་ཡང་མེད་པས་སེམས་ཅན་རྣམས་སངས་རྒྱས་ཀྱི་བདག་ཉིད་ཅན་དུ་ཡིན་པས་བདག་ཉིད་ཆེན་པོའི་བདག་ཏུ་མཛད་པ་ཡིན་གྱི་སངས་རྒྱས་ལ་བདག་དང་གཞན་དུ་འཛིན་པ་ཅི་ཡང་མེད་ལ་གལ་ཏེ་ཡོད་ན་བདག་མེད་མ་རྟོགས་པར་ཐལ་བར་འགྱུར་བའི་ཕྱིར་མི་འཐད་དོ། །དེ་ལྟར་ན་འཁྲུལ་ངོར་སེ༷མས་ཅན་གྱི་ངོ༷་བོ༷ར་སྣང་ཞིང་མཐོ༷ང་བ༷་འདི༷་དག༷་ཉིད༷་མགོ༷ན་པོ་སངས་རྒྱས་དེ༷་ཡི་བད༷ག་ཉི༷ད་ཅན་ཡིན་པར་གོང་བཤད་ལྟར་དང༌། བདེ་གཤེགས་སྙིང་པོས་ཁྱབ་པས་མ་འོངས་པའི་སངས་རྒྱས་ཀྱང་ཡིན་པར་མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། ཅེས་དང༌། དག་པ་དྭང་བ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་སྟེ། བདེ་བར་གཤེགས་པའི་སྙིང་པོ་ནི། །ཡེ་ནས་གནས་པའི་མཚན་ཉིད་དོ། །ཅེས་སོགས་གང་གསུང་བ་དེ་ཉིད་རིགས་པས་སྒྲུབ་བྱེད། མགོན་པོ་བྱམས་པས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་པ་ལ་སོགས་པ་ལུང་རིགས་ཟབ་མོས་སེམས་ཅན་རྣམས་སངས་རྒྱས་སུ་གྲུབ་ན་ཅི༷་ཕྱིར༷་གུས༷་པ༷ར་མི༷་བྱེད༷་དེ༷་སངས་རྒྱས་ལ་གུས་ཕན་ཆད་སེམས་ཅན་སྤང་ནས་སངས་རྒྱས་ཞེས་པ་འགའ་ཡང་མེད་པས་སེམས་ཅན་ལ་གུས་པར་བྱ་དགོས་སོ། །དེ་ལྟར་སེམས་ཅན་མགུ་བར་བྱེད་པ་འདི༷་ཉིད༷་དེ༷་བཞི༷ན་གཤེ༷གས་པ༷་རྣམས་ཐུགས་མཉེས༷་པར་བྱེད༷་པའི་མཆོག་ཡི༷ན་ལ་རང༷་གི་དོན༷་དུ་འདི་ཕྱིར་ཕན་བདེ་ཡ༷ང་དག༷་པར་སྒྲུབ་པར་བྱེད་པའི་ཐབས་དམ་པ༷འང་སེམས་ཅན་ལ་ཕན་འདོགས་པ་འདི༷་ཉིད༷་ཡིན་པར་བཤད་དོ། །མགུ་པར་གྱུར་ན་ལས་ཡང་དག་ལ༷་ཞུག༷ས་པར་ནུས་པས་འཇི༷ག་རྟེན༷་སེམས་ཅན་གྱི་སྡུག༷་བསྔལ༷་མ་ལུས་པ་སེ༷ལ་བར་བྱེད་པའི་ཐབས་དམ་པ༷འ༷ང་འདི༷་ཉིད༷་དེ༷། རྒྱུ་མཚན་དེ༷་ལྟས༷་ཏེ་དེ་ལྟ་བས་ན་བད༷ག་གི༷ས་དུས་རྟག༷་ཏུ༷་སེ༷མས་ཅན་མགུ་བར་བྱ་བའི་སྤྱོད་པ་འདི༷་ཉིད༷་ལ་བརྩོན་པར་བྱའོ༷། །གསུམ་པ་ནི། དཔེ༷ར་ན༷་རྒྱལ༷་པོ༷འི་མངགས་པའི་བློན་པོ་ལ་སོགས་པ་མི༷་འག༷འ་ཞིག༷་གིས་འབངས་ཀྱི་སྐྱེ་བོ༷་མ༷ང་པོ་ལ༷་དཔྱ་ཁྲལ་དང་ཉེས་ཆད་སོགས་ཀྱིས་གནོ༷ད་པ་སྣ་ཚོགས་ཕྱིད༷་ཀྱང༷་སྐྱེ༷་བོ༷་མིག་རྒྱང༷་རི༷ང་པོ༷་སྟེ་ཕྱི་མཐའ་འཚོ་ཤེས་པ་དག༷་གི༷ས་དེ་ལ་གནོད་ལན་ནུས༷་ཀྱང༷་ཕྱིར༷་ལན་དུ་གནོ༷ད་པ་མི༷་བྱེད༷་པར་བཀའ་བཞིན་སྒྲུབ་པས་མགུ་བར་བྱེད་དེ༷་དེའི་རྒྱུ་མཚན་འདི༷་ལྟར༷་མི་དེ༷་གྲོགས་མེད་གཅི༷ག་པུ་མ༷་ཡི༷ན་གྱི༷་རྒྱལ༷་པོའི༷་མཐུ༷་སྟོབ༷ས་ནུས་པ་བློན་འཁོར་ཐམས་ཅད་དེ༷་ཡི༷་དཔུང༷་ཡིན་པར་ཤེས་པས་སོ། །དོན་དེ༷་བཞི༷ན་དུ་བདག་ལ་ཐ་ན་ཤིག་དང་སྲོ་མ་ལ་སོགས་པ་ལྟ་བུ་གནོ༷ད་བྱེད༷་ཉ༷མས་ཆུང༷་བ༷་འག༷འ་ཡ༷ང་བརྙས་བཅོས་ཀྱིས་ཁྱད༷་དུ་བས༷ད་ནས་གསོད་པ་ལ་སོགས་མི༷་བྱ༷་སྟེ། དེའི་རྒྱུ་མཚན་འདི༷་ལྟར༷་དམྱལ༷་བའི༷་སྲུང༷་མ༷་འཇིགས་སུ་རུང་བ་རྣམས་ཀྱིས་དེའི་དཔུང་དང་འདྲ་བར་བཙོ་བསྲེག་ལ་སོགས་པས་གནོད་ལན་བྱེད་པ་དང༷༌། ཐུག༷ས་སྙིང་རྗེ༷་ཆེན་པོ་དང་ལྡན༷་པ་རྒྱལ་བ་སྲས་དང་བཅས་པ་རྣམ༷ས་ཀྱང་དེ༷་ཡི༷་དཔུང༷་དང་འདྲ་བར་རང་གིས་ཉེས་པས་ཐུག༷ས་མི༷་དགྱེ༷ས་པར་གྱུར་པས་དེ་དག་གི་ཞལ་མཇལ་ཞིང་ཐུགས་རྗེ་འཇུག་པའི་ཡུལ་དུ་མི་འགྱུར་བས་སོ། །དེ༷་ལྟས༷་ཞེས་དེ་ལྟ་བས་ན་དམ༷ངས་ཕལ་པ་རྣམས་ཀྱིས༷་རྒྱལ༷་པོ་ཞེ་སྡང་ཅན་ཤིན་ཏུ་གཏུམ༷་པོ་ཉེས་པ་ཆུང་ངུ་ཙམ་སོང་ན་གསོད་པ་ལ་སོགས་པའི་གནོད་པ་ཆེན་པོ་བྱེད་པ་དེ་ཐབས་སྣ་ཚོགས་ཀྱིས་མགུ་བར་བྱེད་པ་ལ་བརྩོན་པ་ཇི་ལྟ་བ་བཞི༷ན་དུ་བདག་གིས་སེ༷མས་ཅ༷ན་རྣམ༷ས་ནི༷་ཐབས་སྣ་ཚོགས་ཀྱིས་མགུ༷་བ༷ར་བྱ༷་དགོས་ཏེ་ཞེས་ཁྱད་གཞིའི་དཔེ་དང་དཔེ་ལས་ཀྱང་ཁྱད་པར་དུ་འཕགས་པས་ཕན་གནོད་མི་མཉམ་པར་བསྟན་པ། རྒྱུ་མཚན་རྒྱལ༷་པོ༷་ལྟ་བུ་ཇི༷་ཙ༷མ་ཞིག༷་མི་མགུ་བར་ཁྲོས༷་པར་གྱུར་ན༷་ཡ༷ང་ཚེ་འདིར་ལོངས་སྤྱོད་འཕྲོག་ཅིང་གསོད་པར་བྱེད་པ་ཙམ་ནུས་ཀྱི་དེ་ལས་གཞན་སེ༷མས་ཅ༷ན་རྣམས་མི༷་མགུ༷་བར་བྱས༷་པ༷་ཡི༷ས་ཚེ་ཕྱི་མ་ལ་མྱོང༷་བ༷ར་འགྱུར༷་པ༷་གང༷་ཡི༷ན་པ༷་དམྱལ༷་བ༷འི་སྡུག་བསྔལ་གྱི་གནོ༷ད་པ༷་ནི་རྒྱལ་པོ་དེ༷ས་བྱེད༷་དམ༷་སྟེ་མི་བྱེད་དོ། །རྒྱལ༷་པོ༷་ལྟ༷༷་བུ༷་ཇི་ཙམ་ཞིག༷་མགུ༷་ཞིང་དགའ་བར་གྱུར་ན༷་ཡ༷ང་ཚེ་འདིར་ཐོབ་མངའ་ཐང་ནོར་ལོངས་སྤྱོད་སོགས་སྦྱིན་ནུས་ཀྱི། དེ་ལས་གཞན་སེ༷མས་ཅ༷ན་རྣམས་མགུ༷་ཞིང་དགའ་པར༷་བྱས༷་པ༷་ཡིས༷་འཐོ༷བ་པ༷ར་འགྱུར༷་པ༷་ག༷ང་ཡི༷ན་པ༷་མཐར་ཐུག་ས༷ངས་རྒྱས༷་ཀྱི་གོ༷་འཕང་ཉིད༷་སྦྱིན༷་པ་ནི་རྒྱལ་པོ་དེས་མི༷་སྲིད༷་དོ༷། །དེ་ལྟར་བཟོད་པ་བྱས་ཏེ་སེ༷མས་ཅ༷ན་རྣམས་ལ་ཕན་བཏགས་ཤིང་མགུ༷་བར་བྱས་པ་ལས་བྱུང༷་བ༷་ཡི༷་མཐར་ཐུག་གི་འབྲས་བུ་མ༷་འོ༷ངས་པ་ན་རྫོགས་པའི་སང༷ས་རྒྱས༷་ཀྱི་གོ་འཕང་འགྲུབ༷་པ་ལྟ༷་ཞོ༷ག་གི །གནས་སྐབས་ཀྱི་འབྲས་བུ་མཐོང་ཆོས་ཚེ་འདི༷་ཉི༷ད་ལ༷་ཡང་རང་ལ་གཞན་ཐམས་ཅད་འདུན་པས་ལེགས་པའི་ཡོན་ཏན་གྱི་གཞིར་གྱུར་པའི་དཔ༷ལ་དང་འབྱོར་པ་ཆེ༷ན་པོ་དང༷༌། སྙན་པའི་གྲག༷ས་པ་འཕེལ་ཞིང་ཆེ་བ་དང༷༌། དེ་ལ་བརྟེན་ནས་གནས་གང་དུ་གྲོགས་སུ་དང་འགྲོགས་ཀྱང་ཕན་བདེ་འབའ་ཞིག་བྱེད་པས་ལུས་སེམས་བདེ་ཞིང་སྐྱིད༷་པར་འགྱུར༷་བ་ཅི༷ས་མ༷་མཐོ༷ང་སྟེ་མཐོང་བར་འགྱུར་རོ། །ཚེ་ཕྱི་མར་རྣམ་སྨིན་གྱི་འབྲས་བུ་སངས་རྒྱས་མ་ཐོབ་གྱི་བར་དུ་འཁྱོར་པར་གནས་པའི་ཚེ༷་ཡང་བཟོ༷ད་པ་བསྒོམ་པ༷ས་གཟུགས་མཛེ༷ས་ཤིང་ཡིད་དུ་འོང་བ་དང་དབང་པོ་དང་ཡན་ལག་ཐམས་ཅད་ཚང་བ་ལ་སོ༷གས་པ་དང༷༌། སེམས་ཅན་ལ་གནོད་པ་མ་བྱས་པས་ན༷ད་སྣ་ཚོགས་ཀྱིས་གདུང་བ་མེ༷ད་པ༷་དང༷༌། སེམས་ཅན་ལ་ཕན་བཏགས་པས་དགའ་ཞིང་མགུ་བར་གྱུར་ན་སྙན་གྲགས་ཆེ་ཞིང་དགའ་བདེ་འཕེལ་བ་ལ་སོགས་པ༷་ཡི༷ས་ཚེ་ཤི༷ན་ཏུ་༷་ཡུན༷་རི༷ང་པོར་བདེ་བར་འཚོ༷་བ༷་དང༷༌། རིན་ཆེན་སྣ་བདུན་ལ་སོགས་པའི་འབྱོར་པ་དང་མངའ་འབང་དགེ་བཅུ་ལ་བཀོད་ནུས་པའི་འཁོ༷ར་ལོ༷ས་སྒྱུར༷་བའི༷་རྒྱལ་སྲིད་ཀྱི་བདེ༷་བ་རྒྱས༷་པ་ཕུན་སུམ་ཚོགས་པ་ཐོ༷བ་པར་འགྱུར་བའོ། །ལེའུའི་མཚན་ནི། བྱང༷་ཆུབ༷་སེ༷མས་དཔ༷འི་སྤྱོད༷་པ༷་ལ༷་འཇུག༷་པ༷་ལ༷ས། ཡུལ་འཇིག་རྟེན་ཆོས་བརྒྱད་ལ་བརྟེན་ནས། རོ་མྱོང་གི་ཆགས་སྡང་ཕྲ་མོ་ངོས་ཟིན་དཀའ་བདག་གིས་སེམས་ཚོར་ཡིད་མི་བདེ་བསྐྱེད་ནས་དེས་ཁོང་ཁྲོའི་དུག་རོ་སློང་བ་ཇི་ལྟར་བཟོད་པ༷་ཡི་ཚུལ་བསྟ༷ན་པ༷་ཞེ༷ས་བྱ༷་བ༷་སྟེ་ལེ༷འུ་དྲུག༷་པ༷འོ༷།། །། ༈ གསུམ་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མི་ཉམས་པར་གོང་དུ་སྤེལ་བའི་ལེའུ་གསུམ་ལས། དང་པོ་གྲོགས་བརྩོན་འགྲུས་ཀྱི་ལེའུ་ལ། གཞུང་དང་མཚན་ནོ། །དང་པོ་ལ་བརྩོན་འགྲུས་རྩོམ་དགོས་པའི་རྒྱུ་མཚན་མདོར་བསྟན་པ། ཇི་ལྟར་བརྩོན་ཚུལ་རྒྱས་པར་བཤད་པ་དང་གཉིས་ལས། དང་པོ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག །སྔ་མ་ལ་བསྟེན་ཕྱི་མ་སྟེ་ཞེས་པ་ལྟར་སྔ་ཕྱི་རྒྱུ་འབྲས་ལྟ་བུ་ཡིན་ཏེ། སྦྱིན་པས་ལོངས་སྤྱོད་ལ་མ་ཆགས་པས་ཚུལ་ཁྲིམས་དང༌། ཚུལ་ཁྲིམས་དང་ལྡན་པས་བཟོད་པ་བསྒོམ་ནུས་པས་ན་དེ༷་ལྟར༷་དཀའ་སྤྱད་ཆེན་པོ་ལ་བཟོ༷ད་པ་དང་ལྡན་པ༷ས་བརྩོ༷ན་འགྲུས༷་བརྩམ༷ས་པར་བྱའོ། །དེའི་དགོས་པ་ཅི་ཞེ་ན་འདི༷་ལྟར༷་བརྩོ༷ན་འགྲུས་དང་ལྡན་པ་ལ༷་འབྲས་བུ་བྱང༷་ཆུབ༷་ཆེན་པོ་ལག་རྩེར་གན༷ས་པ་བཞིན་དུ་ཐོབ་པར་འགྱུར་གྱི། དཔེར་ན་རླུང༷་མེ༷ད་ན་ཕྱི་ནང་གི་དངོས་པོ་འདི་ཀུན༷་གཡོ༷་བ༷་མེ༷ད་པ༷་བཞིན་དུ་ཚོགས་གཉིས་ཀྱི་བསོ༷ད་ན༷མས་དགེ་བ་ཐམས་ཅད་བརྩོན་འགྲུས༷་མེ༷ད་ན་མི༷་འབྱུང༷་བ་ཡིན་ལ་བརྩོན་འགྲུས་ཡོད་ན་ཚོགས་གཉིས་ཀྱི་དགེ་བའི་སྟོབས་ཀྱིས་བྱང་ཆུབ་ཆེན་པོ་མྱུར་དུ་འཐོབ་པར་འགྱུར་བ་ཡིན་པས་སོ། །གཉིས་པ་ལ། བརྩོན་འགྲུས་ཀྱི་ངོ་བོ་ངོས་བཟུང་བ་དང༌། མི་མཐུན་པའི་ཕྱོགས་སྤོང་བ་དང༌། མཐུན་ཕྱོགས་བསྒྲུབ་པ་གསུམ་ལས། དང་པོ་ནི། བརྩོན༷་འགྲུས་ཀྱི་ངོ་བོའམ་མཚན་ཉིད་གང༷་ཞེ་ན། དགེ༷་བ་ལ༷་སེམས་སྤྲོ༷་བ༷འོ༷་ཞེས་འདི་ཡིན་ནོ། །དེ་ཡང་དགེ་བ་ལ་ཞེས་པས་མི་དགེ་བ་དང་ལུང་མ་བསྟན་ཐམས་ཅད་བཅད་པ་དང༌། སྤྲོ་བའོ་ཞེས་པས་ལུས་ངག་གི་དགེ་བའང་བཅད་དེ་རང་གི་ངོ་བོ་བསྟན་ཏོ། །དེ་ལྟར་ན་ལུས་ངག་གི་དགེ་བའི་ལས་བརྩོན་འགྲུས་སུ་གྲགས་པའང་རྒྱུའི་མིང་གིས་བཏགས་པ་ཉིད་དོ། །གཉིས་པ་ལ། ལེ་ལོ་རྒྱུ་འབྲས་དང་བཅས་པ་ངོས་བཟུང་བ་དང༌། དེ་ཇི་ལྟར་སྤོང་ཐབས་ཀྱི་གཉེན་པོ་བཤད་པ་གཉིས་ལས། དང་པོ་ནི། བརྩོན་འགྲུས་དེ༷་ཡི༷་མི༷་མཐུ༷ན་པའི་ཕྱོག༷ས་ངོས་བཟུང་ནས་སྤོང་ཚུལ་བཤ༷ད་པར་བྱ༷་སྟེ། སྙོམ་ལས་འཛིན་པའི་ལེ༷་ལོ༷་དང་བྱ་བ་ང༷ན་པ༷་ལ༷་ཞེ༷ན་པ༷་ཡི་ལེ་ལོ་དང་༷། སྒྱིད༷་ལུག༷ས་བད༷ག་ཉིད༷་བརྙས༷་པ༷འོ་ཞེས་བདག་ཉིད་བརྙས་པའི་ལེ་ལོའོ། །དགེ་བ་ལ་མི་བརྩོན་ཞིང་རྣམ་གཡེང་ལ་སོགས་པ་བདེ་བར་ཞེན་པས་སྙོམ༷་ལ༷ས་བདེ༷་བ༷འི་རོ༷་ལ་མྱོང༷་བ་སྟེ་དེ་ལ་ཞེན་པ་དང༷་གཉི༷ད་ཀྱིས་ནོན་པ་མལ་དང་སྔས་རྟེན་སོགས་ལ༷་བརྟེན༷་པའི༷་སྲེད༷་པ༷་འཕེལ་བ་ཡི༷ས་འཁོ༷ར་བ༷འི་སྡུག༷་བསྔལ༷་ཅི་བྱུང་ཡང་སེམས་མི༷་སྐྱོ་བ༷་སྟེ། རྒྱུ་གསུམ་པོ་དེ་ལ༷ས་དགེ་བ༷་ལ་མི་སྤྲོ་བའི་ལེ༷་ལོ༷་ཉེ༷་བ༷ར་སྐྱེ་བ༷ར་འགྱུར༷་རོ་ཞེས་པའོ། །འགྲེལ་ཆེན་ལས། འཁོར་བའི་སྡུག་བསྔལ་ལ་མི་སྐྱོ་བ་ལས་སྙོམས་ལས་བདེ་བའི་རོ་མྱོང་བ་དང༌། དེ་ལས་གཉིད་ལ་སྲེད་པ་འབྱུང་ཞེས་བཤད་དོ། །དོན་དུ་རྣམ་གཡེང་སོགས་ལ་བདེ་བར་ཞེན་པ་དང༌། གཉིད་ཀྱིས་རྣམ་རྟོག་རགས་པ་འགགས་ཚེ་བདེ་སྣང་སྐྱེ་ཡང་སླར་སྡུག་བསྔལ་དུ་གྱུར་ཀྱང་དེ་ལ་སྲེད་པ་དང༌། འཁོར་བའི་སྡུག་བསྔལ་ལ་མི་སྐྱོ་བ་ནི་ཚེ་འདིའི་བྱ་བ་དགྲ་འདུལ་གཉེན་སྐྱོང་སོགས་ཅི་ཙམ་སྒྲུབ་ཀྱང་འགྲུབ་དུས་མེད་ནའང་ད་དུང་མི་སྐྱོ་བར་སྒྲུབ་པར་རློམ་པ་འདི་ལས་སོ། །གཉིས་པ་ལ། སྙོམ་ལས་འཛིན་པའི་ལེ་ལོའི་གཉེན་པོ་བསྒོམ་ཚུལ། བྱ་བ་ངན་ཞེན་གྱི་ལེ་ལོའི་གཉེན་པོ་བསྒོམ་ཚུལ། སྒྱིད་ལུགས་བདག་ཉིད་བརྙས་པའི་ལེ་ལོའི་གཉེན་པོ་བསྒོམ་ཚུལ་དང་གསུམ་ལས། །དང་པོ་ནི་ལེ་ལོ་ནམ་སྐྱེས་སུ་ཚེ་མི་རྟག་པ་བསྒོམ་ནས་ལེ་ལོ་སྤངས་ཏེ་བརྩོན་འགྲུས་གྱི་ལྕགས་འདེབས་པར་བྱ་བ་ལ་ཉ་བ་དང་ཉ་རྒྱའི་དཔེས་མི་རྟག་པ་བསྒོམ་པ་ནི་དཔེར་ན་ཉ་བ་རྣམས་ཀྱིས་ཉ་རྣམས་དེད་ནས་ཉ་རྒྱའི་ནང་དུ་བཙུད་ནས་གསོད་པ་ལྟར་ཆགས་སྡང་སོགས་ཉོ༷ན་མོ༷ངས་རྒྱ༷་བ༷ས་ཏེ་ཉ་རྒྱ་འཛིན་པའི་ཉ་བ་དང་འདྲ་བས་བཤོ༷ར་བའམ་དེད་ནས༷་ནི༷་ཁམས་གསུམ་འཁོར་བའི་སྐྱེ༷་བའི༷་རྒྱར༷་ཏེ་རྒྱ་མོ་ཆེ་བའི་ནང་དུ་ནི༷་ཆུད༷་པར་གྱུར༷་ན༷ས་བཟུང་སྟེ་མགོ་གཅིག་ཏུ་ལུང་སྟོན་པ་འཆི་བས་ཁྱབ་པ་ཡིན་པས་འཆི༷་བད༷ག་གཤིན་རྗེ་བརྩེ་བ་མེད་པའི་ཁ༷ར་ནི༷་སོང༷་སྟེ་ངེས་པར་འཆི་བར་གྱུར༷་པ་ཡིན་པ༷་ཅི༷་སྟེ་ད༷་དུང༷་ཁྱོད་ཀྱིས་མི་ཤེ༷ས་ས༷མ་སྟེ་ཤེས་པར་བྱས་ནས་མྱུར་དུ་དགེ་བ་ལ་བརྩོན་པར་བྱའོ། །དེ་བཞིན་དུ་གདོལ་པ་དང་མ་ཧེའི་དཔེས་མི་རྟག་པ་བསྒོམ་པ་ར༷ང་དང་རིས་མཐུན་པའི་སྡེ༷་ཚན་མི་རྣམས་དང་དེ་ལས་ཀྱང་རང་གི་གྲྭ་རོག་གྲོགས་མཆེད་རང་ལས་ཆེ་བ་དང་ཆུང་བ་རང་དང་མཉམ་པ་ཐམས་ཅད་འཆི་བདག་གཤིན་རྗེས་གཅིག་ཙམ་མི་འཇོག་པར་གཅིག་རྗེས་སུ་གཅིག་རི༷མ་གྱི༷ས་གསོ༷ད་ཅིང་འཆི་བར་གྱུར༷་པ༷་འདི་ཡ༷ང་ཁྱོ༷ད་ཀྱིས༷་ད་དུང་མཐོ༷ང་བ༷ར་མ༷་གྱུར༷་ཏམ༷་སྟེ་མཐོང་བཞིན་དུ་འོ༷ན་ཀྱང༷་གཉིད༷་དང་རྣམ་གཡེང་སྙོམ་ལས་སོགས་ལ༷་སྲེད་ཅིང་བརྟེན༷་ནས་དགེ་བ་ལ་མི་བརྩོན་པ༷་གང༷་ཡིན་པ་དེ་ནི་དཔེར་ན་གདོ༷ལ་པ༷་དང༷་ནི༷་ཞེས་གདོལ་པའམ་ཤན་པ་རྣམས་ཀྱིས་མ༷་ཧེ༷་རྣམས་རིམ་གྱིས་གསོད་པ་ན་ལྷག་མ་རྣམས་བག་ཚ་བ་ཅུང་ཟད་ཙམ་མེད་པར་གཉིད་དུ་ལོག་པ་བཞི༷ན་དུ་ཤིན་ཏུ་བླུན་པའོ། །འགྲོན་པོ་དང་ལམ་སྒུག་གི་དཔེས་མི་རྟག་པ་བསྒོམ་པ་དཔེར་ན་འགྲོན་པོ་རྣམས་རང་གསོད་པའི་དགྲས་ལམ་གཞན་བཀག་ནས་མདུན་ན་སྒུགས་ནས་བལྟས་པ་དང་འདྲ་བར་བདག་རང་ཡང་མི་འཆི་བར་འགྲོ་བའི་ལ༷མ་ཀྱི་ཕྱོགས་ནི༷་ཀུན་ན༷ས་བཀ༷ག་ན༷ས་སུ༷་ཞེས་འགྲོ་ས་མེད་པར་བྱས་ནས་ནི་འཆི་བའི་ལམ་པོ་ཆེ་གཅིག་བུ་དེ་ན་འཆི༷་བད༷ག་གཤི༷ན་རྗེ་བརྩེ་བ་མེད་པ་དག་གི༷ས་ནི༷་གསོད་པའི་དོན་དུ་སྒུགས་ནས་བལྟས༷་པ་བཞི༷ན་དུ༷༷་ཡོ༷ད་ན་དེའི་མདུན་དུ་ཇི༷་ལྟར༷་ཁྱོད༷་ནི༷་ཉིན་ཟ༷་དག༷འ་འཐུང་སྐྱིད་ལ་གནས་པར་བྱ་ཞིང༷་འདི༷་ལྟར༷་མཚན་གཉི༷ད་ལོ༷ག་པ་ལ་དགའ་བའི་སྒོ་ནས་ཉིན་མཚན་གཉིས་ཀྱིས་མྱུར་དུ་འགྲོ་བ་ལ་ཇི༷་ལྟར༷་དག༷འ་སྟེ་དགའ་བ་མི་བྱ་བར་དགེ་བ་ལ་བརྩོན་པར་བྱའོ། །དེ་ཡང་མྱུར་དུ་འཆི་བ་ལ་བསམ་པ་སྤྱིར་སྙིགས་དུས་ཀྱི་ཚེ་ཚད་ཐུང་ཀྱང་ཡུན་རིང་པོ་མེད་པ་ལ་ཁྱད་པར་དེང་སང་ནད་གདོན་ལ་སོགས་པའི་རྐྱེན་ངན་ཤིན་ཏུ་མང་བས་དོ་ནུབ་ཙམ་དུའང་མི་འཆི་བའི་ངེས་པ་མེད་པས་མྱུར༷་བ༷་ཉི༷ད་དུ༷༷་འཆི༷་བར་འགྱུར༷་བ༷ས་ཇི༷་སྲིད༷་མ་ཤིའི་བར་དེ་སྲིད་དུ༷་ནི༷་དགེ་བ་ལ་བརྩོན་ཏེ་ཚོ༷གས་གཉིས་བས༷གས་པ༷ར་བྱའོ། །ནམ་འཆི་བ་ལ་ཐུག་པ་དེ༷་ཡི་ཚེ༷་ལེ༷་ལོ༷་སྤང༷ས་ནས་ཚོགས་བསགས་པར་འདོད་ཀྱང༷་ནི༷་དགེ་བ་འགྲུབ་པའི་དུས༷་མ༷་ཡི༷ན་པ༷ར་གྱུར་པས་ན་ལེ་ལོ་སྤངས་པས་ཅི༷་ཞི༷ག་བྱ༷་སྟེ་དོན་མེད་དོ། །ནམ་འཆི་ཆ་མེད་པས་བྱ་བ་འགའ་ཞིག་ལས་འདི༷་ནི༷་ཡིད་ལ་བསམ་ཀྱང་དངོས་སུ་ལག་ལེན་གྱིས་བརྩོ༷ན་པར་མ༷་བྱས༷་པ་དང་འདི་ནི་བསམ་ཞིང་མགོ་བརྩ༷མས་ནས་བྱེད་བཞིན་པ༷་དང༷་འདི༷་ནི་ཕྱེད༷་ཙམ་བྱས༷་ནས་མཐར་མ་ཕྱིན་པ༷ར་གན༷ས་པ༷་ལ༷་འོང་སྙམ་ཡིད་ལ་མེད་པར་གློ་བུར༷་ཉིད་དུ་འཆི༷་བད༷ག་གཤིན་རྗེ་བརྩེ་བ་མེད་པ་འོ༷ངས་བར་གྱུར་ན༷ས་ནི༷་ངེས་པར་གསོད་པ་ན་བདག་གིས་དགེ་སྡིག་བླང་དོར་ལ་འབད་ཆོག་པ་ལ་འབད་པར་མ་བྱས་པར་མ་ཟད་སྡིག་པ་ནི་བྱས་ཤིང་དགེ་བ་ནི་ཅི་ཡང་མ་བསྒྲུབ་བོ་སྙམ་དུ་སེམས་འགྱོད་པ་དང་བཅས་པས་ངག་གིས་ཀྱི་ཧུད༷་ཅེས་སྨྲེ་སྔགས་བཏོན་ཏེ་བདག་འཆི་བདག་གིས་འདི་བཞིན་བཅོ༷མ་པར་གྱུར་ཏོ་ཞེ༷ས་སེ༷མས་ཤིང་བློ་ལྷག་རི་རབ་ཙམ་ལུས་ནས་ཚེ་ཕ་རོལ་དུ་མཆི་བ༷ར་འགྱུར༷་རོ། །དེ་ལྟར་འཆི་བའི་དུས་ལ་བབ་པ་ན་གཉེན་དང་ཉེ་འབྲེལ་ལོངས་སྤྱོད་ཐམས་ཅད་བློས་ནི་མི་ཐོང༌། རྗེས་སུ་ནི་མི་འབྲང་བས་ཐམས་ཅད་བསྐྱུར་ཏེ་རང་ཉིད་གཅིག་པུར་ཚེ་ཕྱི་མའི་ལམ་དུ་འགྲོ་དགོས་པས་སེམས་མྱ༷་ང༷ན་གྱིས་གདུང་བའི་ཤུག༷ས་ཀྱིས༷་སྐྲང༷་བ༷་ཡི༷་མི༷ག་དམ༷ར་པོར་གྱུར་ཏེ་གདོ༷ང་ལ༷ས་མཆི༷་མ༷་ཁྲ་ཆེམ་མེར་འཛ༷ག་བཞིན་དུ་ཕ་མ་དང་བུ་ཚ་སོགས་ཉེ༷་དུ༷་རྣམས་ཀྱི་བདག་ལ་གསོན་དུ་འགྱུར་བའི་རེ༷་ཐ༷ག་ཆ༷ད་པ༷་རྣམས་དང༷་གཤི༷ན་རྗེ༷འི་ཕོ༷་ཉའི༷་སྟེ་ལས་མཁན་ཁྲོ་གཉེར་ཅན་འཇིགས་སུ་རུང་བའི་བཞི༷ན་ལ༷་ལྟ༷་བར་བྱ་དགོས་པར་གྱུར་ཏེ་རེས་ཚེ་འདིའི་སྣང་བ་ཕ་མ་ཉེ་འབྲེལ་སོགས་ཡུད་ཙམ་ཡུད་ཙམ་མཐོང་ཞིང་རེས་ཚེ་ཕྱི་མའི་སྣང་བ་གཤིན་རྗེའི་ལས་མཁན་གྱི་སྣང་བ་འཆར་ཞིང་མཐོང་བ་དང་ར༷ང་གིས་སྔར་བྱས་ཀྱི་སྡིག༷་པ་རྣམས་དྲན༷་པ༷ས་སེམས་སྡུག་བསྔལ་གྱིས་གདུང༷་ཞིང་བྲང་སེན་རྗེས་ཀྱིས་བཀ༷ང་བ༷་དང༷༌། སེམས་ཅན་དམྱལ༷་བ༷འི་སྒྲ༷་སོད་སོད་དང་ཆོད་ཆོད་དང་ངུ་ཞིང་སྨྲེ་སྔགས་འདོན་པ་ལ་སོགས་པ་ནི༷་ཐོ༷ས་པ༷་ཡི༷ས་ཤིན་ཏུ་སྐྲག༷་པ༷ས་མི༷་གཙ༷ང་བ་རྣམས་ཀྱིས་ལུས༷་གོ༷ས་ཤིང༷་ལུས་ངག་ཡིད་གསུམ་ཀར་རང་དབང་མེད་པར་མྱོས༷་ཤིང་འཁྲུལ་ཏེ་མི་ངོ་བདག་ངོ་མི་ཤེས་པ༷ར་འགྱུར༷་བ་དེ་ཚེ༷་བདག་གིས་ཅི༷་ཞིག༷་བྱ༷་སྟེ་ཅི་ཡང་བྱ་ཐབས་མེད་པས་ད་ལྟ་རང་ལ་རང་དབང་ཡོད་པའི་དུས་འདིར་དགེ་བ་ལ་བརྩོན་པར་བྱའོ། །འདི་ལྟར་ཁྱོད༷་ནི༷་ཉ༷་གསོ༷ན་པོ་བྱེ་ཚན་དུ་བཏོན་པ་འགྲེ༷་ལྡོག་ཉུག་ཉུག་འབྱེད༷་པ་ལྟའི་སྟེ་ལྟ་བུའི་ཚེ༷་འདིར༷་ཡང་ཅི་བྱས་ན་མི་བཟོད་པའི་འཇིག༷གས་པ་སྣ་ཚོགས་དང༷་ལྡན་པར་འགྱུར༷་ན༷་དུས་ཐོག་མེད་ནས་སྡིག༷་པ་མི་དགེ་བ་བྱས༷་པས་འབྲས་བུ་ཕྱི་མ་དམྱལ༷་བ༷་མི༷་བཟ༷ད་པའི༷་བཙོ་བསྲེག་ལ་སོགས་པའི་སྡུག༷་བསྔལ༷་རྣམ༷ས་ལ་ནི༷་མི་བཟོད་པའི་འཇིགས་པ་དང་ལྡན་པར་སྨོས༷་ཅི༷་དགོ༷ས་ཏེ། བཤེས་སྤྲིང་ལས། དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང༌། །དྲན་དང་བཀླག་དང་གཟུགས་སུ་བགྱིས་པས་ཀྱང༌། །འཇིགས་པར་བསྐྱེད་པར་བགྱིད་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་འཚལ། །ཞེས་པ་བཞིན་ནོ། །དེར་ཁྲོའི་ཆུ༷་༷ཚ༷ན་གྱིས༷་ནི༷་རེག༷་པ༷་ན༷་ཤིན་ཏུ་འཇམ་ཞིང་གཞོ༷ན་ཤ༷་ཅ༷ན་གྱི་ལུས་བཟོད་པར་དཀའ་བ་ཤའུ་ལྟ་བུ་ལ༷་ར༷བ་ཏུ་ཚ༷་བ༷འི་དམྱལ༷་བ༷་མྱོང་བར་འགྱུར་བ་ཡི༷་ནི༷་ལ༷ས་ངན་སྣ་ཚོགས་པ་བྱས༷་ན༷ས་ད་ལྟ་ཅི༷འི་ཕྱིར༷་འདི༷་ལྟར༷་སྙོམ་ལས་དང་བཅས་པར་བདེ༷་བ༷ར་གན༷ས་ཏེ་གནས་མི་རིགས་སོ། །རྒྱུ་ཉིན་མི་དལ་མཚན་མི་གཉིད་པའི་བརྩོན་འགྲུས་ལྟ་ཅི་ཐ་ན་ལོ་ཟླ་ཙམ་དུ་སྦྱོང་བརྩོན་དང་མཚམས་བསྙེན་བསྒྲུབ་ལ་བརྩོན༷་པ་ཙམ་ཡང་མེ༷ད་བཞིན་དུ་འབྲས༷་བུ༷་ཆེན་པོ་ཚེ་འདིར་མཁས་པ་དང་གྲུབ་པའི་ཡོན་ཏན་དང་ཕྱི་མར་དག་པའི་ཞིང་དུ་སྐྱེ་བར་འདོ༷ད་པ༷་ལ་སོགས་པ་དང༷༌། བཟོད་སྲན་ཤའུ་བས་ཆུང༌། ཀོ་ལོང་གཙང་བཙན་བས་དམ། ཞེས་པ་ལྟར། སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་བཟོད་པས་བཟེ༷་རེ༷་ཅ༷ན་རྣམས་ལ༷་ནི་འདི་ཕྱི་ཀུན་ཏུ་གནོ༷ད་པ་མ༷ང་པོ་འབྱུང་ཞིང༷་འཁོར་བར་སྐྱེས་ཕྱིན་ཆད་འཆི༷་བ༷ས་ཏེ་འཆི་བདག་གཤིན་རྗེའི་ངེས་པར་བཟུང༷་བཞི༷ན་དུའང་ལྷ་འདོད་ཡོན་གྱིས་གཡེང་བ་དང་འདྲ༷་བ༷ར་འཆི་བ་མི་དྲན་པའམ། འཆི་བ་འོང་རྒྱུ་མེད་པ་བཞིན་དུ་རྣམ་གཡེང་ལ་དགའ་ཞིང་སྡིག་པ་སྤྱོད་རྣམས་ཀྱི༷་ཧུད༷་འདི་ཕྱི་ཐམས་ཅད་དུ་འཆི་བ་ལ་སོགས་པ་མི་འདོད་པའི་སྡུག༷་བསྔལ༷་དག༷་གི༷ས་བཅོ༷མ་པར་འགྱུར་བས་སྙིང་རེ་རྗེ། དེས་ན་འཆི་བ་དྲན་ནས་དགེ་བ་ལ་བརྩོན་པར་རིགས་སོ། །ཤིན་ཏུ་རྙེད་པར་དཀའ་བའི་དལ་འབྱོར་གྱི་མི༷་ཡི༷་ལུས་རྟེན་གྲུ་བཟ༷ང་པོ་དང་འདྲ་བ་ཐོབ་པ་འདི་ལ༷་བརྟེན༷་ན༷ས་སུ༷་ཁམས་གསུམ་འཁོར་བའི་སྡུག༷་བསྔལ༷་གྱི་ཆུ༷་བོ༷་ཆེ༷་བ་སྟེ་ཆེན་པོ་ལ༷ས་སྒྲོལ༷་བའི་ཐབས་དགེ་བ་བརྩོན་དགོས་ཀྱི། གལ་ཏེ་བརྩོན་པར་མ་བྱས་ན་དལ་འབྱོར་གྱི་མི་ལུས་གྲུ༷་བཟང་པོ་དང་འདྲ་བ་འདི༷་ཕྱི༷་ན༷ས་ཤིན་ཏུ་རྙེད༷་པར་དཀ༷འ་བ༷ས་ན་བླང་དོར་གྱི་གནས་ལ་རྨོང༷ས་པ༷་དག་བླང་དོར་ལ་བརྩོན་དུ་ཡོད་པའི་དུས༷་སུ༷་གཉིད༷་མ༷་ལོ༷ག་པར་ལེ་ལོ་སྤངས་ལ་དགེ་བ་ལ་བརྩོན་པར་གྱིས་ཤིག །གཉིས་པ་ནི། དག༷འ་བ༷འི་རྒྱུ༷་ནི༷་མཐ༷འ་ཡ༷ས་པ༷འི༷་ད༷མ་པའི་ཆོ༷ས་ཞེས་སམ་དགའ་བ་མཐའ་ཡས་པའི་རྒྱུ་དམ་པའི་ཆོས་ཞེས་ཀྱང་གསུང༌། མདོར་ན་དམ་པའི་ཆོས་ནི་ཐོག་མར་ཐོས་པའི་དུས་ན་མ་དད་པ་དད་པར་བྱེད་པ་རྣ་བའི་བདུད་རྩི་ལྟ་བུ་དང༌། བར་དུ་བསམ་པའི་དུས་ན་སེམས་རྣམ་པར་གཡེང་བའི་རྟོག་པ་ཐམས་ཅད་སེལ་བར་བྱེད་པ་དང༌། ཐ་མ་བསྒོམ་པའི་དུས་ན་རྣམ་པར་གྲོལ་བའི་ཡེ་ཤེས་རྒྱུད་ལ་བསྐྱེད་པར་བྱེད་པས་ཐོག་མཐའ་བར་དུ་དགེ་བས་དག༷འ་བ༷འི་མཆོ༷ག་དམ་པ་ཡིན་པས་དེ་ལ་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང༌། ལམ་བསླབ་པ་གསུམ་ལ་ཉམས་ལེན་བྱེད་པ་སྤང༷ས་ན༷ས་དེ་ལ་བར་དུ་གཅོད་པའི་མི་མཐུན་པའི་ཕྱོགས་ཚེ་འདི་དང་ཕྱི་མའི་སྡུག༷་བསྔལ༷་མི་བཟད་པའི་རྒྱུ་དགྲ་འདུལ་དང་གཉེན་སྐྱོང༌། ཚོང་དང་སོ་ནམ་ཁྱིམ་དང་གྲོགས་ཀྱི་མགོ་འཛིན། དཀོར་དང་རྟ་ནོར་སོགས་ཀྱི་གཡོག་ལས་ཟླ་དགའ་ཟས་ཚོལ་ལ་སོགས་པ་ཡི༷ས་ཉིན་མི་དལ་མཚན་མི་གཉིད་པའི་རྣམ་པར་གཡེ༷ང་བ༷་སྣ་ཚོགས་ད༷ང༌། རྩེད་འཇོ་དང་རྒྱུག་མཆོངས་ལ་སོགས་པས་ལུས་རྒོད༷་པ་དང༌། ཆགས་སྡང་སོགས་མི་དགེ་བ་དང་ལུང་མ་བསྟན་སོགས་དོན་མེད་ཀྱི་སྨྲ་བ་མང་པོ་དང་གད་མོ་རྟ་གད་སྒྲོགས་པ་ལ་སོགས་པས་ངག་རྒོད་པ་དང༌། དོན་མེད་པར་འདས་མ་འོངས་ད་ལྟའི་ཡུལ་ལ་རྣམ་པར་རྟོག་པ་སྣ་ཚོགས་པའི་རྗེས་སུ་འབྲང་བས་སེམས་རྒོད་པ་ལ་སོ༷གས་པ་ཆོས་དང་འགལ་བ་ཐམས་ཅད་ལ༷་ཁྱོད༷་ཅི༷་ཡི་ཕྱིར༷་དག༷འ་སྟེ་དགའ་བར་མི་རིགས་སོ། །འོ་ན་དགའ་བའི་རྒྱུ་གང་ལ་དགའ་བར་བྱ་ཞེ་ན། འོག་ནས་འཆད་འགྱུར་ལྟར་དགེ་བ་ལ་སྒྱིད༷་ལུག༷ས་མེ༷ད་པར་གོ་ཆ་ཆེན་པོ་གྱོན་པ་དང་གཉེན་པོ་དཔུང༷་ཚོ༷གས་བཞི་བསགས་པ་ད༷ང་དྲན་ཤེས་ཀྱི་སྒོ་ནས་བླང་དོར་ལྷུར༷་བླང༷་བ་རྒྱལ་པོ་ལྟ་བུ་དང་བད༷ག་ཉི༷ད་ཀྱི་སྒོ་གསུམ་གཉེན་པོའི་དབ༷ང་དུ་བྱ༷་བ་བློན་པོ་ལྟ་བུ་དང༷༌། བད༷ག་དང༷་གཞ༷ན་དུ༷་མཉ༷མ་པ༷་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་དང་པོ་ཉིད་དུ་བསྒོམ་པ་ད༷ང༌། དེ་ནས་བད༷ག་དང༷་གཞ༷ན་དུ༷་བརྗེ༷་བའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་དགའ་ཞིང་བརྩོན་པ༷ར་གྱིས༷་ཤིག །གསུམ་པ་ནི། ཉོན་མོངས་པ་མང་ཞིང་སྡིག་པ་ཆེ་བ་བད༷ག་ལྟ་བུ་དག་གི༷ས་བྱང་ཆུབ༷་བླ་ན་མེད་པ་ག༷་ལ༷་ཐོབ་ཞེས་བདག་ཉིད་ལ་བརྙས་ཤིང་སེམས་ཞུམ་ནས་སྒྱིད༷་ལུག༷ས་པ༷ར་ནི༷་མི༷་བྱ༷་སྟེ༷་འདི༷་ལྟར༷་དེ༷་བཞི༷ན་གཤེ༷གས་པ་སངས་རྒྱས་ཐམས་ཅད་མཁྱེན་པ་ནི༷་རྫུན་མེད་པར་བདེ༷ན་པ༷་འབའ་ཞིག་གསུང༷་བ༷ས་བསླུ་མེད་བདེ༷ན་པའི་ཚིག་འདི༷་ཉིད་གསུང༷ས་ཏེ། ནམ་མཁར་འཕུར་བའི་སྦྲང༷་བུ༷་དང་ཤ༷་ཡི་སྦྲང༷་བུ་དང༌། མེ་ཏོག་གི་རྩི་བཅུད་འཐུང་བའི་བུང༷་བ༷་ད༷ང༌། དེ༷་བཞིན་དུ་ལྕི་བ་སོགས་ཟ་བའི་སྲིན༷་བུར༷་ག༷ང་གྱུར༷་པ༷་སོགས་སེམས་ཅན་ཉམས་ཆུང་བ་དེས༷་ཀྱང༷་བརྩོ༷ན་པ༷འི་སྟོབ༷ས་བསྐྱེད༷་པར་གྱུར་ན༷་བྱང༷་ཆུབ༷་ཐོ༷བ་པར་དཀ༷འ་བ་བླ༷་ན་མེ༷ད་པ་འཐོ༷བ་པར། ལག་བཟང་གིས་ཞུས་པ་ལས། གཞན་བྱང་ཆུབ་སེམས་དཔའ་འདི་ལྟར་ཡང་དག་པར་རྗེས་སུ་སློབ་སྟེ། གང་དག་སེང་གེ་དང༌། སྟག་དང༌། ཁྱི་དང༌། ལྕེ་སྤྱང་དང༌། བྱ་རྒོད་དང༌། ཁྲུང་ཁྲུང་དང༌། བྱ་རོག་དང༌། འུག་པ་དང༌། སྲིན་བུ་དང༌། སྦྲང་མ་དང༌། སྦྲང་བུ་དང༌། ཤ་སྦྲང་དུ་གྱུར་པ་དེ་དག་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་ན། བདག་མི་གྱུར་བཞིན་དུ་སྲོག་གི་ཕྱིར་ཡང་ཅིའི་ཕྱིར་བྱང་ཆུབ་ཐོབ་པའི་བརྩོནའགྲུས་ཉམས་པར་བྱེད་སྙམ་ཞེས་གསུངས་སོ། །དེའི་རྒྱུ་མཚན་སེམས་ཅན་ཐམས་ཅད་ལ་ཡེ་ནས་རང་བཞིན་དུ་གནས་པའི་སངས་རྒྱས་ཀྱི་རིགས་ཡོད་པ་དང༌། སངས་རྒྱས་བྱང་སེམས་སོགས་མཐོང་བ་ལ་སོགས་པས་རིགས་སད་པས་ཐར་པའི་ས་བོན་གསོས་ཐེབ་ནས་རིམ་བཞིན་སྐྱེ་བ་གོང་འཕེལ་གྱིས་སངས་རྒྱས་འཐོབ་པར་འགྱུར་བ་ཡིན་ནོ། །དེ་ལྟར་ན་བད༷ག་དང་བད༷ག་ལྷ༷་བུ་ནི་འགྲོ་དྲུག་གི་ནང་ནས་རིག༷ས་ཀྱི༷་མཆོ༷ག་སྨྲ་ཤེས་དོན་གོ་བའི་མི༷ར་སྐྱེས༷་ལ༷་དགེ་སྡིག་བླང་དོར་གྱིས་ཕ༷ན་པ་དང༷་གནོ༷ད་པ༷་ངོ༷་ཤེ༷ས་པ༷ས་ན་སེམས་མི་ཞུམ་པར་བྱང༷་ཆུབ༷་ཀྱི་སེམས་བསྐྱེད་དེ་བྱང་ཆུབ་སེམས་དཔའི་སྤྱོད༷་པ༷་བརྩོན་པས་མ༷་བཏང་ན༷་བད༷ག་གི༷ས་བྱང༷་ཆུབ༷་ཆེན་པོ་ཅིས་མི༷་འཐོ༷བ་སྟེ་ངེས་པ་འཐོབ་སྟེ། ཐ་ན་གཡོ་བྱས་ཏེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས་སངས་རྒྱས་འཐོབ་པར་གསུངས་པས་སོ། །དེ་ལྟར་བརྩོན་ན་བྱང་ཆུབ་ཆེན་པོ་ཐོབ་མོད་འོ༷ན་ཏེ་དེའི་དོན་དུ་རྐང༷་ལ༷ག་མགོ་ལ༷་སོ༷གས་པ༷་སྦྱིན་པར་བཏ༷ང་དགོ༷ས་པས་བད༷ག་ནི༷་དེ་ལ་འཇི༷གས་ཤིང་སྐྲག་གོ་ཞེ༷་ན༷། །གང་ལ་འཇིགས་དགོས་པའི་ལྕི༷་བ་དང༷་མི་དགོས་པའི་ཡ༷ང་བ༷་ཡི་ཁྱད་པར་མ༷་དཔྱད༷་པ༷ར་བླང་དོར་ལ་རྨོང༷ས་པ༷ས་བད༷ག་ནི༷་འཇིགས་མི་དགོས་པ་ལ་འཇི༷གས་པ༷ར་ཟ༷ད་མོད། །འདི་ལྟར་སེམས་མ་བསྐྱེད་ན་མགོ་དང་རྐང་ལག་སོགས་གཅོད་པའི་སྡུག་བསྔལ་མྱོང་མི་དགོས་ན་དེ་ལ་འཇིགས་རིགས་ནའང་དེ་ལྟར་མ་ཡིན་བར་དུས་ཐོག་མ་མེད་པ་ནས་བསྐལ༷་པ༷་བྱེ༷་བ༷་གྲང༷ས་མེ༷ད་མང་པོའི་བར་དུ༷་ལ༷ན་གྲང༷ས་དུ༷་མ༷ར་མགོ་དང་ཡན་ལག་སོགས་རལ་གྲིས་བཅ༷ད་པ༷་དང༷་མདུང་ཐུང་སོགས་ཀྱིས་དབུག་པ་དང༷་དམྱལ་མེ་ལ་སོགས་པས་སྲེག༷་པ་དང༷་སོག་ལེ་འབར་བས་གཤགས་པ་ལ་སོགས་པ་དོན་མེད་པའི་སྡུག་བསྔལ་ཆེན་པོ་མང་བར་འགྱུར༷་གྱི༷་དེས་ཚོགས་རྫོགས་ནས་བྱང༷་ཆུབ༷་ཆེན་པོ་ཐོབ༷་པ༷ར་ནི་མི༷་འགྱུར༷་རོ༷། །དེ་ལ་ལྟོས་ན་བད༷ག་གི༷ས་དོན་ཆེན་པོ་བླ་ན་མེད་པའི་བྱང༷་ཆུབ༷་སྒྲུབ༷་པ༷་ཡི༷་ཆེད་དུ་དཀའ་སྤྱད་ལ་སོགས་པའི་སྡུག༷་བསྔལ༷་འདི༷་ནི༷་ཚོ༷ད་ཡོ༷ད་དེ༷་ཞེས་སྡུག་བསྔལ་ཆུང་ཞིང་དུས་ཀྱང་གྲངས་མེད་གསུམ་ལ་སོགས་པར་ཚད་ཡོད་པར་ཤེས་ནས་བཟོད་པར་བྱ་དགོས་ཏེ། །དཔེར་ན་ནད་ཀྱི་ཟུག་རྔུ་ཆེན་པོ་བསྐྱེད་པའི་མདེའུ་ལ་སོགས་པ་ཁོ༷ང་དུ་ཞུགས་ནས་བརླག༷་པར་བྱེད་པའི་གནོ༷ད་པ་ཆེན་པོ་དེ་བས༷ལ་བར་བྱ་བའི་ཕྱིར༷་ལུས༷་ལག་ཤ་པགས་རུས་པ་གཅོད་པའི་རྨ༷་ཆུད་དུ་བཏོད་ནས་འབྱིན་པའི༷་སྡུག༷་བསྔལ༷་དང་དུ་བླང་སྟེ་བཟོད་དགོས་པ་བཞི༷ན་ནོ། །གཞན་ཡང་འཇིག་རྟེན་ན་སྨན་པ་མཁས་པ༷་ཀུན༷་ཀྱང༷་གཏར་སྲེག་ཕུག་པ་ལ་སོགས་པའི་གསོ༷ད་བྱད༷་ཀྱིས༷་མི༷་བདེ༷་བ་ཆུང་ངུ་ཡི༷་ནད་མེད་པར་བྱེད༷་པ་ན་གཏར་བསྲེག་སོགས་ཀྱི་སྡུག་བསྔལ་དེ་བཟོད་དགོས་པ་དེ༷་བ༷ས་ན་རང་གཞན་གྱི་ཁམས་གསུམ་འཁོར་བའི་སྡུག༷་བསྔལ༷་གྱི་གཅོང་ནད་ཆེན་པོ་མ༷ང་པོ༷་དག༷་རྩ་བ་ནས་གཞོ༷མ་ཞིང་མེད་པར་བྱ་བའི་ཕྱིར༷་དཀའ་སྤྱད་ལ་སོགས་པའི་མི༷་བདེ༷་བ་ཆུང༷་ངུ་དེ་དང་དུ་བླང་ནས་བཟོ༷ད་པར་བྱ༷་དགོས་སོ། །གཏར་བསྲེག་ཕུག་སོགས་ཀྱི་གསོ༷་དཔྱད༷་ཕ༷ལ་པ་སྡུག་བསྔལ་དང་ལྡན་པའི་ཆོ་ག་རྩུབ་མོས་ནད་ཞི་བར་བྱེད་པ་འདི་འདྲ༷་བ༷་སྨན༷་པ༷་མཆོ༷ག་སངས་རྒྱས་དག་གི༷ས་མ༷་མཛ༷ད་དེ༷་ཇི་ལྟར་མཛད་ན་སྟན་བདེ་བ་ལ་དཀྱིལ་མོ་ཀྲུང་བཅས་ཏེ་ཡང་དག་པའི་དྲན་པ་མངོན་དུ་བཞག་པའི་ཆོ༷ག་ཤི༷ན་ཏུ༷་བཟང་ཞིང་འཇ༷མ་པོ༷་ཡི༷ས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་འཁོར་བའི་གཅོང་ནད་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པའི་སྒྲིབ་གཉིས་ཀྱི་ན༷ད་ཆེ༷ན་དཔ༷ག་ཏུ་མེ༷ད་པ་རྣམས་གསོ༷་བ༷ར་མཛ༷ད་པ་ཡིན་ནོ། །རང་གི་ཤ་ལ་སོགས་པ་གཞན་ལ་གཏོང་དགོས་ན་ཆོ་ག་ཇི་ལྟར་འཇམ་ཞེ་ན། དང་པོ་ནས་དེ་ལྟར་གཏོང་མི་དགོས་པར་སྦྱིན་པ་ལ་རིམ་གྱིས་གོམས་པའི་ཆེད་དུ་སྦྱིན་པ་ཤིན་ཏུ་མི་ནུས་པས་རང་གི་དངོས་རྫས་གང་ཞིག་རང་གི་ལག་པ་གཡས་གཡོན་རེས་མོས་ཀྱིས་ཕན་ཚུན་སྦྱིན་པར་ཡིད་ཀྱིས་བསམ་སྟེ་ངག་གིས་དེ་ལྟར་བརྗོད་པར་བྱ་བ་དང་གཞན་ལ་སྡོ༷་ངད་གྱི་ཚོ༷ད་མ༷་དད་ཟན་ཆང་བུ་ཙམ་ལ༷་སོ༷གས་ངན་ངོན་ཙམ་རེ་སྦྱིན༷་པ༷་ལ༷འང་སངས་རྒྱས་བཅོམ་ལྡན་འདས་གདུལ་བྱ་རྣམས་རིམ་གྱིས་འདྲེན༷་པར་མཛད་པ༷ས་ཐོ༷ག་མ༷ར་སྦྱོར༷་བ༷ར་མཛ༷ད་ཅིང་སྦྱིན་པ་ཆུང་ངུ་དེ༷་ལ་གོ༷མས་པར་གྱུར་ན༷ས་དེ་བས་ལྷག་དང་དེ་བས་ཆེས་ལྷག་སོགས་ལ་གོམས་ནས་ཕྱི༷་ན༷ས་ན༷་རི༷མ་གྱིས༷་སྦྱིན་པ་ཆེན་པོ་ར༷ང་གི༷་ཤ༷་དང་ཁྲག་ལ་སོགས་པ་ཡ༷ང་ཕངས་པ་མེད་པར་གཏོ༷ང་བར་ནུས་པ་འབྱུང་སྟེ་གོམས་པས་མཐར་ཕྱིན་པའི་དུས་གང༷་གི་ཚེ༷་ར༷ང་གི༷་ལུས༷་ལ༷་ནི༷་ཚོ༷ད་མ་ལ་སོ༷གས་པ་ལྟ༷་བུ༷འི་བློ་སྐྱེས་པར་གྱུར་ཏེ་ཆགས་པ་མེད་པ༷་དེ༷་ཡི་ཚེ༷་རང་གི་ཤ༷་ཁྲག་ལ༷་སོ༷གས་པ་གཏོ༷ང་བ༷་དེ༷་ལ༷་དཀའ་བ༷་ཅི༷་ཞིག༷་ཡོ༷ད་དེ་ཅི་ཡང་མེད་དེ། །དེའི་ཚེ་ཆོས་ཀུན་མཉམ་པ་ཉིད་དུ་རྟོགས་པས་གསེར་དང་བོང་བ་མཉམ་ཞིང་ནམ་མཁའ་དང་ལག་མཐིལ་མཉམ་སྟེ་གཡས་ནས་ཙན་དན་གྱི་ཆུས་བྱུགས་པ་དང་གཡོན་ནས་སྟེ་འུས་བཅད་པའི་བདེ་སྡུག་བཟང་ངན་ལ་སོགས་པའི་ཆོས་ཀུན་རྨི་ལམ་སྒྱུ་མ་ལྟ་བུར་རྟོགས་ནས་གང་ལ་འཇིགས་པ་མེད་དེ། མདོ་རྒྱན་ལས། འདི་ཡིས་ཆོས་ཀུན་སྒྱུ་མ་ལྟ་བུ་དང༌། །སྐྱེ་བ་སྐྱེད་མོའི་ཚལ་འགྲོ་ལྟར་རྟོགས་ནས། །འབྱོར་པའི་དུས་དང་རྒུད་པའི་དུས་ནའང༌། །ཉོན་མོངས་སྡུག་བསྔལ་དག་གིས་འཇིགས་པ་མེད། །ཅེས་པ་བཞིན་ནོ། །དེ་ལྟར་མགོ་དང་ཡན་ལག་གཏོང་ནུས་ནའང་སེམས་ཅན་གྱི་དོན་དུ་འཁོར་བ་མེའི་འོབས་དང་དུག་སྦྲུལ་གྱི་གཟེབ་ལྟ་བུ་འདིར་ཡུན་རིང་པོ་སྐྱེ་ཤིའི་ཁ་བརྒྱུད་ནས་གནས་དགོས་པས་སྡུག་བསྔལ་ལ་སེམས་སྐྱོ་ཞིང་འཇིགས་སོ་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་བསམ་བཞིན་འཁོར་བར་གནས་ཀྱང་འཁོར་བའི་སྐྱོན་གྱིས་མི་གོས་པ་དཔེར་ན་པདྨ་འདམ་ལས་སྐྱེས་ཀྱང་དེས་མི་གོས་པ་ལྟར་འདི་ལྟར་བྱང་ཆུབ་སེམས་དཔའ་དེས་སྡིག༷་པ༷་མི་དགེ་བ་ཐམས་ཅད་སྤང༷ས་པའི་ཕྱིར༷་ན་ལུས་ལ་སྡུག༷་བསྔལ༷་ཅི་ཡང་མེ༷ད་ལ་ཤེས་བྱའི་གནས་ལུགས་བདག་མེད་པའི་དོན་ལ་མཁ༷ས་ཤིང་རྟོགས་པའི༷་ཕྱིར༷་ན༷་སེམས་ལ་མི༷་དག༷འ་བ་ཅི་ཡང་མེ༷ད་དེ། འདི༷་ལྟར༷་འཇིག་རྟེན་ཕལ་པ་རྣམས་ལ་བདག་མེད་པ་ལ་ཡོད་པར་རྟོག་པ་ལ་སོགས་པའི་ལོ༷ག་པ༷ར་རྟོག༷་པ༷་ད༷ང༌། སྲོག་གཅོད་པ་དང་མ་བྱིན་པ་ལེན་པ་ལ་སོགས་པའི་སྡིག༷་པ༷ས་རིམ་པ་བཞིན་སེ༷མས་དང༷་ལུས༷་ལ༷་གནོ༷ད་པ་ཡིན་པས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་གང་དུ་གནས་ཀྱང་ལུས་ལ་སྡུག་བསྔལ་དང་སེམས་ལ་མི་དགའ་བ་མེད་པར་མ་ཟད་སྦྱིན་སོགས་བསོ༷ད་ན༷མས་བསགས་པའི་སྟོབས་ཀྱིས༷་ནི༷་ལུས༷་བདེ༷་བར་འགྱུར་ལ༷་བདག་མེད་པའི་དོན་ལ་མཁ༷ས་ཤིང་རྟོགས་པ༷་ཡི༷ས་ནི༷་སེ༷མས་དགའ་ཞིང་བདེ་བར་འགྱུར་བ་ཡིན་ན༷་གཞ༷ན་སེམས་ཅན་རྣམས་ཀྱི་དོ༷ན་དུ་ཁམས་གསུམ་འཁོ༷ར་བ༷ར་གན༷ས་པར་གྱུར་ཀྱང༷་ནི༷། འཁོར་བའི་སྐྱོན་སྡུག་བསྔལ་གྱིས་ཅུང་ཟད་ཙམ་གོས་པར་མི་འགྱུར་བས་ན་སྙིང༷་རྗེ༷་ཅ༷ན་རྒྱལ་སྲས་བྱང་ཆུབ་སེམས་དཔའ་དེ་དག༷་ཅི༷་སྟེ་སྐྱོ་སྟེ་སྐྱོ་བར་འགྱུར་བའི་གནས་ཅི་ཡང་མེད་པས་སྐྱོ་བར་མི་འགྱུར་རོ། །དེ་ཙམ་དུ་མ་ཟད་བྱང་ཆུབ་སེམས་དཔའ་འདི་ནི༷་བྱང༷་ཆུབ༷་སེ༷མས་ཀྱི་སྟོབ༷ས་ཀྱིས༷་སྡུག་བསྔལ་གྱི་རྒྱུ་སྔོན༷་གྱི༷་སྡིག༷་པ༷་མ་ལུས་པ་ལྷག་མེད་དུ་ཟ༷ད་པར་བྱེད༷་ཅིང༷་འདག་པར་འགྱུར་བའི་ཚུལ་གོང་དུ་སྡིག་པ་ཤིན་ཏུ་སོ༷གས་དང་དེས་ནི་དུས་མཐའི་སོགས་ཀྱིས་བསྟན་པ་བཞིན་དང༌། བ༷ག་མེད་གྱུར་ཀྱང་བསོད་ནམས་ཤུགས་ཞེས་པ་ལ་སོགས་པ་ལྟར་དུས་སྐད་ཅིག་རེ་ཡང་སྦྱིན་པ་ལ་སོགས་པ་ཕྱིན་དྲུག་གོང་ནས་གོང་དུ་འཕེལ་བས་བདེ་བའི་རྒྱུ་བསོ༷ད་ནམ༷ས་རྒྱ༷་མཚོ༷་ལྟ་བུ་སྡུད༷་ཅིང་རྫོགས་པར་བྱེད༷་པའི་ཕྱིར༷་ཉ༷ན་ཐོ༷ས་རྣམ༷ས་ལས་སྡིག་པའི་གཉེན་པོ་དང་བསོད་ནམས་སྡུད་པ་ལ་ཆེས་ཁྱད་པར་དུ་འཕགས་པ༷ས་མཆོ༷ག་ཏུ་གྱུར༷་པར་བཤ༷ད་དོ། །གོང་དུ་ཇི་སྐད་བསྟན་པའི་རྒྱུ་མཚན་དེ༷་བ༷ས་ན་སེམས་སྐྱོ༷་བ་དང་ལུས་ང༷ལ་བ་ཀུན༷་མ་ལུས་པ་སེ༷ལ་བར་བྱེད་པ༷འི་བྱང༷་ཆུབ༷་སེ༷མས་ཀྱི༷་རྟ༷་བཟང་པོ་ཞོ༷ན་ནས་སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པའི་ལམ་བདེ༷་བ་ན༷ས་འབྲས་བུ་བདེ༷་བ༷ར་གོང་ནས་གོང་དུ་འགྲོ༷་བ༷་ལ་བདག་ལེགས་སུ་འདོད་པ་སྐྱོན་ཡོན་སེ༷མས་ཤེས༷་པ་སུ༷་ཞིག་སྒྱིད༷་ལུག༷་ཅིང་སྐྱོ་བར་འགྱུར༷་ཏེ་མི་འགྱུར་རོ། །དེ་ལྟ་ནའང་སེམས་ཅན་གྱི་དོན་བསྒྲུབ་མི་ནུས་སོ་སྙམ་ན། དཔེར་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བུས་དཔུང་ཚོགས་ཡན་ལག་བཞི་ལ་བརྟེན་ནས་གཞན་དགེ་བ་ལ་འགོད་པར་བྱེད་པ་ལྟར་ཆོས་ཀྱི་འཁོར་ལོས་བསྒྱུར་བའི་སངས་རྒྱས་ཀྱིས་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ་སེ༷མས་ཅ༷ན་རྣམས་ཀྱི་དོ༷ན་འགྲུབ༷་པར་བྱ༷་བའི་ཕྱིར༷་དཔུང༷་ཚོགས་བཞི་གནང་སྟེ། གང་ཞེ་ན། མོ༷ས་པའི་དང་བརྟན་པའི་དང་དག༷འ་བའི་དང༷་དོ༷ར་བ༷་ཡི་དཔུང་དང་བཞི་ཡིན་ལ། དེ་དག་རྩ་བ་མོས་པ་ལ་བརྟེན་ནས་འབྱུང་ལ་མོ༷ས་པ༷་དེ་གང་ལས་འབྱུང་ན་མི་དགེ་བའི་འབྲས་བུ་སྡུག༷་བསྔལ༷་གྱི་རྣམ་གྲངས་ལ་འཇི༷གས་ཤིང་སྐྲག་པ༷་དང༷་དེ་ལས་ཐར་པའི་ཕན་ཡོན་ནམ་མོས་པ་དེ༷་ཡི༷་ཕ༷ན་ཡོ༷ན་ལ་ཡང་དང་ཡང་དུ་བས༷མ་ཞིང་བསྒོམ་པ༷ས་བསྐྱེད༷་པར་བྱ་དགོས་སོ། །གསུམ་པ་མཐུན་ཕྱོགས་སྒྲུབ་པ་ལ། མདོར་བསྟན་རྒྱས་བཤད་གཉིས་ལས། དང་པོ་ནི། གོང་དུ་བསྟན་པ་དེ༷་ལྟར༷་མི༷་མཐུ༷ན་པའི་ཕྱོག༷ས་ལེ་ལོ་གསུམ་སྤངས་བར་བྱས་ཏེ༷། དམ་པའི་ཆོས་ལ་དོན་གཉེར་གྱི་འདུན་པའི་མོ༷ས་པ་དང༷་བརྩམ་པ་ལས་མི་ལྡོག་པའི་ང༷་རྒྱལ༷་ཏེ་བརྟན་པ་དང༌། དེ་ལ་ལྷག་པར་དག༷འ་བ་དང༷༌། དོར་ན་དགོས་པ་ཆེ་བའི་སྐབས་སུ་དོར༷་བ་སྟེ་དཔུང་བཞི་བསགས་ཏེ། བླང་དོར་ལྷུར༷་ལེ༷ན་པ་དང་ལུས་སེམས་ལ་དབ༷ང་སྒྱུར༷་བའི་སྟོབ༷ས་ཀྱིས༷་ནི༷་བརྩོ༷ན་འགྲུས༷་སྤེལ༷་བའི་ཕྱིར༷་འབ༷ད་པ༷ར་བྱའོ༷། །གཉིས་པ་ལ། དཔུང་བཞི་བསགས་པ། སྟོབས་གཉིས་བསྐྱེད་ཚུལ་དང་གཉིས་ལས། དང་པོ་ལ། མོས་པའི་དཔུང༌། བརྟན་པའི་དཔུང༌། དགའ་བའི་དཔུང༌། དོར་བའི་དཔུང་དང་བཞི་ལས། དང་པོ་ནི། བདག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པས་ན་བད༷ག་དང༷་གཞ༷ན་སེམས་ཅན་རྣམས་ཀྱི༷་ཉོན་མོངས་པ་ལ་སོགས་པའི་ཉེས༷་པ༷་ནི༷་དཔ༷ག་ཏུ་མེ༷ད་པ་མཐའ་དག་བད༷ག་གི༷ས་གཞོ༷མ་པའམ་སྤོང་བར་བྱ་བ༷་ཡིན་པ་སྟེ༷། དེ་ལའང་སྒྲིབ་པ་ག༷ང་ཞིག་སྤོང་བའི་དོན་དུ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པའི་ཉེས༷་པ༷་རེ༷་རེ༷་ལ༷འ༷ང་དུས་བསྐལ༷་པ༷་རྒྱ༷་མཚོ༷་ལྟར་མང་པོ་ཟ༷ད་པར་འགྱུར་བའི་བརྩོན་འགྲུས་བྱ་དགོས་པ༷་ཡིན་པ་ལ། ཉེ༷ས་པ་ཟ༷ད་པའི་དོན་དུ་བརྩོན་འགྲུས་རྩོམ༷་པ༷་དེ༷་ཡི༷་ནི༷་ཆ༷་ཤས་ཙམ་ཡ༷ང་བད༷ག་རྒྱུད་ལ༷་སྐྱེས་པར་མ༷་མཐོ༷ང་ན༷་མ་འོངས་པ་ན་མྱོང་འགྱུར་གྱི་སྡུག༷་བསྔལ༷་དཔ༷ག་ཏུ་མེ༷ད་པའི་གན༷ས་སུ་གྱུར་པ་བད༷ག་གི༷་ཅིའི༷་ཕྱིར༷་སྙིང༷་འདི་ཚལ་པ་བརྒྱར་མ༷་ག༷ས་ཏེ་འགས་པར་འགྱུར་རིགས་སོ་ཞེས་གཞན་གྱིས་ཉེས་པ་སྤང་དགོས་པར་བསྟན་ཏོ། །དེ་བཞིན་དུ་བད༷ག་དང༷་གཞ༷ན་སེམས་ཅན་གྱི་རྒྱུད་ལ་ལམ་དང་འབྲས་བུའི་ཡོ༷ན་ཏ༷ན་ནི༷་དཔག་ཏུ་མེད་པ་མ༷ང་པོ༷་བད༷ག་གི༷ས་བསྒྲུབ༷་པར་བྱ༷་བ༷་སྟེ། དེ༷་ལ༷་སྦྱན་དང་མངོན་ཤེས་ལ་སོགས་པ་ཡོ༷ན་ཏ༷ན་རེ༷་རེ༷་ལ་ཡ༷ང་དུས་བསྐལ༷་པ༷་རྒྱ༷་མཚོ༷ས་ཏེ་རྒྱ་མཚོ་ལྟར་དཔག་ཏུ་མེད་པར་བརྩོ༷ན་པས་གོ༷མས་པར་འགྱུར༷་བར་བྱ་དགོས་ན༷་བད༷ག་གི་ཡོ༷ན་ཏ༷ན་དེ་དག་གི་ཆ༷་ཤས་ཙམ་འགྲུབ་པའི་བརྩོན་པ་ལ༷་ཡ༷ང་གོ༷མས་པ༷་ན༷མ་ཡ༷ང་མ༷་སྐྱེས༷་ཏེ༷་མེད་ན། ཤིན་ཏུ་དཀོན་ཡང་ལས་དབང་གིས་ཇི༷་ཞིག༷་ལྟར༷་རྙེད༷་པའི་མི་ཡི་སྐྱེ༷་བ༷་དལ་འབྱོར་ཐོབ་པ་འདི་ནི༷་བད༷ག་གི༷ས་དོ༷ན་མེད་ཆུད་ཟོས་སུ་བྱས༷་པ༷་ངོ་མཚ༷ར་རོ་ཞེས་བསྟིང་ཚིག་གིས་སྨད་པའོ། །བདག་གིས་དོན་མེད་ཁོ་ནར་མ་བྱས་ཏེ། དགེ་བ་ཅུང་ཟད་རེ་འགྲུབ་བོ་སྙམ་ན། ཅི་ཞིག་འགྲུབ་སྟེ་བད༷ག་གི༷ས་བཅོ༷མ་ལྡན༷་འདས་རྣམས་ལ་མངོན་སུམ་དང་མངོན་སུམ་མ་ཡིན་པའི་དངོས་འབྱོར་ཡིད་སྤྲུལ་གྱིས་ཅི་ཡང་མ༷་མཆོ༷ད་ཅི༷ང༌། དགེ་འདུན་པ་རྣམས་ལ་ལྷག་པའི་བསམ་པས་ཟས་གོས་སོགས་ཀྱིས་དག༷འ་སྟོན༷་བསྙེན་བཀུར་ཆེན་པོ༷འི་བདེ༷་བ་ཅུང་ཟད་ཙམ་ཡང་མ༷་བྱིན༷་ལ། སངས་རྒྱས་ཀྱི་བསྟན༷་པ་དམ་པའི་ཆོས་ལུང་སྡེ་སྣོད་གསུམ་དང་ལམ་བསླབ་པ་གསུམ་ལ༷་རིམ་པར་འཆད་ཉན་དང་ཉམས་ལེན་གྱི་བྱ༷་བ༷་ཅི་ཡང་མ༷་བྱས༷་པ་དང༷༌། ཟས་གོས་ཙམ་ཡང་མེད་པས་ཤིན་ཏུ་ཉམས་ཐག་པའི་དབུལ༷་པོའི༷་བས༷མ་པ༷་ཐང་ཟིང་གི་སྦྱིན་པ་ཆེན་པོས་ལྟ་ཅི་ཇ་ཐེབ་དང་མར་ཆུར་བཟང་པོ་ཅོམ་གྱིས་རྫོ༷གས་པར་མ༷་བྱས༷་པར་མ་ཟད་བརྙས་བཅོས་ཀྱིས་གཤེ་པར་བྱས་ཤིང༌། སེམས་ཅན་གང་ཞིག་སྲོག་གི་འཇི༷གས་པ་རྣམས་ལ༷་ཚེ་བསླུ་སྲོག་བསླུ་སོགས་ཀྱིས་མི༷་འཇི༷གས་པ་སྐྱབས་ཀྱི་སྦྱིན་པ་ཅི་ཡང་མ༷་བྱིན༷་པ་དང༷༌། བླང་དོར་ཅི་ཡང་མི་ཤེས་པ་ཤིན་ཏུ་རྨོངས་པས་ཉ༷མ་ཐ༷ག་པའི་སེམས་ཅན་ལ་ཆོས་ཀྱི་སྦྱིན་པ་བླང་དོར་གྱི་གནས་ལེགས་པར་བསྟན་ཅི་ཤེས་པར་གྱུར་པའི་བདེ་བ་ནམ་ཡང་མ༷་བྱིན༷་ན༷་བད༷ག་གིས་མིའི་སྐྱེ་བ་བཟུང་བའི་དོན་པོ་མ༷་ཡི༷་མང༷ལ་གྱི་ཟུག༷་རྔུ༷་ཆེན་པོ་ད༷ང༌། བཙའ་བ་ལ་སོགས་པའི་ཚེ་མ་རྒན་དང་རང་གཉིས་ཀར་འཆི་བའམ་འཆི་བར་འགྱུར་བ་ལྟ་བུའི་སྡུག༷་བསྔལ༷་ཆེན་པོ་འབ༷འ་ཞིག༷་བསྐྱེད༷་པ༷ར་ཟ༷ད་ཀྱི་དལ་འབྱོར་ཐོབ་པའི་དགོས་པ་ཅི་ཡང་མ་གྲུབ་བོ། །བད༷ག་ནི༷་ཚེ་རབས་སྔོན༷་མ་ད༷ང་ད༷་ལྟར་གྱི་སྐྱེ་བ་འདི་ལ་ཡ༷ང་ཁྱིའི་སྔོན་དུ་རྩ་བཞག་པ་ལྟར་དམ་པའི་ཆོ༷ས་ལ༷་དོན་གཉེར་གྱི་འདུན་པའམ་མོས་པ་དང༷་བྲལ༷་བ༷་ཡི༷ས་དགེ་བའི་ཆོས་ཀྱིས་དབུལ་ཞིང་ཕོ༷ངས་པ༷་འདི༷་འདྲ༷་བྱུང༷་བ༷ར་གྱུར༷་པ་ཡིན་པས་བདག་ལེགས་སུ་འདོད་པའི་སེམས་ལྡན་གྱི་གང་ཟག་སུ༷་ཞི༷ག་དམ་པའི་ཆོ༷ས་ལ༷་མོ༷ས་པ༷་གཏོང་སྟེ་གཏོང་མི་རིགས་སོ། །མངོན་མཐོ་དང་ངེས་ལེགས་འཐོབ་པའི་དགེ༷་བ༷འི་ཕྱོག༷ས་ནི༷་ཐ༷མས་ཅ༷ད་ཀྱི༷་རྩ༷་བ༷་དམ་པའི་ཆོས་ལ་དོན་གཉེར་གྱི་འདུན་པའམ་མོ༷ས་པ་འདི་ཁོ་ན་ཡིན་པ༷ར་ཐུབ༷་པ༷ས་གསུང༷ས་ཏེ། བློ་གྲོས་རྒྱ་མཚོས་ཞུས་མདོ་ལས། དགེ་བའི་ཆོས་ཐམས་ཅད་ཀྱི་རྩ་བ་ནི་མོས་པའོ། །ཞེས་དང༌། འཇམ་དཔལ་ཞིང་བཀོད་ལས། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་ཐོབ་པར་འགྱུར། །ཞེས་སོ། །དེས་ན་ཆོས་ལ་དོན་གཉེར་གྱི་འདུན་པ་རབ་ཞིག་ཡོད་ན་ཆོས་པ་རབ་ཞིག་འོང་བ་དང༌། འབྲིང་གི་འབྲིང་དང༌། ཐ་མས་ཐ་མ་ཞིག་འོང་བར་འགྱུར་བས་ན་ཆོས་ལ་དོན་གཉེར་གྱིས་འདུན་པ་གལ་ཆེ་ལ། དེའང་དང་པོ་ནས་ཡོད་པའི་གང་ཟག་དཀའ་བས་ན་རང་རྒྱུད་ལ་བསྐྱེད་དགོས་ཀྱང༌། དེང་སང་རང་གིས་རང་བརྙས་ཏེ་ངས་ཚུལ་ཁྲིམས་བསྲུང་ཅི་ལ་ཐུབ། ཐོས་བསམ་སྒོ་གསུམ་ག་ལ་འོང་སྙམ་ནས་རང་གིས་རང་ཕུང་བར་བྱེད་པ་འདི་འདྲ་མི་བྱེད་པར་ཁྱི་ཁང་ཐོག་ཏུ་བཞག་པ་ལྟར་ཁ་མིག་ཐུར་ལྟས་མི་བྱེད་པར་བྱ་ཁང་ཞབས་སུ་བཞག་པ་ལྟར་ཁ་མིག་ཡར་ལྟོས་ཀྱིས་ཚུལ་ཁྲིམས་རེ་བསྲུང་ལོབ་དང་ཐོས་བསམ་སྒོམ་པ་རེ་བྱེད་ལོབ་བྱས་ན་ཇེ་དགའ་ཇེ་བཟང་དུ་འགྲོ་བ་ཡིན་གྱི། ཐོག་མ་ནས་སྒྲིབ་པ་མེད་ཅིང་ཡོན་ཏན་ཡོད་པ་ཞིག་ཡིན་ན་དམ་པའི་ཆོས་བསྟན་པ་ལ་དགོས་པ་ཅི་ཡང་མེད་པར་འགྱུར་ནའང་དེ་ལྟ་མ་ཡིན་ནོ། །དམ་པའི་ཆོས་ལ་དོན་གཉེར་གྱི་འདུན་པའམ་མོས་པ་དེ༷་ཡི༷་རྩ༷་བ༷་དུས་རྟག༷་ཏུ་ནི༷་དགེ༷་བ་དང་མི་དགེ་བའི་ལས་ཀྱི་རྣམ༷་པར་སྨིན་པའི་འབྲས༷་བུ༷་ཆེན་པོ་ཆུད་མི་ཟ་བར་བདེ་སྡུག་སོ་སོར་མྱོང་བར་འགྱུར་ཚུལ་རྒྱུ་འབྲས་ལ་ཡིད་ཆེས་པའི་སྒོ་ནས་ཡང་ནས་ཡང་དུ་སེམས་ལ་བསམ་ཞིང་བསྒོམ༷་པ་ཡིན་པ༷ས་བསྒོམ་དགོས་སོ༷། །ཇི་ལྟར་བསྒོམ་ན། འབྲས་བུ་ན་བ་དང་ཚ་གྲང་ལ་སོགས་པའི་ལུས་ཀྱི་སྡུག༷་བསྔལ༷་ཐམས་ཅད་དང་ཡི༷ད་མི༷་བདེ༷་བ༷་ལ་སོགས་པའི་སེམས་ཀྱི་མི་དགའ་བ་ཐམས་ཅད་དང༷༌། གསོད་གཅོད་ལ་སོགས་པའི་འཇི༷གས་པ༷་རྣམ༷་པ༷་སྣ༷་ཚོ༷གས་པ་དང༷༌། གང་ཡིད་ལ་འདོ༷ད་པ༷་རྣམ༷ས་དང༷་བྲལ༷་ཞིང་མི་འདོད་པ་སྣ་ཚོགས་དང་འཕྲད་པར་འགྱུར༷་བ༷་ལ་སོགས་པ་མདོར་ན་ཚེ་འདི་ཕྱིའི་སྡུག་བསྔལ་གང་ཅི་ཡོད་ཐམས་ཅད་ནི་མི་ངན་ཞིང་ཐབས་སྡུག་པ་ལས་བྱུང་བ་མ་ཡིན་པར་རྒྱུ་སྡིག༷་པ༷་མི་དགེ་བ་སྤྱོད་པ་ལ༷ས་འབྱུང༷་བ༷ར་འགྱུར༷་བ་ཡིན་ནོ་ཞེས་རྒྱུ་འབྲས་སྤྱིར་བསྟན་ཏེ། བྱེ་བྲག་ཏུ་འདྲེས་མའི་ལས་ཀྱི་འབྲས་བུ་ཁ་ཙམ་ཚིག་ཙམ་མ་ཡིན་པར་ཡིད༷་ལ༷་དོན་གཉེར་གྱི་འདུན་པའམ་བས༷མ་པའི༷་དགེ༷་བའི་ལས་བྱས༷་པ༷ས་ན་གནས་གང་དང༷་གང༷་དུ་འགྲོ༷་ཞིང་སྐྱེ་བར་འགྱུར༷་བ༷་ཡི་གནས་དེ༷་དང༷་དེར༷་ནི༷་སྔར་བསགས་པའི་བསོ༷ད་ན༷མས་དགེ་བའི་ལས་དེ༷ས་འབྲས༷་བུ༷འི་ཡོ༷ན་ཞེས་རྣམ་པར་སྨིན་པའི་འབྲས་བུ་བདེ་ཞིང་ཡིད་དུ་འོང་བའི་ཡོན་བཟང་ལ་མང་བ་རྣམས་ཀྱིས༷་མངོ༷ན་པར་མཆོ༷ད་པའི་བདེ་བ་འཐོབ་པར་འགྱུར༷་ཏེ། དཔེར་ན་རྒྱལ་བུ་བསོད་ནམས་སྟོབས་མི་དབུལ་པོའི་ཁྱིམ་དུ་ཞུགས་པས་མི་ཟད་པའི་གཏེར་ཆེན་པོ་བྱུང་བར་གྱུར་པ་བཞིན་ནོ། །དེ་བཞིན་དུ་སྡིག༷་པ༷་མི་དགེ་བ་བྱེད༷་པ༷་རྣམས་ཀྱང་བདེ༷་བར་འདོ༷ད་ཀྱང༷་གནས་གང༷་ད༷ང་གང༷་དུ༷་འགྲོ༷་ཞིང་སྐྱེ་བར་འགྱུར༷་བ༷་ཡི་གནས་དེ༷་དང༷་དེར་ནི༷་སྔར་སྡིག༷་པ་མི་དགེ་བའི་ལས་བསགས་པ༷་དེས༷་རྣམ་སྨིན་སྡུག༷་བསྔལ༷་གྱི་ཚོར་བ་མཚོན་ཆ་རྣོན་པོས་བསྣུན་པ་དང་འདྲ་བ་རྣམས་ཀྱིས༷་རྣམ༷་པ༷ར་འཇོ༷མས་སོ། །དེ་ལྟར་འདྲེས་མའི་ལས་དེ་ལ་འཕེན་རྫོགས་ཀྱི་ལས་མུ་བཞི་སྟེ། འཕེན་བྱེད་དགེ་བས་འཕང་ཞིང་རྫོགས་བྱེད་ཀྱང་དགེ་བས་རྫོགས་པ་བདེ་འགྲོར་སྐྱེས་ཤིང་ཚེ་གང་བདེ་འབྱོར་དང་ལྡན་པ་ལྟ་བུ་དང༌། འཕེན་བྱེད་མི་དགེ་བས་འཕང་ཞིང་རྫོགས་བྱེད་ཀྱང་མི་དགེ་བས་རྫོགས་པ་དམྱལ་བར་སྐྱེས་ཤིང་ཚེ་གང་སྡུག་བསྔལ་དང་ལྡན་པ་ལྟ་བུ་དང༌། འཕེན་བྱེད་དགེ་བས་ལྷ་ཡུལ་དུ་འཕང་ནས་ལྷར་སྐྱེས་ཀྱང་རྫོགས་བྱེད་མི་དགེ་བས་རྫོགས་པ་འབྱོར་བ་ཅི་ཡང་མེད་པས་སྡུག་བསྔལ་དང་ལྡན་པ་ཡོད་པར་གསུང་པ་ལྟ་བུ་དང༌། འཕེན་བྱེད་མི་དགེ་བས་འཕང་ཞིང་རྫོགས་བྱེད་དགེ་བས་རྫོགས་པ་མཛའ་བོའི་བུ་མོའི་དང་དུད་འགྲོ་བདེ་འབྱོར་ཅན་འགའ་ཞིག་ལྟ་བུ་དང༌། གཞན་ཡང་འཕེན་བྱེད་མི་དགེ་བས་ཉི་ཚེ་བའི་དམྱལ་བར་སྐྱེས་ཤིང་རྫོགས་བྱེད་དགེ་སྡིག་གཉིས་ཀས་བྱེད་པ་ཤན་པས་མཚན་སྲོག་མི་གཅོད་པའི་སྡོམ་པ་བླང་བ་དང༌། ལོག་གཡེམ་བྱེད་པས་ཉིན་མི་བྱེད་པའི་སྡོམ་པ་བླང་བ་ཉི་ཚེ་བའི་དམྱལ་བར་བདེ་སྡུག་ཉིན་མཚན་འགྱུར་བས་མྱོང་བ་རྣམས་གྲོ་བཞིན་སྐྱེས་ཀྱིས་གཟིགས་པ་དང༌། དེ་བཞིན་དུ་འཕེན་བྱེད་དགེ་བས་མིར་སྐྱེས་ཀྱང་རྫོགས་བྱེད་དགེ་སྡིག་གཉིས་ཀས་རྫོགས་པ་ཚེ་སྟོད་སྨད་སོགས་ཀྱི་བདེ་སྡུག་མི་འདྲ་བ་སྣ་ཚོགས་པ་མྱོང་བ་ལྟ་བུ་སྟེ་མདོར་ན་བདེ་འགྲོར་སྐྱེས་ཀྱང་རྟེན་དེས་བདེ་སྡུག་ཅི་མྱོང་ཐམས་ཅད་དགེ་སྡིག་གི་འབྲས་བུ་དང༌། ངན་འགྲོར་སྐྱེས་ཀྱང་རྟེན་དེས་བདེ་སྡུག་ཅི་མྱོང་ཐམས་ཅད་དགེ་སྡིག་གི་འབྲས་བུ་ཆུད་མི་ཟ་བས་ཡིན་པར་ཤེས་པར་བྱའོ། །སྡིག་པ་སྤུ་རྩེ་ཙམ་ཡང་མ་འདྲེས་པ་གཅིག་ཏུ་དཀར་བའི་ལས་ཀྱི་འབྲས་བུ་ནི་དག་པའི་ཞིང་ཁམས་བདེ་བ་ཅན་ལ་སོགས་པར་སྐྱེ་གནས་མངལ་དོག་ཅིང་དྲི་ང་ཞིང་ཚ་བ་ལས་ཁྱད་པར་དུ་གྱུར་པ་རྒྱ་ཆེ༷་ཞིང་དྲི༷་བཟ༷ང་བ་རེག་བྱ་བསི༷ལ་བའི༷་ཁ་དོག་སྣ་ཚོགས་པའི་མེ་ཏོག་པ༷དྨའི༷་སྙིང༷་པོ༷ར་བདེ་བར་གན༷ས་ཤིང༷༌། དྲི་མ་རྒན་གྱི་ཟས་བད་ཀན་གྱི་ཟག་ཆུས་འཚོ་བ་ལས་ཁྱད་པར་དུ་གྱུར་པ་རྒྱལ༷་བ༷འི་གསུང་སྙན༷་པོ་ལས་བསྟན་པའི་ཆོས་ཀྱི་བདུད་རྩིའི་ཟ༷ས་ཀྱིས༷་ལུས་དང་དབང་པོའི་གཟི་བརྗིད༷་བསྐྱེད༷་པར་བྱས༷་ཤིང་ཡོངས་སུ་སྨིན་པ༷། སྐྱེ་སྒོ་དོག་པས་ལྕགས་ཀྱི་འཇུར་མིག་ཏུ་དྲང་བ་ལྟ་བུའི་སྡུག་བསྔལ་ལས་ཁྱད་པར་དུ་གྱུར་པ་ཐུབ༷་པའི་དབང་པོ་སངས་རྒྱས་ཀྱི་སྐུའི་འོ༷ད་ཟེར་གྱིས༷་ཁ་བྱེ་ཞིང་རྒྱས༷་པའི་པདྨ༷་ལ༷ས་བརྫུས་ཏེ་བྱུང༷་བའི་ལུས༷་མཆོ༷ག་ཏུ་གྱུར་པ་མཚན་དཔེས་བརྒྱན་པ་ཅ༷ན་ཁང་ཁྱིམ་མི་གཙང་བ་སྐྱེ་བོས་ཡོངས་སུ་འཛིན་པ་ལས་ཁྱད་པར་དུ་གྱུར་པ་རྒྱལ༷་བ་མགོན་པོ་འོད་དཔག་མེད་ལ་སོགས་པའི༷་མདུ༷ན་དུ་གན༷ས་ནས་དེའི་ཆོས་ཀྱིས་སྐྱོང་བའི་སྐལ་བ་བཟང་པོ་བདེ༷་བར་གཤེ༷གས་པའི་སྲས༷་སུ༷་གྱུར་པ་དེ་ཡང་རྣམ་པར་དག་པའི་དགེ་བ༷ས་འབྱུང་བར་འགྱུར༷་བ་ཡིན་ནོ། །སྡིག་པ་ཆེན་པོ་རྗེས་སུ་འགྱོད་པ་མེད་པ་བྱས་པ་གཅིག་ཏུ་ནག་པོའི་ལས་ཀྱི་འབྲས་བུ་ནི། དམྱལ་བའི་གནས་སུ་འཇིགས་སུ་རུང་བའི་ལས་མཁན་གཤི༷ན་རྗེའི༷་སྐྱེས༷་བུས༷་དམྱལ་བའི་ལུས་གཞོན་ཤ་ཅན་གྱི་པ༷གས་པ༷་མ༷་ལུས༷་པ་མེ་འབར་བའི་མཚོན་ཆ་རྣམས་ཀྱིས་བཤུས༷་པ༷ས་སྡུག་བསྔལ་གྱིས་ཤི༷ན་ཏུ༷་ཉམ༷་ཐ༷ག་པར་གྱུར་ཅི༷ང༌། དེར་མ་ཟད་དུས་མཐའི་མེ་ལས་ཀྱང་ར༷བ་ཏུ༷་ཚ༷་བ༷འི་མེ༷་ཡི༷ས་བཞུས༷་པའི༷་ཟ༷ང་ཞུན༷་ཁོལ་མ་མེ་འབར་བ་ལུས༷་ལ༷་ཕྱི་དང་ནང་དུ་བླུགས་ཏེ་བསྲེག་པར་གྱུར༷་བཞིན་པ་ལ༷་མེ་རབ་ཏུ་འབ༷ར་བ༷འི་ར༷ལ་གྲི༷་དང་མདུང༷་ཐུང༷་ལ་སོགས་པ་མཚོན་ཆ་རྣོན་པོ་དག་གིས༷་བསྣུན་ཏེ་བཅད་པའི་ཤ༷་ཡི༷་དུམ༷་བུ་བརྒྱར༷་ཏེ་བརྒྱ་ཕྲག་དུ་མར་ལྷག༷ས་ཤིང༷་སྟེ་གཏུབས་ནས་འཐོར་ཞིང་བྱུང་བ་མེ་ཆེན་པོ་ཤིན༷་ཏུ༷་འབ༷ར་བ༷འི་ལྕག༷ས་བསྲེགས་ཀྱི་ས༷་གཞི༷ར་ལྷུང༷་བའི་སྡུག་བསྔལ་མི་ཟད་པ་རབ་ཏུ་མང་པོ་མྱང་བ༷་ནི་ལས་མི༷་དགེ༷་བ་མ༷ང་པོ༷ས་བྱུང་བར་འགྱུར༷་བ་ཉིད་དོ། །གོང་དུ་ཇི་སྐད་བཤད་པ་དེ༷་བ༷ས་ན་རྒྱུ་འབྲས་ལ་ཡིད་ཆེས་པས་མི་དགེ་བ་སྤངས་ནས་དགེ༷་བའི་ལས་ཁོ་ན་ལ༷་རྩེ་གཅིག་ཏུ་དོན་གཉེར་གྱིས་འདུན་པས་མོ༷ས་པར་བྱ༷་ཞི༷ང་བརྩོན་པ་ཆེན་པོས་བླང་དོར་གྱི་གནས་ལ་གུས་ཤིང་ཡིད་ཆེས་པ༷་ཉི༷ད་དུ༷་བསྒོ༷མ་པ་ལ་འབད་པ༷ར་བྱའོ༷། །གཉིས་པ་བརྟན་པའི་དཔུང་ལ་སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། སངས་རྒྱས་རྣམ་པར་སྣང་མཛད་ཀྱི་མདུན་དུ་ཕྱོགས་བཅུ་ནས་བྱོན་པའི་རྡོ་རྗེའི་མིང་ཅན་བཅུའི་ནང་ན་ཕལ་པོ་ཆེའི་རྡོ༷་རྗེ༷་རྒྱལ༷་མཚ༷ན་གྱི་བསྔོ་བའི་ལེའུ་དྲུག་པ་ལས། དཔེར་ན་ལྷའི་བུ་ཉི་མ་འཆར་བ་ན་དམུས་ལོང་དང་རི་མི་མཉམ་པ་ལ་སོགས་པའི་ཉེས་པས་མི་ལྡོག་པར་འོས་སུ་གྱུར་པའི་ཡུལ་རྣམས་སྣང་བར་བྱེད་པ་ལྟར། བྱང་ཆུབ་སེམས་དཔའ་གཞན་གྱི་དོན་དུ་འཆར་བ་ཡང་སེམས་ཅན་དམུ་རྒོད་དང་འཁུ་བ་ལ་སོགས་པའི་ཉེས་པ་སྣ་ཚོགས་ཀྱིས་མི་ལྡོག་ཅིང་འོས་སུ་གྱུར་པའི་གདུལ་བྱ་རྣམས་སྨིན་པ་དང་གྲོལ་བར་བྱེད་དོ་ཞེས་གསུངས་པའི་ཆོ༷་ག༷འམ་ཐབས་གྱི་རྣམ་པ་ཡི༷ས་གཞན་དོན་དུ་དགེ་བ་ལ་བརྩམ༷ས་ན༷ས་གང་བརྩམ་པ་དེ་ངེས་པར་སྒྲུབ་པར་ནུས་སོ་སྙམ་པའི་སྙིང་སྟོབས་ཆེན་པོ་བསྐྱེད་པའི་ང༷་རྒྱལ༷་བསྒོམ་པ༷ར་བྱའོ༷། །དེ་ལ་ཡང་འཇུག་པའི་དང༷་པོ༷ར་རང་གི་ཆོས་དང་ཟང་ཟིང་གི་འབྱོ༷ར་བ༷་ལ་བརྟག༷ས་ན༷ས་ནི༷་སྒྲུབ་པར་ནུས་ན་བརྩ༷མ་མ༷མ་སྟེ་བརྩམ་པར་བྱ་བའམ་ཡ༷ང་ན༷་མི་ནུས་ན་རེ་ཞིག་མི༷་བརྩ༷མ་པར་བཞག་པར་བྱ༷་སྟེ། གལ་ཏེ་མི་ནུས་ན་རེ་ཞིག་མ༷་བརྩམ་པ༷་ཉི༷ད་མཆོ༷ག་ཏུ་གྱུར་པ་ཡི༷ན་གྱི༷་བརྩ༷མས་ན༷ས་ཞུགས་ཕྱིན་ཆད་དམ་བཅས་པའི་དོན་ལས་ནམ་ཡང་ལྡོག༷་པ༷ར་མི༷་བྱ༷འོ༷། །གལ་ཏེ་བསླབ་པ་སློབ་གཉེར་དང་མཚམས་བསྙེན་སྒྲུབ་སོགས་ལ་བརྩམ་ལྡོག་བྱས་ན་དེའི་ཉེས་པ་རྒྱུ་མཐུན་གྱི་འབྲས་བུ་ཚེ་འདི་དང་སྐྱེ༷་བ༷་གཞ༷ན་དུ་ཡ༷ང་གང་བརྩམས་པའི་དགེ་བ་དེ་ཉིད་མི་འགྲུབ་པས་བརྩམ་ལྡོག་དེ༷་ཉིད་གོ༷མས་ཤིང༷་སྐྱེས་བུ་བྱེད་པའི་འབྲས་བུ་དགེ་བ་ལ་སྦྱོར་བའི་དམ་བཅའ་ཉམས་པས་རྒྱུ་སྡིག༷་པ་འཕེལ་བ་དང༷་རྣམ་སྨིན་གྱི་འབྲས་བུ་སྡུག༷་བསྔལ༷་ཆེན་པོ་འཕེ༷ལ་བ༷ར་འགྱུར༷་ཞིང༌། གང་ལ་ཞུགས་ཤིང་བརྩམ་པའི་བྱ་བ་དེ་ཉིད་མཐར་ཕྱིན་པར་མི་སྒྲུབ་པར་ཡང་བྱ་བ་གཞན་ཞིག་ལ་ཞུགས་ཤིང་བརྩམ་པར་བྱས་ན་སྔ་མ་ལས་གཞ༷ན་དེ༷་ཡང་འགྲུབ་པར་མི་འགྱུར་བ་ད༷ང་འབྲས༷་བུའི༷་དུས༷་ཀྱང༷་ནི༷་དོ༷ན་དམན་པར་འགྱུར༷་ཞིང་སྔ་མ་དེ༷་ཡ༷ང་འགྲུབ༷་པར་མི༷་འགྱུར༷་རོ། །དེས་ན་གཉེན་པོའི་ལ༷ས་བདག་ཁོ་ནས་སྒྲུབ་སྙམ་པ་དང༷༌། ཉོན༷་མོ༷ངས་པའི་དབང་དུ་མི་འགྱུར་བ་བྱ་སྙམ་པ་དང༌། བདག་གིས་ཉེས་པ་སྤངས་ཤིང་ཡོན་ཏན་སྒྲུབ་པར་ཅིས་མི་ནུས་སོ་སྙམ་པའི་ནུས༷་པ༷་སྟེ་གསུམ༷་པོ༷་དག༷་ལ་ང༷་རྒྱལ༷་ལམ་སྙིང་སྟོབས་བསྒོམ་ཞིང་བསྐྱེད་པར་བྱའོ༷། །དེ་ཡང་ཐོག་མར་སྦྱོར་བའི་དུས་སུ་ནི་མ་ཡིན་གྱི་དངོས་སུ་ཞུགས་ནས་སེམས་ཞུམ་པ་སོགས་བྱུང་བའི་དུས་སུ་བསྒོམ་པར་བྱ་བ་ཡིན་ནོ། །གཉིས་པ་ལ། ལས་ཀྱི་ང་རྒྱལ་བསྒོམ་ཚུལ། ནུས་པའི་ང་རྒྱལ་བསྒོམ་ཚུལ། ཉོན་མོངས་པའི་ང་རྒྱལ་བསྒོམ་ཚུལ་དང་གསུམ་ལས། དང་པོ་ནི། དཔེར་ན་ལྷའི་བུ་ཉི་མ་ཕྱིའི་ཕོ་བྲང་བེམ་པོའི་རང་བཞིན་ཐབས་དང་བྲལ་བ་འདི་ཉིད་གཅིག་པུས་གླིང་བཞིར་སྣང་བ་ལ་སོགས་པའི་བྱ་བ་བྱེད་ཅིང་དེ་ཡང་སྤྲིན་དང་རྡུལ་དང་རླུང་ཆར་སོགས་རྐྱེན་གང་གིས་མི་འགོག་པ་དང་ཀུན་ལ་སྙོམ་པར་འཆར་བ་དང༌། ཐམས་ཅད་དེ་ལ་རེ་ཡང་རང་ཉིད་སུ་ལའང་རེ་ལྟོས་འཆའ་མི་དགོས་པ་འདི་ལྟར་ཡིན་ན། བདག་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོའི་ཐབས་ལ་མཁས་པས་ནམ་མཁའ་དང་མཉམ་པའི་སེམས་ཅན་སྨིན་ཅིང་གྲོལ་བར་བྱེད་པ་ལ་སོགས་པའི་དོན་བད༷ག་ཉིད༷་གཅི༷ག་པུས༷་བྱེད་པ་དང༌། དམུ་རྒོད་སེམས་ཅན་གྱི་ཉེས་པའི་སྐྱོན་གང་གིས་ཀྱང་མི་འགོག་པ་དང༌། སེམས་ཅན་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོར་གྱུར་པ་དང༌། ཚུར་སེམས་ཅན་ཐམས་ཅད་རེ་ཞིང་ཕར་སུ་ལའང་རེ་ལྟོས་འཆའ་མི་དགོས་པའི་ཚུལ་གྱིས་བྱའོ༷་ཞེས༷་སྙིང་སྟོབས་བསྐྱེད་པ་འདི༷་ནི༷་ལ༷ས་ཀྱི༷་ང་རྒྱལ༷་ཉིད༷་ཡིན་ལ། དེ་ཡང་ཉོ༷ན་མོ༷ངས་པས་རང་དབ༷ང་མེ༷ད་པར་གྱུར་པའི་འཇི༷ག་རྟེན༷་སེམས་ཅ༷ན་འདི༷ས་ཞེ་འདོད་དང་ལག་ལེན་རྒྱབ་འགལ་དུ་བྱས་པའི་ཚེ་འདིའི་ར༷ང་གི་དོན་ཙམ་ཡང་སྒྲུབ༷་པ༷ར་མི༷་ནུས༷་པ༷ས་ན་འགྲོ༷་བ༷ས་བྱང་ཆུབ་སེམས་དཔའ་བད༷ག་ལྟར༷་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པར་མི༷་ནུས་ཏེ༷་དེ༷་བ༷ས་ན་བད༷ག་གི༷ས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་འདི༷་སྒྲུབ་པ༷ར་བྱའོ༷། །སེམས་ཅན་གཞ༷ན་འདི་དག༷་གིས་ནི་འཇིག་རྟེན་འདིའི་དགྲ་འདུལ་དང་གཉེན་སྐྱོང་ཚོང་དང་སོ་ནམ་སོགས་དམ༷ན་པའི༷་ལ༷ས་འདི་ལྟར་བྱེད༷་ན༷་བད༷ག་ཉི༷ད་ཀྱིས་ཀྱང༷་ནི༷་དམན་ལས་དེ་དག་བྱེད་པའི་གྲོགས་བྱས་ནས་ཇི༷་ལྟར༷་འདུག༷་སྟེ་འདུག་མི་རིགས་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕར་ཕྱིན་དྲུག་ལ་སྤྱོད་པར་བྱའོ། །ཡང་ན་གཞན་དག་རྩ་འཐུ་ཞིང་འབྲེག་ཁུར་ཁུར་བ་སོགས་དམན་པའི་ལས་བྱེད་ན་བདག་ཉིད་ཀྱང་ནི་ཇི་ལྟར་བདེ་བར་འདུག་སྟེ་འདུག་མི་རིགས་པར་སྡིག་པར་མི་འབྱུང་བའི་དམན་པའི་ལས་དེ་སྒྲུབ་པའི་གྲོགས་བྱེད་དགོས་ཏེ་དཔེར་ན་འབྲོམ་སྟོན་པས་སྔགས་རྒན་ཞིག་གི་ཁུར་རང་གིས་ཁུར་བར་མཛད་པ་དང༌། རྒྱ་གར་དམ་པས་ཨ་ཙ་ར་སྨ་ར་སེར་པོ་ཅན་གྱི་ཁུར་འཁུར་བར་མཛད་པ་བཞིན་ནོ་གསུངས་སོ། །དེ་གཉིས་གང་ལྟར་ཡང་བདག་ནི་འདི་ལྟར་བྱེད་པས་མཆོག་གོ་སྙམ་པའི་ང༷་རྒྱལ༷་གྱི༷ས་ནི་སེམས་ཁེངས་པར་མི༷་བྱེད༷་དེ༷་བད༷ག་ལ༷་ཐ་མལ་པའི་ང༷་རྒྱལ༷་མེད་པ༷་འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའི་མཆོ༷ག་ཡིན་ནོ། །གཉིས་པ་ནི། དཔེར་ན་ཤི༷་ཟིན་པའི༷་སྦྲུལ༷་གྱི་རོ་དང༷་ཕྲད༷་པར་གྱུར༷་ན༷་བྱ་ཁྭ་ཏ་ཡང་ནམ་མཁ༷འ་ལྡིང༷་ལྟ༷་བུར༷་དེ་ལ་བརྙས་ཐབས་ཀྱིས་ཟ་བར་སྤྱོད༷་པ་དེ་བཞིན་དུ་ག༷ལ་ཏེ༷་བད༷ག་ཉིད༷་ནུས་པའི་ང་རྒྱལ་ལམ་གཉེན་པོའི་ཉམ༷ས་སྟོབས་ཆུང༷་བར་གྱུར་ན༷་ལྟུང༷་བ༷་ཆུང༷་ངུའ༷ང་སྟེ་ཉེས་བྱས་ལྟ་བུས་ཀྱང་ལྟུང་བ་ཆེན་པོ་ལྟར་གནོ༷ད་པ་ཆེན་པོ་ངན་སོང་དུ་འཕེན་པ༷ར་བྱེད༷་ནུས་པར་འགྱུར་རོ། །དེས་ན་བདག་ལྟ་བུས་དགེ་སྒྲུབ་སྡིག་སྤོང་ཅི་ཡང་མི་འོང་སྙམ་ནས་སྙིང་སྟོབས་ཆུང་ཞིང་སེམས་ཞུམ༷་པ་དང་བཅ༷ས་པས་བླང་དོར་ལ་རྩོལ༷་བ༷་སྟེ་བརྩོན་པ་དོ༷ར་བ༷་ཡི་གང་ཟག་རྣམས་ལ༷་འདི་ཕྱི་ཀུན་ཏུ་ཕོ༷ངས་པ་ལ༷ས་ནམ་ཡང་ཐ༷ར་པ་ཡོ༷ད་དམ༷་ཅི༷་སྟེ་མེད་དོ། །དེ་ལྟར་མ་ཡིན་པར་སྙིང་སྟོབས་ཆེན་པོའི་ང༷་རྒྱལ༷་གྱིས་རྩོལ༷་བ༷འམ་བརྩོན་པ་བསྐྱེད༷་དེ་བཤགས་འོས་རྣམས་བཤགས་ཤིང་བསྡོམ་འོས་རྣམས་བསྡོམ་པར་བྱས༷་པ༷ས་ན༷་ལྟུང་བ་ཆེ༷ན་པོ༷་རྩ་བའི་ལྟུང་བ་ཡི༷ས་ཀྱང༷་ཐུབ༷་པ༷ར་དཀ༷འ་བ་སྟེ་ངན་སོང་དུ་འཕེན་པར་མི་ནུས་པས་སོ། །དེ་ལྟར་ཡང་གསང་ཆེན་ཐབས་ལ་མཁས་པའི་མདོ་ལས། རིག་སྔགས་འཆང་ཆེན་པོ་བཅི༷ང་བ་ལྔས་བཅིངས་པར་བྱས་ཀྱང་ནམ་འདོད་འདོད་དུ་གྲོལ་བར་འགྱུར་བ་ལྟར་སྟོང་ཉིད་དང་སྙིང་རྗེའི་ཐབས་ལ་མཁས་པས་བྱང་ཆུབ་སེམས་དཔའ་རྣམས་ལྟུང་བ་ཆེན་པོས་མི་ཐུབ་པར་གསུང་པ་ལྟ་བུའོ། །དེ༷་བ༷ས་ན་སེ༷མས་ནི༷་ནུས་པའི་ང་རྒྱལ་བརྟ༷ན་པ༷་ཡི༷ས་སྤང་བྱར་གྱུར་པ་ཡི་ལྟུང༷་བ་མ་ལུས་པ་རྣམ༷ས་ནི༷་རྩ་བ་ནས་ཕར་གཞོ༷མ་པར་བྱ༷་སྟེ༷་དེ་ལས་གཞན་དུ་བད༷ག་ནི་ལྟུང༷་བས༷་ཚུར་ཕམ་པར་བྱས༷་ན༷། ཁ༷མས་གསུམ༷་གྱི་སྤང་བྱ་ཀུན་ལས་རྣམ་པར་རྒྱལ༷་བའི་སངས་རྒྱས་ཐོབ་པར་འདོད་པ་ནི་མང་པོས་ཁྲེལ་པས་བཞ༷ད་ག༷ད་ཀྱི་གནས་སུ་འགྱུར༷་བའོ། །དེའི་ཕྱིར་བད༷ག་གི༷ས་ནི་ཁམས་གསུམ་གྱི་སྤང་བྱ་ཐམས་ཅད་ཀུན༷་ལ༷ས་རྣམ་པར་རྒྱལ༷་བར་བྱ༷་སྟེ༷། བད༷ག་ལ༷ས་སྤང་བྱའི་ཉོན་མོངས་པ་སུ༷་ཡ༷ང་རྒྱལ༷་བར་མི༷་བྱའོ༷་ཞེས་སོ། །བདུད་བཞིའི་གཡུལ་ལས་རྒྱལ་བས་རྒྱལ༷་བ༷་མི་འཇིགས་པ་བཞིའི་རྩལ་དང་ལྡན་པའི་མི་ཡི་སེ༷ང་གེ༷འི་སྲས༷་བད༷ག་གི༷ས་སྤང་བྱའི་ཉོན་མོངས་པས་གླགས་མི་རྙེད་པའི་ནུས་པའི་ང༷་རྒྱལ༷་འདི༷་ལ་གན༷ས་ཤིང་བསྒོམ་པ༷ར་བྱའོ༷། །འོ་ན་ང་རྒྱལ་ནི། སྔར་སྤང་བྱར་བསྟན་ན་འདིར་ཅིའི་ཕྱིར་བསྒོམ་བྱར་བསྟན་ཞེ་ན། ཁམས་གསུམ་གྱི་འགྲོ་བ་ག༷ང་ཞིག་དགྲ་ཉོན་མོངས་པའི་ང༷་རྒྱལ༷་གྱིས༷་བཅོ༷མ་པར་གྱུར་པ་དེ༷་ཉོ༷ན་མོ༷ངས་པ་ཅན་ཡིན་གྱི་བྱང་ཆུབ་སེམས་དཔའི་ནུས་པའི་ང༷་རྒྱལ༷་ཅ༷ན་ནི་མ༷་ཡིན་ཏེ་གཉེན་པོ་ནུས་པའི་ང༷་རྒྱལ༷་ཅ༷ན་ཡིན་ན་ཉོན་མོངས་པའི་ང་རྒྱལ་གྱིས་དགྲ༷འི་དབ༷ང་དུ་མི༷་འགྲོ༷་བ་ཡིན་པ་ལ་ཐ་མལ་པའི་ང་རྒྱལ་ཅན་དེ༷་དག་ཉོན་མོངས་པའི་ང༷་རྒྱལ༷་གྱི་དགྲ༷་ཡི་དབང་དུ་འགྱུར༷་བའི་ཕྱིར་རོ། །དེའི་དབང་དུ་སོང་ན་ཉེས་པ་ཅི་ཡོད་ཞེ་ན། ཉོ༷ན་མོ༷ངས་པའི་ང༷་རྒྱལ༷་གྱིས༷་སེམས་རབ་ཏུ་ཁེངས་ནས༷་ང༷ན་འགྲོར༷་ཏེ་ངན་འགྲོའི་གནས་སུ་ང༷་རྒྱལ༷་གྱིས༷་ཁྲི༷ད་པར་བྱེད་ཅིང༷་གལ་ཏེ་མི༷་ཡི༷་ལུས་ཐོབ་ནའང་དག༷འ་སྟོན༷་བཅོ༷མ་པ༷་སྟེ་དགའ་བདེ་མེད་པས་ཡིད་མི་དགའ་བ་དང༷༌། སློང་མོ་ལ་བརྟེན་ནས་གཞ༷ན་གྱི༷་ཟ༷ན་ཟའི་སྟེ་གཞན་གྱིས་བྱིན་པའི་ཟས་ཟ་བའི་བྲན༷་གཡོག་ཏུ་འགྱུར་བ་དང༷་ནི༷་བླང་དོར་ལ་རྨོངས་པ་ཕག་ལྟ་བུའི་གླེན༷་པ༷་དང༌། མཐོང་ན་ཡིད་དུ་མི་འོང་བ་སྦལ་པ་ལྟ་བུའི་མི༷་སྡུག༷་པ་དང་རིད་ཅིང་སྟོབས་ཞན་པས་ཉམ༷ས་ཆུང༷་བ་དང༷༌། ཐ༷མས་ཅ༷ད་དུ༷་ནི༷་ཕར་གནོད་པ་མ་བྱས་ཀྱང་ཚུར་ཁྱི་རྒན་བཞིན་དུ་བརྙས༷་པ༷ར་འགྱུར༷་བ་དང་ཉོན་མོངས་པའི་ང༷་རྒྱལ༷་གྱིས༷་སེམས་ཁེ༷ངས་ཏེ་དམ་པའི་ཆོས་ཀྱི་ཟས་མ་མྱོང་བས་དཀ༷འ་ཐུབ༷་ཅ༷ན་ཤིན་ཏུ་སྨད་པར་འགྱུར་བའི་གནས་དེ༷་ཡ༷ང་བརྟན་པའམ་ནུས་པའི་ང༷་རྒྱལ༷་ཅ༷ན་གྱི་ནང་དུའམ་གྲངས་སུ་གཏོ༷གས་ན༷་བྱང་ཆུབ་སེམས་དཔའི་ང་རྒྱལ་བསྒོམ་མི་ནུས་པའི་གང་ཟག་དམ༷ན་པ༷་དེ་ཅི༷་འདྲ༷་ཞིག་ཡི༷ན་པ༷་སྨྲོས༷་ཤིག་ཅེས་སྨྲོས་སུ་མེད་དོ། །རྒྱལ་བའི་སྲས་པོ་ག༷ང་ཞིག༷་སྤང་བྱ་ཉོན་མོངས་པའི་ང༷་རྒྱལ༷་གྱི་དགྲ༷་ལ༷ས་རྣམ་པར་རྒྱལ༷་བར་བྱ་བའི་ཕྱིར༷་དུ་གཉེན་པོ་བརྟན་པའི་ང༷་རྒྱལ༷་འཆ༷ང་བ་དེ༷་ནི༷་བསྔགས་པར་འོས་པའི་ང༷་རྒྱལ༷་ཅ༷ན་དང༷༌། ཉོན་མོངས་པའི་ང་རྒྱལ་གྱི་དགྲ་ལས་རྣམ༷་པར་རྒྱལ༷་བ་དང་དཔ༷འ་བོ་ཡང་དེ༷་ཉིད༷་ཡིན་ནོ། །གང་ཟག་གང་ཞིག༷་ངའོ་སྙམ་པའི་ང༷་རྒྱལ༷་གྱི་དགྲ༷་བོ་ཁམས་གསུམ་དབང་དུ་བསྡུ་བའི་སྟོབས་བདོ༷་བ༷་དེ་ཡ༷ང་ནུས་པའི་ང་རྒྱལ་མཆོག་དེས༷་ལྷག་མེད་དུ་བཅོ༷མ་སྟེ༷། འགྲོ༷་བ་མཐའ་དག་ལ༷་ཇི་ལྟར་འདོ༷ད་པ་བཞི༷ན་དུ་རྒྱལ༷་བ་རྫོག༷ས་པའི༷་སངས་རྒྱས་ཀྱི་འབྲས༷་བུ༷་རྫོག༷ས་པ༷ར་སྟེར་བར་བྱེད༷་ཅེས་གཉེན་པོའི་ང་རྒྱལ་གྱི་ཡོན་ཏན་ལ་བསྔགས་པ་བརྗོད་པའོ། །གསུམ་པ་ནི། ཉོན༷་མོ༷ངས་པ་སྐྱེ་བའི་ཕྱོག༷ས་ཀྱི༷་ཁྲོད༷་དེ་འདོད་ཆགས་སྐྱེ་བའི་རྐྱེན་བུད་མེད་དང་ཞེ་སྡང་སྐྱེ་བའི་རྐྱེན་མ་རུངས་བའི་སེམས་ཅན་སོགས་ཉོན་མོངས་པ་སྐྱེ་བའི་རྐྱེན་གནོད་པ་ཆེན་པོ་ཅི་ཙམ་མང་ཞིང་ཉེ་བར་གྱུར་པ་གན༷ས་ན༷་དེ་ཙམ་དུ་གཉེན་པོ་ལྷག་པར་བསྐྱེད་དེ་བློ་རྣམ༷་པ༷་སྟོང༷་འགྱུར་དུ༷་སྲན༷་གཟུག༷ས་པ༷ར་བྱ་དགོས་ཏེ༷། དཔེར་ན་ཝཱ༷་ལ༷་སོ༷གས་པ༷ས་སེ༷ང་གེ༷་ལ་གནོད་པ་ཅི་ཡང་མི་ཚུགས་པ་བཞི༷ན་དུ་ཆགས་སྡང་ལ་སོགས་པའི་ཉོ༷ན་མོ༷ངས་པའི་ཚོ༷གས་ཀྱིས༷་རང་རྒྱུད་ལ་མི༷་ཚུག༷ས་པར་བྱ༷་དགོས་སོ། །དེ་ཡང་རབ་ཡིན་ན་ཉོན་མོངས་པ་སྐྱེ་བའི་ཡུལ་དེ་ཆོས་སྒོར་འཛུད་པ་དང༌། འབྲིང་ཡིན་ན་གཉེན་པོ་བསྟེན་ནས་དེར་སྡོད་པ་དང༌། ཐ་མ་ཞིག་ཡིན་ན་ཡུལ་དེ་སྤངས་ནས་ཕྱོགས་གཞན་དུ་འགྲོ་དགོས་གསུང༌། སྲོག་གི་བར་ཆད་དུ་འགྱུར་བ་ལྟ་བུ་ལ་སོགས་པའི་ཉ༷མ་ང༷་ཆེ༷་ཐ༷ང་ཅི་ཙམ་བྱུང༷་བར་གྱུར༷་ཀྱང༷༌། མི༷་ཡི༷ས་མི༷ག་ནི༷་གཅེས་པར་བསྒྲིམས་ཏེ་བསྲུང༷་བར་བྱེད་པ༷་ལྟར༷། དེ༷་བཞིན་དུ་ཉ༷མས་ང༷་ཆེན་པོ་ཅི་ཙམ་བྱུང༷་བར་གྱུར༷་ཀྱང༷་ཆགས་སྡང་ལ་སོགས་པའི་ཉོ༷ན་མོ༷ངས་པའི་དབ༷ང་དུ༷་མི༷་འགྱུར༷་བར་བྱ༷་དགོས་ཏེ། ཉམས་ང་ཇི་ལྟར་ན་བད༷ག་ནི༷་མེར་བསྲེག༷་ཏེ༷་བས༷ད་པར་གྱུར༷་ཏམ༷་བད༷ག་གི༷་མགོ༷་བོ༷ར་རལ་གྲི་སོགས་ཀྱིས་བཅ༷ད་ཀྱང༷་སླ༷འི་དུས་དང་རྣམ༷་པ༷་ཀུན་ཏུ་ཆགས་སོགས་ཉོ༷ན་མོ༷ངས་པའི་དགྲ་བོ་འདི་ལ༷་འདུད༷་ཅིང་དབང་དུ་གཏོང་བ༷ར་མི༷་བྱ༷འོ༷་ཞེས་ཉོན་མོངས་པས་རང་རྒྱུད་མི་གོས་པར་བྱའོ་ཞེས་དང་པོ་ཉིད་ནས་བློས་འཕེན་པ་བཏང་ཞིང་དམ་བཅའ་ལྷུར་བླང་བར་བྱ་དགོས་སོ། །དེ༷་བཞི༷ན་དུ་དུས་དང་གན༷ས་སྐབ༷ས་ཐ༷མས་ཅ༷ད་དུ་རི༷གས་ཤིང་འཐད་པ༷་ཡི་ལ༷ས་འདི་ནི༷་མ་གཏོགས་པར་གཞ༷ན་མི་རིགས་པའི་ལས་ནི་མི༷་སྤྱད་དོ་ཞེས་སོ། །གསུམ་པ་དགའ་བའི་དཔུང་ནི་བྱིས་པ་ཆུང་ངུ་རྩེད་མོ་ལ་དགའ་བ་རྣམས་ཚེ་འདིའི་ལན་དང་ཕྱི་མའི་འབྲས་བུ་ལ་རེ་བ་མེད་པར་རྩེད༷་མོ༷འི་བདེ༷་བའི་འབྲས་བུ་ཙམ་ཁོ་ན་འདོ༷ད་ནས་རྩེད་མོའི་ལས་དེས་མི་ངོམས་པར་འཇུག་པ༷་ལྟར་བྱང་ཆུབ་སེམས་དཔའ་འདི༷་ཡི༷་བྱ༷་བ༷འི་ལ༷ས་གཞན་དོན་དུ་སྦྱིན་སོགས་ཕར་ཕྱིན་དྲུག་སྤྱོད་བ་ལ་སོགས་པ་ག༷ང་ཡི༷ན་པའི་ལ༷ས་བཟང་པོ་དེ༷་ལ༷་ནི༷་ལན་དང་རྣམ་སྨིན་ལ་རེ་བ་མེད་པར་མངོན་པར་ཞེ༷ན་པར་བྱ༷་སྟེ། བྱང་ཆུབ་ཀྱི་སྤྱོད་པའི་ལ༷ས་དེ༷ས་མི༷་ངོ༷མས་པར་གོང་ནས་གོང་དུ་འགྱུར་བ་ལ་ཤིན་ཏུ་དག༷འ་ཞིང་སྤྲོ་བས་འཇུག་པ༷ར་བྱའོ༷། །འཇིག་རྟེན་ཕལ་བ་རྣམས་ཀྱིས་བདེ༷་བའི༷་འབྲས་བུ་ཐོབ་པའི་དོ༷ན་དུ༷་ཚོང་དང་སོ་ནམ་སོགས་ཀྱི་ལ༷ས་ལ་འབད་པར་བྱས༷་ཀྱང༷་འབྲས་བུ་བདེ༷་བ་དེ་ཐོབ་པར་འགྱུར༷་རམ་མི༷་འགྱུར་གཏོལ༷་མེ༷ད་འདི༷། བྱང་ཆུབ་སེམས་དཔའ་ག༷ང་གི༷་ལ༷ས་སྦྱིན་པ་གཏོང་བ་དང་ཚུལ་ཁྲིམས་བསྲུང་བ་ལ་སོགས་པའི་དགེ་བ་ཉི༷ད་ནི་འབྲས་བུ་བདེ༷་བ་ཐོབ་པར་འགྱུར༷་བ༷་ཡིན་པ་དེ༷་ལྟ་བུའི་ལ༷ས་དེ་མི༷་བྱེད༷་པར་མི་དགེ་བ་བྱེད་པ་རྣམས་ནི་ཇི༷་ལྟར༷་བདེ༷་སྟེ་འདི་ཕྱི་ཀུན་ཏུ་མི་བདེ་བར་འགྱུར་རོ། །ཆེས་ཤིན་ཏུ་རྣོན་པོའི་སྤུ་གྲི༷འི་སོར་ཆ༷གས་པའི་སྦྲང་རྩི༷་ལྕེས་ལྡག་པ་ལྟའི༷་སྟེ་ལྟ་བུའི་ཁེ་ཆུང་ལ་ཉེན་ཆེ་བ་གཟུགས་སོགས་འདོ༷ད་པ༷་ཡི་ཡོན་ཏན་ལྔ་པོ་གང་སྤྱད་ཀྱང་ཡུལ་ཤེས་འཕྲད་པའི་བདེ་བ་སྐད་ཅིག་མ་ཙམ་ལ་ཆགས་ཤིང་ལྷག་པར་ཞེན་ནས་ལན་ཚྭའི་ཆུ་ལ་བཏུང་བ་བཞིན་དུ་ཡང་དང་དུ་སྤྱད་པ་རྣམ༷ས་ཀྱིས༷་ཀྱང་མི༷་ངོ༷མས་པར་བྱེད་ན༷། རྣམ༷་སྨིན༷་གྱི་འབྲས་བུ་གནས་སྐབས་མངོན་པར་མཐོ་བ་ལྷ་མའི་བདེ༷་བ་དང་ལྡན་ལ༷་མཐར་ཐུག་གི་འབྲས་བུ་ངེས་པར་ལེགས་པ་སྡུག་བསྔལ་ཐམས་ཅད་ཞི༷་བ༷་ཡི༷་མྱ་ངན་ལས་འདས་པ་འཐོབ་པའི་རྒྱུ་བསོ༷ད་ན༷མས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས༷་བསྡུས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་བདུད་རྩི་ལྟ་བུ་ཁེ་ཆེ་ཞིང་ཉེན་མེད་པ་རྣམས་ཀྱིས་ཅི༷་སྟེ་ངོ༷མས་ཏེ་ངོམས་མི་ཤེས་པར་བྱ་དགོས་སོ། །དེ༷་ལྟས༷་ཏེ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་སྤྱོད་པའི་ལ༷ས་གང་བརྩམ་པ་དེ་ཚ༷ར་རམ་མཐར་ཕྱིན༷་བྱའི༷་ཕྱིར༷་ཞེས་མཐར་ཕྱིན་པར་བྱ་བའི་ཕྱིར་དུ་དཔེར་ན་སོས་ཀ་ཉི༷་མ༷་ཕྱེད༷་ལ་ཕབ་པའི་དུས༷་སུ་ཚ་བ་དང་སྐོམ་པས་གདུང༷ས་པ༷་ཡི༷་གླང༷་ཆེ༷ན་རྣམས་བསིལ་བས་གང་བའི་མཚོ༷་དང་འཕྲད༷་ན་མཆོག་ཏུ་དགའ་ཞིང་སྤྲོ་བས་ཚམ་ཚོམ་མེད་པར་མཚོ༷ར་འཇུག༷་པ་ལྟར༷་རང་གཞན་ལ་ཕན་པའི་སྦྱིན་སོགས་དགེ་བའི་ལ༷ས་དེ༷་ལ་ཡ༷ང་དགའ་བར་བྱ་ཞིང་སྤྲོ་བས་འཇུག༷་པ༷་བྱ༷་དགོས་སོ། །བཞི་པ་དོར་བའི་དཔུང་ནི། རང་ན་བ་དང་ངལ་དུབ་ཆེས་པ་ལ་སོགས་པའི་རྐྱེན་གྱིས་སྟོབ༷ས་ཉ༷མས་པ༷་དང༷་རྗེ༷ས་སུ་འབྲེལ༷་བར་གྱུར་ཏེ་ད་ལྟ་ལས་དེ་སྒྲུབ་པའི་ནུས་པ་མེད་ན༷་སླར༷་ནུས་པར་བྱའི༷་སྟེ་བྱ་བའི་དོན༷་དུ༷་དུས་རེ་ཞིག་འཇོག་པའམ་འདོ༷ར་བ༷ར་བྱ༷་ཞིང༌། གང་བསམ་ཞིང་བརྩམ་པའི་ལས་དེ་ལེ༷གས་པ༷ར་ཟི༷ན་པའམ་གྲུབ་པ་ན༷་དེ་ཙམ་ཁོ་ནས་ཆོག་པར་མི་འཛིན་པར་དེ་ལས་ཁྱད་པར་དུ་འཕགས་པ་ཕྱི༷་མ༷་དང༷་དེ་ལས་ཀྱང་མཆོག་ཏུ་གྱུར་པ་ཕྱི༷་མ༷་སྒྲུབ་པར་འདོ༷ད་པ༷ས་སྔ་མ་སྔ་མ་གྲུབ་ཟིན་ལ་དེ༷་སྤོང༷་བའམ་མདོར་བར་བྱའོ༷། །གཉིས་པ་སྟོབས་གཉིས་སྐྱེད་ཚུལ་ལ། ལྷུར་ལེན་པའི་སྟོབས་དང༌། དབང་བསྒྱུར་བའི་སྟོབས་གཉིས་ལས། དང་པོ་ནི། བག་ཡོད་ལྷུར་བླང་བ་ནི་དཔེར་ན་དགྲ་ལ་འཐ༷བ་པ་རྙིང་པ་ཞེས་དེ་ལ་གོམས་པ་དག་དགྲ༷་དང༷་ཕན་ཚུན་ལྷན༷་ཅི༷ག་ཏུ་གཡུལ༷་ངོ༷ར་ར༷ལ་ཁ༷་ལྷག༷་པ་ན་རང་ལ་མཚོན་གྱིས་མི་ཕོག་པ་དང་ཕར་འཇོམས་པར་བྱེད་པ༷་བཞི༷ན་དུ་ཉོ༷ན་མོ༷ངས་པ་མཚོ༷ན་ཆ་རྣོན་པོས་འདེབས་པ་དང་འདྲ་བ་ལ༷ས་རང་ལ་མི་ཚུགས་པར་གཟུང༷་བར་བྱ༷་ཞིང༷་ཉོ༷ན་མོ༷ངས་པའི་དགྲ༷་བོ་རྣམ༷ས་ནི་འཇོ༷མས་ཤིང་ཞིབ་པ༷ར་བཏ༷གས་ཏེ་གླགས་མི་རྙེད་པར་བྱའོ། །འཇེབས་ཞིང་ཞིབ་པར་བཏགས་ཞེས་ཀྱང་འདྲའོ། །དྲན་པ་ལྷུར་བླང་བ་དཔེར་ན་གཡུལ༷་དུ༷་ཞུགས་པའི་ཚེ་རང་གི་ལག་གི་ར༷ལ་གྲི༷་ས་ལ་ལྷུང༷་བར་གྱུར༷་ན༷་གསོད་དུ་དོགས་པའི་འཇི༷གས་པ༷ས་མྱུར་བ་ཉི༷ད་དུ༷་ལེ༷ན་པ༷་ལྟར༷་དེ༷་བཞིན་དུ་དྲན༷་པའི༷་མཚོ༷ན་ཆ་ཤོར༷་ཏེ་གཉེན་པོ་བརྗེད་ནས་ཡེངས་སོང་ན༷་ཉོན་མོངས་པའི་དབང་དུ་སོང་ནས་དམྱལ༷་བའི༷་འཇི༷གས་པ་འབྱུང་བར་དྲན༷་ནས་མྱུར༷་བ་ཉིད་དུ༷་དྲན་པའི་མཚོན་ཆ་བླང༷་བའམ་བསྟེན་ཏེ་གཉེན་པོ་ལ་འབད་པར་བྱའོ། །ཇི༷་ལྟར༷་ན་མདའ་དུག་ཅན་གྱིས་བསྣུན་པ་ན་ཁྲག༷་ལ༷་རྟེན༷་བྱས་པའམ་བཅ༷ས་ནས༷་དུག༷་གིས་ནི༷་ལུས༷་ཐམས་ཅད་ལ༷་ཁྱབ་པར་གྱུར༷་པ༷་ན་འཆི་བ་དེ༷་བཞི༷ན་དུ་དབང་པོ་ཡུལ་ལ་ཡེངས་ཤོར་ན་ཉོན་མོངས་པའི་ཉེས་པ་ཆུང་ངུ་ཙམ་གྱིས་རང་རྒྱུད་ལ་གླག༷ས་ནི༷་རྙེད༷་པར་གྱུར༷་ན༷་དེ་ལ་བརྟེན་ནས་ཉོན་མོངས་ཆེན་པོའི་ཉེས༷་པ༷ས་སེ༷མས་ལ༷་ཁྱབ༷་སྟེ་བདེ་འགྲོའི་སྲོག་འགག་པར༷་འགྱུར༷་རོ། །དེ་བས་ན་ཡུང༷ས་མ༷ར་གྱིས་ཤིན་ཏུ་བཀ༷ང་བ༷འི་སྣོད༷་གཞོང་པ་ཆེན་པོ། བསྐུར༷་ནས་ལམ་འགྲེད་པ་ལ༷་འགྲོ་བཅུག་སྟེ་ར༷ལ་གྲི༷་རྣོན་པོ་ཐོ༷གས་པ༷ས་དྲུང༷་དུ་བསྡད་དེ༷་འདི་ལས་ཐིགས་པ་གཅིག་བོ༷་ཤོར་ན༷་ད་ལྟ་ཉིད་དུ་གསོ༷ད་དོ་ཞེས་བསྡིག༷ས་པ་ན་འཆི་བས་འཇི༷གས་ནས་ཤིན་ཏུ་བསྒྲིམས་ཏེ་འགྲོ་བར་བྱེད་པ༷་ལྟར༷་དམ་པའི་ཆོས་ཀྱི་སྒོར་ཞུགས་པའི་སྡོམ་པ་ལ་གནས་པའི་བརྟུལ༷་ཞུག༷ས་ཅ༷ན་གྱིས༷་ཀྱང་དེ༷་བཞི༷ན་ཏུ་དམྱལ་བ་ལ་སོགས་པའི་ཁམས་གསུམ་འཁོར་བའི་འཇིགས་པས་བསྒྲིམས་ཏེ་སྒོ་གསུམ་གྱི་སྤྱོད་པ་དྲན་ཤེས་བག་ཡོད་ཀྱིས་བསྡོམས་ཏེ་ཉོན་མོངས་པའི་དབང་དུ་མི་འགྱུར་བར་བྱ་དགོས་སོ། །དེ་ཡང་སྔོན་རྒྱལ་པོ་གཏུམ་པོ་རབ་སྣང་གིས་ཕྱི་ནང་གི་མཆོད་གནས་བརྟགས་པ་ན་འཕགས་པ་ཀ་ཏ་ཡ་ན་འཁོར་བཅས་གཤེགས་བྱོན་བཞུགས་ཚུལ་གྱི་གཏམ་རྒྱུད་དང་སྦྱར་ཏེ་གསུངས། ཉེས་པ་ཆུང་ངུ་བྱུང་ན་ཡང་གནོད་པ་ཆེན་པོ་འབྱུང་བ་དེ༷་བ༷ས་ན་སྒེགས་མོའི་མགོ་ལ་མེ་ཤོར་ན་མྱུར་དུ་གསོད་པའམ་སྡར་མའི་པ༷ང་དུ་དུག་སྦྲུལ༷་འོ༷ངས་པར་གྱུར་ན༷་ཤིན་ཏུ་སྐྲག་པས་ཇི༷་ལྟར༷་རི༷ངས་པ༷ས་ཏེ་མྱུར་བར་མྱུར་བར་ལྡང༷་བ༷་ལྟར༷་དེ༷་བཞི༷ན་དུ་སྲོད་དང་ཐོ་རེངས་སོགས་སུ་གཉི༷ད་རྨུགས་དང༷་སྙོམ༷་ལ༷ས་ལ་སོགས་པ་འོ༷ངས་པར་གྱུར་ན༷་མྱུར༷་བ་ཉིད་དུ༷་མ་ལ་ནས་ལྡང་བ་སོགས་ཀྱིས་དེ༷་དག༷་བཟློ༷ག་པར་དམ་བཅས་ཏེ་བརྩོན་པ༷ར་བྱ༷་དགོས་ཏེ། དཔེར་ན་ལོ་ཆེན་རིན་ཆེན་བཟང་པོ་ལོ་བདུན་དུ་དམ་མཚམས་མཛད་པའི་དུས་སུ་རྒྱལ་ཐོ་གསུམ་བཞག་སྟེ་ཕྱི་མ་ལ་བདག་རྒྱུད་ལ་ཉོན་མོངས་པ་སྣ་གཅིག་བྱུང་ན་མཁའ་འགྲོ་ཆོས་སྐྱོང་གིས་བདག་གི་སྲོག་སྙིང་བཞེས་པར་མཛོད་ཅིག་ཅེས་དང༌། དེ་བཞིན་དུ་བར་མ་ལ་རང་འདོད་ཡིད་བྱེད་སྐད་ཅིག་ཙམ་སྐྱེས་ན་ཞེས་སོགས་དང༌། ནང་མ་ལ་བདག་ལ་མཚན་འཛིན་གྱི་རྟོག་པ་སྐད་ཅིག་མ་ཙམ་སྐྱེས་ན་མཁའ་འགྲོ་ཆོས་སྐྱོང་གིས་བདག་གི་སྲོག་སྙིང་བཞེས་པར་མཛོད་ཅིག་ཅེས་དམ་བཅས་ཤིང་ཕྲིན་བཅོལ་ཀྱང་མཛད་པ་ལྟར་དམ་བཅའ་བརྟན་པོའི་འདུན་པ་གཏོད་པ་འདི་གལ་ཤིན་ཏུ་ཆེ་ཞེས་གསུངས། །དེ་ལྟར་འབད་ཀྱང་གལ་ཏེ་ཉེས༷་པ༷་བྱུང་ན༷་གང་བྱུང༷་བ༷་རེ༷་རེ༷་ཞིང༷་བད༷ག་ཉིད་ཀྱིས་བདག་ཉིད་ལ༷་སྒོ་དུ་མས་སྨད་ན༷ས་ཅི༷་ན༷ས་ཀྱང༷་བད༷ག་ལ༷་ཕྱིས་ཉེས་པ་འདི༷་ལྟ་བུ་མི༷་འབྱུང༷་བ༷་དེ་ལྟར༷་བྱ༷་ཞེས༷་ཡུན་རིང༷་དུ་བས༷མ་ནས་ཕྱིར་བཅོས་པ་ལ་འབད་པར་བྱའོ། །ཇི༷་ལྟར༷་གན༷ས་འདི་དང་ལོ་ཟླ་ལ་སོགས་པ་དུས་སྐབ༷ས་འདི༷་དག༷་ལ༷་བདག་གིས་རྒྱུད་ལ་དགེ་བའི་དམིགས་པ་མི་བརྗེད་པའི་དྲན༷་པ༷་འདི་གོ༷མས་པ༷་ཉི༷ད་དུ་འགྱུར༷་ཞེས༷་རྒྱུ༷་འདི༷་ཡི༷ས་ནི༷་སྟེ་རང་རྒྱུད་ལ་དྲན་པ་གོམས་པའི་ཐབས་སམ་རྒྱུ་འདི་ཁོ་ན་བསམ་ནས་བླ་མ་དགེ་བའི་བཤེས་གཉེན་དང་ཕྲད༷་པ༷འམ་མཚམས་བསྙེན་སྒྲུབ་དང༌། གནས་བསྐོར་བ་ལ་སོགས་པ་གང་ཅི་བྱས་པ་ཐམས་ཅད་རང་རྒྱུད་ལ་དྲན་ཤེས་གོམས་ཤིང་འཕེལ་བར་བྱེད་པའི་ཐབས་རི༷གས་པའི༷་ལ༷ས་ནི༷་དོན་དུ་གཉེར་ཞིང་འདོ༷ད་པ༷ར་བྱ༷་དགོས་སོ། །འདིར་ཐོབ་པའི་ལས་ནི་ཞེས་ཤེར་འབྱུང་གིས་བླ་མ་ལས་ཐོབ་པའི་གདམས་པ་གང་གི་ལས་ནི་ཞེས་གསུངས། གཉིས་པ་ནི། ཅི༷་ནས༷་ཀྱང་དགེ་བའི་ལ༷ས་གང་དང་གང་བྱེད༷་ལ་དེ་དང་དེའི་སྔོན༷་རོ༷ལ་ན༷ས་ལས་དེ་ཐམ༷ས་ཅ༷ད་ཡང་དག་པར་འགྲུབ་པ་ལ༷་ནི༷་མཐུ་སྟོབས་ནུས་པ་ཡོ༷ད་པ༷་དེ༷་ལྟར༷་བྱ་བའི་ཆེད་དུ་བསྒྲུབ་བྱ་བསླབ་པ་ལ་བསམ་སྟེ་བག་ཡོད་པར་བྱ་བ་ལ་སོགས་པའི་བ༷ག་ཡོ༷ད་པ་སྟེན་ཚུལ་གྱི་གཏམ༷་སྔར་བསྟན་པ་རྣམས་དྲན༷་པར་བྱས་ཏེ༷། བད༷ག་ཉིད༷་དགེ་བའི་ལས་ལ་ལྡང༷་བ༷་ཡ༷ང་བ༷ར་ཞེས་ཤིན་ཏུ་དགའ་ཞིང་སྤྲོ་བས་མྱུར་དུ་འཇུག་པར་བྱ༷་སྟེ དེའི་དགོས་པ་ནི། ཇི༷་ལྟར༷་རླུང༷་ནི༷་ཕར་འགྲོ༷་བ༷་དང༷་ཚུར་འོ༷ང་བ༷ས་ཤིང༷་བ༷ལ་ལ་ཕན་ཚུན་ཅིང་བདེར་རང་དབང་བསྒྱུར་བ༷་དེ་བཞིན་དུ་རང་གི་སེམས་དགེ་བ་ལ་སྤྲོ་བ༷ས་ལུས་ངག་ཡིད་གསུམ་དབ༷ང་བ་མྱུར༷་བར་བྱ་དགོས་ཏེ༷། དེ༷་ལྟར༷་ན༷་ནི༷་དགེ་བའི་ལས་ལ་དོན་གཉེར་གྱིས་འཇུག་ཅིང་གང་བརྩམས་པ་ཐམས་ཅད་ཀྱང་མཐར་ཕྱིན་ཏེ་ཡང་དག་པར་འགྲུབ༷་པ༷ར་འགྱུར༷་བའོ། །ལེའུའི་མཚན་ནི། བྱང༷་ཆུབ༷་སེ༷མས་དཔ༷འི་སྤྱོད༷་པ༷་ལ་འཇུག༷་པ༷་ལ༷ས། བརྩོ༷ན་འགྲུས༷་བསྟན༷་པ༷་ཞེ༷ས་བྱ༷་བ༷་སྟེ༷་ལེ༷འུ་བདུན༷་པ༷འོ༷།། །། ༈ གཉིས་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གོང་ནས་གོང་དུ་སྤེལ་བར་བྱེད་པ་བསམ་གཏན་གྱི་ལེའུ་ལ། གཞུང་དང་མཚན་ནོ། །དང་པོ་ལ། མཚམས་སྦྱར་བའི་སྒོ་ནས་མདོར་བསྟན་པ། བསམ་གཏན་འགྲུབ་པའི་རྒྱུ་ཚོགས་བཤད་པ། །བསམ་གཏན་བསྒོམ་པ་དངོས་དང་གསུམ་ལས། དང་པོ་ནི། བསླབ་བཏུས་ལས། བཟོད་བྱ་ཐོས་པ་བཙལ་བར་བྱ། །དེ་ནས་ནགས་སུ་གནས་པར་བྱ། །མཉམ་པར་བཞག་ལ་བརྩོན་བྱ་ཞིང༌། །མི་སྡུག་ལ་སོགས་བསྒོམ་པར་བྱ། །ཞེས་དང༌། འདིར་ཡང་གོང་དུ། ཇི་ལྟར་གནས་སྐབས་སོགས་ཤློ་ཀ་གཅིག་གིས་བསྟན་དོན་ལྟར་དང་པོ་བླ་མ་ལ་བསྟེན་ཏེ་གདམས་ངག་ཐོས་ཤིང་དེའི་དོན་བསམ་ཞིང་བསྒོམ་པར་བྱ་དགོས་པར་རྒྱལ་ཚབ་བྱམས་པས་ཀྱང་མདོ་རྒྱན་དུ། ཐོས་པ་མི་དགོས་ན་རྒྱལ་བའི་བཀའ་སྡེ་སྣོད་གསུམ་བསྟན་པ་དོན་མེད་པར་འགྱུར་ཞིང༌། ཐོས་དོན་བསྒོམ་མི་དགོས་ན་སྔོན་བྱོན་དམ་པ་རྣམས་ཀྱི་བསྒོམ་པ་དོན་མེད་པར་འགྱུར་དགོས་ན་དེ་ལྟར་མ་ཡིན་པར་དང་པོ་ཐོས་པའི་སྒོ་ནས་རང་གི་ཉམས་སུ་ལེན་རྒྱུའམ་བསྒོམ་རྒྱུ་དེ་ཇི་ལྟ་བ་བཞིན་དུ་བརྩོན་པ་ཆེན་པོས་ཤེས་པར་བྱས་ནས་དེ་བསྒོམ་དགོས་པས་ན་གོང་དུ་བསྟན་པ་དེ༷་ལྟར༷་བརྩོ༷ན་འགྲུས༷་བསྐྱེད༷་དེ་ལྟོ་ཚད་ལ་ཕབ། གཉིད་སང་ལ་གཞུར། རིག་པ་འཇུག་མིག་ཏུ་དྲང་ནས༷་ནི༷་རང་གི་ཡི༷ད་ནི༷་གཞན་དུ་མི་གཡེངས་པར་དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་ཏིང༷་ངེ༷་འཛི༷ན་ལ༷་མཉམ་པར་བཞ༷ག་པར་བྱ་དགོས་ལ། མ་བཞག་ན་ཅིར་འགྱུར་ཞེ་ན། རང་གི་སེ༷མས་འདི་ནི༷་ཚོགས་དྲུག་གི་ཡུལ་ལ་རྣམ་པ༷ར་གཡེ༷ངས་བར་གྱུར་པའི༷་མི༷་དེ་ནི་ཆགས་སྡང་སོགས་ཉོན༷་མོ༷ངས་པ་སྲིན་པོ་ལྟ་བུའི་མཚེ༷་བའི༷་ཕྲག༷་གམ་པར་ན༷་ཁམ་ཟས་བཞིན་དུ་གན༷ས་པས་ངེས་པར་ཡོན་ཏན་ལ་རྨ་འབྱིན་ཞིང་ཐར་པའི་སྲོག་འཇོམས་པས་སྡུག་བསྔལ་བར་འགྱུར་རོ། །གཉིས་པ་ལ། མདོར་བསྟན་པ་དང༌། རྒྱས་པ་བཤད་པ་གཉིས་ལས། དང་པོ་ནི། འོ་ན་རྣམ་གཡེངས་དེ་ཇི་ལྟར་སྤོང་ན། རང་ཉིད་སྐྱེ་བོ་མང་པོ་དང་འགྲོགས་པ་སྤངས་ཏེ། ལུས༷་ཕན་ཚུན་འདུ་འཛི་ལས་དབེན་པ་དང༷༌། འདོད་པ་ལ་འདུན་པ་སོགས་སྤངས་ཏེ་སེ༷མས་ནི༷་དུས་གསུམ་གྱི་རྟོག་པ་ལས་དབེ༷ན་པ་གནས་པ༷་ཡི༷ས་ཕྱི་ནང་གི་རྣམ༷་པ༷ར་གཡེ༷ང་བ༷་ཐམས་ཅད་མི༷་འབྱུང༷་ངོ༷༌། །ཉོན་མོངས་སྤང་པ་ལ་རྣམ་གཡེངས་སྤང་དགོས་ཤིང་དེ་ལའང་བསྲིང་བ་གཉིས་ལྡན་གྱི་དབེན་པ་ལ་བསྟེན་དགོས་པ་དེ༷་བ༷ས་ན་ལུས་དབེན་པའི་དོན་དུ་སྙིང་པོ་མེད་པའི་འཇི༷ག་རྟེན༷་གྱི་བྱ་བ་འདུ་འཛི་ལ་ཆགས་པ་སྤང༷་བར་བྱ༷་ཞིང༷་སེམས་དབེན་པའི་དོན་དུ་ཡུལ་ལ་རྣམ༷་པ༷ར་རྟོག༷་པ༷་མཐའ་དག་ཡོ༷ངས་སུ༷་དོར༷་ནས་ཏིང་ངེ་འཛིན་བསྒོམ་དགོས་ལ་དེ་ཡང་གྲོགས་གཅིག་ཙམ་ཡོད་ཀྱང་ཏིང་ངེ་འཛིན་གྱི་བར་དུ་གཅོད་པས་ན་ཏིང་ངེ་འཛིན་ངེས་པར་བསྒོམ་འདོད་པ་ཡིན་ན་རང་ཉིད་གྲོགས་མེད་གཅིག་པུར་དབེན་པར་གནས་དགོས་སོ། །གཉིས་པ་ལ། འཇིག་རྟེན་སྤང་བ་དང་རྣམ་རྟོག་དོར་བ་གཉིས་ལས། དང་པོ་ལ་འཇིག་རྟེན་སྤང་དགོས་པའི་རྒྱུ་མཚན་བཤད་པ། ནང་སེམས་ཅན་གྱི་འཇིག་རྟེན་ལ་སྲེད་པ་སྤོང་བར་བྱ་བ། ཕྱི་རྙེད་སོགས་ཀྱི་འཇིག་རྟེན་ལ་སྲེད་པ་སྤོང་བར་བྱ་བ། སྤངས་ནས་དབེན་པའི་ཡོན་ཏན་བརྟེན་ཚུལ་དང་བཞི་ལས། དང་པོ་ནི། ནང་སེམས་ཅན་རྣམས་ལ་ཆ༷གས་པའི༷་ཕྱིར༷་དང་ཕྱི༷་རྙེད༷་པ་སོ༷གས་ལ༷་སྲེད༷་པ༷ས་ནི༷་འཇི༷ག་རྟེན༷་གྱི་འདུ་འཛི་མི༷་སྤོང་མི་ནུས་པ་དེ༷་བ༷ས་ན་ཆགས་པ་དང་སྲེད་པ་འདི༷་ད༷ག་ཡོ༷ངས་སུ་སྤང༷ས་ལ༷་བླང་དོར་གྱི་གནས་ལ་ཐོས་བསམ་ཀྱི་བློ་དང་ལྡན་པའི་མཁ༷ས་པ༷ས་འདི༷་ལྟར༷་སྤྱད༷་པ༷ར་བྱ༷་སྟེ། ཇི་ལྟར་སྤྱད་ན། ཆོས་ཡང་དག་པར་སྡུད་པ་ལས། ཡིད་མཉམ་པར་བཞག་པ་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བར་འགྱུར་རོ་ཞེས་གསུངས་པ་ལྟར། སེམས་བཏང་འགྲོ་བཞག་སྡོད་ལ་རང་དབང་འབྱོར་བ་ཤིན་སྦྱོང་གི་བདེ་བའི་ཁྱད་པར་དུ་བྱས་པའམ་ཉེར་བསྡོག་མི་ལྕོགས་མེད་པ་ལ་སོགས་པའི་སེམས་རྩེ་གཅིག་ཏུ་གནས་པའི་ཞི༷་གན༷ས་ཀྱི་ཏིང་ངེ་འཛིན་དང་ར༷བ་ཏུ༷་ལྡན༷་པ༷འི་ལྷག༷་མཐོ༷ང་ཆོས་རྣམས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་ཤེས་པའི་ཤེས་རབ་ཟུང་དུ་འཇུག་པ་དག་གི༷ས་ཉོ༷ན་མོ༷ངས་པ་ས་བོན་བག་ཆགས་དང་བཅས་པ་རྣམ༷་པ༷ར་འཇོ༷མས་པ༷ར་ཤེས་པར་བྱས༷་ནས༷་ཐོ༷གས་མ༷ར་སེམས་གནས་ཐབས་དགུ་སོགས་ལ་བརྟེན་ནས་ཞི་གནས་བཙལ་ཞིང་སྒྲུབ་པར་བྱ༷་དགོས་ལ། ལྷག་མཐོང་གི་རྒྱུའམ་རྟེན་ཞི་གནས་ཀྱི་ཏིང་ངེ་འཛིན་དེ༷་ཡ༷ང་ནི༷་ནང་སེམས་ཅན་དང་ཕྱི་རྙེད་སོགས་ཀྱི་འཇི༷ག་རྟེན༷་རྣམས་ལ་སེམས་ཆ༷གས་པ༷་མེ༷ད་པར་གནས་དབེན་པར་ཏིང་ངེ་འཛིན་བསྒོམ་པ་ལ༷་མངོ༷ན་དག༷ས་སྟེ་མངོན་པར་དགའ་བས་འགྲུབ༷་པ་ཡིན་གྱི་གཞན་གྱིས་མ་ཡིན་ཏེ་དེ་ལྟར་ཡང་དག་པའི་ལམ་གྱི་འཇུག་རིམ་མ་ནོར་བ་སྟེ། སངས་རྒྱས་གཉིས་པ་དབྱིག་གཉེན་གྱིས། །ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་དང༌། ཤེས་རབ་ནི་བསམ་གཏན་གྱི་རྒྱུ་འབྲས་གཉིས་ཀ་ཡིན་ཏེ། མགོན་པོ་ཀླུས། ཤེས་རབ་མེད་པར་བསམ་གཏན་ཡོད་མིན་ཏེ། །བསམ་གཏན་མེད་པར་ཡང་ནི་ཤེས་རབ་མེད། །གང་ལ་དེ་གཉིས་ཡོད་པས་སྲིད་པ་ཡི། །རྒྱ་མཚོ་གནག་རྗེས་ལྟ་བུར་འཚལ་བར་བགྱི། ཞེས་དང༌། གང་པོས་ཞུས་པ། དེ་འདྲའི་ཉོན་མོངས་སྤང་འདོད་ན། །རྙེད་པ་རྣམས་ནི་སྤོང་བར་བྱ། །སྤངས་ནས་གནས་དབེན་རབ་གནས་པས། །སྟོང་པའི་ཆོས་ནི་བསྒོམ་པར་བྱ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ནི། རང་ཉིད་རྟག་བརྟན་མེད་པས་མི༷་རྟག༷་པ་སུ༷་ཞི༷ག་གྲོགས་གཉེན་བཤེས་རྟག་བརྟན་མེད་པས་མི༷་རྟག༷་པ་རྣམས་ལ༷་ཡ༷ང་དག༷་པའམ་ངེས་པར་ཆ༷གས་པ༷ར་བྱེད༷་པ༷་ཡོ༷ད་དེ་དེ་ལ་ཆགས་པར་བྱེད་མི་རིགས་སོ། །ཆགས་ན་ཅིར་འགྱུར་ཞེ་ན། ཆགས་པ་དེས༷་ནི༷་གནས་སྐབས་ཙམ་དུ་མ་ཟད་ཚེ༷་རབ༷ས་སྟོང༷་ཕྲག་དག་ཏུ༷་ཡང་སྙིང་ལ་སྡུག༷་པ༷་ཡིད་དུ་འོང་བའི་སྐྱིད་དགའ་ཅུང་ཟད་ཙམ་མཐོ༷ང་ཞིང་ཐོབ་པ༷ར་ཡོ༷ང་ཡེ་མི༷་འགྱུར༷་ཞིང༌། གནས་སྐབས་སུ་ཡང་ཡིད་དུ་འོང་བའི་གྲོགས་དེ་མ༷་མཐོ༷ང་ན༷་ནི༷་དག༷ར་ཏེ་ཡིད་དགའ་ཞིང་བདེ་བར་མི༷་འགྱུར༷་ཞིང་དེ་ལ་རྟོག་ཅིང་དཔྱོད་པས་སེམས་འཁྲུགས་པས་ཡི༷ད་ཀྱང༷་ནང་དུ་ཏིང་ངེ་འཛིན་ལ་མཉ༷མ་པར་འཇོ༷ག་ཅིང་གནས་པར་མི༷་འགྱུར༷་ལ༷། གལ་ཏེ་གྲོགས་དེ་མཐོ༷ང་ཞིང་འཕྲད་པར་གྱུར་ན་ཡ༷ང་ངོ༷མས་ཤིང་ཚིམ་པ༷ར་མི༷་འགྱུར༷་བ༷ས་སྔར༷་བཞི༷ན་དུ་དེ་ལ་ཆགས་ཤིང་སྲེད༷་པ༷ས་རང་སེམས་ཡོངས་སུ་གདུང༷་བ༷ར་འགྱུར༷་ཏེ། རྒྱལ་ཆེར་རོལ་པ་ལས། འདོད་པའི་ཡོན་ཏན་དག་གིས་དགའ་བ་ནི། །ལན་ཚྭའི་ཆུ་འཐུང་བཞིན་དུ་ངོམས་མི་འགྱུར། ཞེས་པ་བཞིན་ནོ། །གཉེན་བཤེས་ཀྱི་གྲོགས་སེ༷མས་ཅ༷ན་རྣམས་ལ༷་ཆ༷གས་ཤིང་སྲེད་པར་བྱས༷་ན༷་ཡ༷ང་དག༷་པ་དེ་ཁོ་ན་ཉིད༷་ཀྱི་དོན་མཐོང་བ་ལ༷་ངེས་པར་ཀུན༷་ན༷ས་སྒྲིབ༷་པར་བྱེད་ཅིང༌། འཁོར་བའི་སྡུག་བསྔལ་ལ་སྐྱོ༷་བའི་སེ༷མས་ཀྱང༷་སྔར་ཡོད་འཇི༷ག་པ༷ར་བྱེད༷་ཅིང་ཕྱིས་ཀྱང་མི་སྐྱེ་བར་བྱེད་ལ་ཐ༷་མ༷ར་དེ་ཤི་བའམ་བྲལ་བ་ན་ཡིད་མྱ༷་ང༷ན་གྱིས་ཤིན་ཏུ་གདུང༷་བ༷ར་འགྱུར༷་ཏེ། གྲོགས་དེ༷་ལ༷་སྲེད་ཅིང་ཆགས་པའི་སེ༷མས་པ༷་འབ༷འ་ཞི༷ག་གི༷ས་ཚེ༷་འདི༷་ཡང་དགེ་བ་སྒྲུབ་པའི་དོན༷་མེ༷ད་པར་སྡིག་དང་སྡུག་བསྔལ་གྱིས་འད༷འ་བ༷ར་འགྱུར༷་ཞིང༌། རྟག་ཅིང་བརྟན་པ༷་མེ༷ད་པའི༷་མཛ༷འ་བཤེ༷ས་ལ་ཆགས་ཤིང་སྲེད་པ་ཉིད་ཀྱིས༷་འཕོ་འགྱུར་མེད་པའི་གཡུང༷་དྲུང༷་གི་གོ་འཕང་བླ་ན་མེད་པ་ཐོབ་པར་བྱེད་པའི་ཆོ༷ས་སྒྲུབ་པའི་བྱ་བ་ཉིད་ཀྱང༷་འཇི༷ག་པ༷ར་འགྱུར༷་བས་ན་དེ་ལ་ཆགས་པ་སྤོང་བར་བྱའོ། །བྱིས་པ་ལ་རྒན་པོ་དང་འཕགས་པ་དང་མཁས་པ་གསུམ་ལ་ལྟོས་པའི་གསུམ་དུ་ཡོད་པ་ལས་འདིར་ཕྱི་མ་གཉིས་ཏེ་དེ་ལས་ཀྱང་གཙོ་ཆེར་ཐ་མ་སྟེ་སོ་སོའི་སྐྱེ་བོ་བླུན་པོ་ཡི་བྱིས༷་པ་རྣམས་དང༷་སྒོ་གསུམ་སྤྱོད་པ་མཐུན་པའི་སྐལ་པ༷་མཉ༷མ་པར་སྤྱོད་པར་བྱས་ན༷་ངེ༷ས་པ༷ར་ང༷ན་འགྲོ༷ར་འགྲོ༷་ཞིང་སྐྱེ་བར་འགྱུར༷་ཏེ༷། གོས་ཕྱག་དར་ཁྲོད་དང༌། ཟས་ངན་ངོན། གནས་དགོན་པ་ལ་བརྟེན་པས་འདོད་པ་ཆུང་ཞིང་ཆོག་ཤེས་པ་ཀློག་སྤོང་གི་ལས་ལ་དགའ་བ་འཕགས་པའི་རིགས་ཡིན་པ་ལ་འཕགས་པ་དང་སྐལ༷་པ་མི༷་མཉ༷མ་པ༷ར་ཏེ་འདོད་པ་ཆེ་ཞིང་ཆོག་མི་ཤེས་པ་ཀློག་སྤོང་གི་ལས་ལ་མི་དགའ་བའི་གནས་སུ་ཁྲིད༷་ཅིང་སྦྱོར་བར་བྱས་ནས་འདི་ཕྱི་གཉིས་ཕུང་ཞིག་བྱེད༷་པར་འགྱུར་ན༷་བྱིས༷་པ༷་ཡི་གྲོགས་རྣམས་ལ་བསྟེན༷་པ༷ས་ཅི༷་ཞི༷ག་བྱ་སྟེ་བརྟེན་པར་མི་བྱའོ། །བྱིས་པའི་གྲོགས་རྣམས་ནི་བློ་མི་བརྟན་པས་གསར་ངེས་ཀྱིས་སྐད༷་ཅི༷ག་གཅི༷ག་གི༷ས་དགའ་ཞིང་མཛ༷འ་བར་འགྱུར༷་ལ༷་དེ་ཉིད་ཡུ༷ད་ཙ༷མ་གྱིས༷་ཏེ་ཡུད་ཙམ་ཞིག་གིས་ནི་སྲོག་སོགས་ལ་བདོ་བའི་དགྲ༷ར་ཡ༷ང་འགྱུར༷་ཞིང་རང་གིས་དེ་དག༷འ་བའི༷་གན༷ས་དགེ་བ་ལ༷་སྦྱར་ན་མི་འདོད་པས་ཁྲོ་བར་བྱེད༷་པ༷ས་སམ་ཆོས་དང་འཇིག་རྟེན་གྱི་འབྱོར་པ་རང་ལ་ཡོད་ན་གྲོགས་དེ་དགའ་བའི་གནས་ཡིན་དགོས་ཀྱང་དེས་མི་དགའ་བར་ཕྲག་དོག་གིས་ཁྲོ་བར་བྱེད་པས་སོ༷་སོ༷འི་སྐྱེ༷་བོ༷་རྣམས་ནི་ཇི་ལྟར་བྱས་ཀྱང་ཤིན་ཏུ་མགུ༷་བ༷ར་དཀ༷འ་བའོ། །རང་གི་བསམ་པ་བཟང་པོས་ཕར་གྲོགས་དེ་ལ་འདི་ཕྱི་ཀུན་ཏུ་ཕ༷ན་པའི་དགེ་བའི་ཆོས་སྒྲུབ་པ༷ར་གྱིས་ཞེས་སྨྲས༷་ན༷་དེ་ལ་མི་ཉན་པར་མ་ཟད་ཕྱི་རྗེས་སུ་མི་ཁོམས་པ་དང་མི་ནུས་ཞེས་ཁྲོ༷་བ༷ར་བྱེད༷་པ་དང༌། ཚུར་བད༷ག་ཀྱང༷་ཕ༷ན་པ་དམ་པའི་ཆོས་སྒྲུབ་པ་ལ༷ས་ཟློག༷་པ༷ར་བྱེད༷་པའི་བར་ཆད་སྣ་ཚོགས་ཀྱི་བྱ་བ་དང་གཏམ་མང་པོ་སྨྲ་བར་བྱེད་ལ། གལ་ཏེ་དེ༷་ད༷ག་གི་ང༷ག་བཞིན་དུ་ནི༷་མ༷་མཉ༷ན་ན༷་ནི་མི་དགའ་ཞིང་ཁྲོ༷་བར་འགྱུར་བ༷ས་དེ་དག་ང༷ན་འགྲོར༷་འགྲོ༷་བ༷ར་འགྱུར༷་རོ། །བྱིས་པའི་གྲོགས་ལ་ཕན་ཚུན་བསྟེན་པར་བྱས་ནས་རང་ལས་མཐོ༷་བར་གྱུར་པ་རྣམས་ལ༷་ཕྲག༷་དོག༷་གིས་མི་བཟོད་པ་དང་རང་དང་མཉ༷མ་པར་གྱུར་པ་རྣམས་དང༷་ཕ༷ན་ཚུན་འགྲན༷་སེམས་ཀྱིས་རྩོད་པར་འགྱུར་བ་དང༌། རང་ལས་དམ༷འ་བར་གྱུར་པ་རྣམས་ལ་ང༷་རྒྱལ༷་གྱིས་ཁྱད་གསོད་དང་བརྙས་བཅོས་བྱེད་པ་དང་དེ་དག་ལ་ཡོན་ཏན་བརྗོད་པས་བསྟོད༷་པ་བྱས་ན༷་མགོ་འཕང་བཏེག་ཅིང་དྲེགས་པས་ཁེངས་པར་འགྱུར་ཞིང༌། སྐྱོན་སྨྲས་པས་མི༷་སྙན༷་པར་བརྗོད༷་པར་བྱས་ན་ཁོ༷ང་ཁྲོ༷་སྐྱེ༷་བར་འགྱུར་བའི་ཕྱིར་དུས་ན༷མ་ཞིག༷་བྱིས༷་པའི་གྲོགས་ལ་བསྟེན་པ་ལ༷ས་བདག་གིས་ཕ༷ན་པ༷་ཅི་ཞིག་འཐོ༷བ་སྟེ་ཅི་ཡང་མི་འཐོབ་བོ། །མི་ཐོབ་པར་མ་ཟད་འཕགས་པའི་གང་ཟག་ཞིག་ཡིན་ན་མ་གཏོགས་དེ་ལས་གཞན་རང་བྱིས་པ་ཉིད་བྱིས༷་པའི་གྲོགས་གཞན་དང༷་འགྲོག༷ས་པར་བྱས་ན༷་བྱིས༷་པ༷་རྣམས་ལ༷ས་དངོས་སམ་བརྒྱུད་ནས་བད༷ག་ལ་བསྟོད༷་པ་དང་གཞ༷ན་ལ༷་སྨོད༷་པ༷་དང༷་འཁོ༷ར་བ༷ར་དག༷འ་བའི༷་གཏམ༷་དགྲ་འདུལ་དང་གཉེན་སྐྱོང་ཚོང་དང་སོ་ནམ། རྟ་ནོར་སོགས་ཕྱུགས་དང་ཟས་གོས་རྒྱན་ལ་སོགས་པའི་གཏམ་དང༌། ཐ་ན་ལམ་ཟུར་ཙམ་གྱིས་འཕྲད་ནའང་མིག་སྡང་དང་ཚིག་ངན་ལ༷་སོ༷གས་པ་མི༷་དགེ༷་བ་ཞིག་ཅི༷ས་ཀྱང༷་ངེ༷ས་པ༷ར་འབྱུང༷་ཞེས་དོན་གཅིག་ལན་གཉིས་སུ་བརྗོད་དོ་དེ་ལྟར༷་བད༷ག་དང༷་གྲོགས་གཞ༷ན་ཕན་ཚུན་བསྟེན༷་ཅིང་འགྲོགས་པ༷་དེ༷ས་ནི༷་མི་དགེ་བ་འཕེལ་ནས་རང་གཞན་འདི་ཕྱི་གཉིས་ཀར་ཕུང༷་བ༷ར་འགྱུར༷་བ༷ར་ཟ༷ད་དོ། །གྲོགས་དེས༷་ཀྱང༷་བད༷ག་གི་འདི་ཕྱིའི་དོན༷་འགྲུབ་པར་མ༷་བྱས༷་ལ༷་བད༷ག་གིས་ཀྱང༷་གྲོགས་དེ༷་ཡི་འདི་ཕྱིའི་དོན༷་འགྲུབ༷་པར་མི༷་འགྱུར༷་བ༷ས་ན་བྱིས༷་པའི་གྲོགས་གཉེན་ཉེ་བ་གྲོགས་དགའ་མཛའ་རྣམས་ལ༷ས་ཐ༷ག་རི༷ང་དུ་བྱོལ༷་ནས་རང་ཉིད་གྲོགས་མེད་གཅིག་པུར་དབེན་པར་གནས་པར༷་བྱ༷་བསམ་དགོས་ཏེ། གཉེན་ཉེ་བའི་གདུང་སེམས་ལྷ་བདུད་ཀྱི་གཡབ་མོ། །གྲོགས་དགའ་བའི་མཇལ་འཕྲད་དགེ་སྦྱོར་གྱི་བདུད་གཅོད། ཁ་མི་དགེའི་བང་མཛོད་ཉེས་ལྟུང་གི་འབྱུང་སྒོ། ཞེས་པས་གྲོགས་ལ་བསྟེན་པའི་ཉེས་པ་དང༌། མི་མེད་དབེན་པའི་རི་ཁྲོད་དུ། །སྤྱོད་ལམ་ཐམས་ཅད་དགེ་བ་ཡིན། །ཞེས་པའི་དབེན་པའི་ཡོན་ཏན་ལ་བསམས་ཏེ། རྗེ་མི་ལས། ངན་ན་འདྲི་མི་མེད་པ་དང༌། །ཤི་ན་ངུ་མི་མེད་པ་ཡི། །རི་ཁྲོད་འདི་རུ་འཆི་ནུས་ན། །རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །ཞེས་པ་རྣམས་ཡི་དམ་དུ་བྱའོ། །གལ་ཏེ་རི་ཁྲོད་ལྟ་བུར་གཉེན་གྲོགས་རྣམས་དང་ཕྲ༷ད་པར་གྱུར་ན༷་དེ་དག་དག༷འ་བ༷ས་ཏེ་དགའ་བར་འགྱུར་བའི་གཏམ་ལ་སོགས་པའི་སྤྱོད་པས་གནས་སྐབས་དེ་ཙམ་དུ་མགུ༷་བར་བྱས༷་ཏེ༷། དེ་དང་ཡུན་རིང་ཧ་ཅང་འབྲེལ་འདྲིས༷་ཆེ༷ན་པོ་ཉི༷ད་དུ༷་མི༷་འགྱུར༷་བ༷ར་མི་མཛའ་མི་མཁོན་པ་ཐ༷་མ༷ལ་པ༷་ཙ༷མ་སྟེ་དེ་ལ་ཆགས་སྡང་མེད་པར་ལེ༷གས་པ༷ར་གནས་པར་བྱ༷་དགོས་སོ། །སངས་རྒྱས་རབ་བདུན་ལས་ཐམས་ཅད་སྐྱོབ་ཀྱི་གསོ་སྦྱོང༌། ཇི་ལྟར་བུང་བས་མེ་ཏོག་གི །ཁ་དོག་དྲི་ལ་མི་གནོད་པར། །ཁུ་བ་གཞིབ་ནས་འཕུར་བ་ལྟར། །དེ་བཞིན་ཐུབ་པ་གྲོང་དུ་རྒྱུ། །ཞེས་པ་ལྟར། འཚོ་བའི་ཟས་གོས་ཀྱི་ཆེད་གོང་དུ་བསོད་སྙོམས་དང་ཨ་མཆོད་དང་གྲོང་ཆོག་ལྟ་བུར་འགྲོ་དགོས་པ་ནའང་དཔེར་ན་བུང༷་བ༷ས་མེ༷་ཏོག༷་གི་ཁ་དོག་དང་དྲི་ལ་མི་གནོད་པར་སྦྲང༷་རྩི༷་བླངས་ནས་ཆགས་པ་མེད་པར་གཞན་དུ་འགྲོ་བ་བཞི༷ན་དུ་ཆོ༷ས་དང་མཐུན་པའི་ཟས་གོས་ཀྱི༷་དོན་ནམ་འབྱོར་པ་ཅུང་ཟད་ཙ༷མ་ལོན་པ༷འམ་བླང༷ས་ན༷ས་ནི༷་ཡོན་བདག་ཀུན༷་ལ༷་སྔོན༷་ཆ༷ད་ཕན་ཚུན་མ༷་མཐོ༷ང་བ་བཞི༷ན་དུ་ཧ་ཅང་འབྲེལ་ཞིང་འདྲིས་པ༷་ཆེན་པོ་མེད་པ་ཉིད་དུ་ཆགས་སྡང་མེ༷ད་པ༷ར་གན༷ས་པ༷ར་བྱ༷་སྟེ། ཀུན་མཁྱེན་ཆོས་རྗེས། གྲོང་དང་དགོན་པ་བས་མཐའ་ནགས་ཁྲོད་སོགས། །གང་དུ་འདུག་ཀྱང་དགོས་མཛའ་མི་འཚོལ་ཞིང༌། །སུ་དང་འགྲོགས་ཀྱང་མི་མཛའ་མི་མཁོན་པར། །རང་ཚུགས་འཛིན་པ་ཁོ་བོས་སྙིང་གཏམ་ཡིན། །ཞེས་གསུངས་བཞིན་བྱ་དགོས་ཀྱི་ཕལ་ཆེར་དེང་དུས་བླ་མཆོད་ཀྱིས་ཡོན་བདག་བདག་ཏུ་བཟུང༌། ཡོན་བདག་གིས་བླ་མཆོད་བདག་ཏུ་བཟུང་ནས་བསྟན་འགྲོའི་དོན་ལྟ་ཅི་ཆོས་བརྒྱད་ཆགས་སྡང་གིས་རང་གཞན་འདི་ཕྱི་གཉིས་ཕུང་གི་ལས་ངན་སྤངས་ཏེ་རང་རང་གྲོགས་མེད་གཅིག་པུར་གནས་དབེན་པར་སྡོད་ཚུགས་པར་བྱ་དགོས་སོ། །འདིར་ཆོས་ཀྱི་དོན་ཙམ་ཞེས་བླ་མ་ལས་ཆོས་ཀྱི་སྙིང་པོའི་དོན་ཙམ་བླངས་ནས་ཞེས་ཀྱང་གསུངས། གསུམ་པ་ནི། བད༷ག་ནི༷་རྟ་ནོར་ལོངས་སྤྱོད་ཀྱི་རྙེད༷་པ་མ༷ང་པོ་རྙེད་པ་དང༌། མང་པོས་མཆོད་ཅིང་བཀུར༷་སྟི༷་དང་བཅ༷ས་པ་དང༌། བད༷ག་ལ༷་སློབ་མ་དང་ཡོན་བདག་མ༷ང་པོ༷་དག༷འ་བ་དང་བཅས་པའོ༷་ཞེས༷་ཚེ་འདིར་དེ༷་འདྲ༷འི་སྟེ་དེ་འདྲ་བའི་སྙེམ༷ས་པ༷་སྟེ་ང་རྒྱལ་འཆ༷ང་བར་གྱུར༷་ནས་དད་ཟས་གཤིན་དཀོར་ཅི་ལོན་ཅི་ཐོབ་བསྡུས་ཏེ་བསྡད་ན༷་ནམ་ཤི༷་བའི༷་འོ༷ག་ཏུ་ཕྱི༷་མ་ལ་ངན་སོང་གི་སྡུག་བསྔལ་གྱི་འཇིག༷གས་པ༷་སྣ་ཚོགས་སྐྱེ་ཞིང་མྱོང་བར་འགྱུར་ཏེ། གཙང་བླ་རྟ་ནག་ཅན་ལ་སོགས་པའི་ལོ་རྒྱུས་ལ་བསམ་ཏེ་བག་ཡོད་པར་བྱའོ། །དེ་ཡང་སྤྱིར་དཀོར་རྫས་ལ་འབགས་པ་མི་སློབ་པ་བདག་པོ་ལྟ་བུར་སྤྱོད་པ་དང༌། སློབ་པ་ནི་བྱིན་པ་ལ་སྤྱོད་པ་ལྟ་བུ་དང༌། སོ་སོའི་སྐྱེ་བོ་ལྡན་གྲོལ་གྱི་ཡོན་ཏན་གཉིས་དང་ལྡན་པ་ལ་རྗེས་སུ་གནང་བའི་ཚུལ་དུ་སྤྱོད་པ་དང༌། ལྷག་མ་ལེ་ལོས་བཅོམ་པ་ཤེས་རབ་མེད་པ་ཚུལ་ཁྲིམས་དང་ལྡན་པ་ལ་བུ་ལོན་གྱི་ཚུལ་དང༌། ཚུལ་ཁྲིམས་དེ་འཆལ་བ་རྣམས་ལ་དཀོར་རྫས་ལྕགས་ཀྱི་ཐོ་ལུམ་མེ་འབར་བ་ཟ་བ་དང་འདྲ་བ་ཡིན་པར་སངས་རྒྱས་ཀྱིས་གསུངས་སོ། །དེ༷་བ༷ས་ན་རྣམ༷་པ༷ར་རྨོ༷ངས་པ༷འི་ཡི༷ད་དེ་ང་དང་ཁྱོད་ཅེས་བདག་ཏུ་འཛིན་པས་བཅིང་ནས་ཡུལ་ལ་གཡེང་བས་ག༷ང་དང་༷་ག༷ང་ལ༷་ཆ༷གས་པར་གྱུར༷་པ༷་སྟེ། ཁྱད་པར་སྲེད་པ་ཤས་ཆེ་བ་ཤ་ཆང་དང་བུད་མེད་དང་ཁ་སྣའི་དུད་པ་དང་དད་ཟས་གཤིན་དཀོར་སོགས་གང་ལ་རང་སྲེད་པ་ཆེ་ན་སྡིག་པའང་དེ་ཆེ་ལ་དེ་ཡང་ཚེ་འདིར་ཡང་དཀོར་ཆུ་ཇ་ལྟ་བུའམ་ཆང་ཕོར་བ་རྒྱ་བཏུང་ན་ཚེ་ཕྱི་མ་ལ་དེ༷་དང༷་དེ་གཅིག་ཏུ་བསྡོངས་ཏེ་བསྡོམས་པས་སྟོང༷་དུ་འགྱུར༷་བ་ཉིད་དུ༷་ཁྲོ་ཆུ་ཁོལ་མ་འཐུང་དགོས་པ་ལ་སོགས་པའི་སྡུག༷་བསྔལ༷་ཉིད༷་དུ༷་འགྱུར༷་ཞིང༷་ལྡང༷་ཞེས་པ་དོམ་ཡིག་རྙིང་བ་ལྡང་བ་ལྟར་ཕྱི་མར་རྣམ་སྨིན་གྱི་སྡུག་བསྔལ་ལྡང་ཞིང་མྱོང་བར་འགྱུར་བའོ། །དེ་ལྟར་རྒྱུ་ཆུང་ཡང་འབྲས་བུ་ཆེན་པོ་འབྱུང་བ་ནི་རྟེན་འབྲེལ་རྒྱུ་འབྲས་ཀྱི་སྨིན་སོ་བསམ་གྱིས་མི་ཁྱབ་པའོ། །དེ༷་བ༷ས་ན་བླང་དོར་ལ་མཁ༷ས་པ༷ས་རྙེད་བཀུར་ལ་ཆ༷གས་པར་མི༷་བྱ༷་སྟེ། ཆ༷གས་པ༷་ལ༷ས་ནི༷་ཚེ་འདི་ཕྱིའི་སྡུག་བསྔལ་གྱི་འཇི༷གས་པ༷་ཆེན་པོར་སྐྱེ་བ༷ར་འགྱུར་ཞིང༌། རྙེད་བཀུར་ལ་སོགས་པ་འདི༷་ད༷ག་གི་ར༷ང་བཞི༷ན་གདོན་མི་ཟ་བར་གཞན་དུ་འདོ༷ར་བར་འགྱུར༷་བ༷ས་རྟག་བརྟན་མེད་པའི་ཚུལ་ལ་སེམས་བརྟན༷་པ༷ར་གྱིས༷་ཏེ༷་འདི་ལྟར་ར༷བ་ཏུ༷་རྟོག༷ས་པར་གྱིས་ཤིག་བདག་ལ་དེང་དུས་སུ་ཟང་ཟིང་གི་རྙེད༷་པ༷་དག༷་ནི༷་རྒྱ་ཆེ་བ་མ༷ང་པོ་བྱུང༷་ཞིང༷་ཕྱོགས་ཀུན་ཏུ་གྲག༷ས་པ་དང༷་བསྟོད་པའི་སྙན༷་པ༷་མང་པོ་བྱུང༷་བར་གྱུར༷་ཀྱང༷་མཐའ་ནམ་ཞིག་ན་རྙེད༷་པ་དང་གྲག༷ས་པ༷འི་ཚོག༷ས་དང་བཅ༷ས་ཏེ་ཕྱོགས་དང་གནས་གང༷་དུ༷་འདོ༷ད་པའམ་འགྲོ་བའི༷་གཏོལ༷་ལམ་ཐག་ཆོད་པ་མེ༷ད་དོ༷། །བད༷ག་ལ༷་མི་དགའ་བས་སྨོད༷་པར་བྱེད་པ༷་གཞ༷ན་དག་ཀྱང་ཡོ༷ད་པར་གྱུར༷་ན༷་གང་ཟག་འགའ་ཞིག་གིས་བསྟོད༷་པ་བྱས་པ༷ས་བད༷ག་ལ་དག༷ར་ཏེ་དགའ་བར་བྱ་རྒྱུ་ཅི༷་ཞིག༷་ཡོ༷ད་དེ་ཅི་ཡང་མེད་དེ་དེའི་གེགས་བྱེད་པ་ཡོད་པས་སོ། །བད༷ག་ལ༷་དགའ་བས་བསྟོད༷་པར་བྱེད་པ་གཞ༷ན་དག་ཀྱང་ཡོ༷ད་པར་གྱུར་ན༷་གང་ཟག་འགའ་ཞིག་གིས་སྨད༷་པར་བྱས་པ༷ས་མི༷་དག༷ར་ཏེ་མི་དགའ་བར་བྱ་རྒྱུ་ཅི༷་ཞི༷ག་ཡོ༷ད་དེ་ཅི་ཡང་མེད་དེ་དེའི་གེགས་བྱེད་ཡོད་པས་སོ། །ཀུན་གྱིས་བསྟོད་པར་བྱེད་པ་ལས་སྨད་པར་བྱེད་པའི་གང་ཟག་གཅིག་ཀྱང་མེད་པ་དེ་ལྟར་ཐམས་ཅད་དགའ་ཞིང་མགུ་བར་བྱའོ་སྙམ་ནའང༌། སེ༷མས་ཅ༷ན་རྣམས་ལས་མི་འདྲ་བ་བསགས་པས་མོས་ཡུལ་སྣ་ཚོགས་ལ་མོ༷ས་པ༷་སྣ༷་ཚོ༷གས་པ༷་ཅན་རྣམས་ནི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྒྱལ༷་བ༷ས་ཀྱང༷་ནི༷་སེམས་ཅན་མཐའ་དག་མི༷་མགུ༷་སྟེ། བྷ་ར་དྷ་ཛ་དང་བྲམ་ཟེའི་བུ་མོ་ག་ཙ་ལི་དང་སྟོན་པ་སྡེ་དྲུག་དང༌། ལྷས་སྦྱིན་དང་ལེགས་པའི་སྐར་མ་ལ་སོགས་པ་མགུ་བར་མ་གྱུར་ན༷་བད༷ག་འདྲ༷་བ་ང༷ན་པ༷ས་མགུ་བར་མི་ནུས་པ་ལྟ་སྨོས༷་ཀྱང་ཅི༷་དགོས་སོ། །དེ༷་བ༷ས་ན་འཇིག་རྟེན་ཆོས་བརྒྱད་ལ་ཞེན་ནས་བྱིས་པ་རྣམས་ལ་བསྟེན་པའི་འཇི༷ག་རྟེན༷་མཐུན་འཇུག་གི་བས༷མ་པ༷་བཏང༷་སྟེ་མི་གྲལ་ནས་བུད་དེ་དབེན་པ་ལ་བསྟེན་པར་བྱའོ། །གཉེན་གྲོགས་སོགས་ཉམས་ཆུང་བའི་སེ༷མས་ཅ༷ན་རྙེད༷་པ་མེ༷ད་པ་རྣམས་ལ༷་བསོད་ཟད་ཐབས་སྡུག་འདིས་རྙེད་བསྐུར་སོགས་གཡོག་གླ་ཙམ་ཡང་མི་རྙེད་དོ་ཞེས་གཤེ་ཞིང་སྨོད༷་པར་བྱེད་ལ་དེ་ལ་བལྟས་ན་རྙེད་པ་ཅན་ལ་བསྟོད་པར་བྱེད༷་རིགས་ནའང་བསྟོད་པ་མི་བྱེད་པར་མ་ཟད་གཞན་དཀོར་བསོད་ཆེ་བ་སོགས་རྙེད༷་པ༷་ཅ༷ན་རྣམས་ལ༷་ནི་འདིས་ཚེ་ཕྱི་མ་ལ་རྙེད་པ་འདི་རྣམས་ཁུར་ཞིང་གཤིན་རྗེ་ཆོས་རྒྱལ་ལ་ལྐོག་ནོར་འདྲ་འབུལ་བ་ཡིན་ནམ་འདི་ཙམ་གྱི་རྙེད་པས་ཅི་བྱའོ་ཞེས་འཕྱ་ཞིང་མི༷་སྙན༷་པ་སྣ་ཚོགས་པ་བརྗོ༷ད་པར་བྱེད་པ་དེ་ལྟར་ན་རྙེད་པ་མེད་པ་རྣམས་ལ་བསྟོད་པར་བྱེད་རིགས་ནའང་མི་བྱེད་པར་མ་ཟད་སྨད་པར་བྱེད་པ་འདི་འདྲའི་ཕྱིན་ཅི་ལོག་ཏུ་གྱུར་པ་གང་གིས་ཀྱང་མི་མགུ་བར་ར༷ང་བཞི༷ན་གྱིས་འགྲོ༷གས་པར་དཀ༷འ་བ་ལ་བསྟེན་པ་དེ༷་ད༷ག་གི༷ས་བདག་ལ་དག༷འ་བ༷་ཇི༷་ལྟར༷་སྐྱེ༷་བ༷ར་འགྱུར༷་ཏེ་མི་འགྱུར་རོ། །བྱིས་པའི་གྲོགས་དང་མི་འགྲོགས་པའི་རྒྱུ་མཚན་ག༷ང་གི་ཕྱིར༷་ན་བྱིས༷་པ༷་རྣམས་ནི༷་ར༷ང་རང་སོ་སོའི་ཚེ་འདི་ཕྱིའི་དོ༷ན་ཏེ་གཉེར་བྱ་ནི༷་མེ༷ད་པ༷ར་ནམ་ཡང་ཐ་ན་བཟའ་བཏུང་ཙམ་ཡང་སྦྱིན་པའི་དག༷འ་བ༷་མི་འབྱུང༷་ཞིང་རང་དོན་འབའ་ཞིག་གཉེར་བ༷ས་ན་བྱིས༷་པ༷་ཡི་གྲོགས་འག༷འ་ཡ༷ང་མཛའ་བཤེ༷ས་སུ་བརྟེན་པར་བྱ་བ་མི༷ན་ནོ་ཞེ༷ས་དེ༷་བཞི༷ན་གཤེག༷ས་པ༷་རྣམ༷ས་ཀྱིས༷་གསུང༷ས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ལས། ཇི་ལྟར་གཅན་གཟན་ཁྲོད་གནས་ན། །ནམ་ཡང་དགའ་བ་མི་འགྱུར་བ། །དེ་བཞིན་བྱིས་པ་བརྟེན་པས་ཀྱང༌། །ནམ་ཡང་དགའ་བར་མི་འགྱུར་རོ། །ཞེས་དང༌། །ཏིང་འཛིན་རྒྱལ་པོ་ལས། བྱིས་པ་ཇི་སྲིད་ཡུན་རིང་ལེགས་བརྟེན་ཀྱང༌། །དེ་དག་ཕྱིར་ཞིང་མི་མཛའ་འགྲས་འགྱུར་ཞེས། །བྱིས་པའི་ངོ་བོ་ཉིད་ཀྱི་རྒྱུ་ཤེས་ནས། །མཁས་རྣམས་བྱིས་པ་བརྟེན་པར་ཡོང་མི་བྱེད། །ཅེས་པ་སོགས་རྒྱ་ཆེར་གསུངས་སོ། །བཞི་པ་ནི། དེ་ལ་མཁས་པ་སྟོང་དང་གྲུབ་པ་བརྒྱ་ཡི་ཕ་ཁྱིམ་མི་མེད་དབེན་པའི་རི་ཁྲོད་དམ་ན༷གས་ཀྱི་ཚལ་ཉམས་དགའ་བ་ནི༷་གྲོགས་ཀྱི་ཁྱད་པར་རི༷་དྭག༷ས་དང་བྱ༷་རིགས་རྣམ་པ་སྣ་ཚོགས་རྣམ༷ས་དང༷་ལྗོན་ཤིང༷་རྣ༷མས་ནི་རང་ལ་སྒྲོ་འདོགས་དང་སྐུར་འདེབས་འཕྱ་ཞིང་སྨོད་པའི་ཚིག་མི༷་སྙན༷་པ་རྗོད༷་པར་མི༷་བྱེད༷་ཅིང༌། ཅི་ཙམ་འགྲོགས་ཀྱང་མི་མགུ་བའི་དོགས་པ་མི་དགོས་པའི་རང་བཞིན་གྱིས་འགྲོགས་ན༷་བདེ༷་བའི་གྲོགས་བཟང་པོ་ཡིད་དུ་འོང་བ༷་དེ༷་དག༷་དང༷་དུས་ནམ༷་ཞི༷ག་ལྷན༷་ཅི༷ག་བད༷ག་གན༷ས་པར་འགྱུར༷་ཞེས་ཡིད་ལ་སེམསཤིང་སྨོན་པའོ། །དེར་མི་གཞན་མེད་པའི་ས་དང་བྲག་གི་བུག༷་ག༷མ་ལྷ༷་ཁ༷ང་སྟོང༷་པ་བདག་གིར་བཟུང་བ་མེད་ལ༷འམ༷་ལྗོན་ཤིང༷་ཡིད་དུ་འོང་བའི་དྲུང༷་དུ༷་ཇི་ལྟར་འདོད་པའི་འདུག་གན༷ས་བཅ༷ས་ཏེ་དུས༷་ན༷མ་ཞིག༷་རྒྱབ༷་ཏུ༷་སྟེ་ཕྱི་ཚིས་ཀྱི་ཆེད་དུ་མི༷་ལྟ༷་ཞེས་བསམ་བློ་མང་བ་མི་གཏོང་ཞིང་༷། རབ་ཉིན་ཞག །འབྲིང་ཟླ་བ། ཐ་མས་ཀྱང་ལོ་གཅིག་ཕན་ཆད་དུ་བློ་སྣ་མི་བསྲིང་བར་གནས་ལུས་ལོངས་སྤྱོད་ཀུན་ལ་ཆ༷གས་པ༷་མེ༷ད་པ༷ར་འགྱུར༷་ཞི༷ག་གུ༷་སྟེ་དེ་ལྟར་སེམས་ཤིང་སྨོན་པའོ། །དབེན་གནས་དེའི་ས༷་ཕྱོགས་གཞན་སུས་ཀྱང་བད༷ག་གི༷ར་བཟུང༷་བ་མེ༷ད་པས་རྩོད་པ༷་མེད་ཅིང་ར༷ང་བཞི༷ན་གྱིས༷་ནི་ཡ༷ངས་ཤིང་རྒྱ་ཆེ་ལ་ཡིད་དུ་འོང་བ་རྣམ༷ས་སུ༷་གང་ཡང་གཞན་ལ་ལྟོས་པ་མེད་པས་འགྲོ་འདུག་ལ་སོགས་པ་གང་ལ་ར༷ང་དབ༷ང་ཉིད་དུ་སྤྱོད༷་ཅིང༷་བདག་གིར་འཛིན་པའི་སྒོ་ནས་ཆ༷གས་པ་མེད་པ༷ར་དུས་ན༷མ་ཞིག༷་བད༷ག་ནི༷་གཅིག་པུར་ཉིད་དུ་གན༷ས་པ༷ར་འགྱུར༷་སྙམ་དུ་སྨོན་པའོ། །དེར་ཡོ་བྱད་ཀྱི་ཁྱད་པར་ས་ལས་བྱས་པའི་ལྷུང༷་བཟེ༷ད་ལ༷་སོགས་པའི་ཡོ་བྱད་ཉི༷་ཚེ༷་བ་སྟེ་ངན་ངོན་ཙམ་དང༷༌། དགྲ་དང་རྐུན་མ་ཀུན༷་ལ༷་མི༷་མཁོ༷འི་སྟེ་མི་མཁོ་བའི་ཕྱིང་བ་པ་དང་ཕྱག་དར་ཁྲོད་པ་ལ་སོགས་པའི་གོ༷ས་ངན་ངོན་ཙམ་འཆ༷ང་ཞིང༷་ལུས༷་ལོངས་སྤྱོད་འདི༷་དགྲ་རྐུན་སོགས་ལ་འཇིགས་ཤིང་སྐྲག་ནས་སྦ༷་བ༷ར་མ༷་བྱས༷་ཀྱང༷་དགྲ་རྐུན་གྱིས་མཐོང་དོགས་དང་གནོད་དོགས་ལ་སོགས་པས་འཇི༷གས་པ་མེ༷ད་པར་བདག་ཉིད་གྲོགས་མེད་གཅིག་པུར་གན༷ས་པ༷ར་དུས་ན༷མ་ཞིག༷་ན་འགྱུར༷་སྙམ་དུ་སྨོན་པའོ། །དེར་ཡིད་བྱེད་ཀྱི་ཁྱད་པར་གནས་དུར་ཁྲོད་པ་མིན་ཀྱང་སྐབས་སུ་དུར་ཁྲོད༷་དུ་སོ༷ང་ན༷ས་སྔར་ཤི་བ་གཞ༷ན་དག༷་གི༷་རོ་གསར་རྙིང་བམ་མྱོགས་རུལ་བ་དང་རུས༷་གོ༷ང་དག༷་དང༷་བད༷ག་རང་གི༷་ལུས༷་གསོན་པོར་སྣང་བ་འདི་ཡང་མཐར་ངེས་པར་འཇི༷ག་པའི་ཆོ༷ས་ཅ༷ན་ད༷ག་ཏུ་ནི༷་འདི་དག་དང་འདྲའོ་ཞེས་དུས་ན༷མ་ཞིག་མགོ༷་སྙོམ༷ས་བྱེད༷་པ༷ར་འགྱུར༷་ཞེས་མི་རྟག་པ་མི་གཙང་བ་ངེས་འབྱུང་གི་བསམ་པ་ཡིད་ལ་བྱེད་དོ། །དེ་ཡང་གཞན་གྱི་རོ་རུལ་བསྔོ་བ་ལ་སོགས་པ་ལ་བལྟས་ཏེ་འདི་དག་སྔོན་ཆད་ལུས་ལ་གཅེས་པར་བཟུང་བས་ཚ་གྲང་དང་ན་བ་སོགས་ཅི་ཡང་མི་བཟོད་པ་བདག་ལྟ་བུ་ཞིག་ཡིན་ནོ་སྙམ་དུ་ཚུར་བདག་ལུས་དང་མགོ་སྙོམས་བྱེད་པ་དང༌། བདག་གི་ལུས་ད་ལྟ་གསོན་པོར་སྣང་ཞིང་གཅེས་པར་བཟུང་སྟེ་ཚ་གྲང་སོགས་ཅི་ཡང་མི་བཟོད་པ་འདི་ཡང་སྔར་ཡང་འདི་ལྟ་བུའི་ཆོས་ཅན། ད་ལྟ་ཡང་འདི་ལྟ་བུའི་རང་བཞིན། མ་འོངས་བ་ནའང་འདི་ལྟ་བུའི་མཚན་ཉིད་ལས་མ་འདས་པ་ཡིན་ནོ་སྙམ་དུ་བདག་ལུས་ཕར་ལ་མགོ་སྙོམས་བྱས་ཏེ་བསྒོམ་པར་བྱ་དགོས་སོ། །ད་ལྟ་གསོན་པོར་སྣང་བའི་བད༷ག་གི༷་ལུས༷་ནི་འདི༷་ཉིད༷་ཀྱང༷་མཐར་ཤི་ནས་རུལ་ཞིང་མྱགས་པར་གྱུར་པ་ན་ལུས་གང༷་གི༷་དྲིང༷་བ་ཤིན་ཏུ་མ་རུང་བ་ཡི༷ས་གཙང་དམེ་མེད་པའི་ཤ་དོན་དུ་གཉེར་བའི་ཝ༷་དང་ལྕེ་སྤྱང་ལ་སོགས་པ་དག༷་ཀྱང༷་དེའི་དྲུང༷་དུ༷་ཉེར༷་ཏེ་ཉེ་བར་འགྲོ༷་བར་མི༷་འགྱུར༷་པ༷་ཡིན་ན་གཞན་ལྟ་ཅི་སྨོས་པ་དེ༷་ལྟ༷་བུར༷་ནི༷་དུས་རིང་པོར་མི་ཐོགས་པར་འགྱུར༷་བ༷་འོ༷ང་སྙམ་དུ་ཡིད་ལ་བྱེད་ཅིང་བསྒོམ་མོ། །རང་གི་ལུས་འདི༷་གཅི༷ག་པུ༷་ཉིད་དུ་མ་ཡི་མངལ་ནས་བྱུང༷་བ༷་ན་ཡ༷ང་དང་པོ་ནས་ལྷན༷་ཅི༷ག་ཏུ་སྐྱེས༷་པའི༷་ཤ༷་དང་རུས༷་པ་ལ་སོ༷གས་པ་དག༷་མཐར་ཤི་བ་ན་ཞིག༷་སྟེ༷་ཤ་རུས་སོ༷་སོ༷ར་ཐ་དད་པར་འགྱེས༷་པར་འགྱུར༷་ན༷་གཉེན་ཉེ་བ་དང་གྲོགས་དགའ་མཛ༷འ་ལ་སོགས་པ་གཞ༷ན་དག༷་དང་སོ་སོར་འགྱེས་པར་འགྱུར་བ་ལྟ་ཅི༷་ཞིག༷་སྨོས༷་ཞེས་འདུས་མཐའ་འབྲལ་བར་ཡིད་ལ་བྱེད་པའོ། །དང་པོ་སྐྱེ༷་བ་ན༷་ཡང་རང་གཅི༷ག་པུ༷་ཉིད་དུ་སྐྱེ༷་བར་འགྱུར༷་ཞིང༷་མཐར་འཆི༷་བ་ན༷འ༷ང་རང་དེ༷་ཉིད༷་གཅི༷ག་པུར་འཆི༷་སྟེ༷་ཁམས་གསུམ་འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་སྐྱེ་ཤི་གཉིས་ཡིན་ན་བདག་གི་སྐྱེ་ཤིའི་སྡུག་བསྔལ༷་མྱོང་བའི་སྐལ༷་བ་གཞ༷ན་གཉེན་དང་མཛའ་བ་རྣམས་ཀྱིས་མི༷་ལེ༷ན་པར་བདག་ཉིད་གཅིག་པུས་མྱོང་བར་འགྱུར་ན༷་ཚུལ་ཁྲིམས་དང་ཐོས་པ་སློབ་གཉེར་མཚམས་བསྙེན་སྒྲུབ་ལ་སོགས་པའི་དགེ་བའི་གེ༷གས་བྱེད༷་པའི་གཉེན་དང་མཛ༷འ་བ༷ས་ཅི༷་ཞིག༷་བྱ་སྟེ་དགོས་པ་མེད་དོ། །དཔེར་ན་ལ༷མ་རིང་པོ་ད༷ག་ཏུ༷་ནི༷་ཞུག༷ས་པ༷་ཡི་འགྲོན་པོ་རྣམ༷ས་ཇི༷་ལྟར༷་འགྲོན་ཁང་ལ་སོགས་པའི་གན༷ས་ནི༷་རིམ་པར་གཅིག་སྤངས་ཤིང་གཅིག་འཛི༷ན་པར་བྱེད་པ་ལྟར༷་དེ༷་བཞི༷ན་དུ་སྔོན་གང་ནས་འོང་དང་ཕྱིས་གར་འགྲོ་མི་ཤེས་པར་སྲིད༷་པ་ཁམས་གསུམ་འཁོར་བའི༷་ལ༷མ་དུ་ཞུག༷ས་པ༷འ༷ང་ད་རེས་མི་ཡི་སྐྱེ་བའི༷་གན༷ས་ནི༷་ཡོ༷ངས་སུ༷་འཛིན་ཅིང་ཆགས་ནས་འདི་ལས་གཞན་དུ་འགྲོ་འདོད་མེད་ཀྱང་འཆི་བདག་གཤིན་རྗེ་མྱུར་དུ་འོང་ནས་མི་འདོད་བཞིན་དུ་རང་དབང་མེད་པར་ཚེ་ཕ་རོལ་དུ་འཁྲིད་པར་འགྱུར་བའི་དུས་སུ་རྒྱལ་པོ་ལ་གདམས་པའི་མདོ་ལས་གསུངས་པ་ལྟར་གཉེན་བཤེས་ལ་སོགས་པ་འཇི༷ག་རྟེན༷་པ་རྣམས་མྱ་ངན་གྱིས༷་ཀུན་ན༷ས་གདུང༷་སྟེ་སྐྲ་འབལ་ཞིང་མིག་མཆི་མས་བཀང་ནས་ཀྱི་ཧུད་ཕ་ཀྱི་ཧུད་མ་ཞེས་པ་སོགས་འོ་དོད་འབོད་ཅིང་ངུ་བཞི༷ན་དུ༷་དུས་ཇི༷་སྲིད༷་སྐྱེས་བུ༷་བཞི༷་ཡི༷ས་ནི༷་གནས་སམ་ཁྱིམ་དེ༷་ལས་ལུས༷་དེ༷་ནི༷་དུར་ཁྲོད་དུ་ཁྱོགས་ཀྱིས་མ༷་བཏེ༷ག་པ༷འམ༷་མ་དོར་བའི་གོང་དེ༷་སྲིད༷་དུ༷་ནི༷་མི་མེད་དབེན་པའི་ན༷གས་སུ༷་སོ༷ང་ལ་འཆི་ཆོས་དགེ་བ་ལ་བརྩོན་པར་གྱིས་ཤིག །དེར་སོང་ནས་ཆགས་ཡུལ་གྱི་གཉེན་བཤེ༷ས་མེ༷ད་ཅིང་ཁྲོ་བའི་ཡུལ་གྱི་འཁོ༷ན་པ༷འ༷ང་མེ༷ད་པར་བྱས༷་ན༷ས་རང་གི་ལུ༷ས་འདི༷་གཅི༷ག་པུར༷་དབེ༷ན་པའི་རི་ཁྲོད་དུ་གན༷ས་ཏེ༷། ཉེ་དུ་སོགས་ཀྱིས༷་སྔ་ནས༷་ཤི༷་བ་དང་འདྲར༷་ཏེ་འདྲ་བར་བརྩི༷ས་ནས་རེ་ཐག་ཆད་པས་ན༷་ནམ་ཞིག་ཤི༷་བར་གྱུར་པ་ན༷འ༷ང་ངུ་ཞིང་འོ་དོད་འབོད་པས་མྱ་ང༷ན་བྱེད༷་པ༷་སུ་ཡང་མེ༷ད་ཅིང་རི་ཁྲོད་དེར་དྲུང༷་ན༷་འཁོ༷ད་པ༷་ཆོས་ཀྱི་གྲོགས་པོ་ལ་སོགས་པ་སུ༷་དག༷་ཀྱང༷་དེ་ཤི་བས་མྱ༷་ང༷ན་ཀྱིས་གདུང་ཞིང་ངུ་འབོད་ལ་སོགས་པའི་གནོ༷ད་པ༷་བྱེད༷་པ་སུ་ཡང་མེ༷ད་པ༷ས་མྱ་ངན་བྱེད་པར་མཐོང་ནས་བདག་ཀྱང་ཡིད་མི་བདེ་བ་མེད་པ་དང༌། གནས་དབེན་པར་འཆི་བ་འདི༷་ཡི༷ས་ས༷ངས་རྒྱས༷་དང་ཆོས་རྗེ༷ས་སུ་དྲན༷་པ་སོ༷གས་འཆི་ཁའི་ཉམས་ལེན་རང་ལ་གང་ཅི་ཡོད་པ་སེམས་པ་ལ་སུས༷་ཀྱང༷་རྣམ་པར་གཡེ༷ང་བར༷་འགྱུར༷་བ༷་མེ༷ད་པས་སེམས་དགེ་བའི་ངང་ནས་བདེ་བར་འགྲོ་བ་སྟེ། མདོ་ལས་ཀྱང༌། ཚངས་སྤྱོད་ལེགས་པར་སྤྱད་པ་དང༌། །ལས་ནི་ལེགས་པར་གོམས་པ་ཡིས། །འཆི་བའི་ཚེ་ན་མྱ་ངན་མེད། །འབར་བའི་ཁྱིམ་ནས་ཐར་པ་བཞིན། །ཞེས་པ་བཞིན་ནོ། །དབེན་པ་ལ་ཡོན་ཏན་མང་པོ་ཡོད་པ་དེ༷་བ༷ས་ན་ཤི༷ན་ཏུ༷་མད༷ངས་ཏེ་ཉམས་དག༷འ་བ༷འི་ན༷གས་ཚ༷ལ་གནས་ཀྱི་སོ་ཚིས་དང་མཐོན་པོའི་ངོ་བསྲུང༌། །དམའ་མོ་སྐྱོང་ཐབས་ལ་སོགས་པ་མི་དགོས་པས་ཚེ༷གས་ཆུང༷་བས་ལུས་བདེ་ཞིང་སེམས་རབ་ཏུ་སྐྱིད༷་པ་ཐོབ་ཅི༷ང་དབེན་པར་གནས་པ་ཁོ་ནས་བྱིན་རླབས་ཀྱིས་སྒོ་གསུམ་གྱི་རྣམ་པར་གཡེ༷ང་བ༷་ཐམས་ཅད་རང༷་བཞིན་ཤུག༷ས་ཀྱིས་ཞི༷་བྱེད༷་པ༷ར་ཏེ་ཞི་བར་བྱེད་པའི་གནས་དབེན་པ་དེར་བད༷ག་ཉིད༷་གཅིག་པུར༷་དུས་རྟག་ཏུ་གན༷ས་པ༷ར་བྱ༷་སྟེ། གནས་པར་བྱས་ནས་ཀྱང་དགྲ་འདུལ་གཉེན་སྐྱོང་དཀོར་སྡུད་རྙེད་ཚོལ་སོགས་ཚེ་འདི་དོན་གཉེར་གྱི་མི་དགེ་བ་དང་ལུང་མ་བསྟན་གྱི་རྣམ་པར་རྟོག་པའི་བས༷མ་པ༷་གཞ༷ན་ཐམས་ཅད་ནི༷་ཀུན༷་སྤངས་པའམ་བཏ༷ང་སྟེ་བད༷ག་གིས་རང་གི་སེམས་ལ༷་བལྟས་ཏེ་སེམས་འདི་ཉིད་འདུལ་བར་བྱའོ་སྙམས་པའི་སེ༷མས་པ༷་གཅི༷ག་པུ༷་ཁོ་ན་ཡི༷ས་སེ༷མས་འདི་ཉིད་ནི༷་ཞི་གནས་ཀྱིས་མཉ༷མ་པ༷ར་བཞ༷ག་པར་བྱ་བའི་ཕྱིར༷་དང༷་ལྷག་མཐོང་གིས་དུལ༷་བ༷ར་བྱ༷་བའི་ཕྱིར༷་དུ་ཞི་ལྷག་ཟུང་འཇུག་གི་ཉམས་ལེན་ཟབ་མོ་བསྒོམ་པ་ལ་རྩེ་གཅིག་ཏུ་བརྩོ༷ན་པར་བྱའོ༷། །གཉིས་པ་རྣམ་རྟོག་དོར་བ་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། རྣམ་རྟོག་དོར་བ་ལ་སྤྱིར་མང་དུ་ཡོད་ཀྱང་འདིར་ཡང་བསྟན་བཅོས་ཡོངས་རྫོགས་དང་ཁྱད་པར་ཞེ་སྡང་གི་གཉེན་པོ་བཟོད་ལེག་གཏི་མུག་གི་གཉེན་པོ་ཤེས་རབ་ལེའུ་དང༌། འདིར་འདོད་ཆགས་ཀྱི་གཉེན་པོའི་དབང་དུ་བྱས་ཏེ་འཇི༷ག་རྟེན༷་ཚེ་འདི༷་དང༷་ཚེ་ཕྱི་མ་ཕ༷་རོ༷ལ་ཏུའང༷་ནང་བུད་མེད་དང་ཕྱི་རྙེད་སོགས་འདོད་པ༷་རྣམ༷ས་ལ་ལྷག་པར་ཆགས་ཤིང་བསྟེན་པ་ནི༷་ཕུང༷་ཁྲོལ༷་ཏེ་སྡུག་བསྔལ་སྣ་ཚོགས། སྐྱེད༷་པར་བྱེད་དེ་ཚེ་འདི༷ར་ནི༷་བུད་མེད་དང་རྙེད་པའི་དོན་དུ་གཞན་གྱིས་གས༷ད་པ་དང༷་ལྕགས་སྒྲོགས་སོགས་ཀྱིས་བཅི༷ངས་པ་ད༷ང་རལ་གྲི་སོགས་ཀྱིས་ཡན་ལག་གཅོ༷ད་པ་ལ་སོགས་པ་དང༌། དགའ་བཞིན་དུ་ནི་ལས་བྱས་པ། །ངུ་བཞིན་དུ་ནི་མྱོང་བར་འགྱུར། །ཞེས་པ་ལྟར་ཚེ་ཕྱི་མ་ཕ༷་རོལ༷་ཏུ༷་ནི༷་དམྱལ༷་བ་དང་ཡི་དྭགས་དུད་འགྲོ་ལ་སོ༷གས་པའི་སྡུག་བསྔལ་བཟོད་པར་དཀའ་བ་དཔག་མེད་སྒྲུབ༷་ཅིང་མྱོང་བར་འགྱུར་རོ། །གཉིས་པ་ལ། ནང་བུད་མེད་ལ་སྲེད་པ་སྤོང་བར་བྱ་བ། ཕྱི་རྙེད་སོགས་ལ་སྲེད་པ་སྤོང་བར་བྱ་བ། དབེན་པའི་ཡོན་ཏན་དྲན་པ་དང་གསུམ་ལས། དང་པོ་ལ། རྒྱུ་བསྒྲུབ་དཀའ་བ། ངོ་བོ་མི་གཙང་བ་ཡིན་པར་བསམ་པ། འབྲས་བུ་གནོད་པ་མང་བར་བསམ་པ་དང་གསུམ་ལས། དང་པོ་ནི། གང་གིས་ཕོ༷་ཉ༷་སྟེ་བྲན་ཕོ་དང་ཕོ༷་ཉ་མོ་སྟེ་བྲན་མོ༷་ཡི༷ས་སྔོན་དུ་བུད་མེད་ག༷ང་དང་འཕྲད་པའི་ཕྱིར༷་དུ་ལེན་གྲངས་དུ་མ༷ར་ཕྲིན་བསྐུར་བའི་གསོ༷ལ་བ་བཏབ༷་ཅི༷ང་ཚེ་ཕྱི་མར་གནོད་པའི་སྡིག༷་པ༷་ཕ་མ་སོགས་གསོད་པ་དང༌། སྡོམ་པ་དང་དམ་ཚིག་ཉམས་པ་ལ་སོགས་པའི་ཉེས་པ་རྣམ༷ས་ས༷མ་ཚེ་འདིར་ཡང་སྡོམ་པ་ཉམས་པ་ལ་སོགས་པས་རང་ཁྲེལ་ཞིང་མི་དང་མིན་གྱིས་འཕྱ་ཞིང་སྨོད་པའི་མི་སྙན་པའི་གྲགས་པ་མི༷ན་པས་ཕྱོགས་ཐམས་ཅད་དུ་ཁྱབ་པར་འགྱུར་བ་ལ༷འང་བུད་མེད་ག༷ང་གི༷་དོན༷་དུ༷་མ༷་མཛེ༷མས་པ༷ར་དཀའ་བ་ཁྱད་དུ་བསད་ཅིང་སྐོམ་པ་དང་དུ་བླང་སྟེ་ལུས་སྲོག་འབེན་དུ་བཙུག་ནས་གཞན་གྱིས་གསོད་པ་དང་དམྱལ་མེས་བསྲེག་པ་ལ་སོགས་པ་ཚེ་འདི་ཕྱིའི་སྡུག་བསྔལ་གྱི་འཇི༷གས་པ༷་ཆེན་པོ་འབྱུང་བ་ལ༷་ཡ༷ང་བད༷ག་ཉིད་སྤྲོ་བས་ཞུག༷ས་ཤི༷ང༌། ཟས་གོས་རྒྱན་ལ་སོགས་པའི་རྫས་དང་ཡོ་བྱད་དད་རྫས་གཤིན་དཀོར་རྣམས་ཡར་དཀོན་མཆོག་གི་ཞིང་ལ་མཆོད་པ་དང་ལྷ་བྲི་རྟེན་བཞེངས་དང༌། མར་ངན་སོང་ལ་སྦྱིན་གཏོང་ལ་སོགས་པ་ལྟ་ཅི་ཐ་ན་རང་གིས་ཁ་ལ་ཟ་མི་བྲ། རྒྱབ་ལ་གྱོན་མི་བྲ་བར་སེར་སྣས་བཅིང་ཞིང་བསགས་པའི་རྫས༷་རྣམས་ཀྱང༷་བུད་མེད་གང་གི་ཁ་ལ་སྦྱིན་རྒྱབ་ལ་བཀོན་ལུས་ལ་འདོགས་པ་ལ་སོགས་པའི་སྒོ་ནས་ཟ༷ད་པ༷ར་བྱས༷་པར་གྱུར་ཏེ༷་བུད་མེད་གང༷་ལ༷་ཡོ༷ངས་སུ༷་ཆགས་པས་འཁྱུད༷་པར་བྱས་པ༷ས་ན་འདོད་དོན་གྲུབ་བོ་སྙམས་པས་སེམས་ལ་མཆོ༷ག་ཏུ༷་དག༷འ་བ་མྱོང་བར་འགྱུར༷་བར་འདོད་པ་དེ༷་ད༷ག་ཉིད༷་ནི་ལེགས་པར་བརྟགས་ན་ཚིགས་སུམ་བརྒྱ་དྲུག་ཅུ་འབྲེལ་བའི་ཀེ༷ང་རུས༷་ལ་འཁྱུད་པ་ཉིད༷་ཡི༷ན་གྱི་དེ་ལས་གཞ༷ན་འདོད་བྱ་ཡིད་འོང་ཅི་ཡང་ཡོད་པ་མི༷ན་ན༷་ཅི་ཞིག་དགའ་བར་འགྱུར། དེ་ཡང་ཚོགས་པ་ལ་བརྟེན་ནས་བརྟགས་པ་ཙམ་ལས་ར༷ང་དབ༷ང་ཅན་མེད་པ་དང༷་དེ་མེད་པས་ནི༷་གང་ཟག་གི་བད༷ག་བདེན་པར་གྲུབ་པ་མེད་པའམ་མི༷ན་པ་དེ་ལ༷་ཞེས་སམ་ཡང་ན་རང་གི་མ་ཡིན་པས་རང་དབང་དང་ནི་གཞན་གྱི་ཡིན་པས་བདག་གི་མིན་པ་དེ་ལ་རབ༷་ཏུ༷་འདོ༷ད་ཅི༷ང་ཡོ༷ངས་སུ་ཞེ༷ན་ན༷ས་ཅི༷འི་ཕྱིར༷་མྱ༷་ང༷ན་ལས་འད༷ས་པའི་གོ་འཕང་དུ་མི༷་འགྲོ༷་སྟེ་ཞེས་འདམས་ཁ་བྱས་པ་ལྟར་མྱང་འདས་ཀྱི་གོ་འཕང་འདོད་ན་བུད་མེད་ཀྱི་སྲེད་པ་སྤང་དགོས་ལ་དེ་མ་སྤངས་ན་ལམ་བསླབ་པ་གསུམ་ལ་བར་དུ་གཅོད་པར་བྱེད་པས་མྱང་འདས་མི་འཐོབ་སྟེ། ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཚུལ་ཁྲིམས་ཡང་དག་པར་བསྲུང་བའི་སྒོ་ནས་ཕྱི་དང་ནང་གི་སྲེད་པ་ཐམས་ཅད་སྤང་དགོས་ལ། དེ་མ་སྤངས་ན་ཞི་གནས་སམ་བསམ་གཏན་མི་སྐྱེ་ལ་དེ་མ་སྐྱེས་ན་ལྷག་མཐོང་མི་སྐྱེ་ལ། ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་མེད་ན་སྲིད་རྩེའི་ཉོན་མོངས་པ་རྩ་བ་ནས་སྤོང་མི་ནུས་པས་མྱང་འདས་མི་འཐོབ་བོ། །གཉིས་པ་ནི། བུད་མེད་ཀྱི་གདོང་ག༷ང་ཞིག༷་དང༷་པོ༷ར་ལྟ་བར་འདོད་པས་འབ༷ད་དེ༷་བཏེ༷ག་ནས་གྱེན་དུའམ་མདུན་དུ་དྲང༷ས་ཀྱང༷་དེ་ངོ༷་ཚ༷ས་འོ༷ག་ཏུ་ལྟ༷་བར་བྱེད་པའི་གདོང་དེ་སྔོན་བག་མར་མ་སོང་བའི་གོང་དུ་ནི༷་མཐོ༷ང་ང༷མ་མ༷་མཐོ༷ང་བ་གང་ཡིན་ཡ༷ང་རུང་སྟེ། ཡུལ་བཅོམ་བརླག་པའི་ལུགས་ལ་སེང་རས་ཀྱིས་ཆུང་མའི་གདོང་པ་འགེབ་པ་ལྟ་བུ་ལ་སོགས་པ་གོ༷ས་ཀྱི༷ས་གདོ༷ང་ནི༷་གཡོ༷གས་པ༷ར་འགྱུར༷་བ་ལ་ཡང༌། ཁྱེད༷་འབད་པས་ལྟ་བར་འདོད་ཅིང་ཉོན༷་མོ༷ངས་པར་གྱུར་པའི༷་བུད་མེད་ཀྱི་གདོ༷ང་པ་དེ༷་ནི༷་ད༷་ལྟ་དུར་ཁྲོད་དུ་བསྐྱལ་བ་ན་མངོན་སུམ་དུ་གྱུར༷་པ་བཞི༷ན་དུ་གོས་དང་བྲལ་ཞིང་བྱ༷་རྒོ༷ད་ཀྱིས༷་བས༷ལ་བར་བྱས༷་པ་མཐོ༷ང་ན༷ས་ད་ལྟ༷་ཅི༷་ཕྱིར༷་སྐྲག་ནས་ཕྱིར་འབྱེར༷་ཞིང་འབྲོས་པ༷ར་བྱེད༷་དེ་འབྲོས་པར་མི་རིགས་སོ། །ད་ལྟ་སྐྱེས་པ་གཞ༷ན་རྣམ༷ས་ཀྱིས་མི༷ག་གི༷ས་ལྟ་ན༷་ཡ༷ང་བུད་མེད་ག༷ང་ཞིག༷་ཁྱོད་ཀྱི་ཕྲག་དོག་གིས་ཡོ༷ངས་སུ༷་བསྲུང༷་བར་གྱུར༷་པ༷་ལ་ཕྱིས་སུ་ཇི༷་སྲིད༷་དུ་ལུས་དེ༷་ནི༷་བྱ་རྒོད་ལ་སོགས་པ་དེ་དང་དེས༷་ཟ༷་བར་བྱེད་པ་དེའི་ཚེ་ན༷་ཡང་སེ༷ར་སྣ་ཅ༷ན་ཁྱོད༷་བྱ་རྒོད་ལ་སོགས་པ་ཅི༷ས་མི་བསྲུང༷་སྟེ་བསྲུང་དགོས་ལ། མི་བསྲུང་ན་ནི་ད་ལྟ་ཡང་སེར་སྣས་བསྲུང་པར་གྱི་རིགས་སོ། །ཕྱིན་ཅི་ལོག་གི་བློ་ཅན་འདོད་ལྡན་རྣམས་ཀྱིས་གཙང་ཞིང་མཛེས་པའི་ཆགས་ཡུལ་དུ་མཐོང་བ་འདི་ཡང་ཟ་བར་བྱ་བའི་ཤ༷་ཡི༷་ཕུང༷་པོ༷་ཆེན་པོ་འདི༷་མཐོ༷ང་ན༷ས་བྱ༷་རྒོ༷ད་དང༷་ལྕེ་སྤྱང་ལ་སོགས་པ་གཞ༷ན་གྱིས་ཟ༷་བར་བྱེད༷་པའི་ཁ་ཟས་ཡིན་པས་ན༷་གཞ༷ན་གྱི༷་ཟ༷ས་ལ༷་ཁྱོད་ཀྱིས་མེ༷་ཏོག༷་གི༷་ཕྲེང༷་བ༷་དང་ཙ༷ན་ད༷ན་གྱི་བྱུག་པ་དང་རིན་པོ་ཆེའི་གདུ་བུ་ལ་སོགས་བརྒྱན༷་གྱིས༷་ཅིའི་ཕྱིར་མཆོ༷ད་ཅིང་བསྙེན་བཀུར་བྱ་སྟེ་བྱ་མི་རིགས་པ་ཁོ་ནའོ། །དུར་ཁྲོད་དུ་མགོ་ལ་སོགས་པའི་རུས༷་གོང༷་འཇིགས་སུ་རུང་བ་ཉིད༷་དུ༷་མཐོ༷ང་ན༷ས་ནི་འགྲོ་འདུག་སོགས་བསྐྱོད་དུ་མེད་པས་མི༷་འགུལ༷་པ་འདི་ལ་ཡ༷ང་ནི༷་ཁྱོད༷་སྐྲག༷་པར་བྱེད་ན༷་ད་ལྟ་རུས་གོང་གི་ཕུང་པོ་རོ༷་ལ༷ངས་བཞི༷ན་དུ༷་རླུང་སེམས་ཉོན་མོངས་པའི་ཁོང་འདྲེ་འག༷འ་ཡི༷ས་ཀྱང༷་གཡོ་ཞིང་ཡར་མར་དུ་བསྐྱོད༷་པ༷ར་གྱུར༷་ན༷་འདི་ལ་ཅི༷ས་མི༷་འཇི༷གས་ཏེ་ཤིན་ཏུ་འཇིགས་ཤིང་སྐྲག་པར་རིགས་ཀྱི་ཆགས་མི་རིགས་སོ། །བུད་མེད་ཀྱི་ལུས་ག༷ང་ལ༷་གོས་དང་རྒྱན་གྱིས་གཡོ༷གས་ཀྱང༷་འདི༷་ལ་ཁྱོད་ཆ༷གས་པར་བྱེད་པ༷་ཡིན་ན་ལུས་དེ༷་མ༷་གཡོ༷གས་པ་དུར་ཁྲོད་དུ་བོར་བ་ན༷་ཡང་ཅི༷ས་མི༷་འདོད་དེ་འདོད་ཅིང་ཆགས་དགོས་སོ། །དེ་ནི་མི་གཙང་བའི་རང་བཞིན་ཡིན་པས་མ་གཡོགས་པ་དེ༷་ལ༷་དགོ༷ས་པ༷་མེ༷ད་དོ་ཞེ༷་ན༷་ནི༷་གོས་རྒྱན་གྱིས་གཡོ༷གས་པ༷་ལ༷་ནི༷་ཅི༷་ཕྱིར༷་འཁྱུད༷་དེ་འཁྱུད་མི་རིགས་ཏེ་མི་གཙང་བའི་རང་བཞིན་ཡིན་པར་འདྲ་བས་སོ། །བུད་མེད་ཀྱི་ཁ་ཆུ་ལ་དགའོ་ཞེ་ན། རྒྱུ་ཟ༷ས་ནི༷་ཁྱད་མེད་པ་གཅི༷ག་དུ༷་ཉིད༷་ལ༷ས་ནི༷་བཤ༷ང་གཅི་དང༷་ཁ༷་ཆུ༷་གཉིས་ཀ་བྱུང༷་བར་གྱུར་པ་ཡིན་ན༷་དེ་གཉིས་ལ༷ས་བཤ༷ང་གཅི་ལ༷་ནི་མི༷་དག༷འ་ཞིང༷་སྐྱུག་བྲོ་བར་འཛིན་ལ་ཁ༷་ཆུ༷་ལ༷་ནི་སྦྲང་རྩིའི་བཏུང་བ་བཞིན་དུ་འདོད་ལྡན་རྨོངས་པ་ཁྱོད༷་ཅི༷་ཕྱིར༷་དག༷འ་སྟེ་དགའ་ཞིང་ཆགས་པར་མི་རིགས་སོ། །དེའི་རེག་བྱ་འཇམ་པོ་ལ་དགའ་འོ་ཞེ་ན། དེ་ལྟ་ན་ནི་ཤི༷ང་བ༷ལ་རེ༷ག་ན༷་འཇ༷མ་པ༷་ཡི༷་སྔས༷་འབོལ་ཡིད་དུ་འོང་བ་ལ༷་འདོད་ཅིང་དག༷འ་བ༷ར་མི༷་བྱེད༷་པ༷ར་ཤིང་བལ་འདི་མི་གཙང་བ་ལས་བྱུང་ཞིང་དྲི༷་ང༷་བ་འཛ༷ག་པ༷་མ༷་ཡིན་ནོ་ཞེས༷་བསམས་ནས་འདོ༷ད་ལྡན༷་རྣམས་བུད་མེད་ཀྱི་ལུས་མི༷་གཙ༷ང་བ༷་ལ༷་མི་གཙང་བར་མི་ཤེས་ཤིང་རྨོ༷ངས་པས་གཙང་བར་འཛིན་པས་འདོ༷ད་ལྡན༷་ངན༷་པ་ཤིན་ཏུ་འཁྲུལ་ཞིང་རྨོང༷ས་པ༷་རྣམ༷ས་ནི་ཤིང༷་བ༷ལ་རེ༷ག་ན་འཇ༷མ་པ༷་ལ༷འང་འདིས་ཉ༷ལ་པོ༷་སྟེ་ཁྲིག་པ་བྱ༷་བར་མི༷་ནུས་ཞེ༷ས་བསམ་སྟེ་མི་གཙང་རང་བཞིན་བུད་མེད་དྲན་ནས་ཤིང་བལ་དེ༷་ལ༷་ཁྲོ༷་བད༷ག་ཏུ༷་བྱེ༷ད་པས་རེག་བྱ་ལ་ཆགས་པ་མ་ཡིན་གྱི་མི་གཙང་བ་ལ་ཆགས་པར་ཟད་དོ། །ག༷ལ་ཏེ༷་བདག་མི༷་གཙ༷ང་བ་ལ་ཆ༷གས་པ་མེ༷ད་དོ་ཞེ་ན༷། འོ་ན་མི་གཙང་བས་གང་བ་རུས༷་པའི་གཟེ༷བ་རྣམས་ཕན་ཚུན་རྒྱུས༷་པ༷ས་སྦྲེལ༷་བ༷་ལ༷་ཕྱི་ནས་ཤ༷་ཡི༷་འད༷མ་གྱིས༷་ཞ༷ལ་ཞ༷ལ་བྱ༷ས་པའི་གཞ༷ན་བུད་མེད་དེ་ལ་ཁྱོད༷་ཅི༷་ཡི་ཕྱིར༷་པ༷ང་དུ་འཁྱུད༷་དེ་འཁྱུད་མི་རིགས་སོ། །ཁྱོད༷་ཉི༷ད་ཀྱི་ལུས་མི༷་གཙ༷ང་བའི་མཆིལ་མ་དང་སྣབས་དང་གཤང་གཅི་ལ་སོགས་པ་རྫས་མ༷ང་པོ་སུམ་ཅུ་རྩ་དྲུག་ཡོ༷ད་པ༷་དེ༷་ཉིད༷་ལ༷་ཁྱོད༷་དུས་གཏ༷ན་དུ་ལོངས་སྤྱོད༷་པར་གྱུར་ཅིང༷་དེར་མ་ཟད་ད་རུང་ཡང་མི༷་གཙ༷ང་བའི་རྐྱལ༷་པ༷་རྫས་ངན་སོ་དྲུག་གི་རང་བཞིན་ཅན་གཞ༷ན་བུད་མེ༷ད་ཀྱི་ལུས་དག་ལའ༷ང་མི༷་གཙ༷ང་བ་ལ་བརྐམ་ཞིང་ཆགས་པ༷ས་ཅིའི་ཕྱིར་འདོ༷ད་པ༷ར་བྱེད༷་དེ་འདོད་མི་རིགས་སོ། །བད༷ག་ནི༷་ཤིང་བལ་སོགས་ལ་མི་དགའ་ཡི་བུད་མེད་ཀྱི་ཤ༷་འདི་ལ༷་དག༷འ་བ་ཡིན་ནོ་ཞེ༷ས་ཤ་ལ་རེག༷་པ་དང༷་བ༷་ལྟ་བར་འདོ༷ད་ན༷་ཀོ༷་སྟེ། དེ་ལྟ་ན་ནི་སེ༷མས་མེ༷ད་པ༷་ཡི༷་རང༷་བཞིན་གྱི་བུད་མེད་ཀྱི་རོ་དུར་ཁྲོད་དུ་འཕང་བའི་ཤ༷་འདི་ལ་ཡང་ནི༷་ཁྱོད་ཀོ་རེག་དང་བལྟ་བར་ཅི༷ས་མི་འདོ༷ད་དེ་འདོད་དགོས་སོ། །དེ་ལ་སེམས་མེད་པས་ན་མི་འདོད་ཀྱི་བུད་མེད་ཀྱི་སེམས་ལ་དགའ་བ་ཡིན་ནོ་ཞེ་ན། ཁྱེད་ཀྱིས་འདོ༷ད་པའི༷་སེ༷མས་གང༷་ཡི༷ན་པ༷་དེ༷་ལ་ནི་ལུས་ཀྱིས་རེ༷ག་པ་དང༷་མིག་གིས་བལྟ་བ༷ར་མ༷་ནུས༷་ལ༷་ག༷ང་ཞིག༷་རེག་པ་དང་བལྟ་བར་ནུས༷་པའི་བུད་མེད་ཀྱི་ལུས་དེ༷་ནི་ཁྱོད་ཀྱིས་འདོད་པའི་སེམས་སམ་ཤེས༷་པ༷་དེ་མི༷ན་པས་དོན༷་མེ༷ད་པའི་ལུས་དེ་ལ་བལྟ་ཞིང་རེག་པས་འཁྱུད༷་པ་དེས༷་ཅི༷་ཞིག༷་བྱ༷་སྟེ་ཤིན་ཏུ་འཁྲུལ་བར་ཟད་དོ། །མི༷་གཙ༷ང་བ་མང་པོའི་རང་བཞིན་ཅན་བུད་མེད་གཞ༷ན་གྱི༷་ལུས༷་རེ་ཞིག་ལྐོག་ཏུ་གྱུར་པ་ནི་མི་གཙང་བར་མི༷་རྟོག༷ས་པ་དག་ངོ༷་མཚ༷ར་མི༷་ཆེ༷་ཡི༷། རང༷་ཉིད༷་ཀྱི་ལུས་མི༷་གཙ༷ང་བའི་རང་བཞིན་ཉིད༷་ཡི༷ན་པ༷ར་མངོན་སུམ་དུ་གྱུར་ཀྱང་རྟོག༷ས་པ༷ར་མི༷་འགྱུར༷་བ་འདི་ནི་ངོ༷་མཚ༷ར་ཆེ༷་ཞེས་ཤིན་ཏུ་རྨོངས་ཤིང་ཁྲེལ་དགོད་དུ་འགྱུར་བའོ། །བདག་ནི་བུད་མེད་ཀྱི་ཁ་དོག་ལ་ཆགས་སོ་ཞེ་ན། དེ་ལྟ་ན་སྤྲིན༷་དང་བྲལ༷་བའི་དུས་ཀྱི་ཉི་མའི་འོད་ཟེ༷ར་གྱིས༷་ཁ་ཕྱེ༷་ཞིང་རྒྱས་པར་གྱུར་པའི༷་མེ་ཏོག་པ༷དྨ༷་གཞོ༷ན་ནུ༷་ཁ་དོག་མཛེས་ཤིང་ཡིད་དུ་འོང་བ་དེ་ལ་མི་དགའ་བར་ཆགས་པ་སྤང༷ས་ན༷ས་ནི༷་མི༷་གཙ༷ང་བ་ལ་ཞེ༷ན་ཅིང་ཆགས་པ༷འི་སེ༷མས་ཀྱིས༷་ནི༷་མི༷་གཙ༷ང་བ་མང་པོས་གང་བའི་གཟེ༷བ་སམ་སྣོད་དུ་གྱུར་པའི་ལུས་ལ༷་ཅི༷འི༷་ཕྱིར༷་དག༷འ་སྟེ་དགའ་ཞིང་ཆགས་མི་རིགས་སོ། །བུད་མེད་ཀྱི་ལུས་ཉིད་མི་གཙང་བའི་རྒྱུ་དང་འབྲས་བུ་དང༌། རྒྱུ་འབྲས་གཉིས་ཀའི་རང་བཞིན་ཡིན་པར་རིམ་བཞིན་དུ་སྒྲུབ་པར་བྱེད་པ་ལ་བུད་མེད་ཀྱི་ལུས་ཉིད་མི་གཙང་བའི་རྒྱུ་ཡིན་ཏེ། འདི་ལྟར་ས༷་ཕྱོག༷ས་དང་གོས་ལ་སོགས་པ་བཤང་གཅི་ལ་སོགས་པའི་མི༷་གཙ༷ང་གི༷ས་གོ༷ས་པ༷་ལའང་ག༷ལ་ཏེ༷་ཁྱོད་དེ་ལ་རེག༷་པ༷ར་མི་འདོ༷ད་པ་ཡིན་ན་བུད་མེད་ཀྱི་ལུས་ག༷ང་ལ༷ས་མི་གཙང་བ་དེ༷་རྣམས་ནི༷་བྱུང༷་བར་གྱུར་པ༷་ཡི༷་བུད་མེད་ཀྱི་ལུས༷་མི་གཙང་བའི་རྒྱུ་དེ་ལ༷་ཇི༷་ལྟར༷་ཁྱོད༷་རེག༷་པར་འདོ༷ད་དེ་འདོད་མི་རིགས་སོ། །མི་གཙང་བའི་འབྲས་བུ་ཡང་ཡིན་ཏེ། འདི་ལྟར། ག༷ལ་ཏེ༷་བདག་བཤང་གཅི་ལ་སོགས་པའི་མི༷་གཙ༷ང་བ་ལ་ཆ༷གས་ཤིང་རེག་པར་འདོད་པ་མེ༷ད་དོ་སྙམ་ན༷། མི༷་གཙ༷ང་བའི་ཞིང་མའི་མངལ་ལ༷ས་བྱུང༷་བར་གྱུར་ཞིང༷༌། མི་གཙང་བ་དེ༷་ཡི༷་ས༷་བོ༷ན་དུ་གྱུར་པའི་ཕ་མའི་ཁུ་ཁྲག་ལ་སོགས་པ་དེས༷་བསྐྱེད༷་ཅིང་འཕེལ་བར་བྱས་པ༷་ཡི་མི་གཙང་བའི་འབྲས་བུ་བུད་མེད་ཀྱི་ལུས་གཞ༷ན་ཁྱོད༷་ཀྱིས་ཅི༷་ཕྱིར༷་པ༷ང་དུ༷་འཁྱུད༷་དེ་འཁྱུད་མི་རིགས་སོ། །རྒྱུ་འབྲས་གཉིས་ཀའི་རང་བཞིན་ཡིན་ཏེ། འདི་ལྟར་མི༷་གཙ༷ང་བ་གཤང་གཅི་སོགས་ལ༷ས་བྱུང༷་བའི་མི༷་གཙ༷ང་བའི་སྲིན༷་བུ་ཆུང༷་ངུ༷འང༷་ཁྱོད༷་འདོ༷ད་པར་མི༷་བྱེད༷་པ་ཡིན་ན༷། ད་ལྟ་ཤ་ཁྲག་བཤང་གཅི་ལ་སོགས་པ་མི༷་གཙ༷ང་བ་མ༷ང་པོའི༷་རང་བཞི༷ན་ཅན་གྱི་ལུས༷་རྒྱུ་མི༷་གཙ༷ང་བ་སྣ་ཚོགས་པ་ལས་སྐྱེས༷་པ༷འ༷ང་ཅིའི་ཕྱིར་འདོ༷ད་པ༷ར་བྱེད༷་དེ་བྱེད་མི་རིགས་སོ། །ཕྱིན་ཅི་ལོག་ཆགས་ལྡན་ཁྱོད༷་ནི་རང་གི་ལུས་ཉིད༷་མི༷་གཙ༷ང་བའི་རང་བཞིན་ཅན་ལ་སྨོད༷་ཅིང་ཡིད་འབྱུང་བར་མི༷་བྱེད་པར༷་མ༷་ཟ༷ད་ཀྱི༷་ད་དུང་མི༷་གཙ༷ང་བའི་རྐྱལ༷་པ༷་ཁྱོད་ཉིད་མི༷་གཙ༷ང་བ་ལ༷་ཆགས་ཤིང་བསྐམ༷་པ༷ས་མི་གཙང་བའི་རྐྱལ་པ་བུད་མེད་ཀྱི་ལུས་གཞ༷ན་ཡ༷ང་འདོ༷ད་པ༷ར་བྱེད༷་པ་འདི་ནི་ཤིན་ཏུ་སྨད་པའི་གནས་སོ། །གཙང་བ་ཡང་མི་གཙང་བར་བྱེད་པས་མི་གཙང་བ་ཡིན་པར་གཙང་ཞིང་ཡིད་དུ་འོང་བའི་ག༷་པུར༷་དང་གུར་གུམ་ཀ་ར་བུ་རམ་ལ༷་སོ༷གས་པ་གཙང་ཞིང་ཡི༷ད་དུ་འོ༷ང་བའི་དངོས་པོ་དང༷༌། འབྲས༷་ཆ༷ན་བཟང་པོ་དག༷་ག༷མ་སྔོ་ངད་ཞིམ་པོའི་ཚོ༷ད་མ༷འ༷ང་རུང༷་ལན་ཅིག་ཁ༷ར་བཅུ༷ག་ནས་སླར་ཕྱིར༷་ཕྱུང༷་སྟེ་བོར་བའམ་དོར༷་བ༷་ཡི༷ས་ས་གཞི་གཙང་མ་ལ་ཡ༷ང་གོས་པར་གྱུར་ན་མི༷་གཙ༷ང་ཞིང་བཙོ༷ག་པར༷་འགྱུར༷་བ་ཡིན་ན་གང་གིས་མི་གཙང་བར་བྱེད་པའི་ལུས་དེ་ཉིད་ལྟ་ཅི་སྨོས་སོ། །དེ་ལྟར་རྒྱུ་འབྲས་རང་བཞིན་གྱི་སྒོ་ནས་ག༷ལ་ཏེ༷་མི༷་གཙ༷ང་བར་གྱུར་པའི་ལུས་འདི༷་འདྲ༷་བ༷་མངོ༷ན་སུམ༷་དུ་མཐོང་བར་གྱུར༷་ཀྱང༷་ད་དུང་མི་གཙང་བ་ཡིན་མིན་དུ་ཐེ༷་ཚོ༷མ་ཟ༷་ན་དུར༷་ཁྲོད༷་ད༷ག་ཏུ༷་བོ༷ར་བའི༷་ལུས༷་རུལ་ཞིང་འབུས་གཞིག་པ་མི༷་གཙ༷ང་བ་སྐྱུག་བྲོ་བ་གཞ༷ན་ཡ༷ང་བལྟ༷་བ༷ར་གྱིས༷་ཤིག །འདི་ལྟར་དུར་ཁྲོད་དུ་བོར་བའི་བུད་མེད་ཀྱི་ལུས་ག༷ང་ལ༷ས་པ༷གས་པའི༷་ཁ༷་ཕྱེ་སྟེ་བཤུས་པ་ན་ཁྲག་དང་ནང་ཁྲོལ་གཤང་པ་ལ་སོགས་པའི་དྲི་ང་ཞིང་སྐྱུག་བྲོ་བར་མཐོང་ནས་འཇི༷གས་པ༷་ཆེ༷ན་པོ༷་སྐྱེ༷་བར་འགྱུར༷་བ༷ར་ཤེས༷་ཀྱང༷་ཇི༷་ལྟར༷་ལུས་དེ༷་ཉིད༷་ལ༷་འཇིགས་པར་མི་བྱེད་པར་མ་ཟད་ཕྱིར༷་ཞིང༷་ངོམས་པ་མེད་པའི་དག༷འ་བ༷་ཅི་ཕྱིར་སྐྱེ་བ༷ར་འགྱུར༷་ཏེ་འགྱུར་མི་རིགས་སོ། །དེའི་ལུས་ཀྱི་དྲི་བཟང་པོ་ལ་ཆགས་སོ་ཞེན་དེའི་ལུས༷་ལ༷་བསྐུས༷་པའི༷་དྲི༷་བཟང་པོ་ཞིམ་པར་སྣང་བ་དེ༷་ཡ༷ང་ཙ༷ན་ད༷ན་དང་གླ་རྩི་ལ་སོ༷གས་པའི་དྲི་ཡི༷ན་གྱི་གཞ༷ན་བུད་མེད་ཀྱི་ལུས་ཀྱི་དྲི་མ༷་ཡི༷ན་ན་ཙན་དན་སོགས་གཞ༷ན་གྱི༷་དྲི༷་དེ༷ས་གཞ༷ན་བུད་མེད་ཀྱི་ལུས་དག༷་ལ༷་རྒྱུ་མཚན་ཅི༷་ཡི༷་ཕྱིར༷་ན༷་འདོད་ཅིང་ཆ༷གས་པ༷ར་བྱེད་དེ་བྱེད༷་མི་རིགས་སོ། །ག༷ལ་ཏེ༷་ཁྱོད་དྲི་ལ་ཆགས་པ་ཡིན་ན་བུད་མེད་ཀྱི་ལུས་འདི་ར༷ང་བཞིན་གྱི་དྲི༷་ང༷་ཞིང་མི་གཙང་བར་གྱུར་པས༷་ན་འདི༷་ལ༷་མ༷་ཆ༷གས་པ་ལེ༷གས་པ་མི༷ན་ན༷མ་སྟེ་ཤིན་ཏུ་ལེགས་པ་ཡིན་ལ། འཇི༷ག་རྟེན༷་ན་དོ༷ན་མེ༷ད་པ་ལ་སྲེད༷་ཅིང་ཆགས་པ༷་དག༷་ཅི༷་སྟེ༷་ལུས་མི་གཙང་བའི་དངོས་པོ་དེ༷་ལ༷་ཙན་དན་ལ་སོགས་པའི་དྲི༷་ཞི༷མ་པོ་སྐུད༷་དེ་སྐུད་མི་རིགས་ལ་འོ༷ན་ཏེ༷་བསྐུལ་ཀྱང་དྲི༷་ཞིམ༷་པར་སྣང་བ་ནི་ཙ༷ན་དན༷་ལ་སོགས་པའི་དྲི་ཡིན་ན༷་བུད་མེད་ཀྱི་ལུས༷་མི་གཙང་བའི་དྲི་མི་ཞིམ་པ་ལ༷ས་སྐབས་འདི༷ར་ནི༷་དྲི་ཞིམ་པོ་ཅི༷་ཞིག༷་འབྱུང༷་སྟེ་ཅི་ཡང་མི་འབྱུང་བས་ན་ཙན་དན་ལ་སོགས་པ་གཞ༷ན་གྱི༷་དྲི༷་ཡི༷ས་གཞ༷ན་བུད་མེད་ཀྱི་ལུས་མི་གཙང་བ་དྲི་ང་བ་དག༷་ལ༷་ཅི༷་ཡི༷་ཕྱིར༷་ན༷་ཆ༷གས་པ༷ར་བྱེད༷་དེ་བྱེད་མི་རིགས་པའོ། །ག༷ལ་ཏེ་བུད་མེད་ཀྱི་ལུས་འདི་བྱི་དོར་སོགས་ཅི་ཡང་མ་བྱས་ཤིང་མ་བཅོས་པར་བཞག་ན་སྐྲ༷་འཕྱང་ཞིང་རིང་བ་སེ༷ན་མོ་ཤིན་ཏུ་རི༷ང་བ༷་དང༷་སོ༷་སྐྱ་བོ༷་སྔོ་ནག་དང་སེར་ནག་སོགས་ཀྱི་དྲེག་པ་དྲིར་ཏེ་མི་ཞིམ་པའི་དྲི་མར་བཅ༷ས་པ་དང་དྲི་ང་བ་རུལ་བའི་འད༷མ་གྱི༷་དྲི༷ས་ཏེ་དྲི་མས་བསྒོས་པ༷ས་ལུས༷་ཀྱི༷་རང༷་བཞི༷ན་ནི༷་གཅེར་བུ༷་འདྲེ་དང་སྲིན་པོ་ལྟ་བུ་འཇི༷གས་སུ་རུང་བ་ཤིན་ཏུ་མི་སྡུག་པ༷་ཉིད༷་ཡི༷ན་ན༷། དཔེར་ན་ར༷ང་ལ༷་གནོ༷ད་པའི༷་མཚོ༷ན་ཆ་རལ་གྲི་ལ་སོགས་པ་རང་གིས་བརྡར་ཞིང་བྱི་དོར་བྱེད་པ་བཞི༷ན་དུ་ཆགས་ཡུལ་གྱི་ལུས་དེ༷་ལ་འབ༷ད་ནས་ཁྲུས་དང་བྱུག་པ་སོགས་ཀྱིས་ཅི༷་ཡི་ཕྱིར༷་བྱི༷་དོར༷་བྱེད༷་དེ་བྱེད་མི་རིག༷ས་སོ། །དེ་ལྟར་བད༷ག་མེད་པ་ལ༷་བདག་དང་བདག་གིར་འཛིན་པ་དང་མི་གཙང་བ་ལ་གཙང་བར་འཛིན་པའི་རྨོང༷ས་པའི༷་དབང་གིས་ཞེན་ཅིང་ཆགས་པས་ཁྲུས་དང་བྱུག་པ་བྱི་དོར་ལ་སོགས་པ་ལ་འབ༷ད་པ༷་ཡི༷ས་འདོད་པའི་མྱོས་ཆུ་འཐུངས་ཏེ་སེམས་རབ་ཏུ་སྨྱོས༷་པས༷་རྣལ་དུ་མི་གནས་པ་རྣམས་ཀྱིས་ས༷་ཡི་སྟེང་འདི༷་ཀུན༷་ཏུ༷་ཁྱབ་ཅིང་འཁྲུག༷ས་པ་ནི་ཤིན་ཏུ་སྙིང་རྗེ་བའི་གནས་ཡིན་ཏེ། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟིགས་ནས་ཆེན་པོ་འདི་ཡང་མཐོ་དམན་དྲག་ཞན་བར་མའི་སེམས་ཅན་རང་དོན་གཉེར་ཞིང་གཉེན་ལ་བརྩེ་གདུང་དགྲ་ལ་འཐབ་རྩོད་དང་རྙེད་བཀུར་སྙན་གྲགས་ལ་སོགས་པ་བསྒྲུབ་པས་ཚུབ་ཉི་ལི་ལི་འཁྲུགས་པས་སྨྱོན་པས་གང་བ་ལྟ་བུ་ཡིན་པས་ཐུགས་སྐྱོ་ཞིང་སྙིང་རྗེས་མཆི་མ་འཁྲུགས་པར་འགྱུར་བ་ཡིན་པར་གསུངས། དེ་ཡང་ཕན་ཚུན་ཞེན་ཅིང་ཆགས་པས་བུད་མེད་གཅིག་གིས་རང་གི་ཁྱོ་ཕོ་ཤི་བས་སྡུག་བསྔལ་གྱིས་སྨྱོས་ཏེ་དེའི་རོ་ཁུར་ཏེ་སོང་ནས་མེ་ཏོག་གི་བརྒྱན་པར་བྱེད་པ་ལ་སོགས་པ་གསོན་འདྲེ་ལྟ་བུར་གྱུར་པ་བྱང་སེམས་ཀེ་ཤ་བས་ཐབས་མཁས་ཀྱིས་བཏུལ་བ་ལྟ་བུ་ཡིན་ནོ། །ཤི་བས་རོ་རྣམ་པར་འཐོར་བའི་རུས༷་པའི་གོ༷ང་བུ་འབ༷འ་ཞིག༷་མཐོང༷་བར་གྱུར་ན༷ས་ནི༷་དུར༷་ཁྲོད༷་དུ༷་ནི༷་ལྟ་ཞིང་འདུག་པར་མི་འདོད་པས་ཡིད་འབྱུང༷་ཞིང་མི་དགའ་བར་བྱེད་ན༷། རླུང་སེམས་ཀྱི་ཁོང་འདྲེས་གཡོ༷་བའི་རུས༷་གོ༷ང་གི༷ས་ཁྱབ༷་པའི༷་གྲོང༷་གི༷་དུར༷་ཁྲོད༷་འཇིགས་སུ་རུང་བ་འདི་ལ༷་དག༷འ་འམ་སྟེ་དགའ་ཞིང་ཆགས་པར་མི་རིགས་སོ། །གསུམ་པ་ནི། དེ༷་ལྟར༷་མི༷་གཙ༷ང་བའི་རང་བཞིན་དུ་གྱུར༷་པ་ཡི་བུད་མེད་དེ༷འང་རབ་གསེར་དངུལ་འབྲིང་རྟ་མཛོ། ཐ་མས་ཀྱང་རང་ཐད་ཀྱི༷་རི༷ན་སྦྱིན་རྒྱུ་མེད༷་པར༷་ནི༷་མི༷་རྙེད༷་དོ༷། །དེས་ན་དེའི་རིན་དང་སྟོན་མོ་དང་གོས་རྒྱན་ཁ་ཟས་ལ་སོགས་པ་དེ༷་ཡི་དོ༷ན་བསྒྲུབ༷་པར་བྱེད་པ༷ས་ཚེ་འདིར་ཤ༷་ཐ༷ང་ཞེས་སྡིག་པ་འཕེལ་ཞིང་སྡུག་བསྔལ་གྱིས་ངལ་ཞིང་དུབ་པས་གནོད་པ་དང༷༌། ཚེ་ཕྱི་མར་དམྱལ་བར་བཙོ་སྲེག་ལ༷་སོ༷གས་པའི༷་སྡུག་བསྔལ་གྱིས་གནོ༷ད་པ༷ར་འགྱུར༷་རོ། །བྱིས༷་པ༷་ཆུང་ངུས་སྐབས་སུ་ནོར༷་སྤེལ༷་བར་མི༷་ནུས༷་པ༷ས་ལོངས་སྤྱོད་ལ་བརྟེན་པའི་བདེ་བ་མྱོང་བ་མེད་ལ། ལང་ཚོ་དར༷་ལ༷་བ༷བ་པ་ན༷་བུད་མེད་ལ་བརྟེན་པ་འདི༷ས་ཅི་ལྟར་བདེ༷་བ་མྱོང་སྟེ་རྒྱ་དབུས་བསྐོར་ནས་ཚོང་དང་སོ་ནམ་གྱིས་ནོར་སོ༷ག་པ༷་དང་སྲུང་བ་ཁོ་ན་ཡི༷ས་ཚེ༷་ཡོངས་སུ་གཏུག༷ས་ཤིང་ཟད་པར་འགྱུར་ན༷་རྒས་ན༷ས་འདོ༷ད་པ་ལ་ལོངས་སྤྱོད་པའི་བདེ་བ༷ས་ཅི༷་ཞི༷ག་བྱ༷་སྟེ་སྤྱོད་ལོང་མེད་ཅིང་སྤྱོད་པར་ཡང་མི་ནུས་པའི་ཕྱིར་རོ། །འདོ༷ད་ཡོན་ལ་ཆགས་པ་དང་ལྡན༷་པའི་ང༷ན་པ༷་ཁ༷་ཅིག༷་ནི༷་ཉི༷ན་པར་རིང༷ས་པོ་ཡོངས་སུ་རྫོགས་པར་ནང་སྔ་མོ་ནས་ཞིང་རྨོ་བ་དང་རྩ་འཐུ་ཤིང་འབྲེག་ལ་སོགས་པའི་ལ༷ས་ཀྱིས༷་ཡོ༷ངས་སུ་ངལ་ཞིང༷་དུབ༷་སྟེ་མུན་རུབ་ཙམ་དུུ་རང་ཁྱིམ༷་དུ༷་འོ༷ངས་ན༷ས་མཚན་མོ་རིང་པོར་ཆ༷ད་པའི༷་ལུས༷་རོ༷་དང༷་འདྲ༷་བ༷ར་ཉ༷ལ་བ༷ར་བྱེད༷་ཅིང་གཉིད་ལོག་པར་བྱས་ནས་ཡང་སད་མ་ཐག་ནས་སྔར་བཞིན་ལས་ལ་འཇུག་པས་ཁོར་ཡུག་ཏུ་སྡུག་བསྔལ་བར་གནས་སོ། །ཡང་ཁ༷་ཅི༷ག་ནི་ཚོང་དང་ཆོམ་རྐུན་ལ་སོགས་པའི་དོན་དུ་བྱས༷་ལམ་དུ་ཡུན་རིང་པོར་བགྲོད༷་པས་དཀའ་ཚེགས་ཀྱིས་ངལ་ཞིང་ཉོ༷ན་མོ༷ངས་པ་དང༷་རང་གི་ཡུལ་ལས་ཐག་རིང༷་དུ༷་སོང༷་བའི༷་གཞི་བྱེས་ཀུན་ལ་སེམས་ཁུར་ལུས་གཅོང་ལ་སོགས་པས་སྡུག༷་བསྔལ༷་ཅ༷ན་རང་གི་བུ༷་སྨད༷་དང་གཉེན་གྲོགས་རྣམས་འདོ༷ད་བཞི༷ན་དུ་བུ༷་སྨད༷་གཉེན་གྲོགས་རྣ༷མས་ཁྱུད༷་འཁོ༷ར་ལོ༷ས་ཀྱང༷་སྟེ་ལོ་སྐོར་གཅིག་གམ་ལོ་གཅིག་གི་བར་དུ་འཕྲད་ཅིང་མཐོ༷ང་བར་མི༷་འགྱུར༷་ན་འདོད་པ་བརྟེན་པ་ལྟ་ཅི་སྨོས། ཕ་མ་དག་གིས་བད༷ག་རང་གི་བུ་མོ་རྣམས་ལ༷་ཕ༷ན་འདོ༷ད་པ་རྣ༷མས་དེའི་ཐབས་ལ་རྨོ༷ངས་པ༷ས་བདེ་ཞིང་སྐྱིད་པ་ག༷ང་ཞིག་ཐོབ་པར་བྱ་བའི་དོ༷ན་ཉིད༷་ཀྱི་ཆེད་དུ་གཞ༷ན་དག་ལ་བཙོ༷ངས་པ༷་སྟེ་བྱིན་པར་གྱུར་ན་ཡ༷ང་བདེ་ཞིང་སྐྱིད་པའི་དོན་དེ༷་ཉིད་མ༷་ཐོབ༷་པ༷ར་ཤ་མི་ཉེ་རུས་མི་མཐུན་པ་དོ༷ན་མེ༷ད་པ༷འི་ཁྱིམ་གཞ༷ན་གྱི༷་ལ༷ས་སྣ་ཚོ༷གས་ཉིན་མི་དལ་མཚན་མི་གཉིད་པར་སྒྲུབ་དགོས་པའི་ལས་ངན་པ་ཉིད་ཀྱི༷་རླུང༷་གི༷ས་བད༷ས་ཏེ་སྡིག་སྡུག་གཏམ་ངན་སྣ་ཚོགས་པས་འདི་ཕྱི་གཉིས་ཕུང་གི་སྡུག་བསྔལ་མྱོང་བར་འགྱུར་རོ། །བྲན་ལ་སོགས་པ་ལ༷་ལ༷་ར༷ང་གི༷་ལུས༷་གཞན་རྣམས་ཀྱི་གཡོག་ཏུ་བཙོ༷ངས་ཏེ་གླ་རྔན་ཙམ་ལ་བལྟས་ཤིང༷་རང་དབ༷ང་མེ༷ད་པར་རྗེ་བོ་གཞ༷ན་གྱི༷ས་དུས་རྟག་ཏུ་བཀོ༷ལ་བར་གྱུར༷་ཏེ༷། དེར་ཡང་ཆུང༷་མ༷་བུད་མེད་བྲན་མོ་དག༷་ཀྱང༷་བུ༷་བྱུང༷་ན༷་ཡང་བདག་རང་གི་ཁྱིམ་མེད་པས་ཤིང༷་གི་དྲུང་ངམ་འབྲོག་དགོ༷ན་པ༷ས་ཕུག་དང་བྲག་ཕུག་ལ་སོགས་གར་བ༷བ་བ༷བ་ཏུ་གནས་ཤིང་འབྱུང༷་བའི་སྡུག་བསྔལ་ལ། །ཆོམ་རྐུན་དང་དམག་མི་ལ་སོགས་པ་འདོ༷ད་ཡོན་ལ་ཆགས་པ༷ས་བསླུས༷་པའི༷་གླེན༷་པ༷་གཏི་མུག་ཅན་དག༷་ནོར་ལོངས་སྤྱོད་ཀྱིས་འཚོ༷་བར་འདོ༷ད་པས་འཚོ༷་བ༷ར་བསྒྲུབ་པར་བྱ༷འོ༷་ཞེ༷ས་བསམ་ནས་རང་གི་སྲོག་སྟོར༷་བར་དོག༷ས་པ་སྐྱེ་བཞི༷ན་དུ་དགྲ་བོའི་གཡུལ༷་དུ་འཇུག༷་པར་བྱེད་པ་དང༌། དགྲ་གྱོད་སོགས་ལས་རང་ཁེ༷་བར་བྱ་བའི་ཕྱིར༷་དུ་ཤིན་ཏུ་གཏུམ་པའི་རྗེ་དཔོན་མ་རུངས་བ་རྟག་ཏུ་འཇིགས་ཤིང་སྐྲག་པས་སྡུག་བསྔལ་བར་འགྱུར་བ་ལ་ལོངས་སྤྱོད་ཕུལ་ཏེ་མགོ་བཏགས་ནས་བྲན༷་དུ་འགྲོ༷་བ༷ར་བྱེད༷་པ་དང༌། འདོད་ཡོན་ལ་ཆགས་པའི་རྒྱུས་འདོ༷ད་ལྡན༷་ལ༷་ལ༷་ཆོམ་རྐུན་ལ་སོགས་པ་བྱས་པས་རང་གིས་ལུས༷་ཀྱང༷་མཚོན་ཆས་བཅ༷ད་པ་དང༌། ཁ༷་ཅིག༷་ནི་གས༷ལ་ཤིང༷་རྣོན་པོའི་རྩེ༷་མོ་ལ༷་བཙུག༷ས་པ་དང༌། ཁ༷་ཅིག༷་ནི་མདུང༷་ཐུང༷་དག༷་གིས༷་བསྣུན་ཏེ་ཕུག་པ་དང་ཁ༷་ཅིག༷་ནི་མེ་ཆེན་པོས་བསྲེག༷་པ༷་དག༷་ཀྱང༷་སྣང༷་བས་འདི་ཕྱི་ཀུན་ཏུ་སྡུག་བསྔལ་བར་འགྱུར་ཏེ། དཔེར་ན་མིག་ཤེས་གཟུགས་ལ་ཆགས་པས་བྱེ་མ་སླེབ་མར་མེས་ཚིག་པ་དང༌། རྣ་བ་སྒྲ་ལ་ཆགས་པས་རི་དྭགས་དུག་མདས་གསོད་པ་དང༌། སྣ་དྲི་ལ་ཆགས་པས་བུང་བ་མེ་ཏོག་ཏུ་འཐུམ་པ་དང༌། ལྕེ་རོ་ལ་ཆགས་པས་ཉ་མོ་ལྕགས་ཀྱུས་ཟིན་པ་དང༌། ལུས་རེག་བྱ་ལ་ཆགས་པས་གླང་པོ་ཆེ་འདམ་དུ་བྱིང་བ་ལྟ་བུའི་འདོན་ཡོན་གྱི་ཉེས་པ་ལ་བསམ་སྟེ་ཞེན་ཅིང་ཆགས་པ་སྤོང་བར་བྱའོ། །གཉིས་པ་ཕྱི་རྙེད་སོགས་ལ་སྲེད་པ་སྤོང་བར་བྱ་བ་ནི། དང་པོར་མེད་པ་ཚོལ་ཞིང་བསག་པའི་སྡུག་བསྔལ་དང༷༌། བར་དུ་གནོད་པ་བསྲུང༷་བའི་སྡུག་བསྔལ་དང་༷། མཐར་དགྲ་རྐུན་ལ་སོགས་པས་བརླག་པའི༷་སྡུག་བསྔལ་ཏེ་རྟ་ནོར་ལོངས་སྤྱོད་བསགས་བསྲུང་ལ་སོགས་པའི་ཆེད་དུ་ལྷ་བླ་མ་གོང་དཔོན་པོ་སོགས་གང་ཟག་མཆོག་དམན་ཐམས་ཅད་ནང་སྔ་ལང་ནུབ་ཉལ་ཕྱི། ཉིན་གྱིས་བྱ་ར། མཚན་གྱིས་མེལ་ཚེ། ཚ་གྲང་བཀྲེས་སྐོམ་ལ་སོགས་པ་དཀའ་བ་དང་དུ་བླང༌། ངལ་བ་ཁྱད་དུ་བསད། ལུས་སྲོག་ལྟོས་མེད་དུ་བྱས་ཏེ་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་གདུང༷་ཞིང་མནར་བ༷་དཔེར་ན་དང་པོ་ལོངས་སྤྱོད་རྟ་ཞིག་རྙེད་པ་ལ་དཀའ་ཚེགས་ངལ་དུབ་ཀྱི་སྡུག་བསྔལ་རྟ་ཞིག་ལྟ་བུ་དང༌། བར་དུ་རྟ་དེ་བསྲུང་བ་ལ་ཉིན་མི་དལ་མཚན་མི་གཉིད་པར་རྟ་དེའི་གཡོག་བྱེད་པས་བསྲུང་བའི་སྡུག་བསྔལ་རྟ་ཞིག་ལྟ་བུ་དང༌། མཐར་རྟ་དེ་ཤི་བའམ་དགྲ་རྐུན་གྱིས་བརླག་པ་ལ་ཁ་འོ་དོད་དང་ལག་བྲང་བརྡུང་གི་སྡུག་བསྔལ་རྟ་ཞིག་ལྟ་བུ་དང༌། དེ་བཞིན་དུ་ལོངས་སྤྱོད་ནོར་དང་ལུག་ཙམ་ལ་ཡང་དེ་དང་དེ་ཙམ་གྱིས་སྡུག་བསྔལ་མི་བཟད་པར་མྱོང་བ་ཡི༷ས་གནོད་པས་ན་ནོ༷ར་ལོངས་སྤྱོད་ནི༷་ཐོག་མཐའ་བར་གསུམ་དུ་ཚེ་འདི་དང་ཕྱི་མར་ཕུང༷་ཁྲོལ༷་ལམ་སྡུག་བསྔལ་མཐ༷འ་ཡ༷ས་པ་སྐྱེད་པའི་རྒྱུའི་རྩ་བ་ཡིན་པར་ཤེ༷ས་པ༷ར་བྱ༷་སྟེ། དེ་བས་ན་ནོར༷་ལོ༷ངས་སྤྱོད་ལ༷་ཆ༷གས་ཤི༷ང་ཞེན་པ༷ས་སེམས་རྣམ་པར་གཡེངས་བ༷ར་གྱུར༷་པ༷་རྣམ༷ས་ནི་ལམ་བསླབ་པ་གསུམ་ཉམས་སུ་ལེན་ལོང་མེད་པར་འགྱུར་བས་སྲིད༷་པའི༷་སྡུག༷་བསྔལ༷་ཁམས་གསུམ་འཁོར་བ་ལ༷ས་རྣམ་པར་གྲོལ༷་བའི་སྐབ༷ས་མེ༷ད་དེ་འདི་ལྟར་ནོར་ལོངས་སྤྱོད་ལ་སྲེད་ཅིང་ཆགས་པ་དེ་དག་ལ་གཅིག་ཏུ་ན་འདོད་ཆུང་ཆོག་ཤེས་མ་ཆགས་འཕགས་པའི་རིགས་མེད་པ་དང༌། གཉིས་སུ་ན་འདོད་པའི་འདོད་ཆགས་མ་སྤངས་བར་རང་རྒྱུད་ལ་བསམ་གཏན་གྱི་ཉེར་བསྡོག་ཙམ་ཡང་མི་སྐྱེ་ལ། དེ་མ་སྐྱེས་ན་ལྷག་མཐོང་སྐྱེ་བའི་རྟེན་མེད་པ་དང༌། གསུམ་དུ་ན་འདོད་པ་ལ་ཞེན་པའི་སྲེད་པ་མ་སྤངས་པ་དེ་སྲིད་དུ་སྲིད་པར་སྐྱེ་བ་དབང་མེད་དུ་ལེན་པར་སྔར་ལྟར་འགྱུར་བའི་ཕྱིར་སྲིད་པའི་སྡུག་བསྔལ་ལས་གྲོལ་བའི་སྐབས་མེད་དོ༷། །དེ་ཡང་སྔོན་མི་ཞིག་ལ་གསེར་བུམ་པ་གསུམ་ཡོད་པ་ལ་ཆགས་ནས་ཤི་བ་སྦྲུལ་དུ་ལན་མང་དུ་སྐྱེས་ནས་གསེར་བུམ་ལ་འཁྲི༷ལ་བར་གསུངས་པ་ལྟ་བུ་སྟེ། བཤེས་སྤྲིང་ལས། དེས་བ་བདོག་མང་ཇི་ལྟར་སྡུག་བསྔལ་བ། །འདོད་པ་ཆུང་རྣམས་དེ་ལྟར་མ་ལགས་ཏེ། །ཀླུ་མཆོག་རྣམས་ལ་མགོ་བོ་ཇི་སྙེད་པ། །དེ་ལས་བྱུང་བའི་སྡུག་བསྔལ་དེ་སྙེད་དོ། །ཞེས་པ་བཞིན་ནོ། །འདོད་ཡོན་ལ་ཞེན་ཅིང་ཆགས་པ་དང་ལྡན༷་པ་རྣམ༷ས་ལ༷་སྔར་བཤད་པ་དེ༷་ལ་སོ༷གས་པའི་སྡུག་བསྔལ་གྱི་ཉེ༷ས་དམི༷གས་ཤིན་ཏུ་མ༷ང་ལ༷་འབྲས་བུ་བདེ་བའི་མནོ༷ག་ཆུང༷་བ་སྟེ༷་ཕལ་ཆེར་ཡུལ་ཤེས་འཕྲད་པའི་བདེ་བ་སྐད་ཅིག་མ་ཙམ་སྟེ་དཔེར་ན་ཤིང༷་རྟ་ཆེན་པོ་འདྲེན༷་པའི༷་ཕྱུག༷་མང་པོ་དག༷་ལས་གང་གི༷ས་མནོག་ཆུང་ངུ་རྩ༷་ནི༷་ཁ༷མས་འག༷འ་ཞིག་ཟོ༷ས་བར་གྱུར་པ་ན་ཉེས་དམིགས་ཆེན་པོ་ལུས་ཤིང་རྟའི་འཁོར་ལོས་བཅོམ་པའི་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་བ་བཞི༷ན་ནོ། །ཤིན་ཏུ་བླུན་པ་ཕྱུག༷ས་དུད་འགྲོ་རྣམས་ཀྱིས༷་བསྒྲུབ༷ས་ན༷འང་མི༷་དཀོ༷ན་ཏེ་བདེ་བླག་ཏུ་རྙེད་ཅིང་འགྲུབ་པའི་ཁ་ཟས་རྒྱབ་གོས་ལ་སོགས་པའི་ལོངས་སྤྱོད་མནོ༷ག་ཆུང༷་ལ་ཉེས་དམིགས་ཆེ་བ་ག༷ང་ཡི༷ན་པ་དེ༷་བསྒྲུབ་པའི་དོན༷་དུ་ད༷ལ་འབྱོར༷་གྱི་མི་ལུས། སློབ་སྤྲིང་ལས། བདེ་གཤེགས་ལམ་བསྟན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང༌། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པར་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང༌། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་པ་ལྟར་བྱང་ཆུབ་སྒྲུབ་པར་ནུས་པའི་ཡོན་ཏན་ཕུན༷་སུམ་ཚོགས་པ་དང་ལྡན་པ་རྙེད༷་པར༷་དཀ༷འ་བའི་མཆོག་འདི་ཉིད་སྔོན་གྱི་ལ༷ས་ངན་རྣམ་པ་སྣ་ཚོགས་ཀྱིས༷་མན༷ར་བ༷་རྣ༷མས་ཀྱིས༷་ད༷་ལྟ་བཅོ༷མ་པ་སྟེ་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་ལམ་བསླབ་པ་གསུམ་གྱི་ཉམས་ལེན་མཚམས་བསྙེན་བསྒྲུབ་ཁ་ཏོན་དགེ་སྦྱོར་ལ་སོགས་པ་ཅི་ཡང་མེད་པར་ཡེང་མ་ལམ་དུ་དལ་འབྱོར་དོན་མེད་མི་ཚེ་ཆུད་ཟོས་སུ་བྱེད་པ་འདི་ནི་རྒྱལ་བ་སྲས་དང་བཅས་པས་སྙིང་རྗེ་བའི་གནས་ཡིན་ནོ། །འདོ༷ད་པའི་ཡོན་ཏན་ལ་བརྟེན་པ༷་ཡིད་བདེ་བ་རྣམས་ནི་རྟག་པ་བརྟན་པ་མེད་པར་ངེ༷ས་པ༷ར་འཇི༷ག་ཅིང་མི་རྟག་སྟེ་འདི་ལྟར་སྐྱེ་བའི་མཐའ་མ་འཆི། འདུས་པའི་མཐའ་མ་འབྲལ། བསགས་པའི་མཐའ་མ་འཛད། མཐོན་པོའི་མཐའ་མ་ལྷུང་བར་འགྱུར༷་ཞིང༷་དེའི་དོན་དུ་དགྲ་འདུལ་གཉེན་སྐྱོང་ཚོང་དང་སོ་ནམ་དང་རྫས་གཤིན་དཀོར་སོགས་བསྡུས་ཤིང་སྤྱོད་པའི་ཉེས་དམིགས་ཀྱིས་ཚེ་ཕྱི་མ་ངན་སོང་དམྱལ༷་བ་ལ༷་སོ༷གས་པ༷ར་ལྟུང༷་བར་བྱེད༷་པ༷་ཡིན་པ་ལས། འདི་ཕྱིར་གཏན་དུ་ཕན་པའི་དོན་ཆེ༷ན་པོ༷་མི༷ན་པ་དེ་ཉིད་ཀྱི་ཕྱིར༷་དུ་ཐོག་མཐའ་མེད་པའི་དུས༷་ཀུན༷་ཏུ་འཁོར་བའི་བྱ་བཞག་འདོད་ཡོན་ལོངས་སྤྱོད་བསྒྲུབ་པའི་དཀའ་སྤྱད་ལ་སོགས་པའི་སྡུག་བསྔལ་གྱིས་ངལ་ཞིང་དུབ༷་པའི༷་ཚེ༷གས་ཆེན་པོ་འབྱུང༷་བ་རྣམས་ལས་ཆུང་ངུ་ཙམ་ག༷ང་ཡིན་པ༷་དེ༷་ཡི༷་ཡང་བྱེ་བའི༷་ཆ་ཤས་ཙ༷མ་གྱི་ཚེ༷གས་ཀྱིས༷་བྱང་ཆུབ་ཀྱི་སྤྱོད་པ་ལ་སྤྱད་ཅིང་འབད་པར་བྱས་པས་ཀྱང་ད་ལྟ་འབྲས་བུ་ས༷ངས་རྒྱས༷་ཉིད༷་འགྲུབ༷་པར་འགྱུར་བ་ཡིན་ན༷་ཡང་འདོ༷ད་ལྡན༷་རྣམས་ལ་བྱང༷་ཆུབ༷་ཀྱི་སྤྱོད༷་པ་སྤྱད་པ༷་བ༷ས་སྡུག༷་བསྔལ༷་རྒྱ་ཆེ༷་ཞིང་རྒྱུན་རིང་ལ༷་དེ་ལས་འབྲས་བུ་བྱང༷་ཆུབ༷་ཆེན་པོ་སངས་རྒྱས་ནི་འཐོབ་པ་མེ༷ད་དོ། །འདོད་ཡོན་ལ་ཞེན་ཅིང་ཆགས་པའི་འབྲས་བུ་དམྱལ༷་བ་དང་ཡི་དགས་དང་དུད་འགྲོ་ལ་སོ༷གས་པའི་སྡུག༷་བསྔལ༷་དྲག་པོ་ལ་བདག་ལེགས་སུ་འདོད་པའི་མཁས་པ༷ས་བས༷མ་པར་བྱས༷་ན༷་རྒྱུ་འདོ༷ད་པ༷་རྣམ༷ས་ཀྱི་ཉེས་དམིགས་ལ༷་མཚོ༷ན་ཆས་གཅོད་པ་དང༷་ནི༷་དུག༷་གིས་གསོད་པ་དང༷་མེ༷་ཆེན་པོས་བསྲེག་པ་དང༷་གཡ༷ང་ས༷་རུ་ལྟུང་བ་དང་དགྲ༷་གདུག་པས་འཇོམས་པ་རྣམ༷ས་ཀྱིས༷་ཀྱང༷་དཔེ༷ར་ཡང་མི༷་ཕོ༷ད་དེ། དེ་དག་གིས་ནི་ཚེ་འདིའི་སྲོག་དང་བྲལ་བ་ཙམ་བྱེད་མོད་ངན་སོང་དུ་འཕེན་མི་ནུས་པའི་ཕྱིར་རོ། །གསུམ་པ་དབེན་པའི་ཡོན་ཏན་དྲན་པ་ནི། དེ༷་ལྟར༷་ནང་བུད་མེད་དང་ཕྱི་རྙེད་སོགས་ཀྱི་འདོ༷ད་ཡོན་ལ༷་དུག་ལས་ཀྱང་ཐུ་པའི་ཉེས་དམིགས་ལ་སྐྱོ་ཞིང༷་ཡིད་འབྱུང་བར་བྱས༷་ཏེ་གན༷ས་དབེ༷ན་པ༷་ཡི་ཡོན་ཏན་ལ༷་ནི༷་དག༷འ་ཞིང་སྤྲོ་བ༷་བསྐྱེད༷་པར་བྱ་སྟེ། དེས་ན་ཕྱིའི་གྲོགས་དང་རྙེད་པ་སོགས་ཀྱི་དོན་དུ་རྩོད༷་པ་མེད་པས་སྟོང་པ་དང༷་ནང་ཆགས་སྡང་སོགས་ཉོ༷ན་མོ༷ངས་པ་རྣམས་ཀྱིས༷་ཀྱང་སྟོང༷་པ༷་སྟེ་གནས་དབེན་པའི་བྱིན་རླབས་ཀྱིས་རྣམ་གཡེང་ཐམས་ཅད་ངང་གིས་ཞི༷་བའི༷་ན༷གས་ཚལ་ཡིད་དུ་འོང་ཞིང་ཉམས་དགའ་བ་རྣམས་ཀྱི་ན༷ང་དག༷་ཏུ༷་དཔེར་ན་རྒྱལ་པོ་ཆེན་པོ་ལོངས་སྤྱོད་ཀྱི་སྐལ་བ་དང་ལྡན་པ་རྣམས་ཙན་དན་གྱིས་བསིལ་བར་བྱས་པའི་ཁང་བཟང་མཆོག་ཏུ་གནས་པ་ལས་ཀྱང་ལྷག་པའི་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་ཀྱི་སྐལ༷་པ་དང་ལྡན༷་པ་རྣམས་ཟླ༷་བའི་འོ༷ད་ཟེར་ཙ༷ན་ད༷ན་གྱིས༷་ཀྱང་ལྷག་པས་བསི༷ལ་བར་བྱས་པའི༷་ཡ༷ངས་ཤིང་འཇམ་པའི༷་རྡོ༷་ལེ༷བ་ཆེན་པོའི་ཁ༷ང་བཟ༷ང་ཤིན་ཏུ་ཉ༷མས་དག༷འ་བ༷ར། རྒྱལ་པོ་ལ་རྔ་ཡབ་ནོར་བུའི་ཡུ་བ་ཅན་གྱིས་གཡོབ་བས་བསིལ་ཕབ་པ་ལས་ཀྱང་ལྷག་པས་ཉིན་མོ་མིའི་རྒྱུ་འགྲུལ་མཚན་མོར་སྒྲ༷་ཡིས་ཅ་ཅོ་མེ༷ད་པས་རབ་ཏུ་འཇམ་ཞིང་ཞི༷་བའི༷་ན༷གས་ཀླུང་རླུང་གིས་བསྐྱོད་པའི་བསིལ་ཡབ་གཡོ༷བ་པ༷་ཡི༷ས་བསིལ་ཕབ་ཅིང་རྒྱལ་པོ་ཡུལ་འཁོར་ལ་ཕན་པའི་ཐབས་སེམས་ཤིང་འཆག་པར་བྱེད་པ་བས་ཀྱང༌། མཐའ་ཡས་པའི་སེམས་ཅན་གཞ༷ན་ལ༷་ཕན་པར་བྱེད་པའི་དོ༷ན་འབའ་ཞིག་སེ༷མས་ཤིང༷་ཕན་ཚུན་ཉེ་སྐོར་དུ་ཅུང་ཟད་འཆགས་པ༷ར་བྱེད༷་པས་ཚེ་འདིར་ཡང་བདེ་ལ་ཕྱི་མ་ལའང་བདེ་ཞིང་སྐྱིད་པར་འགྱུར་རོ། །གཞན་གྱིས་བདག་དུ་མ་བཟུང་བའི་ཁང༷་སྟོང༷་དང་ཤིང༷་དྲུང༷་ཡིད་དུ་འོང་བ་དང་ཕུག༷་བ་བཟང་པོ་ཉམས་དགའ་བད༷ག་ཏུ༷་གཞི་གང༷་དུ༷་རང་ལོ་ཟླ་ལ་སོགས་པ་ཇི༷་སྲིད༷་སྡོད་པར་འདོ༷ད་པའི་བར་དུ་གན༷ས་ཤིང༷་གནས་དང་ལོངས་སྤྱོད་ལ་ཡོ༷ངས་སུ་འཛི༷ན་པ་དང་བསྲུང༷་བའི༷་སྡུག༷་བསྔལ༷་ཐམས་ཅད་སྤང༷ས་ཏེ། མཐོན་པོའི་ངོ་བསྲུང་དང་དམའ་མོ་སྐྱོང་ཐབས་ཕན་འདོགས་ཀྱི་རེ་བ་དང་གནོད་བསྐྱལ་གྱི་དོགས་པ་སོགས་སུ་ལའང་རེ་ཞིང་ལྟོས༷་པ༷་མེ༷ད་པ༷ར་ཉམས་དགའ་བ༷ག་ཡ༷ངས་སུ་སྤྱོད་ལ་འགྲོ་འདུག་ལ་སོགས་པ་རང་ཉིད་ཇི་ལྟར་འདོད་པ་བཞིན་ར༷ང་དབ༷ང་དུ་སྤྱོད༷་ཅི༷ང་གནས་གྲོགས་ལོངས་སྤྱོད་ལ་ཆ༷གས་ཞེན་ཅུང་ཟད་ཀྱང་མེ༷ད་ལ༷། མཐོ་དམན་དགྲ་གཉེན་ལ་སོགས་པ་འཆིང་བྱེད་ག༷ང་ད༷ང་ཡ༷ང་ནི༷་འབྲེ༷ལ་བ་མེ༷ད་པར་གནས་ལ༷་ཆོ༷ག་ཤེས༷་པའི་བདེ༷་བ་ལ་ལོངས་སྤྱོད༷་པ་ག༷ང་ཡི༷ན་པ༷་ནི་བརྒྱ་བྱིན་ལྷའི་དབ༷ང་པོ༷ས་ཀྱང༷་ནི༷་དེ༷་རྙེད༷་པ༷ར་དཀའ་སྟེ། དེའང་ཇི་ཙམ་དུ་འབྱོར་བ་ཆེ་བ་དེ་ཙམ་དུ་ཆོག་མི་ཤེས་པས་འདོད་པས་གདུང་བར་འགྱུར་ཞིང༌། ཇི་ཙམ་དུ་ཆོག་ཤེས་པ་དེ་ཙམ་དུ་དགའ་བདེའི་འབྱོར་པ་དང་ལྡན་པར་འགྱུར་ཏེ། བཤེས་སྤྲིང་ལས། ནོར་རྣམས་ཀུན་གྱི་ནང་ནས་ཆོག་ཤེས་པ། །རབ་མཆོག་ལེགས་པར་ལྷ་མིའི་སྟོན་པས་གསུངས། །ཀུན་ཏུ་ཆོག་ཤེས་མཛོད་ཅིག་ཆོག་ཤེས་ན། །ནོར་མི་བདོག་ཀྱང་ཡང་དག་འབྱོར་པ་ལགས། །ཞེས་པ་བཞིན་ནོ། །དེ་ལྟར་རྒྱུ་ཚོགས་སྐབས་འདིར་དབེན་པའི་ཡོན་ཏན་ལན་གཉིས་སུ་སྨོས་པས་ཟློས་པར་མི་འགྱུར་ཏེ། སྔ་མ་དང་པོ་ཉིད་དབེན་པ་ལ་སྤྲོ་བ་བསྐྱེད་པས་དེར་འགྲོ་ཞིང་སྡོད་པའི་ཆེད་དུ་ཡིན་ལ་ཕྱི་མ་ནི་དབེན་པར་གནས་པའི་ཚེ་ཟླ་དགའ་ཟས་ཚོལ་ལ་སོགས་པས་དེར་སྡོད་མི་ཚུགས་ཤིང་མི་མོས་པའི་ཚེ་སངས་རྒྱས་དང་བྱང་སེམས་རྣམས་ཀྱིས་བསྔགས་པའི་དབེན་པའི་ཡོན་ཏན་རྣམས་དབྱངས་སུ་གྱེར་ཞིང་སེམས་ལ་བསྒོམ་པས་དགའ་ཞིང་སྤྲོ་བས་སྡོད་ཚུགས་པའི་ཆེད་དུ་བཤད་པ་ཡིན་པས་ཟློས་སྐྱོན་མེད་དོ། །གསུམ་པ་བསམ་གཏན་བསྒོམ་པ་དངོས་ལ། མཚམས་སྦྱར་ཏེ་མདོར་བསྟན་པ། བསམ་གཏན་བསྒོམ་ཚུལ་རྒྱས་པར་བཤད་པ། ཏིང་ངེ་འཛིན་འགྲུབ་པའི་ཐབས་ལ་གདམས་པ་དང་གསུམ་ལས། དང་པོ་ནི། གོང་དུ་བཤད་པ་དེ༷་ལ༷་སོ༷གས་པའི་རྣམ༷་པ༷་མང་པོ་ཡི༷ས་ཕྱི་འདུ་འཛི་ལས་དབེན་པའི་ཡོན་ཏན་དང་ནང་རྣམ་རྟོག་ལས་དབེན་པའི་ཡོན་ཏན་དང༌། གསང་བ་རང་འདོད་ཡིད་བྱེད་ཀྱི་དབེན་པའི་ཡོན་ཏན་དང༌། གནས་དབེན་པའི་ཡོན་ཏན་ཏེ་སྒོ་གསུམ་དབེ༷ན་པར་གནས་པའི༷་ཡོ༷ན་ཏ༷ན་ནི་འདི་ཕྱི་གཏན་བདེའི་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ནོ་ཞེས་ཡང་དང་ཡང་དུ་བས༷མ་པར་བྱས་ན༷ས་ཕྱི་དང་ནང་གི་དངོས་པོ་ལ་འདོད་ཅིང་ཆགས་པའི་རྣམ༷་པར་རྟོག༷་པ་ཐམས་ཅད་ཉེ༷་བ༷ར་ཞི༷་བ༷་ད༷ང༌། བྱང༷་ཆུབ༷་ཀྱི་སེ༷མས་ནི༷་བསྒོམ༷་པ་ལ་འབད་པ༷ར་བྱའོ། །དེ་ཡང་སྤྱིར་ཉེར་བསྡོག་དང་པོ་ཞི་རགས་ཀྱི་རྣམ་པ་ཅན་ལ་སོགས་པ་བསྒོམ་པ་ལ་བརྟེན་ནས་བསམ་གཏན་གྱི་དངོས་གཞི་སྐྱེ་བ་ལྟར་འདིར་ཡང༌། འཇིག་རྟེན་དང་རྣམ་རྟོག་ལ་ཞེན་ཅིང་ཆགས་པའི་སྐྱོན་དང་མ་ཆགས་པར་སྤོང་བའི་ཡོན་ཏན་གཉིས་འདོར་ལེན་བྱས་ཏེ་བསྒོམ་པ་ལ་བརྟེན་ནས་བསམ་གཏན་དངོས་སམ་ཉེར་བསྡོག་ཡང་དག་པ་རེ་གྲུབ་ན་ལུས་སེམས་ལས་སུ་རུང་བར་འགྱུར་ལ། ལུས་སེམས་ལས་སུ་རུང་ན་བྱང་ཆུབ་ཀྱི་སེམས་སོགས་གང་བསྒོམ་པ་ཐམས་ཅད་ལེགས་པར་འབྱོར་ཞིང་འོང་བར་འགྱུར་ལ། ལར་བསམ་གཏན་ཞེས་བྱ་བ་ཅི་ཡང་མི་ཤེས་པ་ཞིག་ལ་ཟེར་བ་མིན་ཏེ། བཏང་ན་དགེ་བའི་དམིགས་པ་ཀུན་ལ་འཇུག་ཅིང་བཞག་ན་རི་རྒྱལ་ལྟར་གཡོ་འགུལ་མེད་པས་རང་གི་སེམས་བཏང་འགྲོ་བཞག་སྡོད་ལ་རང་དབང་འབྱོར་བ་ཞིག་ལ་ཞི་གནས་སམ་བསམ་གཏན་ཞེས་བརྗོད་པ་ཡིན་ནོ། །གཉིས་པ་ལ། བདག་གཞན་མཉམ་པ་བསྒོམ་ཚུལ་དང༌། བརྗེ་བ་བསྒོམ་ཚུལ་གཉིས་ལས། དང་པོ་ལ་མདོར་བསྟན། རྒྱས་བཤད། དོན་བསྡུ་བ་དང་གསུམ་ལས། དང་པོ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བདག་གཞན་མཉམ་པ་དང་བརྗེ་བ་གཉིས་ཡོད་པ་ལས། བདག་གཞན་མཉམ་པ་མ་བསྒོམ་ན་བརྗེ་བ་མི་འོང་བས་ན་བད༷ག་དང༷་གཞ༷ན་དུ༷་མཉ༷མ་པ༷་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ནི༷་དང༷་པོ༷་ཉིད༷་དུ༷་འབ༷ད་དེ༷་བསྒོམ༷་པར་བྱ་སྟེ། དེ་མེད་ན་གཞན་ཕན་གྱི་སེམས་རྣམ་དག་མི་སྐྱེ་བས་སོ། །ཇི་ལྟར་བསྒོམ་ན་བདག་རང་དང་གཞན་སེམས་ཅན་གཉིས་ཀ་ཡང་བདེ༷་བ་འདོད་པ་དང༷་སྡུག༷་བསྔལ༷་མི་འདོད་པ་ལ་མཉམ་པ༷ས་ན༷་གཞན་སེམས་ཅན་ཐ༷མས་ཅ༷ད་བད༷ག་རང་ཉིད་ཇི་ལྟ་བ་བཞི༷ན་དུ་བདེ་བ་སྒྲུབ་ཅིང་སྡུག་བསྔལ་སྤང་སྟེ་བསྲུང༷་བའི་བློ་སྐྱེ་བའི་ཐབས་ལ་འབད་དེ་བསྒོམ་པར༷་བྱ༷་དགོས་སོ་དེ་ལྟར་མི་འོང་ངོ་སྙམ་ན། འོང་སྟེ་འདི་ལྟར་སེམས་ཅན་ཐམས་ཅད་གཞི་མེད་པར་བདག་དང་བདག་གིར་འཛིན་ཅིང་དེའི་དབང་གིས་འདི་ནི་གཞན་ཞེས་གཞི་མེད་པར་གཞན་དུ་འཛིན་པས་འཁྲུལ་པའི་སྣང་བ་བདག་གཞན་དུ་བློས་བཏགས་པ་ཙམ་ལས་གྲུབ་པ་མེད་པས་བདག་མེད་པའི་དོན་རྟོགས་ན་གཞན་ཞེས་པའང་མི་དམིགས་ཏེ་བདག་ལ་ལྟོས་ནས་གཞན་དུ་འཇོག་པའི་ཕྱིར་རོ། །དེ་ལྟར་རྟོགས་ན་དཔེར་ན་ནམ་མཁའ་ལ་མཚོན་གྱིས་གཅོད་རྒྱུ་མེད་པ་ལྟར་བདག་མེད་ནམ་མཁའ་ལྟ་བུའི་དོན་རྟོགས་ན་བདག་གཞན་ཡང་ཐ་དད་དུ་བཅད་དུ་མེད་པས་ཐམས་ཅད་བདག་བཞིན་བསྲུང་བའི་བློ་དང་བདག་གི་བློ་སྐྱེ་བར་འགྱུར་ཏེ། དོན་མེད་རང་བཞིན་བདག་ལྟ་རྣམ་སྤང་ནས། བདག་ཉིད་ཆེ་ལྟ་དོན་ཆེན་རྙེད་པ་གང༌། །ཞེས་པ་ལྟར་ཡིན་ལ། དེས་ན་བདག་གཞན་མཉམ་པའི་དོན་འདིའི་གནད་བདག་གཞན་བློས་བརྟག་པ་ཙམ་ལས་དོན་ལ་གྲུབ་པ་མེད་པས་བདག་མེད་པའི་གནད་འདི་ལ་ཐུག་པ་ཡིན་པར་མཁས་པས་ཀྱང་རྟོགས་པ༷ར་དཀའ་བར་སྣང་བས་ན་བདག་མེད་པར་གཏན་ལ་ཕབ་པ་འདི་གལ་ཆེ་བར་གསུངས། གཉིས་པ་ལ། མཉམ་པ་ཇི་ལྟར་བསྒོམ་ཚུལ། དེ་ལ་རྩོད་པ་སྤང་བ། དེ་ལྟར་གོམས་པའི་ཕན་ཡོན་དང་གསུམ་ལས། དང་པོ་ནི། དཔེར་ན་ལ༷ག་པ༷་དང་རྐང་པ་དང་མགོ་དང་ནང་ཁྲོལ་ལ༷་སོ༷གས་པའི་དབྱེ༷་བ༷་བྱས་ན་རྣམ་པ་མ༷ང་པོ་ཡོད་ན་ཡ༷ང་བསྲུང་བའི་དུས་སུ་ལག་སོགས་དེ་ཐམས་ཅད་ལ་སྡུག་བསྔལ་མི་འདོད་པར་ཡོ༷ངས་སུ་བསྲུང༷་བྱའི༷་སྟེ་བསྲུང་བར་བྱ་བའི་ལུས༷་སུ༷་གཅི༷ག་པ༷་སྟེ་བདག་གི་ལུས་ཞེས་གཅིག་པུར་ཞེན་ནས་བསྲུང་ལ་བློས་ཀྱང་བདག་གི་ལུས་ཞེས་གཅིག་ཏུ་འཛིན་པ་ལྟར༷་དེ༷་བཞི༷ན་དུ་རིགས་དྲུག་སོ་སོའི་འགྲོ༷་བ༷་ཐ༷་ད༷ད་པ་བདེ༷་སྡུག༷་ཀྱང་ཐ་དད་པ་དག༷་ཡིན་ན་ཡང་དེ་ཐམ༷ས་ཅ༷ད་བད༷ག་ཇི་ལྟ་བ་བཞི༷ན་དུ་སྡུག་བསྔལ་མི་འདོད་པ་དང་བདེ༷་བ༷་འདོ༷ད་པར་མཉ༷མ་ཞིང་གཅི༷ག་པའི་ཕྱིར་ན་གཞན་སེམས་ཅན་ཐམས་ཅད་ལ་བདག་ཏུ་བཟུང་སྟེ་བདག་རང་ཉིད་བཞིན་དུ་སྡུག་བསྔལ་ལས་བསྲུང་བར་བྱ་དགོས་ཏེ། དེ་ཡང་དཔེར་ན་མི་ཞིག་ལ་ཁྱོད་ལ་ལུས་དུ་ཡོད་ཅེས་དྲི་ན། འདིས་ཅི་ཟེར་ལུས་གཅིག་པུ་ལས་མེད་དོ་ཞེས་དང༌། འོ་ན་བསྲུང་བྱའི་ལུས་མང་པོ་ཡོད་དམ། དེ་ཡང་མེད་དེ་བདག་གི་ལུས་གཅིག་པུ་འདི་བསྲུང་ངོ་ཞེས་བརྗོད་པར་བྱེད་ན་ཡང་དོན་དུ་མ་ཚོགས་པ་ལ་ལུས་ཞེས་མིང་བཏགས་པ་ཙམ་ལས་ལུས་ཞེས་རིལ་པོ་གཅིག་ཏུ་གྲུབ་པ་ཅི་ཡང་མེད་ལ། དེའང་འདི་ལ་ལུས་སུ་འདོགས་དགོས་པ་དང་གཞན་ལ་འདོགས་མི་རུང་བའི་རྒྱུ་མཚན་ཅི་ཡང་མེད་པར་དོན་མེད་པར་ཚོགས་པ་ཕུང་པོ་ཙམ་ལ་ལུས་ཞེས་མིང་གཅིག་བཏགས་ཏེ་བློས་ཀྱང་བདག་གི་ལུས་ཞེས་གཅིག་གི་བློ་སྐྱེ་བ་ལྟར་བདག་དང་བདག་གི་བ་སོགས་གང་ཡང་རུང་བ་བཏགས་ཆོག་སྟེ། འདི་ལ་བདག་ཏུ་འདོགས་པའི་རྒྱུ་མཚན་འདི་ཡིན་ནོ་ཞེས་དང་གཞན་ལ་བདག་ཏུ་འདོགས་མི་རུང་བའི་རྒྱུ་མཚན་འདི་ཡིན་ནོ་ཞེས་རྒྱུ་མཚན་ཅི་ཡང་བརྗོད་དུ་མེད་པས་ན་གཞན་སྡུག་བསྔལ་བའི་འགྲོ་བ་ཐམས་ཅད་ལ་བདག་ཅེས་མིང་བཏགས་ཏེ་བློས་ཀྱང་བདག་གོ་སྙམ་དུ་བཟུང་ནས་གོམས་པར་བྱས་ན་གཞན་སེམས་ཅན་རྣམས་ལའང་བདག་གི་བློ་འབྱུང་ཞིང་སྐྱེ་བར་འགྱུར་ལ་དེ་ལྟ་ན་ཐམས་ཅད་བདག་བཞིན་བསྲུང་བའི་བློ་ཡང་འབྱུང་ངོ་གསུངས། དེ་ལ་བདག་གཞན་གྱི་སྡུག་བསྔལ་གྱིས་ཕན་ཚུན་མི་གནོད་པས་དེ་འདྲའི་བློ་ཇི་ལྟར་སྐྱེ་ཞེ་ན། སྐྱེ་སྟེ་ག༷ལ་ཏེ༷་བད༷ག་གི༷་སྡུག༷་བསྔ༷ལ་གྱི༷ས་གཞ༷ན་སེམས་ཅན་གྱི༷་ལུས༷་ལ༷་དངོ༷ས་སུ་མི༷་གནོ༷ད་པ༷་དེ༷་ལྟ༷འ༷ང་སྟེ་དེ་ལྟ་ཡིན་ན་ཡང་དེ་ལྟ་བུའི་སྡུག་བསྔལ་དེ༷་བད༷ག་གི་སྡུག༷་བསྔལ༷་ཡིན་ཏེ་སྡུག་བསྔལ་དེ་རང་ལ་བད༷ག་ཏུ་༷་ཞེན༷་པ༷ས་མི༷་བཟོ༷ད་པ་ཉི༷ད་ཡིན་པའི་ཕྱིར་རོ། །དེ༷་བཞི༷ན་དུ་སེམས་ཅན་གཞ༷ན་གྱི༷་སྡུག༷་བསྔལ༷་དག༷་བད༷ག་ལ༷་དངོས་སུ་འབ༷བ་པ༷ར་མི༷་འགྱུར་ཡ༷ང་དེ༷་ལྟའང༷་སྟེ་དེ་ལྟ་ཡིན་ན་ཡང་གཞན་གྱི་སྡུག་བསྔལ་དེ༷་བདག་བྱང་ཆུབ་སེམས་དཔའ་ཞིག་ཡིན་ན་བདག་གི་སྡུག༷་བསྔལ༷་ཡིན་ཏེ་དེ༷་ལ་བད༷ག་ཏུ༷་ཞེ༷ན་པ༷ས་སྡུག་བསྔལ་དེ་བཟོ༷ད་པ༷ར་དཀ༷འ་བའི་ཕྱིར་རོ། །དེ་ལ་རང་གི་སྡུག་བསྔལ་གྱིས་གཞན་ལ་མི་གནོད་པར་བདག་ལ་གནོད་པའི་རྒྱུ་མཚན་ཇི་ལྟར་ཡིན་ན་སྤྱིར་དུས་ཐོག་མེད་ནས་ད་ལྟའི་བར་དང༌། ད་ལྟ་ཡང་ཕ་མའི་ཁུ་ཁྲག་གི་བར་དུ་རྣམ་ཤེས་ཞུགས་ཕྱིན་ཆད་བདག་གི་ལུས་ཞེས་བདག་ཏུ་བཟུང་བའི་དབང་གིས་གནོད་ཅིང་མི་བཟོད་པ་ཉིད་ཡིན་གྱི། སྡུག་བསྔལ་ལ་བདག་གི་སྡུག་བསྔལ་དང་གཞན་གྱི་སྡུག་བསྔལ་ཞེས་དབྱེ་བ་མེད་པས་ན་གཞན་གྱི་སྡུག་བསྔལ་གྱིས་རང་ལ་དངོས་སུ་མི་གནོད་ནའང་གཞན་དེ་བདག་གམ་བདག་གིར་བཟུང་ན་དེའི་སྡུག་བསྔལ་བདག་གིས་མི་བཟོད་པ་ཞིག་འོང་སྟེ། ཇོ་བོ་རྗེའི་སློབ་མ་བྱམས་པའི་རྣལ་འབྱོར་པས་གཞན་གྱི་སྡུག་བསྔལ་དངོས་སུ་བདག་གིར་མཛད་པ་བཞིན་ཏེ་འདི་ནི་ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པའོ། །སོ་སོའི་སྐྱེ་བོ་ཐ་མལ་པ་ཡིན་ན་ཡང་དཔེར་ན་མས་བུ་སྡུག་གུུ་ན་བ་བས་རང་ཤི་བ་འདམ་པ་ལྟ་བུ་དེ་བདག་ཏུ་བཟུང་བས་དེའི་སྡུག་བསྔལ་མི་བཟོད་པ་ཡིན་གྱི། གཞན་དག་གིས་དེ་བདག་ཏུ་མ་བཟུང་བས་དེའི་སྡུག་བསྔལ་གྱིས་མི་གནོད་པ་ཡིན་ཀྱང་དེ་དག་གིས་དེ་བདག་ཏུ་བཟུང་ནས་དེའི་སྡུག་བསྔལ་གྱིས་གནོད་ཅིང་བཟོད་པར་དཀའ་བར་འགྱུར་བ་འོང་སྟེ་དེའང་ཡུན་རིང་པོར་གོམས་མི་དགོས་ཏེ་དཔེར་ན་རྟ་ཞིག་གཞན་ལ་བཙོང་བ་ལྟ་བུ་ལ་ཚོང་ཐག་མ་བཅད་ཀྱི་བར་དུ་རྟ་དེ་ལ་རྩྭ་ཆུ་མ་རྙེད་པ་དང་ནད་ལ་སོགས་པ་སྡུག་བསྔལ་ཅི་བྱུང་བ་ཡང་ཚོང་པ་པོ་དེ་ཡིས་མི་བཟོད་ཀྱང་ཉོ་བ་པོར་ཅི་ཡང་མི་གནོད་པ་དང་ཚོང་ཐག་བཅད་ནས་རྟ་དེའི་སྡུག་བསྔལ་ཉོ་བ་པོ་དེས་མི་བཟོད་ཀྱང་ཚོང་བ་པོ་ལ་ཅི་ཡང་མི་གནོད་པ་དེ་ཡང་རྟ་དེའི་སྟེང་ན་གཅིག་ཤོས་ཀྱི་རྟ་ཡིན་ལ་གཅིག་ཤོས་ཀྱི་རྟ་མ་ཡིན་པའི་རྒྱུ་མཚན་ཅི་ཡང་མེད་པས་ན་བློས་ཇི་ལྟར་བཏགས་ཤིང་བཟུང་ན་དེ་དང་དེའི་རྟ་ཡིན་པར་འགྱུར་བ་བཞིན་དུ་བདག་རང་ཉིད་བདག་ཡིན་པ་དང་གཞན་དེ་ཉིད་བདག་མིན་པའི་རྒྱུ་མཚན་ཅུང་ཟད་ཀྱང་གྲུབ་པ་མེད་པར་བདག་གཞན་དུ་བློས་བཏགས་པ་ཙམ་སྟེ་བདག་གི་བདག་གཞན་གྱི་གཞན་ཡིན་པ་དང༌། བདག་གི་གཞན་གཞན་གྱི་བདག་ཡིན་ཏེ་དཔེར་ན་ཕ་རོལ་ཚུ་རོལ་ལྟོས་ནས་བཏགས་པ་ཙམ་ལས་ཕ་རོལ་དང་ཚུ་རོལ་དོན་ལ་གྲུབ་པ་མེད་པ་བཞིན་དུ་བདག་གཞན་དོན་ལ་གྲུབ་པ་མེད་པར་བློས་བཏགས་པ་ཙམ་ཡིན་པའི་གནད་ཀྱིས་གཞན་སེམས་ཅན་རྣམས་ལ་བློས་བདག་ཏུ་བཏགས་ཤིང་བཟུང་ན་བདག་གི་བློ་འབྱུང་བ་ཡིན་ནོ་གསུངས། དེ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་རྣམས་བདག་ཏུ་མཛད་པས་གཞན་གྱི་སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་བཟོད་པའི་ཚུལ་གོང་དུ་ཇི་ལྟར་ལུས་ལ་ཀུན་ནས་མེ་འབར་ཞེས་སོགས་དང༌། བདག་ཏུ་མཛད་པ་འདི་ལ་ཐེ་ཚོམ་མེད་ཅེས་དང༌། ལྷས་སྦྱིན་གྱིས་ངང་པ་ལ་མདའ་ཡིས་བསྣུན་པ་ལ་སངས་རྒྱས་ཀྱི་བདག་ཏུ་མཛད་པར་གསུངས་པ་དང༌། མ་ཅིག་གིས་ཀྱང་མ་འོངས་པ་ན་གཅོད་ལོག་དྲག་ཤུལ་ཅན་རྣམས་ཀྱིས་ངས་སྙིང་རྗེའི་ལྕགས་ཀྱུས་བཟུང་བའི་ནོར་ལྷ་འདྲེ་མ་རུངས་པ་རྣམས་དྲག་པོས་འདུལ་བར་གསུངས་པས་ལྷ་འདྲེ་རྣམས་ནོར་དུ་བདག་གིར་མཛད་པ་ལྟ་བུ་ཡིན་ནོ། །སེམས་ཅན་རྣམས་བདག་ཏུ་བཟུང་ན་ཡུན་རིང་པོར་གོམས་ཀྱང་མི་དགོས་ཏེ། དཔེར་ན་རྟ་རྒན་ཞིག་གཞན་ལ་སྦྱིན་ནོ་ཞེས་ངག་ཏུ་ཕུད་དེ་བྱིན་པ་ཙམ་གྱིས་གཞན་དེས་རྟ་དེ་བདག་ཏུ་བཟུང་ཞིང་དེའི་སྡུག་བསྔལ་མི་བཟོད་པ་ལྟ་བུ་ཡིན་ནོ། །དེ་ལྟ་ཡིན་ནའང་ངའི་སེམས་ངན་གོམ་ལ་ཤོར་སོང་བས་སེམས་ཅན་རྣམས་བདག་ཏུ་འཛིན་པ་ཞིག་མི་འོང་སྙམ་ན། འོང་སྟེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་འདི་ན་བཏུལ་ཞིང་ལམ་དུ་བཞག་ན་འདུལ་ཁ་ཉན་པའམ་འདུལ་བར་སླ་བ་ལ་སེམས་ལྟ་བུ་གཞན་མ་གཟིགས། མ་བཏུལ་ན་འདུལ་ཁ་མི་ཉན་པ་སེམས་ལྟ་བུ་གཞན་མ་གཟིགས་ཞེས་གསུངས་སོ། །དེས་ན་རང་གི་སེམས་འདི་ཕྱིན་ཅི་ལོག་གི་ལམ་དུ་མི་གཏོང་བར་བཏུལ་ན་མི་འདུལ་བ་མི་སྲིད་དོ། །རང་གི་སེམས་འདི་མ་བཏུལ་བར་གཞན་འདུལ་མི་ནུས་པས་སེམས་འདི་འདུལ་བ་ལ་འབད་པར་བྱའོ་གསུངས། སྡུག་བསྔལ་བསལ་དགོས་པར་རིགས་པས་བསྒྲུབ་པ་འདི་ལྟར་བད༷ག་གི༷ས་སེམས་ཅན་གཞ༷ན་གྱི༷་ཕུགས་སུ་མི་ཕན་པའི་སྡུག༷་བསྔལ༷་ཐམས་ཅད་བས༷ལ་བར་བྱ་བ་ཡིན་ཞེས་དམ་བཅས་ཏེ། དོན་མེད་པའི་སྡུག༷་བསྔལ༷་ཡི༷ན་པའི་ཕྱིར༷་ཞེས་རྟགས་བཀོད་པ་དང༌། དཔེར་ན་བད༷ག་གི༷ས་བཀྲེས་སྐོམ་ལ་སོགས་པའི་སྡུག༷་བསྔལ་བཞི༷ན་ནོ་ཞེས་མཐུན་པའི་དཔེ་བསྟན་པའོ། །དེ་བཞིན་དུ་བད༷ག་གི༷ས་སེམས་ཅན་གཞ༷ན་རྣམས་ལ༷་ནི་ཕ༷ན་བདེ་བསྒྲུབ་པ༷ར་བྱ༷་བ་ཡིན་ཏེ། སེ༷མས་ཅ༷ན་ཡི༷ན་པའི་ཕྱིར༷། དཔེར་ན་བད༷ག་གི་ལུས༷་ལ་ཇི་ལྟ་བ་བཞི༷ན་ནོ། །ག༷ང་གི་ཚེ༷་བད༷ག་དང༷་སེམས་ཅན་གཞ༷ན་གཉི༷ས་ཀ༷་ཡང་བདེ༷་བ༷་ཐོབ་འདོད་དུ༷་མཚུ༷ངས་པ༷་ལ༷་བད༷ག་རང་དང༷་ཁྱད༷་པ༷ར་ཅི༷་ཡོ༷ད་དེ་ཅུང་ཟད་ཀྱང་མེད་ན༷་རྒྱུ་མཚན་ག༷ང་གི་ཕྱིར༷་གཞན་བདེ་བར་མི་བརྩོན་པར་བད༷ག་ཉིད་གཅི༷ག་པུ་ལ་བདེ༷་བ༷ར་བརྩོ༷ན་ཏེ་བརྩོན་པར་མི་རིགས་སོ། །དེ་བཞིན་དུ་གང༷་གི་ཚེ༷་བད༷ག་དང༷་སེམས་ཅན་གཞ༷ན་གཉི༷ས་ཀ༷་ཡང་སྡུག༷་བསྔལ༷་མྱོང་བར་མི༷་འདོ༷ད་པར་མཚུ༷ངས་པ༷་ལ༷་བད༷ག་རང་དང༷་ཁྱ༷ད་པ༷ར་ཅི༷་ཡོ༷ད་དེ་ཅུང་ཟད་ཀྱང་མེད་ན༷་རྒྱུ་མཚན་ག༷ང་གི་ཕྱིར་གཞ༷ན་གྱི་སྡུག་བསྔལ་རྣམས་བསྲུང་བ་མི༷ན་ལ། བད༷ག་གཅིག་པུའི་སྡུག་བསྔལ་སྲུང༷་བར་བྱེད༷་དེ་བྱེད་མི་རིགས་སོ། །ག༷ལ་ཏེ་བདག་གི་སྡུག་བསྔལ་གྱིས་ནི་རང་ལ་གནོད་པས་བདག་གིས་བསྲུང་དགོས་ལ། གཞ༷ན་དེ༷་ལ་སྡུག༷་བསྔལ༷་བྱུང་བ༷ས་བད༷ག་ལ༷་ད་ལྟ་དངོས་སུ་མི༷་གནོ༷ད་པའི་ཕྱིར༷་གཞན་གྱི་སྡུག་བསྔལ་དེ་མི༷་བསྲུང༷་ངོ་ཞེ་ན། འོ་ན་རགས་པ་ཚེ་ཕྱི་མ་དམྱལ་བ་ལ་སོགས་པའི་སྡུག་བསྔལ་དང་སང་དང་ཟླ་བ་ཕྱི་མ་ཕན་ཆད་དང་ཕྲ་བ་སྐད་ཅིག་ཕྱི་མ་ཕན་ཆད་ཀྱི་སྡུག་བསྔལ་ཟས་གོས་མེད་པ་ལ་སོགས་པའི་མ༷་འོ༷ངས་པ༷་ན་མྱོང་བར་འགྱུར་བ་ཡི༷་སྡུག༷་བསྔལ༷་ཆེ་ཕྲ་གང་གིས་ཡ༷ང་ད་ལྟ་རང་ལ་དངོས་སུ་གནོ༷ད་པར་མི༷་བྱེད༷་པའམ་མི་གནོད་ན༷་ད་ལྟ་མ་འོངས་པའི་སྡུག་བསྔལ་དེ༷་ཅི༷ས་བསྲུང༷་སྟེ་སྲུང་མི་རིགས་སོ། །དེ་ནི་སེམས་ཅན་གཞན་གྱི་སྡུག་བསྔལ་དང་མི་འདྲ་སྟེ་ད་ལྟ་དངོས་སུ་མི་གནོད་ཀྱང་བད༷ག་གི༷ས་མ་འོངས་པའི་སྡུག་བསྔལ་དེ༷་ནི༷་མྱོང༷་བར་འགྱུར་བས་བསྲུང་ངོ་སྙམ༷་ན། རགས་པ་ཚེ་འདི་ཕྱིའི་ཕུང་པོ་དང་ཕྲ་བ་སྐད་ཅིག་སྔ་ཕྱིའི་ཕུང་པོ་ལ་གཅིག་ཏུ་འཛིན་པའི༷་རྣམ༷་པ༷ར་རྟོག༷་པ་དེ༷་ནི་ཕྱིན་ཅི་ལོ༷ག་ཏུ་གྱུར་པ༷་ཁོ་ན་སྟེ༷། དེའི་རྒྱུ་མཚན་འདི༷་ལྟར༷་རགས་པ་ཚེ་འདི་ཕྱི་ལ་བསམ་ན་ཚེ་འདི་ནས་འཕོས་ཏེ་ཤི༷་བར་གྱུར་པ༷་དེའ༷ང་ཕྱི་མའི་སྐྱེ་བ་དེ་ལས་གཞ༷ན་ཉིད༷་ཡིན་ཡ༷ང་གང་དུ་སྐྱེས་པའི་ཕྱི་མའི༷་སྐྱེ་བ༷་དེ་ཡ༷ང་ནི༷་ཚེ་སྔ་མ་ཤི་བ་དེ་ལས་གཞ༷ན་ཉི༷ད་ཡིན་པའི་ཕྱིར་རོ། །དེ་ལ་ད་ལྟ་མི་ཡུལ་དུ་ཇི་ཙམ་སྡོད་པ་ནི་སྔོན་གྱི་ལས་དབང་གིས་ཡིན་པས་ལས་དེ་ནམ་ཟད་པ་ན་མིའི་རྣམ་ཤེས་སྐད་ཅིག་ཐ་མ་འགག་པ་དེའི་ཉེར་ལེན་གྱི་རྒྱུ་བྱས་ནས་དམྱལ་བ་ལ་སོགས་པ་གང་དུ་སྐྱེ་བའི་ལས་དེས་ལྷན༷་ཅིག་བྱེད་རྐྱེན་བྱས་ཏེ་ཕྱི་མ་དམྱལ་བ་ལ་སོགས་པ་གང་དུ་སྐྱེ་བ་ན་ཤི་བ་མིའི་ཕུང་པོ་ཡིན་པ་དང་སྐྱེ་བ་དམྱལ་བའི་ཕུང་པོ་ཡིན་པའི་ཕྱིར་དང༌། རྣམ་ཤེས་སྔ་མ་འགག་པ་མིའི་རྣམ་ཤེས་དང་ཕྱིས་སྐྱེ་བ་དམྱལ་བའི་རྣམ་ཤེས་ཡིན་པའི་ཕྱིར་ཐ་དད་པ་ཡིན་ལ། དེ་ཡང་མིའི་ལུས་དང་སེམས་འགགས་ནས་ཕྱི་མའི་ལུས་སེམས་སྐྱེས་པ་ལ་སྔ་མ་དེ་ཕྱི་མར་འཕོས་པའམ་སོང་བ་མེད་དེ། ཇི་སྐད་དུ། ཁ་ཏོན་མེ་ལོང་མར་མེ་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲས། །ཕུང་པོ་ཉིང་མཚམས་སྦྱོར་བ་ཡང༌། །མི་འཕོ་བར་ཡང་མཁས་རྟོགས་བྱ། །ཞེས་གསུངས་པ་ལྟར་མར་མེ་གཅིག་ལས་གཅིག་སྤར་བ་ན་སྔ་མ་ལ་མ་ལྟོས་པར་ཕྱི་མ་མེད་ལ་སྔ་མ་ཕྱི་མར་འཕོས་པའང་མིན་པ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་ན་སྔ་མ་འགག་ནས་ཕྱི་མ་སྐྱེ་བས་སྔ་ཕྱི་གཉིས་གཞན་ཡིན་ན་ལས་བྱས་པ་ཆུད་ཟ་བ་དང་མ་བྱས་པ་དང་འཕྲད་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ་རྒྱུ་རྐྱེན་རྟེན་འབྲེལ་གྱི་སྣང་བ་བསླུ་བ་མེད་པ་དཔྱད་མི་བཟོད་པས་རྟག་ཆད་ལས་འདས་པ་ལས་འབྲས་ཆུད་མི་ཟ་བ་ནང་པ་སངས་རྒྱས་པའི་ཁྱད་ཆོས་ཐམས་ཅད་མཁྱེན་པ་ཁོ་ནའི་སྤྱོད་ཡུལ་ཡིན་པས་ལས་རྒྱུ་འབྲས་འདི་ནི་རྒྱལ་བའི་བཀའ་ལ་ཡིད་ཆེས་པའི་སྒོ་ནས་རྟོགས་པར་བྱ་ཞིང༌། དེ་སྐད་དུའང༌། གང་ལ་བརྟེན་ཏེ་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་ཏེ། །དེ་ཕྱིར་རྟག་མིན་ཆད་པའང་མིན། །ཞེས་གསུངས་པ་ལྟར་ལྟོས་ཏེ་བཏགས་པ་ཙམ་ལས་གཅིག་དང་ཐ་དད་གང་དུའང་གྲུབ་པ་མེད་བཞིན་དུ་སྣང་བའི་རྣམ་ཤེས་འདི་ཉིད་བཟང་ངན་གྱི་ལས་སྣ་ཚོགས་པས་གཞན་དང་གཞན་དུ་སྣང་ན་ཡང་གསལ་རིག་གི་ཤེས་པ་ཙམ་རིགས་འདྲ་རྒྱུན་མི་འཆད་པར་འབྱུང་ཞིང་རྟག་ཆད་ལས་འདས་པའི་ཕྱིར་ལས་འབྲས་ཆུད་མི་ཟ་ཞིང་མ་བྱས་པ་དང་འཕྲད་པར་མི་འགྱུར་རོ། །ཕྲ་བ་སྐད་ཅིག་མའི་ཚུལ་ལ་བསམས་ན་ཕྱི་དང་ནང་གི་དངོས་པོ་ཐམས་ཅད་དུས་མཐའི་སྐད་ཅིག་མ་ཡིན་ལ། སྐད་ཅིག་སྔ་ཕྱི་དེ་དག་ཀྱང་སྔ་མ་འགགས་ཤིང་ཕྱི་མ་སྐྱེ་བས་གཞན་ཡིན་ལ། དེའང་རང་རེ་མི་ཡུལ་དུ་ཅི་ཙམ་སྡོད་པའི་ལས་ཀྱིས་རྐྱེན་བྱས་ནས་རྣམ་ཤེས་སྔ་མ་འགགས་པ་དེས་རྒྱུ་བྱས་ནས་རྣམ་ཤེས་སྐད་ཅིག་ཕྱི་མ་སྐྱེ་བར་འགྱུར་བས་རིགས་འདྲ་འབྱུང་བ་ཡིན་པས་སྐད་ཅིག་མ་རྣམས་གཞན་ཡིན་ནོ། །ག༷ང་གི་ཚེ༷་མྱོང་བ་པོ་ག༷ང་གི༷་མྱོང་བྱའི་སྡུག༷་བསྔལ༷་གང༷་ཡིན་པ་དེ༷་ནི༷་མྱོང་བ་པོ་དེ༷་ཉིད་ཀྱིས་བསྲུང་དགོས་ཀྱི་དེ་ལས་གཞན་གྱིས་མི་བསྲུང་ངོ་ཞེ་ན། འོ་ན་རྐང་པ་ལ་ཚེར་མ་ཟུག་པ་ལ་སོགས་པའི༷་སྡུག༷་བསྔལ༷་ཡང་དེ་ལས་གཞན་ལ༷ག་པ༷ས་མྱོང་བ་མི༷ན་པས་ན་རྒྱུ་མཚན་ཅི༷་ཡི་ཕྱིར༷་རྐང་པའི་སྡུག་བསྔལ་དེ༷་ནི༷་ལག་པ་དེ༷ས་བསྲུང༷་བར་བྱ་སྟེ་བྱ་མི་རིགས་སོ། །ག༷ལ་ཏེ༷་དེ་ལྟར་བསྲུང་བར་བྱེད་པ་འདི་རིག༷ས་ཤིང་འཐད་པ༷་མི༷ན་ཡ༷ང་འདི༷ར་བད༷ག་ཏུ༷་འཛི༷ན་པ་གོམས་པ༷ས་ཚེ་སྔ་ཕྱི་དང་རྐང་ལག་སོགས་ཕན་ཚུན་བསྲུང་བའི་བློ་འཇུག་ཅེ༷་ན༷། བད༷ག་དང་གཞ༷ན་དུ་འཛིན་པ་མི༷་རི༷གས་པའམ་ཡང་ན་བདག་གཞན་གྱི་མི་རིགས་པ་སྡུག་བསྔལ་ག༷ང་ཡི༷ན་པ་དེ༷་ནི༷་ཅི༷་ནུས༷་པ༷ར་ནི༷་སྤང༷་བར་བྱ༷་བ་ཉིད༷་ཡིན་པས་ན་འཁྲུལ་བའོ་ཞེས་སོ། །དེ་ལྟར་ཚེ་སྔ་ཕྱི་སོ༷གས་གཅིག་མིན་ཀྱང་དེ་དག་རྒྱུན་གཅིག་ཡིན་པ་དང༌། རྐང་ལག་དེ་དག་ཐ་དད་ཡིན་ཀྱང་ཚོགས་པ་གཅིག་ཡིན་པས་དེ་ལྟར་བསྲུང་ངོ་ཞེ་ན། དེ་དག་རྒྱུད༷་གཅིག་ཅེས་བྱ་བ་དང༷་ཚོ༷གས་པ་གཅིག་ཅེ༷ས་བྱ༷་བ་ནི༷་རིམ་པ་བཞིན་དུ་རྒྱུད་ནི་སྐད་ཅིག་མ་དུ་མ་ལས་དེ་ཉིད་དང་གཞན་དུ་མེད་པས་རྫུན་ཏེ་དཔེར་ན་ཕྲེང༷་བ་རྡོག་དུ་མ་ལ་ཕྲེང་བའི་རྒྱུད་གཅིག་ཅེས་བཏགས་པ་བཞིན་དང༌། ཚོགས་པ་ཡང་མཚོན་ཆ་ཐོག་པའི་མི་མང་པོ་འདུས་པ་ལ་དམ༷ག་ཅེས་བཏགས་པ་ལ༷་སོ༷གས་པ་བཞི༷ན་དུ་བརྫུན༷་ཏེ་བཏགས་པའམ་མིང་ཙམ་ལས་དོན་ལ་གྲུབ་པ་མེད་དོ། །འདི་ནི་གང་ཟག་གི་བདག་མེད་གཏན་ལ་དབབ་བྱེད་མཆོག་ཡིན་ཏེ་རྟག་གཅིག་རང་དབང་ཅན་གྱི་བདག་མ་གཏོགས་པའི་བདག་ཏུ་ཞེན་ཚད་རྒྱུན་དང་ཚོགས་པ་ལ་བདག་ཏུ་ཞེན་པས་ན་དེ་གཉིས་མ་གྲུབ་ཅིང་མེད་པར་བསྟན་པའི་ཕྱིར་རོ། །དེ་ལྟར་རྒྱུན་དང་ཚོགས་པ་མེད་པའི་ཕྱིར་ན་སྡུག་བསྔལ་མྱོང་བ་པོའམ་སྡུག༷་བསྔལ༷་ཅ༷ན་གྱི་གང་ཟག་གི་བདག་ག༷ང་ཡིན་པ་དེ༷་མེ༷ད་པ༷་དེ༷ས་ན་མྱོང་བྱའི་སྡུག་བསྔལ་འདི༷་མྱོང་བ་པོ་སུ༷་ཞིག༷་གིས་དབ༷ང་བ༷ར་ཏེ་དབང་དུ་བྱེད་པར་འགྱུར༷་ཏེ་དབང་དུ་བྱེད་པ་པོ་སུ་ཡང་མེད་པས་སོ། །དེ་ལྟར་མྱོང་བྱའི་སྡུག༷་བསྔལ༷་ལ་མྱོང་བ་པོའི་བད༷ག་པོ༷འམ་དབང་བྱེད་པ་པོ་མེ༷ད་པ༷ར་ནི༷་བདག་གཞན་ཐམ༷ས་ཅ༷ད་བྱེ༷་བྲག༷་མེ༷ད་པ༷་ཉིད༷་ཡིན་ཏེ་དེ་ལྟར་བདག་མེད་ན་དེ་ལ་ལྟོས་པའི་གཞན་ཀྱང་མེད་ལ་དེ་གཉིས་མེད་པས་དབྱེ་གཞི་མེད་པས་ན་འདི་ནི་བདག་གི་སྡུག་བསྔལ་དང་འདི་ནི་གཞན་གྱི་སྡུག་བསྔལ་ཞེས་བྱེ་བྲག་གམ་དབྱེ་བ་མེད་པས་བསྲུང་བ་དང་མི་བསྲུང་བའི་དབྱེ་བའང་མི་རིགས་སོ། །དེ་ལྟར་ཡིན་པའི་སྟོབས་ཀྱིས་སྡུག་བསྔལ་བསལ་བྱ་ཡིན་ཕྱིན་ཆད་སྡུག༷་བསྔལ༷་ཡི༷ན་པའི་ཕྱིར༷་གཞན་གྱི་སྡུག་བསྔལ་དེ༷་ཡང་བདག་གིས་བས༷ལ་བར་བྱ༷་དགོས་པར་གྲུབ་པ་ཡིན་པས་ན་བདག་གི་སྡུག་བསྔལ་བསལ་ལ་གཞན་གྱི་སྡུག་བསྔལ་མི་བསལ་ཞེས་ངེ༷ས་པ༷ས་ཏེ་ངེས་བཟུང་གིས་འདི༷ར་ནི༷་ཅི༷་ཞིག༷་བྱ༷་སྟེ་ཅི་ཡང་དགོས་པ་མེད་པས་ཤིན་ཏུ་འཁྲུལ་བའོ། །སྡུག་བསྔལ་མྱོང་བ་པོའི་བདག་པོའམ་མྱོང་མཁན་གྱི་བདག་ཅི་ཡང་མེད་ན་སྡུག་བསྔལ་གྱིས་སུ་ལའང་མི་གནོད་པས་དེ་ལྟ་ན་རྒྱུ་མཚན་ཅི༷་ཡི་ཕྱིར༷་ན་སེམས་ཅན་ཀུན༷་གྱི༷་སྡུག༷་བསྔལ༷་ནི༷་བཟློག༷་པ༷ར་བྱ༷་ཞེས་བཟློག་བྱ་གང་ཞིག་གང་ཟག་སུ་ཞིག་གིས་བཟློག་སྟེ་བཟློག་ཏུ་མེད་དོ་ཞེ༷ས་འགའ་ཞིག་གིས་རྩོད་ན་དེ་ལྟར་བརྩ༷ད་དུ་མེད་དེ ། དོན་དམ་པར་དེ་ལྟར་ཡིན་ཡང་ག༷ལ་ཏེ༷་ཀུན་རྫོབ་ཙམ་དུ་བདག་གི་སྡུག་བསྔལ་བཟློག༷་པར་བྱ༷་ནའ༷ང་གཞན་སེམས་ཅན་ཐམ༷ས་ཅ༷ད་ཀྱི་སྡུག་བསྔལ་ཡང་བཟློག༷་པར་བྱ་དགོས་པ་ཡིན་ལ་གཞན་གྱི་སྡུག་བསྔལ་བཟློག་པར་བྱ་བ་དེ༷་ལྟ་མི༷ན་ན་བད༷ག་གི་སྡུག་བསྔལ་ཀྱང༷་སེ༷མས་ཅ༷ན་གཞན་གྱི་སྡུག་བསྔལ་བཞི༷ན་དུ་བཟློག་བྱ་མིན་པར་མཚུངས་པས་བཟློག་མི་རིགས་སོ། །གཉིས་པ་ནི་སྡུག་བསྔལ་ཐམས་ཅད་བསལ་བྱ་ཡིན་ན། སྙིང༷་རྗེས༷་ཏེ་སྙིང་རྗེའི་དབང་གིས་གཞན་སེམས་ཅན་གྱི་སྡུག་བསྔལ་རང་ཉིད་ཀྱིས་མི་བཟོད་པའི་སྡུག༷་བསྔལ༷་ཤིན་ཏུ་མ༷ང་པོ་མྱོང་བར་གྱུར༷་པ༷ས་དེ་ཅི༷་ཡི་ཕྱིར༷་སྙིང་རྗེའི་སྡུག་བསྔལ་དེ་རང་གཞན་གྱི་རྒྱུད་ལ་ན༷ན་གྱིས༷་བསྐྱེད༷་ཅེ༷་ན༷། འགྲོ་བའི༷་དམྱལ་བ་ལ་སོགས་པའི་སྡུག༷་བསྔ༷ལ་མང་པོ་བས༷མ་པར་བྱས་ན་དེ་ལ་ལྟོས་ན་ཇི༷་ལྟར༷་སྙིང༷་རྗེ༷་ལ་བརྟེན་པའི་སྡུག༷་བསྔལ༷་མ༷ང་སྟེ་མང་བ་མིན་ལ། དཔེར་ན་ཟུག་རྔུ་ཁོང་བརླག་གནོད་བསལ་ཕྱིར་དུ་ལུས་རྨ་བཏོད་པའི་སྡུག་བསྔལ་བཞིན་དུ་སྡུག་བསྔལ་ཡོད་ཀྱང་ག༷ལ་ཏེ༷་སྙིང་རྗེ་ཅན་གྱི་སྡུག༷་བསྔལ༷་གཅི༷ག་གི༷ས་ནི༷་གཞན་སེམས་ཅན་རྣམས་ཀྱི་སྡུག༷་བསྔ༷ལ་མ༷ང་པོ༷་མེ༷ད་པར་འགྱུར༷་བས་ན༷་བརྩེ༷་བ་དང༷་ལྡན༷་པ༷ས་སྙིང་རྗེའི་སྡུག༷་བསྔལ༷་དེ༷་རང༷་དང༷་གཞན་སེམས་ཅན་མང་པོའི་རྒྱུད་ལ༷་བསྐྱེད༷་པར་བྱ༷་བ་ཉིད༷་དོ། །སྙིང་རྗེའི་སྡུག་བསྔལ་བསྐྱེད་བྱ་ཡིན་པ་དེ༷ས་ན༷་བྱང་ཆུབ་སེམས་དཔའ་མེ༷་ཏོ༷ག་ཟླ༷་མཛེ༷ས་ཀྱིས༷་རང་གི་མངོན་ཤེས་ཀྱིས་རྒྱལ༷་པོའི་གནོ༷ད་པ༷་རང་གསོད་པར་ཤེས༷་ཀྱང༷་ནི༷་བད༷ག་གི༷་སྡུག༷་བསྔལ༷་ཁྱད་དུ་བསད་ནས་མ༷་བས༷ལ་ཏེ༷་གཞན་སེམས་ཅན་མང༷་པོའི་སྡུག༷་བསྔལ༷་ཟ༷ད་པར་འགྱུར༷་བར་བྱ་བའི་ཕྱིར༷་རང་གི་སྡུག་བསྔལ་དང་དུ་བླང་བ་ལྟ་བུ་སྟེ་སྔོན་དེ་བཞིན་གཤེགས་པ་རིན་པོ་ཆེ་པདྨའི་ཟླ་བ་མངོན་པར་འཕགས་པའི་རྒྱལ་པོའི་བསྟན་པའི་སྙིགས་མ་ལ་དགེ་སློང་མེ་ཏོག་ཟླ་མཛེས་ཞེས་བྱ་བ་ཞིག་བྱང་ཆུབ་སེམས་དཔའ་བདུན་སྟོང་དང་ལྷན་ཅིག་ཏུ་ཀུན་ཏུ་བཟང་པོ་ཞེས་བྱ་བའི་ནགས་ཚལ་ན་གནས་པས་མངོན་ཤེས་ཀྱིས་བལྟས་པས། རྒྱལ་པོ་དཔའ་བྱིན་གྱི་ཕོ་བྲང་རིན་ཆེན་ལྡན་དུ་ཕྱིན་ཏེ་ཆོས་བསྟན་ན་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོས་མཐོ་རིས་དང་ཕྱིར་མི་ལྡོག་པའི་ཐར་པ་ཐོབ་ཅིང་མ་བསྟན་ན་མི་ཐོབ་པར་མཐོང་བ་དང་མཐར་རང་ཉིད་ཀྱང་གསོད་པར་མཁྱེན་ཡང་དེར་བྱོན་ནས་ཞག་བདུན་དུ་ཟས་མ་གསོལ་བར་མཚན་མོ་དེ་བཞིན་གཤེགས་པའི་སེན་མོའི་མཆོད་རྟེན་ལ་བསྐོར་བ་བྱས་ཏེ། ཉིན་མོ་གྲོང་ཁྱེར་རྣམས་སུ་ཆོས་བསྟན་པས་སྲོག་ཆགས་ཁྲག་ཁྲིག་དུ་མ་མཐོ་རིས་དང་ཕྱིར་མི་ལྡོག་པ་ལ་བཀོད་པ་དང༌། རྒྱལ་པོས་ཤན་པ་དགའ་བྱེད་ལ་བསྒོས་ནས་བསད་དེ་རྒྱལ་པོ་ཡང་འགྱོད་ནས་དེའི་རུས་པ་ལ་མཆོད་རྟེན་བྱས་ཤིང་མཆོད་པར་ཏིང་འཛིན་རྒྱལ་པོ་ལས་གསུངས་པ་བཞིན་ནོ། །གསུམ་པ་ནི། དེ༷་ལྟར༷་བདག་གཞན་མཉམ་པ་ལ་རང་གི་རྒྱུད༷་ནི༷་གོ༷མས་པར་གྱུར༷་པ༷་ན། སེམས་ཅན་གཞ༷ན་གྱི་སྡུག༷་བསྔལ༷་ཞི༷་བར་བྱེད་པ་ལ་མངོན་པར་དག༷འ་བར་གྱུར་པ༷ས་དེའི་ཐབས་ལའང་དཔེར་ན་པདྨའི་མཚོ༷་རུ༷་སྟེ་པདྨ་སྣ་ཚོགས་པས་བརྒྱན་པའི་མཚོ་ཡིད་དུ་འོང་བ་ལ་ང༷ང་པ༷་རྣམས་དགའ་ཞིང་སྤྲོ་བས་འཇུག་པ་ལྟར༷་དུ་དམྱལ་བ་མན༷ར་མེ༷ད་པ༷ར་ཡ༷ང་གཞན་དོན་དུ་དགའ་ཞིང་སྤྲོ་བས་འཇུག༷་པ༷ར་འགྱུར༷་རོ། །དེ་ལ་ཉན་ཐོས་ཀྱི་རིགས་ཅན་དག་གིས་མནར་མེད་པའི་དམྱལ་བར་འཇུག་དོན་མེད་དེ། རང་ཉིད་ཀྱིས་ཐར་པ་བྱང་ཆུབ་བསྒྲུབ་ན་མྱུར་དུ་ཐོབ་སྟེ་སྡུག་བསྔལ་ཐམས་ཅད་ཞི་བའི་དགའ་བ་ཆེན་པོ་ཐོབ་པར་འགྱུར་བས་སོ་ཞེ་ན། མཐའ་ཡས་པའི་སེ༷མས་ཅ༷ན་རྣམ༷ས་ནི༷་སྡུག་བསྔལ་མཐའ་དག་ལས་རྣམ་པར་གྲོལ༷་བར་གྱུར་པ༷་ན༷་དག༷འ་བའི༷་ཁྱད་པར་རྒྱ༷་མཚོ༷་ཆེན་པོ་ལྟ་བུར་མཐའ་ཡས་པ་ཐོབ་པར་འགྱུར་བ་གང༷་ཡི༷ན་པ༷་དེ༷་ཉི༷ད་ཀྱིས༷་ནི༷་ཆོ༷ག་མི༷ན་ན༷མ་སྟེ་ཆོག་པ་ཡིན་ལ། རང་ཉིད་གཅིག་པུ་ཐ༷ར་པ༷་ཙམ་ཞིག་འདོ༷ད་པ༷ས་ཅི༷་ཞིག༷་བྱ༷་སྟེ། རོ་བྲལ་བདེ་བས་ཅི་ཞིག་བྱ་ཞེས་པར་འགྲེལ་པ་རྣམས་ལས་གསལ་བས་ན་གཞན་དོན་འགྲུབ་པའི་དགའ་བདེའི་རོ་དང་བྲལ་བས་དགོས་པ་མེད་པར་བསྟན་པ་ཡིན་ཏེ། བསླབ་བཏུས་ལས། རོ་མེད་ཐར་བས་ཅི་ཞིག་བྱ་ཞེས་གསུངས་པ་བཞིན་ནོ། །དེ༷་ལྟས༷་ཏེ་དེ་ལྟ་བས་ན་རང་འདོད་ཡིད་བྱེད་མེད་པར་གཞ༷ན་སེམས་ཅན་གྱི༷་དོ༷ན་ཁོ་ན་བྱས༷་ཀྱང༷་བདག་གིས་འདི་ལྟར་བྱས་པས་མཆོག་གོ་སྙམ་པའི་རློམ༷་སེ༷མས་དང༷་ནི༷་ངོ༷་མཚ༷ར་དུ་འཛིན་པའང་མེ༷ད་ལ། མཐའ་གཅི༷ག་ཏུ༷་གཞ༷ན་དོ༷ན་ཁོ་ན་སྒྲུབ་པ་ལ༷་དག༷འ་བར་གྱུར་བ༷ས་ན་རང་ལ་ཚེ་འདིའི་ལན་དང་ཕྱི་མའི་རྣམ༷་སྨིན༷་འབྲ༷ས་བུའི༷་རེ༷་བའང༷་མེ༷ད་དོ། །གསུམ་པ་དོན་བསྡུ་བ་ནི། བདག་གཞན་མཉམ་པའམ་ཁྱད་པར་མེད་པ་དེ༷་བ༷ས་ན་ཇི༷་ལྟར༷་ཆུང་ངུའམ༷་ཐ༷་ན་ཅུང་ཟད་ཉེས་སོ་ལྟ་བུའི་མི་སྙན་པའི་ཚིག་ཙམ་ལས་ཀྱང༷་ང་ཡིས་མཉེས་སོ་ཞེས་སྔོན་ཆད་བད༷ག་ཉིད་བསྲུང༷་བར་བྱེད་པ༷་དེ༷་བཞིན་དུ་ད་ནི་གཞ༷ན་སེམས་ཅན་ཐམས་ཅད་ལ༷་བསྲུང༷་ཞིང་བསྐྱང་བར་འདོད་པའི་སེ༷མས་ད༷ང་སྙིང༷་རྗེའི༷་སེ༷མས་ནི༷་དེ༷་ལྟར༷་རང་ཉིད་ལ་ཇི་ལྟ་བ་དེ་བཞིན་དུ་གོམས་པར་བྱའོ༷། །གཉིས་པ་བརྗེ་བ་ལ། རྒྱུ་མཚན་བརྗོད་པས་མདོར་བསྟན་པ། དེ་བསྒོམ་ཚུལ་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། དེ་ལྟར་གཞན་སེམས་ཅན་རྣམས་བདག་ཉིད་དུ་འཛིན་པར་མི་ནུས་ཤིང་མི་འོང་ངོ་སྙམ་ན། འོང་སྟེ་འདི་ལྟར་ཡང་དང་ཡང་དུ་གོ༷མས་པ༷་ཡི༷ས་ནི༷་གཞ༷ན་ཕ་མ་དག༷་གི༷་ཕའི་ཁུ་བ༷་དང་མའི་ཁྲག༷་གི༷་ཐིག༷་པ༷་ལ༷་གྲོལ་འཁྲུལ་ལ་སོགས་པའི་གཞིར་གྱུར་པའི་བདག་གི་དངོ༷ས་པོ༷་ཅུང་ཟད་ཙམ་ཡང་མེ༷ད་པ༷ར་གྱུར༷་ཀྱང༷་ནི༷་བད༷ག་གོ༷་ཞེས༷་ནི༷་ཤེ༷ས་ཤིང་འཛིན་པ༷་སྟེ་བདག་མེད་པ་ལ་བདག་གི་ལུས་སམ་བདག་གི་བློ་འབྱུང་བ་ལྟར༷་དེ༷་བཞི༷ན་ཕ་མའི་ཁུ་ཁྲག་གི་རང་བཞིན་གཞ༷ན་སེམས་ཅན་གྱི་ལུས༷་ལ༷་ཡ༷ང་རིམ་གྱིས་གོམས་པར་བྱས་ནས་བད༷ག་ཅེ༷ས་ཅི༷་ཡི༷་ཕྱིར༷་མི༷་བཟུང༷་སྟེ་བཟུང་བར་ནུས་སོ། །དེ་ལྟར་གོམས་པར་གྱུར་པ་ན་བད༷ག་གི༷་ལུས༷་འདི་ནི༷་གཞ༷ན་སེམས་ཅན་དང༌། གཞན་སེམས་ཅན་ཀྱང་བདག་གི་ལུས་དག༷་ཏུ༷འང༷་བཞ༷ག་པ༷་ལ་དེ༷་ལྟར༷་དཀ༷འ་བ༷་མེ༷ད་དོ། །དེས་ན་རང་དོན་ཡིད་བྱེད་ཀྱིས་བད༷ག་ཉི༷ད་དམ་རང་གཅེས་པར་བཟུང་བས་འདི་ཕྱིར་སྡུག་བསྔལ་འབྱུང་བའི་སྐྱོན༷་དང་བཅ༷ས་པ་དམ་པ་རྣམས་ཀྱིས་སྨད་པར་བྱ་བ་དང༌། ཕན་པའི་སེམས་ཀྱིས་གཞ༷ན་སེམས་ཅན་དེ་གཅེས་པར་བཟུང་བ་ལ༷་ཡ༷ང་འདི་ཕྱིར་ཕན་བདེ་ཐམས་ཅད་འབྱུང་བའི་ཡོ༷ན་ཏན༷་རྒྱ༷་མཚོ༷ར་ཏེ་རྒྱ་མཚོ་ལྟ་བུ་དང་ལྡན་པ་དམ་པ་རྣམས་ཀྱིས་བསྟོད་ཅིང་བསྔགས་པའི་གནས་ཡིན་པར་ཤེ༷ས་པར་བྱས༷་ན༷ས་བད༷ག་ཏུ་འཛི༷ན་པ་ཡོ༷ངས་སུ༷་དོ༷ར་ཏེ་གཞན་དུ་བྱ་བ༷་དང༷་གཞ༷ན་རྣམས་བདག་ཏུ་བཟུང་སྟེ་དང་དུ་བླང༷་བར་བྱ་བ༷་ལ་ནི༷་འབད་དེ་བསྒོ༷མ་པ༷ར་བྱ་བ༷་དང༌། དེ་ལ་བདག་གཞན་བརྗེ་བ་འདི་ལ་གཞུང་ནས་བཤད་ཚུལ་དང་རྣལ་འབྱོར་པའི་སྒོམ་པའི་ཚུལ་མི་འདྲ་བས། འདི་ལྟར་བདག་གཞན་གྱི་གཅེས་འཛིན་བརྗེ་བ་དང༌། གདགས་གཞི་ལུས་བརྗེ་བ་དང༌། བདེ་སྡུག་བརྗེ་བ་དང༌། དགེ་སྡིག་བརྗེ་བ་དང་བཞི་ཡོད་ཀྱང་གཞུང་འདིར་དང་པོ་གསུམ་ཚིག་གིས་དངོས་སུ་ཟིན་པར་མཛད་དོ། །གཉིས་པ་ལ། བརྗེ་ཚུལ་སྤྱིར་བསྟན་པ་དང༌། གཉེན་པོའི་ཁྱད་པར་བྱེ་བྲག་ཏུ་བསྒོམས་པ་དང༌། བརྗེས་ནས་ཇི་ལྟར་བསྒྲུབ་པ་དང་གསུམ་ལས། དང་པོ་ལ། གཞན་དང་དུ་བླང་བ། བདག་གཅེས་འཛིན་དོར་བ། བདག་གཞན་གཙོ་བོར་བྱས་པའི་སྐྱོན་ཡོན། དེས་ན་ངེས་པར་བརྗེ་དགོས་པར་གདམས་པ་བརྗེ་བ་དངོས་དང་བཞི་ལས། དང་པོ་ནི། སེམས་ཅན་ཐ་དད་པ་མང་པོ་རྣམས་བདག་གཅིག་ཏུ་ཇི་ལྟར་བཟུང་སྙམ་ན་དཔེ་ཇི༷་ལྟར༷་ན་ལ༷ག་པ༷་ལ༷་སོ༷གས་པ༷་ཡིས་དབྱེ་བར་བྱས་ན་ཐ་དད་པ་མང་པོ་ཡིན་ཡང་དེ་ཐམས་ཅད་ལུས༷་ཀྱི༷་ཡ༷ན་ལ༷ག་ཡི༷ན་པས་དེ་རྣམས་ལ་ལུས་ཞེས་གཅིག་ཏུ་འདོ༷ག་ཅིང་འཛིན་པ་ལྟར༷་དོན་དེ༷་བཞི༷ན་དུ་འགྲོ་བ་ཞེས་བདག་ཏུ་བཟུང་ནས་འགྲོ༷་བའི༷་ཡ༷ན་ལ༷ག་ཏུ༷་ཅི༷་ཡི་ཕྱིར༷་ལུས༷་ཅ༷ན་ལྷ་ཀླུ་མི་སོགས་རིགས་དྲུག་གི་སེམས་ཅན་རྣམ༷ས་མི༷་འདོ༷ད་དེ་འདོ༷ད་དགོས་པར་རིགས་པ་མཚུངས་པས་སོ། །དེ་འདྲའི་བློ་མི་སྐྱེའོ་སྙམ་ན། དཔེ་ཇི༷་ལྟར་ན་གྲོལ་འཁྲུལ་གྱི་གཞིར་གྱུར་པའི་བད༷ག་མེ༷ད་པའི་ཕ་མའི་ཁུ་ཁྲག་ཡོངས་སུ་སྨིན་པའི་ལུས༷་འདི༷་ལ༷་བདག་འཛིན་ཡང་ཡང་གོ༷མས་པ༷ས་བདེ་ན་བདག་བདེའོ་ཞེས་དང་སྡུག་ན་བདག་སྡུག་གོ་ཞེས་བད༷ག་གི༷་བློ༷་ངང་གིས་འབྱུང༷་བ་དེ༷་བཞི༷ན་དུ་སེ༷མས་ཅ༷ན་གཞ༷ན་གྱི་ལུས་ལ༷་ཡ༷ང་བདག་ཏུ་འཛིན་པ་ཡང་ཡང་གོ༷མས་པ༷ས་བད༷ག་གོ་སྙམ་པའི་བློ༷་ཅི༷ས་མི༷་སྐྱེ༷་སྟེ་ངེས་པར་སྐྱེ་བར་འགྱུར་རོ། །དེ་ལྟར་གོམས་ན་ཡོན་ཏན་ནམ་ཕན་ཡོན་ཅི་ཡོད་ན། དེ༷་ལྟ༷་ན༷་ནི༷་བདག་གིས་གཞ༷ན་སེམས་ཅན་གྱི་དོ༷ན་བྱས༷་ཀྱང༷་བདག་ཉིད་མཆོག་གོ་སྙམ་པའི་ངོ༷་མཚར་དང་མངོན་པར་ཞེན་པའི་རློམ༷་སེམས་མི༷་འབྱུང༷་སྟེ། དཔེར་ན་བད༷ག་ཉི༷ད་ཀྱིས༷་ནི༷་བདག་རང་གི་ཟ༷ས་ཟོས༷་ན༷ས་ལ༷ན་དང་རྣམ་སྨིན་ལ༷་རེ༷་བ༷་མི་འབྱུང༷་བ་བཞི༷ན་ནོ། །དེ༷་བ༷ས་ཇི༷་ལྟར༷་གནོད་པ་ཆུང༷་ངུ༷་ཐ་ན༷་ཅུང་ཟད་ཉེས་སོ་ཞེས་ཚིག་མི༷་སྙན༷་པ་ལ༷ས་ཀྱང༷་བད༷ག་བསྲུང༷་ཞིང་སྐྱོང་པ༷་དེ༷་བཞི༷ན་དུ་གཞན་འགྲོ༷་བ་སེམས་ཅན་རྣམས་ལ༷་བསྲུང༷་བའི་སེ༷མས་དང༷་དེ་ལྟ་བུའི་སྙིང༷་རྗེའི༷་སེམས་ནི༷་གོ༷མས་པ༷ར་བྱའོ། །གཞན་ལ་གནོད་པ་ཆུང་ངུ་ནས་བསྲུང་དགོས་པ་དེ༷་བ༷ས་ན་མགོ༷ན་པོ༷་འཕགས་པ་སྤྱན༷་ར༷ས་གཟི༷གས་དབང་ཕྱུག་ཐུག༷ས་རྗེ༷་ཆེ༷ན་པོ༷ས་འགྲོ༷་བ༷་ཡི༷་ཁམས་གསུམ་འཁོ༷ར་བའི་འཇིགས་པ་ཆེན་པོ་དང་ཐ་ན་འཁོར་གྱི་ནང་དུ་བག་ཚ་བ་ཙམ་གྱི༷་འཇི༷གས་པ༷འང་བས༷ལ་བར་བྱ་བའི༷་ཕྱིར༷་དུ་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས་བཟུང་སྟེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རང༷་གི༷་མཚ༷ན་ཡ༷ང་ཐོས་པ་དང་དྲན་པ་ཙམ་གྱིས་དེ་ལས་སྐྱོབས་ནུས་སུ་སྨོན་ལམ་དང་ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི་སྟོབས་ཀྱིས་བྱི༷ན་གྱིས༷་བརླབ༷ས་པར་མཛད་དེ། སྡོང་པོ་བཀོད་པ་ལས། མེ་ཆེན་པོས་བསྲེག་པ་དང༌། ཆུ་ཆེན་པོས་ཁྱེར་བ་ལ་སོགས་པའི་འཇིགས་པ་ཐམས་ཅད་ལ་བདག་གི་མིང་ལན་གསུམ་དྲན་པས་འཇིགས་པ་མེད་པར་གྱུར་ཅིག་ཅེས་པ་ལ་སོགས་པའི་ནང་ཚན། བདག་གི་མིང་ལན་གསུམ་དྲན་པས་འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པ་མེད་པར་གྱུར་ཅིག་ཅེས་གསུངས་སོ། །ཕན་ཡོན་ཆེ་ན་ཡང་བདག་གིས་དེ་འདྲ་དཀའ་འོ་སྙམ་ནས་སྐྲག་པར་མི་བྱ་སྟེ། དཀ༷འ་བ་ལ༷ས་ཕྱིར༷་ལྡོག༷་པར་མི༷་བྱ༷་སྟེ༷་གོ༷མས་ན་དེ་ཉིད་སླ་བར་འགྱུར་བའི་ཕྱིར་ཏེ། འདི༷་ལྟར༷་རིམ་གྱིས་གོམས་པར་བྱས་པའི༷་མ༷ཐུ་ཡིས་ནི༷། དང་པོ་མ་གོམས་པའི་དུས་སུ་གཞན་གྱི་སྡུག་བསྔལ་དང་དུ་ལེན་པའི༷་བདག་གཞན་བརྗེ་བ་སོགས་ག༷ང་གི༷་མིང་ཐོ༷ས་པ་ཙམ་གྱིས་འཇི༷གས་པ༷་ཆེན་པོ་སྐྱེ་བར་འགྱུར་བ་ཡ༷ང་ཕྱིས་གོམས་པའི་དུས་སུ་གཞན་དོན་དང་དུ་ལེན་པ་དེ༷་ཉིད༷་མེ༷ད་ན་མི༷་དག༷ར་ཏེ་མི་དག༷འ་བར་འགྱུར༷་བའི་ཕྱིར། དཔེར་ན་དང་པོ་གང་གི་མིང་ཐོས་ན་ཡང་འཇིགས་ཤིང་སྐྲག་པའི་སེམས་ཅན་དེ་དང་རང་འདྲིས་ཤིང་གོམས་པས་དགའ་བར་གྱུར་ན་དེ་ཉིད་མེད་ན་མི་དགའ་བར་འགྱུར་བ་བཞིན་ནོ། །དེས་ན་གང་ཟག་གང༷་ཞི༷ག་བད༷ག་དང༷་གཞ༷ན་སེམས་ཅན་རྣམ༷ས་ནི༷་སྡུག་བསྔལ་ཐམས་ཅད་ལས་མྱུར་དུ༷་བསྐྱབ༷་པ༷ར་འདོ༷ད་པ༷་དེ༷ས་བད༷ག་དང༷་གཞན་དུ༷་བརྗེ༷་བར་བྱ་བ༷ར་ཉན་ཐོས་ལ་སོགས་ཀྱི་སྤྱོད་ཡུལ་དུ་མི་འགྱུར་བས་གས༷ང་བར་བྱ་བའི༷་དམ༷་པ༷་ཉིད་བསྒོམ་ཞིང་སྤྱད༷་པ༷ར་བྱའོ༷། །གཉིས་པ་ནི། བད༷ག་གི་ལུས༷་ག༷ང་ལ༷་ཞེན་ཅིང་ཆག༷ས་པ༷་ཡི༷ས་འཇི༷གས་པའི་གན༷ས་ཆུང༷་ངུ་སྦྲང་བུ་དང་ཤ་སྦྲང་ལྟ་བུ་ལ༷འང༷་འཇི༷གས་ཤིང་སྐྲག་པ་སྐྱེ་བ༷་ཡིན་ན་འཇིགས་པའི་གནས་ཆེན་པོ་ལ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་ཚེ་འདི་ཕྱིའི་འཇིགས་པ༷་སྣ་ཚོགས་སྐྱེ༷་བའི་གཞིར་གྱུར་པའི་རང་གི་ལུས༷་དེ༷་ལ༷་ཤེས་ལྡན་གྱི་གང་ཟག་སུ༷་ཞིག་དེ་ལ་དགྲ༷་བོ་བཞིན་དུ་བལྟས་ཏེ་སྡང༷་བ༷ར་མི༷་བྱེད་དེ་སྡང་བར་བྱེད་རིགས་ཀྱི་ཆགས་པར་བྱེད་མི་རིགས་སོ། །རང་གི་ལུས༷་ག༷ང་ཞིག་བཀྲེས༷་པ་དང༷་སྐོམ༷་པ་དང་ཚ་གྲང་ལ་སོ༷གས་པའི་ན༷ད་རྣམས་གསོ༷་བའི་ཐབས་སམ་ཆོ༷་ག༷་བྱེད༷་པར་འདོད་པ༷ས་ཟས་གོས་ལ་སོགས་པའི་ཆེད་དུ་བྱ༷་དང༷་ཉ་དང༷་རི༷་དྭག༷ས་དང་བ་ལང་ལ་སོགས་པ་དག༷་གསོ༷ད་པ༷ར་བྱེད༷་ཅིང༷་ལམ་དུ་སྒུག༷་སྟེ་གཞན་གྱི་ནོར་རྐུ་འཕྲོག་བྱེད༷་པ་དང༌། བླུན་པོ་གང༷་ཞིག༷་རང་གི་ཁེ་རྙེད་པ་ཐོ༷བ་པ་དང༷་བཀུར༷་སྟིའམ་རིམ༷་གྲོའི༷་ཕྱིར༷་དཔེར་ན་རྒྱལ་པོ་མ་སྐྱེས་དགྲས་ཕ་དང་བདེ་སྤྱོད་ཀྱི་མ་བསད་པ་ལྟར་ཕ༷་དང༷་མ༷་ཡ༷ང་གསོ༷ད་པར་བྱེད་ཅི༷ང་སངས་རྒྱས་ལ་སོགས་པ་དཀོ༷ན་མཆོག་གསུམ༷་གྱི༷་དཀོ༷ར་རྫས་རྣམས་དངོས་སུ་ཚོང་སོགས་གཡོ་སྒྱུས་བླང་བ་དང་སྐོག་ཏུ་བརྐུས༷་ན༷ས་ལས་ངན་བསགས་ལ་དེ༷ས་ནི༷་ཚེ་ཕྱི་མ་ལ་མན༷ར་མེ༷ད་པའི་དམྱལ་བ་ལ་སོགས་པར་ཤིན་ཏུ་འབར་ཞིང་ཚ་བས་བསྲེག༷་པར་བྱེད་པའི་སྡུག་བསྔལ་བཟོད་པར་དཀའ་བ་མྱོང་བ་འགྱུར༷་ན༷་བདག་ལེགས་སུ་འདོད་པའི་མཁ༷ས་པ༷་སུ༷་ཞིག༷་འདི་ཕྱིའི་སྡུག་བསྔལ་གྱི་འབྱུང་གནས་ལུས༷་དེ༷་ལ༷་དགའ་བས་འདོ༷ད་པར་བྱེད་ཅིང༷་བརྩེ་བས་བསྲུང༷་ཞིང་སྐྱོང་བ་དང༷་ཟས་གོས་རྒྱན་སོགས་ཀྱིས་མཆོ༷ད་པར་བྱེད༷་དེ་བྱེད་མི་རིགས་ཀྱི་ལུས༷་འདི༷་ལ༷་མཁས་པ་སུ་ཞི༷ག་མ་རུངས་བའི་དགྲ་བོ་བཞི༷ན་དུ༷་ལྟ་བ༷ར་མི་བྱེད༷་བརྙས༷་པར་ཡང་མི༷་བྱེད༷་དེ་བྱེད་དགོས་ཞེས་ལུས་ལ་བདག་ཏུ་འཛིན་པས་གཅེས་པར་ཞེན་པའི་བློ་བཟློག་པའི་ཆེད་དུ་གསུངས་སོ། །གསུམ་པ་ནི། ཟས་གོས་ལོངས་སྤྱོད་འདི་དག་ག༷ལ་ཏེ༷་གཞན་ལ་བྱིན༷་ན༷་བདག་རང་གི་ཅི༷་ཞིག་ཟ་ཞིང་འཐུང་ཅི་ཞིག་གྱོན་ཅིང་ལོངས་སྤྱོད༷་ཅེ༷ས་བད༷ག་ར༷ང་དོན༷་གཙོ་བོར་སེ༷མས་ཤིང་བསམ་པ༷་ནི་སེར་སྣ་དང་འཇུར་གེགས་ཀྱིས་ཡི་དྭགས་དང་ཤ་ཟ་ལ་སོགས་པར་འབྱུང་པོར་སྐྱེ་བར་འགྱུར་བས་ན་འདྲེ༷་ཡི༷་ཚུལ༷་ལུགས་ངན་པ་ཡིན་ལ་ག༷ལ་ཏེ་རང་གིས་ཁ་ཟས་རྒྱབ་གོས་སོགས་སུ་ལོ༷ངས་སྤྱད༷་པར་བྱས་ན༷་གཞན་སེམས་ཅན་རྣམས་ལ་ཅི༷་ཞིག་སྦྱིན༷་ཞེས༷་གཞ༷ན་དོ༷ན་གཙོ་བོར་སེ༷མས་ཤིང་བསམ་པ༷་ནི་སྦྱིན་པ་བཏང་བས་འདི་ཕྱི་ཀུན་ཏུ་དགའ་བདེ་རྒྱ་ཆེན་པོ་འབྱུང་བར་འགྱུར་བས་ན་སངས་རྒྱས་དང་བྱང་སེམས་སྦྱིན་པ་ལ་གོམས་པ་རྣམས་ཀྱི་ཚུལ་ལྷ༷་ཡི༷་ཆོ༷ས་ལུགས་བཟང་པོ་ཡིན་ཏེ། དཔེར་ན་སྔོན་རྒྱལ་པོ་ཚངས་བྱིན་གྱི་ཡུལ་དུ་ལོ་བཅུ་གཉིས་སུ་ཆར་མ་བབ་པ་ན་རྒྱལ་པོའི་མཛོད་ཀྱིས་འཁོར་འབངས་གསོ་བར་བྱས་ནས་མཐར་རང་ཉིད་ཀྱི་འཚོ་བ་ནས་བྲེ་གང་ཡོད་པའང་རང་རྒྱལ་ཞིག་ལ་ཕུལ་བ་ན་དེའི་རྫུ་འཕྲུལ་གྱིས་ཆར་ཕབ་པས་མུ་གེ་ཞི་བར་བྱས་པ་བཞིན་ནོ། །བད༷ག་རང་ཉིད་སྡུག་བསྔལ་དང་བྲལ་ནས་བདེ་བའི་ཕྱིར༷་དུ་གཞ༷ན་སེམས་ཅན་ཀྱི་ལུས་དང་ལོངས་སྤྱོད་ལ་གནོ༷ད་པ་བྱས༷་ན་དམྱལ༷་བ་ལ༷་སོ༷གས་པ༷ར་སྡུག་བསྔལ་གྱིས་གདུང༷་བ༷ར་འགྱུར༷་ཞིང༌། གཞན་སེམས་ཅན་རྣམས་སྡུག་བསྔལ་དང་བྲལ་ནས་བདེ་བའི་ཕྱིར༷་བད༷ག་རང་ཉིད་ཀྱི་ལུས་དང་ལོངས་སྤྱོད་ལ༷་གནོད་པ་བྱས༷་ན༷་གནས་སྐབས་མངོན་མཐོ་དང་མཐར་ཐུག་སངས་རྒྱས་ཀྱི་ཕུ༷ན་སུམ༷་ཚོ༷གས་པ༷་ཡི་ཡོན་ཏན་ཐ༷མས་ཅད༷་འཐོ༷བ་པར་འགྱུར་ཏེ། བད༷ག་ཅག་གི་སྟོན་པས་སྔོན་ལུས་དང་ལོངས་སྤྱོད་ཐམས་ཅད་གཞན་ལ་བཏང་ནས་སངས་རྒྱས་པ་བཞིན་ནོ། །བད༷ག་ཉིད༷་འབའ་ཞིག་གཟུགས་རིགས་འཁོར་འབངས་ལོངས་སྤྱོད་སོགས་གཞན་བས་མཐོ༷་བ༷ར་འདོ༷ད་པ༷་དེ༷ས་ཚེ་ཕྱི་མར་ང༷ན་འགྲོ༷་དང་རིགས་གཟུགས་ང༷ན་པ་དང༷་རྨོངས་ཤིང་གླེན༷་པ་ལ་སོགས་པ༷ར་སྐྱེ་བར་འགྱུར་རོ། རང་ལ་འདོད་པ་དེ་དག་ཉི༷ད་གཞ༷ན་སེམས་ཅན་ལ་སྤོ་བར་བྱས༷་ཏེ་ཕ་རོལ་པོ་མཐོ་བར་འདོད་ན༷་བདེ་འགྲོར༷་ཏེ་ལྷ་དང་མི་ཡི་དབང་པོར་སྐྱེས་ཏེ་བཀུར་སྟི་དང་རིམ་གྲོ༷་ཕུན་སུམ་ཚོགས་པ་ཐོབ༷་པ༷ར་འགྱུར༷་རོ། །བད༷ག་རང་གི༷་བདེ་བ་བསྒྲུབ་པའི་དོ༷ན་དུ་གཞ༷ན་སེམས་ཅན་བདག་གི་གཡོག་ཏུ་བཀོ༷ལ་ཞིང་སྤྱད་པར་བྱས་ན༷་ཕྱི་མར་བྲན་དང་གཡོག་ལ༷་སོ༷གས་པ༷་བྱེད་པའི་སྡུག་བསྔལ་མྱོང༷་བ༷ར་འགྱུར༷་ཏེ། དཔེར་ན་གྲགས་འཛི༷ན་མས་སྲས་ལོ་དྲུག་ཏུ་མངལ་དུ་བཟུང་བ་ཡང་ཚེ་རབས་སྔ་མ་ཞིག་གིས་ཆུ་བུམ་པ་གང་གཞན་ཞིག་ལ་ཁུར་དུ་བཅུག་པའི་རྣམ་སྨིན་དུ་གསུངས་པ་བཞིན་ནོ། །གཞ༷ན་སེམས་ཅན་གྱི༷་བདེ་བ་བསྒྲུབ་པའི་དོ༷ན་དུ་བད༷ག་རང་ཉིད་སེམས་ཅན་གཞན་གྱི་གཡོག་ཏུ་བཀོལ་ཞིང་སྤྱད༷་པར་བྱས་ན༷་ཕྱི་མ་ལ་རྗེ༷་དཔོ༷ན་ཉི༷ད་ལ་སོ༷གས་པ་འཁོར་གཡོག་ཕུན་སུམ་ཚོགས་པ་དང་ལྡན་པའི་བདེ་སྐྱིད་མྱོང༷་བ༷ར་འགྱུར༷་རོ། །མདོར་ན་འཇིག་རྟེན༷་ཀུན་གྱི་འདི་དང་ཕྱི་མའི་བདེ༷་བ༷་དང་སྐྱིད་པ་གང་ཇི༷་སྙེད༷་ཡོད་པ༷་དེ༷་ད༷ག་ཀུན༷་ནི། གཞ༷ན་སེམས་ཅན་བདེ༷་བར་འདོ༷ད་པ་ལ༷ས་བྱུང༷་བ་ཡིན་ཞིང༌། འཇི༷ག་རྟེན༷་འདི་ན་འདི་དང་ཕྱི་མའི་སྡུག༷་བསྔལ༷་དང་ཉེས་པ་གང་ཇི༷་སྙེད༷་ཡོད་པ༷་དེ༷་དག་ཀུན་ནི་ར༷ང་འབའ་ཞིག་བདེ་བར་འདོ༷ད་པ་ལ༷ས་བྱུང་བ་ཡིན་ནོ། །དེ་ཡང་མ༷ང་དུ་རྒྱས༷་པར་བཤ༷ད་ལྟ༷་ཅི༷་ཞི༷ག་དགོ༷ས་ཏེ། མདོར་བསྡུ་ན་བྱིས༷་པ༷་སོ་སོའི་སྐྱེ་བོ་རྣམས་ཀྱིས་རང༷་གི༷་དོན༷་འབའ་ཞིག་ཡིད་ལ་བྱས་ཏེ་ཉིན་མི་དལ་མཚན་མི་གཉིད་པར་རང་དོན་འབའ་ཞིག་བསྒྲུབ་པར་བྱེད༷་ཀྱང་བྱས་པའི་ལས་ལ་གྲུབ་པའི་མཐའ་འདི་ཕྱི་གཉིས་ཕུང་གི་སྡུག་བསྔལ་ཁོ་ན་ལ་ལོངས་སྤྱོད་པ་དང༷༌། ཐུབ༷་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་རང་དོན་ཡིད་བྱེད་མེད་པའི་སྒོ་ནས་གཞ༷ན་གྱི༷་དོན༷་འབའ་ཞིག་བསྒྲུབ་པར་མཛ༷ད་པ༷་ཡིས་འདི་ཕྱི་གཉིས་སྐྱིད་དོན་གཉིས་ཕུན་སུམ་ཚོགས་པའི་བདེ་བ་ཁོ་ན་ལ་ལོངས་སྤྱོད་པ་འདི༷་གཉི༷ས་ཀྱི༷་ནི༷་ཁྱད༷་པ༷ར་ལྟོས༷་ལ་རང་དོན་མ་བྱེད་པར་གཞན་དོན་ལ་འབད་པར་གྱིས་ཤིག །བད༷ག་གི་བདེ༷་བ་གཞན་ལ་གཏོང་བ་དང་གཞ༷ན་གྱི༷་སྡུག༷་བསྔལ་བདག་གིར་ལེན་པའི་ཚུལ་གྱིས་དེ༷་ད༷ག་ཡང་ད༷ག་པར་བརྗེ༷་བ༷ར་མ༷་བྱས༷་ན༷་མཐར་ཐུག་ས༷ངས་རྒྱས༷་ཉི༷ད་དུ༷་མི༷་འགྲུབ༷་པ་ལྟ་ཞོག་ཅི༷ང༌། གནས་སྐབས་འཁོ༷ར་བ༷་ན༷་ཡ༷ང་ལྷ་མིའི་བདེ༷་བ༷་ཕུན་ཚོགས་མྱོང་བ་མེ༷ད་དོ། །བདག་གཞན་བརྗེ་བས་གཞན་དོན་མ་བྱས་ན་འཇི༷ག་རྟེན༷་ཕ༷་རོ༷ལ་ཕྱི་མའི་དོན་མི་འགྲུབ་པ་ཕ༷ར་ཞོ༷ག་གི༷་གནས་སྐབས་སུ་བྲན༷་གཡོ༷ག་གཡོ་སྒྱུ་ཆེ་བས་དཀའ་ཚེགས་མེད་པའི་བདེ་བ་རང་དོན་གཉེར་ནས་རྗེ་དཔོན་གྱི་དོན་དུ་ལ༷ས་མི་བྱེད༷་པ༷་དང༷༌། རྗེ༷་དཔོ༷ན་སེར་སྣ་ཆེ་བས་བྲག་གཡོག་གི་ལས་བྱེད་པའི་དོན་དུ་གླ་གོས་ཀྱིས་རྔ༷ན་པ༷་མི༷་སྟེར༷་བ༷ས་གཉིས་ཀའི་ཚེ༷་འདི༷འི་དོན་རྗེ་དཔོན་གྱི་ལས་དོན་དང་བྲན་གཡོག་གི་གླ་གོས་ཙམ་ཡ༷ང་འགྲུབ༷་པར་མི༷་འགྱུར༷་ཏེ། འདི་བརྗེ་བའི་དཔེར་ཇི་ལྟར་ཡིན་ན། བྲན་གཡོག་གིས་སྙོམ་ལས་ཀྱི་བདེ་བ་དང་རྗེ་དཔོན་གྱིས་གླ་སོགས་མི་དགོས་པའི་བདེ་བ་ཡལ་བར་དོར་ནས་བྲན་གྱིས་དེའི་ལས་སྒྲུབ་པའི་སྡུག་བསྔལ་ད༷ང་རྗེ་དཔོན་གྱིས་དེ་ལ་གླ་རྔན་སྦྱིན་པའི་སྡུག་བསྔལ་དང་དུ་མ་བླང་སྟེ་མ་བརྗེས་ན་ཚེ་འདིའི་དོན་མི་འགྲུབ་པས་ཡིན་ནོ། །མཐོ༷ང་བ་ཚེ་འདི་དང༷་མ༷་མཐོ༷ང་བ་སྐྱེ་བ་ཕྱི་མ་ལ་བདེ༷་བ་ཐམས་ཅད་འགྲུབ༷་པའི༷་རྒྱུ་བདག་གཞན་བརྗེ་བ་སྤངས་པས་ཕུ༷ན་སུམ༷་ཚོགས་པའི་བདེ༷་སྐྱིད༷་ཐམས་ཅད་ཡོ༷ངས་སུ་བོ༷ར་ཞིང༷་གཞ༷ན་སེམས་ཅན་ལ༷་གནོད་པ་སྣ་ཚོགས་པའི་སྡུག༷་བསྔལ༷་བྱས༷་པའི༷་རྒྱུས༷་བདེ་སྡུག་གི་རྒྱུ་བླང་དོར་ལ་རྨོང༷ས་པ༷ས་མཐོང་བ༷་དང་མ་མཐོང་བའི་སྡུག༷་བསྔལ༷་མི༷་བཟ༷ད་པ་སྣ་ཚོགས་དང་དུ་ལེ༷ན་པའི་སྡུག་བསྔལ་བར་འགྱུར་བའོ། །བཞི་པ་ནི། འཇི༷ག་རྟེན༷་འཁོར་བ་དག༷་ན༷་གཞན་གྱི་གནོད་པ་ལ་སོགས་པའི་འཚེ༷་བ༷་ག༷ང་ཡོ༷ད་པ་ད༷ང་དགྲ་གདོན་དང་དུག་སྦྲུལ་ལ་སོགས་པའི་འཇི༷གས་པ་ཇི་ཡོད་དང༷༌། སྐྱེ་རྒ་ན་འཆི་ལ་སོགས་པ་འདི་དང་ཕྱི་མའི་སྡུག༷་བསྔལ༷་གང་ཇི༷་སྙེད༷་ཡོ༷ད་པར་གྱུར༷་པ༷་དེ༷་དག་ཀུན༷་གྱི་རྩ་བ་ང་མེད་ལ་ང་བདག་མེད་ལ་བདག་ཏུ༷་འཛི༷ན་པ༷་ལ༷ས་བྱུང༷་བར་གྱུར་པ་ཡིན་ན༷་ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་ཐར་དུ་མི་འཇུག་ཅིང་འདི་ཕྱི་ཀུན་ཏུ་ཕུང་བར་བྱེད་པའི་འདྲེ་ཆེ༷ན་པོ་བདག་འཛིན་དེ༷ས་ཀོ༷་བད༷ག་ལ༷་ཅི༷་ཞིག་བྱ་སྟེ་དགོས་པ་ཅི་ཡང་མེད་དོ། །སྲིད་རྩའི་རུ་ཏྲ་སྡེ་གསུམ་ཞེས་པའང་ལུས་ངག་ཡིད་གསུམ་གྱི་བདག་འཛིན་ཡིན་ལ་ཁམས་གསུམ་འཁོར་བའི་འདྲེ་བོ་ཆེ་ཡང་འདི་ཉིད་ཡིན་ལ་འདྲེ་གདོན་ཐམས་ཅད་ཀྱི་འབྱུང་གནས་ཀྱང་ཡིན་ནོ། །གལ་ཏེ༷་བད༷ག་ཏུ་འཛིན་པ་འདི་ཉིད༷་ཡོ༷ངས་སུ༷་མ༷་བཏ༷ང་ཞིང་མ་སྤངས་ན༷་ཁམས་གསུམ་འཁོར་བའི་སྡུག༷་བསྔལ༷་སྤོང༷་བར་མི༷་ནུས༷་ཏེ༷་ཇི༷་ལྟར༷་མེ༷་ནི༷་མ༷་བཏ༷ང་ཞེས་མ་དོར་ན༷་སྲེག༷་པ༷་སྤོང༷་བ༷ར་མི༷་ནུས༷་པ་བཞི༷ན་ཏེ། ཇི་སྐད་དུ། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌། །དེ་དག་དང་ནི་འབྲེལ་བ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་པ་བཞིན་ནོ། །ཚེ་འདི་ཕྱིའི་ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་འཛིན་ཡིན་པ་དེ༷་ལྟས༷་ཏེ་དེ་ལྟ་བས་ན་བད༷ག་རང་ཉིད་ཀྱི་འདི་ཕྱིའི་སྡུག་བསྔལ་གྱི་གནོ༷ད་པ་ཞི༷་བ༷་ཡི་དོན་དང༷་གཞ༷ན་སེམས་ཅན་གྱི༷་འདི་ཕྱིའི་སྡུག༷་བསྔལ༷་མ་ལུས་པ་ཞི༷་བྱའི༷་སྟེ་ཞི་བར་བྱ་བའི་ཕྱིར༷་དུ། བད༷ག་རང་ཉིད༷་གཞ༷ན་སེམས་ཅན་ཐམས་ཅད་ལ༷་བཏ༷ང་བར་བྱ༷་བ་དང༷༌། གཞ༷ན་སེམས་ཅན་རྣམ༷ས་བད༷ག་རང་ཉིད་ཇི་ལྟ་བ་བཞི༷ན་དུ་གཅེས་པར་གཟུ༷ང་བ༷ར་བྱ་བ༷་ལ་འབད་དེ་གོམས་པར་བྱའོ། །བདག་གཞན་བརྗེས་ནས་དེང་ཕྱིན་ཆད་བད༷ག་ནི༷་གཞ༷ན་སེམས་ཅན་གྱི༷་དབ༷ང་དུ་གྱུར༷་ཟིན་པ་ཡིན་ནོ་ཞེ༷ས་སེམས་སམ་ཡི༷ད་ཁྱོད༷་ཀྱི་ངེ༷ས་པ༷ར་ཤེ༷ས་པར་གྱིས༷་ལ༷་གཞ༷ན་སེ༷མས་ཅ༷ན་དེ་དག་ཀུན༷་གྱི་དོ༷ན་མ༷་གཏོ༷གས་བ༷ར་ད༷་ནི༷་ཁྱོད༷་ཀྱི༷ས་སྔོན་བཞིན་དུ་རང་དོན་གཞ༷ན་ཅི་ཡང་མི༷་བས༷མ་པར་གཞན་དོན་ཁོ་ན་བསྒྲུབ་དགོས་སོ། །གཞན་སེམས་ཅན་ཐམས་ཅད་ལ་བཏང་ཟིན་པས་སེམས་ཅན་གཞ༷ན་ལ་དབ༷ང་བའི་མི༷ག་དང་རྣ་བ་རྐང་ལག་ལ་སོ༷གས་པ༷་ཡི༷ས་བལྟ་བ་དང་ཉན་པ་འགྲོ་བ་ལ་སོགས་པའི་སྒོ་ནས་རང༷་གི་དོན༷་སྒྲུབ༷་པ༷ར་རི༷གས་པ་མ༷་ཡི༷ན་ཞི༷ང༌། སེམས་ཅན་གཞན་དེའི༷་དོན་དུ་བྱིན་པའི་མི༷ག་དང་ལ༷ག་པ་ལ༷་སོ༷གས་པ༷་ཡི༷ས་སེམས་ཅན་དེ༷་ལ༷་ནམ་ཡང་མིག་སྡང་དང་བརྡུང་བརྡེག་ལ་སོགས་པ་ལོ༷ག་པ༷ར་བྱ་བ༷་ཅི་ཡང་མི༷་རི༷གས་སོ། །རྒྱུ་མཚན་དེས༷་ན༷་གཞན་སེ༷མས་ཅ༷ན་རྣམས་གཙོ༷ར་བྱ་སྟེ༷་གཙོ་བོར་བྱས་ཏེ་བད༷ག་གི༷་ལུས་ལ༷་བདེ་བའི་ལོངས་སྤྱོད་ཟས་གོས་རྒྱན་ལ་སོགས་པ་ཅི༷་དང་ཅི་ཡོད་པ་མཐོ༷ང་བ༷་རང་གིས་རང་ལ་དེ༷་དང༷་དེ༷་ནི༷་ཕྲོག༷ས་པར་བྱས་ན༷ས་ཀྱང༷་སེམས་ཅན་གཞ༷ན་ཟས་གོས་སོགས་མེད་པ་དེ་དང་དེ་དག༷་རྣམས་ལ༷་ནི་བྱིན་ནས་ཕ༷ན་འདོགས་པ༷ར་སྤྱོད་ཅིག་ཅེས་བྲེ་གང་གཏོང་བ་ལ་ཞུམ་པའི་བློ་སྐྱེས་ན་ཁལ་གཅིག་གཏོང་བའི་དཔའ་གདེང་བསྐྱེད་ཅེས་པ་དང༌། ལྟོ་ཁ་ནས་བྲུས་ལ་སྦྱིན་པར་ཐོང་ཞེས་པ་ལྟར་བྱ་ཞིང་ཟས་གོས་སོགས་ལ་ཆགས་ཤིང་ཞེན་པ་ཐོག་བརྫིས་བྱས་ནས་གཏོང་དགོས་གསུངས། གཉིས་པ་གཉེན་པོའི་ཁྱད་པར་བྱེ་བྲག་ཏུ་བསྒོམ་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། གཞན་སེམས་ཅན་རང་ལས་དམ༷ན་པ་དང་སོ༷གས་སྒྲས་མཉམ་པ་དང་མཐོ་བ་གསུམ་བད༷ག་ཏུ་བྱས༷་པ༷་ད༷ང་གཞ༷ན་གསུམ་པོ་དེ་ཉི༷ད་དུ༷་ནི༷་བད༷ག་བྱས༷་ན༷ས་ཏེ་ཕན་ཚུན་གོ་ས་བརྗེས་ནས་གང་བསྒོམ་ཞིང་བསམ་པ་དེ་ལས་རྣ༷མ་པར་རྟོག༷་པ་གཞན་མེ༷ད་པའི༷་སེ༷མས་ཀྱིས༷་སུ༷་དམན་པ་ལ་བརྗེས་ནས་ཕྲག༷་དོག༷་དང༌། མཉམ་པ་ལ་བརྗེས་ནས་འགྲན༷་སེམས་དང༷༌། ལྷག་པ་ལ་བརྗེས་ནས་ང༷་རྒྱལ༷་བསྒོམ༷་པར་བྱའོ། །གཉིས་པ་ལ་དམན་པ་ལ་བརྗེས་ནས་ཕྲག་དོག་བསྒོམ་པ། མཉམ་པ་ལ་བརྗེས་ནས་འགྲན་སེམས་བསྒོམ་ཚུལ། ལྷག་པ་ལ་བརྗེས་ནས་ང་རྒྱལ་བསྒོམ་ཚུལ་དང་གསུམ་ལས། དང་པོ་ནི། སྐབས་འདི་གསུམ་དུ་འདི་ནི་ཞེས་པ་ཐམས་ཅད་བདག་ཉིད་དམན་སོགས་གཞན་དུ་བཟུང་བ་དང༌། བདག་ཅེས་པ་ཐམས་ཅད་དམན་སོགས་གཞན་བདག་ཏུ་བྱས་པ་ལ་གོ་བར་བྱ་ལ། རིམ་པ་ལྟར་ང་རྒྱལ་དང༌། འགྲན་སེམས་དང་ཕྲག་དོག་གི་གཉེན་པོ་བྱེད་དགོས་ཏེ་འདི་གསུམ་རང་རྒྱུད་ལ་ཡོན་ཏན་ཅུང་ཟད་ཙམ་རེ་སྐྱེས་པའི་རྗེས་སུ་འབྲང་བས་དགེ་བའི་རྒབ་འདྲེ་ལྟ་བུ་ཡིན་པས་གཉེན་པོ་བསྟེན་པ་གལ་ཆེ་གསུངས། འཇིག་རྟེན་ཆོས་བརྒྱད་ལས་བསྐུར་སྟི་དང་རྙེད་པ་དང་བསྟོད་པ་དང་བདེ་བ་བཞིས་ང་རྒྱལ་བས་ཁྱད་གསོད་དང་བརྙས་བཅོས་སོགས་བྱེད་པའི་ཡུལ་སྤྲང་པོ་ཐ་ཆད་ལྟ་བུ་དམན་པ་དང་རང་གོས་བརྗེས་ཏེ་བདག་ཉིད་དམན་པ་དེ་ཡིན་པ་དང༌། དམན་པ་དེ་བདག་རང་ཉིད་ཡིན་པར་མོས་ཤིང་བརྗེས་ནས་ཕྲག་དོག་འདི་ལྟར་བསྒོམ་པར་བྱ་སྟེ། བདག་གཞན་དུ་བཟུང་བའི་གང་ཟག་འདི༷་ནི༷་ཡོན་ཏན་དང་ལྡན་པར་མཐོང་ནས་ཀུན་གྱིས་བཀུར༷་བར་བྱས༷་པས་སྐྱིད་དགའ་མྱོང་བ་ཡིན་ལ་བད༷ག་ལ་ནི༷་མི༷ན་པ་སྟེ་བདག་དམན་པར་མཐོང་ནས་བརྙས་བཅོས་བྱེད་པས་སྐྱིད་དགའ་མེད་པ་དང༌། འདི༷་ནི་ཟས་གོས་ནོར་ལོངས་སྤྱོད་མང་པོ་རྙེད་པ་བཞི༷ན་དུ་བད༷ག་གི༷ས་ནི་ཟས་གོས་ཙམ་ཡང་མ༷་རྙེད༷་སྟེ་བདག་དམན་པར་མཐོང་ནས་བརྙས་བཅོས་བྱེད་པས་སྐྱིད་དགའ་མེད་པ་དང༌། འདི༷་ནི༷་ཟས་གོས་ནོར་ལོངས་སྤྱོད་མང་པོ་རྙེད་པ་བཞི༷ན་དུ་བད༷ག་གི༷ས་ནི་ཟས་གོས་ཙམ་ཡང་མ༷་རྙེད༷་ཅི༷ང༌། འདི༷་ལ་ནི༷་མཁས་སོ་བཙུན་ནོ་ཞེས་སོགས་བསྟོད༷་པར་བྱས༷་ལ་བད༷ག་ལ༷་ནི་བླུན་པོའོ་ཞེས་སོགས་ཀྱིས་སྨོད༷་པར་བྱེད་དེ། འདི༷་ནི་འབྱོར་པ་རྒྱས་པ་ལ་སོགས་པའི་བདེ༷་བ་ཕུན་སུམ་ཚོགས་པ་དང་ལྡན་གྱི། བད༷ག་ནི་དབུལ་བ་ལ་སོགས་པས་སེམས་ཁུར་ལུས་གཅོང་ཚ་གྲང་ལ་སོགས་པའི་སྡུག༷་བསྔལ༷་ལ༷། བད༷ག་ནི༷་རྩ་འཐུ་ཤིང་འབྲེག་ལ་སོགས་པ་གཡོག་གི་ལ༷ས་རྣམ༷ས་བྱེ༷ད་པ༷་ད༷ང༌། འདི༷་ནི༷་ལས་ཅི་ཡང་བྱེད་མི་དགོས་པར་བདེ༷་བ༷་ཉི༷ད་དུ་གན༷ས་ཞེས་ཕྲག་དོག་བྱ་སྟེ་འདི་ཡང་རང་གི་བྲན་དང་ཁྱད་པར་རྟ་ཁལ་ལ་ཞོན་ལ་སོགས་སྡུག་བསྔལ་རྒྱ་ཆེན་པོ་གཏད་ནས་དེ་ལ་སྡུག་བསྔལ་ཡོད་པར་མི་ཤེས་པར་རང་བདེ་བར་གནས་པར་མ་ཟད་ད་དུང་ཁོང་ཁྲོ་ཞིང་བརྡེག་བརྡུང་སོགས་བྱེད་ཚེ་དེ་དང་བརྗེས་ནས་དེའི་སྡུག་བསྔལ་རང་ཐོག་ཏུ་བླངས་ནས་བསྒོམས་ན་དེའི་སྡུག་བསྔལ་ཤེས་ནས་དེ་ལ་སྙིང་རྗེ་སྐྱེ་ཞིང་རང་ཉིད་ཀྱིས་གནོད་པ་མི་བྱེད་པར་འོང་གསུངས། འདི༷་ནི༷་འཇི༷ག་རྟེན༷་པ་ལ༷་རིགས་མཐོ་ཞིང་འཁོར་དང་ལོངས་སྤྱོད་སོགས་ཆེ་བའི་ཡོན་ཏན་དང་ལྡན་པར་གྲགས་པ་དང༷༌། བདག་རིགས་སོགས་དམ༷ན་པས་ཡོ༷ན་ཏ༷ན་མེ༷ད་པ༷ར་གྲག༷ས་ནའང༌། བད༷ག་ལ༷་ཡོ༷ན་ཏན༷་མེ༷ད་པ༷ས་ཁྱེད་ང་རྒྱལ་ཅི༷་ཞི༷ག་བྱ༷་སྟེ་བྱ་རྒྱུ་ཅི་ཞིག་ཡོད་དེ། ཡོན་ཏན་ཡོད་མེད་ཀྱི་མཆོག་དམན་དེ་ཡང་ཕན་ཚུན་ལྟོས་ནས་བཞག་པ་ཡིན་པས་མཐའ་གཅིག་ཏུ་མ་ངེས་ཏེ་དམན་པ་བད༷ག་འདྲ་ཀུན༷་ཀྱང་ལྟོས་ས་ལ་ལྟོས་ན་ཡོ༷ན་ཏ༷ན་དང་ལྡན༷་པ་ཉི༷ད་ཡིན་ཏེ། འདི་ལྟར་ཤིན་ཏུ་ཆེ་བའི་ཡོན་ཏན་གང༷་བ༷ས་འདི་ཉིད་ཁོ་རང་ཡང་དམ༷ན་པར་འགྱུར་བ་ད༷་ཡོ༷ད་ཅི༷ང༌། ཤིན་ཏུ་དམན་པ་རྒས་ཤིང་འཁོག་པ་ཞ་ལོང་སོགས་ཤིན་ཏུ་ངན་པ་ག༷ང་བ༷ས་བད༷ག་ཉིད་ཀྱང་མཆོ༷ག་ཏུ་འགྱུར་བའི་སྐབས་དེ༷་ཡ༷ང་ཡོ༷ད་དེ། རྐང་པས་འགྲོ་ཞིང་མིག་གིས་མཐོང་བ་དང་ན་ཚོད་ཀྱང་དེ་ཙམ་མིན་པ་ལ་སོགས་པའི་ཡོན་ཏན་ཅི་རིགས་ཀྱང་ཡོད་པའི་ཕྱིར་རོ། །ཞེས་སམ། ཡོན་ཏན་མེད་པས་ཅི་ཞིག་བྱ་སྟེ། མི་འདོད་པས་བདག་ཀུན་ཀྱང་སྦྱང་བའི་ཡོན་ཏན་དང་ལྡན་པར་བྱ་ཞིང་རང་བཞིན་རྣམ་དག་དེ་བཞིན་གཤེགས་པའི་སྙིང་པོའི་ཡོན་ཏན་དང་ལྡན་པའི་ཕྱིར་ཡོན་ཏན་མེད་པ་ཡང་མ་ཡིན་ནོ། །ཞེས་སོ། །ཁྱོད་ཚུལ༷་ཁྲིམ༷ས་དང་ལྟ༷་བ༷་རྒུད༷་པ་དང་ལོངས་སྤྱོད་དབུལ་བ་སོ༷གས་ཀྱིས་བརྙས་སོ་ཞེ་ན། དེ་དག་ནི༷་བདག་རང་ཉིད་མི་ངན་ཞིང་ཐབས་སྡུག་པ་ཁོ་ནས་མ་ཡིན་གྱི་ཉོ༷ན་མོ༷ངས་པ་འདོད་ཆགས་དང་གཏི་མུག་དང་སེར་སྣ་ལ་སོགས་པ་ཆེ་བའི་སྟོབ༷ས་ཀྱིས༷་བད༷ག་ལ་རང་དབ༷ང་ཡོད་པ་མི༷ན་ནོ། །དེས་ན་ཁྱོད་བྱང་ཆུབ་སེམས་དཔའི་ཡོན་ཏན་དང་ལྡན་པ་ཞིག་ངེས་པར་ཡིན་ན་ཅི༷་ནུས༷་སུ་བད༷ག་ནི༷་ཚུལ་ཁྲིམས་དང་ལྟ་བ་ལོངས་སྤྱོད་རྒུད་པ་ལས་ཁྱོད་ཀྱིས་གསོ༷་བར་བྱ་དགོ༷ས་ཏེ༷་གལ་ཏེ་ཚུལ་ཁྲིམས་དང་ལྟ་བ་རྣམ་པར་དག་ཅིང་ལོངས་སྤྱོད་ཆེན་པོ་དང་ལྡན་པར་བྱས་ཏེ་གསོ་ཞིང་ཕན་ཆེན་པོ་བཏགས་ན་དཔེར་ན་ཡི་གེ་སློབ་པའི་སློབ་བུས་སློབ་དཔོན་གྱིས་བརྡུང་བརྡེག་ལ་སོགས་པའི་གནོད་པ་དང་དུ་ལེན་དགོས་པ་བཞིན་ཁྱོད་ཀྱིས་ཚིག་ངན་དང་བརྡུང་བརྡེག་ལ་སོགས་པའི་གནོ༷ད་པ༷འང༷་བད༷ག་གི༷ས་དང༷་དུ༷་བླང༷་བར་བྱ་དགོས་མོ༷ད་འོ༷ན་ཏེ༷་བད༷ག་བྱང་སེམས་འདི༷འི་གསོ༷་བྱ༷་མི༷ན་ཏེ་འདིས་བདག་ལ་ཟས་སྐོམ་ཕྲན་བུ་ཙམ་བྱིན་ནས་གསོ་བར་མི་བྱེད་ན་ཅི༷་ཡི་ཕྱིར༷་ཁྱོད་ཉིད་བཟང་བར་རློམ་ཞིང་བདག་ངན་པར་བལྟས་ཏེ་བད༷ག་ཅ༷ག་ལ༷་བརྙས༷་པ༷་བྱེད༷་དེ་བྱེད་དོན་མེད་དེ། ཁྱོད་ལ་ཡོན་ཏན་ཞིག་ཡོད་སྲིད་ནའང་བདག་གསོ་ཞིང་ཕན་འདོགས་པའི་ནུས་པ་མེད་ན་བད༷ག་ལ༷་ཕ་རོལ་པོ་དེ༷་ཡི༷་ཡོ༷ན་ཏ༷ན་གྱིས༷་ཅི༷་ཞིག་བྱ༷་སྟེ་དགོས་པ་ཅི་ཡང་མེད་དོ། །གལ་ཏེ་བྱང་སེམས་འདི༷་བད༷ག་ཉིད་ཡོ༷ན་ཏ༷ན་ཅ༷ན་ཞིག་ངེས་པར་ཡིན་ན། བདག་དང་བདག་འདྲ་བ་ལས་ངན་པའི་དབང་གིས་ང༷ན་འགྲོ༷་དམྱལ་བ་ལ་སོགས་པ་གཅན་གཟན་གདུག༷་པའི༷་ཁ༷ར་གན༷ས་པ༷་ལྟ་བུའི་འགྲོ༷་བ་རྣམས་ལ༷་སྙིང༷་རྗེ་མེ༷ད་པའི་སྐྱོན་གྱིས་སྡུག་བསྔལ་བྲལ་འདོད་དང་ཕན་འདོད་ཀྱི་བསམ་པ་བཟང་པོ་ཅི་ཡང་མེད་པས་ཤིན་ཏུ་སྐྱོན་ཅན་ཡིན་པ་ལ་ཡིན་པར་ཁས་མི་ལེན་པར་མ་ཟད་འདི༷་ཁོ་རང་ཕྱིར༷་ལ༷་ཡོན་ཏན་མེད་བཞིན་དུ་ཡོ༷ན་ཏ༷ན་ཅན་དུ་རློམ༷ས་པ་ཡི༷ས་མཁ༷ས་པ༷་བྱང་ཆུབ་སེམས་དཔའ་སྙིང་རྗེས་གཞན་དོན་ཁུར་ཁྱེར་གྱི་ཡོན་ཏན་དང་ལྡན་པ་དག༷་ལ༷་ཡང་བསྔོ༷་ཞིང་ང་རྒྱལ་བར༷་བྱེད་འདོ༷ད་དེ་ཤིན་ཏུ་བྱེད་མི་རིགས་པ་ཁོ་ནའོ། །དེ་ལྟར་གཙོ་བོ་ང་རྒྱལ་གྱི་གཉེན་པོ་ཕྲག་དོག་བསྒོམ་པས་དམན་པ་དེ་ལ་ཡོན་ཏན་ཡོད་པ་དང་བཀུར་སྟི་སོགས་མེད་པས་སྡུག་བསྔལ་ཡོད་པའང་ཤེས་ཤིང་ང་རྒྱལ་དང་ཁྱད་གསོད་ལ་སོགས་པའི་རང་སྐྱོན་ངོས་ཟིན་ཏེ་དམན་པ་ལ་ང་རྒྱལ་དང་ཁྱད་གསོད་ལ་སོགས་པ་བྱས་པས་དེའི་སེམས་ལ་མི་འབབ་པར་ཤེས་ནས་དེ་དག་མི་བྱེད་པར་བཀུར་སྟི་བྱ་ཞིང་རྙེད་པ་བགོ་བ་སོགས་སྦྱོར་བ་ལག་ལེན་གྱི་སྒོ་ནས་དངོས་སུ་ཕན་འདོགས་པར་བྱེད་པ་ལའང་འབད་དགོས་སོ། །གཞུང་འདིར་བསྟན་ཕལ་ཆེར་ལག་ལེན་དུ་སྦྱོར་བར་གསུངས་པ་ཡིན་ནོ། །གཉིས་པ་ནི། རང་ཉིད་ཆོས་དང་འཇིག་རྟེན་གང་ལ་འགྲན་པའི་ཡུལ་གང་ཟག་བད༷ག་དང༷་མཉ༷མ་པའམ་འདྲ་བ་ལས་ཅུང་ཟད་ལྷག་པ་ལ༷་ལྟོས༷་ཏེ་དེ་དང་རང་ཕན་ཚུན་བརྗེས་ན༷ས་ནི༷་རྙེད་བཀུར་སོགས་གང༷་གི༷ས་ཕ་རོལ་པོ་ལས་བདག་ར༷ང་ཉི༷ད་ལྷག༷་བྱའི༷་སྟེ་ལྷག་པར་བྱ་བའི་ཕྱིར༷་དུ་བད༷ག་རང་གིས་ལོངས་སྤྱོད་རྙེད༷་པ་དང༷་གཞ༷ན་གྱིས་བཀུར༷་སྟི༷་བྱེད་པར་ནི་ཐ་ན་འཐབ་མོ་དང་རྩོ༷ད་པ༷་ཡི༷ས་ཀྱང༷་འདི་ལས་འཕྲོག་ནས་ངེ༷ས་པ༷ར་བསྒྲུབ༷་པར་བྱའོ། །ཅི༷་ན༷ས་ཀྱང་བད༷ག་གི༷་ཆོས་འཇིག་རྟེན་གྱི་ཡོ༷ན་ཏ༷ན་ནི༷་འཇི༷ག་རྟེན༷་ཀུན༷་ལ༷་གྲགས་ཤིང་གས༷ལ་བ༷་དང༷༌། གཞ༷ན་ཡང་འདི༷་ཡི༷་ཆོས་འཇིག་རྟེན་གྱི་ཡོ༷ན་ཏན༷་ག༷ང་ཡོད་པ་ནི་གང་ཟག་སུས༷་ཀྱང༷་མཐོང་ཞིང་ཐོ༷ས་བ༷ར་མི༷་འགྱུར༷་བར་གསལ་བར་བྱའོ། །བདག་རང་གི༷་སྐྱོན༷་གང་ཡོད་ཡ༷ང་གཞན་གྱི་མཐོང་ཐོས་སུ་མི་འགྱུར་བར་སྦ༷་ཞིང་གསང་བར་བྱ༷་ཞིང༷་འདི་ལ་སྐྱོན་གང་ཡོད་གཞན་ཀུན་ལ་གསལ་ཞིང་གྲགས་པར་གྱུར་ཏེ། བད༷ག་ནི༷་སྐྱོན་མེད་པ་མཐོང་ནས་སྐྱེ་བོ་མང་པོས་མཆོ༷ད་པར་འགྱུར༷ཞིང་འདི༷་ཉིད་ལ༷་སྐྱོན་ཅན་དུ་མཐོང་ནས་མཆོད་པར་འགྱུར་བ་མི༷ན་པ་དང༌། བད༷ག་དེ༷ང་ནས་རྙེད༷་པ༷་ལེ༷གས་པར་རྙེད༷་ཅི༷ང་འདི་ཡིས་མི་རྙེད་པ་དང་བད༷ག་ནི༷་ཀུན་གྱིས་བཀུར༷་བ་འགྱུར༷་ཞིང་འདི༷་ལ༷་མི༷ན་པ་དང། འདི༷་ཡི་ནི་སྡོམ་པ་འཆལ་བ་ལ་སོགས་པའི་ཆོས་འཇིག་རྟེན་གྱི་བྱ་བ་མ་རུངས་པ་བྱས༷་པས་སྡུག་བསྔལ་བར་གྱུར་པ༷་ལ༷་ཡུན་རིང༷་དུ་བད༷ག་ནི་དག༷འ་བ༷ས་བལྟ༷་བར་བྱ་ཞིང་འདི་ལ་འགྲོ༷་བ་ཀུན༷་གྱིས༷་ཁྲེལ་ཏེ་གཞ༷ད་གད༷་བྱེད་པ་དང་ཕ༷ན་ཚུན་མང་པོར་འདུས་ཏེ་སྨོད༷་པ༷་དང་ངན་མཚང་འབྲུ་བ་ད༷ག་ཏུ་བྱའོ༷། །དེ་ལྟར་འགྲན་སེམས་ཀྱི་གཉེན་པོར་འགྲན་སེམས་བསྒོམ་པས་རང་གིས་སྔར་གཞན་ལ་འགྲན་སེམས་བྱས་པའི་རང་སྐྱོན་ངོས་ཟིན་ནས་འགྲན་སེམས་མ་རུངས་པ་དེ་ཕྱིན་ཆད་མི་བྱེད་པར་མ་ཟད་དེ་ལ་རྙེད་བཀུར་སོགས་ཀྱིས་ཕན་པ་ཅི་འགྲུབ་བྱེད་དགོས་གསུངས། གསུམ་པ་ནི། རང་ལ་ང་རྒྱལ་དང་ཁྱད་གསོད་སོགས་བྱེད་པའི་ལྷག་པ་དང་བརྗེས་ནས་ཉོ༷ན་མོངས་ཏེ་དམན་པ་འདི༷་ཡ༷ང་བད༷ག་དང༷་ནི༷་ལྷན༷་གཅི༷ག་ཏུ༷་ནི༷་འགྲན༷་པར་བྱེད་དོ་ཞེས༷་གྲག༷་མོད་ཀྱི། འོན་ཀྱང་དམན་པ་འདི༷་དང་བད༷ག་གཉིས་ཐོ༷ས་པ་མང་བ་དང༷་ཤེ༷ས་ར༷བ་བ༷མ་སྟེ་ཤེས་རབ་ཆེ་བའམ་གཟུ༷གས་བཟང་བ་དང་རི༷གས་མཐོ་བ་དང་ནོ༷ར་གྱི༷ས་ཏེ་དཔལ་འབྱོར་ལོངས་སྤྱོད་ཆེ་བ་གང་གི༷ས་མཉ༷མ་མ༷མ་ཅི༷་སྟེ་གནས་ས་ལྟ་བུ་ནམ་ཡང་མི་མཉམ་མོ། །དེ༷་ལྟར༷་ཐོས་པ་མང་བ་ལ་སོགས་པ་འཇིག་རྟེན་ཀུན༷་ལ་སྙན་པར་གྲག༷ས་པ༷་ཡི༷་བད༷ག་གི༷་ཡོ༷ན་ཏ༷ན་དམན་པ་འདི་ལས་ཁྱད་པར་དུ་འཕགས་ཤིང་ལྷག་པར་གསལ་བར་ཐོ༷ས་ན༷ས་ནི༷་ལུས་བ༷་སྤུ་ལྡང༷་ཞིང་ཡིད་དག༷འ་བ༷་རྒྱ་ཆེན་པོ་སྐྱེ༷་བར་འགྱུར་བའི༷་བདེ༷་སྐྱིད༷་ལ༷་ནི༷་ཡོ༷ངས་སུ༷་སྤྱོད་ཅིག་ཅེས་སྤྱོད་པ་པོ་གཞན་སེམས་ཅན་ནམ་རང་ཡིན་ཀྱང་རུང་ངོ། །འབད་དེ་བཀག་ཀྱང་མ་ཁེགས་པར་ཅི༷་སྟེ༷་འདི༷་ལ༷་རྙེད༷་པ་སོགས་ཡོ༷ད་པར་གྱུར་ཀྱང༷་ག༷ལ་ཏེ༷་ང་རྒྱལ་མི་བྱེད་པར་གུས་པས་ང༷་ཡི༷་བཀའ་བཞིན་བསྒྲུབ་པའི་ལ༷ས་བྱེ༷ད་ན༷་དེའི་རྔན་པ་དམན་པ་འདི༷་ལ༷་འཚོ༷་བ༷་ལྟོ་འགྲང་ལྷག་སྐྱོབ་ཀྱི་ཟས་གོས་ཙ༷མ་ཞིག་བྱི༷ན་ན༷ས་བད༷ག་གི༷་སྟོབ༷ས་ཀྱི༷ས་རྙེད་པ་ལྷག་མ་དེ༷་རྣམས་མ་ལུས་པར་བཙན་ཐབས་སུ་འཕྲོག་ནས་བླང༷་བར་བྱའོ༷། །དམན་པ་འདི༷་ནི༷་བདེ༷་བའི་ཁྱད་པར་རྣམས་ལ༷ས་ཉམ༷ས་པར་བྱ་ཞིང༷་དེ་ཙམ་དུ་མ་ཟད་བད༷ག་གི༷ས་དམན་པ་འདི་སྡུག་བསྔལ་སྣ་ཚོགས་ཀྱི་གནོ༷ད་པ་དང༷་རྟག༷་ཏུ་སྦྱར༷་བ་བྱའོ༷། །འདི་ལ་དེ་ཙམ་དུ་སྡང་བ་ཅི་ཞེ་ན། འདི༷་ཡི༷ས་ལན་བརྒྱ་ཕྲག༷་མང་པོ་ཐ༷མས་ཅ༷ད་དུ་༷་འཁོ༷ར་བ༷ར་འཁོར་བའི་ཚེ་བད༷ག་ལ༷་གནོ༷ད་པ༷་སྣ་ཚོགས་བྱ༷ས་པས་སོ། །ཡང་ན་བདག་གཅེས་འཛིན་གྱི་བློ་ཅན་འདི་ནི་བདེ་བ་ལས་ཉམས་པར་བྱ་ཞིང་བདག་གིས་གནོད་པ་དང་རྟག་ཏུ་སྦྱར་བར་བྱ་སྟེ་གཅེས་འཛིན་འདི་ཡིས་སྐྱེ་བ་བརྒྱ་ཕྲག་ཐམས་ཅད་དུ་འཁོར་བའི་གནས་སུ་བདག་ལ་དམྱལ་བ་ལ་སོགས་པའི་གནོད་པ་ཆེན་པོ་བྱས་ཞེས་ང་རྒྱལ་དང་མ་བྲལ་བའི་ཉེས་པ་བསྟན་ཏོ། །དེ་ལྟར་གཙོ་བོར་ཕྲག་དོག་གི་གཉེན་པོ་ང་རྒྱལ་བསྒོམ་པ་ལ་རང་ལས་ལྷག་པ་ཞིག་གིས་རང་ལ་བརྙས་བཅོས་སོགས་གནོད་པ་དང་ང་རྒྱལ་བྱེད་ཚེ་འདིས་བདག་ལ་ང་རྒྱལ་དང་གནོད་པ་ཅིའི་ཕྱིར་བྱེད་བསམ་ནས་དེ་ལ་ཕྲག་དོག་བྱེད་ཚེ་དེ་དང་བརྗེས་ནས་ང་རྒྱལ་བསྒོམ་པ་ལ་བསྟེན་ནས་རང་ཉིད་མཐོ་སར་སླེབ་ན་ང་རྒྱལ་དང་ཁྱད་གསོད་གཞན་ལ་བྱེད་དམ་མི་བྱེད་སྙམ་ན་ད་ལྟ་རང་གིས་རང་ལས་དམན་པ་རྣམས་ལ་ང་རྒྱལ་དང་བརྙས་བཅོས་ཁྱད་གསོད་བྱེད་ཚུལ་འདི་ལ་བརྟགས་ན་འདི་ལ་ཁག་མེད་པར་འདུག་བསམ་ནས་དེའི་བྱ་བ་རང་གིས་སྒྲུབ་ཅིང་རྙེད་བཀུར་གྱིས་མགུ་བར་བྱས་ཏེ་འགྲན་སེམས་མེད་པར་བྱ་དགོས་སོ། །འདིར་འཇམ་དབྱངས་ས་པཎ་གྱིས་ཐུབ་པ་དགོངས་གསལ་དུ་རང་དམའ་བའི་གནས་སུ་དགྲ་བོ་བཞག་དགྲའམ་གཞན་མཐོན་པོའི་གནས་སུ་རང་བཞག་ལ། རང་མཐོ་བ་དེ་ལ་དགྲ་དམན་པ་དེས་ཕྲག་དོག་བསྒོམ་དུ་གཞུག །བསྒོམ་དེ་ཚར་བ་ན་འདི་ལྟ་བུའི་བསྒོམ་པའི་འབྲས་བུ་འབྱུང་སྟེ། རང་མཐོན་པོར་བསྒོམ་ཞིང་གཞན་དམའ་བར་བསྒོམ་པ་དེས་རང་ལ་ཕྲག་དོག་བྱས་པར་བསྒོམ་པ་ཙམ་ལ་ཡང༌། འདི་ལྟ་བུའི་སྡུག་བསྔལ་འབྱུང་ན་གཞན་ལ་ཕྲག་དོག་བྱེད་པ་ག་ལ་འཐད་ཅིས་ཕྲག་དོག་རང་ཞིར་འགྱུར་རོ། །དེ་བཞིན་དུ་བདག་དང་མཉམ་པ་ལ་འགྲན་སེམས་བསྒོམ་པ་ལ། མཉམ་པའི་དགྲའི་གནས་སུ་རང་དང༌། རང་གི་གནས་སུ་དགྲ་དེ་བཞག་ལ། དགྲ་དེས་ཕྱོགས་མཐའ་དག་གི་སྒོ་ནས་བདག་ལ་འགྲན་པར་བསྒོམ། བསྒོམ་དེ་གྲོལ་བ་ན་འདི་ལྟ་བུའི་བསམ་པ་འབྱུང་སྟེ། རང་དགྲར་བསྒོམ་ནས་གཞན་གྱིས་གནོད་པ་དང་འགྲན་སེམས་བྱས་པར་བསྒོམ་པ་ལའང་འདི་ལྟ་བུའི་སྡུག་བསྔལ་འབྱུང་ན་གཞན་ལ་གནོད་པ་དང་འགྲན་སེམས་བྱར་ག་ལ་རུང་སྙམ་ནས་འགྲན་སེམས་རང་ཞིར་འགྱུར་རོ། །ང་རྒྱལ་བསྒོམ་པ་ལ། རང་ལས་དམའ་བའི་གནས་སུ་རང་དང༌། རང་གི་གནས་སུ་རང་ལས་དམའ་བ་དེ་བཞག་ལ་གཞན་མཐོ་བ་དེས་རང་དམའ་བ་དེ་ལ་རིགས་དང་ཡོན་ཏན་ལ་སོགས་པའི་སྒོ་ནས་ང་རྒྱལ་བྱེད་དུ་གཞུག །བསྒོམ་དེ་ཚར་བ་ན་བདག་ལ་གཞན་གྱིས་ང་རྒྱལ་བྱས་པ་བསྒོམ་པ་ན། འདི་ལྟ་བུའི་སྡུག་བསྔལ་འབྱུང་ན་དེའི་ཕྱིར་བདག་གིས་གཞན་ལ་ང་རྒྱལ་བྱ་ག་ལ་རུང་སྙམ་དུ་ང་རྒྱལ་ངོ་བོ་ཉིད་ཀྱིས་ཞི་བར་འགྱུར་རོ་ཞེས་གསུངས་སོ། །སེམས་ཀྱི་བསྒོམ་བྱར་འདི་ལེགས་ལ་ལག་ལེན་ལ་སྦྱོར་བྱ་གོང་བཤད་ལྟར་ལེགས། གང་ལྟར་ཡང་ང་རྒྱལ་དང་འགྲན་སེམས་ཕྲག་དོག་རང་ལ་གང་དང་གང་སྐྱེས་ཚེ་དེ་དང་དེའི་གཉེན་པོར་གདམས་ངག་འདི་དག་དྲན་པར་བྱས་ཏེ་སྤོང་བར་བྱེད་དགོས་པས་ཇི་ལྟ་བ་དེ་ན་དེ་ལྟར་བསྒོམ་པས་ཆོག་གསུངས། གསུམ་པ་བརྗེས་ནས་ཇི་ལྟར་བསྒྲུབ་པ་ལ། འཇམ་པོའི་སྒོ་ནས་གདམས་པ་དང༌། རྩུབ་མོའི་སྒོ་ནས་ཚར་བཅད་པ་གཉིས་ལས། དང་པོ་ནི། འདི་མན་ཆད་བདག་གཞན་གྱི་སྒྲ་རྣམས་རྣལ་མར་བཟུང་སྟེ་བདག་གི་ཡི༷ད་ཁྱོད༷་ཐོག་མ་མེད་པའི་དུས་ནས་ར༷ང་དོ༷ན་འབའ་ཞིག་བྱེད༷་པར་འདོད་ནས་དེ་ཁོ་ན་སྒྲུབ་པ༷་བྱས་པས་བསྐལ༷་བ༷་གྲང༷ས་མེ༷ད་མང་པོ་འད༷ས་ཤིང་དམྱལ་བ་ལ་སོགས་པར་སྡུག་བསྔལ་རྒྱ་ཆེན་པོ་མྱོང་བར་གྱུར༷་ཀྱང༷་སྦྱོར་བ་དོན་མེད་པའི་ང༷ལ་བ༷་ཆེ༷ན་པོ༷་དེ༷་ལྟ་བུ༷ས་ཡིད་ཁྱོད༷་ཀྱིས༷་འབྲས་བུ་ཡུན་རིང་དུ་ཚ་གྲང་ལ་སོགས་པའི་སྡུག༷་བསྔལ༷་ཆེན་པོ་འབ༷འ་ཞིག༷་བསྒྲུབ༷ས་པ་ནི་ཤིན་ཏུ་འགྱོད་པའི་གནས་ཡིན་ནོ། །རང་དོན་བྱས་པས་འདི་ཕྱིར་སྡུག་བསྔལ་བར་འགྱུར་བ་དེ༷་ལྟར༷་ངེས༷་པ༷ར་སོམས་ལ་ད་ནི་བདག་གཞན་བརྗེ་བའི་སྒོ་ནས་སེམས་ཅན་གཞ༷ན་མང་པོ་ད༷ག་གི༷་དོན༷་ཁོ་ན་བསྒྲུབ་པ་ལ༷་ར༷བ་ཏུ༷་སྤྲོ་བས་འཇུག་པར་གྱིས༷་ད༷ང་གཞན་དོན་བྱས་པས་འདི་ཕྱིར་བདེ་བ་རྒྱ་ཆེན་པོ་འཐོབ་པར་གསུངས་པའི་ཐུབ༷་པ་ཐམས་ཅད་མཁྱེན་པའི༷་བཀ༷འ་ནི༷་ཚད་མ་ཡིན་པས་ནམ་ཡང་མི༷་སླུ་བ༷ས་གཞན་དོན་བྱས་བ་དེ༷་ཡི༷་ཡོ༷ན་ཏ༷ན་ཕྱིས༷་རིམ་གྱིས་འཕགས་ས་ཐོབ་པ་ན་མཐོ༷ང་ཞིང་གསལ་བར་འགྱུར་ལ། ག༷ལ་ཏེ༷་ཡིད་ཁྱོད༷་ཀྱི༷ས་སྐྱེ་བ་སྔ༷་མའི་དུས༷་སུ༷་བདག་གཞན་བརྗེ་བའི་ལ༷ས་འདི༷་ཉིད་བྱས༷་པ༷ར་གྱུར༷་ན༷་ནི༷་འབྲས་བུ་ས༷ངས་རྒྱས༷་རྒྱལ་བ་ཤཱཀྱ་ཐུབ་པ་དང་འོད་དཔག་མེད་ལྟ་བུ་སྐུ་མཚན་དཔེ་གསུངས་ཚངས་དབྱངས་ཐུགས་རྣམ་མཁྱེན་ལ་སོགས་པའི་ཡོན་ཏན་ཕུན༷་སུམ༷་ཚོགས་པ་འཇིག་རྟེན་གསུམ་གྱི་མཆོད་གནས་སུ་གྱུར་པའི་བདེ༷་བ་དེ་མི༷ན་པ༷་ད་ལྟའི་འཁོར་བའི་གནས་འདིར་ཉོན་མོངས་པའི་གཞན་དབང་དུ་གྱུར་ཏེ་ཚེ་འདིའི་སྡུག་བསྔལ་དང་ཕྱི་མ་ངན་སོང་དུ་མི་སྐྱེ་བའི་ངེས་པ་མེད་པས་འདི་ཕྱི་གཉིས་སྡུག་གི་གན༷ས་སྐབ༷ས་འདི༷་འདྲར༷་ཏེ་འདི་འདྲ་བར་འགྱུར༷་མི༷་སྲིད༷་དོ་ཞེས་ཁེ་ཉེན་གྱི་འབྲས་བུའི་ཕྱོགས་ནས་གདམས་སོ། །རྒྱུ་མཚན་དེ༷་བས་ན་ད་ནི་འདི༷་ལྟར༷་གཞ༷ན་ཕ་མ་ད༷ག་གི༷་ཁུ༷་བ༷་དང་ཁྲག༷་གི༷་ཐིག་པ༷་ལ༷་ངའམ་བདག་མེད་པ་ལ་ཡིད་ཁྱོད༷་ཀྱིས༷་བདག་གོ་ཞེས་ང༷ར་འཛི༷ན་བྱས༷་པ༷་ལྟར༷་དེ༷་བཞི༷ན་དུ་གཞ༷ན་སེམས་ཅན་ཐམས་ཅད་ལ༷འང་བདག་ཏུ་འཛིན་པ་གོམས་པ༷ར་གྱིས༷་ལ་དེའི་དོན་ལ་བརྩོན་པར་གྱིས་ཤིག་ཅེས་བརྗེ་བ་དངོས་ལ་གདམས་པའོ། །འདིར་རྟོག་ཆེན་ཞེས་པ་ཀུན་མཁྱེན་ཆེན་པོས་ཕྱིད་པ་གྲ་སར་ཁྱིའི་རྟོག་ཆེན་མེད་པ་བཞིན་གསུང་པས་ན། རང་ཉིད་ཀྱིས་ད་སྔོན་གཞན་གྱི་ཟས་གོས་རྒྱན་ལ་སོགས་པ་གང་མཐོང་བ་བདག་རང་ལ་སྦྱིན་པའི་རེ་བ་བཅས་ནས་ཐབས་སྣ་ཚོགས་ཀྱིས་དེ་སྦྱིན་ཐབས་བྱེད་པ་དཔེར་ན་མི་རྣམས་ཀྱིས་ཤ་ཟ་བ་ན་ཁྱི་རྣམས་ཀྱིས་སྦྱིན་པར་རེ་བས་ལྟ་བར་བྱེད་པ་ལྟར་ད་ཕྱིན་ཆད་རང་གིས་རང་ལ་གཞ༷ན་གྱི༷་མགོ་ན༷ས་རྟོག༷་ཆེ༷ན་བྱས༷་ན༷ས་ནི༷་བད༷ག་གི༷་ལུས༷་ལ༷་ཟས་གོས་རྒྱན་སོགས་ཅི་དང་ཅི༷་སྣང༷་བ༷འམ་ཡོད་པ་དེ༷་དང༷་དེ་ཉིད༷་རང་གིས་རང་ལ་ཕྲོག༷ས་པར་བྱས་ན༷ས་ཡིད་ཁྱོད༷་ཀྱིས༷་གཞ༷ན་ཟས་གོས་རྒྱན་སོགས་མེད་པ་དེ་དང་དེ་ལ༷་ཕ༷ན་པའི་དོན་དུ་སྦྱིན་པ༷ར་སྤྱོད༷་ཅིག ད་སྔ་ཡན་ཆད་རང་གིས་གཞན་ལ་ཕྲག་དོག་བྱས་པ་དེ་ལྟར་ད་ཕྱིན་ཆད་རང་གི་རང་ལ་ཕྲག་དོག་འདི་ལྟར་བྱ་སྟེ། བདག་ནི་སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་འཇུག་དེའི་བྱིན་གྱིས་རླབས་པའི་རྟགས་སུ་གོས་དམར་སེར་བགོས་ནས་ཚུལ་བཞིན་དུ་སངས་རྒྱས་དེའི་རྗེས་སུ་བསླབ་པར་བྱས་ན་འགྲོ་བ་ཐམས་ཅད་གྱི་སྐྱབས་མགོན་དང་ཕྱག་མཆོད་བཀུར་སྟིའི་ཡུལ་དུ་གྱུར་ནས་ཐམས་ཅད་གྱི་གནོད་པ་ཅི་ཡང་མི་བྱེད་པར་ཕན་པར་བྱེད་པས་བད༷ག་ནི་འདི་ཕྱི་གཉིས་ཀར་བདེ་སྐྱིད༷་ཕུན་སུམ་ཚོགས་པ་དང་གཞ༷ན་རྣམས་ནི༷་སྡིག་པ་བྱས་པས་འདི་སྡུག་ཕྱི་སྡུག་གིས་མི༷་སྐྱིད༷་པ་འདི་འདྲ་བར་ཡིན་ལ༷། བད༷ག་ནི་གཞན་རྣམས་ཀྱིས་ཕྱག་མཆོད་ཀྱི་གནས་སུ་གྱུར་པས་མཐོ༷་ཞིང་སེམས་ཅན་གཞ༷ན་རྣམས་ནི༷་དཔྱ་ཁྲལ་ལ་སོགས་པས་ཉིན་མཚན་ཀུན་ཏུ་རང་དབང་མེད་པས་དམ༷འ་བ༷་དང༷༌། བད༷ག་ལ་ནི༷་འདི་ཕྱིར་ཕ༷ན་པར་བྱེད་པ་མ༷ང་ལ་གཞ༷ན་ལ་ནི་ཕན་པར་བྱེད་པ་མི༷ན་པར་གནོད་པ་བྱེད་པ་མང་བ་འདི་འདྲ་མི་རིགས་སོ་ཞེ༷ས་བད༷ག་རང་ལ༷་ཕྲག༷་དོ༷ག་ཅི༷ས་མི༷་བྱེད༷་དེ་བྱེད་དགོས་སོ། །སྔོན་ཆད་གཞན་སྡུག་བསྔལ་ལ་སྦྱར་ཞིང་རང་བདེ་བ་དང་ལྡན་པར་བྱེད་ན་ད་ནི་བད༷ག་རང་ཉིད་ནི་ཟས་གོས་སོགས་ཀྱི་བདེ༷་བ་དང༷་བྲལ༷་བར་གྱིས༷་ཞེས་རང་ལ་ཟས་གོས་སོགས་ཡོད་པ་དེ་གཞན་མེད་པ་ལ་བྱིན་ནས་བདེ་བ་དང་ལྡན་པར་བྱས་ཏེ༷་སེམས་ཅན་གཞ༷ན་གྱི༷་སྡུག༷་བསྔལ༷་བད༷ག་ལ༷་སྦྱོར༷་ཞེས་རང་ཟས་གོས་སོགས་མེད་པའི་སྡུག་བསྔལ་བར་གྱིས་ཤིག་ཅེས་པའོ། །སྔོན་ཆད་གཞན་གྱི་སྐྱོན་ལ་བརྟག་པར་བྱེད་ན་ད་ནི་སྤྱོད་འཇུག་ཤེས་པ་འདི་གཞན་སྐྱོན་བལྟ་བའི་མིག་སྒོར་མི་བྱེད་པར་རང་སྐྱོན་བལྟ་བའི་མེ་ལོང་དུ་བྱས་ཏེ་གང༷་གི་ཚེ༷་བདག་འདི༷་ཡི་ནི༷་སེམས་ཀྱི་ཅི་བསམ་ངག་གི་ཅི་སྨྲ་ལུས་ཀྱིས་དམན་པའི་ལས་ཅི༷་བྱེད༷་ཅེ༷ས་བད༷ག་རང་གི༷་སྒོ་གསུམ་གྱི་སྐྱོན༷་ལ༷་ཡང་ཡང་བརྟག༷་པ༷ར་གྱིས༷་ལ་སྤོངས་ཤིག སྔོན་ཆད་རང་སྐྱོན་གཞན་མགོར་འཇོག་ཅིང་གསང་བར་བྱེད་ན་ད་ནི་སྔོན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་ཉེས་པ་ཅན་བཙོན་དུ་འཆི་བར་འགྱུར་བའི་ཚབ་ཏུ་རང་ཉིད་བྱོན་པ་ལ་སོགས་པ་བཞིན་དུ་གཞ༷ན་སེམས་ཅན་གྱི༷ས་རྐུ་བ་ལ་སོགས་པའི་ཉེ༷ས་པ༷་ཆེ་ཆུང་གང་བྱས༷་པ༷་ཡ༷ང་ར༷ང་གི༷་སྐྱོན༷་དུ༷་བསྒྱུར༷་ཞིང་དང་དུ་བླང་བར་བྱོས༷་ལ༷་བད༷ག་གིས༷་ཉེས༷་པ༷་ཆུང༷་ངུ་ཙམ་བྱས༷་ཀྱང༷་མི་གསང་བར་སྐྱེ༷་བོ༷་མ༷ང་པོ་ལ༷་ར༷བ་ཏུ༷་ཤོ༷གས་ཏེ་བདག་ལ་ཉེས་པ་འདི་ཡོད་དོ་ཞེས་ཁས་ལོངས་ཤིག་ཅེས་པའམ་རྒྱལ་བ་སྲས་བཅས་ལ་རབ་ཏུ་ཤོགས་ཤིང་སླན་ཆད་སྡོམ་པར་གྱིས་ཤིག་ཅེས་པ་དང༌། སྔོན་ཆད་གཞན་སྨད་ཅིང་རང་བསྟོད་ན་ད་ནི་གཞ༷ན་སེམས་ཅན་གྱི་ཡོན་ཏན་གྱི་སྙན་པའི་གྲག༷ས་པ༷་ལྷག༷་པར་བརྗོད༷་པ༷ས་ར༷ང་གི༷་ཡོན་ཏན་གྲག༷ས་སྙན་ཅི་ཡོད་པ༷་ཀུན་ཟི༷ལ་གྱིས༷་ནོ༷ན་པར་གྱིས་ལ་ད་ནི་གཞན་རང་གི་གཡོག་ཏུ་མི་བཀོལ་བར་བད༷ག་ནི༷་གཞན་ལ་བྲན༷་གྱི༷་ཐ༷་མ༷་ལྟར༷་ང་རྒྱལ་མེད་པར་དེ་དག་གི་དོ༷ན་རྣམ༷ས་ཀུན༷་བསྒྲུབ་པ་ལ༷་དུས་རྟག་ཏུ་རང་གིས་རང་བཀོ༷ལ་བ༷ར་གྱིས༷་ཤིག །བདག་འདི༷་ནི༷་ཤིན་ཏུ་མ་རུངས་པ་སྐྱོན༷་མང་པོ་དང་བཅ༷ས་པའི་ར༷ང་བཞི༷ན་ཅན་ཡིན་ཏེ༷་དེས་ན་འདི་ལ་གློ༷་བུར༷་གྱི་ཡོ༷ན་ཏ༷ན་ཅུང་ཟད་བྱ་བ་ལམ་དུ་འགྲོ་བ་དང་ཐོས་པ་ཤེས་པ་དང་མཚམས་བསྙེན་སྒྲུབ་ཀྱི་ཆ༷ས་ཏེ་ཆ་ཅུང་ཟད་རེ་ཡོད་ཀྱང་དེའི་སྒོ་ནས་ནམ་ཡང་མགོ་འཕང་མི༷་བསྟོད༷་པར་བདག་འདི༷་ཡི༷་ཡོ༷ན་ཏ༷ན་དེ་ཅི༷་ན༷ས་ཀྱང༷་རྐུས་ནོར་བཞིན་དུ་གང་ཟག་འག༷ས་ཀྱང༷་ཡོད་པར་མི༷་ཤེ༷ས་པ་དེ༷་ལྟར༷་སྦ་ཞིང་གསང་བར་གྱིས༷་ཤིག་སྟེ། བཅོམ་ལྡན་འདས་ཀྱི་འཁོར་རྣམས་ལ་གདམས་ངག་བཀལ་སྩལ་པ་རང་གི་ཡོན་ཏན་ཐམས་ཅད་སྐྱོམ་པར་མི་བྱེད་པ་དང༌། སྐྱོན་ཐམས་ཅད་སྦ་བར་མི་བྱེད་པ་དགོས་སོ་ཞེས་གསུངས་པས་སོ། །མདོ༷ར་བསྡུ་ན༷་སྔོན་ཆད་དུས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་བད༷ག་རང་གི༷་ཟས་གོས་ལོངས་སྤྱོད་རྙེད་བཀུར་ལ་སོགས་པ་བསྒྲུབ་པའི་དོ༷ན་གྱི༷་ཕྱིར༷་དུ་ཁྱོད༷་ཀྱིས༷་གཞ༷ན་སེམས་ཅན་རྣམས་ལ༷་ཟས་གོས་ལོངས་སྤྱོད་འཕྲོག་པ་ལ་སོགས་པའི་གནོ༷ད་པ་སྣ་ཚོགས་བྱས༷་པ་ག༷ང་ཡིན་པའི་གནོ༷ད་པ་དེ༷་འདྲ་བ་རྣམས་ད་ཕྱིན་ཆད་སེ༷མས་ཅ༷ན་གཞན་གྱི་དོ༷ན་གྱི༷་ཕྱིར་དུ་བད༷ག་རང་ཉིད༷་ལ༷་ནི༷་འབ༷བ་པ༷ར་གྱིས༷་ཤིག་ཅེས་མདོར་ན་ལས་ཀྱི་ལན་ཆགས་བྱང་ཞིང་བུ་ལོན་སོད་དགོས་གསུངས། བདག་འདི༷་ནི༷་བྱིས་པ་མགོ་ལང་དུ་སོང་བ་ལྟར་གཉ༷འ་འམ་གདོང་དྲག༷་པ་སྟེ་མགོ་འཕང་ཧ་ཅང་མཐོ་བར་འགྱུར༷་བའི་ཚུལ༷་དུ༷་ཁོང་ཤེད༷་དང་ང་རྒྱལ་བསྐྱེད༷་པ༷ར་ནི༷་མི༷་བྱ༷་སྟེ༷་དཔེར་ན་བ༷ག་མ༷་གས༷ར་པ་འོང་མ་ཐག་པའི༷་སྤྱོད་ལམ་གྱི་ཚུལ༷་བཞི༷ན་དུ༷་རང་དོན་ཡིད་བྱེད་སོགས་ཀྱི་སྤྱོད་ངན་ལ་ངོ༷་ཚ༷་བ་དང་དེ་དག་གི་ཉེས་པས་འཇི༷གས་སྐྲག་དང༷་བཅས་པས་དབང་པོ་རྣམས་ཀྱི་སྒོ་བསྡ༷མས་ཏེ༷་བཞ༷ག་པར་བྱའོ། །དེ་ཡང་རང་དོན་མེད་པར་གཞན་དོན་གྱི་བསམ་པས་མིག་ནི་ཕབ་སྟེ་བལྟ་བར་བྱ་ཞེས་སོགས་འགྲོ་འདུག་ལ་སོགས་པའི་སྒོ་གསུམ་གྱི་སྤྱོད་པ་བླང་བྱ་དང་གནས་བྱ་དང་ཉེས་སྤྱོད་ཀྱི་འབྱུང་སྒོ་ཉེར་བདུན་ལ་སོགས་པ་ལ་རིམ་པ་ལྟར་རམ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དེ༷་ལ་འབད་པར་བྱ༷་བ་དང༌། དེ༷་ལྟར༷་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་གན༷ས་པར་བྱ༷་ཞི༷ང་ཉེས་སྤྱོད་ཐམས་ཅད་སྡོམ་པར་བྱེད་པའི་ཚུལ་ཁྲིམས་ཡང་དག་པར་བསྲུང༷་བ་དེ༷་ལྟར༷་ཁྱོད༷་ཀྱི༷ས་མི༷་བྱ༷་བ༷་དེ༷་ལྟར༷་ན་ལུས་སེམས་ལ་དབང་བ་དང་སེམས་འདི༷་ནི༷་གཉེན་པོ་ལ་དབ༷ང་བྱ༷་སྟེ༷་དབང་བར་བྱ་དགོས་ཞེས་དཔེར་ན་དགེ་བསྐོས་ཀྱི་ཚོགས་གཏམ་འདི་དང་འདི་བྱེད་དགོས་ཀྱི་གལ་ཏེ་དེ་ལས་འདས་ན་ཉེས་ཆད་ཀྱིས་ཚར་བཅད་དོ་ཞེས་པ་ལྟར་གལ་ཏེ་ཁྱེད་ལུས་ལང་ཤོར་སེམས་ངན་གོམས་ཀྱི་དབང་གིས་ཇི་སྐད་གདམས་པའི་བླང་དོར་དེ༷་དག་ལ༷ས་འད༷ས་ན༷་གཉེན་པོས་ཚ༷ར་བཅ༷ད་པར་བྱ༷་སྟེ་ དཔེར་ན་དགོང་གཅིག་གི་ལྟོ་གཅོད་མི་ནུས་པ་ལ་ཞག་བདུན་ཏུ་ཟས་མི་ཟ་བ་ལྟ་བུར་ཐོག་བརྗིས་བྱེད་དགོས་སོ། །གཉིས་པ་ལ། ཡིད་ཚར་བཅད་པ་དང༌། ལུས་ཚར་བཅད་པ་གཉིས་ལས། དང་པོ་ནི། འོ༷ན་ཏེ༷་དེ༷་ལྟར༷་སྐྱོན་ཡོན་གྱི་སྒོ་ནས་བླང་དོར་ལ་ཡང་ཡང་གད༷མས་ཀྱང༷་ནི༷་སྤང་བྱ་རང་གཅེས་འཛིན་གྱི་སེ༷མས་ཁྱོད༷་ཀྱིས་ད་དུང་བླང་དོར་དེ༷་ལྟར༷་མི༷་བྱེད༷་ན༷་ལུས་བེམ་པོ་ཡིན་པས་ཉེས་པ་མེད་ཅིང་སེམས་ཁྱོད༷་ལ༷་ཚེ་འདི་ཕྱིའི་འཁོར་བ་དང་ངན་སོང་གི་ཉེ༷ས་པ༷་ཀུན༷་བསྟེན༷་ནས་འབྱུང་བ་ཡིན་པ༷ས་སེམས་ཁྱོད༷་ཉི༷ད་གཉེན་པོས་བཙ༷ན་ཐབས་སུ་ཚ༷ར་བཅ༷ད་པར་བྱ༷་བ༷ར་ཟ༷ད་དོ། །ཉེས་པ་ཇི་ལྟར་བསྟེན་ཞེ་ན། རང་གཅེས་པར་འཛིན་པའི་སེམས་ཁྱོད༷་ཀྱིས༷་རང་དོན་བྱས་པས་ལམ་ངན་པར་ཁྲིད་ནས་ཁོ༷་བོ༷་གར༷་བརླག༷་ནུས་པའི༷་སྔོན༷་གྱི༷་དུས༷་ཁྱོད་ཀྱི་ཉེས་པ་མ་མཐོང་བ་དེ༷་ལས་གཞ༷ན་ཡི༷ན་ཏེ༷། ད་ནི་ཁྱོད་ཀྱི་ཉེས་པ་མཐོང་བས་ཞེས་སམ་སྔོན་གྱི་དུས་དེ་ནི་གཞན་འདས་ཚར་བ་ཡིན་ཏེ། ད་ནི་སྔོན་དང་འདྲ་བ་མ་ཡིན་པས་ཞེས་དང༌། ད་ནི་སྤྱོད་འཇུག་ཤེས་པས་ཁྱོད་ཀྱིས་རང་དོན་བྱས་པས་སྐྱོན་ཐམས་ཅད་ང༷ས་མཐོ༷ང་བ་ཡིན་པས་ད༷་ཁྱོད༷་ཁོ༷་བོའི་ཁྲིམས་འོག་ནས་ལམ་ངན་པ་གཞན་ག༷ང་དུ༷་འགྲོ༷་སྟེ་ གང་དུའང་འགྲོ་མི་ནུས་པས་ཁྱོད༷་ཀྱི༷་རྙེད་བཀུར་ལ་སོགས་པའི་རང་དོན་སྒྲུབ་པའི་ང་རྒྱལ་གྱི་དྲེག༷ས་པ༷་ཀུན༷་གཞོ༷མ་པར་བྱ༷་སྟེ་སྒྲུབ་ཏུ་མི་འཇུག་གོ །འདི་ལྟར་ཟེར་ན་ཡང་ད༷་དུང༷་བད༷ག་ལ༷་རང༷་གི༷་དོན་མཁོ་བས་བསྒྲུབ་དུ་ཡོ༷ད་དོ་སྙམ༷་པའི་སེ༷མས་པ༷་དེ༷་དོ༷ར་ཅི༷ག །བདག་གཞ༷ན་བརྗེ་བའི་ཚུལ་གྱིས༷་བད༷ག་གི༷ས་གཞ༷ན་སེམས་ཅན་ཐམས་ཅད་ལ༷་ཁྱོད༷་བཙོ༷ང་གི༷ས་ཏེ་ཁྱོད་བཙོང་བའམ་བྱིན་ཟིན་ནས་དེ་དག་ལ་དབང་བ་ཡིན་པས་གཞན་གྱི་དོན་བསྒྲུབ་པ་ལ་སྐྱོ༷་བར་མ༷་སེ༷མས་པར་ཞོ༷་ཤ༷་ཕུ༷ལ་ཞེས་ཕན་བསྒྲུབས་ཤིག །བདག་གཞན་ལ་སྦྱིན་དགོས་པའི་རྒྱུ་མཚན་ཅི་ཞེ་ན། ག༷ལ་ཏེ༷་རང་འདོད་ཀྱི་དབང་གིས་བ༷ག་མེ༷ད་པར་གྱུར༷་ན༷ས་ཁྱོད༷་སེ༷མས་ཅ༷ན་གཞན་རྣམ༷ས་ལ༷་མ༷་བྱིན༷་ན༷་ནི་ཁྱོད༷་ཀྱིས༷་རང་དོན་བསྒྲུབ་ནས་ཁོ༷་བོ༷་དམྱལ༷་བ༷་ཡི༷་སྲུང་མ༷་ལས་མཁན་འཇིགས་སུ་རུང་བ་རྣམ༷ས་ལ༷་སྦྱིན་ནས་སྡུག་བསྔལ་ཤིན་ཏུ་ཆེན་པོ་ཉིད་དུ༷་སྦྱོར་ངེས༷་པའོ། །དེ༷་ལྟར༷་རང་གཅེས་འཛིན་གྱི་སེམས་ཁྱོད༷་ཀྱིས༷་རེ་ལྟའ༷མ་ལན་གྲངས་དུ་མ་དཔག་ཏུ་མེད་པ་ཞིག༷་སྔར་ཡང་ཁོ༷་བོ༷་དམྱལ་བའི་སྲུང་མ་རྣམས་ལ་བྱིན༷་པ༷ས་དུས་ཡུན་རི༷ང་པོ་བསྐལ་པ་དཔག་ཏུ་མེད་པར་བཙོ་བསྲེག་ལ་སོགས་པའི་སྡུག༷་བསྔལ་དཔག་ཏུ་མེད་པ་ལ་སྦྱར་བས་ན་ང༷་ནི༷་སྔར་གནོད་པ་ཆེན་པོ་བྱས་པའི་ཁོ་ན་རྙིང་བ་རྣམ༷ས་དྲན༷་པར་བྱས༷་ཏེ༷་ཡིད་ཁྱོད༷་ཀྱི༷ས་ར༷ང་དོ༷ན་བསྒྲུབ་པར་སེ༷མས་པ༷་ཐ་ཆད་དེ་རྩ་བ་ནས་གཞོ༷མ་པར་བྱའོ། །དེ༷་སྟེ་དེས་ན་ཞེས་དོན་ད་ཕྱིན་ཆད་བད༷ག་ནི༷་གཏན་དུ་དག༷འ་ཞིང་བདེ་བར་འདོ༷ད་ན༷་ར༷ང་དོན་བསྒྲུབ་པ་ལ༷་བད༷ག་གི༷ས་དག༷ར་ཏེ་དགའ་ཞིང་ཆགས་པར་མི༷་བྱ༷་བར་གཞན་དོན་ལ་དགའ་བར་བྱ་ཞིང༌། དེ༷་སྟེ༷་བད༷ག་ནི༷་སྡུག་བསྔལ་ལས་རྟག་ཏུ་བསྲུང༷་བར་འདོ༷ད་ན༷་རང་མི་བསྲུང་བར་གཞ༷ན་སེམས་ཅན་དག༷་དུས་རྟག༷་ཏུ་བསྲུང༷་བ༷ར་བྱེད་པ་ལ་འབད་པར་བྱའོ༷། །གཉིས་པ་ནི། ཚུལ་ཇི༷་ལྟ་ཇི༷་ལྟར༷་རང་གི་ལུས༷་འདི༷་ནི༷་གཅེས་པར་བཟུང་སྟེ་ཟས་ཞིམ་མངར་དང་གོས་དྲོ་འཇམ་བཟང་པོ་ལ་སོགས་པས་ཡོ༷ངས་སུ་བསྲུང་ཞིང་སྐྱོང༷་བ༷ར་བྱེད་པར་གྱུར༷་པ༷་དེ༷་ལྟར༷་དེ༷་ལྟར༷་ཞེས་དེ་ཙམ་དུ་སླར་ཡང་ཤིན་ཏུ་ནི༷་བཟེ་རེ༷་ཅ༷ན་བཟོད་སྲན་ཤའུ་བས་ཆུང་ཞིང་གོ་ལོང་གཙང་བཙན་པས་དམ་པར་གྱུར་ཏེ་མི་རེད་མི་ཉན་པ་ཆེར་འཕེལ་བར་གྱུར༷་ནས་སྡུག་བསྔལ་ཆེ་བ་ཉིད༷་དུ༷་ལྟུང༷་བར་འགྱུར་རོ། །དེ་ལྟ་ནའང་བདག་ནོར་ལོངས་སྤྱོད་ཡོད་པས་ཅི་འདོད་བསྒྲུབ་པས་ཆོག་གོ་སྙམ་ན་དེ༷་ལྟར༷་བཟེ་རེ་ཅན་དུ་ལྷུང་བ༷་དེ༷་ཡི༷་ཡ༷ང་འདོ༷ད་པ༷་རྣམས་ས༷་ཆེན་པོ་འདི༷་ལ་གནས་པའི་འགྲོ་བ་དང་ནོར་ལོངས་སྤྱོད་ཅི་ཡོད་པ་ཐམ༷ས་ཅ༷ད་ཀྱིས༷་ཀྱང་རྫོག༷ས་པ༷ར་ནུས༷་པ༷་ཡོ༷ད་པ་མི༷ན་ན༷་བཟེ་རེ་ཅན་དེ༷་ཡི༷་འདོ༷ད་པ༷་ཐམས་ཅད་སུས༷་ཏེ་སུ་ཞིག་གིས་སྐོང་བར་བྱེ༷ད་ནུས༷་ཏེ་དཔེར་ན་རྒྱལ་པོ་ང་ལས་ནུས་གླིང་བཞིའི་བདག་པོ་དང་བརྒྱ་བྱིན་གྱི་སྟན་ཕྱེད་ཐོབ་ཀྱང་མ་ཚིམ་པར་ལྷུང་བར་བཞིན་ནོ། །སྒྲུབ་པའི་ནུས༷་པ་མེ༷ད་བཞིན་དུ་འགྲུབ་པར་འདོ༷ད་པ་ལ༷་བརྟེན་ནས་ཉོ༷ན་མོ༷ངས་ཏེ་ངལ་ཞིང་དུབ་པའམ་ཆགས་སྡང་ལ་སོགས་པ་དང་༷། བས༷མ་པ༷་ཉ༷མས་པ་སྟེ་དཀོ༷ན་མཆོག་གི་དཀོར་རྐུ་འཕྲོག་དང་དམ་པ་རྣམས་ལ་ངན་སེམས་ལ་སོགས་པ༷འང༷་སྐྱེ༷་བ༷ར་འགྱུར༷་རོ། །སྐྱེས་བུ་དམ་པ་ག༷ང་ཞིག༷་གཉེན་གྲོགས་ལོངས་སྤྱོད་སོགས་འདོད་པའི་ཡོན་ཏན་ཀུན༷་ལ༷་རེ་འདོད་ཀྱིས་ལྟོས༷་པ་མེ༷ད་པ༷་ཉིད་དུ་གན༷ས་པ་དེ༷་ཡི༷་འབྱོར་པའི་བདེ་བ་ཕུན་སུམ་ཚོ༷གས་པ་ནམ་ཡང་ཟ༷ད་མི་ཤེ༷ས་པ་ཉིད་ཡིན་ཏེ། དེ༷་བ༷ས་ན་རང་གི་ལུ༷ས་ཀྱི་ཟས་གོས་རྒྱན་ལ་སོགས་པའི་འདོ༷ད་པ༷་ནི༷་གོང་ནས་གོང་དུ་འཕེ༷ལ་བར་བྱ་བའི་ཕྱིར༷་དུ་ཟས་གོས་སོགས་ཆུང་ངུ་ཙམ་ཡང་སྒྲུབ་པའི་གོ་སྐབ༷ས་དབྱེ༷་བར་མི༷་བྱ༷་སྟེ༷་གོས་དང་ཡོ་བྱད་སོགས་ག༷ང་ཞིག༷་རྙེད་དཀའ་ཞིང་རིན་ཆེ་བ་ཡི༷ད་དུ་འོང༷་བའི་དངོས་པོ་ལ་མཆོག་ཏུ་མི༷་འཛི༷ན་པར་གང་བྱུང་དེས་ཆོག་པར་བྱེད་པ༷་དེའི་ལོངས་སྤྱོད་དེ༷་ནི༷་དང་པོ་བསྒྲུབ་པ་ལ་རྙེད་སླ་ཞིང་བར་དུ་ཞེན་པ་མེད་པས་བསྲུང་སླ་ཞིང་ལོངས་སྤྱོད་པས་ཕན་ཐོགས་པ་དང༌། མཐར་གཞན་གྱིས་བརླག་པ་སོགས་བྲལ་བ་ལ་འགྱོད་པ་དང་སྡུག་བསྔལ་མི་བསྐྱེད་ཅིང་སླར་དེ་འདྲ་རྙེད་སླ་བ་དང་འཆི་བའི་ཚེ་ན་ཡང་ཆགས་ཞེན་མེད་པ་སོགས་ཡོན་ཏན་མང་པོ་ཡོད་པས་དངོ༷ས་པོ༷་བཟ༷ང་པོ༷་ཡི༷ན་ཏེ། བཤེས་སྤྲིང་ལས། ནོར་རྣམས་ཀུན་གྱི་ནང་ན་ཆོག་ཤེས་པ། །རབ་མཆོག་ལགས་པར་ལྷ་མའི་སྟོན་པས་གསུངས། །ཀུན་ཏུ་ཆོག་ཤེས་མཛོད་ཅིག་ཆོག་མཁྱེན་ན། །ནོར་མི་བདོག་ཀྱང་ཡང་དག་འབྱོར་པ་ལགས། །ཞེས་པ་བཞིན་ནོ། །དེས་ན་ཆོག་ཤེས་འཕགས་པའི་སྤྱི་ནོར་ཡིན་པས་དེ་མེད་པར་ཆགས་ཞེན་ཆེ་ན་དགེ་སློང་ལྷུང་བཟེད་ལ་ཆགས་ནས་སྦྲུལ་དུ་སྐྱེས་པ་དང༌། ཆོས་གོས་ལ་ཆགས་པས་འདྲེར་སྐྱེས་པ་དང༌། བྱིས་པ་ཆུང་ངུ་ལྭ་བ་ལ་ཆགས་པས་ཡིད་དྭགས་ལྭ་བ་ཅན་དུ་སྐྱེས་པ་སོགས་ཀྱི་ལོ་རྒྱུས་མཐའ་ཡས་པ་ཡོད་དོ། །ལོངས་སྤྱོད་ལ་མི་ཞེན་ཡང་རང་གི་ལུས་ལ་ཞེན་ནས་ཅིའི་ཕྱིར་མི་འཛིན་སྙམ་ན། རང་གི་ལུས་འདི་ནི་ད་ལྟ་འདི་ལྟར་བསྲུངས་ཤིང་བསྐྱངས་ཀྱང་ཐ༷་མ༷ར་ཤི་བ་ན་མེར་བསྲེགས་ནས་ཐ༷ལ་བའི་མཐ༷ར་གཏུག༷ས་ཤིང༷་སྟེ་ཐལ་ཕུང་དུ་འགྱུར་ཞིང་ད་ལྟ་གསོན་པ་ནའང་རང་གི་ངོ་བོ་བེམ་པོ་ཡིན་པས་མི༷་གཡོ༷་ཞིང་རླུང་སེམས་གཞ༷ན་གྱི༷ས་བསྐྱོད༷་པར་བྱ༷་བ༷འམ་ཡང་ན་ཤི་ཚེ་མི་གཡོ་ཞེས་རང་ལ་གཡོ་བའི་ནུས་པ་མེད་པས་གཞན་གྱིས་བསྐྱོད་པར་བྱ་དགོས་པ་མི༷་གཙ༷ང་བ་སྣ་ཚོགས་ལས་གྲུབ་པའི་གཟུག༷ས་ནི༷་མི༷་བཟ༷ད་པ༷་འཇིགས་སུ་རུང་བ་འདི༷་ལ༷་ཅི༷་ཡི་ཕྱིར༷་ན་བད༷ག་ཏུ༷་འཛི༷ན་ཏེ་འཛིན་མི་རིགས་སོ། །ད་ལྟ་གསོ༷ན་ན༷མ་ཐ་མར་ཡ༷ང་ན༷་ཤི༷་ཡ༷ང་བླའི༷་ཡིད་བད༷ག་ལ༷་མི་གཙང་རུལ་བའི་འཁྲུལ༷་འཁོ༷ར་འདིས༷་ཅི༷་ཞིག་བྱ༷་སྟེ། དམ་པའི་ཆོས་ལ་མ་སྦྱར་ན་བོ༷ང་བ་དང་མགལ་དུམ་ལ་སོ༷གས་པ་དང་རང་གི་ལུས་འདི༷་ལ་ཁྱད༷་པར་ཅི༷་ཞིག་ཡོ༷ད་དེ་ཁྱད་པར་ཅི་ཡང་མེད་ན༷་ཀྱི༷་ཧུད༷་ཡིད་ཁྱོད་འདི་ནི་བདག་གམ་བདག་གི་ལུས་སོ་སྙམ་པའི་ང༷་རྒྱལ༷་བ་ཅིའི་ཕྱིར་སེ༷ལ་བར་མི༷་བྱེད༷་དེ་བྱེད་དགོས་སོ། །ལུས༷་འདི་ཉིད་ཀྱི༷་ཁ༷་ཏ༷་སྟེ་ཁ་ཟས་རྒྱབ་གོས་ལ་སོགས་པའི་དོན་དུ་ཚོང་སོ་ནམ་དཀོར་གདུལ་བྱ་སོགས་བྱས༷་པ༷་ཡི༷ས་ཐར་པ་འཐོབ་པའི་དོ༷ན་མེ༷ད་བཞིན་དུ་འདི་ཕྱི་གཉིས་ཕུང་གི་སྡུག༷་བསྔལ༷་གྱི་རྒྱུ་མང་པོ་ཉེར༷་ཏེ་ཉེ་བར་བས༷གས་ན༷ས་རང་ཕྱོགས་ལ་རྗེ༷ས་སུ༷་ཆ༷གས་པ་ད༷ང་གཞན་ཕྱོགས་ལ་ཁོ༷ང་ཁྲོ༷་བ་དང་བཅས་པས་ཤིང༷་སྡོང་དུམ་རུལ་བ་དང་མཚུ༷ངས་པའི་ལུས་འདི༷་ལ༷་ཞེན་ཅིང་ཆགས་ཏེ་བསྲུང་བས་ཅི་ཞིག༷་བྱ༷་སྟེ་དགོས་པ་ཅི་ཡང་མེད་དོ། །ད་ལྟ་གསོན་པ་ན་བད༷ག་གི༷ས་འདི༷་ལྟར༷་ཟས་གོས་སོགས་ཀྱིས་བསྐྱང༷ས་པ༷འ༷མ་ཐ་མར་ཤི་བ་ན་བྱ༷་རྒོད༷་སོ༷གས་ཀྱིས༷་ཧབ་ཐོབ་ཏུ་ཟོ༷ས་ཀྱང༷་རུང༷་ལུས་བེམ་པོ་འདི་ནི་བསྐྱངས་པ་ལ་ཆ༷གས་ཤི༷ང་དགའ་བ་མེ༷ད་པ་དང་ཟོས་པ་ལ་ཞེ་སྡང༷་ཞིང་མི་དགའ་བ་ཡོ༷ད་པ་མི༷ན་ན་རྒྱུ་མཚན་ཅི༷་སྟེ༷་ཕན་གནོད་མི་ཤེས་པའི་ལུས་དེ༷་ལ༷་ཞེན་ཅིང་ཆ༷གས་པ༷ར་བྱེད༷་དེ་བྱེད་མི་རིགས་པའོ། །དེས་ན་གཞན་གང༷་ཞིག༷་ལུས་སྨོད༷་པ༷ས་ཁྲོ༷་ཞིང་སྡང་བ༷་དང༷་གང༷་ཞི༷ག་བསྟོད༷་པ༷ས་མ༷གུ་ཞིང་ཆགས་པར་འགྱུར༷་བ༷་དག་ག༷ལ་ཏེ༷་ལུས་བེམ་པོ་དེ༷་ཉིད༷་ཀྱིས་ཅི་ཡང་ཤེས༷་པ་མེ༷ད་ན་ཡི༷ད་བད༷ག་གི༷ས་ལུས་གང༷་གི༷་དོན་དུ་བསྟོད་སྨད་ལ་ཆགས་སྡང་གི་སྒོ་ནས་ང༷ལ་བ༷་བྱས༷་པ་དོན་ཅི་ཡང་མེད་དོ། །རང་གི་ལུས་ལ་ལྷག་པར་ཆགས་ཤིང་དགའ་ནས་བསྲུང་བ་མ་ཡིན་གྱི། སེམས་ཅན་གཞན་གང༷་ཞི༷ག་བདག་གི་ལུས༷་འདི༷་ལ་དགའ་ཞིང་འདོ༷ད་པར་གྱུར༷་པ༷་དེ༷་དང༷་བད༷ག་རང་གཉིས་མཛའ་བཤེ༷ས་ཡི༷ན་པས་ལུས་འདི་བསྲུང་བ་ཡིན་ནོ་ཞེ༷་ན་འོ་ན་ཐ་ན་སྲིན་བུ་ཡན་ཆད་སེམས་ཅན་ཐ༷མས་ཅ༷ད་ཀྱིས་ར༷ང་རང་གི༷་ལུས༷་ལ་དགའ་ཞིང་འདོ༷ད་པ༷ས་ན་སེམས་ཅན་དེ༷་རྣམས་ཀྱི་ལུས་ལ༷འང་བད༷ག་ཀོ༷་ཅི༷ས་ཏེ་བདག་གིས་ལུས་སོ་ཞེས་ཅིས་མི༷་དག༷འ་སྟེ་དགའ་བར་བྱས་ནས་རང་གི་ལུས་བཞིན་དུ་བསྲུང་བར་བྱ་དགོས་སོ། །འདིའི་གནད་ཀྱང་བདག་གཞན་མཉམ་པའི་སྐབས་སུ་བཤད་པ་བཞིན་ཏུ་དོན་ལ་བདག་གཞན་གྱི་དབྱེ་བ་མེད་པས་ལུས་ལ་ཡང་བདག་གཞན་གྱི་ལུས་ཞེས་དབྱེ་བ་མེད་པས་ཡིན་ནོ། །རང་དོན་དུ་ལུས་ལ་ཞེན་པར་མི་རིགས་པ་དེ༷་བ༷ས་ན་ཡིད་བད༷ག་གི༷ས་ནམ་ཡང་ཆ༷གས་པ་མེ༷ད་པ༷ར་འགྲོ༷་བ་ཐམས་ཅད་ལ༷་ཕ༷ན་པ་རྒྱ་ཆེན་པོ་བསྒྲུབ་པའི་ཕྱིར༷་དུ་ལུས༷་འདི་ལ་ཆགས་ཤིང་ཞེན་པ་མེད་པར་དེ་དག་གི་བྲན་ནམ་ཡོ་བྱད་དུ་གཏ༷ང་བར་བྱ༷་ཞིང་གཞན་ལ་ཕན་པའི་དོན་དུ་མཁོ་བ་དེ༷ས་ན༷་ལུས་འདི༷་ལ་མི་གཙང་བས་གང་ཞིང་ཟས་གོས་ལོངས་སྤྱོད་སྒྲུབ་པས་སྡིག་དང་སྡུག་བསྔལ་མང་པོའང་འབྱུང་བས་ཉེ༷ས་པ་མ༷ང་པོ་ཡོད་ན་ཡ༷ང་དཔེར་ན་མགར་བ་དང་ཤིང་བཟོ་ལ་སོགས་པ་ལ༷ས་བྱེད་པ་པོ་རྣམས་ཀྱི༷་ལག་ཆའམ་སྤྱད༷་པ་བཞི༷ན་དུ་མཁོ་བར་བསམ་སྟེ་བཟུང༷་ཞིང་བསྲུང༷་བ༷ར་ཡང་བྱ༷་སྟེ། ཇི་སྐད་དུ། ཉེས་ན་འཁོར་བའི་གཏིང་རྡོ་ལུས་འདི་ཡིན། །ལེགས་ན་ཐར་པའི་གྲུ་གཟིངས་ལུས་འདི་ཡིན། །དགེ་སྡིག་ཀུན་གྱི་གཡོག་པོ་ལུས་འདི་ཡིན། །ཞེས་པ་ལྟར་ཉེས་པ་མང་ཡང་དགེ་བའི་ལུས་སུ་མཁོ་བ་ཡང་ཡིན་པས་ལུས་འདི་དགོས་པ་ལ་སྦྱར་བར་བྱའོ། །གསུམ་པ་ཏིང་ངེ་འཛིན་སྒྲུབ་པའི་ཐབས་ལ་གདམས་པ་ནི་ཉོན་མོངས་པ་སྤོང་བ་ལ་སེམས་མཉམ་པར་འཇོག་དགོས་པ་དེ༷་བ༷ས་ན་ད་སྔ་ཡན་ཆད་སོ་སོའི་སྐྱེ་བོའི་སྤྱོད་པ་དགྲ་འདུལ་གཉེན་སྐྱོང་ཚོང་དང་སོ་ནམ་རྙེད་བཀུར་སྙན་གྲགས་ལ་སོགས་པ་བྱིས༷་པའི༷་སྤྱོད༷་པ་སྔར་མང་དུ་སྤྱད་པ༷ས་ཆོ༷ག་ཅིང་དགོས་པ་མེད་པས་ད་ནི་བད༷ག་གི༷ས་མཁ༷ས་པའི༷་དབང་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས༷་སུ་བསྙག༷ས་པའམ་ཞུགས་ཏེ༷་དེ་དག་གི་རྗེས་སུ་སློབ་པར་ཁས་བླང་བ་བཞིན་དུ་སྒོ་གསུམ་གྱི་སྤྱོད་པ་དག༷་ཡོ༷ད་པའི་གཏ༷མ་བསྒྲུབ་བྱ་བསླབ་པ་ལ་བསམ་སྟེ་བག་ཡོད་པར་བྱ་བ་ལ་སོགས་པ་ནི༷་དྲན༷་པར་བྱས༷་ན༷ས་ཏིང་ངེ་འཛིན་གྱི་འགལ་ཟླ་གཉི༷ད་དང༷་རྨུག༷ས་པ་དང༌། རྒོད་འགྱོད་དང༌། འདོད་པའི་འདོད་ཆགས་དང་ཁོང་ཁྲོ་བ་དང༌། ཐེ་ཚོམ་སྟེ་བསམ་གཏན་གྱི་སྒྲིབ་པ༷་ལྔ་སོགས་བཟློག༷་ཅིང་སྤོང་བ་ལ་འབད་པ༷ར་བྱའོ༷། །རྒྱལ༷་སྲས༷་ཐུག༷ས་རྗེ༷་ཆེ༷་བ་སྟེ་ཆེན་པོ་དང་ལྡན་པ་རྣམ༷ས་ཀྱིས་ཏིང་ངེ་འཛིན་བསྒོམ་པའི་རྣམ་ཐར་ལྟར༷་ཏེ་ཇི་ལྟ་བར་རི༷གས་པའི༷་ལས་ཏིང་ངེ་འཛིན་བསྒོམ་པ་ལ་སོགས་པ་ལ་སྙིང་སྟོབས་སམ་སྲན༷་ནི༷་བརྟན་པོར་གཟུ༷གས་པར་བྱ༷་སྟེ༷་ཉི༷ན་དང་མཚ༷ན་ཕྱེད༷་པའམ་རངས་པ༷ར་མ༷་འབ༷ད་ན༷་བད༷ག་གི༷་ཁམས་གསུམ་འཁོར་བའི་སྡུག༷་བསྔལ༷་ན༷མ་ཞིག་མཐ༷ར་ཕྱིན༷་ཏེ་ཟད་པར་དཀའ་བས་ན་ཉིན་མཚན་མེད་པར་བརྩོན་པས་འབད་པར་བྱ་དགོས་སོ། །ཐར་པ་ཐོབ་པའི་དོན་དུ་འབད་དགོས་པ་དེ༷་བ༷ས་ན་སྒྲིབ༷་གཉིས་བག་ཆགས་དང་བཅས་པ༷་སྤོང་བའམ་བས༷ལ་བར་བྱ་བའི༷་ཕྱིར༷་དུ་ཕྱིན་ཅི་ལོ༷ག་ཏུ་གྱུར་པའི་འཁྲུལ་པའི་སྣང་བ་མི་བདེན་པ་ལ་བདེན་པར་འཛིན་པའི༷་ལ༷མ་ངན་པ་ལ༷ས་རང་གི་སེ༷མས་བླ༷ན་ཞིང་བཀུག་སྟེ༷་ཡང༷་དག༷་པའི་དམི༷གས་པ་ཆོས་ཀྱི་དབྱིངས་ལ༷་དུས་རྟག༷་པ༷ར་ཡ༷ང་བད༷ག་གི༷ས་ཞི་ལྷག་ཟུང་འཇུག་གི་ངང་ནས་རྩེ་གཅིག་ཏུ་མཉ༷མ་པ༷ར་བཞ༷ག་པ་ལ་བརྩོན་ཞིང་འབད་པ༷ར་བྱའོ༷། །ལེའུའི་མཚན་ནི་བྱང༷་ཆུབ༷་སེ༷མས་དཔ༷འི་སྤྱོད༷་པ༷་ལ༷་འཇུག༷་པ༷་ལ༷ས་བས༷མ་གཏ༷ན་བསྟན༷་པ༷་ཞེས༷་བྱ༷་བ༷་སྟེ༷་ལེ༷འུ་བརྒྱད༷་པའོ།། །། ༈ གསུམ་པ་དོན་དམ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གོང་དུ་སྤེལ་བར་བྱེད་པ་ཤེས་རབ་ཀྱི་ལེའུ་ལ་གཞུང་དང༌། མཚན་ནོ། །དང་པོ་ཤེས་རབ་བསྐྱེད་པ་མདོར་བསྟན་པ། དེ་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། གོང་དུ་ཇི་སྐད་བཤད་པའི་སྦྱིན་སོགས་སྔ་མ་སྔ་མ་ལ་བརྟེན་ནས། ཕྱི་མ་ཕྱི་མ་རྣམས་སྐྱེ་ཚུལ་གྱི་དབང་དུ་བྱས་ཏེ། གཙོ་བོ་བསམ་གཏན་ལ་བཤད་པ་དང༌། འདིར་རྗེ་འཇམ་དབྱངས་བླང་མའི་གསུང་གཞིར་བཞག་སྟེ་སྦྱིན་སོགས་བསམ་གཏན་གྱི་ཕར་ཕྱིན་ལྔས་བསྡུས་པའི་ཐབས་ཀྱི་རྣམ་པ་ཇི་སྙེད་པའི་ཡ༷ན་ལ༷ག་འདི༷་ད༷ག་ཐ༷མས་ཅ༷ད་ནི༷་ཐུབ༷་པ༷ས་ཏེ་ཐུབ་པ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དངོས་རྒྱུ་ཐུན་མོང་མ་ཡིན་པ་ལམ་གྱི་གཙོ་བོ་ཤེ༷ས་ར༷བ་ཡིན་ལ་དེས་སྒྲིབ་གཉིས་སྤོང་ཞིང་མཁྱེན་གཉིས་ཀྱི་ཡེ་ཤེས་མཐར་ཐུག་པ་མངོན་དུ་འགྱུར་བར་བྱེད་ལ་དེའི་གྲོགས་སམ་དོན་དུ་གསུ༷ངས་པ་ཡིན་ཏེ་དཔེར་ན་རྒྱལ་པོ་གཡུལ་དུ་ཆས་པ་ན་དཔུང་གི་ཚོགས་བཞི་ཡང་རྒྱལ་པོའི་དོན་ནམ་གྲོགས་སུ་འགྲོ་བ་བཞིན་ནོ། །དེ་སྐད་དུ་ཡང་རྒྱལ་ཡུམ་སྟོང་ཕྲག་བརྒྱ་པ་ལས། ཆུ་ཀླུང་ཇི་སྙེད་པ་ཐམས་ཅད་གངྒཱར་ཞུགས་ཤིང་འགྲོགས་ནས་རྒྱ་མཚོ་ཆེན་པོར་འདོང་པ་བཞིན་དུ་ཕར་ཕྱིན་ལྔ་ཡང་ཤེར་ཕྱིན་གྱིས་ཟིན་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ག་ལ་བ་དེར་འདོང་ངོ་ཞེས་པ་ལ་སོགས་པ་དང༌། ཡོན་ཏན་ཐམས་ཅད་སྡུད་པ་རིན་པོ་ཆེར་ཡང༌། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །གང་ཚེ་ཤེས་རབ་ཀྱིས་ནི་རབ་ཏུ་ཟིན་གྱུར་པ། །དེ་ཚེ་མིག་རྙེད་གྱུར་ཅིང་འདི་ཡི་མིང་འཐོབ་བོ། །ཞེས་རྒྱལ་ཡུམ་རྒྱས་འབྲིང་བསྡུས་པ་སོགས་ལས་རྒྱ་ཆེར་གསུངས་པ་བཞིན་ཏེ། མདོར་ན་ལམ་གྱི་གཙོ་བོ་ཤེས་རབ་མེད་དུ་མི་རུང་བ་ཡིན་ནོ་ཞེས་དོན་ཆེན་པོར་བསྟན་པ་ཡིན་ཅིང་འདིར་ཡང་དེ་ལྟར་ཡན་ལག་ཅེས་པ་དང་དོན་དུ་ཞེས་པའི་ཚིག་གིས་ནུས་པས་ཤེས་རབ་ཉིད་གཙོ་བོར་བསྟན་པ་ཙམ་ཡིན་ལ། ཤེས་རབ་ཀྱི་ཕར་ཕྱིན་དེ་ལ་ཡང་བརྒྱད་སྟོང་དོན་བསྡུས་ལས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །སྒྲུབ་བྱའི་དོན་དེ་དང་ལྡན་པའི། །གཞུང་ལམ་གཉིས་ལ་དེ་སྒྲ་ཡིན། །ཞེས་གསུངས་པ་ལྟར་འབྲས་བུའི་ཤེར་ཕྱིན་འཐོབ་པའི་ཆེད་དུ། གཞུང་ཤེར་ཕྱིན་ལ་ཚུལ་བཞིན་དུ་ཐོས་བསམ་བྱས་ནས་ལམ་ཤེར་ཕྱིན་ཐབས་ཀྱི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པས་ཐབས་ཤེས་ཡ་མ་བྲལ་བའི་སྒོ་ནས་ཉམས་སུ་ལེན་ཞིང་བསྒོམ་པར་བྱ་དགོས་སོ། །ཇི་སྐད་བཤད་པའི་རྒྱུ་མཚན་དེ༷་ཡི༷་ཕྱིར༷་ན༷་རང་གཞན་གྱི་སྲིད་པའི་སྡུག༷་བསྔལ༷་མཐའ་དག༷་རྩ་བ་ནས་ཞི༷་བ༷ར་འདོ༷ད་པ༷ས་ཏེ་འདོད་པ་རྣམས་ཀྱིས་དེ་ཁོ་ན་ཉིད་རྟོགས་པའི་ཤེ༷ས་ར༷བ་དེ་འབད་པས་བསྐྱེད༷་པར་བྱ་སྟེ། དེའང་རང་གིས་སྟོང་ཉིད་རྟོགས་པ༌། །བྱང་ཆུབ་སེམས་འགྲེལ་ལས། དེ་ལྟར་རྣལ་འབྱོར་པ་རྣམས་ཀྱིས། །སྟོང་པ་ཉིད་ལ་གོམས་བྱས་ན། །བློ་ནི་གཞན་དོན་ལ་དགའ་བར། །འགྱུར་བ་ཉིད་དུ་དཀའ་བ་མེད། །ཅེས་དང༌། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །ཞེས་སྟོང་ཉིད་རྟོགས་པ་སྙིང་རྗེ་སྐྱེ་བ་དུས་མཉམ་ཡིན་པར་རྒྱལ་བ་སྲས་བཅས་ཀྱིས་གསུངས་པས་སྙིང་རྗེས་གཞན་ལའང་སྟོང་པ་ཉིད་བསྟན་པའི་སྒོ་ནས་རང་གཞན་གྱི་སྡུག་བསྔལ་ཐམས་ཅད་ཞི་བར་འགྱུར་བས་སོ། །གཉིས་པ་ལ། ལྟ་བས་གཏན་ལ་ཕབ་པ་དང༌། བསྒོམ་པས་ཉམས་སུ་བླང་བ། གཏན་ཚིགས་ཀྱིས་སྒྲོ་འདོགས་བཅད་པ། སྟོང་ཉིད་རྟོགས་པའི་བྱེད་ལས་དང་བཞི་ལས། དང་པོ་ལ་ཡང༌། བདེན་གཉིས་རྣམ་པར་བཞག་པ། དེ་ལ་རྩོད་པ་སྤོང་བ། ཐེག་ཆེན་མཆོག་ཏུ་བསྒྲུབ་པ་དང་གསུམ་ལས། དང་པོ་ལ། བདེན་གཉིས་ཀྱི་དབྱེ་བ། བདེན་གཉིས་ཀྱི་མཚན་ཉིད། བདེན་གཉིས་གཏན་ལ་འབེབ་པའི་གང་ཟག་དང་གསུམ་ལས། དང་པོ་ནི། འདི་ལྟར་འཁོར་འདས་ཀྱིས་བསྡུས་པའི་ཆོས་འདི་དག་ཐམས་ཅད་ལ་སྣང་ཚུལ་ཆོས་ཅན་ཇི་སྙེད་པ་སྣང་ཙམ་ཀུན༷་རྫོབ༷་ཀྱི་བདེན་པ་དང༷་ནི༷། གནས་ཚུལ་ཆོས་ཉིད་ཇི་ལྟ་བ་སྟོང་ཉིད་དོན༷་ད༷མ་གྱི་བདེན་པ༷་སྟེ་འདི༷་དག་ནི༷་རིམ་པ་ལྟར་དེ་དང་དེའི་ངོར་བསླུ་བ་མེད་པས་བདེ༷ན་པ༷་གཉི༷ས་སུ༷་གནས་པར་འདོ༷ད་ལ། དེ་ཡང་དོན་དམ་པར་ཐ་དད་པ་དང༌། ཀུན་རྫོབ་ཏུ་གཅིག་ཡིན་ན་སྐྱོན་བཞི་བཞི་དག་གིས་གནོད་པར་འགྱུར་བ་དང་གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དུ། དགོངས་པ་ངེས་འགྲེལ་ལས་གསུངས་པ་བཞིན་ཤེས་པར་བྱའོ། །གཉིས་པ་ནི། དེའི་ཕྱིར་དངོས་པོའི་གནས་ཚུལ་དོན༷་ད༷མ་པ་ནི་ཡོད་པ་དང་མེད་པ་དང་གཉིས་ཀ་དང་གཉིས་མིན་གྱི་མཐའ་ཀུན་དང་བྲལ་བས་ན་བློ༷་ཡི༷་སྤྱོད༷་ཡུལ༷་མི༷ན་ཏེ་ཡོད་མེད་ལ་སོགས་པར་རྟོག་པའི་བློ༷་དང་བརྗོད་པའི་སྒྲ་ནི༷་ཀུན༷་རྫོབ༷་ཡི༷ན་པར༷་བརྗོད་ཀྱི་དོན་དམ་པ་མ་ཡིན་པའི་ཕྱིར་རོ། །དེས་ན། བློ་འདས་སྨྲ་བསམ་བརྗོད་མེད་དོན་དམ་བདེན་པའི་མཚན་ཉིད་དང༌། བློ་འཁྲུལ་པ་ཡུལ་དང་བཅས་པ་ཀུན་རྫོབ་བདེན་པའི་མཚན་ཉིད་དུ་རིག་པར་བྱའོ། །མདོར་ན་གནས་ལུགས་མཐར་ཐུག་པའི་དབང་དུ་ན་ཀུན་རྫོབ་ཏུ་ཡོད་པ་དང་དོན་དམ་པར་མེད་པ་ཞེས་ཡོད་པ་དང་མེད་པའི་མཚན་ཉིད་གཉིས་སོ་སོར་ཕྱོགས་སུ་ཆད་དེ་གནས་པ་མ་ཡིན་ཏེ། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ་ཞེས་གསུངས་པས་ན་སྣང་སྟོང་ཟུང་དུ་འཇུག་པའི་ཆོས་ཀྱི་དབྱིངས་སྒྲོ་འདོགས་ཀྱི་མཐའ་བཞི་དང་བརྒྱད་དང་སོ་གཉིས་དང་བྲལ་བས་སྨྲ་བསམ་བརྗོད་དུ་མེད་པས་བློ་ལས་འདས་པའི་ཡེ་ཤེས་སོ་སོ་རང་རིག་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པ་རྣམ་གྲངས་མ་ཡིན་པའི་དོན་དམ་པའི་བདེན་པ་ཡིན་ལ། བློས་འདི་དང་འདིའོ་ཞེས་དམིགས་ཤིང་འདུ་བྱེད་པ་དང༌། སྒྲས་འདི་དང་འདིའོ་ཞེས་གང་བརྗོད་པ་སེམས་དང་ངག་གི་སྤྱོད་ཡུལ་དུ་གྱུར་པའི་ཆོས་དེ་ནི་བརྟགས་ན་རྣམ་པར་དབེན་པས་སྒྱུ་མ་བཞིན་དུ་སྟོང་པ་ཡིན་གྱི་དཔྱད་བཟོད་པ་ནམ་ཡང་མི་སྲིད་དོ། །དེས་ན་བཅོམ་ལྡན་འདས་ཀྱིས་མདོ་ལས། ལྷའི་བུ་གལ་ཏེ་དོན་དམ་པའི་བདེན་པ་ལུས་དང་ངག་དང་ཡིད་ཀྱི་སྤྱོད་ཡུལ་དུ་གྱུར་ན་དེ་དོན་དམ་པའི་གྲངས་སུ་མི་འགྲོ་ཞིང༌། ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །ལྷའི་བུ་འོན་ཀྱང་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་འདས་པ་དང༌། ཡང་དག་པར་མ་སྐྱེས་པ་དང༌། མ་འགགས་པ་དང༌། བརྗོད་པར་བྱ་བ་དང༌། རྗོད་པར་བྱེད་པ་དང༌། ཤེས་བྱ་དང༌། ཤེས་བྱེད་དང་བྲལ་བ་ཡིན་ཏེ། ཇི་སྲིད་དུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལས་འདས་པ་ནི་དོན་དམ་པའི་བདེན་པ་ཡིན་ནོ། །ཞེས་སོ། །དེ་ལ་འདིར་ཆོས་ཉིད་ཤེས་བྱ་མིན་པར་བརྗོད་པ་ནི། ཆོས་ཉིད་སྤྲོས་པ་ཐམས་ཅད་ལས་འདས་པས་ན། དེ་ནི་བློས་དམིགས་པར་བྱར་མེད་པས་ཡིན་ཏེ། གང་ཡུལ་དང་ཡུལ་ཅན་དུ་མ་གྱུར་ཅིང་མཚན་མ་གང་དུའང་མ་གྲུབ་པས་ཡང་དག་པར་ན་ཇི་ལྟར་ཤེས་བྱ་ཞེས་བརྗོད་དེ། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། ནམ་མཁའ་ཇི་ལྟར་མཐོང་སྟེ་དོན་འདི་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །ཞེས་པ་བཞིན་ནོ། །དེ་ལྟ་ནའང་ཐ་སྙད་དུ་ནི་འཕགས་པའི་མཉམ་བཞག་ཡུལ་ཅན་དང༌། ཆོས་ཀྱི་དབྱིངས་ཡུལ་དུ་བྱས་པ་ལ་བརྟེན་ནས་ཤེས་བྱ་ཡིན་ནོ་ཞེས་བརྗོད་དུ་རུང་སྟེ། ཇི་སྐད་དུ། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། །དེ་ཚེ་དེ་རྣམས་རྟེན་ལས་དེ་ཡིས་དེ་ཉིད་རྟོགས་པ་ལྟ་བུ་སྟེ། །ཇི་ལྟར་སེམས་ནི་གང་གི་རྣམ་པ་ཅན་དུ་གྱུར་པ་དེ་ཡིས་ཡུལ། །དེ་ཡོངས་ཤེས་པ་དེ་བཞིན་ཐ་སྙད་ཉེ་བར་བརྟེན་ནས་རིག་པ་ཡིན། །ཞེས་གསུངས་པ་ལྟར་རོ། །ཡང་བདེན་གཉིས་ཀྱི་དབྱེ་གཞི་ཤེས་བྱ་ཡིན་པས་དོན་དམ་ཤེས་བྱར་ཁས་བླང་བ་དེ་ཡང་རྣམ་གཅོད་དུ་ཡིན་ལ། འདིར་ཤེས་བྱ་མིན་པ་ནི་ཡོངས་གཅོད་དུ་ཡིན་པས་མི་འགལ་ཏེ་དོན་ལ་རྟོན་པར་བྱའོ། །གསུམ་པ་ནི། དེ་འདྲའི་བདེན་པ་གཉིས་པོ་དེ༷་ལ༷་རྟོགས་པར་བྱེད་པ་པོའི་ཕྱོགས་སམ་སྡེར་གྱུར་པའི་འཇི༷ག་རྟེན༷་རྣམ༷་པ་གཉི༷ས་སུ་མཐོ༷ང་སྟེ། གང་ཞེ་ན། ཞི་ལྷག་གི་ཡོན་ཏན་དང་ལྡན་པ་རྣལ༷་འབྱོ༷ར་འཇིག་རྟེན་པ༷་ད༷ང༌། མི་ལྡན་པ་འཇིག་རྟེན་ཕ༷ལ་པ༷འོ༷་ཞེས་གཉིས་ཡོད་དོ། །དེ༷་ལ༷་འཇི༷ག་རྟེན༷་ཕ༷ལ་བ་ལའང་གྲུབ་མཐས་བློ་མ་བསྒྱུར་བ་དང༌། བསྒྱུར་བའི་འཇིག་རྟེན་གཉིས་ལས། དང་པོ་ནི། ཐོག་མེད་ནས་ངའོ་ཞེས་ཡོད་པར་རློམ་ནས་བདག་གི་ལུས་ཞེས་རིལ་པོ་གཅིག་པུ་དང་སེམས་རྟག་པ་ལ་སོགས་པར་བལྟ་བ་དང༌། གཉིས་པ་གྲུབ་མཐས་བློ་བསྒྱུར་བའི་ཕྱི་རོལ་མུ་སྟེགས་པ་ལ་དབྱེ་སྒོ་མང་ཡང་རྟག་ཆད་གཉིས་སུ་འདུ་བས་གཙོ་བདག་སོགས་རྟག་པར་འདོད་པས་རྟག་པར་ལྟ་བ་དང༌། ཚེ་སྔ་ཕྱི་ལས་རྒྱུ་འབྲས་སོགས་མེད་པ་འདོད་པས་ཆད་པར་ལྟ་བ་སྟེ་དེ་དག་རྣམས་ཀྱི་འདོད་པ༷་ལ་ནི༷་རིམ་པར་ནང་པ་སངས་རྒྱས་པའི་རྣལ་འབྱོར༷་འཇི༷ག་རྟེན༷་གྱི༷ས་ཏེ་དེའི་རིགས་པ་ལུས་ཆ་ཤས་དུ་མ་དང་ལྡན་པས་རིལ་བོ་གཅིག་མ་ཡིན་པ་དང༌། སེམས་གཞན་དང་གཞན་དུ་མི་རྟག་པར་བསྟན་པ་ལ་སོགས་པས་གནོད་ལ། རྟག་ཆད་འགོག་པའི་རིགས་པ་འཆད་པར་འགྱུར་བ་ལ་སོགས་པས་གནོ༷ད་ཅི༷ང༌། རྣལ་འབྱོར་འཇིག་རྟེན་དེ་ལའང་གྲུབ་མཐའ་སྨྲ་བ་བཞི་ཡོད་པ་ལས་དང་པོ་ཕྱི་དོན་འདོད་ཅིང་རང་རིག་མི་འདོད་པ་ཉན་ཐོས་བྱེ་བྲག་སྨྲ་བས་ནི་ཤེས་བྱ་གཞི་ལྔ་དང་དུས་གསུམ་རྫས་སུ་གྲུབ་པ་དང་དབང་པོས་ཡུལ་དངོས་དུས་མཉམ་པར་རིག་པ་ལས། ཤེས་པས་ཡུལ་དང་རང་མི་རིག་པ་ལ་སོགས་པའི་འདོད་པའི་ཁྱད་པར་མང་ཞིང་བདེན་གཉིས་ཀྱི་འཇོག་ཚུལ་ཡང༌། མངོན་པ་མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་གཟུགས་སོགས་བེམ་པོ་དང་མིག་ཤེས་སོགས་ཤེས་པ་གང་ལ་རིམ་པ་ལྟར་ཐོ་བ་སོགས་ཀྱིས་བཅོམ་པ་དང༌། བློ་ཡིས་ཆ་གཞན་དང་གཞན་དུ་བསལ་བར་བྱས་སྟེ་གཞོམ་ཞིང་གཞིག་པར་བྱ་ནུས་པའི་རགས་པ་རྣམས་ཀུན་རྫོབ་ཏུ་ཡོད་པ་དང༌། གཞོམ་གཞིག་མི་ནུས་པའི་གཟུགས་མཐའ་རྡུལ་ཕྲ་རབ་ཆ་མེད་དང༌། ཤེས་མཐའ་དུས་མཐའི་སྐད་ཅིག་ཆ་མེད་དུ་གྲུབ་པ་གཉིས་དོན་དམ་དུ་ཡོད་པར་འདོད་ལ། འདི་མདོ་སྡེ་པ་དང་ཡང་ཐུན་མོང་ཡིན་ནོ། །གཉིས་པ་ཕྱི་དོན་དང་རང་རིག་གཉིས་ཀ་འདོད་པ་མདོ་སྡེ་པས་ནི། སྣང་བ་བློ་ཡུལ་ལྐོག་གྱུར་དང༌། །མི་ལྡན་པ་ཀུན་བཏགས་དང༌། མྱང་འདས་དངོས་མེད་ཅེས་དེ་དག་བཏགས་པ་ཙམ་དང་ཤེས་པས་རང་དང་ཡུལ་རིག་པར་འདོད་པ་ལ་སོགས་པའི་ཁྱད་པར་དང་བདེན་པ་གཉིས་ལས་ཀུན་རྫོབ་རང་ལའང་ཐ་སྙད་དུ། ཇི་སྐད་དུ། ཚད་མ་རྣམ་འགྲེལ་ལས་དོན་བྱེད་ནུས་པ་གང་ཡིན་པ། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་དེ། །དེ་དག་རང་སྤྱིའི་མཚན་ཉིད་འདོད། །ཅེས་བེམ་ཤེས་གང་ཡང་དོན་བྱེད་པའི་རང་མཚན་རྣམས་དོན་དམ་དང༌། དོན་བྱེད་མི་ནུས་པའི་སྤྱི་མཚན་སོགས་ཀུན་རྫོབ་སྟེ། རང་མཚན་དང་དངོས་པོ་དང༌། མི་རྟག་པ་དང་དོན་བྱེད་ནུས་པ་དང་དོན་དམ་པ་རྣམས་དོན་གཅིག་དང༌། སྤྱི་མཚན་དང་དངོས་མེད་དང༌། རྟག་པ་དང༌། དོན་བྱེད་མི་ནུས་པ་དང་ཀུན་རྫོབ་རྣམས་དོན་གཅིག་ཏུ་འདོད་པའི་བྱེ་བྲག་གི་ཐ་སྙད་དོན་མཐུན་གྱི་རིགས་འགའ་ཞིག་གིས་བྱེ་བྲག་སྨྲ་བ་ལ་གནོད་ཅིང་གཉིས་གས་ཆ་མེད་གཉིས་དོན་དམ་དུ་འདོད་པ་ལ་ཡང་སེམས་ཙམ་པས་གནོད་དོ། །གསུམ་པ་ཕྱི་དོན་མི་འདོད་ཅིང་རང་རིག་དོན་དམ་དུ་འདོད་པ་སེམས་ཙམ་པས་བྱེ་མདོ་གཉིས་ཀྱིས་ཕྱི་བཟུང་བ་རྡུལ་ཕྲ་རབ་ཆ་མེད་དོན་དམ་དུ་འདོད་པ་ལ་ནི། དབྱིག་གཉེན་ཞབས་ཀྱིས། དྲུག་གིས་གཅིག་ཆར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་རྡུལ་གཅིག་ལ་སྟེང་འོག་དང་ཕྱོགས་བཞིའི་རྡུལ་དྲུག་གིས་སྦྱར་བ་ན་དབུས་རྡུལ་ལ་ཆ་ཡོད་དམ་མེད། ཡོད་ན་ཆ་མེད་དེ་ཡང་ཆ་དྲུག་ཏུ་འགྱུར་ཞིང༌། མེད་ན་རྡུལ་ཇི་ཙམ་ཚོགས་ཀྱང་ཆ་མེད་གཅིག་ཏུ་འགྱུར་བས་རི་ལ་སོགས་པའི་གོང་བུའང་ཕྲ་རྡུལ་དུ་འགྱུར་ཞིང་རགས་པར་རྩོམ་དུ་མི་རུང་བས་སྣང་བ་རྒྱུན་ཆད་པར་འགྱུར་བས་གནོད་པ་དང༌། ནང་འཛིན་པ་ཤེས་པ་སྐད་ཅིག་ཆ་མེད་དོན་དམ་དུ་འདོད་པ་ལའང༌། ཨོཾ་ཨ་ཧཱུྃ་ལྟ་བུ་ཤེས་པའི་ཤེས་པ་ལ་ཨོཾ་དང་ཨ་ཤེས་པ་སྐད་ཅིག་མ་སྔ་ཕྱི་གཉིས་འཕྲད་དམ་མ་འཕྲད། མ་འཕྲད་ན་བར་དེར་ཤེས་པ་མེད་པས་ཤེས་པ་རྒྱུན་ཆད་པ་དང་སྔ་ཕྱིའི་ཤེས་པ་མ་འབྲེལ་བར་འགྱུར་བ་དང༌། འཕྲད་ནའང་འཕྲད་མ་འཕྲད་ཀྱི་ཆ་ཡོད་དམ་མེད་ཡོད་ན་ཨོཾ་ཤེས་པའི་སྔ་ཆ་ཨ་ཤེས་པ་དང་མ་འཕྲད་པའི་ཆ་དང་ཕྱི་ཆ་འཕྲད་པའི་ཆ་གཉིས་དང་ཨ་ཤེས་པའི་སྔ་ཆ་ཨོཾ་ཤེས་པ་དང་འཕྲད་པ་དང་ཕྱི་ཆ་མ་འཕྲད་པའི་ཆ་གཉིས་གཉིས་ཏེ་ཆ་བཞི་ལ་སོགས་པའི་དུ་མར་འགྱུར་བས་ཆ་མེད་མི་འགྲུབ་ལ། འཕྲད་མ་འཕྲད་ཀྱི་ཆ་མེད་ན་གཅིག་ཏུ་འགྱུར་ཞིང་སྐད་ཅིག་སྔ་ཕྱིའི་ཆ་མེད་པས་ཤེས་པ་རྟག་པ་ཉིད་དུ་ཁས་བླང་བའི་སྐྱོན་སོགས་ཀྱིས་གནོད་པར་འགྱུར་རོ། །དེས་ན་གང་ཡུལ་དུ་སྣང་བ་ཐམས་ཅད་རང་གི་སེམས་ཉིད་དེར་སྣང་བ་ལས་གཞན་དུ་མེད་པ་རྨི་ལམ་གྱི་རྟ་གླང་ལ་སོགས་པའི་སྣང་བ་བཞིན་དུ་སྣང་བ་ཐམས་ཅད་སེམས་སུ་འདོད་ལ་སེམས་དེ་ཡང་གཟུང་འཛིན་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་ཙམ་དོན་དམ་དུ་འདོད་པ་འདིའི་ལུགས་ལའང་བདེན་གཉིས་ཀྱི་འཇོག་ཚུལ། ཤེས་བྱ་ཐམས་ཅད་ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་དུ་བསྡུས་པས་གཟུང་འཛིན་རྒྱང་ཆད་དུ་སྣང་བའི་ཀུན་བརྟགས་ཀུན་རྫོབ་དང༌། གཉིས་སྟོང་གི་ཤེས་པ་གཞན་དབང་ཉིད་སྣང་ཚུལ་དབང་བཙན་དུ་བྱས་ན་ཀུན་རྫོབ་དང༌། གནས་ཚུལ་དབང་བཙན་དུ་བྱས་ན་ཆོས་ཅན་དོན་དམ་དང༌། ཡོངས་གྲུབ་ནི་དོན་དམ་པ་ཁོ་ནའོ། །འདིས་རང་རིག་བདེན་གྲུབ་ཏུ་འདོད་པ་འགོག་པར་བྱེད་པའི་དབུ་མའི་རིགས་པའི་གནོད་པ་འཆད་འགྱུར་བཞིན་ནོ། །ཕྱི་དོན་དང་རང་རིག་གཉིས་ཀ་དོན་དམ་དུ་མི་འདོད་པ་དབུ་མ་པས་ནི། ཤེས་བྱའི་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བའི་རང་བཞིན་བདེན་གཉིས་ཟུང་འཇུག་མཉམ་པ་ཉིད་དུ་འདོད་པས་གྲུབ་མཐའ་གཞན་ལས་ཁྱད་པར་དུ་འཕགས་པས་མཆོག་ཡིན་ནོ། །དེ་ལའང་བདེན་གཉིས་དཔྱོད་པའི་བློ་རྩལ་གྱིས་དབུ་མ་རང་རྒྱུད་བ་དང་ཐལ་འགྱུར་བ་གཉིས་སུ་ཡོད་དོ། །བདེན་གཉིས་ཀྱི་འཇོག་ཚུལ། གནས་ཚུལ་དོན་དམ་དཔྱོད་པའི་དབང་དུ་བྱས་ཏེ་སྣང་ཚུལ་ལ་ཀུན་རྫོབ་དང༌། གནས་ཚུལ་ལ་དོན་དམ་དང༌། སྣང་ཚུལ་ཀུན་རྫོབ་དཔྱོད་པའི་དབང་དུ་བྱས་ཏེ། གནས་སྣང་མི་མཐུན་པའི་ཡུལ་དང་ཡུལ་ཅན་གཉིས་ཀ་ཀུན་རྫོབ་དང༌། གནས་ཚུལ་དང་སྣང་ཚུལ་མཐུན་པའི་ཡུལ་དང་ཡུལ་ཅན་གཉིས་ཀ་དོན་དམ་དུ་འདོད་པའི་ཚུལ་གཉིས་ཡོད་དོ། །མདོར་ན་གྲུབ་མཐའི་བློ་སྐྱོན་ཉན་ཐོས་བྱེ་མདོ་གཉིས་ཀྱི་བློ་སྐྱོན་གཙོ་བོ་ཀུན་རྫོབ་ལ་རང་འདོད་ཡིད་བྱེད་ཀྱི་བློ་དང་དོན་དམ་པར་ཆ་མེད་གཉིས་དོན་དམ་པར་འདོད་པ་འདི་གཉིས་ཡིན་ལ། སེམས་ཙམ་པས་རང་རིག་རང་གསལ་དོན་དམ་དུ་འདོད་པ་དང༌། དབུ་མ་རང་རྒྱུད་པས་བདེན་གཉིས་སོ་སོར་ཞེན་པའི་ཆ་རྣམས་ཡིན་ལ། དེས་ན་རྣལ༷་འབྱོར༷་པ༷་ལ་ཡ༷ང་གནས་ཚུལ་མཐོང་བའི་བློ༷་ཡི་ཁྱད༷་པར་ཉིད་ཀྱིས༷་གོ༷ང་མ༷་གོ༷ང་མ༷་རྣམ༷ས་ཀྱིས༷་འོག་མ་འོག་མའི་མཐོང་དོན་གྱི་གྲུབ་མཐའ་ལ་གནོ༷ད་ཅིང་ཟིལ་གྱིས་གནོ༷ན་ཏེ་ གནས་ལུགས་མཐོང་བའི་བློ་ཇེ་བཟང་དུ་གྱུར་པས་ན་གང་ལ་ཚད་མ་ཡོད་པ་དེས་འོག་མ་སུན་འབྱིན་ནུས་ཀྱི་གཞན་དུ་མ་ཡིན་ནོ། །དེ་བཞིན་དུ་ས་བཅུ་དང་ལམ་ལྔ་ཡང་གོང་མ་གོང་མའི་རྟོགས་པ་དང་ཡོན་ཏན་ཐོབ་པས་འོག་མ་འོག་མ་རྣམས་ཀྱི་རྟོགས་པ་དང་ཡོན་ཏན་ཟིལ་གྱིས་གནོན་པར་འགྱུར་བ་ཉིད་དོ། །གཉིས་པ་དེ་ལ་རྩོད་པ་སྤོང་བ་ལ། གཞི་བདེན་གཉིས་ལ་རྩོད་པ་སྤོང་བ་དང༌། ལམ་སྟོང་ཉིད་ལ་རྩོད་པ་སྤོང་བ། འབྲས་བུ་གཞན་དོན་ལ་རྩོད་པ་སྤོང་བ་དང་གསུམ་ལས། དང་པོ་ལ། འཇིག་རྟེན་ཕལ་པའི་རྩོད་སྤོང་ཉན་ཐོས་ཀྱི་རྩོད་སྤོང༌། སེམས་ཙམ་པ་རྣམས་ཀྱི་རྩོད་སྤོང་དང་གསུམ་ལས། དང་པོ་ནི། རྣལ་འབྱོར་བས་ཕལ་པའི་བློ་ལ་ཇི་ལྟར་གནོད་དེ། འཇིག་རྟེན་ཕལ་པ་ནི་སྐྱེ་སོགས་མངོན་སུམ་མཐོང་བ་བཞིན་དུ་ཞེན་ཅིང་གཅིག་ཤོས་དེ་ལས་ལྡོག་པས་ན་ཕན་ཚུན་གནོད་པར་འགྱུར་བ་ནི་མིན་ནོ་ཞེ་ན། འདི་ལྟར་དངོས་ཀུན་མི་བདེན་པ་དང་བདེན་པར་འདོད་པ་གཉི༷ས་ཀ༷་ཡ༷ང་ནི༷་སྟེ་གཉིས་ཀས་ཀྱང་ཐུན་མོང་དུ་རྫུན་པར་འདོ༷ད་པ༷འི་དཔེ༷ས་ཏེ་དཔེ་སྒྱུ་མ་དང་རྨི་ལམ་ལ་སོགས་པ་འདི་དག་སྣང་ཡང་བདེན་པར་མ་གྲུབ་པ་ཡིན་པས་ན་སྣང་ལ་རང་བཞིན་མ་གྲུབ་པའི་སྒྱུ་མ་རྨི་ལམ་བཞིན་དུ་གཟུགས་སོགས་དངོས་པོ་ཀུན་ཀྱང་སྣང་ལ་རང་བཞིན་མེད་པར་འཇིག་རྟེན་ཕལ་པའི་ངོར་བསྒྲུབ་པར་ནུས་ཤིང༌། སྣང་ཡང་བདེན་པར་གྲུབ་པའི་དཔེ་མཐུན་སྣང་དུ་གྲུབ་པ་མེད་པས་ན་འཇིག་རྟེན་པས་རྣལ་འབྱོར་པ་ལ་དངོས་པོ་རྣམས་བདེན་པར་ནམ་ཡང་བསྒྲུབ་མི་ནུས་སོ། །ཆོས་ཐམས་ཅད་མི་བདེན་པ་སྒྱུ་མ་ལྟ་བུ་ཡིན་ན་སྦྱིན་སོགས་ལམ་ལའང་སློབ་པས་ཅི་བྱ་སྟེ་སྒྱུ་མའི་རྟ་ཉོ་བའི་ངལ་བ་བཞིན་དུ་དགོས་པ་མེད་དོ་ཞེ་ན། དེ་ལ་བརྟགས་ཤིང་དཔྱད་ན་མ་གྲུབ་ཀྱང་འབྲས༷་བུའི༷་སྟེ་འབྲས་བུའམ་དགོས་པའི་དོ༷ན་དུ༷་མ༷་བརྟགས་མ་དཔྱད༷་པར་འཇུག་པ་ཙམ་ཡིན་པའི་ཕྱིར༷་ན་དགོས་པ་ཡོད་དེ། དགོས་པ་ཅི་ཡིན་ཞེ་ན། འདིར་འཁོར་འདས་ཀྱི་སྣང་ཆ་སྒྱུ་མ་ལྟ་བུ་རྟེན་འབྲེལ་གྱི་དབང་གིས་བསླུ་མེད་དུ་ཡོད་པ་དེས་ན་ཇི་སྲིད་གཟུང་འཛིན་གྱི་འཛིན་པ་དབྱིངས་སུ་མ་ནུབ་ཀྱི་བར་དུ་སེམས་ཅན་རྣམས་ལ་སྣང་བ་འདི་རྒྱུན་མི་འཆད་ཅིང་ཕན་གནོད་བྱེད་པ་ཡིན་པས་རང་གཞན་གྱི་སྡུག་བསྔལ་ཞི་ཞིང་ཕན་བདེའི་ཐབས་སུ་ལམ་འདི་ལ་བརྩོན་པ་ཡིན་གྱི། འདིར་ལམ་དང་འབྲས་བུ་ལ་བདེན་པར་ཞེན་པ་ནི་མ་ཡིན་ཏེ་སྒྱུ་མའི་དཔུང་ཆེན་པོ་སྤྲུལ་ནས་དགྲའི་འཇིགས་པ་ལས་ཐར་བར་བྱེད་པ་དང༌། སྐྱེས༷་བུ་གཉིད་དུ་སྡུག་བསྔལ་བསད་པའི་ཐབས་ལ་བརྩོན་པ་བཞིན་ནོ། །འོ་ན་རྣལ་འབྱོར་པ་དང་ཕལ་པ་གཉིས་ཀ་ལ་མཐུན་པར་སྣང་བའི་དངོས་པོ་འདི་ལ་ཅི་རྩོད་ཞེ་ན། སྣང་བའི་དངོས་པོ་ཙམ་ཡང་ཡོད་མེད་དུ་རྩོད་པ་མིན་ཏེ་སྣང་བའི་ངང་ཚུལ་འགོག་པའི་དབུ་མ་པ་སུ་ཡང་མེད་དེ། དངོས་པོ་མཐོང་བ་ན་འཇི༷ག་རྟེན༷་པ༷་ཡི༷ས་གཟུགས་ལ་སོགས་པའི་དངོ༷ས་པོ་གང་མཐོ༷ང་ཞིང༷་སྣང་བ་དེ་ཉིད་ཡ༷ང་དག༷་པ་སྟེ་དོན་དམ་པར་གྲུབ་པ་ཉིད༷་དུ༷འ༷ང་རྟོག༷་པར་བྱེད༷་ཀྱི༷་སྣང་ཡང་མི་བདེན་པ་སྒྱུ་མ༷་ལྟ༷་བུར༷་རྣལ་འབྱོར་པ་བཞིན་དུ་མཐོང་ཞིང་རྟོགས་པ་མི༷ན་པ༷ས་ན་འདི༷ར་རྣལ༷་འབྱོར༷་པ༷་དང༷་འཇི༷ག་རྟེན༷་ཕལ་པ་དག་རྩོད༷་པར་བྱེད་པ་ཡིན་ནོ། །གཉིས་པ་ནི། ཉན་ཐོས་པ་ན་རེ། ཆོས་ཐམས་ཅད་གཞི་མེད་པར་སྟོང་པ་ཉིད་ཡིན་ན་གཟུགས་ལ་སོགས་པ་ནི་མིག་ལ་སོགས་པའི་མངོན་སུམ་གྱིས་གྲུབ་ཅིང་ཡོད་པ་འདི་མི་འཐད་དོ་ཞེ་ན། གཟུ༷གས་སོ༷གས་མངོ༷ན་སུམ༷་ཉིད༷་ཀྱིས་གྲུབ་ཅིང་ཡོད་དེ་ཞེས་པ་འདི་དག་ཀྱང༷་ནི༷་མ་བརྟགས་པར་འཇིག་རྟེན་ན་ཡོངས་སུ་གྲག༷ས་པ༷ས་ཏེ་གྲགས་པ་ཙམ་ཡི༷ན་གྱི༷་བརྟགས་ཤིང་དཔྱད་ན་ཚ༷ད་མ༷ས་དེ་ལྟར་གྲུབ་པ་མི༷ན་ཏེ། འཆད་འགྱུར་ལྟར་དབང་དོན་ཕྲད་དང་མ་ཕྲད་བརྟག་པ་ལ་སོགས་པས་འགོག་པའི་ཕྱིར་རོ། །ཇི་ལྟར་ན་གཟུགས་སོགས་གྲུབ་པར་བཞག་པ་དེ༷་ནི༷་དཔེར་ན་བུད་མེད་ཀྱི་ལུས་མི༷་གཙ༷ང་བ་དང་མི་རྟག་པ་ལ༷་སོ༷གས་པ་ཡིན་པ་ལ་གཙ༷ང་བ་དང་རྟག་པ་སོ༷གས་སུ་འཇིག་རྟེན་ན་གྲག༷ས་པ་བཞི༷ན་དུ༷་རྫུན༷་པ་ཡིན་ནོ། །གཟུགས་སོགས་དངོས་པོ་ནི༷་བདེན་པར་ཡོད་དེ་སངས་རྒྱས་ཀྱིས་གཞི་ཕུང་ཁམས་སྐྱེ་མཆེད་ཡོད་པར་གསུངས་ཤིང་ཕུང་པོ་དེའི་མཚན་ཉིད་ཀྱང་སྐད་ཅིག་མར་གསུངས་པའི་ཕྱིར་ཡོད་དོ་ཞེ་ན། དེ་ནི་དྲང་དོན་དགོངས་པ་ཅན་ཡིན་ཏེ། འདི་ལྟར་དགོངས་གཞི་སྣང་ཚུལ་ཙམ་ལ་དགོངས་ནས། དགོས་པ་སྟོང་ཉིད་རྟོགས་མི་ནུས་པའི་འཇི༷ག་རྟེན༷་པ་དག་ཡང་དག་པ་དབུ་མའི་ལམ་དུ་རིམ་གྱིས་གཞུག༷་པའི༷་དོ༷ན་དུ༷་ནི༷་སྐྱེ་དགུ་ཐམས་ཅད་ཀྱི་མགོ༷ན་པོ༷ས་ཏེ་རྫོགས་པའི་སངས་རྒྱས་ཀྱིས་གཟུགས་སོགས་དངོ༷ས་པོ་རྣམས་ཡོད་པར་བསྟན༷་པ་ཡིན་ལ། ཡང་དག་པའི་དོན་དེ༷་ཁོ་ན་ཉི༷ད་དུ༷་ནི་ཕུང་སོགས་དེ༷་དག༷་སྐད༷་ཅི༷ག་མ༷་ཉི༷ད་དུ་གྲུབ་པ་མི༷ན་ཏེ་དཔྱད་ན་གཅིག་དང་དུ་མར་མ་གྲུབ་ཅིང་སྐྱེ་འགག་མེད་པའི་ཕྱིར་རོ། །འོ་ན་སྐད་ཅིག་མ་དེ་དོན་དམ་མིན་ན་ཀུན༷་རྫོབ༷་ཏུ༷་ཡ༷ང་རྣམ་པར་བཞག་པ་འག༷ལ་ཏེ་དེས་ན་བདེན་པ་གཉིས་ཀ་མིན་པར་འགྱུར་རོ། །དེ་ལ་ཀུན་རྫོབ་ཏུ་ཇི་ལྟར་འགལ་ན་རིགས་པ་དང་ལུང་གིས་ཏེ། ཀུན་རྫོབ་ནི་ཐུན་མོང་དུ་སྣང་དུ་རུང་བ་བྱིས་པས་ཡང་མཐོང་དགོས་ནའང་དེས་དེ་མཐོང་བར་མི་ནུས་པས་ཀུན་རྫོབ་མིན་ཞིང༌། བཅོམ་ལྡན་འདས་ཀྱིས་ཀྱང་སྐད་ཅིག་མ་མཐོང་བ་དངོས་པོའི་གནས་ཚུལ་བདེན་པ་མཐོང་བར་གསུངས་པ་མིན་ནམ་ཞེ༷་ན༷། འདྲ་བ་གཞན་བྱུང་གིས་འཁྲུལ་རྒྱུས་བསླད་པས་འཇིག་རྟེན་རང་ག་མའི་བློས་བུམ་པ་ལ་སོགས་པ་སྐད་ཅིག་མར་མ་ཤེས་ཀྱང༌། ཐ་སྙད་ཀྱི་གནས་ཚུལ་སེམས་པའི་རྣལ་འབྱོར་པ་རྣམས་ཀྱིས་དེ་སྐད་ཅིག་མར་མཐོང་ཞིང་ངེས་པས་ན་རྣལ༷་འབྱོར༷་ཀུན༷་རྫོབ༷་ཡིན་པས་བདེན་གཉིས་གང་དུའང་མ་འདུས་པའི་ཉེས༷་པ་མེ༷ད་དོ། །འཇི༷ག་རྟེན༷་ཕལ་པའི་བློ་རྟག་འཛིན་ལ༷་ལྟོས༷་ན་སྐད་ཅིག་མ་མཐོང་བ་དེ་དེ༷་ཉིད༷་མཐོ༷ང་བ་ཡིན་ཏེ་ཐ་སྙད་ཀྱི་དེ་ཁོ་ན་ཉིད་མཐོང་བས་སོ། །དེ་ལྟ་མ་ཡིན་པར་གཞ༷ན་དུ༷་རྣལ་འབྱོར་པའི་ཀུན་རྫོབ་བམ་འཇིག་རྟེན་ལ་ལྟོས་ནས་དེ་ཉིད་མཐོང་མ་མཐོང་གི་ཁྱད་པར་མེད་ན་མི་སྡུག་པ་གོམས་པའི་རྣལ་འབྱོར་པས་བུད༷་མེ༷ད་ཀྱི་ལུས་མི༷་གཙ༷ང་བ༷ར་ངེ༷ས་པར་མཐོང་ཞིང་རྟོག༷ས་པ་ལ་ཡང་འཇིག་རྟེན༷་པས་བུད་མེད་གཙང་བར་བཟུང་བ་འདི་ཉིད་གྱིས༷་གནོ༷ད་པར་འགྱུར༷་དགོས་པར་ཐལ་ཏེ་བློ་དེ་གཉིས་ལ་དེ་ཉིད་མཐོང་མ་མཐོང་གི་ཁྱད་པར་མེད་པས་སོ། །དེ་ལྟ་ནའང་མི་གཙང་བ་ལ་སོགས་པར་མཐོང་བས་གཙང་འཛིན་སོགས་ལ་གནོད་ཀྱི་ཚུར་ནམ་ཡང་མི་གནོད་པའི་ཕྱིར་རོ། །ཡང་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་མི་བདེན་པ་ཡི་ན་སངས་རྒྱས་ཀྱང་སྒྱུ་མ་ལྟ་བུ་ཡིན་པས་དེ་ལ་མཆོད་པས་བསོད་ནམས་ཆེན་པོ་ཇི་ལྟར་འབྱུང་ཞེ་ན། སྒྱུ༷་འདྲའི༷་སྟེ་སྒྱུ་མ་ལྟ་བུའི་རྒྱལ༷་བ་སངས་རྒྱས་རྣམས་ལ་སྒྱུ་མ་ལྟ་བུའི་མཆོད་པ་ཕུལ་བ་ལ༷ས་སྒྱུ་མ་ལྟ་བུའི་བསོ༷ད་ན༷མས་འབྱུང་བ་ནི༷་ཇི༷་ལྟར༷་ན་ཁྱོད་དངོ༷ས་པོ་ཡོ༷ད་པའི་སངས་རྒྱས་ལ༷་དངོས་པོ་ཡོད་པའི་མཆོད་པ་ཕུལ་བ་ལས་དངོས་པོ་ཡོད་པའི་བསོད་ནམས་ཅིག་འབྱུང་བར་འདོད་པ་ཇི༷་ལྟ་བ་བཞི༷ན་དུ་ཡིན་ཏེ། བསོད་ནམས་དང་སངས་རྒྱས་དངོས་པོར་གྲུབ་མ་གྲུབ་ཙམ་གྱི་ཁྱད་པར་ལས་བསོད་ནམས་འབྱུང་མི་འབྱུང་ལ་ཁྱད་པར་མེད་དོ། །ག༷ལ་ཏེ༷་སེ༷མས་ཅ༷ན་རྣམས་སྒྱུ༷་མ་དང་འདྲ༷་བ་ཡིན་ན༷་སྒྱུ་མའི་རྟ་གླང་འགགས་པ་སླར་མི་སྐྱེ་བ་བཞིན་དུ་སེམས་ཅན་ཤི༷་ན༷ས་གཞན་དུ་ཇི༷་ལྟར༷་སྐྱེ༷་བར་འཐད་པར་འགྱུར་ཞེ༷་ན༷། ཇི༷་སྲིད༷་དུ་རྫས་སྔགས་སོགས་ཀྱི་རྐྱེན༷་རྣམ༷ས་ཚོགས་པར་གྱུར༷་པ༷་དེ༷་སྲིད་དུ་རྟ་གླང་ལ་སོགས་པའི་སྒྱུ༷་མ༷་ཡི་སྣང་བའ༷ང་འབྱུང༷་བ༷ར་འགྱུར༷་བ་དེ་བཞིན་དུ་ཇི་སྲིད་ལས་དང་ཉོན་མོངས་པའི་རྐྱེན་རྣམས་ཚོགས་པ་དེ་སྲིད་དུ་སེམས་ཅན་རྣམས་ཀྱི་སྐྱེ་བའང་རྒྱུན་མི་འཆད་པར་འབྱུང་བ་ཡིན་ལ་དེས་ན་འདི་གཉིས་ལ་རྒྱུ་ཚོགས་ཚང་བ་ལོག་མ་ལོག་གི་ཁྱད་པར་ཙམ་ལས་བདེན་པ་གྲུབ་མ་གྲུབ་ཀྱི་ཁྱད་པར་ཅི་ཡང་མེད་དོ། །དེ་ལྟ་ནའང་སེམས་ཅན་ནི་འཁོར་བ་ཐོག་མཐའ་མེད་པས་རྒྱུན་ཡུན་རིང་ལ། སྒྱུ་མ་ནི་དེ་འདྲ་བ་གཅིག་ཀྱང་མེད་པས་མི་མཚུངས་སོ་སྙམ་ན། དེ་གཉིས་མཚུངས་པར་འཇོག་པ་ནི་ཡུན་རིང་ཐུང་སོགས་སྒོ་ཀུན་ནས་འདྲ་བར་བཞག་པ་མིན་ལ། རྒྱུན་རིང་དམ་ཐུང་ཡང་རུང་སྟེ་སྣང་ཡང་བདེན་པས་སྟོང་པའི་སྒོ་ནས་འདྲ་བར་བཞག་གོ །དེའི་ཕྱིར་རྒྱུན༷་ཡུན་རིང༷་བ་ཙ༷མ་གྱིས༷་ཇི༷་ལྟར༷་ན༷་སེ༷མས་ཅ༷ན་བདེ༷ན་པ༷ར་ཡོ༷ད་པ༷་ཡི༷ན་ཏེ་མ་ཡིན་ནོ། །གལ་ཏེ་ཡིན་ན་སྒྱུ་མ་ལའང་ཡུན་རིང་པོའི་སྣང་བ་ཅན་ཡོད་པ་དང༌། སེམས་ཅན་ཡང་ཡུན་ཐུང་བ་ཡུད་ཙམ་དུ་སྣང་བའང་ཡོད་པས་ན་སྒྱུ་མ་བདེན་པར་ཡོད་པ་དང་སེམས་ཅན་བདེན་པར་མེད་པར་ཡང་འགྱུར་རོ། །ཡང་སེམས་ཅན་རྣམས་སྒྱུ་མ་དང་འདྲ་ན་སྒྱུ་མའི་སྐྱེས་བུ་ལ་ཕན་གནོད་བྱས་པ་བཞིན་དུ་དེ་དག་ལ་ཟས་གོས་བྱིན་པ་སོགས་ཀྱིས་ཕན་བཏགས་པས་དགེ་བ་དང༌། བསད་པ་ལ་སོགས་པ་གནོད་པ་བྱས་པས་སྡིག་པར་མི་འགྱུར་རོ་ཞེ་ན། སྒྱུ༷་མའི༷་སྐྱེས༷་བུ༷་ལ་ཕན་བཏགས་པ་དང་གསོད་སེམས་ཀྱི་ཀུན་ནས་བསླངས་ཏེ་བས༷ད་པ་ལ་སོ༷གས་པས་གནོད་པ་བྱས་ཀྱང་དེ་དག་ལ༷་ཕ༷ན་གནོད་ཀྱི་རྟེན་དུ་གྱུར་པའི་སྒྱུ་མ་ལྟ་བུའི་བདེ་སྡུག་མྱོང་བའི་སེ༷མས་མེ༷ད་པའི་ཕྱིར༷་ན༷་རང་གི་ངན་སེམས་ཀྱིས་སྦྱོར་བའི་ཉེས་པ་ཙམ་ལས་སྲོག་གཅོད་པ་སོགས་དངོས་གཞིའི་སྡིག༷་པ་འབྱུང་བ་མེ༷ད་དེ༷་གང་སྒྱུ༷་མ༷འི་སྟེ་སྒྱུ་མ་ལྟ་བུའི་སེ༷མས་དང༷་ལྡན༷་པ༷་ཡི་སེམས་ཅན་རྣམས་ལ༷་ནི་ཕན་པ་དང་གནོད་པ་བྱས་པ་ལས་བསོ༷ད་ན༷མས་དང༷་ནི༷་སྡིག༷་པ༷་འབྱུང༷་བ་ཡིན་ནོ། །དེས་ན་སེམས་ཅན་ཡོད་མེད་ཀྱི་ཁྱད་པར་ཡོད་ཀྱང་བདེན་རྫུན་ལ་ཁྱད་པར་མེད་དོ། །སེམས་ཅན་ལ་སེམས་ཡོད་པ་དེའི་ཕྱིར་སྒྱུ་མ་དང་བདེན་རྫུན་མི་འདྲའོ་སྙམ་ན། སེམས་ཅན་ལ་སེམས་ཡོད་ཀྱང་སེམས་དེ་ཉིད་སྒྱུ་མ་ལྟ་བུ་ཡིན་པས་དེས་དེ་བདེན་པར་ག་ལ་འགྱུར་ཏེ། འདི་ལྟར་སྒྱུ་མའི་སྔག༷ས་དང་རྫས་སོ༷གས་རྣམ༷ས་ལ༷་སེམས་བསྐྱེད་པའི་ནུས༷་པ་མེ༷ད་པའི་ཕྱིར༷་ན་སྒྱུ༷་མ༷འི་སེ༷མས་ནི༷་འབྱུང༷་བ༷་མེ༷ད་པ་ཡིན་ལ་སེམས་ཅན་གྱི་རྒྱུ་ལ་ནུས་པ་ཡོད་པས་ཡིན་ནོ། །གང་སེམས་བསྐྱེད་པའི་ནུས་པ་ཡོད་པ་ལས་བྱུང་བ་དེ་ནི་བདེན་ཞིང༌། ཅིག་ཤོས་མི་བདེན་པར་བཞག་མི་ནུས་ཏེ། སྣ༷་ཚོ༷གས་པའི་རྒྱུ་རྐྱེན་སོ༷་སོ་ལ༷ས་བྱུང༷་བ༷་ཡི༷་སྒྱུ༷་མ༷་དེ༷་ཡ༷ང་རྣམ་པ་སྣ༷་ཚོ༷གས་པ་མི་འདྲ་བར་སྣང་བ་ཉི༷ད་ཡིན་གྱི། རྒྱུ་རྐྱེན༷་གཅི༷ག་གི༷ས་ནི༷་ཕྱི་ནང་གི་འབྲས་བུ་ཡིན་ནོ་ཅོག་ཀུན༷་སྐྱེད་ནུས༷་པ༷་དེ་ནི་འཇིག་རྟེན་ག༷ང་ན༷་ཡ༷ང་ནི༷་ཡོ༷ད་པ་མ༷་ཡིན༷་ནོ། །དེས་ན་རྒྱུའི་ཁྱད་པར་མི་འདྲ་བའི་དབང་གིས་འབྲས་བུའི་ཁྱད་པར་མི་འདྲ་བར་སྣང་ཡང་བདེན་རྫུན་ལ་ཁྱད་པར་མེད་དེ། དཔེར་ན་སྒྱུ་མའི་རྟ་དང་བ་གླང་དུ་སྣང་བ་ལ་རྭ་ཡོད་མེད་དུ་སྣང་བའི་ཁྱད་པར་ཡོད་ཀྱང་བདེན་རྫུན་ཁྱད་མེད་པ་བཞིན་ནོ། །ཡང་མྱང་འདས་དངོས་པོར་འཛིན་པ་རྣམས་ན་རེ། ཁྱེད་ངོ་བོ་ཉིད་མེད་པར་སྨྲ་བ་ལྟར་ན་ག༷ལ་ཏེ༷་འཁོར་བའི་ཆོས་ཐམས་ཅད་དོ༷ན་དམ༷་པར་རང་བཞིན་གྱིས་མྱ༷་ང༷ན་ལས་འད༷ས་པ་ཡིན་ལ། སྐྱེ་རྒ་ན་འཆི་སོགས་ཀྱི་མཚན་ཉིད་ཅན་འཁོ༷ར་བ༷་ནི༷་ཀུན༷་རྫོབ༷་ཡིན་པ་དེ༷་ལྟ༷་ན༷། མྱང་འདས་དང་འཁོར་བ་གཞི་མཐུན་ཡོད་པར་འགྱུར་ལ་དེའི་ཕྱིར་ས༷ངས་རྒྱས༷་ཀྱི་གོ་འཕང་ཐོབ་ཀྱང༷་ནི༷་སླར་འཁོ༷ར་བར་འགྱུར༷་བ༷ས་ཞེས་འཁོར་བ་ཟད་ནས་མྱང་འདས་ཐོབ་པ་མིན་པར་འཁོར་བ་ཉིད་མྱང་འདས་ཡིན་པའི་ཕྱིར་དེས་ན་སངས་རྒྱས་ཐོབ་པའི་ཕྱིར་དུ་བྱང༷་ཆུབ༷་ཀྱི་སྤྱད་པ་སྤྱོད༷་པ༷ས་ཅི༷་ཞི༷ག་བྱ༷་སྟེ་དགོས་པ་མེད་དོ་ཞེ་ན། དེ་ལྟ་མ་ཡིན་ཏེ། རང་བཞིན་རྣམ་དག་གི་མྱང་འདས་དང༌། གློ་བུར་དྲི་བྲལ་གྱི་མྱང་འདས་ལ་ཁྱད་ཡོད་པའི་ཕྱིར་ཏེ། འདི་ལྟར་འབྲས་བུ་དངོས་པོ་སོ་སོ་སྣང་བའི་རྐྱེན༷་རྣམ༷ས་རྒྱུན༷་ནི༷་མ༷་ཆ༷ད་ན༷། འཁོར་བར་མ་ཟད་སྒྱུ་མའང༷་སྟེ་སྒྱུ་མའི་སྣང་བ་འང་ལྡོག༷་པ༷ར་མི་འགྱུར༷་གྱི༷་རྐྱེན༷་རྣམ༷ས་རྒྱུན༷་ནི༷་ཆ༷ད་པ༷་ན༷་ཀུན༷་རྫོབ༷་ཏུ༷་ཡ༷ང་མི༷་འབྱུང་ངོ༷་ཞེས་མི་འབྱུང་ན་དོན་དམ་པར་ལྟ་ཅི་སྨོས། དེའི་ཕྱིར་འཁོར་བར་སྐྱེ་བའི་རྒྱུ་མ་རིག་པ་ས་བོན་དང་བཅས་པ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་དྲུང་ནས་འབྱིན་པར་མཛད་པ་རྣམས་ནི་འཁོར་བར་མི་འགྱུར་ཏེ་རྒྱུ་མེད་པས་སོ། །སངས་རྒྱས་འཇིག་རྟེན་དུ་བལྟམས་པ་སོགས་ནི་འཁོར་བས་བསྡུས་པ་མ་ཡིན་ཏེ། སྨོན་ལམ་དང་ཏི་ངེ་འཛིན་ལ་སོགས་པ་ལྷན་ཅིག་བྱེད་རྐྱེན་དུ་གྱུར་པའི་ཡེ་ཤེས་རྣམ་པ་ཐམས་ཅད་པའི་སྟོབས་ལས་མིག་འཁྲུལ་ལྟ་བུའི་མཛད་པ་སྟོན་ཀྱང་ཆོས་ཀྱི་དབྱིངས་ལས་གཡོ་བ་ནམ་ཡང་མི་སྲིད་པ་ཡིན་ནོ། །གསུམ་པ་ནི། སེམས་ཙམ་རྣམ་བདེན་པ་ན་རེ། འདི་ལྟར་ཕྱི་ནང་གི་དངོས་པོར་སྣང་བ་འདི་དག་ནི་སྐྲ་ཤད་དང་རྨི་ལམ་གྱི་སྣང་བ་བཞིན་ཏུ་ཕྱི་དོན་དུ་གྲུབ་པ་མེད་ཀྱང༌། ནང་གི་བག་ཆགས་ཀྱི་ཁྱད་པར་ལས་གནས་དོན་ལུས་ཀྱི་སྣང་བ་སྣ་ཚོགས་པར་སྨིན་པ་ཞིག་སྟེ་དེའི་ཕྱིར་ཕྱི་རོལ་གྱི་དོན་ནི་མེད་ཀྱང་སེམས་ནི་ཡོད་དེ། རྨི་ལམ་ན་ཡང་སྔོ་སོགས་ཀྱི་ཉམས་མྱོང་འཛིན་པར་གྲུབ་པས་སོ་སྙམ་དུ་བསམ་སྟེ། ཁྱོད་དབུ་མ་པ་ལྟར་ན། ག༷ང་ཚེ༷་འཁྲུལ༷་བ༷འང༷་སྟེ་འཁྲུལ་པའི་ཡུལ་ཕྱི་དོན་མེད་པར་མ་ཟད་འཁྲུལ་པའི་བློ་ཡང་ཡོ༷ད་པ་མི༷ན་ན༷་ཡུལ༷་སྒྱུ་མ༷་ལྟ་བུ་གང༷་གི༷ས་དམི༷གས་པ༷ར་འགྱུར༷་ཏེ་སེམས་མེད་པས་སོ་ཟེར་ན། རེ་ཞིག་མགོ་བསྒྲེ་བའི་དབང་དུ་བྱས་ཏེ། ག༷ང་ཚེ༷་སེམས་ཙམ་པ་ཁྱོད༷་ལ༷་ཡང་སྒྱུ༷་མ༷་ལྟ་བུའི་ཡུལ་ཉིད༷་དོན་དུ་གྲུབ་པ་མེ༷ད་ན༷འ༷ང༌། དེ༷་ཚེ༷་བློ་ཡོད་དུ་ཟིན་ཀྱང་དམིགས་བྱ་ཡུལ་ཅི༷་ཞིག༷་དམི༷གས་ཏེ་ཡུལ་དང་ཡུལ་ཅན་གཉིས་ལས་གང་རུང་མེད་ན་དམིགས་པར་མི་སྲིད་པས་སོ། །ཁོ་ན་རེ། ག༷ལ་ཏེ༷་བདག་ཅག་གི་ལུགས་ལ་ཡུལ་གཏན་མེད་མ་ཡིན་ཏེ་རྨི་ལམ་གྱི་རྟ་གླང་བཞིན་དུ་ཡུལ་དོན་གྱི་གོ་ས་དེ༷་ཉིད༷་དུ༷་དོན་བེམ་པོ་ལས་གཞ༷ན་དུ་གྱུར་པའི་དམིགས་བྱ་ཡུལ་ཞིག་ཡོ༷ད་དོ། །དེ་གང་ཞེ་ན་ཡུལ་གྱི་རང་བཞིན་དུ་སྣང་བའི་གཟུང་བའི་རྣམ༷་པ༷་དེ༷་ནི༷་སེ༷མས་ཉིད༷་ཡིན་གྱི་དོན་ནི་མ་ཡི༷ན་ནོ་ཞེ་ན། ག༷ང་ཚེ༷་སེམས་དེ་ཉིད༷་དམིགས་བྱ་ཡུལ་སྒྱུ༷་མ༷་ལྟ་བུའི་དོན་ཡིན་ན༷། དེ༷་ཚེ༷་ཡུལ་ག༷ང་ཞིག༷་ཡུལ་ཅན་ག༷ང་གི༷ས་མཐོ༷ང་སྟེ། དེ་གཉིས་གཅིག་ཡིན་པས་མཐོང་མི་ཤེས་སོ། །ཇི་ལྟར་མི་མཐོང་སྙམ་ན། འཇི༷ག་རྟེན༷་ཐམས་ཅད་ཀྱི༷་ནི༷་མགོ༷ན་པོ༷ས་ཏེ་མགོན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང༷་སེ༷མས་ཀྱི༷ས་སེ༷མས་རང་གིས་རང་ནི་མི༷་མཐོ༷ང་ངོ་ཞེ༷ས་གསུང༷ས་ཏེ། དཔེ་ཇི་ལྟར་ན་ར༷ལ་གྲི༷འི་སོ༷་ནི༷་ར༷ང་ཉིད་ལ༷་ར༷ང་གིས་ཇི༷་ལྟར༷་མི་གཅོ༷ད་པ་དང༌། སོར་མོའི་རྩེ་མོས་རང་ལ་རང་མི་རེག་པ་དང༌། ཡང་ཟོར་ཅན་རང་གི་ཕྲག་པ་ལ་རང་ཞོན་པར་མི་ནུས་པ་དེ༷་བཞི༷ན་དུ་ཡི༷ད་ཀྱང་རང་གིས་རང་མི་མཐོང་ངོ༌། །དེ་སྐད་དུ་ཡང༌། གཙུག་ན་རིན་པོ་ཆེའི་མདོ་ལས། འདི་ལྟར་སྟེ། དཔེར་ན་རལ་གྲིའི་སོ་དེ་ཉིད་ཀྱིས་རལ་གྲིའི་སོ་དེ་ཉིད་གཅོད་པར་མི་ནུས་པ་དང་སོར་མོའི་རྩེ་མོ་དེ་ཉིད་ཀྱིས་སོར་མོའི་རྩེ་མོ་ལ་རེག་པར་མི་ནུས་པ་དེ་བཞིན་དུ། སེམས་དེ་ཉིད་ཀྱིས་སེམས་དེ་ཉིད་མཐོང་བར་མི་ནུས་སོ་ཞེས་གསུངས་སོ། །འདིའི་གནད་ནི་འདི་ཡིན་ཏེ། གང་ཡང་སེམས་བདེན་པར་གྲུབ་ཕན་ཆོད་བདེན་གྲུབ་ཀྱི་སེམས་ཆ་མེད་གཅིག་ལ་བལྟ་བྱ་ལྟ་བྱེད་གཉིས་སུ་གྲུབ་པ་ཉམས་ཏེ། གང་ཡུལ་དུ་སྣང་བ་ན་དེ་ཉིད་རང་མིན་ལ། གང་མ་སྣང་ན་གཟུང་བྱར་མི་རིགས་པས་དོན་དམ་པར་ཤེས་པས་རང་རིག་པ་ཞེས་པའང་བཏགས་པ་ཙམ་སྟེ་ཡང་དག་པ་མིན་ནོ། །སེམས་ཙམ་པ་ན་རེ། སེམས་རང་གིས་རང་རིག་པ་ནི་ཅི་སྟེ་མེད་དེ། །དཔེ་ཇི་ལྟར༷་བུམ་སོགས་གཞན་གསལ་བར་བྱེད་པའི་མ༷ར་མེ༷་དེ་ནི་གསལ་བྱེད་ཀྱི་རྐྱེན་གཞན་ལ་མི་ལྟོས་པར་ར༷ང་གི༷ས་རང་གི་དངོ༷ས་པོ་ཡ༷ང་དག༷་པར་གས༷ལ་བ༷ར་བྱེད༷་པ་བཞི༷ན་ནོ་ཟེར་ན༷། མར་མེས་རང་གིས་རང་གསལ་ཞེས་པ་འདིའང་ཐ་སྙད་ཙམ་ལས་ཡང་དག་པར་མ་ཡིན་ཏེ། མ༷ར་མེ༷་ལ་ནི་རང་གིས་རང་གས༷ལ་བ༷ར་བྱ༷་དགོས་པ་མི༷ན་ཏེ༷། ག༷ང་གི་ཕྱིར༷་ན་མར་མེ་ལ་མུན༷་གྱི༷ས་བསྒྲིབ༷ས་པ༷་མེ༷ད་ན་དེ་མར་མེས་ཇི་ལྟར་གསལ་བར་བྱ་སྟེ། གསལ་བྱ་མེད་ཀྱང་གསལ་བྱེད་དུ་འགྱུར་ན་མར་མེ་འདི་ཉི་ཟླ་ལ་སོགས་པའི་གསལ་བྱེད་དུ་འགྱུར་ནའང་དེ་མི་འདོད་པའི་ཕྱིར་རོ། །གཞན་ཡང་མར་མེས་རང་གིས་རང་ལ་བྱ་བ་འཇུག་ན་མུན་པས་ཀྱང་རང་གིས་རང་སྒྲིབ་པར་ཐལ་ལ། དེ་ལྟ་ན་བུམ་སོགས་མཐོང་བའི་གེགས་མུན་པ་བསྒྲིབས་ནས་མི་སྣང་ན་བུམ་སོགས་སྣང་བར་ཐལ་ལོ། །ཡང་དེ་དག་འདི་སྙམ་དུ། གསལ་བྱ་གསལ་བྱེད་གཞན་དུ་མེད་ཀྱང་རང་གིས་ངོ་བོས་གསལ་བ་ནི་ཡོད་དེ། །དཔེར་ན་བཻཌཱུརྱ་སྔོན་པོ་ལྟ་བུ་དེ་ལ་ཤེ༷ལ་དཀར་པོ་སྔོན་པོར་འགྱུར་བ་ལྟ་བུ་སྟེ་འོག་གཞིའི་རས་སོགས་གཞན་ལ་ལྟོས་ནས་སྔོ་བར་གྱུར་པ་དང༌། དེ་བཞི༷ན་དུ་ལྟོས་པ་མིན་པ་བཻཌཱརྱ་སྔོན༷་པོ༷་ནི་རང་བཞིན་གྱིས་སྔོ༷་བ་ཉིད༷་དུ་ངེས་པ་ལ༷་དེ་སྔོན་པོར་གྱུར་པ་ནི་རྐྱེན་གཞ༷ན་ལ༷་ལྟོས༷་པ༷་ཡོ༷ད་པ་མ༷་ཡི༷ན་པར་སྔོ་བ་ལྟ་བུ་གཉིས་ཡོད་པ་དེ༷་བཞི༷ན་དུ་འག༷འ་ཞིག༷་གཞ༷ན་ལ༷་ནི༷་སྟེ་གསལ་བྱ་གསལ་བྱེད་ཉིད་ཀྱང་ཕན་ཚུན་ལྟོས༷་པ་གཟུགས་དང་མིག་ཤེས་ལྟ་བུ་དང༷༌། གསལ་བྱ་གསལ་བྱེད་ཕན་ཚུན་ཐ་དད་དུ་ལྟོས༷་པ་མེ༷ད་ཀྱང་ངོ་བོ་ཉིད་ཀྱིས་གསལ་བ་རང་རིག་པ༷་ཡ༷ང་མཐོ༷ང་ངོ་ཞེ་ན། དཔེ་མ་གྲུབ་སྟེ། བཻཌཱུརྱ་སྔོ་བ་དེ་ཉིད༷་གཞན་ལ་ལྟོས་མེད་དུ་སྔོ་བ་མི༷ན་ལ༷་སྔོན༷་པོ༷ར་སྣང་བ་རྒྱུ་རྐྱེན་གྱི་ཚོགས་པ་གཞན་གྱིས་དེ༷་སྔོན་པོར་བྱས་པ་ཡིན་གྱི་རྒྱུ་རྐྱེན་གཞན་ཅི་ལའང་མི་ལྟོས་པར་བད༷ག་གིས་བད༷ག་ཉིད༷་སྔར་སྔོན་པོ་མིན་པ་ལ་ཕྱིས་སྔོན་པོར་བྱས༷་པ༷་ནི་མེ༷ད་དེ་རང་གིས་རང་ལ་བྱེད་པ་འགལ་བའི་ཕྱིར་རོ། །དོན་ཡང་མ་གྲུབ་སྟེ་མ༷ར་མེ༷་ནི་རང་གིས་རང་གས༷ལ་བ༷ར་བྱེད༷་དོ༷་ཞེས༷་མར་མེ་ལས་གཞན་དོན་རིག་གི་ཤེ༷ས་པ༷ས་ཤེ༷ས་ཏེ༷་རྗོད༷་པར་བྱེད༷་པ་ཡིན་ན༷། བློ༷་ནི་རང་ཉིད་ཀྱིས་རང་རིག་པའམ་རང་གས༷ལ་བྱ་ཉི༷ད་ཡི༷ན་ནོ་ཞེ༷ས་ཤེས་པ་ག༷ང་གི༷ས་ཤེས༷་ན༷ས་དེ༷་སྐད༷་དུ་བརྗོ༷ད་པར་བྱེད་དེ། ཤེས་པ་རང་གིས་རང་གསལ་བར་ཤེས་མཁན་དེ་ཤེས་པ་ཁོ་རང་ཡིན་ནམ། དེ་ལས་ཤེས་པ་གཞན་ཞིག་ཡིན། དང་པོ་མི་འཐད་དེ་སྐབས་ཀྱི་དཔྱད་བྱ་ཡིན་པས་མ་གྲུབ་ལ་ཤེས་པ་རང་ལས་གཞན་པའི་ཤེས་པ་ཞིག་གིས་དེ་ཤེས་དགོས་ན་ཤེས་བྱེད་ཐུག་མེད་དུ་འགྱུར་ཞིང་ཤེས་པར་ཡང་མི་སྲིད་དེ། དུས་མི་མཉམ་ན་ནི་འདས་པ་འགགས་པ་དང་མ་འོངས་པ་མ་སྐྱེས་པའི་ཡུལ་མི་ཤེས་ཤིང༌། དུས་མཉམ་པ་ད་ལྟ་བ་ལ་ཕན་ཚུན་ལྟོས་པ་མེད་པས་ཤེས་མི་སྲིད་དོ། །དེས་ན་ག༷ང་ཚེ༷་གཞན་དབང་གི་རྣམ་པར་ཤེས་པ་དེ་ནི་རང་གིས་མི་མཐོང་ལ་རང་ལས་གཞན་པ་དག་གམ་འག༷ས་ཀྱང༷་མཐོ༷ང་བ་མི༷ན་པས་ན༷་དེ་གས༷ལ་བ༷འམ༷་ནི༷་མི༷་གས༷ལ་བ༷་ཞེས་ཁྱད་པར་དཔྱོད་པ་ནི་དོན་མེད་དེ། ཁྱད་གཞི་མཐོང་མ་མྱོང་བ་ལ་ཁྱད་པར་གྱི་ཆོས་རྣམ་པར་བཞག་པ་མོ༷་གཤ༷མ་གྱི༷་བུ་མོའི༷་ལུས་ཀྱི་འགྱིང༷་བ༷ག་དང་སྟབས་ནི་འདི་ལྟ་བུའོ་ཞེས་རྣམ་བཞག་བྱེད་པ་བཞི༷ན་ཏུ་དེ་ནི༷་བརྗོ༷ད་ཀྱང༷་དོན་མེ༷ད་པ་ཉིད་དོ༷། །ཡང་སེམས་ཙམ་པས་དེ་ལྟར་མངོན་སུམ་ཚད་མས་བདེན་པར་སྒྲུབ་མ་ནུས་ནས་སླར་རྗེས་དཔག་གིས་རང་རིག་ཡོད་པར་སྒྲུབ་པ། ག༷ལ་ཏེ་ཤེས་པ་རང་གིས་རང་ཉམས་སུ་མྱོང་བའམ་ར༷ང་རི༷ག་པ་ཡོ༷ད་པ་མིན༷་ན༷། སྔར་ཉམས་སུ་མ་མྱོང་བའམ་མ་རིག་ན་ཕྱིས་རྣམ༷་ཤེ༷ས་དྲན༷་པ༷ར་ཇི༷་ལྟར༷་འགྱུར༷་ཞེས་དྲན་པ་སྐྱེ་མི་སྲིད་དེ་རྒྱུ་མེད་པའི་འབྲས་བུ་བཞིན་ཡིན་པ་དེས་ན་སྔར་ཡུལ་སྔོ་སོགས་ཉམས་སུ་མྱོང་བ་ད་ལྟར་དྲན་པ་བཞིན་དུ་སྔར་སྔོ་སོགས་ཉམས་སུ་མྱོང་བའི་ཡུལ་ཅན་སྔོ་འཛིན་གྱི་རྣམ་ཤེས་ཀྱང་ད་ལྟ་དྲན་པ་ཡོད་པ་མངོན་སུམ་པ་འདི་ཇི་ལྟར་འཐད་ཟེར་ན་ད་ལྟ་སྔོ་འཛིན་རྣམ་ཤེས་དྲན་པ་འདི་ནི་སྔར་སྔོ་འཛིན་རང་གིས་རང་མྱོང་པའམ་རིག་པའི་འབྲས་རྟགས་མིན་ཏེ། གཞ༷ན་སྔོ་སོགས་ཡུལ་མྱོང༷་བ༷་དེ་དང༷་ཡུལ་ཡུལ་ཅན་གྱི་འབྲེལ༷་བ༷་ལ༷ས་ད་ལྟ་སྔོ་འཛིན་རྣམ་ཤེས་ཀྱང་དྲན་པར་འགྱུར༷་ཏེ། འདིར་སྔོན་པོ་དང་བྲལ་བའི་སྔོ་འཛིན་ཡན་གར་བ་ནི་ནམ་ཡང་དམིགས་པ་མིན་པས་ན། ནམ་སྔར་ཉམས་སུ་མྱོང་བའི་སྔོན་པོ་དྲན་པ་ན་དེ་འཛིན་བྱེད་ཡུལ་ཅན་སྔོ་འཛིན་གྱི་རྣམ་པ་དྲན་པའི་རྟོག་པའང་སྐྱེ་བ་ཡིན་གྱི་སྔོན་པོ་ལས་ལོགས་སུ་ཆད་པའི་སྔོ་འཛིན་ཡན་གར་བ་ཞིག་སྔར་ཉམས་སུ་མྱོང་བས་ནི་མ་ཡིན་ནོ། །དེ་དཔེར་ན་བྱི་བའི་དུག༷་བཞི༷ན་ཞེས་དགུན་དུས་དུག་ཅན་གྱི་བྱི་བས་རྨུགས་པ་ན་རྨུགས་པ་ཙམ་མྱོང་གི་དེ་དུས་དུག་ཉམས་སུ་མ་མྱོངས་ཀྱང༌། སླར་དཔྱིད་འབྲུག་གི་སྒྲས་དུག་བསླངས་བར་གྱུར་པ་ན་སྔར་རྨ་དང་མཉམ་དུ་བདག་ལ་དུག་ཞུགས་སོ་ཞེས་སྔར་གྱི་དུག་ལ་དམིགས་པའི་ཤེས་པ་གདོད་སྐྱེ་བ་བཞིན་ནོ༷། །ཡང་འདི་ལྟར་ཞི་གནས་བསྒྲུབས་ནས་རྣམ་གནས་སྦྱོང་བ་སོགས་ཀྱི་རྐྱེན༷་གཞ༷ན་དག༷་དང༷་ལྡན༷་པ༷་རྣམས་ཀྱིས་ནི༷་གང་ཟག་གཞན་གྱི་སེམས་དག་ཀྱང་མཐོ༷ང་བའི་ཕྱིར༷་ན་ཤིན་ཏུ་ཉེ་བ་རང༷་ཉི༷ད་རང༷་ལ་ཅི་ཕྱིར་མི་གསལ་ཏེ་ངེས་པར་གསལ༷་དགོས་ཏེ། རིང་བའི་སྤུ་མཐོང་ན་ཉེ་བའི་ཐག་པ་མཐོང་ངེས་པ་བཞིན་ནོ་ཟེར་ན༷། དེར་མ་ངེས་ཏེ། གསང་སྔགས་ལ་སོགས་པས་གྲུབ༷་པར་གྱུར་པའི༷་མི༷ག་སྨན༷་མིག་ལ་བསྐུས་པའི་སྦྱོར༷་བ་ལ༷ས་ས་འོག་ན་གནས་པའི་གཏེར་གྱི་བུམ་པ་ལ་སོགས་པ་སྒྲིབས་ཤིང་ཆོད་པ་རྒྱང་རིང་པོའི་སྤྱོད་ཡུལ་མཐོ༷ང་ཡང༌། ཤིན་ཏུ་ཉེ་བ་མི༷ག་སྨན༷་ཉི༷ད་མཐོང་བར་འགྱུར༷་བ་མི༷ན་པ་བཞིན་ནོ། །དེ་ལ་སེམས་ཙམ་པ་ན་རེ། །་ཤེས་པ་ཉིད་གསལ་ཞིང་རིག་པ་མིན་ན་རང་མི་གསལ་བས་གཞན་ཡང་གསལ་མི་ནུས་ལ་དེ་ལྟར་ན་མིག་གིས་མཐོང་བ་དང༌། རྣ་བས་ཐོས་པ་དང༌། ཡིད་ཀྱིས་ཤེས་པའི་ཐ་སྙད་ཐམས་ཅད་རྒྱུན་ཆད་པར་འགྱུར་ཏེ། འདི་ཀུན་གསལ་རིག་གི་ཤེས་པ་ལ་བརྟེན་ནས་རྣམ་བཞག་བྱ་དགོས་ཀྱི་གཞན་དུ་དེ་མི་སྲིད་པའི་ཕྱིར་ཞེ་ན། ཇི༷་ལྟར༷་མཐོ༷ང་ཐོ༷ས་དང་ཤེ༷ས་པ༷་འདི་དག༷་མ་བརྟག་ཉམ་དགའ་ཙམ་གྱི་དབང་དུ་བྱས་ཏེ་བརྗོད་ན་ནི། འདིར༷་ནི༷་དག༷ག་པ༷ར་བྱ༷་བ་མི༷ན་ཏེ༷་དེ་དག་དགག་མི་ནུས་ལ་དགག་ཀྱང་མི་དགོས་པའི་ཕྱིར། འོ་ན་ཅི་ཞིག་འགོག་ཅེ་ན། འདིར༷་ནི་སྔུག༷་བསྔལ༷་གྱི་རྒྱུར༷་གྱུར༷་པ༷་དངོས་པོ་ཀུན་ལ་དེར་ཞེན་གྱི་བདེ༷ན་པ༷ར་རྟོག༷་པ༷་བཟློག༷་བྱ༷་ཡི༷ན་ནོ། །འདིར་མཐོང་བ་མངོན་སུམ་དང༌། ཐོས་པ་གང་ཟག་གཞན་ལས་དང༌། ཤེས་པ་རྗེས་དཔག་ཚད་མའི་སྒོ་ནས་བཞག་པའི་ཐ་སྙད་ལ་འགྲེལ་བས་བཤད་དོ། །སེམས་ཙམ་རྣམ་རྫུན་པ་ན་རེ། གལ་ཏེ་རང་གི་སེ༷མས་ལ༷ས་ཕྱིར་རོལ་དོན་གྱི་རྣམ་པར་སྣང་བ་ཡུལ་སྒྱུ༷་མ༷་ལྟ་བུ་འདི་གཞ༷ན་ཕྱི་དོན་དུ་གྲུབ་པ་མི༷ན་ཏེ་ཕྱི་དོན་མི་འགྲུབ་ཞིང༌། འོ་ན་རང་གི་སེམས་ཉིད་དེར་སྣང་བས་གཞ༷ན་མི༷ན་པར་གཅིག་ཉིད་ཡིན་ནམ་སྙམ་ན། སེམས་དང་གཅིག་ཡིན་པ༷ར་ཡ༷ང་མི་བརྟག༷ས་ཏེ་གཅིག་ཡིན་ན་སེམས་གཅིག་པ་ཆ་མེད་དུ་གྲུབ་པ་ཉམས་པ་དེས་ན་ནི་མཁའ་ལ་སྐྲ་ཤད་ཀྱི་སྣང་བ་ལྟར་གཞི་མེད་ཀྱི་སྣང་བ་ཙམ་དུ་འདོད་དེ་སེམས་ནི་རྣམ་པ་ཐམས་ཅད་བྲལ་བའི་རང་བཞིན་ཤེལ་གོང་དག་པ་བཞིན་དུ་གནས་པ་ཡིན་པས་སྐྱོན་གང་ཡང་མེད་དོ་ཞེ་ན༷། ཁྱོད་སེམས་དངོ༷ས་པོར་འདོད་ན༷་ནི་ཇི༷་ལྟར༷་ན་ཡུལ་ལམ་རྣམ་པ་དེ༷་གཞ༷ན་མིན་ཏེ། རྣམ་པ་དངོས་པོ་མེད་པར་འདོད་པས་དངོས་དངོས་མེད་ཀྱི་གཞི་མཐུན་མི་སྲིད་པས་སོ། །གནོད་པ་དེར་དོགས་ནས་སེམས་ལས་གཞ༷ན་ཀྱང་མི༷ན་ནོ༷་ཞེ༷་ན། སེམས་ཀྱང་དངོ༷ས་པོར་མེ༷ད་པར་འགྱུར་ཏེ་དངོས་མེད་ཀྱི་རྣམ་པ་དང་གཅིག་ཡིན་པས་སོ། །སེམས་དངོས་པོར་མེད་ན་ལྟ་བྱེད་དུ་མི་རུང་ངོ་སྙམ་ན། །ཇི༷་ལྟར༷་ཁྱོད་སྒྱུ༷་མ༷་ལྟ་བུའི་ཕྱི་དོན་བདེ༷ན་པ་མི༷ན་ཡ༷ང་ཤེས་པས་བལྟ༷་བྱ༷་ཡིན་པར་འདོད་པ་དེ༷་བཞི༷ན་དུ་ལྟ༷་བྱེད༷་ཡིད་ཀྱང་སྒྱུ་མ་ལྟ་བུའི་བདེན་མེད་ཡིན་ཀྱང་ལྟ་བྱེད་དུ་འཐད་དོ། །གོང་དུ་དགག་པ་དང་འདིར་སྒྲུབ་པའི་དབང་དུ་བྱས་སོ། །ག༷ལ་ཏེ༷་འཁོ༷ར་བ་འདི་ནི་གཞན་དབང་གི་སེམས་དངོ༷ས་པོར་གྲུབ་པའི་རྟེན༷་ཅ༷ན་ཡིན་གྱི། འཁོར་བ་དེ༷་ནི༷་གཞ༷ན་དུ༷་ན་སེམས་དངོས་པོར་གྲུབ་པ་དེ་མེད་ན་མཁ༷འ་འདྲར་ཏེ་ནམ་མཁའ་བཞིན་དུ་ཅི་ཡང་མེད་པར་འགྱུར༷་གྱི་འཁོར་བའི་སྣང་བ་འདི་འབྱུང་མི་རིགས་ཏེ་རྟེན་གཞི་མེད་པས་ན་འཇིམ་པ་མེད་པའི་བུམ་པ་དང༌། སྣལ་མ་མེད་པའི་སྣམ་བུ་བཞིན་ནོ་སྙམ་ན། འཁོར་བ་འདི་དངོས་པོ་ཡིན་ན་སེམས་དང་གཅིག་གམ་ཐ་དད་གཅིག་ན་འབྲལ་མི་རུང་ལ་གཞན་ན་སེམས་ཙམ་གྱི་གྲུབ་མཐའ་ཉམས་པས་དངོས་མེད་དུ་འདོད་མོད། དེ་འདྲའི་འཁོར་བ་དངོ༷ས་མེ༷ད་ལ་དོན་བྱེད་པ་མེད་པས་དེ་དངོ༷ས་པོར་གྲུབ་པའི་སེམས་ལ༷་བརྟེ༷ན་པར་གྱུར་པ༷ས་ན༷། འཆིང་གྲོལ་གྱི་དོན་བྱེད༷་པ་དང༷་ལྡན་པ༷ར་ཇི༷་ལྟར༷་འགྱུར༷་ཏེ། རི་བོང་གི་རྭ་ལག་པ་ལ་བརྟེན་ནས་ཀྱང་ས་རྐོ་བ་མི་སྲིད་པ་བཞིན་དངོས་མེད་ནི་གང་ལའང་བརྟེན་པ་མིན་ཏེ། གལ་ཏེ་བརྟེན་པར་གྱུར་ན་རྒྱུ་འབྲས་ཀྱི་དངོས་པོར་འགྱུར་རོ། །དངོས་མེད་ཅེས་པ་ཐ་སྙད་དུའང་མེད་པའི་གཏན་མེད་ལ་བརྗོད་པ་དང༌། བདེན་པའི་དངོས་པོ་མེད་པའི་སྒྱུ་མ་ལྟ་བུ་ལ་བརྗོད་པ་གཉིས་ཡོད་པས། བདེན་དངོས་མེད་ཀྱང་སྣང་བར་ཤིན་ཏུ་འཐད་པ་མ་རྟོགས་ནས་དངོས་སྨྲ་བ་རྣམས་ཀྱིས་གཏན་མེད་ལྟ་བུར་བཟུང་བ་ལ་ལན་འདེབས་ཚུལ་ཡིན་ནོ། །དེ་ལྟར་དངོས་མེད་དང་སེམས་དངོས་པོ་གཉིས་ནམ་ཡང་མི་འབྲལ་བས་ན་སེམས་ཙམ་པ་ཁྱོད༷་ཀྱི༷་སེ༷མས་ནི༷་གྲོག༷ས་གཟུང་བ་མེ༷ད་པར༷་རང༷་རིག་རང་གསལ་གཅི༷ག་པུ༷་ཉིད༷་དུ༷་འགྱུར༷་བ༷་ཡི༷ན་ལ། གང་ཚེ་དེ༷་ལྟར༷་སེ༷མས་ནི༷་གཟུང༷་བ་དང་བྲལ༷་བ༷་དེ་ཚེ་འཛིན་པས་ཀྱང་སྟོང་ཞིང་གཉིས་སྟོང་མངོན་དུ་གྱུར་པ་དེ༷་ཡི་ཚེ་དེ་ཁོ་ན་ཉིད་མངོན་དུ་གྱུར་པས་ན་སེམས་ཅན་ཐ༷མས་ཅད༷་ཐོག་མ་ནས་དེ༷་བཞི༷ན་གཤེ༷གས་པ་ཉིད་དུ་འགྱུར་ཏེ་ལམ་འབད་རྩོལ་ལ་ལྟོས་པར་མི་འགྱུར་རོ། །དེ༷་ལྟ་བུ་ཡིན་ན༷་ཡ༷ང་ཆོས་ཐམས་ཅད་སེ༷མས་ཙམ་མོ་ཞེས་རྣམ་རིག་ཙམ༷་དུ༷་བརྟག༷ས་ཤིང་གྲུབ་པའི་མཐའ་བཞག་པ་ལ༷་ཡོ༷ན་ཏ༷ན་ཅི༷་ཞི༷ག་ཡོ༷ད་དེ། འདི་ལྟར་སེམས་ཙམ་གྱི་སྒྲས་སེམས་ལས་གཞན་པའི་དོན་འགོག་པར་བྱེད་ཅིང་གཉིས་སྟོང་གི་དེ་ཁོ་ན་ཉིད་སྒྲུབ་པར་འདོད་ཀྱང༌། གཉིས་སྣང་དགག་མི་དགོས་ལ་གཉིས་སྟོང་བསྒྲུབ་མི་དགོས་པས་ན་ལམ་དེས་ཅི་ཞིག་བྱ། དེས་ན་རྣམ་པ་མེད་པར་ཁས་བླང་ན་འཁོར་བའི་སྣང་བ་གཞི་མེད་དུ་འགྱུར་བས་མྱོང་བ་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །གཉིས་པ་ལམ་སྟོང་ཉིད་ལ་རྩོད་པ་སྤོང་བ་ནི། འདི་ལྟར་ཕྱི་ནང་གི་དངོས་པོ་འདི་དག་སྒྱུ༷་མ༷་ལྟ༷་བུ༷་ཤེ༷ས་ན༷་ཡ༷ང་དེས་ཇི༷་ལྟར༷་ཆགས་སོགས་ཉོ༷ན་མོ༷ངས་པ་ལྡོག༷་པར་འགྱུར༷་ཏེ་མི་འགྱུར་ཏེ༷། ག༷ང་ཚེ༷་སྒྱུ་མ་མཁན་རང་གིས་སྤྲུལ་པའི་སྒྱུ༷་མའི༷་བུ༷ད་མེ༷ད་མཛེས་མ་ལ༷་སྒྱུ་མའི་སྣང་བར་ཤེས་ཀྱང་དེ༷་ཡི་བྱེད༷་པ་པོ་ཉི༷ད་ཀྱང༷་དེ་ལ་ཆ༷གས་པ་སྐྱེ༷་བར་འགྱུར༷་བ་བཞིན་ནོ་སྙམ་ན། སྒྱུ་མའི་བུད་མེད་དེ༷་བྱེད༷་པ་པོ༷་ནི༷་བུད་མེད་ལ་སོགས་པའི་ཤེས༷་བྱ༷་གང་ལ༷འང་ཆགས་སོགས་ཉོ༷ན་མོ༷ངས་པའི་བ༷ག་ཆ༷གས་མ༷་སྤང༷ས་པ༷་ཡིན་པ་དེ༷ས་ན་ཡུལ་སྒྱུ་མའི་བུད་མེད་མཛེས་མ་དེ༷་མཐོ༷ང་བ་ན༷་མཐོང་མཁན་བྱེད་པ་པོ་དེ༷་ཡི་རྒྱུད་ལ་ནི་ཆགས་སོགས་ཉོན་མོངས་པའི་གཉེན་པོ་སྟོང༷་ཉིད༷་ཀྱི་བ༷ག་ཆགས་ཤིན་ཏུ་ཉ༷མ་ཆུང༷་བར་གྱུར་པ་ཉིད༷་ཀྱིས་ཆགས་སོགས་ཉོན་མོངས་པ་གཏན་ནས་ལྡོག་པར་ག་ལ་ནུས་ཏེ། དེའི་རྒྱུད་ལ་བདེན་འཛིན་དང་དངོས་སུ་འཛིན་སྟངས་འགལ་བའི་སྟོང་ཉིད་ནི་མེད་ལ། ཕྱི་རོལ་གྱི་བུད་མེད་དངོས་ཀྱིས་སྟོང་པར་མཐོང་བ་དེས་ཀྱང་སྒྱུ་མའི་བུད་མེད་དེ་དོན་དུ་གཉེར་ཞིང་འགྲོགས་པར་རེ་བ་སོགས་མི་སྐྱེ་བ་བཞིན་ནོ། །དེས་ན་འདོད་པའི་རྩ་བ་ནི་ཀུན་ཏུ་རྟོག་པ་ཡིན་ལ་དེ་སྤྲོས་པ་ལས་སྐྱེ་ཞིང་ཀུན་རྟོག་གི་སྤྲོས་པ་དེ་དག་ནི་སྟོང་པ་ཉིད་ཀྱིས་ཀུན་བརྟག་དང་ལྷན་སྐྱེས་ཐམས་ཅད་རིམ་གྱིས་སྤངས་ཏེ་མཐར་བློ་གཉེན་པོའི་ངང་དུ་གྱུར་པ་ན་ས་བོན་ཕྲ་བའང་སླར་མི་སྐྱེ་བའི་ཚུལ་དུ་ལྡོག་སྟེ་ཉི་མའི་དཀྱིལ་འཁོར་ལ་མུན་པ་གཏན་མི་གནས་པ་བཞིན་ནོ། །འོ་ན་དངོས་པོར་མངོན་ཞེན་དང༌། སྟོང་པ་ཉིད་དུ་མངོན་པར་ཞེན་པ་གཉིས་ཀའང་ཀུན་རྟོག་གི་སྤྲོས་པ་ལས་མ་འདས་ན་གླང་ཆེན་གྱི་ཁྲུས་བཞིན་དུ་སླར་ཡང་རྟོག་པའི་དྲྭ་བར་ཆུད་པ་ཁྱོད་ཀྱིས་ཀུན་རྟོག་ཇི་ལྟར་འགོག་སྟེ་འགོག་པར་མི་འགྱུར་རོ་ཞེ་ན། གང་དངོས་པོ་ཐམས་ཅད་རང་བཞིན་མེད་པའི་སྟོང༷་པ་ཉི༷ད་དུ་རྟོགས་པའི་བ༷ག་ཆ༷གས་གོ༷མས་པ༷ས་ནི༷་དེ་དང་འཛིན་སྟང་འགལ་བ་དངོ༷ས་པོའི༷་སྟེ་དངོས་པོར་ཞེན་པའི་བ༷ག་ཆ༷གས་སྤོང༷་བར་འགྱུར༷་ཞིང༷༌། དེའི་ཚེ་དངོས་མེད་དུ་འཛིན་པ་དེའང་གཞན་བསལ་བའི་རྟོག་པ་ཙམ་སྟེ་དངོས་པོའི་གནས་ཚུལ་ཡང་དག་ཏུ་གྲུབ་པ་མེད་པར་རྟེན་འབྱུང་གི་རིག་པས་གཏན་ལ་ཕབ་ནས། དངོས་དང་དངོས་མེད་ཅི༷་ཡ༷ང་བདེན་པར་གྲུབ་པ་མེ༷ད་ཅེ༷ས་ཏེ་མེད་པར་གོ༷མས་པ༷ས་ནི༷་སྟོང་པའམ་མེད་པར་ཞེན་པ་དེ༷་ཡ༷ང་ཕྱི༷་ན༷ས་སྤོང༷་བ༷ར་འགྱུར༷་ཏེ། ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། །བྱང་ཆུབ་སེམས་དཔའ་གང་གིས་འདི་ཤེས་ངེས་པར་འབྱུང་ཞེས་དང༌། ཀླུ་སྒྲུབ་ཀྱིས་འཇིག་རྟེན་ལས་འདས་པར་བསྟོད་པ་ལས། ཀུན་རྟོག་ཐམས་ཅད་སྤོང་བའི་ཕྱིར། །སྟོང་ཉིད་བདུད་རྩི་བསྟན་མཛད་དེ། །གང་ཞིག་དེ་ལ་ཞེན་གྱུར་པ། །དེ་ཡང་ཁྱོད་ཀྱིས་སྤངས་པ་ལགས། །ཞེས་གསུངས་པ་བཞིན་ནོ། །དེ་ལ་དངོས་པོ་ནི་མེད་པར་བཀག་ཀྱང༌། དེ་བཀག་པའི་མེད་པ་ནི་ཇི་ལྟར་དགག་པར་བྱ་སྟེ་དེ་བཀག་ན་སླར་ཡོད་པ་ཉིད་དུ་ལྡོག་སྟེ་མེད་པ་འགོག་པ་སྒྲུབ་པ་ཡིན་པའི་ཕྱིར་དང་དངོས་པོ་མེད་པ་ནི་གཉེན་པོ་ཡིན་པ་ལ་སོགས་པའི་ཕྱིར་རོ་སྙམ་ན་རེ་ཞིག་ཐོག་མེད་ནས་གོམས་པའི་དངོས་པོ་ཡོད་པ་ཉིད་དུ་ཞེན་པ་དེའི་ངོར་བྱས་ནས་མེད་པ་ཉིད་དུ་སྒྲུབ་ཅིང་གོམས་པར་བྱེད་དགོས་ཏེ། དངོས་པོ་རང་བཞིན་མེད་པར་མ་ཤེས་ན་གནས་ལུགས་མཐའ་བྲལ་ལ་ངེས་པ་སྐྱེ་བའི་སྐབས་གཏན་ནས་མེད་པས་སོ། །འོན་ཀྱང་མེད་པ་དེ་ཙམ་ཁོ་ན་གནས་ལུགས་མཐར་ཐུག་ནི་མ་ཡིན་ཏེ། བརྟགས་ཤིང་དཔྱད་པ་གང༷་གི་ཚེ༷་གཟུགས་སོགས་དངོས་པོ་གང༷་ཞིག༷་མེ༷ད་དོ༷་ཞེ༷ས་བརྟག༷་བྱའི༷་དངོ༷ས་པོ༷་དེ་ཐ་སྙད་དུ་རང་གི་ངོ་བོས་སྐྱེ་བ་སོགས་སུ་མི༷་དམི༷གས་པར་གྱུར་པ༷་དེ༷་ཚེ༷་དེ་ལ་བརྟེན་པའི་དངོ༷ས་མེད་ཀྱང་རྟེན༷་དངོས་པོ་དང་བྲལ༷་བ༷འམ་དངོས་པོ་མེད་པས་ནི་བློ༷་ཡི༷་མདུ༷ན་ན༷་དམིགས་གཏད་ཀྱི་ཡུལ་དུ་ཇི༷་ལྟར༷་གནས་ཏེ་གནས་མི་སྲིད་དེ་མོ་གཤམ་གྱི་བུ་སྐྱེ་བ་མེད་ན་དེ་ཤི་བའང་མི་དམིགས་པ་བཞིན་ནོ། །དེས་ན་མེད་པ་ནི་ཡོད་པ་ལ་བརྟེན་ནས་བཞག་པ་ཙམ་སྟེ་ལྟོས་མེད་དུ་ངོ་བོས་གྲུབ་པ་ནི་མེད་དོ། །དེ་ལྟར་ན་གང༷་གི་ཚེ༷་དགག་བྱ་དངོ༷ས་པོ་དང༷་དེ་བཀག་པའི་དངོ༷ས་མེ༷ད་གཉིས་པོ་དག༷་གང་ཡང་བློ༷་ཡི༷་མ༷དུ༷ན་ནམ་སྤྱོད་ཡུལ་ན༷་མི༷་གན༷ས་པ༷་དེ༷་ཡི་ཚེ༷་དེ་ལས་གཞན་གཉིས་ཀ་དང་གཉིས་མིན་ལ་སོགས་པ་བདེན་པར་གྲུབ་པའི་རྣམ༷་པ༷་གཞ༷ན་མེ༷ད་པ༷ས་ན་སྟོང་ངོ་མི་སྟོང་ངོ་ལ་སོགས་པའི་དམི༷གས་པའི་གཏད་སོ་མ་ལུས་པ༷་མེ༷ད་པ༷ར་སྤྲོས་པ་མ་ལུས་པ་རབ་ཏུ༷་ཞི༷་བ་ཡིན་ཏེ་སོ་སོ་རང་རིག་པའི་ཡེ་ཤེས་ཙམ་གྱིས་རབ་ཏུ་ཕྱེ་བ་སྨྲ་བསམ་བརྗོད་དུ་མེད་པ་ནམ་མཁའི་དཀྱིལ་ལྟ་བུའི་མཉམ་པ་ཉིད་དོ། །དེ་ཡང༌། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་དང༌། རྩ་ཤེས་ལས། གཞན་ལས་ཤེས་མིན་ཞི་བ་དང༌། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མེད། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་གསུངས་པ་བཞིན་ནོ། །གནས་ལུགས་མཐར་ཐུག་དེ་ལྟ་བུ་ཡིན་པ་དེའི་ཕྱིར། ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་དང༌། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །ཞེས་གསུངས་པས་སོ། །གསུམ་པ་འབྲས་བུ་གཞན་དོན་ལ་རྩོད་པ་སྤོང་བ་ནི། དེ་ལྟར་རྣམ་པར་རྟོག་པ་ཐམས་ཅད་དབྱིངས་སུ་ནུབ་པའི་སངས་རྒྱས་ཀྱི་ས་ན་གདུལ་བྱའི་དོན་དུ་འབད་རྩོལ་གྱི་སྤྲོས་པ་མི་མངའ་བས་དེས་སེམས་ཅན་གྱི་དོན་ཇི་ལྟར་མཛད་སྙམ་ན། དཔེར་ན་ཡི༷ད་བཞི༷ན་གྱི་ནོ༷ར་བུ༷་རིན་པོ་ཆེ་དང་དཔ༷ག་བས༷མ་གྱི་ཤིང༷་དག་ལ་སྤྱོད་ཡུལ་ན་གནས་ཤིང་གསོལ་བ་འདེབས་པར་བྱེད་པ་རྣམས་ཀྱི་དོན་བྱའོ་སྙམ་དུ་རྣམ་པར་མི་རྟོག་ཀྱང་ཇི༷་ལྟར༷་རེ༷་བ༷་ཡི་དོན་ཡོ༷ངས་སུ་སྐོང༷་བ༷་དེ༷་བཞི༷ན་གདུལ༷་བྱར༷་ཏེ་གདུལ་བྱ་རྣམས་ལ་སྔོན་གྱི་སྨོན༷་ལ༷མ་གྱི༷་དབ༷ང་གི༷ས་རྒྱལ༷་བའི༷་སྐུར༷་སྣང༷་ངོ༷་ཞེས་སྐུ་གང་ལ་གང་འདུལ་དུ་སྣང་ཞིང་ཆོས་སྟོན་པ་སོགས་ཀྱི་སྒོ་ནས་ཕན་བདེའི་ཕྲིན་ལས་དུས་རྟག་ཏུ་མཛད་པ་ཡིན་ནོ། །འདིར་སློབ་ལམ་གྱི་འབད་རྩོལ་ཐམས་ཅད་ཉེ་བར་ཞི་ཞིང་ཆོས་ཀྱི་དབྱིངས་ལས་ནམ་ཡང་མི་གཡོ་བའི་མྱང་འདས་མཐར་ཐུག་པ་བརྙེས་པ་ན་འབད་རྩོལ་གྱི་རྟོག་པ་མེད་ཀྱང༌། གཞན་དོན་དུ་ཕྲིན་ལས་འཇུག་པ་ནི་ནོར་བུ་ལ་སོགས་དཔེས་བསྟན་ཏེ་གཞན་ཡང་བརྒྱ་བྱིན་གྱི་གཟུགས་བརྙན་སོགས་དཔེ་བརྒྱད་པོ་དག་ཀྱང་ཡིན་ནོ། །ཡང་འདི་སྙམ་དུ། ད་ལྟའི་སྐབས་སུ་འདུལ་བྱེད་ཀྱི་ཆོ་འཕྲུལ་འདི་དང་འདི་ལྟ་བུས་གདུལ་བྱ་འདི་དང་འདི་ལ་ཕན་འདི་དང་འདི་ལྟ་བུ་གདགས་སོ་ཞེས་རྩོལ་བ་མེད་ན་སྔོན་གྱི་སྨོན་ལམ་གྱིས་དེ་ལྟ་བུ་སྒྲུབ་ག་ལ་ནུས་སྙམ་ན། དེ་ཅིའི་ཕྱིར་མི་ནུས་ཏེ། དཔེ༷ར་ན༷་སྔོན་ནམ་མཁའ་ལྡིང་གི་རིགས་སྔགས་གྲུབ་པ་བྲམ་ཟེ་ཤང་ཀུ་ཞེས་བྱ་བས་ན༷མ་མཁ༷འ་ལྡིང༷་གི༷་ནི༷་སྐུ་བརྙན་ནམ་མཆོད་རྟེན་ལ་སོགས་པའི་མཆོ༷ད་སྡོང༷་ས་དང་རྡོ་བ་སོགས་ལས་བསྒྲུབ༷ས་ན༷ས་དེ་གང་གིས་མཐོང་བ་སོགས་ལ་ཀླུ་ལ་སོགས་པའི་དུག་ཞི་བའི་ནུས་ལྡན་དུ་སྔགས་དང་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་པ་ན་བྱེད་པ་པོ་རང་ཉིད་འད༷ས་པར་གྱུར༷་པ༷་ཡི་རྗེས་སུ་དེ༷་འད༷ས་ནས་ཡུན་རི༷ང་པོ་ལོ༷ན་ཡ༷ང་མཆོད་སྡོང་དེ༷་ཡིས་དུག་དང༌། གདོ༷ན་ལ༷་སོ༷གས་པ༷་དངོས་སུ་ཞི༷་བར་བྱེད༷་པ་དེ་བཞི༷ན་དུ་ད་ལྟའི་འབད་རྩོལ་ཁོ་ན་མེད་ཀྱང་སྔོན་གྱི་འཕེན་པས་གཞན་དོན་སྒྲུབ་པ་ཅི་སྟེ་མེད། དེའི་ཕྱིར་བྱང་ཆུབ་སེམས་དཔའ་བླ་ན་མེད་པས་བྱང༷་ཆུབ༷་ཀྱི་དོན་དུ་སྤྱོད༷་པའི༷་སྟེ་ཚོགས་གཉིས་ཀྱི་སྤྱོད་པ་རླབས་པོ་ཆེ་དང་རྗེས༷་སུ་མཐུན༷་པ༷ར་རྒྱལ༷་བའི༷་མཆོ༷ད་སྡོང༷་སངས་རྒྱས་ཀྱི་གོ་འཕང་ཉིད་བསྒྲུབ༷ས་པ༷་ཡ༷ང་སྒྲུབ་མཁན་བྱང༷་ཆུབ༷་སེ༷མས་དཔ༷འ་དེ་མི་གནས་པའི་དབྱིངས་སུ་མྱ༷་ང༷ན་ལ༷ས་འད༷ས་ནས་ད་ལྟ་འབད་རྩོལ་དང་གཟུང་འཛིན་གྱི་སྤྲོས་པ་ནི་ཉེ་བར་ཞི་བར་གྱུར་ཀྱང༷་སེམས་ཅན་མཐའ་དག་གི་གནས་སྐབས་དང་མཐར་ཐུག་གི་དོ༷ན་རྣམ༷ས་ཐ༷མས་ཅ༷ད་མཛ༷ད་པ་ཡིན་ནོ། །ཡང་དེ་དག་འདི་སྙམ་དུ། གང་ཕན་ཚུན་མཆོད་པ་དང་ལེན་པའི་བསམ་པས་མཆོད་ན་བསོད་ནམས་འབྱུང་ཡང༌། སངས་རྒྱས་ལ་རྣམ་པར་རྟོག་པའམ་སེ༷མས་མེ༷ད་པ༷་ཡིན་ན་དེ་ལ༷་མཆོ༷ད་པ་བྱས༷་པ༷ས་ཇི༷་ལྟར༷་བསོད་ནམས་ཀྱི་འབྲས༷་བུ༷་དང་ལྡན༷་པ༷ར་འགྱུར༷་ཞེ་ན། སེམས་མེད་པ་ལ་མཆོད་པའི་འབྲས་བུ་མེད་ན་དེ་བཞིན་གཤེགས་པའི་རིང་བསྲེལ་དང་མཆོད་རྟེན་ལ་མཆོད་པ་ལ་འབྲས་བུ་མེད་དགོས་ནའང༌། ག༷ང་གི་ཕྱིར༷་སངས་རྒྱས་དངོས་སུ་བཞུག༷ས་པ༷འ༷མ་དེ་མྱ༷་ང༷ན་ལས་འད༷ས་པའི་རིང་བསྲེལ་དང་དེའི་སྙིང་པོ་ཅན་གྱི་མཆོད་རྟེན་ལ་མཆོད་པ་བསོད་ནམས་མཉམ་པར་རམ་མཚུ༷ངས་པ༷་ཉི༷ད་དུ་བྱམས་པ་སེང་གེ་སྒྲའི་མདོ་ལ་སོགས་པ་ལས་ཡང་ནས་ཡང་དུ་བཤ༷ད་པའི་ཕྱིར༷་རོ༷། །ཇི་སྐད་དུ། ད་ལྟ་ང་ལ་མཆོད་པ་དང༌། །མ་འོངས་རིང་བསྲེལ་མཆོད་པ་གཉིས། །བསོད་ནམས་མཉམ་ཞིང་རྣམ་སྨིན་མཉམ། །ཞེས་པ་ལ་སོགས་པས་སོ། །དེའི་ཕྱིར་བདག་ཅག་སངས་རྒྱས་དང་མཆོད་པའི་བསོད་ནམས་གཉིས་པོ་ཀུན༷་རྫོབ༷་སྒྱུ་མ་ཙམ་དུ་འདོད་པ་བ༷མ་ནི༷་ཁྱོད་དེ༷་ཉི༷ད་དུ༷འ༷ང་སྟེ་དོན་དམ་པར་འདོད་པ་གཉིས་ཀ་སུ་ཡིན་ཀྱང་རུང༷་སྟེ༷་སངས་རྒྱས་དེ༷་ལ་མཆོད་པའི་འབྲས༷་བུ་རྒྱ་ཆེན་པོ་ཡོད་པ་ནི་ལུང༷་ལ༷ས་ཏེ་ལུང་ཚད་མ་ལ་བརྟེན་ནས་འདོད་པ་ཡི༷ན་ཏེ་དཔེ༷ར་ན༷་ཁྱོད་བདེ༷ན་པ༷འི་སང༷ས་རྒྱས་མཆོད་པ་ལ༷་ཇི༷་ལྟར་འབྲས༷་བུར༷་ཏེ་འབྲས་བུ་དང་བཅ༷ས་པར་ཁས་ལེན་པའང་ལུང་ལས་ཡིན་པ༷་བཞི༷ན་དུ་ངེད་ཀྱང་བདེན་པར་མ་གྲུབ་པའི་སངས་རྒྱས་ལ་མཆོད་པའི་འབྲས་བུའང་མི་བདེན་པ་སྒྱུ་མ་ལྟ་བུ་འབྱུང་བར་ཁས་ལེན་པ་ཡིན་ནོ། །གསུམ་པ་ཐེག་ཆེན་མཆོག་ཏུ་བསྒྲུབ་པ་ལ། ལུང་ཐེག་ཆེན་བཀར་བསྒྲུབ་པ་དང༌། ལམ་སྟོང་ཉིད་གཉེན་པོར་སྒྲུབ་པ་གཉིས་ལས། དང་པོ་ནི། དེ་ལ་སྤྱིར་ཉན་ཐོས་ལ་སྤྲུལ་པའི་དང་བྱང་ཆུབ་ཆེན་པོར་འགྱུར་བ་དང༌། ཞི་བ་བསྒྲོད་པ་གཅིག་པ་དང༌། མངོན་པའི་ང་རྒྱལ་ཅན་ནམ་སེནྡྷ་བ་དང་བཞི་ཡོད་པ་ལས་ཕྱི་མ་གཉིས་སྟེ་དེ་ལས་ཀྱང་བདེན་པ་མ་མཐོང་ཡང་མཐོང་བར་རློམ་པས་རང་གི་གྲུབ་མཐའ་ལ་མངོན་པར་ཞེན་པ་དེ་དག་ན་རེ། བདེ༷ན་བཞི་རྣམ་པ༷་མི་རྟག་སོགས་བཅུ་དྲུག་མངོན་སུམ་མཐོ༷ང་བ་དེ་ཁོ་ན་གོམས་པས་རྣམ་པར་གྲོལ༷་བ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་འགྱུར༷་གྱི༷་ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང༷་པ་ཉི༷ད་མཐོ༷ང་བ༷ས་ཅི༷་ཞི༷ག་བྱ༷་སྟེ་དགོས་པ་མེད་དོ་ཞེས་ཐེག་པ་ཆེན་པོ་ན་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བཤད་པ་ལ་སྐྲག་ཅིང་སྤངས་ནས་དེ་འདྲའི་སྟོང་ཉིད་དེ་མ་རྟོགས་ཀྱང་གང་ཟག་གི་བདག་མེད་རྟོགས་པ་ཡོད་པར་རློམས་ནས་རྩོད་པའོ། །དེ་འདྲའི་རྩོད་པ་ནི་གྱི་ན་སྟེ། གང༷་གྱི་ཕྱིར༷་ན་སྟོང་པ་ཉིད་སྤངས་པའི་ཕ་རོལ་ན་ཉོན་མོངས་པ་རྩ་བ་ནས་སྤོང་ནུས་པའི་གཉེན་པོ་མི་སྲིད་པས་ན་རྒྱལ་བའི་ཡུམ་ལ་སོགས་པ་ལུང༷་རྣམས་ལ༷ས་ཀྱང་སྟོང་པ་ཉིད་རྟོགས་པའི་ལ༷མ་འདི༷་ནི༷་མེ༷ད་པ༷ར་ཐར་པ་བྱང༷་ཆུབ༷་གསུམ་མེད༷་པ༷ར་གསུང༷ས་ཏེ། ཇི་ལྟར་ན་གང་དངོས་པོའི་འདུ་ཤེས་ཅན་ལ་ཐར་པ་བྱང་ཆུབ་གསུམ་གང་ཡང་རུང་བ་མེད་པར་གསུངས་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་འབྲས་བུ་དག་ཀྱང་ཤེར་ཕྱིན་སྟོང་པ་ཉིད་འདི་ལ་མ་བརྟེན་པར་ཐོབ་པར་མི་ནུས་པས་འདི་འཕགས་བཞི་སྐྱེད་པའི་ཡུམ་དུ་གསུངས་པས་སོ། །དེ་ལ་དེ་དག་ན་རེ། ཁྱེད་ཀྱིས་སྒྲུབ་བྱེད་ལུང་ཐེག་ཆེན་དེ་ཉིད་བདག་ཅག་ལ་ལུང་ཡང་དག་པ་སངས་རྒྱས་ཀྱི་བཀར་མ་གྲུབ་སྟེ། སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ་བདུད་ཀྱི་མཐུ་ལས་རྟོག་གེ་བ་དག་གིས་བྱས་པའི་ཚིག་ཡིན་པས་དེ་ཡིད་ཆེས་པའི་ལུང་དུ་མི་རུང་ངོ་ཞེ་ན། ག༷ལ་ཏེ༷་ཐེ༷ག་ཆེ༷ན་སངས་རྒྱས་ཀྱི་བཀའ་ཡིན་པར་མ༷་གྲུབ༷་ན༷། འོ་ན་ཉན་ཐོས་པ་ཁྱོད༷་ཀྱི༷་ལུང་དེ་ནི༷་སངས་རྒྱས་ཀྱི་བཀའ་ཡིན་པར་ཇི༷་ལྟར༷་གྲུབ༷་ཅེ༷ས་དྲིའོ། །དེ་ལ་ལན་དུ་ཁོ་བོ་ཅག་གི་ལུང་འདུལ་བ་ལུང་སྡེ་བཞི་དང་མདོ་སྡེ་གཅིག་ལས་འཕྲོས་པ་སོགས་དང༌། མངོན་པ་སྡེ་བདུན་སོགས་འདི་རྣམས་ནི་ག༷ང་གི་ཕྱིར༷་བཀའ་ཡིན་པར་རང་རེ་གཉིས༷་ཀ༷་ལ༷་འདི༷་རྣམས་གྲུབ༷་པ་མིན་ནམ། དེའི་ཕྱིར་འདི་རྣམས་བཀའ་ཡིན་པར་རྩོད་པ་མེད་དོ་ཞེ་ན། ཅི་གཉིས་ཀ་ཞེས་པ་འདི་ཁྱོད་དང་གཉིས་སམ། འོན་ཏེ་གཞན་གང་ཡང་རུང་བ་གཉིས་ཡིན། དང་པོ་ལྟར་ན། ཁྱེད་དང༷་པོ༷་སྐྱེས་མ་ཐག་པ་སོགས་སུ་ཁྱོད༷་ལ༷་ཐེག་དམན་གྱི་སྡེ་སྣོད་འདི༷་རྣམས་སངས་རྒྱས་ཀྱི་བཀའ་མ༷་གྲུབ༷་པས་ན་དེའི་ཚེ་གཉིས་ཀ་ལ་འདི་གྲུབ་པོ་ཞེས་པ་དེ་མེད་པས་བཀའ་ཇི་ལྟར་ཡིན། ལུང་དང་སྐྱེས་བུ་ལ་རང་བཞིན་གྱིས་འབྲེལ་བ་མེད་པས་ན་ཁྱོད་ལ་དང་པོ་ནས་འདི་ལུང་ཚད་མར་གྲུབ་པ་ནི་མི་སྲིད་དོ། །ཁོ་བོ་ལ་དང་པོ་ནས་མ་གྲུབ་ཀྱང་ཡིད་ཆེས་སུ་རུང་བའི་རྒྱུ། དང་པོ་སྟོན་པས་གསུངས། བར་དུ་དགྲ་བཅོམ་རྣམས་ཀྱིས་བཀའ་བསྡུ་མཛད་ཅིང་དགོངས་འགྲེལ་གྱིས་གསལ་བར་བྱས་པ་བླ་མ་བརྒྱུད་པའི་རིམ་པ་ལས་ཐོས་པ་དང་ཆོས་ལ་བརྟག་པའི་མཐའ་གསུམ་དང་མི་འགལ་བར་ཡང་དག་པའི་ལམ་སྟོན་པའི་ལུང་དུ་རིགས་པས་གྲུབ་པའི་རྐྱེན༷་གང༷་དག་གི༷ས་ནི༷་ལུང་སྡེ་བཞི་ལ་སོགས་པ་དེ༷ར་སངས་རྒྱས་ཀྱི་བཀར་ཡི༷ད་ཆེ༷ས་པས་གྲུབ་པོ་ཞེ་ན། དེ་ལྟ་བུའི་ཡིད་ཆེས་སུ་རུང་བའི་རྐྱེན་དེ༷་རྣམས་ནི༷་ཐེ༷ག་ཆེ༷ན་ལ༷་ཡ༷ང་ཡོ༷ད་པར་མཚུང༷ས་ཏེ། དང་པོ་སྟོན་པས་གསུངས། བར་དུ་འཇམ་དབྱངས་དང་བྱམས་པ་སོགས་ཀྱིས་བཀའ་བསྡུ་མཛད་ཅིང་བྱམས་པ་ཀླུ་སྒྲུབ་སོགས་ཀྱིས་དགོངས་འགྲེལ་གྱིས་གསལ་བར་བྱས་པ་ཡིད་ཆེས་སུ་རུང་བའི་བླ་མ་བརྒྱུད་པའི་རིམ་པ་ལས་ཐོས་ཤིང་ཆོས་ལ་བརྟག་པའི་མཐའ་གསུམ་དང་མི་འགལ་བར་ཡོད་པས་ཁྱོད་བློ་དང་ལྡན་ཞིང་གཟུ་བོར་གནས་ན་གྲུབ་ཏུ་ཉེ་བ་ཡིན་པས་འདིའང་འུ་བུ་གཉིས་ཀ་ལ་གྲུབ་པར་རུང་གི་མི་འགྲུབ་པ་མིན་ནོ། །ཕྱི་མ་ལྟར་ན་གཞ༷ན་གང་ཟག་གང་ཡང་རུང་བ་གཉི༷ས་ཀྱིས་འདོ༷ད་པ༷ས་ཏེ་དེའི་ངོར་གྲུབ་ཟིན་ནས་ཁས་བླངས་ཕན་ཆད་ལུང་དེ་བདེ༷ན་པ་ཡིན་ན༷་ནི༷་རི༷ག་བྱེད༷་བཞི་ལ་སོ༷གས་པའི་མུ་སྟེགས་པའི་གཞུང་རྣམས་ཀྱང༷་བདེ༷ན་པ༷ར་འགྱུར༷་ཏེ། དེ་གང་ཟག་གཉིས་ལ་སོགས་པ་དུ་མས་ལུང་ཡང་དག་ཏུ་འདོད་པའི་ཕྱིར་རོ། །གལ་ཏེ་ཐེག་དམན་ལ་བཀའ་ཡིན་མིན་རྩོད་པ་མེད་ལ་ཐེག༷་ཆེ༷ན་རྩོད༷་པ་དང་བཅ༷ས་པའི་ཕྱིར༷་བཀའ་མིན་ནོ་ཞེ༷་ན༷། རྩོད་པ་དང་བཅས་པ་ཙམ་གྱིས་ལུང་ཡང་དག་མིན་པར་མི་འགྱུར་ཏེ། གལ་ཏེ་འགྱུར་ན་ནང་པ་སངས་རྒྱས་པའི་ལུང༷་སྤྱི་ལ༷་མུ༷་སྟེག༷ས་པ༷་རྣ༷མས་ཀྱིས་རྩོད་པ་དང༷་བཅས་ཤིང༌། ལུང༷་གི་བྱེ་བྲག་གི་ཕྱོགས་སམ་གཞ༷ན་བཟུང་ནས་གྲུབ་མཐའ་སོ་སོ་དང་ཉན་ཐོས་སྡེ་པ་བཅོ་བརྒྱད་ལ་སོགས་པ་ལ༷་ཡ༷ང་ནང་ཕན་ཚུན་རང༷་གཞ༷ན་དག༷་རྩོད༷་པ་དང་བཅ༷ས་པ་ཡི༷ན་པའི་ཕྱིར༷་ཐེག་དམན་ཀྱང་ཁྱོད་ཀྱིས་དོར༷་བྱར༷་འགྱུར་རོ༷། །དེ་ལྟར་ན་བསྟན༷་པ་ཡང་དག་པར་གནས་པའི་རྩ་བ་ནི་ཡང་དག་པའི་དགེ༷་སློང༷་ཉིད༷་ཡི༷ན་ན༷འང་དགེ་སློང༷་ཉི༷ད་ཀྱང༷་དཀའ་བར་གན༷ས་ཏེ་ཡོད་པར་དཀའོ། །དེ་ཡང་དགེ་སློང་ལ་སྒྲས་བརྗོད་ཀྱི་དབྱེ་བ་ལྔར་གསུངས་ཏེ། མིང་གི་དགེ་སློང་དང༌། ཁས་འཆེ་བའི་དགེ་སློང༌། སློང་བའི་ངང་ཚུལ་གྱི་དགེ་སློང༌། བསྙེན་པར་རྫོགས་པའི་དགེ་སློང༌། ཉོན་མོངས་པ་སྤང༷ས་པའི་དགེ་སློང་རྣམས་ལས་དང་པོ་གསུམ་མིང་ཙམ་སྟེ། ཐ་མ་གཉིས་མཆོག་ཡིན་པས་དེ་གཉིས་བསྟན་རྩ་ཡིན་ལ། དེ་ལས་ཀྱང་དོན་དམ་པའི་དགེ་སློང་མཆོག་ནི་ཉོན་མོངས་པ་སྤངས་པ་ཡིན་ན་དེ་དཀའ་བར་གནས་ཏེ་ཉོན་མོངས་སྤོང་བའི་རྒྱུ་བདེན་པ་མཐོང་བ་མི་སྲིད་དེ་ཆོས་ཀྱི་གནས་ལུགས་སྟོང་པ་ཉིད་དང་མི་ལྡན་པར་འདོད་པས་ནའོ། །བསྙེན་པར་རྫོགས་པའི་དགེ་སློང་ཡང་དཀའ་བར་གནས་ཏེ་རྩོད་བཅས་ཕྱིར་ཞེས་ཤུགས་ལས་ཏེ་རྩོད་བཅས་ཐམས་ཅད་དོར་བྱར་ཁས་བླང་བའི་ཕྱིར་འདུལ་ལུང་སྡེ་བཞི་དོར་དགོས་པའི་ཕྱིར་རོ། །ཁོ་ན་རེ། ཅིའི་ཕྱིར་ཉོན་མོངས་སྤངས་པའི་དགེ་སློང་མེད་དེ་སྟོང་ཉིད་མེད་ཀྱང་བདེན་བཞི་མཐོང་བ་ཡོད་པས་སོ་སྙམ་ན། དེ་ལ་བདེན་བཞིའི་མི་རྟག་སོགས་ནི་གཙོ་བོ་མ་ཡིན་ལ། ལམ་གྱི་གཙོ་བོ་ཉོན་མོངས་རྩ་བ་ནས་སྤོང་བའི་དངོས་གཉེན་ནི་བདག་མེད་རྟོགས་པའི་ཤེས་རབ་ཡིན་ནོ། །དེས་ན་སྟོང་པ་ཉིད་སྤངས་ནས་སེ༷མས་ནི༷་དམི༷གས་པ་དང༷་བཅ༷ས་པ་རྣམ༷ས་ཀྱིས༷་མྱ༷་ང༷ན་ལས་འད༷ས་པ༷འ༷ང་ཐོབ་པར་དཀ༷འ་བ༷ར་གནས་ཏེ། དེའི་རྒྱུ་མཚན་བདག་ཏུ་འཛིན་པ་དྲུང་ནས་མ་ཕྱུང་བར་ཉོན་མོངས་སྤོང་བའི་ཐབས་མེད་ལ། དེ་དྲུང་ནས་འབྱིན་པ་ལ་ཡུལ་སྟོང་བར་མཐོང་བ་ཁོ་ན་ལས་གཞན་རྩད་ནས་ལྡོག་ཐབས་མི་སྲིད་དོ། །ཡུལ་ཡོད་པར་ཞེན་པའི་བག་ཆགས་མ་སྤངས་བར་རེ་ཞིག་བསམ་གཏན་ལྟ་བུས་མགོ་མནན་ཀྱང་སླར་སྐྱེ་བར་འདུ་ཤེས་མེད་པའི་སྙོམས་འཇུག་བཞིན་ནོ་ཞེས་འགོད་པར་འགྱུར་བ་བཞིན་ནོ། །དེས་ན་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་དུ་གྱུར་པའི་བདག་རང་བཞིན་གྱིས་གྲུབ་པ་མེད་པའི་སྟོང་ཉིད་ཁོང་དུ་ཆུད་པའི་བདེན་པ་མཐོང་བ་ལས་ཉོན་མོངས་སྤོང་གི་གཞན་དུ་ན་དེ་མི་འཐད་དོ། །དེ་ལ་དེ་དག་ན་རེ། བདག་མེད་པ་མཐོང་དགོས་པར་ཁོ་བོ་འདོད་ཀྱང་དེ་དང་སྟོང་ཉིད་དོན་མི་གཅིག་སྟེ་སྟོང་པ་ཉིད་ནི་གཟུགས་སོགས་སུ་ཡོད་པའི་ཆོས་ལ་མེད་ཅེས། སྐུར་པ་འདེབས་པའི་ལྟ་བ་འཇིགས་སུ་རུང་བ་ཡིན་ལ་གང་ཟག་གི་བདག་ནི་ཡེ་ནས་མེད་པ་ལ་མེད་པར་ཤེས་པ་ནི་གནས་ཚུལ་དང་མཐུན་པའི་ལྟ་བ་ཡང་དག་པ་ཡིན་པས་སོ་ཟེར་ན། དེ་གཉིས་ལ་སྟོང་པ་ཉིད་དུ་ཁྱད་པར་གང་ཡང་མེད་དེ། གང་ཟག་གི་བདག་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་འདི་ལ་རང་གི་ངོ་བོས་གྲུབ་པ་མེད་པ་ནི་གང་ཟག་གི་བདག་མེད་ཡིན་ལ། ཡན་ལག་ལ་སོགས་པའི་ཚོགས་པ་ལ་བརྟེན་ནས་བཏགས་པའི་ལུས་དང་བུམ་པ་སོགས་ཕུང་པོ་རྣམས་ཀྱང་རང་རང་གི་ངོ་བོས་སྟོང་པ་ནི་ཆོས་བདག་མེད་པ་སྟེ། དེས་ན་འདི་གཉིས་སྟོང་གཞི་ཆོས་ཅན་གྱི་ཁྱད་པར་ཙམ་སྟེ། ཆོས་བདག་མེད་ནི་ཆོས་སྤྱི་དང༌། གང་ཟག་གི་བདག་མེད་ནི་འཁོར་བའི་རྒྱུའི་གཉེན་པོ་ཡིན་པས་ལོགས་སུ་ཕྱེ་བ་ཙམ་ལས་སྟོང་ཚུལ་ལ་ཁྱད་པར་ཅི་ཡང་མེད་དོ། །དེ་ལ་འདིར་ཆོས་དང་གང་ཟག་གི་བདག་མེད་ལ་ཁྱད་ཆེན་པོ་ཡོད་པར་རློམས་ནས་ཆོས་བདག་མེད་སྟོང་པ་ཉིད་ནི་མི་དགོས་པར་གང་ཟག་གི་བདག་མེད་ཁོ་ནས་གྲོལ་བར་འདོད་པ་རྣམས་ཀྱི་ཞེ་འདོད་ནི། གང་ཡོད་པར་གྱུར་པའི་དངོས་པོ་ནི་སྟོང་པ་མ་ཡིན་ལ། གང་གཏན་ནས་ཡོད་མ་མྱོང་བ་བདག་ནི་རི་བོང་གི་རྭ་བཞིན་དུ་དོན་ལ་མེད་པ་ཞིག་སྟེ་དེ་ཕྱིར་ཆོས་བདག་མེད་པ་འདིས་ཅི་བྱ་སྙམ་དུ་གང་ཟག་གི་བདག་བརྟེན་ནས་བཏགས་པའི་དེ་ཁོ་ན་ཉིད་དུ་མ་ཤེས་པར་རྩོད་པའོ། །ལེགས་པར་བརྟགས་ན་བདག་མེད་གཉིས་ཀའང་བརྟེན་ནས་བཏགས་པའི་སྟོང་པ་ཉིད་ཙམ་དུ་རོ་གཅིག་པས་ཁྱད་པར་ཅི་ཡང་མེད་པ་ལ་དགོངས་ནས་ཉན་རང་ལ་ཆོས་བདག་མེད་དམ་སྟོང་ཉིད་རྟོགས་པ་ཡོད་དེ། དེ་མེད་ན་ཉོན་མོངས་ཀྱང་སྤང་མི་ནུས་པར་དངོས་སྟོབས་ཀྱི་རིགས་པས་བསྒྲུབས་པས་སོ། །དེ་ཡང་གང་ཟག་རང་བཞིན་མེད་པར་སྟོང་པ་ཉིད་དུ་རྟོགས་པ་དེ་ཆོས་བདག་མེད་ཀྱི་བྱེ་བྲག་ཀྱང་ཡིན་སྟོང་ཉིད་ཀྱང་ཡིན་པར་གོ་དགོས་སོ། །དེས་ན་ཆོས་བདག་མེད་རྟོགས་པའི་ཡེ་ཤེས་ནི་སྤྱི་ཡིན་ལ། གང་ཟག་གི་བདག་མེད་རྟོགས་པའི་མཁྱེན་པ་ནི་དེའི་བྱེ་བྲག་སྟེ་ཉི་ཚེ་བའོ། །ཆོས་བདག་འཛིན་ནི་རྨོངས་པ་སྤྱི་དང༌། གང་ཟག་གི་བདག་འཛིན་ནི་དེའི་བྱེ་བྲག་སྟེ། ཤིང་དང་བལ་ཤ་བཞིན་ནོ། །གང་ཟག་གི་བདག་ཏུ་འཛིན་པ་ལས་ནི་སེར་སྣ་སོགས་ཉོན་མོངས་པའི་སྒྲིབ་པ་སྐྱེ་ཞིང༌། ཆོས་བདག་ལས་འཁོར་གསུམ་དུ་རྟོག་པ་ཤེས་བྱའི་སྒྲིབ་པ་སྐྱེའོ། །དེས་ན་བདག་མེད་གཉིས་རྟོགས་ཀྱི་བྱང་ཆུབ་སེམས་དཔའི་མཁྱེན་པས་སྒྲིབ་པ་གཉིས་ཀ་སྤོང་ལ། ཉན་རང་ལམ་གྱིས་ཉོན་མོངས་པ་རྐྱང་པ་སྤོང་བར་ཤེས་པར་བྱའོ། །དེ་ལྟར་བདེན་བཞི་མཐོང་བས་ཉོན་མོངས་སྤངས་པའི་བུད་ཤིང་ཟད་པའི་མེ་བཞིན་མྱ་ངན་ལས་འདས་པར་འགྱུར་རོ་སྙམ་པ་ལ། སྟོང་ཉིད་མ་རྟོགས་བཞིན་བདེན་པ་མཐོང་བར་མི་སྲིད་པར་བསྒྲུབས་ནས། སྐྱོན་གཞན་ཡང་གང་ཟག་གི་བདག་མེད་མཐོང་བས་ཉོན་མོངས་ཙམ་སྤངས་ཀྱང་དེ་གྲོལ་བའི་མཐར་ཐུག་པ་ནི་མ་ཡིན་ཏེ་ཉོ༷ན་མོ༷ངས་སྤང་པ༷ས་ཏེ་སྤངས་པ་ཁོ་ནས་སྡུག་བསྔལ་མཐའ་དག་ལས་གྲོལ༷་བར་འགྱུར་རོ་ཞེ་ན༷། འོ་ན་ཉོན་མོངས་མཐའ་དག་སྤངས་ནས་དགྲ་བཅོམ་པ་ཐོབ་པ་དེའི་དེ༷་མ༷་ཐ༷ག་ཏུ༷་སྡུག་བསྔལ་མཐའ་དག་ལས་གྲོལ་བ་དེར༷་འགྱུར༷་རིགས་ཏེ་འཆིང་བ་མེད་པར་འདོད་པའི་ཕྱིར་རོ༷། །དེ་འདོད་དོ་ཟེར་ན། ཉོ༷ན་མོ༷ངས་པ་མེ༷ད་ཀྱང༷་འཕགས་པ་དགྲ་བཅོམ་པ་མཽའུུ་གལ་གྱི་བུ་ཆེན་པོ་དང་རྒུར་ཆུང་ལྟ་བུ་དེ༷་དག༷་ལ༷་སྔོན་གྱི་ལ༷ས་ཀྱི༷་ནུས༷་པ༷་སྨིན་པ་ད་དུང་མཐོ༷ང་བ༷་ཡི༷ན་པས་གནོད་དོ། །སྐྱོན་མེད་དེ་སྔར་གྱི་ལས་ཉོན་གྱིས་འཕངས་པའི་སྐུ་ཚེ་འདི་ལ་ལས་ཀྱི་ནུས་པ་འབྱིན་པར་མཐོང་ཡང༌། རེ་ཞི༷ག་ཡང་སྲིད་ཉེ༷ར་ལེན་ཏེ་ཉེ་བར་ལེན་པའི་རྒྱུ་སྲེད༷་པ༷་ཡིན་པས་དེ་ནི༷་མེ༷ད་ཅེས༷་ཏེ་མེད་ཅིང་དེའི་ཕྱིར་སྲིད་པ་གཞན་དུ་མཚམས་མི་སྦྱོར་ཞེས་ངེ༷ས་པ༷་ཉིད༷་དུ་སྨྲའོ་ཞེ༷་ན༷། ཉན་རང་དགྲ་བཅོམ་པ་འདི་ལས་ཉོན་ཀྱིས་འཕངས་པས་སྲིད་པ་རྣམས་སུ་མཚམས་མི་སྦྱོར་དུ་ཆུག་ཀྱང༌། འོན་ཀྱང་འདི་ཁྱོད་རང་གི་འདོད་པ་ལྟར་མར་མེ་རྒྱུན་ཆད་པ་བཞིན་དུ་ཞི་བར་འགྱུར་བ་མིན་ཏེ། འདི་ལ་ཡིད་ཀྱི་རང་བཞིན་གྱི་ལུས་འགྲུབ་པའི་རྒྱུ་ཚོགས་པ་ཚང་ཞིང་གེགས་མེད་པ་ཡོད་པའི་ཕྱིར། གང་ཞེ་ན་དགྲ་བཅོམ་པའི་རྒྱུད་ཀྱི་སྲེད༷་པ་འདི༷་ངར་འཛིན་གྱིས་བསྐྱེད་པའི་ཉོ༷ན་མོ༷ངས་པ་ཅ༷ན་མི༷ན་ཡ༷ང༌། དཔེར་ན་ཉོན་མོངས་ཅན་མིན་པའི་ཀུན༷་རྨོང༷ས་ཏེ་ཡུལ་དུས་བསྐལ་པའི་དངོས་པོ་མི་ཤེས་པའི་རྨོངས་པ་ཡོད་པར་འདོད་པ་བཞི༷ན་དུ༷་སྲེད་པ་ཉོན་མོངས་ཅན་མིན་པའང་ཅི༷་སྟེ༷་མེ༷ད་དེ་ཡོད་དོ། །དེའི་ཕྱིར་རྒྱུ་ཀུན་རྨོངས་མ་ལོག་པས་དེའི་འབྲས་བུའི་ཆ་ཡང་མི་ལྡོག་སྟེ། འདི་ལྟར་ཚོ༷ར་བའི༷་རྐྱེན༷་གྱིས༷་སྲེད༷་པ༷་སྐྱེ་བ་ཡི༷ན་ན། ཚོ༷ར་བ༷་ནི་དགྲ་བཅོམ་པ་དེ༷་དག༷་ལ༷་ཡ༷ང་ཡོ༷ད་པས་སོ། །ཞེས་རྒྱུ་ཚོགས་གྲངས་ཚང་གི་གཏན་ཚིགས་ཀྱིས་བསྒྲུབས་ཏེ། མ་རིག་བག་ཆགས་ཀྱི་ས་དང༌། དེའི་དབང་གིས་ཟག་མེད་ཀྱི་ལས་དང༌། ཡིད་ཀྱི་ལུས་བསམ་མི་ཁྱབ་འགྱུར་གྱི་འཆི་འཕོ་བ་རྣམས་མ་སྤངས་པས་གྲོལ་བ་གཏན་དུ་བ་མིན་ལ། ཕུང་པོ་ཕྲ་བ་རྒྱུན་ཀྱང་མི་འཆད་པས་གདོད་ཐེག་ཆེན་དུ་འཇུག་དགོས་ཏེ་སྤང་བྱ་ཤིན་ཏུ་ཕྲ་བ་མི་སྤོང་བའང་ཆོས་བདག་མེད་རྫོགས་པར་རྟོགས་ཤིང་བསྒོམ་པ་མེད་པ་དེས་ནའོ། །དེ་དག་ན་རེ། དགྲ་བཅོམ་པ་དེ་དག་སྐུ་ཚེའི་འདུ་བྱེད་གཏོང་བའི་ཚེ་ཕུང་པོ་རྒྱུན་ཆད་ཅིང་ཞི་བར་ཅི་སྟེ་མི་འགྱུར་ཏེ། སླར་ཡང་སྐྱེ་བའི་རྒྱུ་མ་ཚང་བས་སྣུམ་ཟད་པའི་མར་མེ་བཞིན་ནོ་སྙམ་ན། དེ་དག་འཁོར་བར་སྐྱེ་བའི་རྒྱུ་ཉོན་མོངས་པ་མེད་པས་སྲིད་པར་མི་སྐྱེ་ཡང༌། ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་ཉིད་རྫོགས་པར་མ་རྟོགས་པས་དམི༷གས་པ༷་དང༷་ནི༷་བཅ༷ས་པའི༷་སེ༷མས་དེ་ཉིད་འཁོར་འདས་སྤང་གཉེན་དུ་འཛིན་པ་ལྟ་བུ་སོགས་ཕྱོགས་སམ་སྤྲོས་པ་འག༷འ་ཞིག༷་ལ༷་ནི༷་གན༷ས་པ༷ར་འགྱུར༷་གྱི། དམིགས་པ་མེད་པར་རབ་ཏུ་ཞི་བ་ནི་མ་ཡིན་ནོ། །དེ་ཕྱིར་མཐའ་ཐམས་ཅད་སྤངས་པའི་སྟོང༷་ཉིད༷་དང༷་ནི༷་བྲལ༷་བའི༷་སེ༷མས་ཡོད་པ་དང་མེད་པ་སོགས་ཀྱི་སྤྲོས་པ་དང་བཅས་པ་དེ་ནི་རེ་ཞིག་འགོག་པའི་དབྱིངས་སུ་འག༷ག་པར་གྱུར་པ༷་དག་སླར༷་ཡ༷ང་སྐྱེ༷་བར་འགྱུར༷་ཏེ༷། ཡིད་ཀྱི་ལུས་འཕེན་པའི་རྒྱུ་ཟག་མེད་ཀྱི་ལས་དང་མ་རིག་བག་ཆགས་ཀྱི་ས་རྒྱུད་ལ་ལྡན་པའི་ཕྱིར་ཏེ། དེའི་གཉེན་པོ་སྤྲོས་པ་མཐའ་དག་འགགས་པའི་སྟོང་ཉིད་མ་ཐོབ་པའི་ཕྱིར་དཔེར་ན་འདུ༷་ཤེ༷ས་མེ༷ད་པའི༷་སྙོམ༷ས་འཇུ༷ག་གམ་དེའི་འབྲས་བུ་འདུ་ཤེས་མེད་པའི་ལྷར་སྐྱེས་པ་བཞི༷ན་ནོ། །དེས༷་ན༷་མྱ་ངན་ལས་འདས་པར་འདོད་པ་རྣམས་ཀྱིས་སྟོང༷་ཉིད༷་བསྒོམ༷་པ༷ར་བྱ༷་སྟེ། དེ་སྤངས་ནས་གནས་སྐབས་དང་མཐར་ཐུག་གི་མྱང་འདས་གང་ཡང་མི་ཐོབ་བོ། །དེ་ཡང་མཐར་ཐུག་གི་མྱང་འདས་མི་ཐོབ་པའི་ཚུལ། དམ་ཆོས་པད་དཀར་ལས། འདི་ལྟར་མྱ་ངན་འདས་པར་གང་བརྗོད་པ། །འཁོར་བའི་སྡུག་བསྔལ་དག་ལས་ཁྱེད་ཐར་ཡང༌། །ཁྱོད་ནི་ད་དུང་མྱ་ངན་ཡོང་མ་འདས། །སངས་རྒྱས་ཐེག་པའི་མཆོག་འདི་བཙལ་བར་གྱིས། །ཞེས་སོགས་མདོ་རྣམས་ལས་གསུངས་ལ་དེ་ཉིད་ཀྱི་ཕྱིར། རྒྱུད་བླ་མ་ལས། དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་ཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་བལྟ་བར་མི་ནུས་བཞིན། །ཞེས་དང༌། བྱང་ཆུབ་སེམས་འགྲེལ་ལས། ཉན་ཐོས་དེ་དག་ཇི་སྲིད་དུ། །སངས་རྒྱས་རྣམས་ཀྱིས་མ་བསྐུལ་བ། །དེ་སྲིད་ཡེ་ཤེས་ལུས་གཅིག་གི །ཏིང་འཛིན་མྱོས་པས་བརྒྱལ་ཏེ་གནས། །བསྐུལ་ནས་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན་ལ་དགའ་བྱེད་ཅིང༌། །བསོད་ནམས་ཡེ་ཤེས་ཚོགས་བསགས་ནས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་གསུངས་པ་བཞིན་ནོ། །གཞན་ཡང་དེ་དག་ན་རེ། གསུང་རབ་ཀྱི་ང༷ག་གང༷་ཞིག་ལྷག་པ་སེམས་ཀྱི་བསླབ་པ་སྟོན་པས་མདོ༷་སྡེ༷་ལ༷་འཇུག །ཚུལ་ཁྲིམས་ཀྱི་བསླབ་པ་སྟོན་པས་འདུལ་བ་ལ་སྣང༌། ཤེས་རབ་ཀྱི་བསླབ་པ་སྟོན་པས་མངོན་པའི་ཆོས་ཉིད་དང་མི་འགལ་བ་དེ༷་ནི་ག༷ལ་ཏེ༷་སང༷ས་རྒྱ༷ས་ཀྱི་གསུང༷ས་པའི་བཀའ་ཡིན་པར་འདོ༷ད་དགོས་ཀྱི་ཐེག་ཆེན་ནི་ཆོས་ཐམས་ཅད་སྟོང་ཉིད་དུ་བསྟན་ནས་བསླབ་པ་གསུམ་འགོག་པས་བཀའ་མ་ཡིན་ནོ་ཞེ་ན༷། ཐེ༷ག་ཆེ༷ན་གྱི་མདོ་སྡེ་ཕ༷ལ་ཆེ༷ར་ཡང་ཁྱེད༷་ཅ༷ག་གི༷་མདོ༷་སོགས་དང༷་མཚུང༷ས་པར་འདོ༷ད་པ་མི༷ན་ནམ༷་ཅི༷་སྟེ་ཡིན་ནོ། །གལ་ཏེ་མཚམས་མེད་པའང་ཁ་ཅིག་ཏུ་མི་མྱོང་བར་བཤད་པ་དང༌། ལོངས་སྐུ་རྟག་པར་བཤད་པ། འཁོར་བ་མི་སྤོང་བར་བསྟན་པ། གཟུགས་སོགས་མེད་པར་བསྟན་པ་སོགས་དམན་པའི་སྡེ་སྣོད་དང་མི་མཐུན་པ་མཐོང་བས་སོ་ཞེ་ན། ག༷ལ་ཏེ༷་དམ༷ན་པའི་སྡེ་སྣོད་དུ་མ༷་གཏོགས་པའི་ཐེག་ཆེན་ཐུན་མོང་མིན་པའི་བརྗོད་བྱ། སྟོན་པའི་མདོ་གཅི༷ག་གི༷ས་ནི༷་ཐེག་ཆེན་ཐ༷མས་ཅད༷་སངས་རྒྱས་ཀྱི་བཀའ་མིན་པའི་སྐྱོན༷་དང༷་བཅ༷ས་པར་འགྱུར༷་ན༷། ཁྱེད་རང་གི་མདོ༷་དང་བརྗོད་བྱ་མཚུང༷ས་པ་གཅི༷ག་གི༷ས་ཀྱང་ཐེག་ཆེན་ཐ༷མས་ཅ༷ད་ནི༷་རྒྱལ༷་བ༷ས་གསུང༷ས་པ༷་ཅིས༷་མ༷་ཡི༷ན་ཏེ་ཡིན་པར་གྲུབ་བོ། །དེས་ན་ཕྱོགས་རེ་བའི་དབང་དུ་བྱས་ཏེ་ཐེག་དམན་གྱི་སྡེ་སྣོད་ཁོ་ན་དང་འདྲ་དགོས་པ་མིན་ཏེ། བརྗོད་བྱ་བསླབ་པ་གསུམ་དང་མི་འགལ་བ་ལ་དགོངས་ནས་དེ་སྐད་དུ་བཤད་ན། དེ་ནི་ཐེག་ཆེན་ལ་ཡང་ཐེག་དམན་ལས་གོང་འཕེལ་གྱི་ཚུལ་དུ་ཡོད་དེ། མདོ་སྡེ་རྒྱན་ལས། རང་གི་ཉིད་ལ་འཇུག་པ་དང༌། །རང་གི་འདུལ་ལའང་སྣང་ཕྱིར་དང༌། །ཟབ་པའི་ཕྱིར་དང་རྒྱ་ཆེའི་ཕྱིར། །ཆོས་ཉིད་དང་ནི་འགལ་བ་མེད། །ཅེས་པ་བཞིན་ནོ། །ཡུམ་རྒྱས་པ་སོགས་བཀའ་ཡིན་ན་འོད་སྲུང་ཆེན་པོ་ལ་སོགས་པས་དེའི་བརྗོད་བྱ་རྟོགས་རིགས་ཤིང༌། དེ་ལས་བླ་མ་བརྒྱུད་པ་བར་མ་ཆད་པ་ལས་བཟུང་བར་རིགས་ནའང་དེ་མིན་པའི་ཕྱིར་བཀའ་མིན་ནོ་ཞེ་ན། ཐེག་ཆེན་གྱི་ངག༷་ག༷ང་ཞིག་འོ༷ད་སྲུང༷་ཆེན༷་པོ༷་ལ༷་སོ༷གས་པ༷ས་ཀྱང་གཏིང༷་དཔོ༷ག་པར་མ༷་གྱུར༷་བའི་ཟབ་པ༷་དེ༷་ནི༷་ཁྱོད༷་ཀྱི༷ས་མ༷་རྟོག༷ས་པ༷ས་འདི་སངས་རྒྱས་ཀྱི་བཀའ་མིན་ནོ་ཞེས་སྤོང་བའི་རྒྱུ་མཚན་དེས་འདི་གཟུང༷་བྱ༷་མི༷ན་པ༷ར་སུ་ཞིག༷་བྱེད༷་དེ། ཐེག་ཆེན་ཉིད་ཟབ་པས་རྟོགས་དཀའ་བའི་ཡོན་ཏན་དུ་ཤེས་སོ། །ཡང་ན་འོད་སྲུང་སོགས་ཀྱིས་རྟོགས་སམ་མ་རྟོགས་ཁྱོད་ཀྱིས་མ་རྟོགས་པས་ཞེས་ཀྱང་གསུངས་ཤློ་ཀ་འདི་གསུམ་གཞུང་དངོས་ཡིན་མིན་གསུངས་པ་ཡོད་དོ། །གཉིས་པ་ནི། ཡང་དེ་དག་ན་རེ། གལ་ཏེ་སྟོང་པ་ཉིད་མཐོང་ན་འཁོར་བར་གནས་པར་མི་འགྱུར་ཞིང་ལམ་དང་འབྲས་བུུ་ལ་མི་བརྩོན་པར་འགྱུར་རོ་ཞེ་ན། དོན་དམ་པར་སྡུག་བསྔལ་བར་མི་སྲིད་ཀྱང་རང་སེམས་རྨོང༷ས་པ༷ས་ཏེ་རྨོངས་པའི་དབང་གིས་སྡུག༷་བསྔལ༷་བ་ཅ༷ན་གཞན་གྱི་དོན༷་དུ་ཆོས་ཐམས་ཅད་སྟོང་པ་ཉིད་སྒྱུ་མ་ལྟ་བུར་མཐོང་བའི་བློས་སྲིད་པ་ལ་ཆ༷གས་པ་དང༷་དེ་ལ་སྐྲག་ཅིང་འཇི༷གས་པའི་མཐའ་གཉིས་ཀ་ལ༷ས་གྲོལ༷་ཏེ། སྲིད་པར་གནས་ཀྱང་སྲིད་པའི་སྐྱོན་གྱིས་མ་གོས་པ༷་འདམ་གྱི་པདྨ་བཞིན་དུ་འཁོ༷ར་བ༷ར་གན༷ས་པ༷ར་འགྲུབ༷་པར་འགྱུར་བ༷་འདི༷་ནི༷་སྟོང༷་ཉིད༷་རྟོགས་པའི་འབྲས་བུ་ཡི༷ན་ཏེ། གཞན་དུ་སྲིད་ཞི་མཉམ་ཉིད་དུ་མ་རྟོགས་ན་སྲིད་ལ་སྐྱོན་དང་ཞི་ལ་ཡོན་ཏན་གྱི་བློས་ཞི་བ་ཕྱོགས་གཅིག་པར་འགྱུར་རོ། །དེ༷་ལྟར༷་སྟོང༷་པ༷་ཉིད༷་རྣམ་པར་བཞག་པའི་ཕྱོག༷ས་ལ༷་མི་འཐད་པར་སུན༷་འབྱིན༷་པ༷་ནི༷་འཐ༷ད་པ་མ༷་ཡི༷ན་ཏེ། དེ༷ས་ན༷་ཐེ༷་ཚོ༷མ་ཅི་ཡང་མི༷་ཟ༷་བ༷ར་སྟོང༷་པ༷་ཉི༷ད་ནི༷་ཡང་དག་པར་བསྒོམ༷་པ༷ར་བྱའོ༷། །གཙོ་བོ་ཐར་པ་ལ་བར་དུ་གཅོད་པའི་ཉོ༷ན་མོ༷ངས་པའི་སྒྲིབ་པ་དང༌། གཙོ་བོ་ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པའི་ཤེ༷ས་བྱའི༷་སྒྲིབ༷་པ༷་ཡི༷་མུན༷་པ༷འི་གཉེ༷ན་པོ༷་ནི་སྟོང༷་པ༷་ཉིད༷་ལས་གཞན་དུ་མེད་ན་མྱུར༷་དུ་སྒྲིབ་པ་གཉིས་དང་བྲལ་བས་ཤེས་བྱ་ཐམ༷ས་ཅ༷ད་མཁྱེན་པའི་རྣམ་མཁྱེ༷ན་ཐོབ་པར་འདོ༷ད་པ༷ས་ཏེ་འདོད་པ་རྣམས་ཀྱིས་སྟོང་པ་ཉིད་དེ༷་ནི༷་ཇི༷་ལྟར༷་བསྒོམ༷་པར་མི༷་བྱེད༷་དེ་བྱེད་དགོས་སོ། །སྟོང་པ་ཉིད་ལ་སྐྲག་པས་མི་སྒོམ་མོ་སྙམ་ན། དངོ༷ས་པོ་གང༷་ཞིག་འདི་ཕྱིའི་སྡུག༷་བསྔལ༷་སྐྱེད༷་པར་བྱེད༷་པ༷་དེ༷་ལ༷་སྐྲག༷་པ༷་སྐྱེ༷་བར་འགྱུར༷་རིགས་ན༷འ༷ང༌། སྟོང༷་པ་ཉིད༷་ནི་སྡུག༷་བསྔལ༷་ཐམས་ཅད་རྩ་བ་ནས་ཞི༷་བར་བྱེད༷་པ༷་ཡིན་ན་དེ༷་ལ༷་འཇིག༷ས་པ༷་ཇི༷་ལྟར༷་སྐྱེ༷་སྟེ་འཇིགས་པའི་གནས་མིན་པས་སོ། །ག༷ལ་ཏེ་འཇིགས་པ་པོའི་བད༷ག་འག༷འ་ཞིག་གྲུབ་པར་ཡོ༷ད་ན༷་ནི༷་ཡུལ་ཅི༷་ཡ༷ང་རུ༷ང་བ་ལ༷་འཇི༷གས་པ་སྐྱེ་བར་འགྱུར༷་ན༷འང་བད༷ག་ཉིད༷་འག༷འ་ཡ༷ང་ཡོ༷ད་པ་མི༷ན་པ༷ས་འཇི༷གས་པ༷ར་འགྱུར༷་བ༷་པོ༷་སུ༷་ཞི༷ག་ཡི༷ན་ཏེ་སུ་ཡང་མིན་པས་འཇིགས་མི་རིགས་སོ། །དེས་ན་སྟོང་ཉིད་ལ་ཞུམ་པ་སྤངས་ཏེ་མྱུར་དུ་བསྒོམ་པར་གྱིས་ཤིག་ཅེས་སོ། །གཉིས་པ་ལམ་བསྒོམ་པས་ཉམས་སུ་བླང་བ་ལ། གང་ཟག་གི་བདག་མེད་བསྒོམ་ཚུལ་དང༌། ཆོས་ཀྱི་བདག་མེད་བསྒོམ་ཚུལ་གཉིས་ལས། དང་པོ་ལ་ལྷན་སྐྱེས་ཀྱི་བདག་སྟོང་པར་བསྒོམ་ཚུལ། ཀུན་བརྟགས་ཀྱི་བདག་སྟོང་པར་བསྒོམ་ཚུལ་དང་གཉིས་ལས། དང་པོ་ནི། བདག་རྒྱུད་ཀྱི་ཕུང་པོ་ལྔ་པོ་འདི་ལ་བརྟེན་ནས་ངའོ་སྙམ་པ་མ་བརྟགས་མ་དཔྱད་པར་འཛིན་པའི་འཇིགས་ལྟ་འདིའི་ཡུལ་དུ་གྱུར་པའི་བདག་དེ་ནི་ཡོད་ན་ཕུང་པོ་ལྔ་པོ་འདི་ལ་ཡོད་དགོས་ཀྱི་འདི་ལས་གཞན་དུ་བདག་ཡོད་པར་མི་འདོད་པས་འདིར་བདག་དེ་ཇི་ལྟར་གྲུབ་ཚུལ་ཤེས་རབ་གྱིས་དཔྱད་པར་བྱས་ན། བདག་གམ་ང་ཞེས་པ་འདི་སོ༷་སུམ་ཅུ་རྩ་གཉིས་དང་བདག་གཅིག་གམ་ཐ་དད་དམ་ཚོགས་པ་གང་ཡིན་བརྟགས་ན་གཅིག་ཡིན་ན་བདག་བེམ་པོ་དང་མི་རྟག་པ་དང་གྲངས་སུམ་ཅུ་རྩ་གཉིས་སུ་འགྱུར་ཞིང་སོ་འཐོར་ཚེ་བདག་མེད་པར་ཡང་འགྱུར་བས་མི་འཐད་ཅིང༌། ཐ་དད་ཡིན་ན་སོ་ན་བས་བདག་ནའོ། །ཞེས་པ་སོགས་མི་འཐད་པ་དང་ཚོགས་པ་ཞེས་པའང་སོ་ལས་ཐ་དད་དུ་མེད་དེ། རྒྱུན་དང་ཚོགས་ཅེས་སོགས་ཀྱིས་དེ་མ་གྲུབ་པས་བདག་མ་ཡིན་པ་དང༌། དེ་བཞིན་དུ་སྐྲ་ཉི་ཁྲི་ཆིག་སྟོང་དང༌། སེ༷ན་མོ་ཉི་ཤུ་ཡང་བད༷ག་མ༷་ཡི༷ན། བད༷ག་ནི༷་རུས༷་པའི་དུམ་བུ་སུམ་བརྒྱ་དྲུག་ཅུ་ཡོད་པ༷་རྣམས་རང་ལུས་ཀྱི་ཁྲག༷་རྣམས་ཀྱང་མ༷་ཡི༷ན། སྣབ༷ས་མི༷ན་བ༷ད་ཀ༷ན་ཏེ་ཕོ་བ་སོགས་བེ་སྣབས་ཀྱི་རྣམ་པར་ཡོད་པའི་གཤེར་བའི་ཁམས་ཀྱང་མ༷་ཡི༷ན་ཏེ༷་ཆུ༷་སེ༷ར་དང༷་ནི༷་ཁྲག་རུལ་བའི་རྣམ་པའི་རྣག༷་ཀྱང༷་མི༷ན་ལ། བད༷ག་ནི༷་ལུས་ཀྱི་ཕྱི་ནང་དུ་སྣུམ་བག་གི་རྣམ་པའི་ཞ༷ག་དང༷་ལུས་ཀྱི་རྡུལ༷་མི༷ན་ཏེ༷། གློ༷་མཆི༷ན་ད༷ག་ཀྱང༷་བད༷ག་མ༷་ཡི༷ན་ལ། སྙིང་ལ་སོགས་པའི་ན༷ང་ཁྲོལ༷་གཞ༷ན་ཡ༷ང་བད༷ག་མི༷ན་ཏེ། བད༷ག་ནི༷་ཕྱིས༷་སྟེ་དྲི་ཆེན་དང་གཅི༷ན་མ༷་ཡིན༷། ཤ༷་དང༷་པ༷གས་པ༷་བད༷ག་མི༷ན་ཏེ༷། །ལུས་ཀྱི་དྲོད༷་དང༷་དབུགས་འབྱིན་རྔུབ་སོགས་ལུས་ཕྱི་ནང་གི་རླུང༷་ཡ༷ང་བད༷ག་མ༷་ཡི༷ན། རྣ་བ་སོགས་བུ༷་ག༷་རྣམས་ནི་བད༷ག་མི༷ན་ཏེ། དེ་དག་རྣམས་ནི་ཆ་དུ་མ་སིལ་བུ་བརྡུལ་ཕྲན་མང་པོ་ལས་བྱུང་བ་མི་རྟག་པ་ཡིན་པས་དེའི་ཚོགས་པའམ་ཡ་གྱལ་བདག་མིན་ཏེ། བདག་གི་མཚན་ཉིད་དང་མི་མཐུན་པའི་ཕྱིར་རོ། །དེ་བཞིན་དུ་རྣམ༷་པ་ཀུན༷་ཏུ༷་མིག་ལ་སོགས་པའི་རྣམ༷་པར་ཤེ༷ས་པའི་ཁམས་དྲུག༷་ཀྱང༷་བད༷ག་མ༷་ཡི༷ན་ཏེ་དུ་མ་དང་མི་རྟག་པའི་ཕྱིར་རོ། །དེས་ཡབ་སྲས་མཇལ་བའི་མདོའི་དགོངས་པ་བཞིན་སོ་ནས་པགས་པའི་བར་གྱི་ས་དང་ཆུའི་ཁམས་དང༌། མེ་ཁམས་དྲོད་དང་རླུང་གི་ཁམས་དང༌། བུ་ག་ནམ་མཁའི་ཁམས་དང༌། རྣམ་ཤེས་ཀྱི་ཁམས་དེ་ཁམས་དྲུག་པོ་འདུས་པ་ལ་གང་ཟག་ཅེས་བཏགས་ཤིང་ཞེན་པར་གྱུར་གྱི། ང་ཞེས་རྫས་སུ་ཡོད་པ་མིན་ནོ། །འདི་ལ་དཔེར་ན་མུན་པ་ཚབ་ཚུབ་ཀྱི་སྐབས་སུ་མིག་མི་གསལ་བས་ཐག་ཁྲ་ལ་སྦྲུལ་དུ་མཐོང་བ་ན་སྦྲུལ་འཛིན་གྱི་བློ་སྐྱེ་སྟེ་ཇི་སྲིད་རྐྱེན་ལ་མ་ལྟོས་པར་མི་ལྡོག་གོ །དེ་བཞིན་དུ་ཐག་པ་ལྟ་བུ་ནི་ཕུང་པོ། མུན་པ་ཚབ་ཚུབ་དང་མིག་མི་གསལ་བ་ལྟ་བུ་འཁྲུལ་རྐྱེན་རྨོངས་པ། སྦྲུལ་འཛིན་ལྟ་བུ་ནི་ངར་འཛིན་ཏེ། དེ་ལ་མུན་པ་དེར་ལག་པས་ཉུག་ཅིང་སྦྲུལ་བཙལ་ཡང་སྦྲུལ་དང་ལག་པ་མ་ཕྲད་ཀྱང་ད་རུང་སྦྲུལ་འཛིན་མི་ལྡོག་པར་ཡིད་སྐྲག་ཏིང་ངེ་འདུག་པ་བཞིན་དུ་མགོ་བོ་བདག་ཡིན་ནམ། ལག་པ་བདག་ཡིན་ནམ་ཞེས་མིན་པར་ཤེས་ནས་ལུས་ཀུན་ཏུ་དཔྱད་དེ་བདག་མ་རྙེད་ཀྱང་བདག་མེད་པ་ལ་ངེས་པ་མི་སྐྱེ་བ་ནི་དཔྱད་པ་གནད་དུ་མ་སོང་བའོ། །དེ་ལ་མུན་ཁང་དེར་མར་མེ་གསལ་བ་བཏེགས་ཏེ་ཀུན་ཏུ་སྣང་བར་བྱས་ནས་གང་སྦྲུལ་དུ་མཐོང་བ་དེ་ཉིད་ཐག་པར་ངེས་ན་འདི་ན་སྦྲུལ་མེད་ཀྱང་ཐག་པ་ལ་སྦྲུལ་དུ་འཁྲུལ་ལོ་ཞེས་སྦྲུལ་མེད་པར་མཐོང་ནས་སྦྲུལ་འཛིན་གྱི་བློ་རང་ཞི་བ་བཞིན་དུ། ཕུང་ལྔ་འདི་ལ་བདག་ཏུ་བཟུང་བའི་བདག་ནི་བཏགས་པ་ཙམ་ལས་མེད་དོ་ཞེས་ཐེ་ཚོམ་གྱི་དཔྱད་ཐག་ཆད་པ་ཞིག་བྱུང་ན་དེ་གའི་རྒྱུན་གོམས་པས་བདག་མེད་པ་མངོན་སུམ་དུ་མཐོང་བར་འགྱུར་རོ། །འདི་ལ་བྱུང་གནས་འགྲོ་གསུམ་ལ་བརྟགས་པར་ཡང་གསུངས། འདིར་བསྟན་གྱི་བསྒོམ་བྱ་ཕལ་ཆེར་བརྟགས་ནས་མ་རྙེད་པའི་ཚེ་དེ་གའི་ངང་དུ་འཇོག་བསྒོམ་དང་བཞག་ནས་མི་སྡོད་པའི་ཚེ་དེའི་རང་བཞིན་ལ་དཔྱད་སྒོམ་བྱེད་པ་དང༌། དེ་གཉིས་རེ་མོས་སུ་བྱས་པས་སྔ་མས་རྒོད་པ་སེལ་བ་དང༌། ཕྱི་མས་བྱིང་བ་སེལ་བར་བྱེད་དོ། །གཉིས་པ་ལ། བདག་ཤེས་པར་འདོད་པ་དགག་པ། བདག་བེམ་པོར་འདོད་པ་དགག་པ། བདག་མེད་པའི་དོན་ལ་རྩོད་པ་སྤོང་བ་དང་གསུམ་ལས། དང་པོ་ནི། གྲངས་ཅན་པ་ན་རེ། ཤེས་བྱ་ཐམས་ཅད་དེ་ཉིད་ཉི་ཤུ་རྩ་ལྔར་གནས་ཏེ། དེ་ལ་བདག་ནི་ཤེས་རིག་གི་སྐྱེས་བུ་རྣམ་འགྱུར་ཀུན་ཟ་བ་པོའམ་ལོངས་སྤྱོད་པ་པོ་ཡིན་ལ་བྱེད་པོ་མ་ཡིན་པ། རྟག་པའི་དངོས་པོ། ཡོན་ཏན་གསུམ་དང་བྲལ་བ་བྱ་བ་མེད་པ་ཞིག་ཏུ་འདོད། དེའི་སྤྱོད་ཡུལ་ཐམས་ཅད་ནི་གཙོ་བོ་ལས་བྱུང་སྟེ། རྡུལ་སྡུག་བསྔལ། སྙིང་སྟོབས་བདེ་བ། མུན་པ་བཏང་སྙོམས་ཀྱི་ཡོན་ཏན་གསུམ་ཆ་མཉམ་པ་ན་གཙོ་བོ་ཞེས་བརྗོད་དོ། །རྣམ་འགྱུར་ཉེར་གསུམ་འབྱུང་བའི་རྒྱུ་སྟེ་བུམ་པའི་རྒྱུ་འཇིམ་པ་ལྟ་བུའོ། །དེ་ལས་བློའམ་ཆེན་པོ། དེ་ལས་ང་རྒྱལ་གསུམ། དེ་ལས་དེ་ཙམ་ལྔ། འབྱུང་བ་ལྔ། དབང་པོ་བཅུ་གཅིག་རྣམས་འབྱུང་ངོ༌། །གཙོ་བོ་བདག་གཉིས་རྟག་པ་དང༌། གཞན་མི་རྟག་པར་འདོད། འདི་བས་བདག་ཤེས་པར་འདོད་ལ། བྱེ་བྲག་པ་སོགས་ཀྱིས་བེམ་པོར་འདོད་པ་དེ་གཉིས་བཀག་པས་གཞན་ཀུན་ཀྱང་ཁེགས་པར་འགྱུར་རོ། །དེས་ན་གྲངས་ཅན་པའི་འདོད་པ་ལྟར་བདག་ཤེས་པའི་རང་བཞིན་རྟག་པ་ནི་མེད་དེ། ག༷ལ་ཏེ༷་སྒྲ༷་འཛིན་པ་ཡི༷་ཤེས༷་པ་དེ་རྟག༷་པ་ཞིག་ཡིན་ན༷། དུས་ཐ༷མས་ཅ༷ད་ཀྱི་ཚེ༷་ན༷་སྒྲ༷་འཛིན༷་པར་འགྱུར༷་ཏེ། ཇི་ལྟར་སྒྲ་འཛིན་བཞིན་པའི་སྐབས་དེ་ཉིད་ཀྱི་ཤེས་པ་དེ་དེ་བཞིན་དུ་རྟག་པར་འདོད་པའི་ཕྱིར། ཁོ་ན་རེ། དུས་ཐམས་ཅད་དུ་སྒྲ་མི་འཛིན་པ་ནི་ཤེས་པ་མི་རྟག་པས་མ་ཡིན་ཀྱང༌། ཡུལ་སྒྲ་ད་ལྟ་ཡུལ་དུ་མེད་པས་ཡིན་ནོ་སྙམ་ན། ཡུལ་ཤེ༷ས་བྱ༷་སྒྲ་ལྟ་བུ་དེ་མེ༷ད་ན༷་ཤེས་པ་དེས་ཅི་ཞིག་རིག༷་པའམ་ཤེས་ན༷ས། རྒྱུ་མཚན་ག༷ང་གི༷ས་ན་ཡུལ་དེ་དང་དེ་ཤེས༷་པ༷་ཞེ༷ས་བརྗོ༷ད་པར་བྱེད༷་དེ་བྱེད་མི་རིགས་སོ། །ག༷ལ་ཏེ༷་ཡུལ་དེ་ཤེ༷ས་པ་མེ༷ད་ཀྱང་དེ་ཤེ༷ས་པའོ་ཞེས་འཇོག་པ་ཡི༷ན་ན༷་ཤིང༷་ཡ༷ང་སྒྲ་སོགས་ཤེས་པའི་ཤེ༷ས་པ༷ར་ཐལ༷་བ༷ར་འགྱུར༷་ཏེ། ཡུལ་མ་ཤེས་ཀྱང་ཤེས་པ་ཡིན་པའི་ཕྱིར་རོ། །དེ༷ས་ན༷་ཡུལ༷་ཤེས༷་བྱ༷་སྒྲ་ལྟ་བུ་ཉིད་ཡུལ་དུ་ཉེ༷ར་ཏེ་ཉེ་བར་གན༷ས་པ༷་མེ༷ད་པ༷ར་དེ་ཤེས་པའི་ཤེ༷ས་པ༷་མེ༷ད་ཅེ༷ས་སུ་ངེ༷ས་ཏེ། ཤེས་པ་ནི་རང་ཡུལ་གང་དང་གང་ཤེས་པ་དེ་ལ་ལྟོས་པ་ཅན་ཡིན་གྱི། ཡུལ་མ་ཤེས་ཀྱང་ཤེས་པ་ཡིན་པ་ནི་མི་སྲིད་དོ། །ཁོ་ན་རེ། སྐྱོན་དེ་ནི་མེད་དེ། སྔར་སྒྲ་ཤེས་པ་དེ༷་ཉི༷ད་ཀྱི༷ས་ནི༷་ཕྱིས་གཟུག༷ས་སོགས་གཞན་ཞིག་ཤེ༷ས་པས་ན་ཤེས་པ་རྟག་པ་ཡིན་ཀྱང་ཤེས་བྱ་སོ་སོ་ལ་དམིགས་པའི་ཁྱད་པར་ཙམ་མོ་སྙམ་ན༷། སྔར་གྱི་སྒྲ་ཤེས་དེ་ཉིད་རྟག་པས་ན་གཟུགས་སོགས་ཤེས་པ་དེ༷་ཡི་ཚེ༷་སྒྲ་ཐོ༷ས་པ༷འང༷་ཅི༷་སྟེ་མི༷ན་ཏེ་སྔར་གྱི་རང་གི་ངོ་བོ་མ་དོར་བའི་ཕྱིར་རོ། །ག༷ལ་ཏེ༷་དེ་ཚེ་མི་ཐོས་པ་ནི་ཡུལ་སྒྲ་མི༷་ཉེ༷་བའི་ཕྱིར༷་སྙམ་ན༷། ཡུལ་མེད་པ་དེ༷ས་ན༷་ཡུལ་དེ༷་ཡི༷་ཤེ༷ས་པ༷འ༷ང་མེ༷ད་དེ་རིགས་པ་སྔར་བཞིན་ནོ། །གཞན་ཡང་སྒྲ༷་འཛི༷ན་གྱི་རང༷་བཞི༷ན་ག༷ང་ཡི༷ན་པ༷་དེ༷་ཡི་ཡུལ་གཟུ༷གས་འཛི༷ན་པ༷ར་ཇི༷་ལྟར༷་འགྱུར༷་ཏེ་དེ་གཉིས་ངོ་བོ་ཐ་དད་པས་སོ། །འདིས་ཤེས་པ་རྟག་པ་དང་གཅིག་བདེན་འགོག་པ་སྟེ། གཞན་དུ་ཤེས་པའི་རྒྱུད་གཅིག་ལ་སྒྲ་ཤེས་ན་གཟུགས་མི་ཤེས་ཞེས་བསམ་པར་མི་བྱ་སྟེ། རྟོག་མེད་ཀྱི་ཤེས་པ་རིགས་མི་མཐུན་པ་དུ་མ་དུས་གཅིག་ཏུ་འབྱུང་རུང་བའི་ཕྱིར་རོ། །ཁོ་ན་རེ། སྐྱེས་བུ་གཅིག་ཕ་ཡང་ཡིན་ལ་བུ་ཡང་ཡིན་པ་བཞིན་དུ་ཡུལ་སྒྲ་དང་གཟུགས་ལྟ་བུ་ནི་མི་འགལ་ཏེ་རྣམ་འགྱུར་གྱི་ངོས་ནས་གཟུགས་གང་ཡིན་པ་དེ་རང་བཞིན་གྱི་ངོས་ནས་སྒྲ་ཡང་ཡིན་ཏེ། དེ་གཉིས་ཀ་རང་བཞིན་གཅིག་པའི་ཕྱིར། དེས་ན་གཟུགས་འཛིན་པའི་ཚེ་ན་སྒྲའི་རྣམ་འགྱུར་འཛིན་པའི་ཤེས་པ་མེད་ཀྱང༌། སྒྲའི་རང་བཞིན་འཛིན་པའི་ཤེས་པ་ཡོད་པས་ན་སྒྲ་ཤེས་མི་རྟག་པར་ཐལ་བའི་སྐྱོན་མེད་ཟེར་ན། དེའི་དཔེ་མ་གྲུབ་སྟེ་སྐྱེས་བུ་གཅི༷ག་ནི༷་ཕ༷་དང༷་བུ༷་ཉི༷ད་དུ༷་བཞག་པ་ནི་ལྟོས་ས་ཐ་དད་པ་གཉིས་ལ་ལྟོས་ནས་བརྟ༷གས་པའམ་བཏགས་པ་ཙམ་ཡི༷ན་གྱི ། དོན་དམ་པར་རང་གི་ངོ་བོས་ཕ་བུ་གཉིས་ཀར་ཡ༷ང་ད༷ག་པར་ཉི༷ད་དུ་གྲུབ་པ་མི༷ན་ཏེ༷། རང་གི་ངོ་བོས་ཕར་བདེན་པར་གྲུབ་ན་དེའི་བུའི་གནས་སྐབས་སུ་འགྱུར་བ་མི་སྲིད་དེ་ཕ་ནི་བུའི་སྔོན་དུ་ཡོད་པས་ཁྱབ་པའི་ཕྱིར། ཡང་བུའི་རང་བཞིན་དུ་བདེན་པར་གྲུབ་ན་ཕར་འགྱུར་མི་སྲིད་དེ་བུ་ཕའི་སྔོན་དུ་མི་སྲིད་པའི་ཕྱིར། དེས་ན་དེ་བཏགས་པ་ཙམ་མོ། །བཏགས་པ་ཙམ་ནི་ངེད་ཀྱིས་ཀྱང་འགོག་པར་མི་འདོད་མོད་དེས་ཁྱོད་ཀྱི་ཞེ་འདོད་འགྲུབ་པར་མི་འགྱུར་རོ། །གལ་ཏེ་དོན་དམ་པར་ན་ཕ་ཡང་ཡིན་ལ་བུ་ཡང་ཡིན་པ་ཞིག་ཡོད་ན་འདི་ལྟར༷་ཁྱོད་ཀྱིས་དོན་དམ་པ་ནི་ཡོན་ཏན་གསུམ་ལས་གཞན་དུ་ཁས་མ་བླངས་པས་ཡོན་ཏན་གསུམ་གྱི་སྟེང་ན་ཡོད་དགོས་ནའང་སྙིང༷་སྟོབ༷ས་རྡུལ༷་དང༷་ནི༷་མུ༷ན་པ༷་ཡི་ངོ་བོ་ནི་བུ༷་མི༷ན་ལ་ཕ༷་ཡ༷ང་མི༷ན་ཏེ། རྣམ་འགྱུར་ཐམས་ཅད་དེའི་རང་བཞིན་ཡིན་ན་དེ་དོན་དམ་པར་སུ་ལ་ལྟོས་ནས་བུར་འཇོག་ཅིང་སུ་ལ་ལྟོས་ནས་ཕར་བཞག་སྟེ་གང་དུའང་བཞག་མི་རུང་ངོ༌། །དོན་ཀྱང་མ་གྲུབ་སྟེ་གཟུགས་འཛིན་པ་དེ་སྒྲ་ཤེས་ཀྱི་རང་བཞིན་དུའང་ཡོད་ན་སྣང་དུ་རུང་བས་དམིགས་དགོས་ན་གཟུགས་འཛིན་དེ༷་ནི༷་སྒྲ༷་འཛི༷ན་དང༷་ལྡན༷་པའི༷་ར༷ང་བཞི༷ན་ཅན་དུ༷་ནི༷་ནམ་ཡང་མཐོ༷ང་བ་མ༷་ཡི༷ན་ལ། དེ་བཞིན་དུ་ཡུལ་གཟུགས་ལ་སྒྲའི་ཤས་ཡོད་པར་ཡང་མི་མཐོང་ངོ༌། །ཡང་ཁོ་ན་རེ། གཟུགས་འཛིན་དེ་སྒྲ་འཛིན་གྱི་རང་བཞིན་དུ་མ་མཐོང་ཡང་ཤེས་པའི་ངོ་བོ་ནི་གཅིག་ཡིན་ཏེ། དཔེར་ན་ག༷ར་མཁ༷ན་གཅིག་ཉིད་སྔ་དྲོ་ལྷ་དང་ཕྱི་དྲོ་གནོད་སྦྱིན་གྱི་ཆ་ལུགས་སུ་བྱས་པ་ལྟ༷་བུ༷ར་ཚུལ༷་གཞ༷ན་གྱི༷ས་ཏེ་སྔར་གྱི་སྒྲ་ཤེས་དེ༷་ཉིད༷་ཚུལ་གཟུགས་ཤེས་ཀྱི་རྣམ་པར་སྣང་བའི་སྒོ་ནས་མཐོ༷ང་བ་ཡིན་ནོ་ཞེ་ན༷། སྔར་གྱི་སྒྲ་ཤེས་དེ༷་རྟག༷་པ་མི༷ན་པར་ཐལ་ཏེ། སྔར་གྱི་ཚུལ་ཉིད་བཏང་ནས་གནས་སྐབས་གཞན་ཐོབ་པའི་ཕྱིར། ག༷ལ་ཏེ༷་ཚུལ༷་སྔ་མ་ལས་གཞ༷ན་པའི་ཚུལ་ཕྱི་མ་ཐོབ་ནས་དེ་གཉིས་སོ་སོར་སྣང་བར་གྱུར་ཀྱང་ད་རུང་སྔར་གྱི་དེ༷་ཉིད༷་ཡིན་གྱི་གཞན་མིན་ན། དེ་འདྲའི་གཅི༷ག་ཉི༷ད་དེ༷་ནི༷་འཇིག་རྟེན་འདིར་ཤེས་བརྗོད་ཀྱི་ཡུལ་དུ་སྔོན༷་མེ༷ད་པའམ་མ་བྱུང་བའི་གཅི༷ག་ཅིག་གོ་ཞེས་བསྟིང་ཚིག་མཛད་པ་སྟེ། ཇི་ལྟར་ན་གཅིག་ཅེས་པ་ཆོས་གང་གི་ངོ་བོར་སོ་སོར་དབྱེར་མེད་པ་ཞིག་དང་སོ་སོར་དབྱེ་བ་ལ་ཐ་དད་བཞག་མོད་ཀྱི། འདི་ནི་སོ་སོར་དབྱེ་བ་དངོས་སུ་མཐོང་བཞིན་གཅིག་ཏུ་ཁས་ལེན་པའི་འགལ་བ་མངོན་སུམ་པའོ་ཞེས་སོ། །གལ་ཏེ་སོ་སོར་མཐོང་ཡང་གཅིག་ཡིན་ན་ཐམས་ཅད་རིལ་པོ་གཅིག་ཏུ་ཐལ་ལོ། །དེས་ན་གར་མཁན་ཀྱང་རྣམ་པ་གཞན་དང་གཞན་ཐོབ་པའི་སྐབས་སོ་སོ་ཐ་དད་པའི་སྐད་ཅིག་གཞན་ཡིན་གྱི་དོན་དམ་པར་གཅིག་པུ་ནི་མ་ཡིན་ཏེ་ཡིན་ན་དེར་ཡང་དཔྱད་པ་མཚུངས་སོ། །ག༷ལ་ཏེ༷་རྣམ་འགྱུར་སྒྲ་ལ་སོགས་པས་ཁྱད་པར་དུ་བྱས་པའི་ཤེས་པའི་ཚུལ༷་གཞན་དང་གཞ༷ན་དུ་སྣང་བ་དེ་ནི་གནས་སྐབས་ལ་ལྟོས་པའི་ལྟར་སྣང་ཙམ་ཡིན་གྱི་བདེ༷ན་པ་མི༷ན་ཏེ། ཤེལ་སྒོང་དཀར་པོ་ཚོན་གྱིས་བསྒྱུར་བ་ཤེལ་གྱི་གཤིས་ལ་མི་བདེན་པ་བཞིན་ནོ་ཞེ་ན༷། ཚུལ་གཞན་སྒྲ་ཤེས་ལ་སོགས་པ་ཡུལ་གྱིས་ཁྱད་པར་དུ་བྱས་པའི་ཆ་མི་བདེན་དུ་ཆུག་ཀྱང༌། རང་གི་ངོ་བོ་བདེན་པ་དེ༷་ཡི༷་ར༷ང་གི༷་རང༷་བཞི༷ན་ཇི་འདྲ་ཞིག་ཡིན་པ་སྨྲོས༷་ཤིག་ཅེས་དྲིས་པ་ལ་དེའི་ལན་དུ། ཡུལ་གྱིས་ཁྱད་པར་དུ་མ་བྱས་པའི་ཤེས་པ་ཙམ་ཞིག་ནི་ཤེས་པ་སྔ་ཕྱི་ཐམས་ཅད་ལ་ཁྱད་མེད་པར་རྗེས་སུ་འགྲོ་བས་ཤེས་པ་ཙམ་གྱི་གཅིག་ཉི༷ད་དེ་ཡིན་པར་བརྗོད་ཅེ༷་ན༷། དེ༷་ལྟར༷་ན༷་སྐྱེས༷་བུ༷་ཐམས་ཅད་ཀུན་གཅི༷ག་ཉིད་ཏུ་ཐ༷ལ་བ༷ར་འགྱུར༷་ཏེ་ཤེས་རྒྱུད་ཐམས་ཅད་ལ་ཤེས་པ་ཡིན་པ་ཙམ་རྗེས་སུ་མི་འགྲོ་མི་སྲིད་པས་སོ། །གཞན་ཡང་སེ༷མས་པ༷་ཅན་བདག་དང༌། སེ༷མས་མེ༷ད་གཙོ་བོ་སོགས་ཉེར་བཞི་པོ་དེ༷་དག༷་ཀྱང༷་གཅི༷ག་ཉིད་དུ་འགྱུར༷་ཏེ་ག༷ང་གི་ཕྱིར༷་ན་དེ་ཐམས་ཅད་ཡོད་པ་ཙམ་ཉི༷ད་དུ་མཚུང༷ས་ཤིང་ཁྱད་པར་མེད་པས་སོ། །གང༷་ཚེ༷་ཤེས་པའི་བྱེ༷་བྲག༷་གཟུགས་འཛིན་སྒྲ་འཛིན་ལ་སོགས་པ་ཐ་དད་པ་དག་མི་བདེན་པའམ་ཕྱིན༷་ཅི༷་ལོ༷ག་ཡིན་པས་ཐ་དད་དུ་བདེན་པར་མེད་པར་འདོད་པ་དེ༷་ཡི་ཚེ༷་བྱེ་བྲག་ཐམས་ཅད་བསལ་བའི་ཕ་རོལ་ན་ཤེས་པ་ཙམ་དུ་ཐུན་མོང་དུ་འདྲ༷་བའི༷་རྟེན༷་ནམ་སྤྱི་གཅིག་པུ་བདེན་པ་དེ་གང༷་ཡི༷ན་ཏེ་ཅི་ཡང་མེད་དོ། །གཉིས་པ་ནི། རིག་པ་ཅན་ལ་སོགས་པ་ན་རེ། བདག་ནི་ནམ་མཁའ་ལྟ་བུར་ཁྱབ་པ་དང་རྟག་པ་ཉིད་དུ་འདོད་པས་ཤེས་པ་མིན་ཏེ། ཤེས་པ་ཡིན་ན་མི་རྟག་ཅིང་མ་ཁྱབ་པར་འགྱུར་བས་ན་བདག་ལ་ཤེས་པ་མེད་པར་བེམ་པོ་ཡིན་ཀྱང༌། ཤེས་པ་དང་འདུ་བས་ན་བདེ་སོགས་བདག་གི་ཡིན་པར་ཞེན་པའི་བདག་ནི་ཡོད་དོ་ཞེ་ན། དེ་ལ་སེ༷མས་མེ༷ད་པ༷་ཡ༷ང་བད༷ག་མི༷ན་ཏེ༷། སེ༷མས་མེ༷ད་པ་ཉི༷ད་ཀྱི་ཕྱིར༷་དཔེར་ན་བུམ༷་སྣམ་ལ་སོ༷གས་པ་བཞི༷ན་བདག་ནི་ལས་བྱེད་པ་པོ་དང་བདེ་སྡུག་གི་རྟེན་དུ་འདོད་ན་སེམས་མེད་པ་དག་ནམ་ཡང་བདེ་སོགས་ཀྱི་རྟེན་དུ་མི་རིགས་པའི་ཕྱིར་རོ། །འོ༷ན་ཏེ༷་བདག་རང་ཉིད་སེམས་ཀྱི་ངོ་བོར་མེད་ཀྱང་སེ༷མས་ད༷ང་མཚུངས་པར་ལྡན༷་པས་དེའི་བྱིན་གྱིས་བརླབ་པའི༷་ཕྱིར༷་ཡུལ་ཤེ༷ས་པར་འགྱུར་རོ་ཞེ་ན༷། དེ་ལྟ་ན་བདག་གིས་ཡུལ་མི༷་ཤེ༷ས་པར་འདོད་པའམ་ཤེས་པ་མེད་པར་ཁས་བླངས་པ་འཇི༷ག་པ༷ར་ཐ༷ལ་ཏེ། དེ་ཡུལ་ཤེས་པའི་རང་བཞིན་ཅན་དུ་གྱུར་པའི་ཕྱིར། དེ་ལྟར་ན་མི་རྟག་པར་ཡང་འགྱུར་རོ། །ཅི༷་སྟེ༷་བད༷ག་ལ༷་འགྱུར༷་བ་མེ༷ད་པར་རྟག་པ་ཡིན་ན༷། སེ༷མས་པ༷ས་ཀྱང་བད༷ག་དེ༷་ལ༷་ཡུལ་ཤེས་པའི་བྱ་བ་ཅི་ཞིག༷་བྱས༷་ཏེ། གང་ཡང་མ་བྱས་པར་ཐལ། བདག་འགྱུར་མེད་ལ་སྔར་གྱི་རང་བཞིན་ལས་གཞན་པར་འགྱུར་བའི་བྱ་བ་བྱེད་མི་ནུས་པའི་ཕྱིར་ཏེ། ཚོན་གྱིས་ནམ་མཁའ་སྔོ་སོགས་སུ་མི་ནུས་པ་བཞིན་ནོ། །དེ༷་ལྟར༷་ཤེ༷ས་པ་མེ༷ད་པའི་བེམ་པོ་བྱ༷་བ་བྱེད་པ་ཐམས་ཅད་དང་བྲལ༷་བ༷་ནམ༷་མཁའ་འདི་བདག་ཡིན་ནོ་ཞེས་བད༷ག་ཏུ་རློམ་པར་བྱས༷་པ་ཙམ་དུ་ཟད་པ༷ར་འགྱུར༷་རོ། །ཀྱེ་མ་རིག་པ་ཅན་གྱི་བློ་གྲོས་ལ་ལྟོས་ཞེས་སོ། །གསུམ་པ་བདག་མེད་པའི་དོན་ལ་རྩོད་པ་སྤོང་བ་ལ། བདག་མེད་ན་ལས་འབྲས་མི་འཐད་པའི་རྩོད་སྤོང༌། བདག་མེད་ན་སྙིང་རྗེ་མི་འཐད་པའི་རྩོད་སྤོང༌། བཏགས་པའི་བདག་མི་འགོགས་པར་བསྟན་པ་དང་གསུམ་ལས། དང་པོ་ནི། བདག་ཡོད་དུ་སྨྲ་བ་རྣམས་ན་རེ། ག༷ལ་ཏེ༷་ཁྱོད་ཀྱི་འདོད་པ་ལྟར་བད༷ག་ནི༷་ཡོ༷ད་པ་མི༷ན་ན༷། རྒྱུ༷་ལ༷ས་དགེ་སྡིག་བྱས་པ་ལས་འབྲས༷་བུ་བདེ་སྡུག་མྱོང་བའི་འབྲེལ༷་བ༷་མ་འཆོལ་བའི་རྣམ་བཞག་འདི་རི༷གས་ཤིང་འཐད་པ་མི༷ན་ཏེ། ལས་བྱེད་པ་པོའི་བདག་ནི་འཇིག་རྟེན་ཕ་རོལ་དུ་འགྲོ་བ་མི་སྲིད་པས་འབྲས་བུས་དུས་སུ་མེད་ཅིང༌། ཕུང་པོ་སྐད་ཅིག་གིས་སྐྱེ་འགག་བྱེད་པས་ན་ལ༷ས་བྱ༷ས་པའི་སྐད་ཅིག་དེ་ན༷ས་ནི༷་བྱེད་པ་པོ་འགག་ཅིང་ཞིག༷་པ༷ས་ན༷་ལས་དེ་བྱེད་པ་པོ་ཉིད་ལ་ནི་སྨིན་མི་སྲིད་ལ། དེ་ལ་མ་སྨིན་ན། གཞན་གྱི་ལས་གཞན་ལ་སྨིན་པ་མི་འཐད་པས་སུ་ཞིག་གིས་མྱོང་བར་བྱ་བ་ཡི༷་ལ༷ས་སུ་འགྱུར༷་ཏེ་མི་འཐད་དོ་ཞེ༷་ན༷། རེ་ཞིག་མགོ་བསྒྲེ་བ། བྱ༷་བ༷་བྱེད་པའི་གནས་སྐབས་དང༌། འབྲས༷་བུ་ཉམས་སུ་མྱོང་བའི་གནས་སྐབས་ཀྱི་རྟེན་ནམ་གཞི༷་ཉིད་དུ་གྱུར་པ་ཕུང་པོ་དག་ནི་ཐ༷་དད༷་ཡིན་པར་ནི་འུ་བུ་གཉིས་ཀས་འདོད་པ་དང༷༌། གནས་སྐབས་གཉིས་པོ་དེར༷་ཕུང་པོ་ལས་གཞན་པའི་བད༷ག་རྟག་པ་དེ་ནི་སེམས་མེད་པའམ་རྟག་པ་ཡིན་པས་ན་རྟག་པ་ནི་བྱ་བ་ཐམས་ཅད་དང་བྲལ་བའམ་བྱེད༷་པ༷་མེ༷ད་པ༷ར་ཡ༷ང་ཚད་མས་གྲུབ་པའི་ཕྱིར་རྩོད་པ་འདི་ཡུ༷་བུ་གཉི༷ས་ཀ༷་ལ༷་གྲུབ༷་པ༷ས་འདི་རང་རེ་གཉིས་ཀས་སྤོང་དགོས་ཀྱི་འདི༷ར་དེང་ཁོ་ན་ལ་ལས་འབྲས་མི་འཐད་དོ་ཞེས་བརྩད༷་པ་ནི་དོ༷ན་མེ༷ད་མ༷་ཡི༷ན་ན༷མ་སྟེ་དོན་མེད་པ་ཉིད་དོ། །དེ་ལྟ་ནའང་སྐྱོན་དེ་ཁོ་བོའི་ལུགས་ལ་ནི་སྤོང་བར་ནུས་ཀྱི། ཁྱོད་ཀྱིས་ནི་ནམ་ཡང་མི་ནུས་ཞེས་སོ། །སྟོན་པ་དེ་བཞིན་གཤེགས་པས་དགེ་སློང་དག་བྱས་ཤིང་བསགས་པའི་ལས་ཀྱི་འབྲས་བུ་ནི་ཕྱི་རོལ་གྱི་སའི་ཁམས་སོགས་ལ་སྨིན་པར་མི་འགྱུར་གྱི། ཟིན་པའི་ཕུང་ཁམས་སྐྱེ་མཆེད་ལ་སྨིན་པར་འགྱུར་རོ་ཞེས་འབྲས་བུ་ནི་ལས་བྱེད་པ་པོ་ཉིད་ལ་སྨིན་ཞེས་པ་འདིའང་རྒྱུད་གཅིག་གི་དབང་དུ་བྱས་པའི་རྣམ་བཞག་སྟེ། རྒྱུ་མ་འགགས་པར་ལྡན༷་བཞིན་དུ་འབྲས༷་བུ༷་དང༷་བཅ༷ས་ཞེ༷ས་ཏེ་དེའི་འབྲས་བུ་མཐོ༷ང་བ༷་འདི༷་ནི༷་སྲིད༷་པ་མ༷་ཡི༷ན་ཏེ་རྒྱུ་ལས་འབྲས་བུ་འབྱུང་དགོས་པས་སོ། །ཡང་ན་རྒྱུ་ལས་བྱེད་པ་དང་ལྡན་པའི་སྐད་ཅིག་དེ་ཉིད་ཀྱིས་དེའི་འབྲས་བུ་མྱོང་བ་དང་བཅས་པ་ཞེས་མཐོང་བ་འདི་ནི་སྲིད་པ་མ་ཡིན་ཏེ་ཕ་བུ་དུས་མཉམ་མི་སྐྱེ་བ་བཞིན་ནོ། །ཞེས་གསུངས། དེས་ན་འབྲས་བུ་འབྱུང་བའི་དུས་ན་རྒྱུ་འགགས་པས་ཁྱབ་ཀྱང༌། རྟེན་འབྲེལ་བསླུ་བ་མེད་པའི་དབང་ལས་འབྲས་བུ་འབྱིན་པར་ནི་ངེས་ལ། དེ་འདྲའི་འབྲས་བུ་དེའང་རྒྱུའི་ཚོགས་པ་གང་དུ་ཚང་བ་གང་ཟག་གི་རྒྱུད་དེ་ཉིད་དུ་སྨིན་གྱི་གཞན་དུ་མ་ཡིན་ཏེ། ས་བོན་ས་ལ་བཏབ་པ་བྲག་ལ་མི་སྐྱེ་བ་བཞིན་ནོ། །དེས་ན་ཕུང་པོ་ལྔའི་རྒྱུན་རིགས་འདྲ་བར་མ་ཆད་པའི་རྒྱུད་གཅི༷ག་ལ༷་ནི༷་བརྟེན༷་ན༷ས་སུ༷་ལས་བྱེད༷་པ་པོ༷་དང་འབྲས་བུ་ལ་ལོངས་སྤྱོད༷་པ་པོ༷་ཞེས༷་བྱར༷་བསྟན༷་ཞེས་གཅིག་པའི་རྣམ་བཞག་མཛད་དེ་འཇིག་རྟེན་པའི་བློའི་ཚུལ་ལུགས་ཐམས་ཅད་དེ་ལྟར་གནས་པ་ཡིན་ནོ། །དེ་ལྟར་ན་རྒྱུད་གཅིག་པ་ཡིན་པ་དེ་ཉིད་ཀྱིས་བདག་གཅིག་ཏུ་ཡོད་པ་མིན་ནམ་ཞེ་ན་མིན་ཏེ། རྒྱུད་ནི་ཕྲེང་བ་བཞིན་དུ་བཏགས་པ་སྟེ་དོན་ལ་མི་སྲིད་དོ། །དེའང་གཟུགས་རྒས་གཞོན་དང་སྐྱེ་བ་སྔ་ཕྱི་མི་གཅིག་པར་རྟོགས་པར་སླ་མོད། སེམས་ཀྱི་དབང་དུ་བྱས་ཏེ་གསུངས་པ། འད༷ས་པའི་སེམས་དང༷་མ༷་འོ༷ངས་པ༷་ཡི༷་སེ༷མས་ནི་བད༷ག་མི༷ན་ཏེ་དེ༷་ནི༷་རིམ་པར་འདས་པ་དང་མ་སྐྱེས་ནས་མེ༷ད་པའྀ་ཕྱིར༷་བདག་ཡོད་པ་དང་འགལ་བས་སོ། །འོ༷ན་ཏེ༷་སྐྱེས༷་སེ༷མས་ད་ལྟ་བ་འདི་བད༷ག་ཡིན་ནོ་སྙམ་ན༷། ད་ལྟའི་སེམས་དེ༷་ཞིག༷་པར་གྱུར་པ་ན༷་ཡ༷ང་བད༷ག་མེ༷ད་པར་འགྱུར༷་ན། ཁྱོད་བདག་ནི་སྔ་མ་ནས་འདིར་འོང་འདི་ནས་ཕ་རོལ་ཏུ་འགྲོ་བ་ཞིག་ཏུ་རློམས་པས་སྐྱེས་སེམས་ཀྱང་བདག་མིན་ཏེ། དེའི་ཕྱིར་འཇུག་པ་ལས་ཀྱང༌། བྱམས་པ་ཉེར་སྦས་ལ་བརྟེན་ཆོས་རྣམས་ནི། །གཞན་ཉིད་ཕྱིར་ན་རྒྱུད་གཅིག་གཏོགས་མིན་ཏེ། །གང་དག་རང་མཚན་ཉིད་ཀྱིས་སོ་སོ་བ། །དེ་དག་རྒྱུད་གཅིག་གཏོགས་པར་རིགས་མ་ཡིན། །ཞེས་པ་བཞིན་རྒྱུད་བདག་ཡིན་པ་འགོག་པའི་དོན་ཏོ། །དཔེ༷ར་ན༷་ཆུ་ཤི༷ང་སྡོ༷ང་པོ༷་རློན་པ་སྲ་བའི་ཆ་མེད་པ་ཁོང་སྟོང་གསོབ་ཅན་དེ་དག༷་ཆ༷་ཤ༷ས་ཕྱེ༷་ན༷་སྙིང་པོ་སྲ་མཁྲེག་གི་ཆ་འག༷འ་ཡང་མི་རྙེད་པར་ཕར་ཕར་མེད༷་འགྲོ་བ༷་དེ༷་བཞི༷ན་དུ་རིགས་པས་རྣམ༷་པ༷ར་དཔྱད༷་པ༷་ཡི༷ས་བཙ༷ལ་ན་བད༷ག་ཀྱང༷་ཡ༷ང་དག༷་མི༷ན་ཞེས་དེ་ཁོ་ན་ཉིད་དུ་གྲུབ་པ་མེད་དོ། །གཉིས་པ་ནི། ག༷ལ་ཏེ༷་བདག་གམ་སེ༷མས་ཅན༷་ཡོ༷ད་པ་མི༷ན་ན༷་བྱང་ཆུབ་སེམས་དཔས་སུ༷་ལ༷་དམིགས་ནས་སྙིང༷་རྗེ༷་བསྒོམ་པར་བྱ༷་སྟེ་ཡུལ་མེད་པས་སོ་ཞེ༷་ན༷། དོན་དམ་པར་སྙིང་རྗེའི་ཡུལ་དང་བྱེད་པོ་མི་དམིགས་ཏེ། འགྲོ་བ་འདི་དག་ཐམས་ཅད་ནི། །རྟག་ཏུ་མ་འགགས་མ་སྐྱེས་ཉིད་ཅེས་འཆད་པར་འགྱུར་ཏེ། དེ་འདྲའི་དམིགས་མེད་ཀྱི་བློ་མ་འབྱོངས་ན་སྙིང་རྗེ་ཕ་མཐའ་དང་བྲལ་བ་ཡོངས་སུ་དག་པར་མི་འགྱུར་རོ། །གནས་ཚུལ་དེ་ལྟ་བུ་ཡིན་མོད། འོན་ཀྱང་འགྲོ་བ་རྣམས་ཀྱིས་ཕུང་སོགས་ལ་བདག་ཏུ་བཏགས་ཤིང་ཞེན་པར་གྱུར་པའི་བློ་ངོར་སྣང་ཚུལ་གྱི་དབང་དུ་བྱས་ན་བདེ་སྡུག་བསླུ་མེད་དུ་ཡོད་པ་ལ་བསྙོན་མི་ནུས་པས་རྨི་ལམ་ལྟ་བུའི་སྡུག་བསྔལ་གྱི་སྣང་བ་ལ་རྒྱུན་ཆད་པའི་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་སེམས་ཅན་ཐམས་ཅད་གྲོལ་བར་བྱེད་པའི་དགོས་པའམ་འབྲས༷་བུའི༷་དོན༷་དུ༷་བདག་གིས་སེམས་ཅན་རྣམས་དགྲོལ་བར་བྱའོ་ཞེས་ཁ༷ས་བླང༷ས་ཤིང་ཁུར་དུ་བཟུང་བའི༷་སེམས་ཅན་ནི་དོན་དམ་པར་ཡོད་པས་མ་ཡིན་ཏེ། རྨོ༷ངས་པ༷ས་བདག་ཏུ་བརྟག༷ས་པ༷་གང༷་ཡི༷ན་པ༷་དེའི་དབང་གིས་ཡིན་ནོ་ཞེས་པའོ། །དེས་ན་བྱང་ཆུབ་སེམས་དཔས་བདག་མེད་མཐོང་ཡང་སྙིང་རྗེའི་ཡུལ་སེམས་ཅན་ཐམས་ཅད་ཀྱིས་དེ་ལྟར་མ་རྟོགས་པས་ན་བདག་ཡོད་པ་ལྟ་བུར་དོན་མེད་པར་སྡུག་བསྔལ་གྱི་སྣང་བ་ཁོར་ཡུག་ཏུ་མྱོང་བ་ཡོད་པ་དེས་ན་དེ་ལ་དམིགས་ནས་སྙིང་རྗེ་འཇུག་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་དེ་ནི་བདག་དོན་ལ་མི་ཆགས་པ་དང་གཞན་དག་དོན་མེད་བཞིན་དུ་སྡུག་བསྔལ་བར་མཐོང་བ་དང༌། བདག་པས་གཞན་གཅེས་པའི་བློ་ཤུགས་ཀྱིས་འབྱུང་བ་དང༌། གཞན་གྱི་སྡུག་བསྔལ་ཡང་གཉིད་མཐུག་པོ་བཞིན་དུ་སེལ་ནུས་པར་མཐོང་བའི་ཕྱིར་རོ། །གསུམ་པ་ནི། སེ༷མས་ཅ༷ན་མེ༷ད་ན་གང་གི་དོན་དུ་འབད་པའི་འབྲས༷་བུ་སངས་རྒྱས་དེ་སུ༷་ཡི༷་སྟེ་སུ་ཞིག་གིས་ཐོབ་པ་ཡི༷ན་ཏེ། དེས་ན་འབྲས་བུའི་དོན་དུ་ཁས་བླངས་པ་ཞེས་པའང་མི་རིགས་སོ་ཞེ་ན། དོན་དམ་པར་བདེ༷ན་ཏེ༷་ཐོབ་པ་པོ་སེམས་ཅན་དང་ཐོབ་བྱའི་འབྲས་བུ་བདེན་གྲུབ་ཏུ་མེད་པར་ཡང་མྱ་ངན་ལས་འདས་པ་དང་མ་འདས་པའང་དེ་ཉིད་དུ་ན་ཁྱད་པར་མེད་ཅེས་འདོད་དོ། །འོ༷ན་ཀྱང༷་སེམས་ཅན་རང་རང་གི་སྣང་ཚུལ་གྱི་ངོར་ཡོད་དེ་བཤད་མ་ཐག་པ་ལྟར་རྨོ༷ངས་ལ༷ས་འདོ༷ད་ཅེས་རྨོངས་པས་བདག་ཏུ་ཞེན་པ་ལས་ཀུན་ཉོན་འཁོར་བའི་ཕྱོགས་དང༌། དེ་ལྡོག་པའི་རྣམ་བྱང་གི་ཚུལ་གཉིས་ཀ་གྲུབ་ཅིང༌། མྱང་འདས་ཞེས་གཞན་ན་མེད་ཀྱི་བློ་ནོར་བའི་རྣམ་རྟོག་ཟད་པ་ལ་བཏགས་ཏེ། མདོ་སྡེ་རྒྱན་ལས། དེ་ཕྱིར་ཐར་བ་ནོར་ཙམ་ཟད་པ་ཡིན། །ཞེས་གསུངས་པ་བཞིན་ནོ། །དེས་ན་རྨོངས་པའི་དབང་གིས་གཟུང་འཛིན་གྱི་སྤྲོས་པས་བཟུང་བ་ལ་འཁོར་བ་སྣང་ངོར་མི་བསླུ་བ་ཡོད་ལ། དེའི་དབང་གིས་འཁོར་བ་ལྡོག་པའི་མྱང་འདས་ཀྱང་ཡོད་དེ། གདོན་གྱིས་བརླབས་པའི་མི་མི་གཞན་དང་སྤྱོད་ཡུལ་མཐུན་པར་གནས་ཀྱང་ཁོའི་སྣང་ངོ་ལ་འབྱུང་པོའི་གཟུགས་ལ་སོགས་པ་ཕྱིན་ཅི་ལོག་གི་སྣང་བ་ཡོད་པ་དེས་དེ་སྡུག་བསྔལ་ཞིང་སྡུག་བསྔལ་དེ་དང་བྲལ་བའི་བདེར་གནས་ཀྱང་ཡོད་པ་བཞིན་ནོ། །དེས་ན་དོན་དམ་པར་སྲིད་པ་དང་ཞི་བར་བདེན་པར་མ་གྲུབ་པའི་ཕྱིར་འཆིང་གྲོལ་འཐད་པ་ཡིན་གྱི། བདེན་པར་གྲུབ་ན་འཆིང་གྲོལ་འཐད་པར་མི་འགྱུར་བའི་གནད་ཁོང་དུ་ཆུད་པར་བྱའོ། །འོ་ན་ཐོབ་པ་མེད་པ་ལ་ཐོབ་པར་རེ་ནས་ལམ་སོགས་ལ་ཁྱོད་སློབ་པས་ཅི་བྱ་སྟེ། རྨོངས་པ་ནི་རྣམ་པ་ཀུན་ཏུ་བཟློག་བྱ་མ་ཡིན་ནམ་ཞེ་ན། དོན་དམ་པར་ཐོབ་པ་མེད་ཀྱང་སྣང་ཚུལ་ལ་ཡོད་པས་ན་སྲིད་པའི་སྡུག༷་བསྔལ༷་ཉེ༷་བ༷ར་ཞི༷་བའི་དོ༷ན་དུ༷་རེ་ཞིག་ཆོས་ཉིད་མངོན་དུ་གྱུར་པ་སངས་མ་རྒྱས་ཀྱི་བར་དུ་འབྲས༷་བུའི༷་རྨོང༷ས་པ༷་སྟེ་འབྲས་བུ་མི་གནས་པའི་མྱང་འདས་ལ་ཀུན་རྫོབ་ཙམ་དུ་ཐོབ་བྱར་ལྟ་བའི་རྨོངས་པ་ནི་བཟློག༷་པར་མི༷་བྱ༷་སྟེ༷་འདི་ལ་བརྟེན་ནས་སྡུག་བསྔལ་ཞི་བར་བྱེད་དགོས་པས་སོ། །མཐར་གཟུང་འཛིན་གྱི་སྤྲོས་པ་མཐའ་དག་བྲལ་བ་ན་སྲིད་ཞིར་མངོན་པར་ཞེན་པའི་ཤེས་སྒྲིབ་ཕྲ་མོ་འདི་ཡང་ལྡོག་པར་འགྱུར་ཏེ། དེ་ནི་སངས་རྒྱས་ཀྱི་སས་ཡིན་གྱི། ད་ལྟ་སྤོང་མི་ནུས་ཏེ་བདེན་གཉིས་ཟུང་དུ་མ་ཆུད་པར་གནས་སྣང་རྣམ་པ་ཀུན་ཏུ་མི་མཐུན་པའི་ཕྱིར་དང༌། དེས་ན་སྣང་ཚུལ་གྱི་དབང་དུ་བྱས་ཏེ་འབྲས་བུ་ལ་སློབ་པར་ཅི་སྟེ་མི་བྱེད་དེ། གནས་སྣང་མི་མཐུན་པ་འདི་སྤོང་དགོས་ཀྱང་ད་ལྟ་སྤོང་མི་ནུས་ཤིང་ནམ་སྤངས་པར་གྱུར་པ་ན་ཐོབ་པའང་མེད་ལ་སྤང་བའང་མེད་པའི་དེ་ཉིད་མངོན་དུ་འགྱུར་གྱི་དེའི་བར་དུ་འབྲས་བུའི་རེ་འདོད་ཟད་པར་མི་ནུས་སོ། །འོ་ན་བདག་ཏུ་རྨོངས་པའང་དགག་པས་ཅི་བྱ་ཟེར་ན། དེ་གཉིས་མི་མཚུངས་ཏེ་འབྲས་བུ་དོན་དུ་གཉེར་བའི་བློ་དེས་ནི་སྡུག་བསྔལ་ཟད་པར་བྱས་ནས་རང་ཡང་འགག་པར་བྱེད་དེ་ཤིང་ལས་བྱུང་བའི་མེས་ཤིང་བསྲེག་པ་བཞིན་ནོ། །འཁོར་བའི་སྡུག༷་བསྔལ༷་ཐམས་ཅད་ཀྱི་རྒྱུ༷་ཡི༷་ཞེས་རྒྱུར་གྱུར་པའི་བདག་ཏུ་འཛིན་པའམ་ངའོ་སྙམ་པའི་ང༷་རྒྱལ༷་ནི་བད༷ག་ཡོད་ཏུ༷་བཟུང་བའི་རྨོ༷ངས་པ༷ས་འཕེ༷ལ་བ༷ར་འགྱུར༷་ཏེ། དེས་ན་བདག་མེད་པ་ལ་ཡོད་པར་རྨོངས་པ་དེ་ནི་བཟློག་པར་བྱ་སྟེ། རྨོངས་པ་དེ་མེད་ན་བདག་ཏུ་མི་འཛིན་ལ། བདག་འཛིན་དེ་མེད་ན་འཁོར་བར་འཁོར་ཞིང་སྐྱེ་བར་མི་འགྱུར་རོ། །ཁོ་ན་རེ། ཇི་ལྟར་ཁྱོད་བཏགས་པའི་བདག་ལས་བློ་ལྡོག་པར་མི་ནུས་པ་དེ་བཞིན་དུ་རང་བཞིན་གྱིས་གྲུབ་པའི་བདག་དེ༷་ལ༷ས་ཀྱང༷་ཡུལ་ཅན་བློ་གཏན་དུ་བཟློག༷་པ་མེ༷ད་དེ་ཐོག་མེད་ནས་གཤིས་ལ་ཞུགས་པའི་ཕྱིར་རོ་ཅེ༷་ན༷། དེ་གཉིས་མི་མཚུངས་ཏེ་བཏགས་པ་ཙམ་རྟེན་ནས་འབྱུང་བའི་དབང་གིས་སྣང་བ་ལ་སོ་སྐྱེའི་ངོར་མི་སྣང་བར་སྒྲུབ་བྱེད་ཀྱི་རིགས་པ་མེད་ལ་བཟློག་ཀྱང་མི་དགོས་མོད། རང་བཞིན་གྱིས་གྲུབ་པར་འཛིན་པ་ནི་དངོས་པོའི་གནས་ཚུལ་རྟོགས་པའི་བློ་བད༷ག་མེ༷ད་པ་བསྒོམ༷་པ༷་མཆོ༷ག་ཡི༷ན་པས་སྤོང་ནུས་ཏེ། སྣང་བས་མུན་པ་བཞིན་དུ་ཡང་དག་པའི་ཚད་མ་དང་ལྡན་པ་དེ་ཉིད་སྟོབས་དང་ལྡན་པའི་ཕྱིར་རོ། །དེས་ན་བདག་ཏུ་ལྟ་བ་ནི་དངོས་པོའི་གནས་ཚུལ་ལས་གཞན་དུ་སྐྱོན་གྱིས་རེ་ཞིག་སེམས་གོལ་བ་ཡིན་ལ། དེ་ལུང་དང་རིགས་པའི་ལམ་ལས་བཟློག་སྟེ་དངོས་པོའི་གནས་ཚུལ་ལ་བློ་ཞུགས་པར་བྱས་ན་དེ་སེམས་ཀྱི་གཤིས་ཡིན་པས་དེ་དང་སེམས་བྲལ་དུ་མི་རུང་སྟེ། རྣམ་འགྲེལ་ལས། སེམས་ཀྱི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་པ་བཞིན་ནོ༷། །དེས་ན་བདག་འཛིན་འདི་སྲིད་པའི་རྩ་བ་ཡིན་པས་འདི་མ་སྤངས་བར་དུ་དཀའ་སྤྱད་དང་བསྒོམ་སྒྲུབ། ཇི་ལྟ་བུའི་ཉམས་ལེན་ཅི་བྱས་ཀྱང་འཁོར་བ་ལས་འདའ་མི་ནུས་པས་སྐལ་བཟང་ཐར་འདོད་རྣམས་ཀྱིས་རྟག་ཏུ་ཉམས་ལེན་ཐམས་ཅད་བདག་འཛིན་འདིའི་གཉེན་པོར་འགྲོ་བ་ཞིག་བྱེད་དགོས་གསུངས། གཉིས་པ་ཆོས་ཀྱི་བདག་མེད་བསྒོམ་ཚུལ་ལ། ལུས་དྲན་པ་ཉེར་བཞག་བསྒོམ་ཚུལ། ཚོར་བ་དྲན་པ་ཉེར་བཞག་བསྒོམ་ཚུལ། སེམས་དྲན་པ་ཉེར་བཞག་བསྒོམ་ཚུལ། ཆོས་དྲན་པ་ཉེར་བཞག་བསྒོམ་ཚུལ་དང་བཞི་ལས། དང་པོ་ལ། ལུས་སྤྱིར་བརྟགས་པ། ཡན་ལག་བྱེ་བྲག་ཏུ་བརྟགས་པ། དེས་ན་ལུས་ལ་ཆགས་པ་སྤོང་དགོས་པར་བསྟན་པ་དང་གསུམ་ལས། དང་པོ་ནི། ལུས་ཞེས་པའང་བཏགས་པ་ཙམ་སྟེ་རང་བཞིན་གྱིས་གྲུབ་པ་མེད་དོ། །དེའི་རྒྱུ་མཚན་འདི་ལྟར་སྐྱེ་མཆེད་རྫོགས་པའི་ལུས༷་ཞེས་རིལ་པོ་གཅིག་པུའི་རྣམ་པར་བཟུང་བ་དེ་ཡོད་ན་ནི༷་ལག་སོགས་ལ་ཡོད་དགོས་ནའང༌། ཡན་ལག་སོ་སོ་བ་ལུས་མིན་ཏེ་འདི་ལྟར་བོལ་གོང་སོགས་རྐང༷་པ༷་དང་བྱི༷ན་པ༷་སྟེ་རྗེ་ངར་ལུས་མི༷ན་ལ༷། བརླ༷་དང༷་རྐེད༷་པའང༷་ལུས༷་མ༷་ཡི༷ན་ཞིང༌། ལྟོ༷་བ་དང༷་རྒྱབ༷་ཀྱང༷་ལུས༷་མི༷ན་ཏེ༷། བྲང་དང་དཔུང༷་པ༷འ༷ང་ལུས༷་མ༷་ཡི༷ན་ལ། རྩིབ༷་ལོ༷ག་དང་ལ༷ག་པ༷འ༷ང་ལུས༷་མི༷ན་ཏེ༷། མ༷ཆ༷ན་ཁུང༷་དང་ཕྲག༷་པ༷འང༷་ལུས༷་མ༷་ཡི༷ན་ཞིང༌། གློ་སྙིང་སོགས་ན༷ང་ཁྲོལ༷་རྣ༷མས་ཀྱང༷་ལུས་དེ༷་མི༷ན་ལ༷། མགོ༷་དང༷་མགྲིན༷་པ༷འང༷་ལུས༷་མི༷ན་ཏེ། ལུས་ཀྱི་མཚན་ཉིད་དང་མི་མཐུན་པའི་ཕྱིར། དུར་ཁྲོད་དུ་འཐོར་བའི་ལུས་ཀྱི་དུམ་བུ་བཞིན་ད་ལྟ་འབྲེལ་བར་སྣང་ཡང་རུང་ཕན་ཚུན་འདྲེས་པ་མེད་པར་རང་ས་ན་ཡོད་ན་དེ་རེ་རེ་ལུས་སུ་ག་ལ་འགྱུར་ཏེ་ལག་པ་སོགས་བཅད་ཀྱང་ལུས་གནས་པར་འདོད་པས་སོ། །དེས་ན༷་ལག་སོགས་ཆ་ཤས་དུ་མའི་ཚོགས་པ་ཅན་འདི༷་ལ༷་ལུས༷་ཞེས་པ་ནི༷་ག༷ང་ཞིག༷་ཡི༷ན་ཏེ་གང་ཡང་མེད་དོ། །དེ་ལ་འདི་སྙམ་དུ་དེ་དག་རེ་རེ་ལུས༷་མིན་ཡང༌། ལུས་ནི་དེ་དག་ལ་ཁྱབ་ནས་ཡོད་དོ་སྙམ་ན། ལུས་གཅིག་གི་ཆ་ཤས་ཀྱིས་འདི་ཀུན་ལ་ཁྱབ་པ་ཡིན་ནམ། ཆ་ཤས་ཅན་ལུས་དུ་མས་རེ་རེ་བཞིན་དུ་ཁྱབ་པ་ཡིན། ག༷ལ་ཏེ༷་ལུས༷་ཞེས་པ་འདི༷་ལག་སོགས་ཡ༷ན་ལག་ཐ༷མས་ཅ༷ད་ལ༷་ཆ་ཤས་སམ་ཕྱོག༷ས་རེ༷་ཡི༷ས་ནི༷་གན༷ས་པར་གྱུར༷་པར་འདོད་ན༷། ལུས་དེའི་ཆ་ཤས་རྣམས་ལག་སོགས་ཆ༷་སོ་སོ་ལ༷་གན༷ས་པར་འགྱུར༷་དུ་ཆུག་མོ༷ད། ཆ་ཅན་ལུས་དེ༷་རང༷་ཉི༷ད་ནི༷་ག༷ང་ལ༷་གན༷ས་ཞེས་བརྟགས་ན། ལག་སོགས་རེ་རེ་ནས་བསལ་བའི་ཤུལ་ནི་ཁྱབ་བྱེད་ལུས་མ་དམིགས་སོ། །ག༷ལ་ཏེ༷་བད༷ག་ཉི༷ད་ཀུན༷་ལྡན་གྱི༷་ལུས༷་རིལ་པོ་ཆ་ཚང་བ་རེ་ལ༷ག་སོ༷གས་ཡན་ལག་རྣ༷མས་ལ༷་གན༷ས་ན༷་ནི༷་ལ༷ག་སོ༷གས་ཡན་ལག་དེ༷་དག༷་གི་གྲངས་ཇི༷་སྙེད༷་པ༷་དེ༷་སྙེད༷་ཀྱི༷་ནི༷་ལུས༷་སུ༷་སྟེ་དུ་མ་ཡོད་པར་འགྱུར༷་ནའང་ལུས་རིལ་པོ་གཅིག་པུ་ཞིག་ཏུ་འཛིན་པས་དེ་ལྟ་བུ་ནི་མི་སྲིད་དོ། །དེས་ན་སྐྱེ་མཆེད་དྲུག་གི་ཕྱི༷་དང༷་དེ་དག་གི་ནང༷་ཀུན༷་དུ༷་རིགས་པས་བཙལ་ན་ལུས༷་མེ༷ད་པའམ་མ་དམིགས་པའི་ཕྱིར་ན༷་ཇི༷་ལྟར༷་ན་ལ༷ག་སོ༷གས་ལ༷་ལུས༷་ཡོ༷ད་པར་འགྱུར་ཏེ་མེད་དོ། །ལ༷ག་སོ༷གས་རྣ༷མས་ལ༷ས་ལུས་ཀྱི་གདགས་གཞི་གཞ༷ན་ཞིག་ནི་མེ༷ད་ན༷་ལུས་དེ༷་ནི༷་ཇི༷་ལྟར་ཡོ༷ད་པ༷་ཡི༷ན་ཏེ་མེད་དོ། །དེ་ལ་རྐང་པ་ལུས་མིན་སོགས་ཀྱིས་ཡན་ལག་དང་གཅིག་མིན་པར་བསྟན་ལ། གལ་ཏེ་ལུས་འདི་སོགས་ཀྱིས་ཡན་ལག་དང་འབྲེལ་བ་ཅན་ཐ་དད་དུ་མེད་པར་བསྟན་ཏོ། །དེས༷་ན༷་ལུས༷་མེ༷ད་ཀྱང་ལ༷ག་པ་སོ༷གས་ཡན་ལག་གི་ཚོགས་པ་ལ༷་བརྟེན་ནས་རྨོ༷ངས་པ་ཡི༷ས་ནི༷་ལུས་བློར༷་འགྱུར༷་ཞེས་ལུས་ཞེས་བཏགས་པ་ཙམ་ལས་དོན་མ་གྲུབ་པ་ཞིག་སྟེ། དཔེར་ན་མི་དང་འདྲ་བའི་དབྱིབ༷ས་སུ་༷་བཀོ༷ད་པའི༷་ཁྱད༷་པ༷ར་གྱི༷ས་ཏེ་ཁྱད་པར་གྱི་དབང་ལས་ཐོ༷་ཡོ༷ར་ལ༷་ནི༷་མི་རུ་འཁྲུལ་པའི་བློ༷་འབྱུང་བ་བཞི༷ན་ནོ། །འདི་ན་ཇི༷་སྲིད༷་དབྱིབས་ཀྱི་ཁྱད་པར་གྱི་རྐྱེན༷་ཚོ༷གས་པའམ་ཚང་བ་དེ༷་སྲིད༷་དུ༷་ལུས༷་འདི་ནི༷་སྐྱེས༷་བུ༷་ལྟར༷་སྣང༷་བ༷ར་ཡིན་གྱི། རྐྱེན་མ་ཚང་ན་སྐྱེས་པའི་ལུས་སུ་མི་འཇོག་སྟེ་མཚན་འགྱུར་བའམ་མེར་མེར་པོ་དང༌། བསྲེགས་ཏེ་ཐལ་བ་བྱས་པའི་སྐབས་བཞིན་ནོ། །དེ་འདྲ་བར་བུད་མེད་ཀྱང་ཡིན་ནོ། །དེ༷་བཞི༷ན་དུ་ཇི༷་སྲིད༷་ལ༷ག་སོ༷གས་ཡན་ལག་ལ༷་ལུས༷་སུ་གདགས་པའི་རྐྱེན་ཕན་ཚུན་འབྲེལ་བར་གྱུར་པ་སོགས་དེ༷་དག༷་ཡོ༷ད་པ་དེ༷་སྲིད༷་དུ་ལག་པ་སོགས་དེར༷་ལུས༷་སུ་སྣང༷་གི་རང་གི་ངོ་བོ་ཉིད་ཀྱིས་ལུས་སུ་ཡོད་པ་ནི་མིན་ཏེ་ཤ་དང་རུས་པའི་དུམ་བུ་བཞིན་ནོ། །གཉིས་པ་ནི། ལུས་མེད་ཀྱང་ལག་པ་སོགས་ཡན་ལག་ནི་མངོན་སུམ་མཐོང་བས་ཡོད་དོ་ཞེ་ན། ལུས་བདེན་པར་མ་གྲུབ་པ་དེ༷་བཞི༷ན་སོ༷ར་མོ༷འི་ཚོ༷གས་སོ་སོ་བ་འདུས་པ་ཙམ་ཡི༷ན་པའི་ཕྱིར༷། ཚོགས་པ་དེ་ལ་ཡན་ལག་ཅན་ལ༷ག་པ་ཞེས་བཏགས་པ༷འ༷ང་དོན་དུ་གྲུབ་པ་ག༷ང་ཞི༷ག་ཡི༷ན་པ༷ར་འགྱུར༷་ཏེ་མ་གྲུབ་ཅིང༌། སོར་མོ་དེ༷་ཡ༷ང་ཚི༷གས་ཀྱི༷་ཚོ༷གས་ཡི༷ན་པའི་ཕྱིར༷་དེ་ཚིགས་སུ་མ་གྲུབ་ལ། ཚི༷གས་དེ་དག་ཀྱང༷་ར༷ང་རང༷་གི༷་ཕྱོགས་སོ་སོའི་ཆ༷་ཕྱེ༷་བས༷་དུ་མར་འགྱུར་བས་གཅིག་པུར་མེད་ལ། ཆ་དེ༷་ཡ༷ང་རགས་པ་ནས་ཕྲ་རྡུལ༷་གྱི་བར་དུ༷་ཕྱེ༷་བ༷ས་ཏེ་བྱས༷་ཏེ་རྡུལ༷་ཕྲ་རབ་དེ༷་ལའང༷་སྟེང་འོག་དང་ཕྱོགས་བཞིའི་ཆ༷འི་དབྱེ༷་བ༷་བྱས་པ་ཡི༷ས་དྲུག་ཏུ་འགྱུར་ཞིང་མཐར་གཏུག་ན་ཕྱོག༷ས་ཀྱི་དབྱེ༷་བ་གང་དུའ༷ང་ཆ་གཅིག་བདེན་གྲུབ་ཅིག་མི་རྙེད་དེ་ཆ༷་ཤ༷ས་དང༷་བྲལ༷་བར་འགྱུར་བའི་ཕྱིར༷་རོ། །དེས་ན་ལག་པ་ལ་སོགས་པའི་ཡན་ལག་དང་གཟུགས་སྣང་ཐམས་ཅད་རགས་པ་ཕྲ་བ་དང༌། ཕྲ་བ་རྡུལ་དང་རྡུལ་ཕྲ་རབ་དང༌། དེ་ཕྱོགས་ཆའི་དབྱེ་བས་གཞལ་ན་ནམ་མཁ༷འ་བཞི༷ན་དུ་སྟོང་པར་འགྱུར་གྱི་གཟུགས་སུ་གྲུབ་པ་མེད་པ་དེས༷་ན༷་རྡུལ༷་ཕྲ་རབ་ཏུ་ཡ༷ང་གྲུབ་པ་མེ༷ད་དོ། །གསུམ་པ་ནི། དེ༷་ལྟར༷་བདེན་པར་མ་གྲུབ་པ་སྣང་ལ་རང་བཞིན་མེད་པས་རྨི༷་ལ༷མ་ལྟ༷་བུ༷་ཡི༷་གཟུ༷གས་ལ༷་དེ་ཁོ་ན་ཉིད་ཀྱི་དཔྱོ༷ད་པ་དང་ལྡན༷་པའི་གང་ཟག་སུ༷་ཞི༷ག་ཆ༷གས་ཏེ་ཆགས་མི་རིགས་སོ། །ག༷ང་ཚེ༷་དེ༷་ལྟར༷་ལུས༷་རང་བཞིན་མེ༷ད་པ༷་དེ༷་ཚེ༷་དེའི་བྱེ་བྲག་སྐྱེས༷་པ་གང༷་ཡིན་ལ་བུད༷་མེ༷ད་གང༷་ཡིན་ཏེ་བདེན་པར་མེད་དོ། །དེ་ལྟར་ན་ང་རང་གི་ལུས་ལ་ཇི་ལྟར་བརྟགས་པ་དེ་བཞིན་དུ་ཕར་སེམས་ཅན་གྱི་ལུས་དང་ཕྱི་སྣོད་རི་གླིང་སོགས་ཀྱང་རང་བཞིན་མེད་པར་ནམ་མཁའ་བཞིན་དུ་གཏན་ལ་ཕབ་པར་བྱའོ། །དེ་ལྟར་ཤེས་ནས་ཕན་ཚུན་ཆགས་ཞེན་ལ་སོགས་པའི་མཚན་འཛིན་སྤངས་ནས་རྗེས་ཐོབ་སྒྱུ་མ་ལྟ་བུ་སྣང་ལ་རང་བཞིན་མེད་པ་དང་མཉམ་བཞག་ནམ་མཁའ་ལྟ་བུའི་སྤྲོས་པ་དང་བྲལ་བའི་ངང་དུ་མཉམ་པར་བཞག་པར་བྱ་སྟེ། མདོ་ལས། འཇམ་དཔལ་གང་གིས་ལུས་ནམ་མཁའ་དང་མཉམ་པར་མཐོང་བ་དེ་ནི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་བཞག་པའོ་ཞེས་གསུངས་པ་བཞིན་ནོ། །གཉིས་པ་ཚོར་བ་དྲན་པ་ཉེར་བཞག་བསྒོམ་ཚུལ་ལ། ཚོར་བའི་ངོ་བོ་ལ་བརྟགས་པ། ཚོར་བའི་རྒྱུ་ལ་བརྟགས་པ། ཚོར་བའི་འབྲས་བུ་ལ་བརྟགས་པ། ཚོར་བ་པོ་ལ་བརྟག་པ་དང་བཞི་ལས། དང་པོ་ནི། ཚོར་བ་སྡུག༷་བསྔལ༷་འདི་དེ་ཁོ༷་ན་ཉི༷ད་དུ༷་རང་གི་ངོ་བོས་ནང་སེམས་ཀྱི་རྒྱུད་དམ་སྟེང་ན་ཡོ༷ད་པ་ཞིག་ཡིན་ན༷་ཅི༷་སྟེ༷་རང་རྒྱུད་ལ་ར༷བ་དག༷འ་སྐྱེ་བ་ལ༷་མི༷་གནོ༷ད་དེ་གནོད་ཅིང་དགའ་བ་སྐྱེ་བར་མི་འགྱུར་ནའང་དེ་ལྟར་མ་ངེས་པའི་ཕྱིར་རོ། །དེ་བཞིན་དུ་བདེ་བ་དེ་ཉིད་དུ་ཡོད་ན་སྡུག་བསྔལ་ལ་གནོད་པའང་ཤེས་ནུས་པས་ལོགས་སུ་མ་སྨྲས་སོ། །དེས་ནང་བློ་ཡི་སྟེང་ན་ཚོར་བ་བདེན་གྲུབ་མེད་པར་བསྟན་ནས། ད་ནི༷་ཕྱིའི་དབང་དུ་བྱས་ཏེ་གསུངས་པ། ཕྱི་ཡུལ་གྱི་སྟེང་ནའང་ཚོར་བ་བདེ་བ་བདེན་པར་མ་གྲུབ་སྟེ། གཟུགས་བཟང་བ་དང་རོ་མངར་བ་སོགས་བདེ༷་བའི་རང་བཞིན་ཡིན་ན༷། བུ་ཤི་བའི་མྱ༷་ང༷ན་གྱིས་གདུང༷ས་པ་དང་འཇིགས་པས་མྱོས་པ་སོ༷གས་ལ༷་ཟས་ཞིམ༷་པོ་དང༌། ལྟད་མོ་སོ༷གས་ཀྱིས་ཅི༷་སྟེ༷་དག༷འ་བར་མི༷་བྱེད༷་དེ་བྱེད་དགོས་ཏེ་ཞིམ་སོགས་དངོས་པོ་ཉིད་ལ་བདེ་བ་ཡོད་པའི་ཕྱིར་མེའི་ཚ་བ་བཞིན་ཡིན་དགོས་ན་དེ་ལྟ་མ་ཡིན་པས་གསལ་ལ། དེ་ལ་སྡུག་བསྔལ་དེ་ཁོ་ན་ཉིད་དུ་ནང་བློ་ལ་མེད་པ་ནི་མ་ཡིན་ཀྱང་ནང་གི་དགའ་བ་ཁྱད་པར་ཅན་སྟོབ༷ས་དང༷་ལྡན༷་པ༷ས་ཟི༷ལ་གྱིས་མན༷ན་པའི་ཕྱིར༷་ག༷ལ་ཏེ༷་སྡུག་བསྔལ་དེ༷་མྱོང་བ༷་མ་ཡི༷ན་ཏེ། དཔེར་ན་ཉི་མས་རྒྱུ་སྐར་བཞིན་ནོ་ཞེ་ན། གང༷་ཞིག༷་ཉ༷མས་སུ་མྱོང༷་བའི་བད༷ག་ཉི༷ད་མི༷ན་པ་དེ༷་ནི༷་ཚོ༷ར་བ༷་ཇི༷་ལྟར༷་ཡི༷ན་ཏེ་ཚོར་བའི་མཚན་ཉིད་མེད་པའི་ཕྱིར་རོ། །དེ་ལ་དེ་དག་འདི་སྙམ་དུ་གཏན་ནས་མ་མྱོང་བ་ཚོར་བར་མི་རུང་བས་ན་དགའ་བ་སྟོབས་ལྡན་མྱོང་བཞིན་པའི་སྐབས་སུ་སྡུག་བསྔལ་གཏན་མ་མྱོང་བ་མིན་ཀྱང་སྡུག༷་བསྔལ༷་ཕྲ༷་མོ༷་ཉི༷ད་དུ༷་ཡོ༷ད་པས་དེ་མྱོང་བ་མི་ཤེས་པས་ཡིན་ཏེ། དཔེར་ན་བུ་རམ་གྱི་ཁུ་བ་མང་བའི་ནང་ན་ཚྭ་ཆུའི་ཐིག་པ་ཕྲ་མོ་ལྷུང་བ་བཞིན་ནོ་ཞེ་ན། རྒྱུད་གཅིག་ལ་སྡུག་བསྔལ་ཕྲ་མོ་དང་བདེ་བ་ནུས་མཚུངས་སུ་འགྲོགས་པ་མེད་དེ། ཡོད་ན་དུས་མཉམ་པར་རྒྱུད་ལ་སྣང་དུ་རུང་བ་ལ་དེ་མ་དམིགས་པ་དང༌། ཁྱོད་ཀྱི་སྡུག་བསྔལ་འདི༷་ཡི༷་ར༷གས་པ༷་སྟོབས་ཆེན་པོའི་ཆ་ནི་བདེ་བས་བས༷ལ་བར་འདོད་པ་མི༷ན་ན༷མ། དེ་ལྟར་ན་འདིའི་ཕྲ་བའང་ཅིས་མི་སེལ་ཏེ་དེའི་གཉེན་པོ་སྟོབས་ལྡན་གནས་བཞིན་པ་ཡིན་པའི་ཕྱིར། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་གཞིར་གྲང་རེག་བཞིན་ནོ། །ཡང་ཁོ་ན་རེ། སྡུག་བསྔལ་ཕྲ་མོ་ཡོད་ཀྱང་དེ༷་ནི༷་རང་གི་ནུས་པ་འབྱིན་མ་ནུས་པར་བདེ་བ་ཆེན་པོས་ཁ་བསྒྱུར་ཏེ་སོང་བས་ན་བདེ་བ་ཆེན་པོ་དེ༷་ལ༷ས་གཞ༷ན་དག༷འ་བ་ཙམ་སྟེ་དགའ་བ་ཕྲ་མོའི་རྣམ་པར་མྱོང་བ་ཡིན་ཏེ། ཤེལ་དཀར་པོ་རྡུལ་དམར་པོས་ཁ་བསྒྱུར་ནས་དམར་པོར་སྣང་ཡང་ཤེལ་དཀར་པོ་མེད་པ་ནི་མིན་པ་བཞིན་ནོ་ཞེ༷་ན། དགའ་བ་ཙམ་དུ་གཏོགས་པའི་ཕྲ༷་མོ༷་ཉི༷ད་དེ༷་ཡ༷ང་དགའ་བ་དེའི༷་རིགས་ཡིན་གྱི་སྡུག་བསྔལ་ནམ་ཡང་མ་ཡིན་ན། དེ་དོན་དུ་སྡུག་བསྔལ་ལོ་ཞེས་བཏགས་པས་ཅི་བྱ་སྟེ། སྡུག་བསྔལ་ཉིད་དགའ་བ་ཕྲ་མོར་མྱོང་བའི་དགའ་བ་ཙམ་དང༌། དགའ་བ་རང་ཉིད་ཕྲ་མོར་མྱོང་བའི་དགའ་བ་ཙམ་གྱི་ཆ་ཞེས་ཁྱད་པར་ཅི་ཞིག་གིས་འབྱེད་དེ་མེད་བཞིན་ནན་གྱིས་བཙལ་བ་མཁའ་ལ་མདུད་པ་བོར་བ་འདིས་ཅི་བྱ། དཔེ་དག་ཀྱང་རང་ཉིད་མ་གྲུབ་པ་སྒྲུབ་བྱེད་དུ་བཀོད་པ་ཡིན་གྱི་དེས་མི་འགྲུབ་བོ། །ག༷ལ་ཏེ༷་འག༷ལ་རྐྱེན༷་བདེ་བ་སྟོབས་ལྡན་སྐྱེས༷་པ༷ས་ན༷། རྒྱུ་མ་ཚང་བའི་སྡུག༷་བསྔལ༷་ནི་དེ་ཚེ་སྐྱེས༷་པ༷་མི༷ན་ནོ་ཞེ་ན༷། དེ་ལྟ་ན་ནི༷་དངོས་པོ་ལ་གྲུབ་པ་མེད་པར་ཚོ༷ར་བར་ཏེ་ཚོར་བ་ཞེས་བྱ་བར་ནང་གི་རྟོག༷་པ༷་ཡིས་བདེ་སོགས་སུ་མངོན་པར་ཞེ༷ན་པའམ་བཏགས་པ་ཙམ་ཉི༷ད་ཡི༷ན་ནོ་ཞེས༷་བྱ༷་བ༷ར་གྲུབ༷་པ་མི༷ན་ནམ༷་སྟེ་འདི་ལྟར་བློ་ཉིད་བདེ་བར་སྐྱེས་སྐབས་སུ་ནི་སྡུག་བསྔལ་མེད་ལ་སྡུག་བསྔལ་དུ་སྐྱེས་སྐབས་སུ་བདེ་བ་མེད་ཅིང་རྐྱེན་ལས་རེས་འགའ་བར་དམིགས་པའི་ཕྱིར་རོ། །དེས་ན་བདེ་སྡུག་ཅེས་གྲུབ་གྲུབ་མོ་ཞིག་ཏུ་བལྟས་ནས་དེ་འདོར་ལེན་གྱི་ཆེད་དུ་འབད་པ་ནི་འཁྲུལ་པ་སྟེ་བདེ་སྡུག་ཅེས་པ་རང་གི་བློས་མ་བཏགས་ཀྱི་བར་དུ་བདེ་སྡུག་རང་མཚན་པ་ཕྱི་དང་ནང་ཀུན་ཏུའང་མི་གནས་པས་སོ། །དཔེར་ན་སྐྱུགས་ནད་ཅན་དང་བཀྲེས་པ་ལ་མར་ཁུ་དང༌། གཙང་སྦྲ་ཅན་དང་ཕག་པ་ལ་ལུད་ཕུང་དང༌། མི་སྡུག་པ་གོམས་པ་དང་ཆགས་ཅན་ལ་བུད་མེད་ཀྱི་དངོས་པོ་བཞིན་དུ་རང་གི་རྟོག་པའི་དབང་གིས་བདེ་སོགས་དེར་འབྱུང་བ་སྟེ་བདེ་སོགས་ཀྱི་དངོས་པོ་རང་མཚན་པ་མེད་དོ། །རྒྱུ་མཚན་དེ༷་ལྟ་བུ་ཉི༷ད་ཀྱི་ཕྱིར༷་ན༷་ཚོར་བ་བདེ་སོགས་ལ་དེ་ཉིད་དུ་མངོན་པར་ཞེན་ནས་འདོར་ལེན་གྱི་རྣམ་པར་རྟོག་པའི་འཕྲོ་འདུ་ལུ་གུ་རྒྱུད་དུ་འབྲེལ་བའི་འཁྲུལ་པ་འདི༷་ཡི༷་ནི༷་གཉེ༷ན་པོ༷་ཚོར་བ་དང་རང་བཞིན་མེད་པར་རྣམ༷་པར་དཔྱད༷་པ་འདི༷་ལྟ་བུ་བསྒོམ༷་པར་བྱ༷་སྟེ་ཚོར་བ་ལ་མངོན་པར་ཞེན་པའི་འཇིག་རྟེན་འདི་ཀུན་ནས་སྨྱོན་པ་བཞིན་དུ་འཁྲུགས་པར་གྱུར་ཅིང༌། དེའི་གཉེན་པོ་ནི་འདི་ལས་གཞན་མེད་པའི་ཕྱིར་རོ། །དེ་འདྲའི་རྣམ༷་པ་བརྟག༷་ཅིང་དཔྱད་པའི་ཞིང༷་ས་བཟང་པོ་ལྟ་བུ་ལ༷ས་བྱུང༷་བ༷་ཡི༷་ཚོར་བ་རང་བཞིན་མེད་པའི་དོན་ལ་མཉམ་པར་བཞག་པའི་བས༷མ་གཏ༷ན་དེ་ནི་རྣལ༷་འབྱོར༷་པ༷་ཡི༷་སྟེ་རྣལ་འབྱོར་པ་རྣམས་ཀྱིས་ལོངས་སྤྱོད་པའི་ཟ༷ས་ཡིན་ཏེ་ཇི་ལྟར་ཟས་ཀྱིས་ལུས་རྒྱས་པ་དང་དགའ་ཞིང་ཚིམ་པར་བྱེད་པ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱིས་ཆགས་བྲལ་གྱི་དགའ་བ་ཉམས་སུ་མྱོང་ཞིང་རྟོགས་པའི་ཡོན་ཏན་གྱི་ལུས་རྒྱས་པའི་ཕྱིར་རོ། །ཚོར་བ་ནི་སྲེད་པའི་རྩ་བ་རྩོད་པའི་གཞིར་གྱུར་པའི་གཙོ་བོ་ཡིན་པའི་ཕྱིར་ན་རང་བཞིན་མེད་པར་གཏན་ལ་ཕབ་ནས་བསྒོམ་པ་ནི་གལ་ཆེའོ་གསུངས། གོང་དུ་ཇི་སྐད་བཤད་པའི་དཔྱད་འཇོག་གིས་བསྒོམ་གང་ཡིན་ཀྱང་དང་པོ་ཐོས་པའི་ཤེས་རབ་ནི་མཆོག་ཡིན་ཏེ། སྟོན་པ་ཤཱཀྱ་ཐུབ་པའི་འཁོར་བདེན་པ་མཐོང་བ་ཐམས་ཅད་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཐོས་པ་བྱས་པ་རྣམས་ཡིན་པར་གསུངས་པའི་ཕྱིར་ན། མ་འོངས་པ་ན་བྱམས་པ་བྱོན་ཚེ་འཁོར་གྱི་ཐོག་མར་སྐྱེས་ནས་བདེན་པ་མཐོང་བར་འགྱུར་སྲིད་པས་སོ་གསུངས། གཉིས་པ་ནི། ག༷ལ་ཏེ༷་ཡུལ་ཅན་དབ༷ང་པོ་དང་ཡུལ་གཟུགས་སོགས་དོན་གཉི༷ས་པོ༷་འདི་དག་བ༷ར་དང་བཅ༷ས་པ་ཞིག་གམ་བར་མེད་གཅིག་ཡིན་དང་པོ་ལྟར་ན༷་དེ༷་དག༷་ག༷ང་དུ༷་ཕྲད༷་པ༷ར་འགྱུར༷་ཏེ་བར་ཆོད་པ་ལ་ཕྲད་པ་མི་སྲིད་པ་ཤར་ནུབ་གྱི་རི་བཞིན་ནོ། །གལ་ཏེ་དེ་གཉིས་ལ་བ༷ར་མེ༷ད་ན༷་ཡ༷ང་གཅི༷ག་ཉི༷ད་དུ་འགྱུར་ཏེ། དེ༷་ལྟར་ན་དབང་པོ་གང༷་ཞིག༷་ཡུལ་ག༷ང་དང༷་འཕྲད༷་པ༷ར་འགྱུར༷་ཏེ། མིག་རང་ཉིད་རང་ཉིད་དང་ཕྲད་པ་མི་སྲིད་པ་བཞིན་ནོ། །དེར་ཁོ་ན་རེ། ཐལ་མོ་ཕན་ཚུན་སྦྱར་བ་ལ་སོགས་པ་བཞིན་ཏུ་ཕྲད་པ་ཅི་སྟེ་མེད་སྙམ་ན། འདི་ལྟར་ཕྲད་པར་སྣང་བ་འདིའང་རྟོག་པས་ཞེན་པ་ཙམ་སྟེ་ཡང་དག་པར་ནི་མ་ཡིན་ནོ། །དེའི་རྒྱུ་མཚན་དབང་དོན་རགས་པ་ནི་ཕྱོགས་ཐམས་ཅད་ཀྱིས་ཕྲད་པ་མེད་དེ། གང་མདུན་ཕྲད་ན་རྒྱབ་མ་ཕྲད་པ་ལྟ་བུའོ། །དེའི་ཚུལ་གྱིས་དཔྱད་ན་རྡུལ་གཞན་གྱིས་བར་དུ་ཆོད་པའི་རྡུལ་རྣམས་ནི་མ་ཕྲད་ལ། མཐར་བར་མ་ཆོད་པའི་དབང་དོན་གྱི་རྡུལ་ཕྲ་རབ་ཕྲད་དགོས་ཀྱང༌། དེ་ལ་དབང་པོའི་རྡུལ་ཕྲན་ཏཻ་ཕྲ་རབ་ནི་ཡུལ་གྱི་རྡུལ༷་ཕྲན༷་ཏེ་ཕྲ་རབ་ལ༷་འཇུག་པ་མེ༷ད་དེ། དེ༷་ལ་ནི༷་ཆ་མེད་པས་གཞན་ཤོངས་པའམ་འཇུག་པའི་གོ་སྐབ༷ས་མེ༷ད་པར་ནི་ཕན་ཚུན་གཉིས་ཀའང་མཉ༷མ་པར་གྱུར་པ༷་ཡི༷ན་ལ། དེའི་ཕྱིར་དེ་གཉིས་པོ་ངོས་གཅིག་གིས་ཕྲད་ཀྱི་ཆ་ཐམས་ཅད་མ་ཕྲད་ན་ནི་ཆ་མེད་མིན་ཏེ། ད་རུང་མ་ཕྲད་པའི་རྡུལ་གཞག་ནས་ཕྲད་རྡུལ་དེ་ཉིད་ལ་དཔྱད་པ་འཇུག་ལ་ཆ་ཐམས་ཅད་ཀྱིས་ཕྲད་ན་ཕན་ཚུན་ཞུགས་ཤིང་ཐིམ་དགོས་ཀྱང་དེ་ལ་ཞུགས་པའི་གོ་སྐབས་མེད་པར་མཉམ་པའི་ཕྱིར་ཞུགས་པ་མེད་དོ། །མ་ཞུགས་པ༷་ལ༷་རྡུལ་གཉིས་པོ་གཅིག་ཏུ་འདྲེས༷་པ་མེ༷ད་ཅི༷ང༌། མ༷་འདྲེས༷་པ༷་ལ༷་ཕྲད༷་པ༷་མེ༷ད་དེ། ཆ་མེད་ཕྲད་ན་ཕྱོགས་ཐམས་ཅད་ཀྱིས་ཕྲད་དགོས་ཀྱི་ཕྱོགས་གཅིག་ཕྲད་པ་མི་སྲིད་པའི་ཕྱིར་རོ། །དེས་ན་ཆ༷་མེ༷ད་པ་ཡང་ཡིན་པ་ལ༷འ༷ང་དེ་ལ་ཕྲད༷་པ༷་ཡོད་དོ་ཞེས༷་བྱ༷་བ༷་ཇི་ལྟར༷་འཐ༷ད་པ༷ར་འགྱུར༷་ཏེ། ཕྱོགས་གཅིག་དང་ཕྱོགས་ཐམས་ཅད་ཀྱིས་ཕྲད་པ་གཉིས་ཀ་དེ་ལ་མི་སྲིད་པའི་ཕྱིར་རོ། །དེས་ན་ཕྲད༷་པ༷་ཡིན་པ༷་དང༷་ནི༷་ཆ༷་མེ༷ད་ཡིན་པ༷ར་ག༷ལ་ཏེ༷་ཁྱོད་ཀྱིས་མཐོ༷ང་ན༷་ཁོ་བོ་ལ་བསྟན༷་པ༷ར་གྱི༷ས་དང་ཕྲད་པ་གྲུབ་པར་འགྱུར་རོ་ཞེས་བསྟན་མི་ནུས་པའི་ཚད་དུ་དགོངས་པའོ། །དེ་ལ་ཡུལ་དབང་ཤེས་གསུམ་འདུས་པ་ཞེས་པའི་དབང་དོན་འདུས་པ་མེད་པར་བསྟན་ནས་ཡུལ་དང་རྣམ་ཤེས་ཕྲད་དོ་སྙམ་ན། རྣམ༷་ཤེས༷་ནི་རྡུལ་ཚོགས་པའི་ལུས༷་མེ༷ད་པ༷་ལ༷་ནི༷་ཡུལ་དང་ཕྲད༷་པ༷་འཐ༷ད་པ༷་མ༷་ཡི༷ན་པ་ཉི༷ད་དེ། གང་ལུས་མེད་ཀྱང་ཕྲད་པ་ཡོད་ན་ནམ་མཁའ་དང་ལག་པ་ཕྲད་པ་དང་མོ་གཤམ་གྱི་བུ་དང་ཡང་ཕྲད་པར་འགྱུར་རོ། །སེམས་ཡོད་པས་ན་དཔེ་འདི་མི་རུང་ངོ་སྙམ་ན་ལུས་མེད་ཀྱི་ཕྲད་པ་དཔྱད་པའི་ཕྱིར་མི་རུང་བ་མེད་དོ། །གལ་ཏེ་ཕྲད་ཅིང་རེག་པ་མེད་ཀྱང་ཡུལ་དབང་ཤེས་གསུམ་ཚོགས་པ་ཡོད་དོ་སྙམ་ན། ཚོག༷ས་པ༷་ཞེས་བྱ་བ་དེའང་དངོ༷ས་པོ༷་མེ༷ད་པའི་ཕྱིར༷་ཏེ༷། དེ་བཞིན་སོར་མོའི་ཚོགས་ཡིན་ཕྱིར། །ཞེས་པ་ལ་སོགས་པས་སྔར༷་ནི༷་ཇི༷་ལྟར༷་རྣམ༷་པར་དཔྱད༷་པ་བཞི༷ན་དུ་ཤེས་པར་བྱའོ། །དེ༷་ལྟར༷་རྒྱུ་རེ༷ག་པ༷་ཡོད་པ་མིན་ན༷། འབྲས་བུ་ཚོ༷ར་བ༷་གང༷་ལ༷ས་འབྱུང༷་བ༷ར་འགྱུར༷་ཏེ་དོན་དམ་པར་མེད་ལ། དེ་མེད་ན་བདེ་སྡུག་ལ་བླང་དོར་གྱི་ང༷ལ་བ་སྣ་ཚོགས་པ་འདི༷་ཅི༷་ཡི༷་སྟེ་ཅི་ཞིག་གི་དོ༷ན་དུ༷་ཡི༷ན་ཏེ། གང་དོན་དུ་གཉེར་ཞིང་བསྒྲུབ་པར་བྱ་བའི་བདེ་བ་མེད་ལ། སྡུག་བསྔལ་གང༷་གི༷ས་གང་ཟག་ག༷ང་ལ༷་གནོ༷ད་པ༷ར་འགྱུར༷་ཏེ༷། སྒྱུ་མའི་སེམས་འཁྲུལ་པའི་སྣང་བ་ཙམ་མོ་ཞེས་སོ། །གསུམ་པ་ནི། འདི་ལྟར་སྲེད་པ་ལྡོག་མེད་དུ་སེམས་ཅན་ཐམས་ཅད་ལ་སྐྱེ་བས་ན་དེའི་རྒྱུ་ཚོར་བ་ཅི་སྟེ་མེད་ཅེ་ན། འདི་ཡང་རྨོངས་པ་ཙམ་སྟེ་ཡང་དག་པར་མ་ཡིན་ནོ། །དེ་ཡང་ག༷ང་གི༷་ཚེ༷་ཚོ༷ར་བ་པོ༷་བདག་དང་ཤེས་པ་རང་བཞིན་གྱིས་གྲུབ་པ་འག༷འ་ཡ༷ང་མེ༷ད་ཅི༷ང༌། དེས་མྱོང་བྱ་ཚོ༷ར་བའ༷ང་ཡོ༷ད་པ༷་མ༷་ཡི༷ན་པ༷་དེ༷་ཚེ༷་ཚོར་བྱ་དང་ཚོར་བྱེད་དོན་ལ་མེད་པའི་གན༷ས་སྐ༷བས་འདི༷་ལྟ་བུ་མཐོ༷ང་ནས༷་ཚོར་བའི་རྒྱུ་ལས་བྱུང་བའི་འབྲས་བུ་སྲེད༷་པ༷་ཅི༷་ཡི་ཕྱིར༷་ལྡོག༷་པར་མི༷་འགྱུར་ཏེ་རྒྱུ་མེད་པའི་ཕྱིར་རོ། །བཞི་པ་ནི། གལ་ཏེ་ཚོར་བ་དང་ཚོར་བ་པོ་མེད་ན་མཐོང་ཐོས་སོགས་འདི་མི་འཐད་དོ་སྙམ་ན། མིག་གིས་གཟུགས་མཐོ༷ང་བ༷འ༷མ་ནི༷་ལུས་ཀྱིས་རེ༷ག་པ༷་ཡ༷ང་ཞེས་ཐོག་མཐའ་གཉིས་ཀྱིས་བར་ཀུན་མཚོན་པར་བྱས་པའི་མཐོང་ཐོས་སྣོམ་པ་ལ་སོགས་པ་འདི་དག་དོན་ལ་མེད་ཀྱང་སྣང་བ་ནི་རྨི༷་ལམ་དང་སྒྱུ༷་འདྲའི༷་སྟེ་སྒྱུ་མ་དང་འདྲ་བའི་བད༷ག་ཉིད༷་ཀྱི༷ས་ཡིན་ཏེ་མ་བརྟགས་པ་བཏགས་པ་ཙམ་མོ། །དེས་ན་མི་བདེན་བཞིན་དུ་སྣང་བ་ཙམ་ལས་ཡང་དག་པར་ན་མི་མཐོང་སྟེ། འདི་ལྟར་ཚོར་བ་དང་དེ་མྱོང་བའི་སེམས་དུས་མཉམ་མམ་མི་མཉམ་ཞེས་དཔྱད་ཚེ། དུས་མཉམ་པར་གྱུར་ན་ནི། མྱོང་བྱེད་སེ༷མས་དང༷་མྱང་བྱ་ཚོར་བ་གཉིས་དུས་སྔ་ཕྱི་མེད་པར་ལྷན༷་ཅི༷ག་ཏུ་སྐྱེས༷་པའི༷་ཕྱིར༷། ཚོ༷ར་བ༷་དེ་སེམས་དེ༷་ཡི༷ས་མཐོ༷ང་བ་སྟེ་མྱོང་བ་མ༷་ཡི༷ན་ཏེ། རྫས་ཐ་དད་དུས་མཉམ་པ་ནི་གང་གང་གི་སྔོན་དུ་མེད་པས་ཕན་ཚུན་མི་ལྟོས་ཤིང་འབྲེལ་མེད་སོ་སོ་བའི་ཕྱིར་མི་མྱོང་ངོ༌། །གལ་ཏེ་དུས་མི་མཉམ་པར་ཚོར་བ་སྔར་སྐྱེས་པ་དང་སེམས་ཕྱི་མར་སྐྱེས་པའི་ཕྱིར་སེམས་ཚོར་བའི་རྣམ་ལྡན་དུ་འགྱུར་རོ་ཞེ་ན། དེ་ལྟར་ཚོར་བ་སྔར༷་དང༷་སེམས་ཕྱི༷་མ༷ར་སྐྱེས༷་པ༷ས་ཀྱང༷་ཚོར་བ་དེ་སེམས་ཀྱི་རང་དུས་ན་མེད་པས་དྲན༷་པ༷ར་སྟེ་དྲན་པ་ཙམ་དུ་འགྱུར༷་ཏེ་འདས་པ་ལ་དམིགས་པ་ཐམས་ཅད་དྲན་པ་ཡིན་གྱི༷་འདས་པ་ད་ལྟ་མེད་པས་དངོས་སུ་གསལ་པོར་མྱོ༷ང་བ་མ༷་ཡི༷ན་ཏེ་མྱོང་མི་སྲིད་དོ། །དེས་ན་འདས་པ་ལ་དྲན་པ་དེའང་བརྟག་ན་རྫུན་ཏེ་འདས་པ་ཉིད་ད་ལྟ་ཡུལ་དུ་མི་གནས་པས་སོ། །དེ་ལྟར་ཚོར་བྱེད་ཀྱི་སེམས་འདས་པ་ནི་འགགས་ཟིན་པས་དེས་མྱོང་མི་སྲིད་ལ། ད་ལྟ་དང་མ་འོངས་ཀྱིས་མི་མྱོང་བར་རིགས་པས་བསྒྲུབ་པའོ། །དེ་བཞིན་ཏུ་ཡུལ་ཚོར་བ་འདས་པ་ནི་དྲན་པ་ལས་མི་མྱོང་ལ། ད་ལྟ་ནི་མྱོང་མི་ཤེས། མ་འོངས་པ་ནི་མེད་པས་ད་ལྟའི་ཤེས་པས་མྱོང་མི་སྲིད་དོ། །འདི་ལྟར་ཚོར་བ་ར༷ང་གི༷ས་བད༷ག་ཉིད༷་དམ་རང་ཉིད་མྱོང༷་བར་རིགས་པ་མི༷ན་ཏེ་རང་ལ་རང་བྱེད་པ་འགལ་བའི་ཕྱིར་རང་རིག་པ་བཀག་པ་བཞིན་ཡིན་ལ༷། ཚོར་བ་ལས་གཞ༷ན་དུ་གྱུར་པའི་ཤེས་པ་ད༷ག་གི༷ས་ཀྱང༷་མྱོང༷་བ་མ༷་ཡིན་ཏེ། བཤད་མ་ཐག་པ་ཉིད་ཀྱི་ཕྱིར་ན། ཚོར་བ་དེ་ཉིད་མྱོང་བ་པོའམ་ཚོ༷ར་བ་པོ༷་འག༷འ་ཡང༷་ཡང་དག་པར་ཡོ༷ད་པ་མི༷ན་ཏེ། རྒྱུ་མཚན་དེས༷་ན༷་ཚོར༷་བྱ་འདི་དེ༷་ཁོ་ན་ཉིད་དུ་ཡོད་པ་མི༷ན་ནོ། །དེ༷་ལྟར༷་མྱོང་བ་པོའི་བད༷ག་མེ༷ད་པར་ཕུང་པོའི་ཚོ༷གས་པ་རྨི་ལམ་སྒྱུ་མ་ལྟ་བུ་འདི༷་ལ༷་ཚོར་བ་སྡུག་བསྔལ་བ་ཞེས་རང་བཞིན་མ་གྲུབ་པ་འདི༷་ཡི༷ས་ཅི༷་སྟེ༷་གནོ༷ད་པ༷ར་བྱས༷་པ་ཡིན་ཏེ། དོན་དུ་ཕན་གནོད་གང་ཡང་མེད་དོ། །གསུམ་པ་སེམས་དྲན་པ་ཉེར་བཞག་བསྒོམ་ཚུལ་ལ། སེམས་རང་བཞིན་མེད་པར་བསྟན་པ་དང༌། སེམས་སྐྱེ་བ་མེད་པར་བསྟན་པ་གཉིས་ལས། དང་པོ་ནི། ཡི༷ད་དམ་སེམས་འདི༷་ནི༷་གང་དུ་བཙལ་ཡང་མི་རྙེད་དེ། འདི་ལྟར་མིག་ལ་སོགས་པའི་ནང་གི་དབང༷་པོ་དྲུག་པོ་རྣམ༷ས་ལ༷་མི༷་གན༷ས་ཤིང༌། ཕྱིའི་གཟུ༷གས་སོ༷གས་ཡུལ་དྲུག་ལ༷་གནས་པ་མི༷ན་ལ། དེ་གཉིས་ཀྱི་བ༷ར་ན༷འ༷ང་གནས་པ་མི༷ན་ཞིང༌། ན༷ང་ལུས་ཀྱི་དབུས་རྣམས་ན༷འ༷ང་སེ༷མས་རྙེད་པ་མི༷ན་ལ། ཕྱི༷་ལུས་ཀྱི་ཡན་ལག་རྣམས་ལ་སེམས་རྙེད་པ་མིན་ཞིང༌། དེ་རྣམས་ལས་གཞ༷ན་དུ༷་ཡ༷ང་ནི༷་རྙེད༷་པ༷་མ༷་ཡི༷ན་ནོ། །ག༷ང་ཞི༷ག་ལུས༷་ཉིད་ནི་སེམས་མིན་ལ། ལུས་ལས་གཞ༷ན་དུ༷་ཕྱི་རོལ་གྱི་དངོས་པོར་ཡང་མི༷ན་ཞིང༌། ལུས་ལ་འདྲེས༷་ཤིང་ཞུགས་པར་གྱུར་པའང་མི༷ན་ཏེ། ལུས་ལས་ལོག༷ས་སུའང་གྲུབ་པ་འག༷ར་ཞེས་འགའ་ཡང་མེད་པ༷་དེ༷་ནི༷་ཅུ༷ང་ཟ༷ད་ཀྱང་གྲུབ་པ་མི༷ན་པ་དེ༷འི་ཕྱིར༷་སེ༷མས་ཅ༷ན་རང་ཉིད་རང༷་བཞི༷ན་མྱ༷་ང༷ན་ལས་འད༷ས་པ་ཡིན་ཏེ། དཀོན་མཆོག་བརྩེགས་པ་ལས། སེམས་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད་གཉིས་ཀ་ན་ཡང་མེད་ཅིང་མི་དམིགས་སོ། །ཞེས་སོགས་ནས། འོད་སྲུང་སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས། མི་གཟིགས་གཟིགས་པར་མི་འགྱུར་རོ། །ཞེས་པ་སོགས་དང༌། ཡུམ་ལས། སེམས་ནི་སེམས་མ་མཆིས་པ་སྟེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་པ་ལ་སོགས་པ་བཞིན་ནོ། །གཉིས་པ་ནི། ཤེས༷་བྱ༷་གཟུགས་ལ་སོགས་པ་ལ༷ས་སྔར༷་མིག་ཤེ༷ས་སོགས་སེམས་ཡོ༷ད་ན༷་ཤེས་པ་དེ༷་ནི༷་ཡུལ་ཅི༷་ལ༷་དམི༷གས་ནས༷་སྐྱེ་སྟེ། དེའི་ཚེ་ཡུལ་མེད་པས་ཡུལ་ཅན་སྐྱེ་བ་མེད་དོ། །ཤེས༷་དང༷་ཤེས༷་བྱ༷་ལྷན༷་ཅི༷ག་ཏུ་སྐྱེ་ན༷འང་ཤེས་པ་དེ༷་ནི༷་ཅི༷་ལ༷་དམི༷གས་ན༷ས་སྐྱེ༷་སྟེ། ཤེས་པ་མ་སྐྱེས་པར་དམིགས་རྐྱེན་མི་སྐྱེ་བས་སྐྱེད་མི་ནུས་ལ། དམིགས་རྐྱེན་སྐྱེས་ན་ཤེས་པའང་སྐྱེས་ཟིན་པས་སྐྱེད་བྱེད་དུ་མི་འོས་པས་འབྲེལ་མེད་དུ་འགྱུར་བའི་ཕྱིར་རོ། །འོ༷ན་ཏེ་ཤེས༷་བྱའི༷་ཕྱིས་ཡོ༷ད་ན༷། །དེ༷་ཚེ༷་ཤེས་བྱ༷་ག༷ང་ལ༷ས་སྐྱེ༷་སྟེ༷། །དེའི་དམིགས་ཡུལ་འགགས་པའི་ཕྱིར་རོ། །དེ་ལ་སྔར་འགགས་པའི་དངོས་པོ་དེ་ད་ལྟར་ཡོད་དམ་མེད། །ཡོད་ན་འགགས་པ་མིན་ཏེ་དུས་མཉམ་དུ་འགྱུར་ལ། མེད་ཀྱང་སྐྱེ་ན་ས་བོན་ཚིག་པས་མྱུ་གུ་དང༌། རི་བོང་རྭས་ཀྱང་མིག་ཤེས་ལ་སོགས་སྐྱེད་པར་ཐལ་ལོ། །བཞི་པ་ཆོས་དྲན་པ་ཉེར་བཞག་བསྒོམ་ཚུལ་ལ། དངོས་དང་དེ་ལ་རྩོད་པ་སྤོང་བ་གཉིས་ལས། དང་པོ་ནི། སྔར་བཤད་པ་དེ༷་ལྟར༷་འདུས་བྱས་འདུས་མ་བྱས་ཀྱི་ཆོ༷ས་རྣམ༷ས་ཐམ༷ས་ཅ༷ད་ཀྱི༷་སྐྱེ་བ༷་རྟོག༷ས་པ༷ར་འགྱུར༷་བ་མ༷་ཡི༷ན་ཏེ་སྔ་ཕྱི་དུས་མཉམ་དང་བདག་དང་གཞན། གཉིས་དང་གཉིས་མིན་གང་ལས་ཀྱང་མི་སྐྱེ་བའི་ཕྱིར་སྐྱེ་བ་མེད་དོ། །གང་སྐྱེ་བ་མེད་པ་དེ་ལ་གནས་པ་དང་འགགས་པ་སོགས་ཀྱང་མེད་དོ། །དོན་དུ་ན། འགགས་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །ཞེས་པ་བཞིན་ནོ། །གཉིས་པ་ལ། བདེན་གཉིས་མི་འཐད་པའི་རྩོད་སྤོང༌། གཏན་ཚིགས་མེད་པའི་རྩོད་སྤོང༌། རྣམ་དཔྱོད་ཐུག་མེད་དུ་འགྱུར་བའི་རྩོད་སྤོང་དང་གསུམ་ལས། དང་པོ་ནི། ག༷ལ་ཏེ༷་དེ༷་ལྟར༷་ཤེས་བྱའི་ཆོས་ཐམས་ཅད་རྣམ་པ་ཀུན་ཏུ་ཡང་སྐྱེ་འགག་ལ་སོགས་པ་ཅུང་ཟད་ཀྱང་མེད་ན། སྐྱེ་འགག་དང་འགྲོ་འོང་ལ་སོགས་པའི་བདག་ཉིད་ཅན་ཀུན༷་རྫོབ༷་པ་མེ༷ད་པར་འགྱུར་ལ། གང་ཀུན་རྫོབ་མི་འདོད་པ་དེ༷་ལ༷་དོན་དམ་ཀྱང་མེད་པས་བདེ༷ན་པ་གཉི༷ས་ཀའང་ག༷་ལ༷་ཡོད་དེ་བདེན་པ་གཅིག་ཏུ་འགྱུར་རོ་སྙམ་ན། བདེན་པ་གཉིས་སུ་བཞག་པ་ནི་གདུལ་བྱ་ལམ་ལ་འཇུག་པའི་སྒོ་ཙམ་སྟེ། དོན་དམ་པར་བདེན་པ་གཉིས་སུ་ཆད་པའང་མེད་དེ་བསམ་གྱིས་མི་ཁྱབ་པའི་ཆོས་དབྱིངས་དེ་བཞིན་ཉིད་ཙམ་གནས་ལུགས་མཐར་ཐུག་གོ །དེ་སྐད་དུའང་མདོ་ལས། སྐྱེ་བ་མེད་པ་བདེན་པ་གཅིག་ཡིན་ན། །དེ་ལ་ཁ་ཅིག་བདེན་པ་བཞི་ཞེས་འཛེར། །བྱང་ཆུབ་སྙིང་པོར་འདུག་ན་བདེན་གཅིག་ཀྱང༌། །གྲུབ་པར་མ་མཐོང་བཞི་ལྟ་ག་ལ་ཞིག །ཅེས་པ་བཞིན་ནོ། །དོན་དམ་པར་བདེན་པ་གཉིས་སུ་བཞག་པ་མེད་ཀྱང་ཐ་སྙད་དུ་ཡོད་དེ། སྣང་ཚུལ་དང་གནས་ཚུལ་གཉིས་སུ་ངེས་པའི་ཕྱིར། སྔར་འདི་ནི་བདེན་པ་གཉིས་སུ་འདོད། །ཅེས་པ་བཞིན་ནོ། །ཡང་ཁོ་ན་རེ། དེ༷་ལྟར་ཡ༷ང་བདེན་པ་གཉིས་སུ་བཞག་པའི་ཡ་གྱལ་ཀུན་རྫོབ་ཀྱི་དངོས་པོ་རང་མཚན་པ་ཞིག་མེད་པར་ཀུན༷་རྫོབ༷་ཅེས་པ་གཞ༷ན་གྱིས༷་ཏེ་གཞན་བློ་ཡིས་འཇོག་དགོས་ཤིང༌། དེས་བཞག་པས་དེར་འགྱུར་ན༷་སེ༷མས་ཅ༷ན་རྣམས་མྱ༷་ང༷ན་ལས་ག༷་ལ༷་འད༷འ་སྟེ་འདའ་བར་མི་འགྱུར་ཏེ། སེམས་ཅན་གྱི་མཐའ་མ་ཟད་པ་དེ་སྲིད་དུ་བློ་མི་འཛད་ལ། བློ་མ་ཟད་པ་དེ་སྲིད་དུ་བློས་བཞག་པའི་ཀུན་རྫོབ་མི་འཛད་པས་གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་ཟད་པའི་མྱང་འདས་ཞེས་པ་འདི་ནམ་ཡང་མི་སྲིད་དོ་ཞེ་ན། ནམ་ཡང་རྒྱུན་མི་ལྡོག་པའི་ཀུན་རྫོབ་ཀྱི་སྣང་བ་འདི༷་ནི༷་གཞ༷ན་སེ༷མས་ཅ༷ན་རྣམས་ཀྱི་རང་རང་གི་རྣམ༷་པར་རྟོག༷་པའི་སྤྲོས་པའི་དབང་གིས་སྣང་བ་སྐྲ་ཤད་དང་རྨི་ལམ་ལ་སོགས་པ་ལྟ་བུ་སྟེ། དེ༷་ནི་མྱ་ངན་ལས་འདས་པ་པོ་ར༷ང་གི༷་ངོར་སྣང་བའི་ཀུན༷་རྫོབ༷་མི༷ན་ཏེ། དེས་ན་གཞན་གྱི་གཉིས་སྣང་སྤྲོས་པ་ཡོད་པས་གཅིག་མྱ་ངན་ལས་མི་འདའ་བ་མ་ཡིན་ལ། གཅིག་གི་གཟུང་འཛིན་དབྱིངས་སུ་ནུབ་པས་ཐམས་ཅད་ཀྱི་གཟུང་འཛིན་མེད་པར་འགྱུར་བ་ག་ལ་ཡིན། གཉིད་ན་གཅན་གཟན་དང་ཆུ་བོ་སོགས་རྟོག་པའི་དབང་གིས་བཞག་པ་མིན་པའི་ཡུལ་རང་མཚན་པ་མེད་ཀྱང་གཉིད་སད་པའི་གང་ཟག་སོ་སོའི་གཉིད་ཀྱི་སྣང་བ་འགགས་ཀྱི། གཞན་ལ་གཉིད་ཀྱི་སྣང་བ་ཡོད་ཀྱང་སད་པ་དེ་ལ་མི་གནོད་པ་བཞིན་ནོ། །འཇུག་པ་ལས། འདི་ན་ཇི་ལྟར་སད་བཞིན་ཇི་སྲིད་དུ། །མ་སད་དེ་སྲིད་དེ་ལ་གསུམ་པོ་ཡོད། །སད་པར་གྱུར་ན་གསུམ་ཆར་ཡོད་མིན་ལྟར། །གཏི་མུག་གཉིད་སད་ལས་དེ་དེ་བཞིན་ནོ། །ཞེས་པ་བཞིན་ནོ། །དེས་ན་གཟུང་འཛིན་གཉིས་སྣང་གི་བག་ཆགས་ཕྲ་བའང་ལྡོག་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་སངས་རྒྱས་པའི་ཕྱིས༷་ན་ཡང་སྐྱེ་སོགས་ཀུན་རྫོབ་ཀྱི་སྤྲོས་པ་དེ༷་ངེ༷ས་པ༷ར་ཡོ༷ད་ན་རང་ལ་ལྟོས་པའི་ཀུན་རྫོབ་བམ་སྤྲོས་པ་དེ༷་ཡོ༷ད་ཀྱང༌། དེ༷་ལྟ་བུ་མི༷ན་ན༷་ཀུན་རྫོབ༷་ཀྱི་སྤྲོས་པ་མཐའ་དག་མེ༷ད་པ༷་ཉི༷ད་ཡིན་པས་མྱ་ངན་ལས་འདས་པ་ཡིན་ཏེ། དེ་ཉིད་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགགས་པ་མེད། །སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་གསུངས་པ་བཞིན་དུ་སྐྱེ་སོགས་སྤྲོས་པའི་མ་ལུས་པ་ཞི་བའི་བུད་ཤིང་ཟད་པའི་མེ་བཞིན་སེམས་སེམས་བྱུང་གི་རྒྱུ་བ་ལྷག་མ་མ་ལུས་པར་ལོག་སྟེ་ཆོས་ཀྱི་དབྱིངས་སྣང་སྟོང་ཟུང་འཇུག་བརྗོད་དུ་མེད་པའི་ངང་དུ་ཆུ་ལ་ཆུ་བཞག་པ་བཞིན་དུ་གྱུར་པའི་རང་བྱུང་གི་ཡེ་ཤེས་མཐའ་ཐམས་ཅད་དང་བྲལ་བ་ཤེས་བྱ་ཀུན་ཏུ་གཟིགས་ཀྱང་སྤྲོས་པའི་རང་བཞིན་ཉེ་བར་ཞི་བ་ཁོ་ནའོ། །འདིའི་སྐབས་སུ་སེམས་སེམས་བྱུང་གི་སྤྲོས་པ་ལྷག་མེད་དུ་ལོག་པས་ན་ཡེ་ཤེས་མཐར་ཐུག་པ་མངོན་དུ་གྱུར་པ་དང༌། རང་བྱུང་གི་ཡེ་ཤེས་བརྙེས་པས་སེམས་འགགས་པ་གོ་བར་བྱ་སྟེ། སོ་སྐྱེའི་ཀུན་རྟོག་གིས་སྦགས་ནས་སྤྲོས་པའི་སེམས་མ་འགགས་སམ་སྙམ་པ་དང༌། འགགས་པའི་རྗེས་སུ་ཡེ་ཤེས་མེད་པར་མར་མེ་ཤི་བ་ལྟར་བསམ་ན་ནི་སངས་རྒྱས་ལ་སྐུར་འདེབས་ཆེན་པོ་ཡིན་པས་དེ་སྤོང་བའི་ཕྱིར་ཟབ་མོའི་དོན་ལ་ངེས་པའི་ཤེས་པ་བསྐྱེད་པར་བྱའོ། །གཉིས་པ་ནི། ཁྱེད་ལྟར་ན་ཤེས་བྱ་ཤེས་བྱེད་རང་བཞིན་མེད་པས་ན་རྣམ་པར་དཔྱོད་པའང་མི་འཐད་པར་འགྱུར་རོ་ཞེ་ན། ཡུལ་ཅན་རྟོག༷་པ་དང༷་བརྟག༷ས་པ༷ར་བྱ༷་བ༷་ཡུལ་གཉིས་པོ་དག༷་ངོ་བོས་མ་གྲུབ་ཀྱང༌། དེ་གཉི༷ས་པོ༷་ཕ༷ན་ཚུན༷་བརྟེན༷་ཅིང་ལྟོས་ནས་བཞག་པ༷་ཙམ་ཡི༷ན་ཏེ། དེས་ན་ཇི༷་ལྟར༷་འཇིག་རྟེན་ན་མ་བརྟགས་ཉམས་དགའ་བ་ཙམ་གྱི་གྲག༷ས་པ༷་ཡི་ཐ་སྙད་ལ༷་བརྟེན༷་ན༷ས་རྣམ༷་པ༷ར་དཔྱད༷་པ༷་ཐ༷མས་ཅད༷་བརྗོད་པ་ཡིན་པས་ཆེས་འཐད་པ་ཉིད་དོ་ཞེས་སོ། །གསུམ་པ་ནི། རྣམ་པར་བརྟག་ཅིང་སྤྲོས་པའི་ཆོས་ཀུན་མི་བདེན་པར་རྟོགས་པའི་སླད་དུ། གང༷་ཚེ༷་ཡུལ་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་རྣམ༷་པ༷ར་དཔྱད༷་པ༷་ཡི༷་ཤེས་པའམ་རྣམ༷་དཔྱོད༷་ཀྱི༷ས་ནི༷་དཔྱོད༷་པར་བྱེད༷་ན། རྣམ་དཔྱོད་དེས་རང་གིས་རང་ཡུལ་དུ་བྱས་ནས་དཔྱད་མི་ནུས་པས། དེ༷་ཚེ༷་རྣམ༷་དཔྱོད༷་དང་པོ་དེ༷་ཡ༷ང་ནི༷་གཉིས་པས་རྣམ༷་པར་དཔྱོད༷་དགོས་པ་ལ་སོགས་པའི་ཕྱིར༷་ན༷་ཁྱོད་ཀྱི་རྣམ་དཔྱོད་ཐུག༷་པ༷་མེ༷ད་པར་འགྱུར་རོ་ཞེ་ན། དཔྱད༷་བྱ༷་ཆོས་ཐམས་ཅད་བདེན་མེད་དུ་རྣམ་པ༷ར་དཔྱད༷་པར་བྱས༷་ནས་སྐྱེ་བ་དང་སྐྱེ་མེད་ལ་སོགས་པའི་མཐའ་གང་དུ་མི་གནས་པར་ངེས་པ་ན༷་དེ་ཡི་ཚེ་རྣམ༷་དཔྱོད༷་ལ༷་ནི་འདིའོ་ཞེས་བཟུང་བའི་རྟེན༷་ནམ་ཡུལ་ཡོ༷ད་པ་མི༷ན་ལ། ནམ་ཞིག་དམིགས་གཏད་ཀྱི་ཡུལ་ལམ་རྟེ༷ན་མེ༷ད་པ་དེ་ཡི་ཕྱིར༷་ན༷་ཡུལ་ཅན་རྣམ་དཔྱོད་དེ་མི་སྐྱེ༷་སྟེ༷་སྤྲོས་པ་ཐམས་ཅད་ཞི་བས་ན། རྣམ་དཔྱོད་དེ༷་ཡ༷ང་ཆུ་ལ་རླབས་བཞིན་དུ་ཆོས་ཉིད་ཀྱི་ངང་དུ་རང་བཞིན་གྱི་མྱ༷་ང༷ན་ལས་འད༷ས་པ༷ར་བརྗོད༷་དོ། །གསུམ་པ་གཏན་ཚིགས་ཀྱིས་སྒྲོ་འདོགས་གཅོད་པ་ལ། དངོས་པོར་སྨྲ་བའི་སྒྲུབ་བྱེད་དགག་པ། སྟོང་པར་སྨྲ་བའི་སྒྲུབ་བྱེད་དགོད་པ་དང་གཉིས་ལས། དང་པོ་ནི། དངོས་པོར་སྨྲ་བ་གང༷་གི༷་ལུགས་ལྟར༷་ན༷་དོན་ཤེས་འདི༷་གཉིས་བདེ༷ན་པར་འདོད་པ་དེ༷་ཉིད༷་ཤིན༷་ཏུ༷་འགྲུབ་པར་དཀ༷འ་བ༷ར་གན༷ས་ཏེ། སྒྲུབ་བྱེད་ཀྱི་ཚད་མ་མེད་པའི་ཕྱིར། ག༷ལ་ཏེ༷་ཤེས༷་པ་དེ་ཉིད་ཚད་མར་གྲུབ་པའི་དབ༷ང་ལ༷ས་དོན༷་ཡོ༷ད་པར་གྲུབ༷་སྟེ་ཤེས་པ་ཚད་མ་འདི་ཉིད་ཀྱིས་ཡོད་པར་མཐོང་བས་སོ་ཞེ་ན། ཤེས༷་པ་བདེན་པར་ཡོ༷ད་པ་ཉིད༷་ལ༷་རྒྱུ་མཚན་ནམ་རྟེན༷་ཅི༷་ཡོ༷ད་ཅེས་དྲིའོ། །དེ་ལ་ཤེས་པ་རང་གིས་དོན་དམ་པར་མི་འགྲུབ་ལ་ཤེས་པ་གཞན་གྱིས་བསྒྲུབས་ན་ཐུག་མེད་དུ་འགྱུར་བས་སྒྲུབ་བྱེད་གཞན་མེད་ལ། འོ༷ན་ཏེ༷་ཤེ༷ས་བྱ༷་ལ༷ས་ཏེ་ཤེས་བྱའམ་གཞལ་བྱ་བདེན་པ་མངོན་སུམ་པ་འདི་འཛིན་པས་ཤེ༷ས་པ་གྲུབ་བོ་ཞེ་ན། ཤེས༷་བྱ༷་ཡོད་པ་ལ༷་རྟེན༷་ཅི༷་ཡོ༷ད་ཅེས་དྲིའོ། །དེའི་རྟེན་ནི་ཤེས་པ་ཡིན་ཏེ། དེ༷་སྟེ༷་ཡུལ་དང་ཤེས་པ་གཉིས་ཕ༷ན་ཚུན༷་གཅིག་གི་དབ༷ང་གི༷ས་གཅིག་ཡོ༷ད་པར་སྒྲུབ་ཅེ་ན། དེ་འདྲའི་ཡོད་པ་དེ་ནི་རང་གི་ངོ་བོས་མ་གྲུབ་པར་ཕན་ཚུན་ལྟོས་པའི་དབང་གིས་ཡོད་པ་སྟེ་རིང་ཐུང་བཞིན། དེའི་ཕྱིར་གང་རུང་གཅིག་སྒྲུབ་པ་ན་གཅིག་ཤོས་དཔེར་མི་རུང་སྟེ་དེ་མ་གྲུབ་པའི་ཕྱིར། དེས་ན་དོན་དམ་པར་གཉི༷ས་ཀ་ཡ༷ང་ནི༷་མེ༷ད་པ༷ར་འགྱུར༷་ལ། དཔེར་ན་ག༷ལ་ཏེ༷་བུ༷་མེ༷ད་ན་ནི་དེ་ཕ་ཉིད་དུ་འགྱུར་བ་མི༷ན་ཏེ། ཕར་འཇོག་བྱེད་མེད་པས་སོ། །དེ་ལྟར་ཕ་ཡོད་པ་མིན་ན༷་བུ༷་ཉིད༷་གང༷་ལ༷ས་བྱུང༷་བ༷་ཡི༷ན་ཏེ། རྒྱུ་མེད་པའི་ཕྱིར་གཉིས་ཀ་མི་འཐད་དོ། །ཇི་ལྟར་འཇོག་བྱེད་བུ་མེད༷་པ༷ར་དེའི་སྔོན་དུ་ནི༷་ཕ༷་མེད་པ༷་དེ༷་བཞི༷ན་དུ་འདིར་ཡུལ་ཤེས་གཉིས་ལས་གང་བསྒྲུབ་བྱར་བྱས་པ་དེ་སྔ་མ་གྲུབ་པ་བུ་ལྟ་བུ་དེའི་སྔོན་དུ་དེའི་སྒྲུབ་བྱེད་གཅིག་ཤོས་ཕ་ལྟ་བུ་དེ་ཡོད་མི་སྲིད་པས་མཐར་དེ༷་གཉི༷ས་ཀ་མེ༷ད་པ༷་ཉིད༷་དོ་ཞེས་སོ། །ཡང་དེ་དག་འདི་སྙམ་དུ། འདི་ལ་ཕན་ཚུན་གྱི་དབང་གིས་གྲུབ་བོ་ཞེས་མི་སྨྲ་སྟེ། དཔེར་ན་མྱུ༷་གུ༷་ནི་ས༷་བོ༷ན་ལ༷ས་སྐྱེ༷་ཞིང༷་ས༷་བོ༷ན་ཡོད་པར་མྱུ་གུ་སྐྱེས་པ་དེ༷་ཉིད༷་ཀྱིས༷་རྟོག༷ས་པར་འགྱུར་བ་བཞིན་དུ་ཤེ༷ས་བྱ༷་ཡུལ་ལ༷ས་སྐྱེ༷ས་པའི་འབྲས་བུ་ཤེ༷ས་པ༷་ཡི༷ས་ཤེས་བྱ༷་དེ༷་ཡོད༷་པ༷ར་ནི༷་ཅི༷ས་མི༷་རྟོག༷ས་ཏེ་རྟོགས་སོ་ཞེ་ན། དཔེ་མི་མཚུངས་ཏེ། མྱུ་གུས་ས་བོན་རྟོགས་པ་ནི་མྱུ་གུ་རང་ཉིད་འབའ་ཞིག་གིས་རྟོགས་པ་མ་ཡིན་ལ། མྱུ་གུ༷་ལ༷ས་གཞ༷ན་པ༷འི་ཤེས་པ༷་ཡི༷ས། འབྲས་བུ་མྱུ་གུ་ལ་རྗེས་སུ་དཔག་ནས་འདི་ལ་རྒྱུ་སྔོན་སོང་ས་བོན་ཡོ༷ད་ཅེ༷ས་རྟོག༷ས་པར་འགྱུར༷་ན༷་སྟེ་དེའང་ས་མྱུག་གཉིས་སོ་སོར་དམིགས་ནས་རྒྱུ་འབྲས་སུ་ངེས་པའི་ཚད་མས་དེ་ལྟར་རྟོགས་ཀྱི། རྒྱུ་འབྲས་སུ་ངེས་པའི་ཚད་མ་སྔོན་དུ་མ་སོང་བར་མྱུ་གུ་མཐོང་བ་ཙམ་གྱིས་ནི་མ་ཡིན་ནོ། །ག༷ང་གི་ཕྱིར༷་ཤེ༷ས་བྱ༷་དེ༷་རྟོག༷ས་པ༷ར་བྱེད་པ་ལ། རྟགས་ཤེ༷ས་པ༷་ཡོ༷ད་པ་ཉིད༷་རྒྱུ་མཚན་གང༷་ལ༷ས་རྟོག༷ས་ཏེ། དོན་དམ་པར་རང་རིག་དང་གཞན་རིག་གང་གིས་ཀྱང་མི་འགྲུབ་པའི་ཕྱིར་རོ། །དེས་ན་དངོས་པོ་ཁས་ལེན་པའི་ཕྱོགས་ལ་ཐ་སྙད་འཐད་དཀའ་ཞིང་བཏགས་པར་ཁས་ལེན་པ་ལ་ཆེས་འཐད་དེ་ཞེས་བསྟན་པའོ། །གཉིས་པ་ལ། རྒྱུ་ལ་དཔྱོད་པ་རྡོ་རྗེའི་ཟེགས་མའི་གཏན་ཚིགས། ངོ་བོ་ལ་དཔྱོད་པ་རྟེན་འབྲེལ་ཆེན་མོ། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་དང་གསུམ་ལས། དང་པོ་ལ་རྒྱུ་མེད་ལས་སྐྱེ་བར་འདོད་པ་དགག་པ། གཞན་ལས་སྐྱེ་བར་འདོད་པ་དགག་པ། བདག་ལས་སྐྱེ་བར་འདོད་པ་དགག་པ། གཏན་ཚིགས་ཀྱི་དོན་བསྡུ་བ་དང་བཞི་ལས། དང་པོ་ནི། རྒྱང་འཕེན་པ་སོགས་ཇི་ལྟར་ཚེར་མའི་རྣོ་བ་དང༌། རྨ་བྱའི་མདོངས་བཀྲ་བ་ལ་སོགས་པ་བཞིན་དུ་སུས་ཀྱང་མ་བྱས་པར་སྲིད་པ་ངོ་བོས་བྱུང་ངོ་ཞེས་ཟེར། དེ་ལ་རེ་ཞི༷ག་འཇི༷ག་རྟེན༷་པའི་མངོ༷ན་སུམ༷་གྱིས༷་འབྲས་བུ་ཀུན་ལ་རང་སྐྱེད་བྱེད་ཀྱི་རྒྱུ༷་རྣམ༷ས་ཐ༷མས་ཅད༷་མཐོ༷ང་བ༷་ཡི༷ན་གྱི་རྒྱུ་མེད་བཞིན་སྐྱེ་བ་ནི་མཐོང་མི་སྲིད་དོ། །འདིར་མངོན་སུམ་ནི་མཚོན་པ་ཙམ་སྟེ་རྗེས་དཔག་ཀྱང་སྡུད་དོ། །གལ་ཏེ་པདྨའི་སྡོང་བུ་དང་འདབ་མ་ཆེ་ཆུང་མང་ཉུང་ལ་སོགས་པ་སྣ་ཚོགས་པ་དག་རྒྱུ་ལ་མ་མཐོང་བས་དབྱེ་བ་སྣ་ཚོགས་ཀྱི་རྒྱུ་ཡོད་པ་མི་འཐད་སྙམ་ན། རྒྱུ་ལ་འབྲས་བུ་དངོས་སུ་གྲུབ་ན་རྒྱུ་འབྲས་སུ་ཅིར་འགྱུར་ཏེ། འོན་ཀྱང་པ༷དྨའི༷་སྡོང་བུ༷་ལ༷་སོགས་པ་རང་གི་ས་བོན་ལ་མ་བརྟེན་པར་མི་འབྱུང་ཞིང་ས་བོན་ལས་འབྱུང་བར་མཐོང་བས་ན་འབྲས་བུའི་དབྱེ་བ་ནི༷་རྒྱུ༷་ཡི༷་དབྱེ༷་བ༷ས་བསྐྱེད༷་པ༷་ཡི༷ན་པའི་ཕྱིར། །འབྲས་བུ་སྣ་ཚོགས་པ་བཞིན་དུ་རྒྱུའི་ནུས་པའི་དབྱེ་བའང་སྣ་ཚོགས་པ་གྲུབ་བོ་ཞེས་སོ། །དེ་འདྲ་བའི་རྒྱུ་ཡི༷་དབྱེ་བ་སྣ་ཚོགས་ཡོད་པར་ག༷ང་གི༷ས་བྱས༷་ཤེ༷་ན༷། གཞན་སུས་ཀྱང་མ་བྱས་ཏེ། འདི་ལྟར་ས་བོན་དེའང་རང་གི་རྒྱུ་མེད་པར་འབྱུང་མི་སྲིད་པའི་ཕྱིར། སྔར༷་གྱི༷་རྒྱུ༷་ཡི་དབྱེ༷་བ་ཉིད༷་ལ༷ས་སོ། །ཅི་ཡི་ཕྱིར༷་འདི་ལ་ནུས་པ་སྣ་ཚོགས་ཡོད་ན་ད་ལྟའི་ནས་ཀྱི་ས་བོན་འདིས་སམ་རྒྱུ༷་འདི་ཡི༷ས་ནས་ཀྱི་མྱུ་གུའམ་འབྲས༷་བུ་འདི་སྐྱེད༷་ནུས༷་ཀྱི། སཱ་ལུའི་ས་བོན་མི་སྐྱེད་ཟེར་ན། ད་ལྟའི་ནས་ཀྱི་ས་བོན་འདིས་རང་དབང་བའི་ཚུལ་དུ་ནུས་པ་སྣ་ཚོགས་གང་རུང་བཟུང་བ་ནི་མ་ཡིན་ཏེ། འདི་སྔར༷་གྱི༷་རྒྱུ༷་ཡི༷་མཐུ༷་ཉིད༷་ལ༷ས་རང་གི་རིགས་འདྲ་བ་བསྐྱེད་པའི་བདག་ཉིད་དུ་འཕངས་པའི་ཕྱིར། འདི་ནི་དངོས་པོའི་ཆོས་ཉིད་དེ་སུས་ཀྱང་འཁྲུགས་པར་ནུས་པ་མིན་ནོ། །ཡང་ན་ཅིའི་ཕྱིར་རྒྱུ་ཐ་དད་པ་མི་འདྲ་བ་ཡིས་འབྲས་བུ་ཐ་དད་པ་མི་འདྲ་བ་བསྐྱེད་པར་ནུས་པའི་རྒྱུ་མཚན་ཅི་ཞེ་ན། རང་རང་གི་སྔར་གྱི་རྒྱུ་ཡི་མཐུ་ཉིད་ལས་དེ་ལྟར་འབྱུང་བ་ནི་དངོས་པོའི་ཆོས་ཉིད་དོ། །ཞེས་སོ། །དེས་ན་རྒྱུ་མེད་པར་གྱུར་ན་རྟག་ཏུ་ཡོད་པའམ་མེད་པར་ཐལ་བར་འགྱུར་ནའང༌། དངོས་པོ་རྣམས་ནི་ཡུལ་དུས་རེས་འགའ་བར་དམིགས་པའི་ཕྱིར་རྒྱུ་ལྡན་དུ་གྲུབ་བོ། །གཉིས་པ་ལ། གཞན་མི་རྟག་པ་ལས་སྐྱེ་བར་འདོད་པ་དགག་པ་དང༌། རྟག་པ་ལས་སྐྱེ་བར་འདོད་པ་དགག་པ་གཉིས་ལས། སྔ་མ་བཤད་ཟིན་ནས། གཉིས་པ་ནི། དབང་ཕྱུག་པ་སོགས་ན་རེ། རྟག་པར་རང་བྱུང་གི་ཐམས་ཅད་མཁྱེན་པ་དབང་ཕྱུག་ཅེས་པ་ལྷར་གཏོགས་པ། གཙང་ཞིང་མཆོད་པར་འོས་པ། རྟག་པ། གཅིག་པུ། བློ་ཡི་གཡོ་བ་དང་ལྡན་པས་ཀུན་གྱི་བྱེད་པོ་སྟེ་ཆོས་ལྔ་ལྡན་ཞིག་གིས་བློ་སྔོན་དུ་བཏང་ནས་འཇིག་རྟེན་ཐམས་ཅད་བྱེད་དོ་ཞེས་ཟེར་རོ། །དབང་ཕྱུག༷་ཅེ༷ས་པ་འགྲོ༷་བའི༷་རྒྱུ༷་ཡི༷ན་ན༷། རེ༷་ཞིག༷་དབ༷ང་ཕྱུག༷་གི་ངོ་བོ་གང༷་ཡི༷ན་སྨྲོས༷་ཤིག་ཅེ༷ས་དྲིས་པས། ས་ཆུ་མེ་རླུང་སྟེ་འབྱུང༷་བ་ཆེན་པོ་རྣམ༷ས་ཡིན་ནོ་ཞེ༷་ན། དེ༷་ལྟ༷་ཡིན་དུ་ཆུག་མོ༷ད། འབྱུང་བ་ལས་འབྱུང་གྱུར་གྱི་འབྲས་བུ་རྣམས་སྐྱེ་བས་དེ་རྒྱུ་ཡིན་པར་ཁོ་བོའང་འདོད་པས་མི༷ང་ཙ༷མ་ལ༷་ཡ༷ང་སྟེ་ཁྱོད་ཀྱིས་དེ་ལ་དབང་ཕྱུག་ཅེས་མིང་བཏགས་ཤིང༌། བདག་ཅག་འབྱུང་བ་ཞེས་བཏགས་པའི་མིང་གི་ཁྱད་པར་ཙམ་སྟེ། དེ་ལྟ་ན་མིང་ནི་སྐྱེ་བོའི་འདོད་པས་གང་འདོད་སྦྱར་བཏུབ་པའི་ཕྱིར་དབང་ཕྱུག་སྒྲུབ་པའི་ཚེགས་ཆེན་པོའི་ངལ་བ་འདིས་ཅི༷་ཞི༷ག་བྱ་སྟེ་ང༷ལ་བ་འདི་བྱ་མི་རིགས་སོ། །ཡང་ན་མིང་ཙམ་ལ་ཡང་ཅི་ཞིག་ངལ་ཏེ་མི་རྩོད་དོ། །འོ༷ན་ཀྱང༷་ཁྱོད་ཀྱིས་དབང་ཕྱུག་ནི་རྟག་གཅིག་མཆོད་འོས་ལ་སོགས་པའི་ཁྱད་པར་དང་ལྡན་པར་འདོད་ན། ས༷་སོ༷གས་འདི་རྣམས་ནི་དུ༷་མ་དང༷་མི༷་རྟག༷་པ་དང༌། བློ་ཡིས་གཡོ༷་བ་མེ༷ད་པ་དང༌། མཆོད་བྱའི་ལྷ༷་མི༷ན་ཞི༷ང༌། རྐང་པ་སོགས་ཀྱིས་འགོམ་པ༷ར་བྱ༷་བ་ཉི༷ད་ཡིན་གྱི། གུས་པའི་ཡུལ་མིན་པ་དང༷༌། མི༷་གཙ༷ང་བ་དང་ལྡན་པའང་ཡིན་པ༷ས་འབྱུང་བ༷་དེ་ནི༷་དབ༷ང་ཕྱུག༷་ཉིད༷་མ༷་ཡིན་ཏེ། དབང་ཕྱུག་དེ་ལས་བཟློག་པའི་མཚན་ཉིད་ཅན་དུ་འདོད་པས་སོ། །དབ༷ང་ཕྱུག༷་ནམ་མཁ༷འ་ཡིན་ནོ་ཞེ་ན། མི༷ན་ཏེ༷། འབྲས་བུ་སྐྱེད་པའི་བྱེད་རྩོལ་གྱི་གཡོ༷་བ་མེ༷ད་པའི་ཕྱིར༷། བདག་ཀྱང་མི༷ན་ཏེ་སྔར༷་ན༷ས་བཀག་ཟི༷ན་པའི་ཕྱིར༷་རོ། །དབང་ཕྱུག་དེའི་ངོ་བོ་ནི་ཚུ་རོལ་མཐོང་བས་བསམ་པར་མི་ནུས་པས་སྐྱོན་དེ་དག་མེད་ཅེ་ན། དབང་ཕྱུག་བས༷མ་པར་བྱ་བ་མི༷ན་པ༷་ཡི༷་བྱེད༷་པོ༷་ཡ༷ང་མིན་ཏེ། དེ་བས༷མ་པར་བྱ་བ་མི༷ན་ན་དེ་བྱེད་པོ་ཡིན་ཞེས་བརྗོ༷ད་པ༷ས་ཅི་ཞི༷ག་བྱ༷་སྟེ། བརྗོད་པ་ནི་བསམ་ཞིང་ཤེས་ནས་བརྗོད་དགོས་ཀྱི། ཇི་ལྟ་བུ་ཡིན་པ་ཅིའང་མ་ཤེས་པར་དེ་བྱེད་པ་པོར་སུ་ཞིག་གིས་བརྗོད། རྒྱུ་བྱེད་པོ་མ་ཤེས་ན་འབྲས་བུ་འདི་རྣམས་དེས་བསྐྱེད༷་པར་འདོ༷ད་པ༷འ༷ང་ག༷ང་ཞིག༷་ཡི༷ན་ཏེ། བསྐྱེད་བྱ་དང་སྐྱེད་བྱེད་སོ་སོར་ཤེས་ཤིང་རྒྱུ་འབྲས་སུ་ངེས་ནས་བརྗོད་དགོས་ཀྱི། གཞན་དུ་མོ་གཤམ་གྱི་བུ་སོགས་ཀྱང་བྱེད་པོར་ཐལ་ལོ། །དབང་ཕྱུག་དེས་བསྐྱེད་པའི་འབྲས་བུ་ནི་བདག་རྟག་པ་ལ་སོགས་པ་ཡིན་ནམ། མི་རྟག་པ་ཤེས་པ་སོགས་ཡིན། དང་པོ་ལྟར་བདག་ལ་སོགས་པ་ཡིན་ནོ་ཞེ་ན། འབྲས་བུའི་ཆ་བད༷ག་ནི༷་དེ༷་ད༷ང་ས༷་སོ༷གས་ཀྱི་རྡུལ་ཕྲན་དང༷༌། རྒྱུ་དབ༷ང་ཕྱུག༷་གི་ངོ༷་བོ༷འང༷་རྟག་པར་འདོད་པ་མི༷ན་ན༷མ། རྒྱུ་འབྲས་གཉིས་ཆར་རྟག་པ་དེ་བསྐྱེད་བྱ་སྐྱེད་བྱེད་དུ་ཇི་ལྟར་རུང་སྟེ། རྒྱུ་བསྐྱེད་པའི་བྱ་བ་དང་བྲལ་ཞིང༌། འབྲས་བུ་སྐྱེ་བའི་ཁྱད་པར་དང་བྲལ་བའི་ཕྱིར། གཉིས་པ་ལྟར་ན། སྔོར་སྣང་གི་ཤེ༷ས་པ༷་སོ༷གས་ནི་ཤེ༷ས་བྱ༷་ཡུལ་སྔོན་པོ་སོགས་དམིགས་རྐྱེན་སོགས་ལ༷ས་སྐྱེ༷་ཞིང་བྱུང་བ་དང༷༌། ཐོ༷ག་མེ༷ད་ནས་རྒྱུད་ལ་ཡང་ཡང་བྱུང་བའི་ཚོར་བ་བདེ༷་སྡུག༷་ནི་སྔོན་གྱི་ལ༷ས་ལ༷ས་ཡི༷ན་པ་དེ༷་བ༷ས་ན་དབང་ཕྱུག་དེས་འབྲས་བུ་ག༷ང་ཞི༷ག་བསྐྱེད༷་པ༷་སྨྲོས༷་ཤིག་ཅེས་དེས་བསྐྱེད་པའི་འབྲས་བུ་མི་སྲིད་པའི་ཕྱིར་རོ། །རྒྱུ་དབང་ཕྱུག་ཉིད་ལ༷་ཐོ༷ག་མ༷་ཡོ༷ད་པ་མི༷ན་ན༷། དངོས་རྒྱུ་ནུས་པ་ཐོགས་མེད་ཡོད་པའི་ཕྱིར་འབྲ༷ས་བུའི༷་སྟེ་འབྲས་བུ་ཀུན་ལ་ཐོག༷་མ༷་ག༷་ལ༷་ཡོ༷ད་དེ། དེ་ལྟར་ན་འབྲས་བུ་འདི་ནི་འདི་ཙམ་ན་ཡོད་ཀྱི་འདིའི་སྔོན་དུ་མ་བྱུང་ཞེས་བཞག་པར་མི་ནུས་པར་ཐོག་མེད་ནས་ཡོད་དགོས་ཀྱི། རེས་འགའ་བར་དམིགས་པ་མི་འཐད་དོ། །དེས་ན་ད་ལྟའི་སྐྱེས་པ་དང་བུད་མེད་འདི་དག་ཀྱང་སྔོན་ཐོག་མེད་ནས་ཡོད་པར་ཐལ་ལོ། །དེ་ལ་དབང་ཕྱུག་གིས་སྣོད་བཅུད་འདི་དག་རིམ་ཅན་དུ་བྱས་པས་ན་འབྲས་བུ་ཁ་ཅིག་བྱེད་ཁ་ཅིག་མི་བྱེད་པའི་སྐབས་ཡོད་པས་སྐྱོན་མེད་སྙམ་ན། དབང་ཕྱུག་གི་འབྲས་བུར་གྱུར་ཏོ་ཅོག་ཀུན་དུས་རྟག༷་ཏུ༷་ཅི༷་ཕྱིར༷་བྱེད༷་པ་མི༷ན་ཏེ། འབྲས་བུ་ཐམས་ཅད་ཀྱི་རྒྱུ་དབང་ཕྱུག་ཁོ་ན་ཡིན་པ་གང་ཞིག །དབང་ཕྱུག་དེ༷་ནི༷་རྐྱེན་གཞ༷ན་ཅི༷་ལ༷འང༷་ལྟོས༷་པ༷་མི༷ན་ན༷་འབྲས་བུ་ཐམས་ཅད་སྐྱེ་བའི་རྒྱུ་དུས་རྟག་ཏུ་ཚང་པས་འབྲས་བུ་ཅི་ཕྱིར་མི་སྐྱེ་སྟེ་སྐྱེ་དགོས་སོ། །ལྷན་ཅིག་བྱེད་རྐྱེན་སོ་སོ་ལ་ལྟོས་སོ་ཞེ་ན། ལྷན་ཅིག་བྱེད་རྐྱེན་ཀྱང་དུས་ཀུན་ཏུ་མི་ཚང་བ་ག་ལ་སྲིད་དེ། དབང་ཕྱུག་དེས༷་བྱས༷་པ་མི༷ན་པའི་དངོས་པོ་གཞ༷ན་ཡོ༷ད་པ་མི༷ན་ན༷། དབ༷ང་ཕྱུག་དེ༷ས་འབྲས་བུ་བསྐྱེད་པ་འདི༷་རྒྱུ་གཞན་གང༷་ལ༷་ལྟོས༷་པ༷ར་འགྱུར༷་ཏེ་དེ་མི་འཐད་དོ། །ག༷ལ་ཏེ༷་རྐྱེན་གཞན་ལ་ངེས་པར་ལྟོས༷་ན༷་རྒྱུ་རྐྱེན་ཚོ༷གས་པ༷་དེ་ཉིད༷་རྒྱུ་ཡིན༷་པར་འགྱུར༷་གྱི༷། དབ༷ང་ཕྱུག༷་རྒྱུ་མི༷ན་ཏེ། དེའི་རྒྱུ་མཚན་རྒྱུ་རྐྱེན་ཚོ༷གས་པ་ན༷་འབྲས་བུ་མི༷་སྐྱེ་བའི་དབ༷ང་མེ༷ད་ཅི༷ང༌། རྒྱུ་རྐྱེན་དེ༷་མེ༷ད་པ༷ར་ནི༷་དབང་ཕྱུག་ལ༷འང་སྐྱེ༷་དབ༷ང་མེ༷ད་པས་སོ། །གཞན་ཡང་ག༷ལ་ཏེ༷་དབ༷ང་ཕྱུག༷་འདི་རྒྱུ་རྐྱེན་ཚོགས་པ་ལ་ལྟོས་སུ་ཆུག་ཀྱང༌། ཚོགས་པའི་དབང་གིས་གཞན་ལ་སྡུག་བསྔལ་བ་སོགས་རང་གིས་མི༷་འདོ༷ད་བཞི༷ན་དུ་བྱེད༷་ན༷་གཞ༷ན་གྱི༷་དབ༷ང་ཅན་དུ༷༷་ཐ༷ལ་བར་འགྱུར་ཞིང༌། འབྲས་བུ་རྣམས་ཇི་ལྟར་འདོ༷ད་པ་བཞིན་དུ་བྱེད་ནའ༷ང་འདོ༷ད་པ་ལ༷་ར༷ག་ལ༷ས་ཤིང་འདོད་པའི་ལྕགས་ཀྱུས་ཟིན་པའི་གཞན་དབང་ཅན་དུ་འགྱུར༷་རོ། །གཞན་ཡང་འདི་སྣོད་བཅུད་ཀྱི་བྱེད༷་པོ་ཡིན་དུ་ཆུག་ན༷འ༷ང་ཁྱོད་འདོད་པའི་དབ༷ང་ཕྱུག༷་ག༷་ལ༷་ཡི༷ན་ཏེ། འབྲས་བུ་བྱེད་པ་དང་ལྡན་ན་མི་རྟག་པས་ཁྱབ་པའི་ཕྱིར། རྟག་པ་ནི་དོན་བྱེད་པས་སྟོང་པ་ཁོ་ན་ཡིན་ནོ། །མུ་སྟེགས་དཔྱོད་པ་བ་སོགས་གང༷་ད༷ག་རྡུལ༷་ཕྲན༷་ཏེ་ཕྲ་རབ་རྟག༷་པ་འཇིག་རྟེན་གྱི་རྒྱུར་སྨྲ༷་བ༷་དེ༷་ད༷ག་ཀྱང་ནི་སྔར༷་རྡུལ་དེ་ཡང་ཕྱོགས་ཆས་དབྱེ་བ་ཡིས་ཞེས་པས་བཟློག༷་ཟི༷ན་པས་འདིར་འཆད་མི་དགོས་སོ། །གསུམ་པ་བདག་སྐྱེ་དགག་པ་ལ། གཙོ་བོ་དགག་པ་དང༌། བདག་སྐྱེ་དགག་པ་དངོས་གཉིས་ལས། དང་པོ་ནི། གཙོ༷་བོ༷་རྟག༷་པ༷་གཅིག་པུ་བེམ་པོ། ཆུ་བུར་གྱི་མིག་གིས་མི་མཐོང་བ། ཀུན་གྱི་བྱེད་པ་པོ་ཡིན་པ་སྟེ་ཆོས་ལྔ་ལྡན་འགྲོ༷་བ༷་ཡི༷་རྒྱུ༷་ཡི༷ན་པ༷ར་ནི༷་ཤེས་བྱ་ཐམས་ཅད་གྲངས་ཉི་ཤུ་རྩ་ལྔར་ངེས་པར་འདོད་པ་གྲང༷ས་ཅ༷ན་པས་འདོ༷ད་ཅིང༌། དེའི་ངོ་བོ་ཡང་སྙིང༷་སྟོབ༷ས་དང་རྡུལ༷་ད༷ང་མུན༷་པ༷་ཞེས༷་བྱ༷་བའི༷་ཡོ༷ན་ཏ༷ན་གསུམ་པོ་ཀུན་ཏུ་ཆ་མཉམ༷་པར་གན༷ས་པ་ནི༷་རྣམ་འགྱུར་གྱི་རྒྱུ་གཙོ༷་བོ༷་ཞེས༷་བྱར༷་རབ༷་ཏུ་བརྗོད༷་དེ༷་ཆ་མི༷་མཉ༷མ་པར་གྱུར་པ་ན་འགྲོ༷་བ༷་སྣ་ཚོགས་པའི་རྣམ་འགྱུར་བྱུང་བ་ཡི༷ན་པ༷ར་བརྗོད༷་ཅིང་འདོད་དོ། །དེ་ལ་གཙོ་བོ་གཅི༷ག་བདེན་ལ༷་ཡོན་ཏན་གྱི་རང༷་བཞི༷ན་གསུམ༷་ཡོད་པ་ཉི༷ད་ནི༷་རི༷གས་པ་མིན་ཏེ། གསུམ་ཡོད་ན་གཅིག་མིན་པའི་ཕྱིར། དེ༷ས་ན༷་རྟག་གཅིག་རྒྱུ་གྱུར་པའི་རང་བཞིན་ནམ་གཙོ་བོ་དེ༷་ཡོ༷ད་པ་མི༷ན་ནོ། །དེ༷་བཞི༷ན་ཡོ༷ན་ཏ༷ན་གསུམ་པོ་དག་ཀྱང་ཡོ༷ད་པ་མི༷ན་ཏེ༷། དེ༷་གསུམ་རེ་རེ་ལ་ཡང༷་རྡུལ༷་གྱི་རྡུལ་རྡུལ་གྱི་མུན་པ། རྡུལ་གྱི་སྙིང་སྟོབས་ཞེས་པ་ལ་སོགས་པ་སོ༷་སོ༷ར་རྣམ༷་པ་གསུམ་གསུམ༷་གྱི་ཆ་ཡོད་པའི་ཕྱིར༷་ཏེ། གལ་ཏེ་མེད་ན་རང་བཞི༷ན་ནམ་གཙོ་བོའི་ངང་ཚུལ་ལས་འདས་པར་འགྱུར་རོ། །དེ་ལྟར་རྒྱུ་ཡོ༷ན་ཏ༷ན་གསུམ་མེ༷ད་ན༷་དེ་ལས་བྱུང་བའི་རྣམ་འགྱུར་སྒྲ༷་སོ༷གས་ཀྱང༷་ཡོ༷ད་པར་འདོད་པ་ཉི༷ད་ཤི༷ན་ཏུ་རྒྱང༷་རིང༷་དུ་འགྱུར་བའམ་ཡོད་པ་དང་བྲལ་བར་འགྱུར༷་ཏེ། འཇིམ་པ་མེད་པའི་བུམ་པ་བཞིན་ནོ། །གཞན་ཡང་ཚོར་བ་ནི་སེམས་ཉིད་དུ་ཚད་མས་གྲུབ་ན། སེམས་མེ༷ད་པའི་དངོས་པོ་གོ༷ས་ལ༷་སོགས་པ༷་ལ༷་བདེ༷་བ་ལ་སོ༷གས་པ་ཡོད་པ༷་སྲིད༷་པ༷འ༷ང་མི༷ན་ལ། དངོ༷ས་པོ་སྒྲ་དང་གོས་ལ་སོགས་པ་རྣམ༷ས་བདེ་སོགས་དེ༷་ཡི་རྒྱུའི༷་ར༷ང་བཞི༷ན་ཡིན་པས་མི་སྐྱོན་ནོ་ཞེ་ན༷། དོན་དམ་པར་གོས་སོགས་དངོས་པོ༷་རྣམས་ལུས་སོགས་འགོག་པའི་སྐབས་སུ་རྣམ༷་པར་དཔྱད༷་ནས་མེད་པར་བཀག་ཟི༷ན་མི༷ན་ན༷མ་སྟེ་བཀག་ཟིན་ལ། ཐ་སྙད་དུ་རང་གིས་ཁས་བླངས་པ་དང་འགལ་ཏེ། ཁྱོད༷་ཀྱིས༷་སྣམ་སོགས་ཀྱི༷་རྒྱུ་ཡང་བདེ༷་སོ༷གས་སུ་འདོད་ལ། སྣམ་སོགས་ཀྱི་འབྲས་བུའང་བདེ་སོགས་ཉི༷ད་དུ་འདོད་པས་གང་སྣམ་སོགས་བསྐྱེད་པའི་རྒྱུའང་འདི་ཡིན་ལ། སྣམ་སོགས་ཀྱིས་བསྐྱེད་པའི་འབྲས་བུའང་འདི་ཡིན་པ་ནི་བཞད་གད་ཀྱྀ་གནས་སྟེ་མི་འདི་ནི་འདིའི་ཕ་ཡང་ཡིན་ལ་བུ་ཡང་ཡིན་ཞེས་བརྗོད་པ་བཞིན་ནོ། །བདེ་སོགས་དུ་མ་ཡོད་ན་ནི་རང་བཞིན་གཅིག་ཡིན་པ་ཉམས་སོ། །མངོན་སུམ་དང་ཡང་འགལ་ཏེ། བདེ་སོགས་དེ༷་ལ༷ས་སྣམ༷་སོ༷གས་འབྱུང༷་བ༷འང༷་ནམ་ཡང་མཐོང་བ་མེ༷ད་དེ། འདི་ལྟར་སྣམ༷་བུ་དང༌། ཙན་དན་གྱི་ཕྲེང་བ་སོ༷གས་ལ༷ས་ནི༷་བདེ༷་སོ༷གས་དམིགས་པ་ཡི༷ན་པའི་ཕྱིར། དེས་ན་སྣམ་སོགས་དེ༷་རྡུལ་ཕྲ་རབ་ཙམ་དུའང་མ་གྲུབ་ཅིང་མེ༷ད་པའི་ཕྱིར༷་ན༷་དེ་ལས་བྱུང་བའི་བདེ༷་སོ༷གས་ནི་གཞན་དུ་ཡན་གར་བར་གནས་པ་མེ༷ད་དོ། །ཁོ་ན་རེ། བདེ་སོགས་ནི་སྣམ་སོགས་ལ་ལྟོས་མི་དགོས་ཏེ་གཙོ་བོའི་རང་བཞིན་རྟག་པ་ཡིན་ནོ་ཞེ་ན། བདེ༷་སོ༷གས་རྟག༷་པ༷་ཉི༷ད་དུ་ནམ་ཡ༷ང་མི་ལྡོག་པར་དམིགས་པར་ཐལ་ཏེ། བདེ་སོགས་དམིགས་སུ་རུང་བ་གང་ཞིག་དེ་སྔར་གྱི་རང་བཞིན་ལས་གཡོ་མི་སྲིད་པའི་ཕྱིར། དེ་ལྟ་ནའང་རྟག་པར་ནམ༷་ཡ༷ང་དམི༷གས་པ༷་ཞིག་ཡོ༷ད་པ་མ༷་ཡིན་པས་མི་འཐད་དོ། །གལ་ཏེ་བདེ་སོགས་རྟག་ཏུ་ཡོད་ཀྱང་གསལ་བ་དང་མི་གསལ་བའི་ཁྱད་པར་ཡོད་པས་ན་རྟག་ཏུ་དམིགས་པར་མ་ངེས་ཞེ་ན། བདེ་སོགས་གཏན་མི་གསལ་ན་ནི་སུས་ཀྱང་མི་ཤེས་པས་ཡོད་པར་ཡང་མི་རུང་ལ་དེ་ལྟར་ཁྱོད་ཀྱིས་ཁས་ཀྱང་མི་ལེན་མོད། སྐབས་འགའ་ཞིག་ཏུ་བདེ༷་སོགས་གསལ་བ༷་ཞིག་ཡོ༷ད་པ་ཉི༷ད་ན༷་ནི། དུས་རྟག་ཏུའང་མྱོང༷་བ༷་ཅི༷་ཡི་ཕྱིར༷་འཛི༷ན་པ་མ་ཡི༷ན་ཏེ། བདེ་སོགས་དམིགས་སུ་རུང་ཞིང་དམིགས་པའི་ཡུལ་དུ་ཁྱབ་ཅིང་རྟག་པར་གནས་པའི་ཕྱིར་མིག་ལྡན་གྱི་མདུན་ན་མར་མེ་བཞིན་ནོ། །གལ་ཏེ་བདེ་སོགས་རགས་པ་གསལ་བ་དེ༷་ཉིད༷་ཕྲ༷་མོ༷ར་གྱུར༷་ནས་མི་གསལ་བ་ནུས་པའི་ངོ་བོར་ཡོད་པ་དེ་མྱོང་མི་ནུས་ཞེ་ན༷། བདེ་སོགས་རྟག་གཅིག་དེ༷་ནི་ར༷གས་པ་དང༷་ཕྲ༷་བ་ཡི་གནས་སྐབས་མི་འདྲ་བའི་འགལ་བ་གཉིས་ཀའང༷་ཇི༷་ལྟར༷་ཡིན་པའམ་གཉིས་ཀ་ཡིན་པར་ཇི་ལྟར་འགྱུར། གལ་ཏེ་སྔར་གྱི་ར༷གས་པ༷་ཡི་མཚན་ཉིད་དོ༷ར་ན༷ས་གཞན་ཕྲ༷་བར་འགྱུར༷་བ༷ས་ན་སྐྱོན་མེད་ཅེ་ན། ཕྲ༷་ར༷གས་ཀྱི་ངོ་བོར་གྱུར་པའི་བདེ་སོགས་དེ༷་དག༷་མི༷་རྟག༷་པ་ཉིད༷་དུ་གྲུབ་བོ། །བདེ་སོགས་གསལ་བ་དག་སྔ་མའི་གནས་སྐབས་དོར་ནས་གཞན་དུ་གྱུར་པར་ཁས་ལེན་ན། དེ༷་བཞི༷ན་དངོ༷ས་པོ༷་དེ་ཉིད་ཉེར་ལྔ་པོ་ཐ༷མས་ཅ༷ད་ཀུན་ཀྱང་ནི༷་མི༷་རྟག༷་པ་ཉི༷ད་དུ༷་ཅི༷ས་མི༷་འདོ༷ད་དེ་གང་ཡང་རྟག་ཏུ་སྣང་ཚུལ་གཅིག་ཁོ་ནར་དམིགས་པ་ནི་མི་སྲིད་པའི་ཕྱིར་རོ། །ཞེས་སོ། །གལ་ཏེ་ཕྲ་རགས་སུ་གྱུར་ཀྱང་བདེ་བའི་རང་བཞིན་མ་དོར་བས་རྟག་པ་ལས་མི་ཉམས་ཞེ་ན། རགས་པ་དང་བདེ་བ་དེ་གཉིས་ཐ་དད་དམ། གཅིག་ཡིན། དང་པོ་ལྟར་ན་རགས་པ་འགགས་ཀྱང་བདེ་བ་གསལ་བ་མི་འགག་པར་རྟག་ཏུ་མྱོང་དགོས་ལ། རག༷ས་པ་དེ་ཉིད་བདེ༷་བ་ལ༷ས་གཞ༷ན་མི༷ན་པར་གཅིག་ཏུ་འདོད་ན༷་བདེ༷་བ༷་གས༷ལ་བ༷ར་ཏེ་ངེས་པར་མི༷་རྟག༷་པ་ཉི༷ད་དུ་གྲུབ་བོ། །གཉིས་པ་ནི། དེ་ལ་ཁོ་ན་རེ། བདེ་བ་མི་གསལ་བར་གྱུར་ཀྱང་གཙོ་བོའི་ཀློང་དུ་ནུས་པའི་ངོ་བོར་བག་ལ་ཞ་བ་ཡིན་ཅིང་སླར་གསལ་བ་ན་སྔར་ཡོད་དེ་མངོན་དུ་གྱུར་པ་ཙམ་ཡིན་ཏེ། ག༷ལ་ཏེ༷་སྔར་གཏན་མེ༷ད་པ༷་འག༷འ་ཡ༷ང་ནི༷་སྐྱེ༷་བར་རིགས་པ་མི༷ན་ཏེ་མེ༷ད་པའི་ཕྱིར༷། དཔེར་ན་འཇིམས་པ་ལས་རི་བོང་རྭ་བཞིན། དེས་ན་གང་སྣང་བའི་ལམ་དུ་གྱུར་ཕན་ཆད་དེ་རང་བཞིན་གྱིས་གཙོ་བོའི་ཀློང་ན་ཡོད་པས་ཁྱབ་བོ་ཞེ༷ས་རྒྱུའི་དུས་ན་འབྲས་བུ་ཡོད་པར་འདོ༷ད་ན༷། འབྲས་བུ་ཐམས་ཅད་རྒྱུ་དུས་ན་ཡོད་ན་རྟག་ཏུ་མི་དམིགས་པ་ཅིའི་ཕྱིར་ཡིན་ཅེས་དྲིའོ། །དེ་ལ་བློས་ཡུལ་དུ་སྔར་མི་གསལ་བ་ཕྱིས་གསལ་བ་ཙམ་ཡིན་ཏེ་མུན་ཁང་གི་བུམ་པ་མར་མེ་ལས་གསལ་བ་བཞིན་ཞེ་ན། ཁྱོད་ཀྱི་རྩ་བའི་རིགས་པ་ཉམས་ཏེ། གས༷ལ་བ༷་ནི་རྒྱུ་དུས་ན་མེ༷ད་པ༷ར་གསར་དུ་སྐྱེ༷་བ༷ར་ནི༷་ཁྱོད༷་མི༷་འདོ༷ད་པའམ་ཁས་མ་བླངས་ཀྱང༷་དོན་ལ་དེ་ལྟར་གན༷ས་པ༷་ཉི༷ད་དོ། །གསལ་བ་རྒྱུ་དུས་ན་ཡོད་ན་གསལ་མི་གསལ་གྱི་ཁྱད་པར་ཡང་བཞག་ཏུ་མེད་དེ་དང་པོ་ནས་གསལ་བར་ཐལ་ལོ། །དེས་ན་རང་གི་ཁས་བླངས་ནང་འགལ་ལོ། །ཡང་རིགས་པར་དང་འགལ་ཏེ། ག༷ལ་ཏེ༷་རྒྱུ༷་ལ༷་འབྲས་བུ༷་དངོས་སུ་གན༷ས་ན༷། ཟ༷ན་ཟ༷་བ་ན་ཁྱོད་མི༷་གཙ༷ང་བ་ཟ༷་བ༷ར་འགྱུར༷་ལ། གཞན་ཡང་ཁྱོད་ར༷ས་བཟང་པོ་རྣམས་ཀྱི༷་གོས་ཉོ་བའི་རིན་གྱིས༷་ར༷ས་བ༷ལ་གྱི༷་ས༷་བོ༷ན་ཉོ༷ས་ལ༷་དེའི་ནང་ནས་རས་ཕྱུངས་ཏེ་གོས་སུ་བགོ༷་བ༷ར་གྱིས༷་ཤིག་དང༌། ཁྱོད་ཀྱི་གྲུབ་མཐའ་གྲུབ་བོ་ཞེས་སོ། །དེ་ལ་ཁོ་ན་རེ། དོན་དུ་རྒྱུ་ལ་འབྲས་བུ་ཡོད་ཀྱང་འཇི༷ག་རྟེན༷་པ་རྨོ༷ངས་པའི་རབ་རིབ་ཀྱིས་མིག་བསླད་པས་མ་མཐོང་ངོ་ཞེ་ན། རྒྱུ་ལ་འབྲས་བུ་གནས་པའི་དེ༷་ཁོ་ན་ཉི༷ད་ཤེ༷ས་པ་གྲངས་ཅན་པའི་སྟོན་པ་རྣམས་ཀྱིས༷་བཞ༷ག་པ་དེ༷་ཉིད༷་ཤེ༷ས་པ་དེ༷་འཇི༷ག་རྟེན༷་པ་རྣམས་ལ༷་ཡ༷ང་ནི༷་ཡོ༷ད་པ༷་ཡིན་ན་རྒྱུ་ཚང་བས་ཅི༷་སྟེ༷་མཐོ༷ང་བ་མ༷་ཡིན་ཏེ་མཐོང་དགོས་སོ། །ཁྱོད་ལྟར་ན་སྤྱིར་དེ་ཉིད་ཤེས་པའི་ཤེས་པ་འབྲས་བུར་གྱུར་པ་དེ་སེམས་ཅན་ཀུན་ལ་ཡོད་དགོས་ཤིང༌། རྒྱུ་ལ་འབྲས་གནས་དངོས་སུ་འདོད་པ་གྲངས་ཅན་གྱི་རྣམ་བཞག་ཁས་ལེན་པའང་ཡོད་པ་ཡིན་ན་དེ་དག་གིས་ཀྱང་ཟན་ཟ་ཞིང་མི་གཙང་བ་མི་ཟ་ལ། གོས་འདོད་པས་རས་ཉོ་ཞིང་རས་བལ་གྱི་ས་བོན་དོན་དུ་མི་གཉེར་བར་མ་མཐོང་ངམ། ཡུལ་དུས་གང་ན་ཡང་དེ་ཁོ་ན་ཉིད་ཀྱི་རྣམ་བཞག་ཁྱེད་ཀྱིས་བྱས་པ་དེ་བཞིན་ལོངས་སྤྱོད་པ་མ་མཐོང་བས་གནོད་དོ། །ཞེས་སོ། །ཁོ་ན་རེ། འཇི༷ག་རྟེན༷་པའི་མཐོང་བ་ཚ༷ད་མ༷་ཉིད༷་མི༷ན་པས་དེས་གནོད་པ་མེད་དོ་ཞེ༷་ན། འོ་ན་འཇིག་རྟེན་པས་འབྲས་བུའི་རང་གཞིན་གས༷ལ་བ༷་མངོན་དུ་མཐོ༷ང་བ༷འང་བདེ༷ན་པ་མ༷་ཡི༷ན་པར་རྫུན་པར་འགྱུར་ལ། དེ་རྫུན་ན་རྒྱུ་འདི་ལ་འབྲས་བུ་འདི་ཡོད་དེ་ཕྱིས་མངོན་དུ་གསལ་བའི་ཕྱིར། ཞེས་པ་དོན་མེད་པར་འགྱུར་རོ། །དེ་དག་ན་རེ། ག༷ལ་ཏེ༷་འཇལ་བྱེད་རྫུན་པ་ཡིན་པས་གཞལ་བྱ་མི་འགྲུབ་ན་དབུ་མ་པ་ཁྱོད་འཇལ་བྱེད་ཀྱི་ཤེས་པ་ཚ༷ད་མ༷འང་དོན་དམ་པར་ཚ༷ད་མར་གྲུབ་པ་མི༷ན་ན༷། དེས༷་གཞ༷ལ་བའི་གྲུབ་པའི་མཐའ་རྣམ་པར་བཞག་པའང་རྫུན༷་པ༷ར་མི་འགྱུར༷་རམ༷། དེ་ལྟར་ན་རྣམ་དཔྱོད་ཀྱི་ཚད་མ་རྫུན་པ་དེས། དེ༷་ཁོ་ན་ཉི༷ད་དུ༷་ན༷འམ་དོན་དམ་པར་སྟོང༷་པ༷་ཉིད༷་དོ་ཞེས་གཞལ་ཞིང་བཅད་ནས་སྟོང་ཉིད་དུ་བསྒོ༷མ་པ༷འང་གཏན་ཚིགས་དེ༷་ཡི་ཕྱིར༷་མི༷་འཐ༷ད་པར་འགྱུར༷་རོ་ཞེ་ན། འདིར་བདག་ཅག་གིས་ཚད་མས་གྲུབ་དོན་སྟོང་ཉིད་ཅེས་དམིགས་གཏད་ཀྱི་ཡུལ་བདེན་གྲུབ་ཅིག་ལ་གྲུབ་མཐའ་འཆའ་བ་ནི་མེད་དེ། གང་གི་ཕྱིར་ན། བརྟག༷་པའི༷་སྟེ་བརྟག་པར་བྱ་བའི་དངོ༷ས་པོ་བུམ་སོགས་ལྟ་བུ་དེ་ལ༷་མ༷་རེ༷ག་པ༷འམ་མ་བརྟེན་པར་ནི་བུམ་མེད་ལྟ་བུ་དངོས་པོ་དེ༷་ཡི༷་དངོས་མེ༷ད་ཡན་གར་དུ་ནམ་ཡང་འཛི༷ན་པ་མ༷་ཡི༷ན་ཏེ། དེ༷་ཕྱིར༷་བུམ་མེད་དང་བུམ་པའི་སྟོང་པ་ལྟ་བུའི་རྣམ་གྲངས་པའམ་ཉི་ཚེ་བའི་སྟོང་པ་དེའང་གཞན་དངོས་པོ་དེ་བཀག་པའམ་བསལ་བའི་ཆ་ཡིན་པས། འདི་ལྟར་རང་བཞིན་གྱིས་རྫུན༷་པའི༷་དངོ༷ས་པོ་གང༷་ཡི༷ན་པ་དེ༷་ཡི༷་དངོ༷ས་མེ༷ད་ཀྱང་གས༷ལ་བ༷ར་དེ་ངེས་པར་རྫུན༷་པ་ཡིན་པར་འདོད་དོ། །འོ་ན་དངོས་པོ་ཀུན་མེད་ཅེས་བསྒོམས་པས་ཅི་བྱ་སྟེ། དངོས་ཡོད་དང་དངོས་མེད་གཉིས་ཀ་རྫུན་པར་མགོ་མཉམ་ཞིང་གཉིས་ཀ་ཡང་དག་པ་མིན་པའི་ཕྱིར་ཞེ་ན། རེ་ཞིག་ཐོག་མེད་ནས་གོམས་པའི་དངོས་ཞེན་གྱིས་སྲིད་པར་འཆིང་བར་བྱེད་པ་དེའི་གཉེན་པོར་དངོས་པོ་རང་བཞིན་མེད་པར་གོམས་པ་ཙམ་སྟེ། དངོས་དངོས་མེད་གཉིས་ཆར་རྫུན་པ། དེས༷་ན༷་ཇི་ལྟར་རྨི་ལ༷མ་དུ་བུ༷་བྱུང༷་ནས་ཤི༷་བ་རྨིས་ཏེ་སྡུག་བསྔལ་བ་ལ༷། བུ་དེ༷་མེ༷ད་སྙམ༷་པའི༷་རྣམ༷་རྟོག༷་ནི༷། བུ་དེ༷་ཡོ༷ད་སྙམ་པའི་རྣམ༷་པ༷ར་རྟོག༷་པ༷་ཡི༷་གེ༷གས་ཡི༷ན་ལ་དེ༷་ཡ༷ང་བརྫུན༷་པ༷་ཡི༷ན་པ་བཞིན་ནོ། །དེས་ན་ཤིང་གཉིས་ཟུང་དུ་བདར་བའི་མེས་ཤིང་གཉིས་ཀ་བསྲེགས་པ་བཞིན་དུ་དངོས་ཀུན་བདེན་མེད་དུ་རྣམ་པར་དཔྱད་པའི་ཤེས་རབ་ཀྱི་མེས་དངོས་དངོས་མེད་དུ་བཞག་པའི་དམིགས་པའི་གཏད་སོ་ཐམས་ཅད་ཀྱི་ནགས་འཐིབ་པོ་མ་ལུས་པ་བསྲེགས་ནས། སྤྲོས་པ་ཐམས་ཅད་ཞི་བའི་ཡེ་ཤེས་ལ་གནས་པའི་ཚེ་ཁས་ལེན་ཐམས་ཅད་དང་བྲལ་བའི་དབུ་མ་ཆེན་པོ་ཡིན་ནོ། །དེ་སྐད་དུའང༌། དབུ་མའི་བསྟན་བཅོས་ལས། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་གསུངས་སོ། །བཞི་པ་དོན་བསྡུ་བ་ནི། རྒྱུ་མཚན་དེ་བ༷ས་དེ༷་ལྟར༷་རྣམ༷་དཔྱོད༷་པས་དངོས་པོ་འག༷འ་ཡང༷་རྒྱུ༷་མེ༷ད་པ་ཡོ༷ད་པ་མ༷་ཡི༷ན་ལ། རྒྱུ་རྟག་པ་ལས་ཀྱང་མི་སྐྱེ་སྟེ། ཕྱིའི་ཆོས་ཐམས་ཅད་ནི་ས་བོན་ལས་མྱུ་གུ་ལ་སོགས་པ་བཞིན་ཏུ་རང་རང་གི་རྒྱུ་རྐྱེན་ལ་བརྟེན་ཏེ་འབྱུང་ལ། ནང་གི་སྐྱེ་མཆེད་ནི་མ་རིག་པ་ནས་རྒ་ཤིའི་བར་ལུ་གུ་རྒྱུད་དུ་བརྟེན་ནས་སྐྱེའོ། །དེ་འདྲའི་དངོས་པོ་རང་རང་གི་རྒྱུ་རྐྱེན་དེ་དག་སོ༷་སོ༷་བ་རེ་རེ་པ༷འ༷མ་ཐམས་ཅད་འདུས༷་པ་ཡི༷་རྐྱེན༷་རྣམ༷ས་ལ༷་ཡ༷ང་ནི་འབྲས་བུ་གནས་པ་མ༷་ཡི༷ན་ཏེ། རེ་རེ་བས་སྐྱེད་པར་མི་ནུས་ལ། འདུས་པ་ལ་ཡང་རྒྱུ་རྣམས་ལས་གཞན་དུ་གྱུར་པ་ཅུང་ཟད་མེད་དེ། དཔེར་ན་མེ་ཆ་མེ་རྡོ་སྤྲ་བ་ལ་སོགས་པ་རེ་རེ་བས་མེ་སྐྱེད་པར་མི་ནུས་ལ་འདུས་པ་ཡང་དེ་རྣམས་ལས་གཞན་དུ་གྱུར་པ་ཅི་ཡང་མེད་པས་སྐྱེད་མི་ནུས་ལ། དེར་གཞན་ནས་འོང་བ་དང་དེར་དང་པོ་ཉིད་ནས་གནས་པ་མེད་པ་བཞིན་ནོ། །འབྲས་བུ་སྣང་བའི་ཚེ་རྒྱུན་རྐྱེན་དེ་དག་ལས་གཞ༷ན་ཞིག་ན༷ས་འབྲས་བུ་ཉིད་དེར་འོ༷ངས་པ༷འང༷་མ༷་ཡི༷ན་ལ༷། རྒྱུ་ལས་ངོ་བོ་ཉིད་ཀྱིས་ཐ་དད་པའི་འབྲས་བུ་ཞིག་རྒྱུ་ལ་བརྟེན་ནས་གྲུབ་ཟིན་འདིར་གན༷ས་པ༷་ཡ༷ང་མ༷་ཡི༷ན་ཞིང༌། འགག་པའི་ཚེ་འདི་ནས་གཞན་ཞིག་ཏུ་འགྲོ༷་བའང་མ༷་ཡི༷ན་ཏེ། དེའི་ཕྱིར། ཆོས་ཐམས་ཅད་ནི་རང་བཞིན་གྱི་རྒྱུས་སྟོང་པའོ། །ཞེས་སོ། །འདི་ལ་སོ་སོ་ཞེས་པས་བདག་སྐྱེ་དང་གཞན་སྐྱེ་དགག་པ་དང༌། འདུས་པ་ཞེས་གཉིས་ཀ་ལས་སྐྱེ་བ་བཀག་པ་སྟེ་མུ་བཞི་པོ་བཀག་པར་ཡང་བཤད་དོ། །གཉིས་པ་ངོ་བོ་ལ་དཔྱོད་པ་རྟེན་འབྲེལ་ཆེན་མོའི་གཏན་ཚིགས་ནི། རྨོང༷ས་པ༷ས་བདེ༷ན་པར༷་ག༷ང་བྱ༷ས་པའི་ཕྱི་ནང་གི་དངོས་པོ་འདི༷་ཀུན་སྣང་ཡང་བདེན་པ་མེད་པ་སྒྱུ༷་མ༷་ལ༷ས་ནི༷་ཁྱད༷་པར་ཅི༷་ཞིག་ཡོ༷ད་དེ་ཅི་ཡང་མེད་དེ། སྒྱུ༷་མ༷ས་སྤྲུལ༷་པའི་རྟ་གླང་ལ་སོགས་པ༷་ག༷ང་ཡི༷ན་པ་དང༷༌། རྒྱུ༷་རྣམ༷ས་ཀྱིས༷་ནི༷་ག༷ང་སྤྲུལ༷་པའི་དངོས་པོ་གང་ཡིན་པ༷་དེ༷་ནི༷། དང་པོ་ག༷ང་ནས་འོ༷ངས་པར་གྱུར༷་ཅི༷ང༌། བར་དུ་གང་ན་གནས་པ་དང༌། མཐར་ག༷ང་དུ༷་འགྲོ༷་བ༷འ༷ང་བརྟག༷་པ༷ར་གྱིས༷་ཤིག་དང་དེ་གཉིས་མཚུངས་པ་ངེས་པར་མཐོང་བར་འགྱུར་རོ། །དེ་ལྟ་ན་ཡང་འབྲས་བུ་གང་ཞིག༷་རང་སྐྱེད་བྱེད་ཀྱི་རྒྱུ་གང༷་དག༷་ནི༷་ཉེ༷་བ༷འམ་ཚོགས་པར་གྱུར་པ་ན་རྒྱུ་དེ་ཡི༷ས་ཏེ་དེ་ཁོ་ནའི་སྟོབས་ཀྱིས་སྣང་ཞིང་མཐོ༷ང་བར་འགྱུར༷་གྱི། རྒྱུ་དེ༷་མེ༷ད་ན་སྣང་ཞིང་མཐོང་བ་མི༷ན་པ༷་དེས་ན་རྒྱུ་རྐྱེན་གྱིས་བཅོ༷ས་བུའམ་བཅོས་མ་གཟུགས་བརྙ༷ན་དང༷་མཚུ༷ངས་པ༷་དེ༷་ལ༷་རང་གི་ངོ་བོས་གྲུབ་པའི་བདེ༷ན་པ་ཉི༷ད་ཇི༷་ལྟར༷་ཡོ༷ད་དེ་མེད་དོ། །དེ་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བ་རྟག་ཆད་འགྲོ་འོང་ཡོད་མེད་ཀྱི་མཐའ་དང་བྲལ་བའི་རང་བཞིན་སྒྱུ་མའི་དཔེ་བརྒྱད་ལ་སོགས་པའི་ཚུལ་དུ་ཤེས་པར་བྱ་སྟེ། ཇི་སྐད་དུ། མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པ་ཉིད། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་དང༌། སློབ་དཔོན་གྱིས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ཏེ། དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་པ་བཞིན་ནོ། །གསུམ་པ་འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་ནི། འབྲས་བུ་ལ་བརྟགས་ན་བསྐྱེད་པར་བྱ་བ་དེ་ཡོད་པ་ཞིག་གམ་མེད་པ་ཞིག་ཡིན། འབྲས་བུ་དེ་དངོ༷ས་པོ༷འམ་རང་བཞིན་གྱིས་ཡོ༷ད་པ༷ར་གྱུར༷་པ༷་ལ༷་རྒྱུ་ཡི༷ས་དགོ༷ས་པ༷་ཅི༷་ཞིག༷་ཡོ༷ད་དེ། དེ་གཉིས་ཕན་ཚུན་རྒྱུ་འབྲས་སུ་མི་རུང་ངོ། །འོ༷ན་ཏེ༷་འབྲས་བུ་དེ་མེད་པ་ཞིག་རྒྱུས་བསྐྱེད་དོ་ཞེ་ན། འབྲས་བུ་རང་གི་ངོ་བོ་དེ༷་ནི༷་མེ༷ད་པ་ཙམ་ཡིན་ན༷་དེ་ལ་ཡ༷ང་རྒྱུ༷་ཡི༷ས་དགོ༷ས་པ༷་ཅི༷་ཞིག༷་ཡོ༷ད་དེ། མེད་པ་ལ་སྤྱིར་རྒྱུ་མེད་ཅིང་རང་ཉིད་མེད་པའི་ངོ་བོར་གནས་ཟིན་པས་སོ། །གལ་ཏེ་མེད་པ་ཙམ་པོ་དེ་རྒྱུས་བསྐྱེད་པ་ནི་མིན་ཀྱང༌། རྒྱུ་འདིས་འབྲས་བུ་མེད་པ་ཉིད་ཡོད་པའི་དངོས་པོར་བྱེད་དོ་སྙམ་ན། དེ་མི་ནུས་ཏེ། བྱེ༷་བ༷་བརྒྱ༷་ཕྲག༷་གི་རྒྱུ༷༷་ཚོགས་ནས་འབད་པ་ཡི༷ས་ཀྱང༷་ཆོས་གང་ཞིག་དངོ༷ས་པོ༷་མེ༷ད་པའམ་རང་གི་ངོ་བོ་མེད་པ༷་དེ་དངོས་པོ་ཉིད་དུ་བསྒྱུར༷་དུ༷་མེ༷ད་དེ༷། རྒྱུ་ཅི་ཚོགས་ཀྱང་རི་བོང་གི་རྭ་ཡོད་པར་བསྒྱུར་མི་ནུས་པ་བཞིན་ཏེ། མེད་པར་གང་གི་ཡང་ལྟོས་བྱར་མི་འགྱུར་རོ། །དངོས་མེད་དངོས་པོར་བསྒྱུར་དུ་མེད་པའི་རྒྱུ་མཚན་ཀྱང་དངོས་མེད་ཀྱི་དངོས་པོ་མ་དོར་བཞིན་དུ་འགྱུར་བ་དང༌། དོར་ནས་འགྱུར་བ་གཉིས་ཀ་མི་འཐད་པའི་ཕྱིར་ཏེ། འདི་ལྟར་མེད་བཞིན་པའི་གན༷ས་སྐབ༷ས་དེ༷་ན་ནི་དངོ༷ས་པོ༷་ཇི༷་ལྟར༷་ཡི༷ན་ཏེ༷། ཕན་ཚུན་སྤངས་ཏེ་གནས་པའི་ཕྱིར་དངོས་པོ་མིན་ནོ། །དངོས་མེད་དོར་ནས་དངོ༷ས་པོར་གསར་དུ་འགྱུར༷་བའང་གཞ༷ན་ཡ༷ང་སྟེ་གཞན་ག༷ང་ཞིག༷་ཡི༷ན་ཏེ་དེ་མི་སྲིད་པ་ནི། འདི་ལྟར་རང་གི་ངོ་བོ་མེད་པར་གནས་པ་དེ་ནི། མེ༷ད་བཞིན་པའི་ཚེ༷་ན་དངོ༷ས་ཡོ༷ད་སྲིད༷་པ་མི༷ན་ན༷་དེ་ལ་དངོ༷ས་པོ༷་ཡོ༷ད་པ༷ར་ན༷མ་ཞིག༷་འགྱུར༷་ཞེས་དངོས་པོ་ཡོད་པའི་སྐབས་ནམ་ཡང་མེད་ལ། དངོ༷ས་པོ༷ར་སྐྱེས༷་པ༷ར་མ༷་གྱུར༷་པ༷ར་དེ་སྲིད་དུ་ནི་དངོ༷ས་མེད་དང༷་ནི༷་འབྲལ༷་བར་མི༷་འགྱུར༷་ཞིང༌། དངོ༷ས་མེ༷ད་རང་གི་མཚ༷ན་ཉིད་དང༷་ནི༷་མ༷་བྲལ༷་ན༷་ཞེས་མ་དོར་བཞིན་དུ་དངོ༷ས་པོ༷་ཡོ༷ད་པ༷འི་སྐབ༷ས་ནམ་ཡང་མི༷་སྲིད༷་པས་ན་དངོས་མེད་དངོས་པོར་ཇི་ལྟར་འགྱུར་ཏེ་འགྱུར་མི་རིགས་སོ། །དངོས་མེད་དངོས་པོར་མི་འགྱུར་བ་དེ་བཞིན་དུ་དངོ༷ས་པོ༷འ༷ང་མེ༷ད་པ༷ར་འགྱུར༷་བ་མི༷ན་ཏེ༷། དེ་གཉིས་ཕན་ཚུན་སྤངས་པས་ན་རིགས་པ་དངོས་མེད་ཀྱི་སྐབས་སུ་བཤད་པ་དེ་འདིར་ཡང་བསྒྱུར་ཏེ་ཤེས་པར་བྱ་ཆོག་པའི་ཕྱིར། གལ་ཏེ་དངོས་པོ་དེ་དངོས་པོ་མེད་པར་འགྱུར་ན། དེ་དངོས་དངོས་མེད་ཀྱི་རང༷་བཞི༷ན་གཉིས་སུ༷་གྲུབ་པར་ཐ༷ལ་བར་འགྱུར༷་བའི་ཕྱིར༷་རོ། །དེ༷་ལྟར༷་ན་དེ་ཁོ་ན་ཉིད་དུ་འག༷ག་པ༷་ཡོ༷ད་པ་མི༷ན་ཞིང༷༌། དངོ༷ས་པོ༷་དང་བདེན་པར་ཡོ༷ད་པ་མི༷ན་པ་དེ༷་ཡི༷་ཕྱིར༷་འགྲོ༷་བ༷་འདི༷་དག༷་ཐམས་ཅ༷ད་ནི༷་དུས་གསུམ་པོ་རྟག༷་ཏུའང༷་མ༷་སྐྱེས༷་ཤིང་མ༷་འག༷ག་པ་ཉིད༷་དོ། །དེ་ལྟ་ནའང་སྲིད་པ་སྣ་ཚོགས་པའི་འགྲོ་བར་སྣང་བ༷་འདི་ནི་སྣང་ཡང་མི་བདེན་པ་རྨི༷་ལ༷མ་ལྟ༷་བུ༷་སྟེ༷། རིགས་པས་རྣམ༷་པ༷ར་དཔྱད༷་ན༷་ཚུགས་ཐུབ་པའི་སྙིང་པོ་མེད་པས་ཆུ༷་ཤི༷ང་དང་འདྲ༷་བ་ཡིན་ནོ། །དེའི་ཕྱིར་མྱ༷་ང༷ན་ལས་འད༷ས་པ་དང༷་མ༷་འད༷ས་པ༷འང༷་དེ་ཁོ་ཉིད༷་དུ༷་ནི༷་ཁྱད༷་པ༷ར་མེད༷་དེ་གང་བཅིང་བ་མེད་ལ་གྲོལ་བ་མེད་པར་རྟག་ཏུ་མཉམ་པ་ཉིད་ཁོ་ནར་གནས་པའི་ཕྱིར་རོ། །དེ་སྐད་དུའང༌། རྩ་བ་ཤེས་རབ་ལས། དེ་གཉིས་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཞེས་པ་བཞིན་ནོ། །དེ་ལྟར་ན་དབུ་མའི་གཏན་ཚིགས་ཀྱི་དབྱེ་སྒོ་མི་འདྲ་བ་ཡོད་ཀྱང་འདིར་ཆོས་ཐམས་ཅད་རྒྱུ་འབྲས་ངོ་བོའི་ཚུལ་གྱི་དངོས་སྣང་དེ་ལ་རྒྱུའི་ཕྱོགས་ཐམས་ཅད་རྣམ་པར་དཔྱད་པས་རྒྱུ་མཚན་མ་མེད་པ་དང༌། ངོ་བོའི་ཕྱོགས་ཐམས་ཅད་རྣམ་པར་དཔྱད་པས་ངོ་བོ་སྟོང་པ་ཉིད་དང༌། འབྲས་བུའི་ཕྱོགས་ཐམས་ཅད་རྣམ་པར་དཔྱད་པས་འབྲས་བུ་སྨོན་པ་མེད་པ་སྟེ་རྣམ་ཐར་སྒོ་གསུམ་དུ་གཏན་ལ་ཕབ་པར་མཛད་པའོ། །བཞི་པ་སྟོང་ཉིད་རྟོགས་པའི་བྱེད་ལས་ལ་གཉིས་ཏེ། རང་དོན་དུ་ཆོས་བརྒྱད་མགོ་སྙོམས་པ་དང༌། གཞན་དོན་དུ་བརྩེ་བའི་སྙིང་རྗེ་ཆེན་པོ་རྩོལ་མེད་དུ་འབྱུང་བའོ། །དང་པོ་ནི། དེ༷་ལྟར༷་རང་བཞིན་གྱིས་སྟོང༷་པའི༷་དངོ༷ས་པོ་རྣ༷མས་ལ༷་ཟས་གོས་རྙེད་པ་སོགས་ཐོ༷བ་པ༷་ཅི༷་ཞིག་ཡོ༷ད་ཅིང་ཤོ༷ར་བའང་ཅི༷་ཞི༷ག་ཡོ༷ད་དེ་ཅི་ཡང་མེད་དོ། །སེམས་ཅན་ག༷ང་གི༷ས་བསྟོད་ཅིང་རི༷མ་གྲོ༷་བྱས༷་པ༷འམ༷། སྨད་ཅིང་ཡོང༷ས་སུ༷་བརྙས༷་པ་བྱས་པ༷འ༷ང་ཅི༷་ཞིག༷་ཡོ༷ད་དེ་ཅིའང་མེད་ཅྀང༌། བདེ༷་བ་མྱོང་བ༷འམ་སྡུག་བསྔལ༷་མྱོང་བའང་རྒྱུ་ག༷ང་ལ༷ས་ཡི༷ན་ཞེས་དཔྱད་ན་རང་བཞིན་མེད་དོ། །མི་སྙན་པར་གྲགས་པ་ལ་མི༷་དག༷ར་ཅི༷་ཞིག་ཡོ༷ད་ཅིང་སྙན་པར་གྲགས་པ་ལ་དག༷ར་ཅི་ཞིག་ཡོ༷ད་དེ་ཅི་ཡང་མེད་པས་འཇིག་རྟེན་ཆོས་བརྒྱད་ཀྱི་བླང་དོར་སྤངས་ནས་ཟབ་མོ་སྟོང་པ་ཉིད་ལ་མཉམ་པར་བཞག་པར་བྱ་སྟེ། བཤེས་སྤྲིང་དུ། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང༌། །བདེ་དང་སྡུག་བསྔལ་གྲགས་དང་མ་གྲགས་དང༌། །བསྟོད་སྨད་ཅེས་བྱ་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། ཅེས་པ་བཞིན་ནོ། །དེ༷་ཁོ་ན་ཉིད༷་དུ༷་ནི༷་རིགས་པས་བཙ༷ལ་བར་བྱས༷་ན༷། གང་ཟག་གང༷་ཞིག༷་སྲེད༷་ཅི༷ང་ཡུལ་གང༷་ལ༷་སྲེད༷་དེ་དེ་དག་རང་བཞིན་མེད་པའི་ཕྱིར་རོ། །ལེགས་པར་དཔྱད༷་ན༷་གསོ༷ན་པའི༷་འཇི༷ག་རྟེན༷་འདི༷་ཉིད་མ་གྲུབ་པས་གང༷་ཞིག༷་སྲིད་པ་འདི༷ར་ནི༷་ཇི་ལྟར་འཆི༷་བར་འགྱུར༷་ཏེ༷། ཚེ་ཕྱི་མ་འབྱུང༷་འགྱུར༷་ག༷ང་ཡི༷ན་སྔ་མ་ལ་བྱུང༷་བར་གྱུར༷་པ་ག༷ང་ཡིན་ལ། གཉེ༷ན་ཉེ་བ་ད༷ང་གྲོགས་དག༷འ་མཛའ་བཤེ༷ས་ཀྱང༷་ག༷ང་ཞིག༷་ཡི༷ན་ཏེ། ཆོས་ཐམ༷ས་ཅ༷ད་ཡོད་མེད་ལ་སོགས་པའི་སྤྲོས་པ་དང་བྲལ་བ་ནམ༷་མཁ༷འ་དང་འདྲ༷་བ༷ར་ནི༷་གནས་ལུགས་ལ་དཔྱོད་པའི་བློ་ཅན་ཞི་བ་ལྷ་བད༷ག་འདྲ༷ས་ཡོ༷ངས་སུ༷་བཟུ༷ང་བ༷ར་བྱས་ནས་ཆོས་བརྒྱད་མགོ་སྙོམས་པར་གྱིས༷་ཤིག །ཅེས་སོ། །གཉིས་པ་ནི། དེ་ལ་དཔལ་ལྡན་ཇོ་བོ་རྗེས་སྟོང་ཉིད་རྟོགས་ན་སྡིག་པ་མི་དགེ་བ་མི་བྱེད་ཅིང་སྙིང་རྗེ་ཆེན་པོ་སྐྱེ་བར་གསུངས་པ་བཞིན་དུ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན་པའི་ཕྱིར་སྟོང་ཉིད་རྟོགས་ན་སྙིང་རྗེ་ཆེན་པོ་སྐྱེ་བ་ཆོས་ཉིད་ཡིན་པས་ན། ཆོས་ཐམས་ཅད་སྟོང་པ་ཉིད་སྤྲོས་པ་དང་བྲལ་བར་མ་རྟོགས་པས་མི་བདེན་པ་ལ་བདེན་པ་དང༌། མེད་པ་ལ་ཡོད་པར་དང༌། བདག་མེད་པ་ལ་ཡོད་པར་བཟུང་ནས་འདི་ལྟར་འཁྲུལ་བའི་འགྲོ་བ་བད༷ག་ཉིད༷་འབའ་ཞིག་བདེ༷་བ༷ར་འདོ༷ད་པ་རྣམས་ནི༷་དེའི་ཐབས་ལ་རྨོངས་པས་དགྲ་ཡི་ཕྱོགས་ལ་འཐ༷བ་པ་དང༷༌། གཉེན་གྱི་ཕྱོགས་ལ་ཆགས་ཤིང་སྤྲོ༷་བའི༷་རྒྱུ༷་དག༷་གིས༷་རིམ་པ་བཞིན་དུ་ལུས་སེམས་ར༷བ་ཏུ༷་འཁྲུག༷་པར་བྱེད་པ་ད༷ང༌། སྤྲོ་ཞིང་དག༷འ་བས་གླུ་གར་སོགས་ཀྱིས་ལུས་སེམས་གཡེང་བ༷ར་བྱེ༷ད་པ་དང༌། མི་ཤི་ཕྱུགས་འཐོར་ལ་སོགས་པའི་མི་འདོད་པ་སྟེང་དུ་བབ་པ་དང༌། འདོད་པའི་དོན་མ་གྲུབ་པའི་མྱ༷་ང༷ན་དང༌། མཐོ་དམན་དྲག་ཞན་ཕྱུག་དབུལ་ཐམས་ཅད་གཉེན་གྲོགས་དང་ནོར་ལོངས་སྤྱོད་འདོད་པའི་དོན་དུ་འབ༷ད་རྩོལ༷་དང་གཞན་ལ་རྩོད༷་པ༷་དང༷༌། བདག་གཞན་ལུས་ཕན༷་ཚུན༷་རལ་གྲི་སོགས་ཀྱིས་གཅོ༷ད་པ་དང༷༌། མདུང་ཐུང་སོགས་ཀྱིས་འབི༷གས་པ༷་དང༷༌། ལུས་ངག་ཡིད་ཀྱི་སྡིག༷་པ་མང་པོ་ད༷ག་གི༷ས་ནི༷་ཉེ་བར་བསྒྲུབ་པའི་ལོངས་སྤྱོད་འདི་ཕྱི་གཉིས་སྡུག་གི་ཚེ༷གས་ཆེ༷ན་པོ་རྣམས་ཀྱིས་འཚོ༷་བར་བྱེད་ལ་དོན་ཆུང་ཚེ་འདིའི་ཕུན་ཚོགས་ཀྱིས་ཡིད་བསླུ་ཞིང་དུས་འདའ་བར་གནས་པར་སྣང་ངོ༌། །འགྲོ་བ་འདི་རྣམས་སངས་རྒྱས་དང་བྱང་སེམས་བླ་མ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་རེས་འགའ་བསྙེན་གནས་ཡན་ལག་བརྒྱད་བསྲུང་བ་ལ་སོགས་པས་དགེ་བ་ཅུང་ཟད་རེ་བསྒྲུབ་པའི་དབང་གིས་བདེ༷་འགྲོ༷་སྟེ་མཐོ་རིས་ཀྱི་འཇིག་རྟེན་རྣམ་པ་མང་པོ་དག་ཏུ་ཡ༷ང་དང༷་ཡ༷ང་དུ་འོ༷ངས་ཏེ་ཞེས་སྐྱེས་ནས་འདོད་པའི་ཡོན་ཏན་གྱི་བདེ་བ༷་མ༷ང་པོ༷་ལ་ལོངས་སྤྱད༷་སྤྱད༷་ན༷ས་གནས་པར་བྱས་ཀྱང་དེར་དགེ་བ་ནི་མ་འགྲུབ་ལ་སྡིག་པ་ནི་མང་པོ་བྱས་པའི་འབྲས་བུ་ཤི༷་འཕོས་ནས་དམྱལ་བ་ལ་སོགས་པའི་ང༷ན་སོང༷་གསུམ་གྱི་སྡུག༷་བསྔལ༷་ནི༷་དུས་ཡུ༷ན་རི༷ང་ཞིང་ཤིན་ཏུ་མི༷་བཟ༷ད་པ་བཟོད་པར་དཀའ་བ་མྱོང་བ་རྣམ༷ས་སུ༷་ལྟུང༷་བར་འགྱུར་ཞིང་མཐོ་དམན་བདེ་སྡུག་ངེས་པ་མེད་པའི་སྲིད་པར་འཁྱམས་པར་འགྱུར་བ་དང༌། དེ་འདྲའི་ཁམས་གསུམ་འཁོར་བའི་སྲིད༷་པ༷་ན༷་ནི༷་ཆགས་སྡང་རྨོངས་སྲེད་སོགས་ཀྱི་རྟོག་ངན་རེ་རེས་ཀྱང་དམྱལ་བ་ལ་སོགས་པའི་གནས་སུ་འཕེན་པས་སྡུག་བསྔལ་ཆེན་པོ་འབྱུང་བའི་གཡ༷ང་ས༷་ཤིན་ཏུ་མ༷ང་ལ། སྲིད་པ་དེ༷ར་ནི༷་ཐར་བའི་ཐབས་དེ༷་ཁོ་ན་ཉི༷ད་ཐོབ་པ་དང་རྟོགས་པ་སོགས་ཡོད་པ་མི༷ན་པར་མ་ཟད་ཕྱི་ནང་གི་དངོས་པོ་རྣམས་ལ་བདག་འཛིན་ཨ་འཐས་ཀྱིས་རྟག་རྟག་བདེན་བདེན་ལ་སོགས་པ་ཕྱིན་ཅི་ལོག་ཏུ་འཛིན་པ་འདི༷་འདྲ༷་བ་ཡིན་པས་ན་སྐབས་དེར༷་ཡ༷ང་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་རྟོགས་པ་དང་དངོས་པོར་ལྟ་བ་ལ་སོགས་པའི་ཕྱིན་ཅི་ལོག་གི་འཛིན་པ་ཕ༷ན་ཚུན༷་འག༷ལ་བ་ཡིན་པ༷ས་ན༷་སྲིད༷་པ་ན༷་དེ༷་ཁོ་ན་ཉིད༷་དམ་ཟབ་མོ་སྟོང་པ་ཉིད་ཐོས་པ་དང་རྟོག༷་པ་འདི༷་འདྲ༷་བ་མེ༷ད་དེ། མུན་པའི་ཀློང་དུ་སྣང་བ་བཞིན་ནོ། །དེས་ན་ད་རེས་སྟོན་པ་ཐུགས་རྗེ་ཅན་སྲས་བྱང་ཆུབ་སེམས་དཔའ་དང་བཅས་པའི་སྐུ་དྲིན་གྱིས་ཆོས་ཟབ་མོ་སྟོང་པ་ཉིད་ལ་སོགས་པ་སྟོན་པ་དང་ཐོས་པ་སོགས་ཡོད་པའི་སྐབས་འདིར། སྟོང་ཉིད་སྟོན་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ལེའུ་འདི་ལྟ་བུ་སོགས་ལ་བདག་ལྟ་བུས་ཤེས་པ་དང་རྟོགས་པ་ག་ལ་ནུས་སྙམ་ནས་སེམས་ཞུམ་པ་དེ་སྟོང་ཉིད་ལ་སྐྲག་པ་ཡིན་གྱི། དེ་ལས་གཞན་དགྲ་གདོན་སོགས་ལ་སྐྲག་པ་ལྟར་མེད་ལ། དེང་སང་རང་རང་གིས་སྟོང་ཉིད་སྟོན་པའི་གཞུང་རྣམས་ལ་ཐོས་བསམ་མི་མོས་པ་དང་མི་ཤེས་པ་འདི་སྐྱེ་བ་སྔོན་མར་སྟོང་ཉིད་ལ་བློ་ཁ་མ་ཕྱོགས་པའི་རྟགས་ཡིན་པ་དང༌། སྟོང་ཉིད་སྟོན་པའི་གཞུང་ཐོས་ཚེ་སེམས་རབ་ཏུ་དགའ་ཞིང་དད་པས་ལུས་བ་སྤུ་ལྡང་ཞིང་མིག་མཆི་མས་བརླན་པ་ནི་སྐྱེ་བ་སྔོན་མར་སྟོང་པ་ཉིད་སྟོན་པའི་གཞུང་ལ་ཐོས་བསམ་བྱས་པའི་ས་བོན་ཡོད་པའི་རྟགས་ཡིན་པར་གསུངས་ལ། དེས་ན་ད་ལྟ་ཚེ་འདིར་ཇི་ལྟ་བ་བཞིན་མ་རྟོགས་ནའང་ཟབ་མོ་སྟོང་པ་ཉིད་ལ་བློ་ཁ་ཕྱོགས་ནས་ཐོས་བསམ་བསྒོམ་པ་རེ་བྱས་ན་ཚེ་ཕྱི་མར་ཟབ་མོ་སྟོང་པ་ཉིད་ཐོས་པ་དང་རྟོགས་པར་འགྱུར་ངེས་ཏེ། རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། དེ་ཉིད་ཤེས་པས་གལ་ཏེ་འདིར། །མྱ་ངན་འདས་པ་མ་ཐོབ་ཀྱང༌། །སྐྱེ་བ་ཕྱི་མར་འབད་མེད་པར། །ངེས་པར་ཐོབ་འགྱུར་ལས་བཞིན་ནོ། །ཞེས་གསུངས་པའི་ཕྱིར་དང༌། སྔོན་ཡང་ལས་ངན་སྟོབས་ཆེན་གྱི་ལས་ཀྱི་ལྷག་མས་ཤིན་ཏུ་སྡུག་བསྔལ་བར་གྱུར་པའི་རྒུར་ཆུང་དང་ལེགས་འོང་ལྟ་བུ་ལ་སོགས་པའང་སྟོན་པ་སངས་རྒྱས་དང་ཕྲད་དེ་ཆོས་ཐོས་པ་ཙམ་གྱིས་བདེན་པ་མཐོང་ཞིང་དགྲ་བཅོམ་པའི་གོ་འཕང་ཐོབ་པ་རྣམས་ཀྱང་སྔོན་སངས་རྒྱས་འོད་སྲུང་གི་བསྟན་པའི་དུས་སུ་ཕུང་ཁམས་སྐྱེ་མཆེད་སོགས་ལ་མཁས་པར་བྱས་པའི་ལས་ཀྱིས་ཡིན་པར་གསུངས་ཤིང༌། དེས་ན་གང་ཟག་བླུན་ཞིང་བློ་ཆུང་བ་རྣམས་ཀྱིས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ལ་ཆོས་འདི་སྟོང་ངམ་མི་སྟོང་སྙམ་པའི་ཐེ་ཚོམ་ཙམ་ཡང་སྐྱེ་བར་མི་འགྱུར་ལ། གལ་ཏེ་དེ་ལྟར་ཐེ་ཚོམ་ཙམ་ཞིག་སྐྱེས་པར་གྱུར་ནའང་སྲིད་པ་ཧྲུལ་པོར་བྱེད་དེ་དེ་ཉིད་ལས། བསོད་ནམས་ཆུང་ངུས་ཆོས་འདི་ལ། །ཐེ་ཚོམ་ཙམ་ཞིག་སྐྱེ་མི་འགྱུར། །ཐེ་ཚོམ་ཙམ་ཞིག་སྐྱེས་གྱུར་ན། །སྲིད་པ་ཧྲུལ་པོར་འགྲོ་བར་འགྱུར། །ཞེས་སོ། །དེས་ན་ད་རེས་ཆོས་ཟབ་མོ་སྟོང་པ་ཉིད་དང་འཕྲད་པ་ལ་དགའ་ཞིང་སྤྲོ་བས་ཐོས་བསམ་བསྒོམ་པས་དོན་ཡོད་པར་བྱའོ། །དེ་ཁོ་ན་ཉིད་ཀྱི་སྣང་བ་དང་བྲལ་བའི་སྲིད་པ་དེར༷་ཡ༷ང་དཔེ༷་ཟླ་མེ༷ད་ཅིང་བཟོད་པར་དཀའ་བས་མི༷་བཟ༷ད་པའི་སྡུག༷་བསྔལ༷་གྱི་རྒྱ༷་མཚོ༷་རྒྱ་ཆེ་ལ་ཡུན་རིང་བ་དུས་དང་ཕྱོགས་ཀྱི་ཕ་མཐའ་མེད་པའམ་མཐ༷འ་ལ༷ས་འད༷ས་པ་ཉིད་དུ་གནས་པར་འགྱུར་ཞིང། དེར༷་ནི༷་སེམས་ཅན་རྣམས་གོང་དུ་བཤད༷་པ་དེ༷་ལྟར་སྲིད་པའི་ལས་དང་ཉོན་མོངས་པ་དྲག་པོས་ཟིལ་གྱིས་མནན་ནས་དགེ་བ་བསྒྲུབ་པ་ལ་སྟོབ༷ས་ཆུང༷་ཞིང༷༌། དེ༷ར་ནི༷་དགེ་བློ་རེ་སྐྱེས་ཀྱང་དགེ་བ་སྒྲུབ་པའི་རྟེན་དལ་འབྱོར་གྱི་མི་ཚེ༷་ཡ༷ང་ཐུང༷་བ༷་ཉིད༷་ཀྱིས་དགེ་བ་བསྒྲུབ་པའི་ལོང་མེད་པ་དང༌། དེ༷ར་ཅུང་ཟད་གནས་པའི་བར་ལ་ཡ༷ང་ཡུན་རིང་པོར་གསོ༷ན་དུ་རེ་བའི་བྱ་བ་ལུས་ཀྱི་རིམ་གྲོ་སྣ་ཚོགས་དང༷༌། ན༷ད་མེ༷ད་ཀྱི༷་སྟེ་ནད་མེད་པར་བྱེད༷་པ་ཡི་ཐབས་སྨན་སོགས་བསྟེན་པ་དང༷༌། ཟས་སྐོམ་ལ་སོགས་པ་མ་རྙེད་པས་བཀྲེས༷་ཤིང་ཕོངས་པ་དང༷༌། འཚོ་ཆིས་ཀྱི་བྱ་བས་ང༷ལ་ཞིང་དུབ་པ༷་དང༷༌། ཚེ་ཕྱེད་གཉི༷ད་དུ་མྱོས་པ་དང༷༌། ཕྱི་ནང་གི་ཉེར་འཚེ༷་སྣ་ཚོགས་དང༷་དེ༷་བཞི༷ན་དུ༷་བྱིས༷་པ་སོ་སོའི་སྐྱེ་བོ་དང༷་འགྲོ༷གས་པ༷་སོགས་དོན༷་མེ༷ད་པའི་བྱ་བ་རྣམ་པ་སྣ་ཚོགས་ཀྱིས༷་ཚེ༷་ནི༷་དགེ་བ་བསྒྲུབ་པའི་དོ༷ན་ཅི་ཡང་མེ༷ད་པར་མྱུར༷་བ་ཉིད་དུ་ཟད་ཅིང་འད༷འ་ཡི༷། སྲིད་པ་ལས་གྲོལ་བའི་རྒྱུ་ཕྱི་ནང་གི་སྣང་བ་ཐམས་ཅད་བདེན་པ་མེད་པ་བདག་མེད་པའི་དེ་ཁོ་ན་ཉིད་ཀྱི་དོན་ལ་བློས་རྣམ༷་པར་དཔྱོད༷་པ་ཤིན༷་ཏུ་རྙེད༷་པ༷ར་དཀ༷འ་ཞིང་འཁོར་བའི་གནས་དེ༷ར་ཡ༷ང་རྣམ༷་གཡེ༷ང་གོ༷མས་པ༷་ཤུག་དྲག་པོ་ནི༷་ཆུ་ཀླུང་བཞིན་དུ་བབས་པ་གློ་བུར་དུ་བཟློག༷་པའི༷་ཐབ༷ས་ནི༷་ག༷་ལ༷་ཡོ༷ད་དེ་མེད་ལ། དེ་མེད་པར་མ་ཟད་དེ༷ར་ཡ༷ང་དམྱལ་བ་ལ་སོགས་ང༷ན་སོ༷ང་ཆེ༷ན་པོ༷ར་ནི༷་འཕེན་པའམ་ལྟུང༷་ཕྱིར༷་ལྷའི་བུའི་བདུ༷ད་ལ་སོགས་པ་ནག་ཕྱོགས་རྩ་ལག་རྣམས་ནི༷་བརྩོ༷ན་པར་བྱེད༷་དེ། འདི་ལྟར་བདུད་རྒྱལ་གྱིས་སེམས་ཅན་བརྒྱ་སྟོང་མང་པོ་བྱང་ཆུབ་ཏུ་བཀོད་པ་བས་བྱང་ཆུབ་སེམས་དཔའ་རེ་རེ་ཙམ་བྱང་ཆུབ་ཏུ་ལུང་བསྟན་ཐོབ་པ་མི་བཟོད་པས་བདུད་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རང་གི་བླ་མའི་གཟུགས་སུ་སྤྲུལ་ནས། ཁྱེད་སྔར་ནས་སྦྱང་པའི་ཡོན་ཏན་དང་ལྡན་པ་སོགས་སུ་ལུང་སྟོན་པ་དང༌། ཆོས་ཡང་དག་ལ་ཡང་དག་མིན་པར་སྟོན་ཅིང་ཡང་དག་མིན་པ་ཡང་དག་ཏུ་སྟོན་པ་དང་གཞན་ཡང་གཡེང་བྱེད་མ་དང་རྨོངས་བྱེད་མ་ལ་སོགས་པ་བར་ཆད་བྱེད་པ་མང་སྟེ། ཆོས་ཟབ་ཙ་ན་ནག་པོ་བདུད་ཀྱང་ཟབ། ཞེས་པ་བཞིན་ནོ། །དེ༷ར་ནི༷་རྟག་ཆད་ཀྱི་ལྟ་བ་སོགས་ལོ༷ག་པའི༷་ལ༷མ་མ༷ང་ཞི༷ང༌། ཡང་དག་པའི་ལམ་མ་ནོར་བ་འདིའོ་ཞེས་དམིགས་རྣམ་ཕྱེ་བའི་ངེས་པ་མི་སྐྱེ་བར་ཐེ༷་ཚོ༷མ་ལ༷ས་ཀྱང༷་བརྒ༷ལ་དཀ༷འ་སྟེ༷། ཐེ་ཚོམ་གཅོད་པའི་ཕྱི་ནང་གི་རྐྱེན་རྙེད་དཀའ་བའི་ཕྱིར་དང༌། དེས་ན་དེང་སང་ཐམས་ཅད་གསར་ངེས་ཆེ་བས་སྔར་གྱི་གཞུང་བཟང་ཡང་དག་པ་རྣམས་དོར་ནས་གསར་པ་ལ་དགའ་ཞིང༌། གསར་པ་ལ་ཡང་དག་པ་ཡིན་མིན་ཀུན་ཡོད་ཀྱང་ཡང་དག་ཡིན་མིན་གྱི་དམིགས་རྣམ་ཕྱེ་བའི་ངེས་ཤེས་ཐེ་ཚོམ་ཀྱི་སྨག་དང་བྲལ་བ་ནི་རྙེད་དཀའ་ཞིང༌། ཆོས་ཡང་དག་ཡིན་ཀྱང་ཐེ་ཚོམ་དང་བཅས་བཞིན་ཉམས་སུ་བླང་ན་དོན་འབྲས་མེད་པར་འགྱུར་རོ་དེ་ལྟར་རྣམ་དཔྱོད་རྙེད་དཀའ་བ་དང༌། རྣམ་གཡེང་བཟློག་དཀའ་བ་དང༌། ཐེ་ཚོམ་ལ་སོགས་པས་ཡང་དག་པའི་ཆོས་ཀྱི་སྣང་བ་མ་རྙེད་པར་ཤི་ན་སླར༷་ཡ༷ང་ད༷ལ་བ༷་རྙེད༷་དཀ༷འ་ཞི༷ང་ས༷ངས་རྒྱས༷་འཇིག་རྟེན་དུ་འབྱུང༷་བ་དང་ཕྲད་པ་རྙེད༷་པར་ཤི༷ན་ཏུ༷་དཀ༷འ་བ་དང༌། དེ་ཡི་བསྟན་པ་ལ་ནན་ཏན་བྱས་ནས་རང་རྒྱུད་ཀྱི་ཆགས་སོགས་ཉོ༷ན་མོ༷ངས་པའི་ཆུ་བོ༷་སྤོང༷་ཐུབ་པའི་དུས་ཐོབ་པར་དཀ༷འ་སྟེ༷་ཞི་བ་ལྷས་ཐུགས་སྐྱོ་བའི་ཉམས་ཀྱིས་ཨེ༷་མ༷་འཁོར་བ་འདིར་སྡུག༷་བསྔལ༷་གཅིག་ནས་གཅིག་ཏུ་བརྒྱུད༷་པས་སྡུག་བསྔལ་མྱོང་བ༷ར་འགྱུར༷་རོ། །ཞེས་བརྩེ་བས་སྨས་སོ། །དེ༷་ལྟར༷་སྡུག་བསྔལ་གྱི་ཁྱད་པར་སྣ་ཚོགས་པས་ཤི༷ན་ཏུ་སྡུག༷་བསྔལ༷་བར་གནས་ན་ཡ༷ང༌། བླང་དོར་ལ་རྨོངས་པའི་དབང་གིས་ར༷ང་ཉིད་སྡུག༷་བསྔལ་གྱི་ནང་དུ་བྱིང་བ་མི༷་མཐོ༷ང་བར་སྲིད་པ་ལ་མངོན་པར་ཆགས་ཤིང་ཞེན་པ་ག༷ང་ཡི༷ན་པ༷་ད༷ང༌། སྡུག༷་བསྔལ༷་གྱི་ཆུ་བོ༷ར་གནས༷་པ་འདི༷་དག༷་ལ་དམིགས་ནས་ཀྱི༷་ཧུད༷་མྱ༷་ང༷ན་བྱ༷་བ༷ར་འོ༷ས་ཏེ། དཔེ༷ར་ན་༷་འག༷འ་ཞི༷ག་བསི༷ལ་བའི་རེག་བྱ་འདོད་པས་ཡ༷ང་ཡ༷ང་ཁྲུས༷་བྱས༷་ཏེ་གྲང་བས་ཉེན་པ་ན་སླར་ཚ་བ་འདོད་པས་ཡང༷་ཡ༷ང་མེ༷ར་འཇུག༷་པ༷་སྟེ་དེར་ཚ་བས་ཉེན་པ་ན་ཡང་ཁྲུས་ལ་འཇུག་པ་སྟེ། དེ༷་ལྟར༷་ཚ་གྲང་རེས་མོས་ཀྱི་སྒོ་ནས་ཤི༷ན་ཏུ་སྡུག༷་བསྔལ༷་བར༷་གན༷ས་ཀྱང༷་སྲེད་པས་རྨོངས་ནས་བད༷ག་ཉིད༷་བདེ༷ར་ཏེ་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་རློམ་པ༷་བཞིན་ནོ། །དེ༷་ལྟར༷་ཤིན་ཏུ་སྡུག་བསྔལ་ཡང་རྒ༷་བ་དང༷་འཆི༷་བ་སོགས་འོང་རྒྱུ་མེ༷ད་པ༷་བཞི༷ན་དུ༷་བག་ཡངས་སུ་རོལ་ཞིང་སྤྱོད༷་པ༷ས་ཅི་དགར་གན༷ས་པ་རྣམ༷ས་ལ༷་དང༷་པོ༷་ཉིད༷་དུ༷་རྒ་བ་དང་ན་བ་འོང་ཞིང་བཅོས་སུ་མེད་ཅིང་བཟློག་ཏུ་མེད་པའི་འཆི་བདག་གི་བདུད་འོངས་ཏེ་བས༷ད་པར་བྱས་ན༷ས་སླར་ཡང་ང༷ན་སོ༷ང་དུ་ལྟུང༷་བ༷་ལ་སོགས་པའི་སྡུག་བསྔལ་མི༷་བཟ༷ད་པ་རྣམས་འོ༷ང་ཞིང་སྡུག་བསྔལ་བར་འགྱུར་རོ། །དེ༷་ལྟར༷་དེ་ཁོ་ན་ཉིད་ཀྱི་དོན་མཐོང་བ་དང་བྲལ་བས་ན་སྡུག་བསྔལ་བདེ་བར་རློམ་པའི་ཁམས་གསུམ་འཁོར་བའི་སེམས་ཅན་སྡུག༷་བསྔལ༷་གྱི་མེ༷ས་གདུང༷ས་བར་འགྱུར་བ་རྣམས་ལ༷། བསོ༷ད་ན༷མས་ཀྱི་ཚོགས་ཚད་མེད་པའི་སྤྲིན༷་ལ༷ས་ལེགས་པར་བྱུང༷་བའི༷་ར༷ང་གི༷་བདེ༷་བའི༷་ཚོ༷གས་ཆ༷ར་གྱི༷ས་ཏེ་ཡོ་བྱད་ཟས་གོས་གནས་མལ་ལ་སོགས་པ་ཅི་འདོད་པའི་ཚོགས་ཀྱི་ཆར་ཆེན་པོས་དེ་དག་གི་དབུལ་ཞིང་ཕོངས་པའི་སྡུག་བསྔལ་གྱི་མེ་ལ་སོགས་པ་རྣམས་སྦྱིན་པས་ཅི་འདོད་པའི་ལོངས་སྤྱོད་ཀྱིས་ཚིམ་པར་བྱེད་པ་ལ་སོགས་པའི་སྒོ་ནས་ཞི༷་བར་བྱེད༷་པ༷ར་བད༷ག་ན༷མ་ཞིག༷་ཏུ་འགྱུར༷་སྙམ་དུ་བསམ་པ་ནི་གནས་སྐབས་ཀྱི་བདེ་བ་དང༌། ཡང་ངེས་ལེགས་ཀྱི་དབང་དུ་བྱས་ཏེ་ན༷མ་ཞིག༷་ཆོས་ཐམས་ཅད་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཟབ་མོ་སྟོང་པ་ཉིད་འཁོར་གསུམ་དམི༷གས་པ༷་མེ༷ད་པའི་ཚུལ༷་ཇི་ཙམ་དུ་ཁོང་དུ་ཆུབ་ཅིང་རྟོགས་པ་དེ་ཙམ་དུ༷་སེམས་ཅན་གྱི་དོན་དུ་གུས༷་པ༷ས་ཏེ་གུས་ཤིང་ཤིན་ཏུ་སྤྲོ་བའི་བསོ༷ད་ན༷མས་ཀྱི་ཚོ༷གས་བས༷གས་ཏེ༷། རང་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྣང་སྟོང་ཟུང་འཇུག་སྤྲོས་པ་ཐམས་ཅད་དང་བྲལ་བའི་མཉམ་པ་ཉིད་མངོན་སུམ་དུ་བྱས་ནས། དམི༷གས་པ༷ས་ཞེས་དམིགས་པ་བདེན་ཞེན་གྱི་དུག་ཁོ་ནའི་དབང་གིས་ཁམས་གསུམ་འཁོར་བའི་གནས་སུ་ཕུང༷་བ༷ར་གྱུར༷་པའི་སེམས་ཅན་རྣམ༷ས་ལ༷་དེའི་གཉེན་པོ་ཆོས་ཐམས་ཅད་དམིགས་པ་མེད་པར་སྟོན་པའི་སྟོང༷་པ༷་ཉིད༷་ནི༷་ཡང་དག་པར་སྟོན༷་པ༷ར་འགྱུར༷་ན་ཅི་མ་རུང་ཞིང༌། དེ་ལྟར་འགྱུར་བར་བྱའོ་ཞེས་སྙིང་རྗེ་ཆེན་པོ་བསྐྱེད་དེ། རང་ཉིད་ཀྱིས་ཆོས་ཐམས་ཅད་བདེན་མེད་དུ་མཐོང་ན་གཞན་བདེན་འཛིན་གྱི་དབང་གིས་འཁོར་བའི་སེམས་ཅན་རྣམས་ལ་ནམ་ཡང་མི་གཏོང་བའི་སྙིང་རྗེ་ཆེན་པོ་ཤུགས་ཀྱིས་འབྱུང་ཞིང་འདི་ནས་ཇི་སྐད་གསུངས་པ་ལྟ་བུའི་ཆོས་བརྒྱད་མགོ་སྙོམ་པ་དང་གཞན་ལ་བརྩེ་བའི་སྙིང་རྗེ་ཆེན་པོའི་སེམས་སྐྱེ་བ་ཡང་ཆོས་ཉིད་ཡིན་ནོ། །དེ་ལྟར་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་ཐོབ་པར་འདོད་པ་རྣམས་ཀྱིས། སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམ་པ་ལས་བྱུང་བའི་དགེ་བ་རྣམས་ལ་ཞུགས་ན་ཡང་ཕན་ཡོན་ཆེན་པོ་ཐོབ་མོད། །དེ་བས་ཀྱང་སྒྲིབ་པ་གཉིས་ཀྱི་གཉེན་པོ་མཐར་ཐུག་པ་ཟབ་མོ་སྤྲོས་པ་ཀུན་བྲལ་གྱི་སྟོང་པ་ཉིད་རྟོགས་པའི་ཤེས་རབ་ནི་མཆོག་ཡིན་པས། དེ་བསྐྱེད་པའི་དོན་དུ་ཐོས་བསམ་རྣམ་དག་ལ་འབད་པར་རིགས་ཏེ། རྒྱུད་བླ་མ་ལས། གང་ཕྱིར་སྦྱིན་པས་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ཅིང༌། །ཁྲིམས་ཀྱིས་མཐོ་རིས་བསྒོམ་པས་ཉོན་མོངས་སྤོང་བྱེད་ལ། །ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སྤོང་དེ་ཡི་ཕྱིར། །འདི་མཆོག་ཉིད་དེ་དེ་ཡི་རྒྱུ་ཡང་འདི་ཐོས་ཡིན། །ཞེས་གསུངས་པས་སོ། །ལེའུའི་མཚན་ནི། བྱང༷་ཆུབ༷་སེ༷མས་དཔ༷འི་སྤྱོད༷་པ༷་ལ༷་འཇུག༷་པ༷་ལས། །ཤེས༷་རབ༷་ཀྱི་ཕ༷་རོ༷ལ་ཏུ༷་ཕྱིན༷་པའི༷་ལེ༷འུ༷་སྟེ༷་དགུ༷་པ༷འོ༷།། །། ༈ བཞི་པ་དེ་ལྟར་སྤེལ་བའི་འབྲས་བུ་གཞན་དོན་དུ་བསྔོ་བའི་ལེའུ་ལ། བསྔོ་བ་བསྡུས་ཏེ་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་དོན་རྒྱ་ཆེ་ཆུང་སོགས་སུ་སྣང་བ་ནི་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་དབང་གིས་ཡིན་ལ། དེ་ཡང་ཚོགས་གཉིས་ཡིད་བཞིན་གྱི་ནོར་བུ་ལ། །སྨོན་ལམ་གྱིས་བྱི་དོར་མ་བྱས་ན། །དགོས་འདོད་ཀྱི་འབྲས་བུ་མི་འབྱུང་བས། །མཇུག་བསྔོ་བ་འདི་ལ་ནན་ཏན་མཛོད། །ཅེས་པ་ལྟར་བསྔོ་བ་དང་སྨོན་ལམ་འདི་གནད་ཆེ་ལ། དེ་གཉིས་ཀྱི་ཁྱད་པར་རང་ལུགས་སུ་དགེ་བ་སྒྲུབ་ནས་དེ་སེམས་ཅན་གྱི་དོན་དུ་རྫོགས་བྱང་དུ་བསྔོ་བ་དང༌། དགེ་རྩ་བསགས་པ་དང་མ་འབྲེལ་བར་སེམས་ཅན་ཐམས་ཅད་རྫོགས་བྱང་ཐོབ་པར་ཤོག་ཅིག་བསམ་པ་ལྟ་བུ་སྨོན་ལམ་ཡིན་ལ། དེ་ལྟར་ངེས་པར་བྱས་ཏེ་དགེ་རྩ་གཞན་དོན་དུ་མ་བསྔོས་པའི་སྐྱོན། ཇི་སྐད་དུ། མ་བསྔོས་པ་དང་ལོག་པར་བསྔོས། །གཞན་ལ་བསྒྲགས་དང་འགྱོད་པ་བསྐྱེད། །དགེ་བ་མཛད་པའི་རྒྱུ་བཞི་ཡིན། །ཞེས་པ་དང༌། བསྔོས་པའི་ཡོན་ཏན། བསྔོ་བ་མི་ཟད་ལམ་ཡིན་ཕྱིར། །སྤེལ་དང་བསྒྱུར་བའི་ཆོས་ཅན་ཡིན། །ཅེས་པ་ལྟར། དགེ་རྩ་མ་བསྔོས་ན་ཞེ་སྡང་སོགས་དགེ་བ་འཛད་པའི་རྒྱུ་མང་པོ་ཡོད་པས་འཛད་པར་འགྱུར་ལ། བྱང་ཆུབ་ཏུ་བསྔོས་ན་གང་བྱས་པ་དཔེར་ན་ཆུ་ཡི་ཐིགས་པ་རྒྱ་མཚོར་ལྷུང་བ་རྣམས་རྒྱ་མཚོ་དེ་གནས་ཀྱི་བར་དུ་མི་ཟད་པ་བཞིན་ཏུ། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་དགེ་བ་ཡང་དེ་མ་ཐོབ་ཀྱི་བར་དུ་མི་ཟད་ཅིང་འཕེལ་བའི་སྒོ་ནས་བྱང་ཆུབ་ལ་སྦྱོར་བར་བྱེད་པ་སྟེ། བློ་གྲོས་མི་ཟད་པའི་མདོ་ལས། །ཇི་ལྟར་ཆུ་ཐིག་རྒྱ་མཚོ་ཆེ་ནང་ལྟུང༌། །རྒྱ་མཚོ་མ་ཟད་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང༌། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཅེས་གསུངས་པས་སོ། །དགེ་བའི་རྩ་བ་གང་བྱས་པ་དེ་ཉིད་ནམ་མཁའ་དང་མཉམ་པའི་སེམས་ཅན་གྱི་གྲངས་དང་མཉམ་པར་འཕེལ་བ་དང༌། བྱང་ཆུབ་ཆེན་པོ་སངས་རྒྱས་འཐོབ་པའི་རྒྱུ་ཉིད་དུ་བསྒྱུར་བར་བྱེད་དེ། དཔེར་ན་གསེར་བཟང་པོ་གསེར་མགར་མཁས་པས་རྒྱན་སོགས་དངོས་པོའི་ཁྱད་པར། ངན་པ་དང༌། འབྲིང་དང༌། བཟང་པོ་སངས་རྒྱས་ཀྱི་སྐུ་དང་དབུ་རྒྱན་དུ་བསྒྱུར་བར་བྱེད་པ་ལྟ་བུ་ཡིན་ནོ། །བསྔོ་བ་དེ་ལ་ཡང་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པ་ནི་བསྔོ་བ་དུག་མེད་དང༌། མ་ཟིན་ན་བསྔོ་བ་དུག་ཅན་ཡིན་ལ། བསྔོ་བ་དུག་མེད་ཉིད་ལའང་དགེ་རྩ་དེ་བསྔོས་ནས་སྟོང་ཉིད་ཀྱིས་རྒྱས་འདེབས་བྱེད་པ་ནི་ཆད་ལྟ་ཡིན་པས་འཁོར་གསུམ་མི་རྟོག་པའི་བསྔོ་བ་མིན་པར་ཀུན་མཁྱེན་ཆོས་རྗེས་གསུངས་ལ། དེས་ན་འདི་ལྟར་བསྔོ་བ་པོ་རང་དང༌། བསྔོ་རྒྱུའི་དགེ་བ་དང༌། བསྔོ་བའི་ཡུལ་གསུམ་པོ་སྣང་ལ་རང་བཞིན་མེད་པའི་འཁོར་གསུམ་དམིགས་པ་མེད་པའི་ཚུལ་གྱིས་བསྔོ་དགོས་ལ། འཁོར་གསུམ་དམིགས་མེད་ཀྱི་བསྔོ་བ་དེ་ལྟ་བུ་མི་ཤེས་ཤིང་མ་འོངས་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་འཇམ་པའི་དབྱངས་དང་ཀུན་ཏུ་བཟང་པོ་ལ་སོགས་པས་ཇི་ལྟར་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་དགེ་བའི་རྩ་བ་འདི་དག་ཡོངས་སུ་བསྔོ་བར་བགྱི་ཞིང་བསྔོའོ་སྙམ་ནས་ལྟུང་བཤགས་དང་བཟང་སྤྱོད་ལྟ་བུའམ། དུས་གསུམ་གཤེགས་པའི་རྒྱལ་བ་སོགས་དང༌། འཇམ་དཔལ་དཔའ་བོ་ལ་སོགས་པ་བརྗོད་ན་དེས་བསྔོ་བར་དུག་མེད་འཁོར་གསུམ་དམིགས་མེད་ཀྱི་བསྔོ་བ་རྗེས་མཐུན་པ་ཙམ་ཡོང་བར་མཁས་པ་རྣམས་གསུངས་པས་ན་འདི་ཤིན་ཏུ་གལ་ཆེ་བའི་གནད་ཡིན་ནོ། །དེ་ལ་བསྔོ་བ་དང་སྨོན་ལམ་རང་གིས་བྱས་ཤིང་བཏབ་ནས་གཞན་གང་ཟག་དམ་པ་བདེན་པ་མཐོང་བ་དང་ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་དག་གིས་དེ་ལ་མཐུན་འགྱུར་མཛད་དགོས་ལ། བསྔོ་བ་དང་སྨོན་ལམ་དེའང་རང་རང་གིས་མ་བྱས་ན་གཞན་དག་གིས་བྱས་པས་མི་ཡོང་བར་གསུངས། བསྔོ་རྒྱུའི་དགེ་རྩ་ཡང་རང་གི་སེམས་ཀྱིས་ཐོང་ནས་བསྔོ་དགོས་ཏེ། སྔོན་ཡངས་པ་ཅན་པ་རྣམས་སུམ་ཅུ་རྩ་གསུམ་པའི་ལྷའི་དཔེར་འོས་པའི་བདེ་སྐྱིད་ལོངས་སྤྱོད་དང་ལྡན་པ་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་པ་སང་གདུགས་ཚོད་ལ་སྤྱན་དྲངས་པའི་ཚེ་དེའི་རྗེས་སུ་ཡངས་པ་ཅན་པ་དེ་དག་གི་ཕ་མ་རྣམས་སེར་སྣའི་དབང་གིས་ཡི་དྭགས་སུ་སྐྱེས་པ་རྣམས་འོང་ནས་སང་ཁྱེད་རྣམས་ཀྱིས་ཡོན་བསྔོ་བདག་ཅག་གི་དོན་དུ་མཛོད་ཅིག་ཅེས་ཞུས་པའི་ཚེ་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་ཁྱེད་ཅག་གི་དོན་དུ་ཡོན་བསྔོ་མཛད་གསུངས་པ་ན་དེ་དག་གིས་བདག་ཅག་ཡངས་པ་ཅན་པ་འདི་དག་གི་ཕ་མ་རྣམས་ཡིན་ནོ་ཞུས་པས་འོ་ན་སང་ཡངས་པ་ཅན་ཉིད་དུ་ཤོག་དང་ཡོན་བསྔོའོ་གསུངས། ཡི་དྭགས་དེ་རྣམས་ཀྱིས་ངོ་ཚ་བས་འོང་མི་ཕོད་དོ་ཞུས་ཚེ། ཁྱེད་ཅག་ལས་ངན་བསགས་ཚེ་ངོ་མི་ཚ་ན་ད་ལུས་ངན་བླངས་པས་ངོ་ཅི་ཞིག་ཚ། འོང་ན་ཡོན་བསྔོ་ལ་མ་འོངས་ན་ནི་མི་བསྔོ་ཞེས་གསུངས་པས་དེར་འོང་བར་ཞུས་པ་བཞིན་དེར་འོང་བ་ན་ཡངས་པ་ཅན་པ་རྣམས་ཤིན་ཏུ་འཇིགས་ཤིང་སྐྲག་པ་ན་དེ་བཞིན་གཤེགས་པས་དེ་དག་ལ་འདི་དག་ཁྱེད་ཅག་གི་ཕ་མ་སེར་སྣས་ཡི་དྭགས་སུ་སྐྱེས་པ་རྣམས་ཡིན་པས་ཡོན་བསྔོ་ཞུ་རུ་འོང་བས་ཁྱེད་ཅག་གི་ཡོན་འདི་རྣམས་ལ་བསྔོའམ་གསུངས་པ་ན་དེ་དག་གིས་ཀྱང་བསྔོའོ། །ཤིན་ཏུ་བསྔོའོ་ཞེས་པ་ལྟར་བསྔོ་རྒྱུའི་དགེ་རྩ་སེམས་ཀྱིས་ཐོང་ནས་བསྔོ་དགོས་སོ། །དེ་ལྟ་ནའང་ཁྱད་པར་གསང་སྔགས་ཀྱི་དམ་ཚིག་ཉམས་པ་རྣམས་ཀྱིས་སྨོན་ལམ་དང་བསྲུང་བ་གང་བྱས་པ་ཐམས་ཅད་ཕྱིན་ཅི་ལོག་ཏུ་འགྲོ་སྟེ། དཔེར་ན་ཚེ་རིང་བར་ཤོག་ཅིག་ཅེས་བརྗོད་ན་ཚེ་ཐུང་བར་འགྱུར་བ་ལ་སོགས་པ་ལྟ་བུ་ཡིན་པས་བསྲུང་བ་ཐམས་ཅད་མཐུ་དང་དམོད་པར་འགྱུར་བར་གསུངས་པས་ན་དེས་རང་དོན་དུའང་སྨོན་ལམ་བཏབ་པ་སོགས་ཀྱང་ཇི་ཡིན་མི་ཤེས་གསུངས། དེ་ལ་བསྔོ་བའི་དཔང་པོ་མདུན་གྱི་ནམ་མཁའ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་མངོན་སུམ་བཞིན་དུ་སྤྱན་དྲངས་ཏེ་བཞུགས་པར་བསམ་པའམ་ཡང་ན། བྱང་ཆུབ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། ཞེས་དང༌། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །ཞེས་པ་ལྟར་བསྔོ་བའི་དཔང་པོར་བསམ་ནས། བསྔོ་བ་པོ་སུས་བསྔོ་ན་སྔོན་ཞི་བ་ལྷ་དང་ད་ལྟ་རང་རེ་བད༷ག་གི༷ས། ཅི་བསྔོ་ན་ཞི་བ་ལྷས་བྱང༷་ཆུབ༷་སེམས་དཔའི་སྤྱོད༷་པ༷་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་སྦྱོར་བ་ཕ་རོལ་དུ་ཕྱིན་པ་དྲུག་གི་ཉམས་ལེན་ལ་འཇུག༷་པ༷་ཡི་ཚུལ༷་རྣམ༷་པ༷ར་བསམ་ཤིང་བརྩམ༷ས་པ༷་ཡི༷་དགེ༷་བ༷། ད་ལྟ་རང་རེས་ཡི་གེ་འབྲི་མཆོད་སྦྱིན་སོགས་ཆོས་སྤྱོད་བཅུའི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འདི་ཉིད་ལ་གང་བརྩམ་པའི་དགེ་བ་སྟེ། དེ་ཡང་སྔོན་ཞི་བ་ལྷས་སྤྱོད་འཇུག་འདི་ལ་དུས་གསུམ་དུ་ཞུགས་པའི་དགེ་རྩ་ཐམས་ཅད་འཁོར་གསུམ་དམིགས་མེད་ཀྱིས་བསྔོས་ཟིན་པས་ན་རང་རེའི་དགེ་བ་ཡང་སློབ་དཔོན་གྱིས་བསྔོས་ཟིན་ན་ཡང༌། རང་རེ་རྣམས་ཀྱི་དགེ་བའི་རྩ་བ་རྣམས་ཀྱང་ཞི་བ་ལྷ་ཉིད་ཀྱི་དགེ་བའི་རྩ་བ་དང་ལྷན་གཅིག་ཏུ་བསྲེས་ཏེ་དཔེར་ན་རྒྱ་མཚོ་ཆེན་པོ་ལ་ཆུ་ཐིག་བསྲེས་པ་བཞིན་དུ་བསྔོ་དགོས་གསུངས། མདོར་ན་སྤྱོད་འཇུག་ལ་བརྩོན་པའི་དགེ་བ་ག༷ང་ཡིན་པ་འདིས་མཚོན་ཏེ་རང་གཞན་རྣམས་ཀྱིས་དུས་གསུམ་བསག་ཡོད་ཀྱི་དགེ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡུམ་པ་དེ༷ས་ཞེས་དེ་ཡི་མཐུ་ལ་བརྟེན་ནས་གང་གི་ཆེད་དུ་བསྔོ་བ་མ་ནམ་མཁའ་དང་མཉམ་པའི་འགྲོ༷་བ༷་སེམས་ཅན་ཐམས་ཅད་ཀུན༷་གྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མཆོག་ཉིད་འཐོབ་པའི་ཆེད་དུ་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་སྦྱོར་བ་བྱང༷་ཆུབ༷་སེམས་དཔའི་སྤྱོད༷་པ་སྦྱིན་སོགས་ཕ་རོལ་དུ་ཕྱིན་པ་དྲུག་ལ༷་ཡང་དག་པར་འཇུག༷་པ༷ར་ཤོག༷་ཅིག་ཅེས་སོ། །དེ་ལྟར་རྒྱུ་མེད་ན་འབྲས་བུ་བྱང་ཆུབ་ཆེན་པོ་མི་འབྱུང་བས་ན་འབྲས་བུ་བྱང་ཆུབ་ཆེན་པོ་ཐོབ་པའི་དོན་དུ་བསྔོས་པ་དང་འདིར་དེའི་རྒྱུ་ལ་སྤྱོད་པའི་དོན་དུ་བསྔོས་པ་གཉིས་དོན་འདྲའོ། །དེས་ན་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་རྒྱུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐོག་མཐའ་བར་དུ་དགེ་བ་ལ་སྤྱད་ནས་ཕན་ཚུན་ཆགས་སྡང་ལ་སོགས་པས་འཐབ་རྩོད་ལ་སོགས་པ་ཅི་ཡང་མེད་པས་བདེ་བ་དང་ལྡན་པར་ཤོག་ཅིག་ཅེས་སྨོན་ལམ་དང་འབྲེལ་བ་དང༌། ལྡན་ན་ཅི་མ་རུང་ཞེས་འདུན་པ་དང་འབྲེལ་བ་དང༌། ལྡན་པ་ཞིག་བདག་གིས་བྱའོ་ཞེས་དམ་བཅའ་དང་འབྲེལ་བ་དང༌། དེ་ལྟར་བདག་གི་བྱེད་ནུས་པ་ཞིག་བླ་མ་དཀོན་མཆོག་གསུམ་གྱིས་བྱིན་གྱིས་རློབས་ཤིག་ཅེས་གསོལ་འདེབས་དང་འབྲེལ་བ་སྟེ་དེ་ལྟར་ཡིད་ལ་བསམ་སྟེ་ངག་གིས་བརྗོད་པས་མདུན་གྱི་བླ་མ་རྒྱལ་བ་སྲས་བཅས་ཀྱི་གསུངས་ཚངས་པའི་དབྱངས་ཀྱིས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་ཅེས་མཐུན་འགྱུར་མཛད་པས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་བསམ་པར་བྱའོ། །དེ་བཞིན་དུ་སྡུག་བསྔལ་དང་བྲལ་བར་ཤོག་ཅིག་ལ་སོགས་པ་སྨོན་འདུན་དམ་བཅའ་གསོལ་འདེབས་དང་དེ་ལ་མཐུན་འགྱུར་དང་བཅས་པ་འདི་རྣམས་འོག་མའི་དོན་ཐམས་ཅད་ལའང་སྦྱར་བར་བྱ་དགོས་སོ། །དེ་ཡང་མདོ་སྡེ་རྒྱན་ལས། དེ་ཡི་རྩ་བ་སྙིང་རྗེར་འདོད། །སྙིང་རྗེའི་ཆུ་བ་བྱམས་པ་སྟེ། །དེས་དཔེར་ན་ས་འོག་གི་ཤིང་གི་ཆུ་བའམ་རྩ་རྒྱུས་ནས་ཆུའི་རླན་དྲངས་ནས་སྡོང་པོའི་རྩ་བ་ནས་ཞུགས་ཏེ་དེའི་ཡལ་ག་ལོ་འདབ་རྒྱས་པ་ལྟར་སེམས་ཅན་རྣམས་ལ་ཡིད་འོང་གི་བྱམས་པ་སྐྱེས་ན་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་སྐྱེ་བས་དེས་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཉིས་རྒྱས་པར་བྱེད་ཅི༷ང༌། དེ་དང་བྲལ་ན་དཔལ་ས་ར་ཧ་པའི་དོ་ཧ་ལས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ལྟ་བ། །དེ་ཡིས་ལམ་མཆོག་རྙེད་པ་མ་ཡིན་ཏེ། །ཞེས་གསུང། དེས་ན་བསྔོ་བའི་ལེའུ་འདིའི་དོན་ཐམས་ཅད་ལ་བྱམས་དང་སྙིང་རྗེའི་དམིགས་རྣམ་དངོས་སུ་ཚིག་ཟིན་ཡོད་མེད་གང་ཡིན་ཀྱང་གཉིས་ཀ་སྦྱར་ཏེ་བསྒོམ་པ་ནི་འདིའི་གཞུང་ཐམས་ཅད་ལས་གལ་ཆེ་བར་གསུངས། དེ་ལྟར་བྱམས་པ་བསྒོམ་པའི་ཕན་ཡོན། སངས་རྒྱས་ཐམས་ཅད་མཆོད་ལས་ཁྱད་པར་དུ་འཕགས་པ་དང༌། བྱམས་ཆོས་ཡོན་ཏན་བརྒྱད་ཐོབ་པའང་སྔོན་རྒྱལ་པོ་བྱམས་པའི་སྟོབས་ཀྱིས་བྱམས་པ་བསྒོམ་པས་གནོད་སྦྱིན་སྤུན་ལྔས་འཛམ་གླིང་གི་སེམས་ཅན་ཐམས་ཅད་ལ་གནོད་མ་ནུས་པར་གསུངས་པ་ལ་སོགས་པ་དང༌། སྙིང་རྗེ་བསྒོམ་པའི་ཕན་ཡོན་སྙིང་རྗེ་བསྒོམ་པས་ལྟ་བ་ཟབ་མོ་རྣམ་པར་དག་པ་རྒྱུད་ལ་སྐྱེ་སྟེ། བླ་མ་དྷརྨ་རཀྵ་ལྟ་བུ་དང༌། ལྟ་བ་རྣམ་དག་རྒྱུད་ལ་སྐྱེ་བ་ལ་སོགས་པའི་གེགས་སྡིག་པ་འདག་པ་དང་ཡི་དམ་ལྷའི་ཞལ་མཐོང་བ་འཕགས་པ་ཐོགས་མེད་ལྟ་བུ་དང༌། སྔོན་རྒྱལ་པོ་འོད་ཆེན་པོས་སྙིང་རྗེ་བསྒོམ་པས་འཛམ་གླིང་གི་སེམས་ཅན་གྱི་རྒྱུད་ལ་ཞེ་སྡང་སྐྱེ་བར་མ་གྱུར་པར་གསུངས་པ་དང༌། བཀའ་གདམས་གོང་མ། པུ་ཏོ་བས་ཁྲོམ་ཚོགས་པ་སྟོང་ཕྲག་མང་པོ་ལ་ཆོས་བསྟན་པ་དང༌། དགོན་པ་པས་མི་མེད་དབེན་པའི་རི་ཁྲོད་དུ་བསྒོམ་པ་འབའ་ཞིག་མཛད་པ་དང༌། ཕུ་ཆུང་བས་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་རྒྱ་ཆེན་པོ་མང་པོ་བཞེངས་པ་དང༌། ཁམས་པ་ལུང་པས་གྲོག་སྟོང་སྟེ་ཆུ་མེད་པའི་ལུང་པ་རེར་སོང་ནས་བཤུམ་པ་འབའ་ཞིག་མཛད་པ་རྣམས་རིམ་པར་འབྲོམ་སྟོན་པ་ལ་ཞུས་པ་ན་ཁམས་པ་ལུང་པ་ལ་ཕྱག་ཐལ་མོ་སྦྱར་ཏེ་བསྔགས་བརྗོད་ལྷག་པར་མཛད་པ་ལྟ་བུ་ལ་སོགས་པ་ཡིན་པས་སྙིང་རྗེ་ལས་ལྷག་པའི་དམ་པའི་ཆོས་མེད། བྱམས་སྙིང་རྗེ་གཉིས་སྤེལ་མར་བསྒོམ་པས་བྱམས་པ་བསྒོམ་པས་གེགས་སེམས་རྒོད་པ་སོགས་དང༌། སྙིང་རྗེ་བསྒོམ་པས་གེགས་སེམས་སྐྱོ་བར་གྱུར་ནས་སྙིང་རླུང་ལྡང་བ་ལ་སོགས་པ་གཅིག་གེགས་གཅིག་གིས་སེལ་བར་བྱེད་དོ། །དེ་ལྟར་བྱམས་པ་དང་སྙིང་རྗེ་འདི་བསྒོམ་ན་རབ་འཛམ་བུའི་གླིང་ལ་སོགས་པའི་སེམས་ཅན་ལ་ཉེ་བར་འཚེ་བ་ཐམས་ཅད་བསྲུང་ཐུབ་པ་དང༌། དེ་ལྟ་མིན་ནའང་ཡུལ་ལྗོངས་སོགས་ཕྱོགས་རེ་ཙམ་དང༌། ཐ་ནའང་རང་ཉིད་ཉེར་འཚེ་ལས་ངེས་པར་བསྲུང་ཐུབ་པར་གསུངས། གཉིས་པ་ལ་གཞན་དོན་ཕན་པ་དང་བདེ་བའི་རྒྱུར་བསྔོ་བ། རང་དོན་བྱང་ཆུབ་སྤྱོད་པའི་རྒྱུར་བསྔོ་བ། གཉིས་དོན་བསྟན་པ་དར་རྒྱས་སུ་བསྔོ་བ་དང་གསུམ་ལས། དང་པོ་ལ་དམན་པ་སྡུག་བསྔལ་དང་བྲལ་བར་བསྔོ་བ། མཆོག་གི་དགོངས་པ་རྫོགས་པར་བསྔོ་བ་དང་གཉིས་ལས། དང་པོ་ལ། ཁམས་གསུམ་སྤྱི་ལ་ཁྱབ་པའི་སྡུག་བསྔལ་དང་བྲལ་བར་བསྔོ་བ། ངན་སོང་གསུམ་སོགས་འགྲོ་བ་སོ་སོའི་སྡུག་བསྔལ་བྱེ་བྲག་དང་བྲལ་བར་བསྔོ་བ་དང་གཉིས་ལས། དང་པོ་ནི། སྡུག་བསྔལ་གསུམ་ལས། སྡུག་བསྔལ་གྱི་སྡུག་བསྔལ་དང་བྲལ་བར་བསྔོ་བ་ཕྱོག༷ས་བཅུ་མཐའ་ཡས་པ་རྣམ༷ས་ཀུན༷་ན༷་སེམས་ཅན་ལུས༷་དང་སེ༷མས་རླུང་མཁྲིས་བད་ཀན་ལ་སོགས་པས་སྡུག༷་བསྔ༷ལ་དང་སྙིང་རླུང་ལ་སོགས་ཡིད་མི་བདེ་བའི་ན༷ད་སྣ་ཚོགས་ཀྱིས་མནར་བར་གྱུར་པ༷་ཇི༷་སྙེད༷་ཡོད་པ༷་དེ༷་ད༷ག་ཐམས་ཅད་བད༷ག་གི༷་སྤྱོད་འཇུག་ལ་ཐོས་བསམ་བསྒོམ་པ་སོགས་བྱས་པའི་བསོ༷ད་ན༷མས་དགེ་བའི་སྟོབས་ཀྱིས༷་དུས་ད་ལྟ་འདུག་ས་འདི་རུ་སྐད་ཅིག་ཡུད་ཙམ་ཉིད་ལ་སེམས་ཅན་དེ་དག་ཐམས་ཅད་ཀྱི་རྒྱུ་སྡིག་པ་དང་འབྲས་བུ་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སོགས་གོང་བཞིན་བྲལ་འདོད་ཀྱི་སྙིང་རྗེ་དང་ལུས་བདེ༷་བ་དང་སེམས་དག༷འ་བ་ཕུན་སུམ་ཚོགས་པ་རྒྱ༷་མཚོ༷་ལྟར་མཐའ་ཡས་པ་ཐོ༷བ་ཅིང་ལྡན་པ༷ར་ཤོ༷ག་ཅིག་སོགས་གོང་བཞིན་ལྡན་འདོད་ཀྱི་བྱམས་པ་དང༌། དེ་བཞིན་དུ་འགྱུར་བའི་སྡུག་བསྔལ་དང་བྲལ་བར་བསྔོ་བ་བདག་ཉིད་དགེ་བའི་མཐུ་ཡིས་འཇིག་རྟེན་གྱི་ཁམས་ན་གནས་སྐབས་སུ་སྟོབས་འབྱོར་མངའ་ཐང་ཆེ་བས་ལུས་སེམས་བདེ་དགའ་དང་ལྡན་པའི་སེམས་ཅན་དེ༷་ད༷ག་ཐམས་ཅད་འཁོ༷ར་བ༷་རུ་གནས་པ་ཇི༷་སྲིད༷་པ་དེ་སྲིད༷་དུ༷་ནམ༷་ཡ༷ང་བདེ༷་དགའ་དེ་ལ༷ས་ཉམ༷ས་པར་མ༷་གྱུར༷་ཅིག་ཅེས་བྱམས་པ་དང་སྙིང་རྗེའང་བསྒོམ་པར་བྱའོ། །ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཡོད་པ་དེ་སྲིད་དུ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་མི་འབྲལ་བས་སྡུག་བསྔལ་དེ་དང་བྲལ་བར་བསྔོ་བ་མཁའ་ཁྱབ་ཀྱི་འགྲོ༷་བ༷་མཐའ་ཡས༷་པ་རྣམས་ཟག་བཅས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཐམས་ཅད་དང་བྲལ་བའི་བྱང༷་ཆུབ༷་སེམས་དཔ༷འ་ཡི༷་ཟག་པ་མེད་པའི་མི་གནས་པའི་མྱ་ངན་ལས་འདས་པའི་བདེ༷་དགའ་རྒྱ་ཆེ་བ༷་རྒྱུན༷་མི༷་འཆ༷ད་པ་ཐོ༷བ་པར་ཤོ༷ག་ཅིག་ཅེས་བྱམས་དང་སྙིང་རྗེ་གོང་བཞིན་བསྒོམ་པར་བྱའོ། །དེ་ལྟར་རྒྱུ་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་ལ་བསམ་ཏེ་རྒྱུ་འབྲས་ལ་ཡིད་ཆེས་ཀྱི་དད་པ་དང༌། འཁོར་བ་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་ལས་མ་འདས་པའི་ཚུལ་ཤེས་ནས་འཁོར་བར་ཞེན་ལོག་གི་ངེས་འབྱུང་དང༌། སྡུག་བསྔལ་གྱིས་མནར་བའི་སེམས་ཅན་དེ་ཐམས་ཅད་རང་གི་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པར་བསམས་ན་གཞན་ཕན་དོན་གཉེར་གྱི་བློ་འབྱུང་བས་ན་སྐྱེས་བུ་གསུམ་གྱི་ལམ་ཡང་འདིར་ཚང་བ་ཡིན་ནོ། །གཉིས་པ་ངན་སོང་གསུམ་སོགས་འགྲོ་བ་སོ་སོའི་སྡུག་བསྔལ་བྱེ་བྲག་དང་བྲལ་བར་བསྔོ་བ་ལས། དམྱལ་བའི་སྡུག་བསྔལ་བྲལ་བར་བསྔོ་བ་ཕྱོགས་བཅུའི་འཇི༷ག་རྟེན༷་གྱི་ཁམ༷ས་མ་ལུས་པ་ན༷་རྒྱུ་ཞེ་སྡང་ལ་སོགས་པའི་ལས་ངན་སྒྲུབ་པ་དང༌། དེའི་འབྲས་བུ་ཚ་གྲང་དང་གཅོད་འདྲལ་ལ་སོགས་པའི་སྡུག་བསྔལ་དཔག་མེད་མྱོང་བའི་དམྱལ༷་བ༷་ད༷ག་ནི་རིས་མི་འདྲ་བ་ག༷ང་དག༷་ཇི༷་སྙེད༷་ཡོ༷ད་པ༷་རྣམ༷ས་བདག་གི་དགེ་བའི་སྟོབས་ཀྱིས་གནས་དེ༷་ད༷ག་ཏུ༷་ནི༷་དམྱལ་བའི་ལུ༷ས་ཅ༷ན་སེམས་ཅན་མཐའ་ཡས་པ་རྣམ༷ས་ཚོར་བ་སྡུག་བསྔལ་གྱི་སྒྲ་ཙམ་ཡང་མེད་པའི་ནུབ་ཕྱོགས་བདེ༷་བ་ཅ༷ན་གྱི་ཞིང་ཁམས་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་རྣམ་པར་དག་པ་རིན་པོ་ཆེའི་རང་བཞིན་བདེ་འཇམ་ཡངས་པ་ཕུན་སུམ་ཚོགས་པར་ནང་བཅུད་ཀྱི་འཇིག་རྟེན་ཐམས་ཅད་རྣམ་པར་དག་པ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་འོད་དཔག་མེད་པ་དང༌། གཤིན་རྗེའི་ལས་མཁན་རྣམས་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་ལ་སོགས་པའི་ཉེ་སྲས་བརྒྱད་དང་དམྱལ་བའི་སེམས་ཅན་ཀུན་ཀྱང་མཚན་དཔེའི་བརྒྱན་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་ཅིང་ཅི་འདོད་འབད་མེད་དུ་འབྱུང་བ་ལ་སོགས་པའི་བདེ༷་བས་ཏེ་ཕུན་སུམ་ཚོགས་པའི་བདེ་བ་ཆེན་པོས་དག༷འ་བ༷་རྒྱ་ཆེན་པོ་དང་ལྡན་པར་ཤོ༷ག་ཅེས་དང༌། རྒྱུ་ཞེ་སྡང་ལ་སོགས་པའི་ལས་ངན་སྒྲུབ་པ་པོ་རྣམས་ཀྱིས་ཀྱང་ལས་ངན་དེ་སྤངས་ནས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་སངས་རྒྱས་འོད་དཔག་མེད་ཡིད་ལ་བྱེད་ཅིང་མཚན་བརྗོད་པ་ལ་སོགས་པ་ཡང་དག་པར་སྒྲུབ་པར་ཤོག་ཅིག་ཅེས་སྡུག༷་བསྔལ༷་རྒྱུ་འབྲས་དང་བྲལ་འདོད་ཀྱི་སྙིང་རྗེ་དང་བདེ་བ་རྒྱུ་འབྲས་དང་ལྡན་འདོད་ཀྱི་བྱམས་པ་བསྒོམ་པར་བྱའོ། །མདོར་ན་དམྱལ་བ་ཚ་གྲང་ལ་སོགས་པའི་སྡུག་བསྔལ་རང་ཐོག་ཏུ་བླངས་ནས་བསྒོམ་སྟེ་རང་གིས་དེར་སྐྱེ་བའི་ལས་ངན་བསགས་པ་ལ་བཤགས་སྡོམ་དང༌། དེར་སྐྱེས་པ་ཐམས་ཅད་རང་རང་གི་ཕ་མར་ཤེས་པས་སྙིང་རྗེ་བསྒོམ་ཞིང་རྒྱལ་བ་སྲས་བཅས་ར་མདའ་བསྐུལ་ཞིང་གསོལ་བ་འདེབས་པ་དང༌། དམྱལ་བར་སྐྱེ་བའི་རྒྱུ་བསྒྲུབ་པ་རྣམས་ལའང་བྱམས་དང་སྙིང་རྗེ་གོང་དུ་བསྟན་པ་ལྟར་བསྒོམ་ཞིང་སྨོན་ལམ་སོགས་བརྗོད་པར་བྱའོ། །གྲང་དམྱལ་དུ་སྐྱེ་བའི་རྒྱུ་ཆོས་ཀྱི་གདོངས་དར་སོགས་བླང་བ་དང༌། ཕ་མ་སོགས་གཞན་གྱི་གོས་བཤུས་པ་ལ་སོགས་པའི་འབྲས་བུ་གྲང་དམྱལ་རྣམས་ནི་གཞི་དང་ཁོར་ཡུག་ཐམས་ཅད་གངས་རི་དང་ཆབ་རོམ་གྱི་ཁྲོད་ཕྱོགས་ཐམས་ཅད་ཀྱི་བུ་ཡུག་ཁ་འཐབ་པའི་བར་དུ་ཉི་ཟླ་ལ་སོགས་པའི་སྣང་བ་དང་བྲལ་བའི་མུན་ནག་ཆེན་པོའི་ནང་དུ་ལུས་ཤིན་ཏུ་གཞོན་ཤ་ཅན་རེག་ཏུ་མི་བཟོད་པ་གོས་མེད་གཅེར་བུ་གོང་མ་ལས་འོག་མ་སྡུག་བསྔལ་ཤིན་ཏུ་ཆེ་བ་ཤིན་ཏུ་གྲང་བས་ལུས་ལ་ཆུ་བུར་བྱུང་བ་ཆུ་བུར་ཅན་དང༌། དེ་རྡོལ་ནས་རྨར་སོང་བ་ཆུ་བུར་རྡོལ་བ་ཅན་དང༌། སྨྲཻ་སྔགས་འདོན་པས་ཨ་ཆུ་ཆུ་ཟེར་བ་དང༌། སྐད་ཀྱི་གདང་ཆགས་པས་ཤུགས་རིང་གི་ཀྱི་ཧུད་འདོན་པ་དང༌། སོ་འཚིར་བས་སོ་འཐམ་པ་དང། ཕྱིའི་ལྤགས་པ་སྔོན་པོར་སོང་སྟེ་བཞི་ཚལ་དུ་གས་པ་ཨུཏྤལ་ལྟར་གས་པ་དང༌། ཤའུ་སྔོ་དམར་ཕྱིར་ཐོན་ཏེ་བརྒྱད་ཚལ་སོགས་སུ་གས་པ་པདྨ་ལྟར་གས་པ་དང༌། དེ་ཡང་དམར་ནག་ཏུ་གྱུར་ཏེ་བརྒྱའམ་སྟོང་ལ་སོགས་པར་གས་པ་པདྨ་ལྟར་ཆེར་གས་པའི་རྨ་ནང་དུ་སྲིན་བུ་ལྕགས་ཀྱི་མཆུ་ཅན་མང་པོ་ཞུགས་ནས་ཟ་བ་ལ་སོགས་པའི་སྡུག་བསྔལ་མི་བཟད་པར་མྱང་བའོ། །ཚེ་ཚད་ཀྱི་ཁྱད་པར་ཡུལ་མ་གྷ་དྷཱའི་བྲེ་ཏིལ་གྱིས་གང་བ་བརྒྱད་བཅུ་ཐམ་པས་གང་བའི་བང་བ་ནས་ལོ་བརྒྱ་བརྒྱ་ན་ཏིལ་རེ་རེ་ཕྱུང་བས་ཟད་པར་གྱུར་པ་ན་ནི་ཆུ་བུར་ཅན་གྱི་ཚེ་ཚད་ཡིན་ལ། ཆུ་བུར་རྡོལ་བ་སོགས་ཕྱི་མ་ཕྱི་མ་རྣམས་ནི་སྔ་མ་སྔ་མ་ལས་ཉི་ཤུ་འགྱུར་གྱིས་རིང་བ་སྟེ་དེ་ལྟ་བུའི་གྲང༷་བ༷ས་ཤིན་ཏུ་ཉ༷མ་ཐག༷་ཅིང་སྡུག་བསྔལ་བའི་སེམས་ཅན་དམྱལ་བ་པ་རྣམས་ལ་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་དང་བདག་གི་དགེ་བའི་སྟོབས་ཀྱིས་ཡིད་དུ་འོང་བའི་མེ་དང་ཉི་མ་ལ་སོགས་པའི་འོད་ཟེར་གྱིས་ཆ་རོམ་དང་གངས་རི་སོགས་ལྷག་མེད་དུ་ཞུ་ཞིང་ལྷ་ཡུལ་ལྟ་བུར་གྱུར་ཏེ་དྲོ་འཇམ་ཡངས་པའི་བདེ་བ་ཆེན་པོ་ཐོ༷བ་པར་ཤོ༷ག་ཅིག །རྒྱུ་ཞེ་སྡང་ལ་སོགས་པའི་འབྲས་བུ་ཚ་དམྱལ་རྣམས་ནི་གཞི་དང་ཁོར་ཡུག་ཐམས་ཅད་ལྕགས་བསྲེག་གི་རང་བཞིན་ལ་མེ་ལྕེ་ལྷབ་ལྷབ་ཏུ་འབར་ཞིང་མེ་སྟག་གི་ཚྭ་ཚྭ་ཐོ་རོ་རོ་འཕྲོ་བའི་མེ་བསྐལ་པ་འཇིག་པའི་མེ་བས་ཡང་སོས་ཀྱི་མེ་ཚ་ཞིང་དེ་བས་ཀྱང་འོག་མ་འོག་མ་རྣམས་བདུན་འགྱུར་རམ་བཞི་འགྱུར་དུ་ཡང་ཚ་བའི་དབུས་ན། ལུས་ཀྱི་ཁྱད་པར། དྲན་ཉེར་ལས། མཚམས་མེད་ལྔ་བྱས་པའི་ལུས་ལ་དཔག་ཚད་ལྔ་ཡོད་པ་དང༌། མྱང་འདས་ཆེན་པོར། མཚམས་མེད་བརྒྱད་བྱས་པའི་ལུས་ལ་དཔག་ཚད་བརྒྱད་ཁྲི་ཡོད་པ་དང༌། དཀོན་མཆོག་ཏ་ལར། ཐེག་ཆེན་ལ་བསྐུར་བ་བཏབ་པའི་ལྕེ་ལའང་དཔག་ཚད་གསུམ་ཡོད་པ་ལ་སོགས་པའི་གཞོན་ཤ་ཅན་རེག་ཏུ་མི་བཟོད་པ་ཡང་སོས་པ་རྣམས་ནི་མཚོན་རྣོན་ལག་ཏུ་བྱུང་སྟེ་ཕན་ཚུན་བསྣུན་པས་བརྒྱལ་ཞིང་འགྱེལ་བ་ན་ནམ་མཁའ་ནས་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་བྱུང་བའམ། རླུང་གྲང་མོ་ལངས་པས་སླར་ཡང་སོས་ཏེ་སྔ་མ་ལྟར་སྡུག་བསྔལ་མི་བཟད་པ་མྱོང་བ་དང༌། ཐིག་ནག་པ་རྣམས་ནི་ལུས་ལ་དམྱལ་སྲུང་རྣམས་ཀྱིས་ཐིག་ནག་པོ་བརྒྱད་དང་བཅུ་དྲུག་ལ་སོགས་པ་བཏབ་ནས་སོག་ལེ་མེ་འབར་བས་གཤོགས་པས་སྡུག་བསྔལ་བ་དང༌། བསྡུས་འཇོམས་པ་རྣམས་ནི་ལྕགས་ཀྱི་རི་ཆེན་པོ་ར་དང་ལུག་ལ་སོགས་པའི་གདོང་བ་ཅན་གྱི་བར་རམ་ལྕགས་ཀྱི་གཏུན་ཁུང་དུ་བསྡུས་ཤིང་འཇོམས་པ་ལ་སོགས་པའི་སྡུག་བསྔལ་བ་དང༌། ངུ་འབོད་ནི་ལྕགས་ཀྱི་ཁང་བ་མེ་འབར་བ་སྒོ་མེད་པར་བསྲེག་པས་སྡུག་བསྔལ་དང༌། ངུ་འབོད་ཆེན་པོ་ལྕགས་ཀྱི་ཁང་པ་མེ་འབར་བ་སྒོ་མེད་པ་གཉིས་རིམ་དུ་བསྲེག་པས་སྡུག་བསྔལ་བ་དང༌། ཚ་བ་ནི་ལྕགས་ཀྱི་གསལ་ཤིང་མེ་འབར་བས་གཤང་ལམ་ནས་སྤྱི་བོའི་བར་ཕུག་སྟེ་ཁ་སྣ་སོགས་དང་བ་སྤུའི་ཁུང་བུ་ཐམས་ཅད་ནས་མེ་འབར་བ་ལ་སོགས་པའི་སྡུག་བསྔལ་བ་དང༌། རབ་ཏུ་ཚ་བ་ནི་ལྕགས་ཀྱི་གསལ་ཤིང་མེ་རབ་ཏུ་འབར་བ་རྩེ་གསུམ་པས་གཤང་ལམ་དང་རྐང་མཐིལ་ནས་སྤྱི་བོ་དང་ཕྲག་པ་གཉིས་སུ་ཕུག་སྟེ་དབང་པོའི་སྒོ་སོགས་ནས་མེ་འབར་བ་དང༌། ལྕགས་ལེབ་མེ་འབར་བས་ལུས་ལ་ཀུན་ནས་དཀྲིས་པར་བྱེད་པ་ལ་སོགས་པའི་སྡུག་བསྔལ་བ་དང༌། མནར་མེད་པ་ནི་ལྕགས་བསྲེག་གི་སོ་ལ་མེ་རབ་ཏུ་འབར་བས་ལུས་དང་མེ་སོ་སོར་སྣང་དུ་མེད་པ་མེ་ཡི་ཕུང་པོ་འབའ་ཞིག་ཏུ་སྣང་བ་ལ་ཤིན་ཏུ་ཉམ་ཐག་པས་སྐད་འབྱིན་པ་ལས་སེམས་ཅན་དུ་མངོན་པ་ཙམ་ལས་མེད་པ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བར་འགྱུར་རོ། །ཚེ་ཚད་ཀྱང་རྒྱལ་ཆེན་རིགས་བཞི་བས་མི་ལོ་ལྔ་བཅུ་ལ་ཉིན་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ཐུབ་པ་ནས་གོང་མ་བཞི་པོ་རིམ་པར་གཉིས་འགྱུར་གྱིས་གཞན་འཕྲུལ་དབང་བྱེད་པས་མི་ལོ་སྟོང་དྲུག་བརྒྱ་ལ་ཞག་གཅིག་ཏུ་བྱས་པའི་རང་ལོ་ཁྲི་དྲུག་སྟོང་ཐུབ་པ་རྣམས་གཞིར་བྱས་ཏེ་ཡང་སོས་པས་རྒྱལ་ཆེན་རིགས་བཞིའི་ཚེ་ཚད་ལ་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ཐུབ་པ་ནས། ཚ་བས་གཞན་འཕྲུལ་དབང་བྱེད་པའི་ཚེ་ཚད་ལ་ཞག་གཅིག་ཏུ་བྱས་པའི་ལོ་ཆེན་པོ་ཁྲི་དྲུག་སྟོང་ཐུབ་པ་དང༌། རབ་ཏུ་ཚ་བས་བར་བསྐལ་ཕྱེད་དང༌། མནར་མེད་པས་བར་བསྐལ་གཅིག་ཐུབ་པས་དེ་དང་དེའི་བར་དུ་སྡུག་བསྔལ་དྲག་པོ་རྒྱུན་མི་ཆད་པར་མྱོང་བར་འགྱུར་བའི་ཚ་དམྱལ་རྣམས་ལ་བྱང༷་ཆུབ༷་སེམས་དཔ༷འི་སྟེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་སྤྲིན༷་ཕུང་ཆེ༷ན་པོ་ནམ་མཁར་འཁྲིགས་པ་ལ༷ས་བྱུང༷་བའི༷་ཆུ༷་བོ༷་རྒྱ་མཚོ་ཆེན་པོ་ལྟར་ཕུན་སུམ་ཚོགས་པ་མཐ༷འ་ཡ༷ས་པའི་ཆར་བ་རྣམས་ཀྱིས༷་ཚ༷་བ༷ས་ཤིན་ཏུ་ཉ༷མ་ཐ༷ག་ཅིང་སྡུག་བསྔལ་བའི་ཚ་དམྱལ་བ་རྣམས་སྡུག་བསྔལ་ཐམས་ཅད་དང་བྲལ་ཞིང་རྟག་ཏུ་བསི༷ལ་བ༷ར་ཏེ་བསིལ་ཞིང་འཇམ་པའི་བདེ་སྐྱིད་དང་ལྡན་པར་ཤོ༷ག་ཅིག །ཉེར་འཁོར་ལྷག་པ་བཅུ་དྲུག་ཅེས། མེ་མ་མུར་གྱི་འོབ་དང༌། རོ་མྱགས་འདམ་དང༌། སྤུ་གྲིའི་ཐང་དང་རལ་གྲི་ལོ་མའི་ནགས་ཚལ། ཤལ་མ་ལཱིའི་ཤིང་སྟེ་འདི་གསུམ་མཚོན་ཆར་འདྲ་བས་གཅིག་ཏུ་བྱས་པ་དང༌། ཐལ་ཚན་གྱི་ཆུ་བོ་དང་བཞི་ཚ་དམྱལ་བརྒྱད་པོ་ཐམས་ཅད་ཀྱི་ཕྱོགས་བཞི་པོ་རེ་རེ་ན་བཞི་བཞི་ཡོད་པས་བཅུ་དྲུག་སྟེ། དམྱལ་མེ་ལས་ཐར་ཏེ་རྒྱང་རིང་པོ་ནས་ནགས་ཚལ་སྔོན་པོ་མཐོང་བས་གྲིབ་མར་བསྙེགས་ཏེ་ཕྱིན་པ་ན་ཁྱི་སྲེ་བོ་སོགས་ཀྱིས་དེད་ཅིང་ཟ་བ་དང་རལ་གྲི་སོ་གཉིས་རྣོན་པོས་ལུས་བཅད་གཏུབ་ཀྱིས་སྡུག་བསྔལ་བར་བྱེད་པའི་ར༷ལ་གྲི༷་ལོ༷་མ༷འི་ན༷གས་ཚ༷ལ་འཇིགས་སུ་རུང་བ་དེ་ཡ༷ང་ད་ནི་བདག་གི་དགེ་བའི་སྟོབས་ཀྱིས་དམྱལ་བ་དེ༷་རྣམ༷ས་ལ༷་སུམ་ཅུ་རྩ་གསུམ་པའི་གྲོང་ཁྱེར་བལྟ་ན་སྡུག་གི་ཤར་ན་ཤིང་རྟ་སྣ་ཚོགས་པའི་ཚལ་དང༌། ལྷོ་ན་འདྲེས་པའི་ཚལ། ནུབ་ན་དགའ་བའི་ཚལ་ལ་སོགས་པ་ལྷའི་དབང་པོའི་སྐྱེད་མོས་ཚལ་ལྟ་བུའི་དག༷འ་ཚ༷ལ་སྡུག༷་གུར༷་ཏེ་ཡིད་དུ་འོང་བའི་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་པར་ཤོ༷ག་ཅིག །རྒྱུ་གཙོ་བོ་འདོད་ལོག་སྤྱོད་པ་ལ་སོགས་པའི་འབྲས་བུ་ཤ༷ལ་མ༷་རི༷་ཡི༷་ཞེས་པ་རི་ཤར་མ་རི་ལ་ཤིང་ཤལ་མ་ལི་ཞེས་པའི་སྡོང༷་པོ༷་ལྕགས་ཀྱི་ཚེར་མ་སོར་བཅུ་དྲུག་པའི་དྲུང་དུ། ཁྱི་སྲེ་བོ་ལུས་རི་ཙམ་པ་སྐད་འབྲུག་ལྟར་ཆེ་བ། མཆེ་བ་གངས་རི་ལྟར་གཙིགས་པ། ལྕེ་གློག་དམར་ལྟར་འཁྱུག་པ། རྔ་མ་སོག་ལེ་ལྟར་རྣོ་བས་དེད་ནས་ཚེར་མས་ཕུག་ཅིང་མགོ་ནས་རྐང་པའི་བར་ཟ་བར་བྱེད་པ་དང༌། རི་དེའི་རྩེ་མོ་སྔར་དགའ་གདུང་ཆེ་བའི་གྲོགས་དེས་འབོད་པར་མཐོང་ནས་དེར་ཕྱིན་པས་ཁཱ་དང་བྱ་རྒོད་སོགས་ཀྱིས་མིག་འབྲུ་ཞིང་ལྕེ་གཅོད་པ་ལ་སོགས་པའི་སྡུག་བསྔལ་བ་དང༌། རྩེར་ལྕགས་ཀྱི་སྐྱེས་པ་དང་བུད་མེད་སོགས་ཀྱིས་འཁྱུད་ཅིང་བསྡམ་པས་གློ་སྙིང་ཁར་ཐོན་པ་དང༌། མགོ་བོ་ཁར་བཅུག་སྟེ་བསྡད་པས་འགྲམ་ཕུག་གཉིས་ནས་ཀླད་པ་སྐྱ་ཙིར་གྱིས་འོང་ཞིང༌། ཡང་རྩ་བ་ནས་འབོད་པ་སོགས་སྔར་ལྟར་སྡུག་བསྔལ་བར་འགྱུར་བ་ལ་བྲལ་འདོད་ཀྱི་སྙིང་རྗེ་དང་སྡོང་པོ་དེ་ཡང༷་ཡོངས་འདུ་ས་བརྟོལ་གྱི་ལྗོན་པ་ལས་ཆོས་དང་མཐུན་པའི་དགོས་འདོད་འབྱུང་བའི་དཔ༷ག་བས༷མ་གྱི་ཤིང༷་ཉིད༷་དུ་འཁྲུང༷ས་ཤིང་ལོངས་སྤྱོད་ཕུན་སུམ་ཚོགས་པའི་གནས་སུ་འགྱུར་བ༷ར་ཤོ༷ག་ཅིག་ཅེས་ལྡན་འདོད་ཀྱི་བྱམས་པ་དང༌། དེ་བཞིན་དུ། རྒྱུ་གཙོ་བོ་འདོད་ཆགས་ཀྱི་འབྲས་བུ་ཆུ་ཀླུང་མཐོང་ནས་ཕྱིན་པས་རོ་མྱགས་ཀྱི་འདམ་རྫབ་ཆེན་པོར་ཆུད་བའི་སྡུག་བསྔལ་དང༌། རྒྱུ་གཙོ་བོ་ཞེ་སྡང་གི་འབྲས་བུ་གྲིབ་མ་ནག་ངམ་མེ་བ་མཐོང་ནས་དགའ་སྟེ་ཕྱིན་པས་མེ་མ་མུར་གྱི་འོབ་ཏུ་ཆུད་པའི་སྡུག་བསྔལ་དེ་གཉིས་དང་བྲལ་ཏེ་དྭངས་བསིལ་ཡིད་འོང་སྨན་སྣ་ལྔའི་དྲི་དང་རོ་ནུས་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག གཞན་ཡང་ཉི་ཚེ་བའི་དམྱལ་བ་སྒོ་དང་ཀ་བ་ཐབ་དང་ཐག་པ་ལ་སོགས་པའི་རྣམ་པར་སྡུག་བསྔལ་བ་རྣམས་ལའང་དེ་དང་བྲལ་ཞིང་བདེ་བ་དང་ལྡན་པར་ཤོག་ཅིག །ཡིད་དུ་འོང་བའི་བྱ་མཐི༷ང་རི༷ལ་དང་ངུར་བ༷་དག༷་དང༷་ངང༷་བ༷་དང༷་བཞ༷ད་ལ་སོག༷གས་པའི་བྱ་རིགས་དུང་ལྟར་དཀར་ཞིང་གསེར་ལྟར་སེར་བ་ལ་སོགས་པའི་མཛེས་པའི་སྤུ་སྡུག་ངོམས་ཤིང་ཤིན་ཏུ་སྐད༷་སྙན༷་པ་འབྱིན་ཅིང་རྩེ་དགས་འཕུར་ལྡིང་གཡོ་ཞིང་ཟློས་གར་སྣ་ཚོགས་པ་བྱེད་པ༷ས་དམྱལ་བའི་གནས་ཐམས་ཅད་མཛེ༷ས་ཤིང་ཡིད་དུ་འོང་བར་གྱུར༷་ཅི༷ག །མེ་ཏོག་པ༷དྨ༷་དང་ཨུཏྤལ་ལ་སོགས་པ་དྲི༷་གསུང༷་ཆེ༷་ཞིང་ཁ་དོག་སྣ་ཚོགས་དང་ལྡན༷་པའི་མཚོ༷་ཡིད་དུ་འོང་བ་ཡན་ལག་བརྒྱད་དང་ལྡན་པ་དག༷་གི༷ས་དམྱལ༷་བའི༷་ས༷་ཕྱོག༷ས་ད༷ག་ནི༷་ཉམ༷ས་དག༷ར་ཏེ་ཤིན་ཏུ་ཉམས་དགའ་ཞིང་ཡིད་སྤྲོ་བའི་གནས་ཕུན་སུམ་ཚོགས་པར་ཤོ༷ག་ཅིག །རྒྱུ་ཆོས་སྤངས་དང་མཚམས་མེད་ལ་སོགས་པའི་འབྲས་བུ་དམྱལ་བ་མནར་མེད་པར་ལྕགས་བསྲེག་གི་སོ༷ལ་མེ་རབ་ཏུ་འབར་བའི་ཕུ༷ང་པོར་ཤིན་ཏུ་བསྲེག་པས་མེ་དང་ལུས་སོ་སོར་སྣང་བ་མེད་པར་འོ་དོད་འབོད་ཅིང་མེ་སྒོ་ཅུང་ཟད་ཕྱེ་བར་སྣང་བས་བྲོས་པ་ན་སླར་མེ་རབ་ཏུ་འབར་བའི་སྐམ་པས་བཟུང་ཞིང་ཐོ་བས་མགོར་བསྣུན་ནས་ཁྲོ་ཆུ་མེ་འབར་བ་ཁར་བླུགས་ཏེ་སླར་སོལ་ཕུང་དུ་བསྲེག་པ་ལ་སོགས་པས་དམྱལ་བ་གོང་མ་བདུན་པོའི་སྡུག་བསྔལ་ཚང་བར་མྱོང་བར་འགྱུར་བ་རྣམས་དང་བྲལ་ཏེ་སོལ་ཕུང་དེ༷་ཡ༷ང་དགོས་འདོད་ཀུན་འབྱུང་གི་རི༷ན་ཆེ༷ན་ཏེ་རིན་པོ་ཆེའི་ཕུ༷ང་པོ༷ར་ལོངས་སྤྱོད་པའི་བདེ་བ་དང་ལྡན་པར་གྱུར༷་ཅིག །ཚ་དམྱལ་གྱི་ས༷་གཞི་ལྕགས་བསྲེག༷་མེ་འབར་བ་རབ་ཏུ་ཚ་བ་ཡང་ཚོན་སྣ་བརྒྱ་རྩ་བརྒྱད་བཀྲ་བའི་ཤེལ༷་གྱི༷་ས༷་གཞི་པཉྩ་ལི་ཀའི་གོས་ལྟར་རེག་བྱ་འཇམ་པ་མནན་ན་ནེམ་པ་བཏེག་ན་འཕར་བ་བལྟར༷་ཏེ་མཐོ་དམན་མེད་པ་ལ་ལོངས་སྤྱོད་པའི་དགའ་བདེ་དང་ལྡན་པ༷ར་ཤོ༷ག་ཅིག །ར་ལུག་རི་དྭགས་སོགས་དང་ཤིག་སེན་བར་ནས་བསད་པ་ལ་སོགས་པས་ར་ལུག་སོགས་ཀྱི་མགོ་ཅན་གྱི་རི་ལ་སོགས་པའི་བར་དུ་བསྡུས་ནས་ངུ་ཅོ་དི་རི་རི་ལུས་ཤ་ཚལ་བ་ཁྲག་ཐིག་བར་བྱས་ཏེ་འཇོམས་པར་བྱེད་པའི་སྡུག་བསྔལ་དང་བྲལ་ཞིང་བསྡུས༷་འཇོ༷མ་གྱི༷་རི་བོ་ལ་སོགས་པ་རྣམ༷ས་ཀྱང༷་རིན་པོ་ཆེའི་རི་བོ་ལ་རིན་པོ་ཆེའི་གཞལ་ཡས་ཁང་འདོད་སྣམ་ལ་སོགས་པར་མཆོད་ལྷ་རྣམས་ཀྱིས་ཉེར་སྤྱོད་ཀྱི་མཆོད་རྫས་ཐོགས་པས་ཕྱི་ནང་ཀུན་ཏུའང་མཆོ༷ད་པ༷་ཡི༷་སྤྲིན་ཕུང་འཕྲོ་བའི་གཞ༷ལ་མེ༷ད་ཁ༷ང་དུ་གྱུར༷་པའི་དབུས་སུ་སེང་གེའི་ཁྲི་རིན་པོ་ཆེའི་སྟེང་དུ་བདེ༷་བར་གཤེ༷གས་པ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཁོར་ཚོགས་རྒྱ་མཚོ་ལྟ་བུ་ལ་ཆོས་སྟོན་པར་མཛད་པས་ག༷ང་བ༷ར་གྱུར་ལ་གུས་པས་མཆོད་ཅིང་ཆོས་ཉན་པ་ལ་སོགས་པའི་བདེ་སྐྱིད་དང་ལྡན་པ་ཤོག་ཅིག །རྒྱུ་ཚིག་ངན་དང་སྐུར་འདེབས་དང་དམོད་ཚིག ཚོགས་གྲལ་དུ་བཟའ་བཏུང་གསོལ་ཚེ་ཁ་ཤག་དང་ཚོགས་རྡིལ་གྱིས་འཕེན་པ་ལ་སོགས་པའི་འབྲས་བུར་མེའི་མདགས་མ་ཡི་ཆར་དང་རྡོ༷་བསྲེ༷ག་པའི་ཆར་དང་རལ་གྲི་རྣོན་པོ་མེ་འབར་བ་སོགས་མཚོ༷ན་གྱི་ཆ༷ར་འབབ་པས་སྡུག་བསྔལ་བ༷་དག༷་སྡུག་བསྔལ་དང་བྲལ་ཏེ་དུས་དེ༷ང་ནས་བཟུང་སྟེ་མེ༷་ཏོག༷་ཡིད་འོང་བ་སྣ་ཚོགས་ཀྱི་ཆ༷ར་ཕ༷བ་སྟེ་ཆར་དུ་འབབ་པའི་བདེ་སྐྱིད་དང་ལྡན་པར་གྱུར༷་ཅིག །དེའང་དཔེར་ན་ནགས་ཚལ་ཉམས་དགའ་བར་གཙུག་ལག་ཁང་ཡིད་དུ་འོང་བ་ཞིག་ན་དགེ་སློང་ལྔ་བརྒྱ་གནས་པ་ཉིན་ཕྱེད་གུང་ཚིག་སྐབས་སུ་བབས་པ་ན་གཎྜི་བརྡུང་བས་དགེ་སློང་རྣམས་ཆོས་གོས་སྣམ་སྦྱར་དང་བཅས་པར་ལྷུང་བཟེད་ཆ་བ་རིལ་མཁར་བསིལ་ཐོགས་ཏེ་འདུ་ཁང་དུ་ཚོགས་པ་དང་མཉམ་དུ་འདུ་ཁང་མེ་འབར་བའི་ཁང་པ་དང་ལྷུང་བཟེད་ལ་སོགས་པ་མཚོན་ཆ་རྣོན་པོ་མེ་འབར་བ་ལ་སོགས་པར་གྱུར་ཏེ་ཕན་ཚུན་བསྣུན་པའི་སྡུག་བསྔལ་བར་གྱུར་ནས་ཉིན་ཕྱེད་ཡོལ་བ་དང་སྔར་ལྟར་གྱུར་བ་སྔོན་དད་ཟས་གསོལ་ཚེ་ཁ་ཤག་བཀྱེ་བ་ལ་སོགས་པའི་འབྲས་བུ་ཡིན་པར་བཤད་པས་ན་ཚོགས་གྲལ་དུ་ཁ་ཤག་རྩོད་པ་དང་ཚོགས་རྡིལ་འཕེན་པ་སོགས་ལ་བག་ཡོད་པར་བྱའོ། །དམེ་འཁྲུག༷་གིས་གཡུལ་དུ་ཤི་བ་ལ་སོགས་པ་དམྱལ་བ་ཡང་སོས་སུ་སྐྱེས་པ་ན་ཕ༷ན་ཚུན༷་དགྲ་རུ་མཐོང་ནས་ལག་ཏུ་ཅི་བླང་ལས་ཀྱིས་རལ་གྲི་སོགས་སུ་གྱུར་པའི་མཚོན་གྱིས༷་འདེ༷བས་ཤིང་བསྣུན་པས་ཡང་ཤི་ཡང་སོས་དཔག་ཏུ་མེ༷ད་པ༷་ཡི་སྡུག་བསྔལ་མྱོང་བ་དེ༷་ཡ༷ང་ནི༷་སྡུག་བསྔལ་དང་བྲལ་ཏེ་དུས་དེ༷ང་ནས༷་ལྷའི་བུ་དང་བུ་མོར་གྱུར་ཏེ་ཕན་ཚུན་ཡིད་དགའ་ཞིང་རྩེ་དགའི་བདེ་བ་ལ་རོལ་པའི་ཕྱིར༷་དུ་མེ༷་ཏོ༷ག་ཡིད་དུ་འོང་བ་རྣམས་ཀྱིས་ཕན་ཚུན་འཕེ༷ན་པར་བྱེད་པའི་བདེ་སྐྱིད་དང་ལྡན་པ༷ར་ཤོག༷་ཅིག །ཆུ་གནས་གསོད་པ་དང༌། ཁྱེའུ་མ་སྨིན་པ་ལ་འདོད་ལོགས་སྤྱད་པ་དང༌། དགེ་འདུན་པའི་དཀོར་ཚོང་ལ་སོགས་པའི་གཡོ་སྒྱུས་ལེན་པ་རྣམས་འདིར་སྐྱེ་ལ། དེ་ཡང་མདོག་སྔོ་བའི་ཆུ་བོས་ཁྱེའུ་དང་བུ་མོ་དེ་དག་མགོ་ནག་རྡོག་རྡོག་ཆུས་ཁྱེར་ཏེ་ལག་པ་ཆུ་ཁར་ཡུད་ཙམ་ཡུད་ཙམ་འོང་བར་བྱས་ཏེ་ཁོ་བོ་ཐོན་ཅིག་ཟེར་བ་ལ་དེ་ལེན་པའི་ཆེད་དུ་འགྲོ་བར་སྙམ་པ་དང༌། ཆུའི་ཕ་རོལ་དུ་དགེ་འདུན་པའི་དཀོར་ནོར་ཡོད་པས་དེར་འགྲོ་སྙམ་པ་དང༌། ཉ་སྲམ་སོགས་གསོད་པའི་ཕྱིར་དུ་དེར་འགྲོ་སྙམ་པས་ཕྱིན་པ་དང་ཐལ་ཚན་གྱི༷་ཆུ༷་བོ༷་གཏིང་ཟབ་པས་རབ༷་མེ༷ད་པ་མེ༷་འབར་བ་དོ༷ང་འདྲ༷་བའི་ཚ་ཞིང་བསྲེག་པར་བྱེད་པའི་ན༷ང་དུ་ལུས་བྱིང༷་བ༷་དག༷་རེས་རྦ་རླབས་གནམ་དུ་འཕྱུར་བས་ཡར་བཏེག་སྟེ་ཆུའི་གཏིང་དུ་རྡོ་གྲུ་གསུམ་རྣོན་པོའི་རྩེར་བརྒྱབ་པས་ལུས་དུམ་བུར་གཏོར་བ་དང༌། ཉ་སྲམ་སོགས་ཀྱིས་ཟ་བར་བྱེད་ཅིང་ཆུའི་འགྲམ་ལ་སོགས་སུ་ཁཱ་ཏ་རྡོ་རྗེའི་མཆུ་ཅན་ལ་སོགས་པས་མིག་འབྲུ་ཞིང་ལྕེ་གཅོད་པ་དང་རྒྱུ་མ་འདྲལ་བ་ལ་སོགས་པ་དང༌། ཆུ་ཚན་གྱིས་ཤ༷་ཀུན༷་ཚིག་ནས་ཞི༷ག་པར་གྱུར༷་ཏེ་རུས༷་གོ༷ང་མེ༷་ཏོ༷ག་ཀུན༷་ད༷འི་མདོ༷ག་ལྟར་དཀར་པོར་གྱུར་པ་ཆུ་རླབས་ཀྱིས་ཕྱིར་འཕང་བ་ལ་རླུང་གིས་བཏབ་པའི་མོད་ལ་སླར་མིར་གྱུར་ཏེ་སྔར་ལྟར་སྡུག་བསྔལ་དཔག་ཏུ་མེད་པ་ལ་སྤྱོད་པ་རྣམས་བད༷ག་གི༷་དགེ༷་བའི༷་སྟོབ༷ས་ཀྱི༷ས་དེ་ཐམས་ཅད་སྡུག་བསྔལ་དེ་དག་དང་བྲལ་ཏེ་ལྷ༷་ཡི༷་ལུས༷་ཕུ༷ན་སུམ་ཚོགས་ལ་ཐོབ༷་ན༷ས་ལྷ༷་ཡི་བུ་མོ་ལྟ་ན་སྡུག་པ་རྣམ༷ས་དང༷་ལྷན༷་ཅི༷ག་ཏུ་ལྷའི་ཆུ་བོ་ད༷ལ་གྱི༷ས་འབ༷བ་པ་གསེར་དངུལ་གྱི་བྱེ་མ་བརྡལ་བ་མེ་ཏོག་སྣ་ཚོགས་པས་བརྒྱན་པར་ཕན་ཚུན་རྩེ་ཅིང་དགའ་བའི་ཁྲུས་ལ་སོགས་པས་དགའ་བདེའི་དཔལ་འབྱོར་ལ་གན༷ས་པར་ཤོ༷ག་ཅིག་ཅེས་འདི་རྣམས་རང་སྟོབས་ཀྱིས་དམྱལ་བའི་སྡུག་བསྔལ་ཞི་བར་བསྔོ་ཞིང་སྨོན་པའོ། །བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱི་སྟོབས་ཀྱིས་དམྱལ་བའི་སྡུག་བསྔལ་ཞི་བར་བསྔོ་ཞིང་སྨོན་པ་སྔར་གསང་བའི་བདག་པོའི་དབང་ཞུས་ལྷ་སྒོམ་སྔགས་བཟླས་པ་ལ་སོགས་པ་བྱས་པའི་མཐུས་འདི་ལྟར་དམྱལ་བ་པ་རྣམས་ཀྱིས་རྣམ་འཕྲུལ་ཕུན་སུམ་ཚོགས་པ་གློ་བུར་དུ་མཐོང་བ་ན་རྒྱུ་མཚན་ཅི༷་ཕྱིར༷་དམྱལ་བའི་གནས་འདི༷ར་ནི༷་གཤི༷ན་རྗེ༷འི་མི༷འམ་ལས་མཁན་སྟག་གཟིག་སོགས་ཀྱི་མགོ་ཅན་རྣམས་དང༷་ཁྭ༷་ཏ་དང༷་བྱ༷་རྒོད༷་ལ་སོགས་པ་མི༷་བཟ༷ད་པའམ་མ་རུངས་པ་རྣ༷མས་ཤིན་ཏུ་རྣམ་པར་སྐྲག༷་ནས་ཕྱོགས་ཕྱོགས་སུ་འབྱོར་བར་བྱེད༷་ཅི༷ང༌། ཤ་ཁྲག་རྐང་མར་ལ་སོགས་པ་བསྲེག་པའི་དུ་བ་ལ་སོགས་པས་ཀུན༷་ན༷ས་དཀྲིགས་པས་རྐང་ལག་བརྐྱང་བསྐུམ་ཙམ་ཡང་མི་མཐོང་བས། མུན༷་པ་ཆེན་པོ་རྣམས་ཐུགས་རྗེའི་འོད་ཟེར་གྱིས་བས༷ལ་ཏེ་ལུས་ལ་བདེ༷་བ་དང་སེམས་ལ་དག༷འ་བ་རྒྱ་ཆེན་པོ་སྐྱེད་པའི༷་མཐུ༷་བཟ༷ང་པོ་འདི༷་ཀོ༷་སྐྱེས་བུ་དམ་པ་སུ༷་ཡི༷ས་མཐུ༷་ཡིན་ནམ་སྙམ༷་སྟེ་མིག་གྱེ༷ན་དུ༷་བལྟས༷་པས་ན༷་མདུན༷་གྱི་ནམ༷་མཁ༷འི་དཀྱིལ༷་མེ་རི་མེ་དཔུང་སྣ་ཚོགས་པའི་དབུས་ན༷་བྱང་ཆུབ་སེམས་དཔའ་དཔལ་གསང་བའི་བདག་པོ་ཕྱག༷་ན་རྒྱལ་བ་ཐམས་ཅད་ཀྱི་དབང་བསྐུར་བའི་དབང་རྟགས་ཀྱི་རྡོ༷་རྗེ༷་བསྣམ་པ་འོད་དང་འོད་ཟེར་གྱི་གཟི་བརྗིད་འབར༷་བ༷་བཞུག༷ས་པ་མངོན་སུམ་དུ་གསལ་བར་མཐོ༷ང་ན༷ས་སྔར་སྐུ་བཞེངས་པ་དང་ཡིད་ཀྱིས་བསྒོམ་པ་དང་འཆི་ཁར་དབང་ཐོབ་པ་སོགས་ཀྱིས་ལྷ་དེ་ངོ་ཤེས་ཏེ་དེ་ལ་རབ༷་ཏུ་དག༷འ་ཞིང་དད་པ་ཁྱད་པར་ཅན་སྐྱེ་བའི༷་ཤུག༷ས་ཀྱི༷ས་སྔོན་གྱི་སྡིག༷་པའི་ལས་ངན་མཐའ་དག་དང་བྲལ༷་ནས༷་རྡོ་རྗེ་འཛིན་པ༷་དེ་དང༷་ལྷན་ཅི༷ག་ཏུ་འགྲོག༷ས་ཤིང་ལྕང་ལོ་ཅན་ལ་སོགས་པར་ཟག་པ་མེད་པའི་བདེ་བ་ཆེན་པོ་ལ་དུས་རྟག་ཏུ་ལོངས་སྤྱོད་པར༷་ཤོ༷ག་ཅིག་ཅེས་སོ། །ད་ལྟར་རང་རེས་རིགས་གསུམ་སེམས་དཔའ་ལ་སོགས་པའི་ཉེ་སྲས་བརྒྱད་ཀྱི་དབང་བསྐུར་ཞུས་ཤིང་ལྷག་པའི་ལྷར་ཡི་དམ་དུ་བཟུང་ཞིང་ལྷ་བསྒོམ་སྔགས་བཟླས་ཏེ་མཆོད་བསྟོད་ལ་བརྩོན་པར་བྱ་དགོས་སོ། །ལར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་དང་འཇམ་པའི་དབྱངས་དང་སྤྱན་རས་གཟིགས་ལ་སོགས་པ་དམྱལ༷་བའི་སེམས་ཅན་རྣམས་ཀྱིས་མཇལ་ཞིང་མཐོང་ན་མི་དགའ་བའི་གང་ཟག་སུ་ཞིག་ཡོད། གལ་ཏེ་ཡོད་ན་འདྲེ་གདུག་པ་ཅན་དངོས་ཡིན། དེ་འདྲ་མིན་ན་དམྱལ་བའི་སྡུག་བསྔལ་ལ་བསམས་ན་དེར་ཉེ་སྲས་བརྒྱད་སོགས་བྱོན་པར་ཤོག་ཅིག་ཅེས་པའི་བསམ་པ་མི་སྐྱེ་བའི་ཐབས་ག་ལ་ཡོད། གལ་ཏེ་མི་སྐྱེ་ན་བྱ་ཡི་སྒོ་ང་ལྟ་བུ་ཅི་ཡང་མི་ཤེས་པས་ཤིན་ཏུ་བླུན་པའམ་རྡོ་བ་ལྟར་སེམས་མེད་པ་དང་འདྲའོ་གསུངས། དེ་བཞིན་དུ་སྔར་སྤྱན་རས་གཟྀགས་ཀྱི་དབང་ཞུས་ལྷ་བསྒོམ་སྔགས་བཟླས་པ་ལ་སོགས་པའི་མཐུས་སྔ་མ་བཞིན་དུ་ནམ་མཁའ་ལས་མེ༷་ཏོ༷ག་སྣ་ཚོགས་པའི་ཆ༷ར་པ༷་དྲི་ཞིམ་སྤོ༷ས་ཀྱི་ཆུ༷་བཟང་པོ་དང་འདྲེས༷་པ་འབ༷བས་པ༷་ཡི༷ས་དམྱལ༷་བའི༷་མེ༷་མད༷ག་རབ་ཏུ་ཚ་བ་རྣམས་སྒྲ་ཆི༷ལ་ཆི༷ལ་དང་བཅས་པའི་སྒོ་ནས་འཕྲལ་དུ་གསོ༷ད་པ༷་མཐོང༷་བར་གྱུར༷་ན༷ས་བདག་ཅག་རྣམས་གློ༷་བུར༷་དུ་སྔར་མ་མྱོང་བའི་བདེ༷་བ༷ས་ཚིམ༷་པ༷་འདི༷་ལྟ་བུ་ནི་ཅི༷་ཞིག་གི་མཐུ་ཡིན་ནམ་སྙམ་དུ་བས༷མ་ཏེ་གྱེན་དུ་བལྟས་པ༷་དང༷་མཉམ་དུ་སེ༷མས་ཅ༷ན་དམྱ༷ལ་བ་པ་རྣམ༷ས་ཀྱིས༷་པདྨའི་གདན་ལ་བཞུགས་པ་པདྨའི་རྒྱན་དང་ལྡན་པ་དང༌། པདྨའི་སྤྱན་དང་འདྲ་བ་ཕྱག༷་ན༷་པ༷དྨ༷་བསྣམས་པ་སྙིང་རྗེ་ཆེན་པོ་དང་ལྡན་པའི་མགོན་པོ་སྤྱན་རས་གཟིགས་དབང་ཕྱུག་ཞལ་ནས་གསུང་མཆོག་གི་རྒྱལ་པོ་ཡི་གེ་དྲུག་མའི་སྒྲ་སྒྲོགས་པ་མངོན་སུམ་དུ་མཐོ༷ང་བར༷་གྱུར་པ་ན་སྔར་ལུས་ཀྱིས་སྐུ་བཞེངས་པ་དང་སེམས་ཀྱིས་སྐུ་བསྒོམ་པ་དང༌། ངག་གིས་ཡི་གེ་དྲུག་མ་བཟླས་པ་དང་འཆི་ཁར་འདིའི་དབང་སྐུར་ཐོབ་པ་སོགས་ཀྱིས་ལྷ་ངོ་ཤེས་ཏེ་རབ་ཏུ་དགའ་ཞིང་དང་བའི་མཐུ་ཡིས་ལས་ངན་སྡིག་སྒྲིབ་ཐམས་ཅད་དག་ནས་འཕགས་པ་སྤྱན་རས་གཟིགས་དང་ལྷན་ཅིག་ཏུ་འགྲོགས་ཤིང་གནས་མཆོག་རི་བོ་ཏ་ལ་ལ་སོགས་པར་ཟག་པ་མེད་པའི་བདེ་བ་ཆེན་པོ་ལ་དུས་རྟག་ཏུ་སྤྱོད་པར་ཤོ༷ག་ཅིག སྔར་འཇམས་པའི་དབྱངས་ཀྱི་དབང་ཞུས་ལྷ་བསྒོམ་སྔགས་བཟླས་པ་སོགས་ཀྱིས་མཐུས་དམྱལ་བ་པ་རྣམས་ཀྱིས་རྗེ་བཙུན་འཇམ་པའི་དབྱངས་མཐོང་བ་དང་ཕན་ཚུན་སྡང་བའི་སེམས་དང་བྲལ་ནས་བྱམས་པའི་སེམས་ཀྱིས་གཅིག་གིས་གཅིག་ལ་སྤྲན་ཏེ། ཀྱེ་གྲོག༷ས་པོ་དག༷་ད་ནི་དམྱལ་བའི་འཇི༷གས་པ༷་བོ༷ར་ལ༷་སྟེ་ད་ནི་འཇིགས་ཤིང་སྐྲག་མི་དགོས་པས་རི༷ངས་པར་རིངས་པ༷ར་ཚུར༷་ཤོག་དང་འུ་བུའི་སྟེ༷འུ་བུ༷་ཅག་མང་པོའི༷་ཐ༷ད་དུ༷་ནི་རྗེ་བཙུན་འཇམ་པའི་དབྱངས་བཞུགས་པ་ག༷ང་གི༷་མ༷ཐུ་ཡི༷ས་ལུས་གཤག་གཅད་ལ་སོགས་པའི་སྡུག༷་བསྔལ༷་ཀུན༷་དང་བྲལ༷་བས་བདེ་བ་དང་ལྡན་ཞིང་སེམས་ལ་རབ་ཏུ་དག༷འ་བའི༷་ཤུག༷ས་ཕྱིན༷་བར་མཛད་ལ༷། ངན་སོང་ལ་སོགས་པའི་འགྲོ༷་བ༷་མ་ལུས་པ་ཀུན༷་སྡུག་བསྔལ་མཐའ་དག་ལས་སྒོ་དུ་མ་ན༷ས་ཡོང༷ས་སུ་སྐྱོབ༷་པར་མཛད་པའི་བྱང༷་ཆུབ༷་སེམས་དཔ༷འ་དམིགས་པ་མེད་པའི་བརྩེ༷་བ༷་སྙིང་རྗེ་ཆེན་པོ་ཐུགས་རྒྱུད་ལ་སྐྱེས༷་པར་གྱུར༷་པ༷་ཡི་འཇམ་དཔལ་གཞོ༷ན་ནུ༷་བཅུ་དྲུག་ལོན་པའི་ན་ཚོད་དང་རལ་བའི་ཟུར༷་ཕུད༷་ལྔ་དང་ལྡན་པ་ཅ༷ན་ཞེས་དབུ་སྐྲ་ཐོར་ཅོག་མཛད་པར་སྐྲ་ཆིང་གིས་དབུ་སྐྲ་སྟེང་འོག་གཉིས་ནས་བཅིང་བའི་འབུར་སྟེང་འོག་གཉིས་ཀྱི་གཡས་གཡོན་གཞི་སྟེང་དང་ལྡན་རིན་པོ་ཆེའི་ཏོག་གིས་བརྒྱན་པ་མཚན་དང་དཔེ་བྱད་ཀྱི་གཟི་བྱིན་འོད་ཟེར་རབ་ཏུ་འབ༷ར་ཞིང་དམྱལ་བའི་འཇི༷གས་པ༷་མེ༷ད་པ༷ར་བྱེད༷་པ༷་གང་སུ་ཞིག༷་འཇམ་པའི་དབྱངས་དེ་འདིར་ཕྱིན་པས་ན། སེམས་ཅན་དམྱལ་བ་པ་ཁྱོད༷་རྣམས་ཀྱི༷ས་ལྟོས་དང༌། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ལྷ༷་བརྒྱའི་སྟེ་ལྷ་བརྒྱ་ཕྲག་མང་པོས་སྤྱི་བོའི་ཅོ༷ད་པ༷ན་དག༷་གི༷ས་ཞ༷བས་རྟེན་གྱི༷་པ༷དྨོ༷་ལ༷་གུས༷་པས་རྒྱུན་མི་འཆད་པར་བཏུད་དེ་མཆོ༷ད་པ་སྣ་ཚོགས་བྱེད་ཅི༷ང༌། ཞེས་སམ་ཡང་ན། འདིར་ཕྱིན་པ་ཁྱོད་ཀྱི་ཞབས་ཀྱི་པདྨོ་ལ་ལྷ་བརྒྱའི་ཅོད་པན་དག་གིས་མཆོད་པར་བྱེད་ཅིང་ཞེས་སོ། །སྡུག་བསྔལ་དང་ལྡན་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཐུ༷གས་རྗེས༷་ཏེ་ཐུགས་བརྩེ་བ་ཆེན་པོའི་ཤུགས་ཀྱིས་སྤྱན་ཆབ་བྱུང་བས་བརླན༷་པར་གྱུར་པའི་སྤྱན༷་མཛེས་པ་དང་ལྡན་པའི་དབུ༷་ལ༷༷་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ངོ་མཚར་བའི་བསྟོད་བསྔགས་དང་བཅས་པས་མེ༷་ཏོ༷ག་དུ༷་མའི༷་ཚོ༷གས་ཀྱི༷་ཆ༷ར་ཆེན་པོ་འབབ་པར་གྱུར་པ༷་གཞལ་མེད་ཁ༷ང་བརྩེ༷གས་པ་ཡི༷ད་དུ་འོང་བ་དུ་མའི་ནང་ན༷་ལྷ་ཡི་བུ་མོ༷་སྟོང༷་ཕྲག༷་མང་པོས་སྐུ་གསུང་ཐུགས་ཡོན་ཏན་ཕྲིས་ལས་ལ་བསྟོད༷་པའི་དབྱང༷ས་སྙན་པ་སྒྲོག༷ས་པ་དང་ལྡན༷་པ་འདི༷་ལ་ལྟོས༷་ཞེ༷ས་ལྟོས་ཤིག་ཅེས་ཕན་ཚུན་བསྐུལ་བའི་མོད་ལ་རྗེ་བཙུན་འཇ༷མ་པའི་དབྱངས་ཀྱི་རྣམ་འཕྲུལ་དེ༷་འདྲ༷་བ་མངོན་སུམ་དུ་མཐོ༷ང་ན༷ས་ད༷་ནི༷་སེ༷མས་ཅ༷ན་དམྱལ༷་བ་པ་རྣམས་ཤིན་ཏུ་དགའ་ཞིང་སྤྲོ་བའི་ཤུགས་ཀྱིས་ཅ༷་ཅོ༷་སྣ་ཚོགས་འདོ༷ན་ཞིང་དེ་དང་ལྷན་ཅིག་ཏུ་ཟག་མེད་ཀྱི་བདེ་བ་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པ༷ར་ཤོ༷ག་ཅིག །དེ༷་ལྟར༷་གཞུང་འདི་ཉིད་འཆད་ཉན་ལ་སོགས་པའི་བད༷ག་གི༷་དགེ༷་རྩས༷་ཏེ་དགེ་བའི་རྩ་བ་ལ་བརྟེན་ནས་ཀུན༷་ཏུ་བཟ༷ང་པོ་ལ༷་སོ༷གས་ཏེ་ནམ་སྙིང་བྱམས་པས་སྙིང་སྒྲིབ་སེལ་ལ་སོགས་པའི་བྱང༷་ཆུབ༷་སེ༷མས་དཔ༷འ་རྣམས་ཀྱི་ཞལ་མཇལ་ཞིང་གསུང་ཐོས་པ་ལ་སྒྲིབ༷་པའི་ཉེས་པ༷་མེ༷ད་ཅིང་ཞེས་པའམ་ཡང་ན་བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་པ་ཞེས་སྒྲིབ་པ་རྣམ་སེལ་ལ་སོགས་པའི་ཐུགས་བསྐྱེད་སྨོན་ལམ་རྫུ་འཕྲུལ་གྱིས་ནམ་མཁར་སྤྲིན༷་གྱི་ཚོགས་འཁྲིགས་པ་ལས་ལུས་ལ་བདེ༷་བ༷་བསྐྱེད་པ་དང༷༌། བསི༷ལ་ཞི༷ང་དྲི་ཞིམ༷་པོའི་ང༷ད་དང་ལྡན༷་པའི་ཆ༷ར་པ༷་འབེ༷བས་པ་མཐོ༷ང་ནས་སེམ༷ས་ཅ༷ན་ཚ་དམྱལ༷་བ༷་དེ༷་དག༷་མངོ༷ན་མཐོ་དང་ངེས་པར༷་ལེགས་པའི་དག༷འ་བདེ་རྒྱ་ཆེན་པོ་མྱུར་དུ་ཐོབ་པར་གྱུར༷་ཅིག༷ །དུད་འགྲོར་སྐྱེ་བའི་རྒྱུ་ཆོས་འཆད་ཉན་ལ་མི་དགའ་ཞིང་རྒྱབ་སྟོན་ཅིང་འཕྱ་བ་ལ་སོགས་པའི་འབྲས་བུ་དུད་འགྲོ་ལ་བྱིང་ན་གནས་པ་དང༌། ཁ་འཐོར་བ་གཉིས་ལས། དང་པོ་ནི། རྒྱ་མཚོ་ཆེན་པོའི་ནང་ན་ཆུ་སྲིན་ཉ་མིད་དང་ཉ་མིད་ཆེན་པོ་ལ་སོགས་པ་ཆེ་བ་རི་རབ་ཙམ་ལས་ཆུང་བ་སྐྲ་རྩེ་ཙམ་གྱིས་ཆེ་ཆུང་མང་པོ་འགག་གི་སྦང་མ་བཞིན་དུ་གང་བ་བླུན་ཞིང་རྨོངས་པ་ཆེ་ཆེ་རེ་རེས་ཆུང་ཆུང་མང་པོ་ཁྱུར་མིད་བྱེད་ཅིང་ཆུང་ངུ་མང་པོས་ཆེ་ཆེ་རེ་རེ་ཐལ་མར་དུ་འབིགས་ཏེ་ཟ་ཞིང་ལུས་ལ་ཚང་བཅའ་བ་ལ་སོགས་པ་དང་ཀླུ་ལ་བྱེ་ཚོན་གྱི་ཆར་པ་འབབས་པ་དང་མཁའ་ལྡིང་གིས་ཟ་བ་ལ་སོགས་པའི་སྡུག་བསྔལ་རྒྱ་ཆེན་པོ་རྒྱུན་མི་འཆད་པར་མྱོང་བ་དང༌། ལྷ་མིའི་གནས་ན་ཡོད་པའི་ཁ་འཐོར་བ་ལ་མིའི་བདག༷་ཏུ་མ་བཟུང་བ་རི་དྭགས་བྱ་དང་གཅན་གཟན་ལ་སོགས་པའང༌། ཁྲ་བྱིས་ཐུབ་ཀྱིས་བྱེའུ་དང་བྱེའུ་སྦྲང་བུ་ཐུབ་པ་རྣམས་ཀྱིས་སྦྲང་བུ་ལ་སོགས་པ་གཅིག་གིས་གཅིག་གསོད་ཅིང་ཟ་བ་དང༌། ཤ་པགས་རུས་པ་སོགས་ཀྱི་ཆེད་དུ་མེ་མདའ་དང་རྒྱ་དང་སྙི་ལ་སོགས་པས་དབང་མེད་དུ་གསོད་ཅིང་རྟག་ཏུ་འཇིགས་སྐྲགས་ཀྱིས་མནར་བ་དང༌། མིས་བདག་ཏུ་བཟུང་བ་རྟ་ཁལ་ལ་སོགས་པའང་བཞོན་བཞོ་བ། ཁལ་འགེལ་བ་ཞོན་ཏེ་འགྲོ་བ་དང་བྱ་གཅོད་པ་སྣ་འབིགས་པ་དང་བཀོལ་ཞིང་སྤྱོད་པ་ལ་སོ༷གས་པའི་སྡུག་བསྔལ་གྱིས་རྒྱུན་དུ་མནར་ཞིང་ཚེ་ཚད་ཀྱང༌། མདོ་ཉི་མའི་སྙིང་པོར་ཚེ་ཐུང་བ་ཡུད་ཙམ་དང༌། རིང་བ་བསྐལ་པའི་བར་དུ་མྱོང་བར་གསུངས་པའི་དུད༷་འགྲོ་རྣམ༷ས་ནི༷་བླང་དོར་ལ་ཤིན་ཏུ་བླུན་ཞིང་རྨོངས་པས་དམ་པའི་ཆོས་ཀྱི་སྣང་བའི་སྐལ་བ་མེད་ཅིང་ཕན་ཚུན་གཅི༷ག་ལ༷་གཅི༷ག་གིས་གསོད་ཅིང་ཟ༷་བ༷་ལ་སོགས་པའི༷་སྡུག་བསྔལ་གྱི་འཇི༷གས་པ་ཆེན་པོ་རྣམས་དང༷་དུས་རྟག་ཏུ་བྲལ༷་བ༷ར་གྱུར་ཅིག་ཅེས་སོགས་དང་དེ་དག་གིས་ཆོས་ལྡན་གྱི་མི་ལུས་ཐོབ་ནས་སྐྱེས་སྦྱང་གི་ཤེས་རབ་ཕུན་སུམ་ཚོགས་པས་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་དང་ལམ་བསླབ་པ་གསུམ་གྱི་ཉམས་ལེན་ལ་དགའ་ཞིང་སྤྲོ་བས་འཇུག་པའི་སྐལ་བ་བཟང་པོ་དང་ལྡན་པའི་གནས་སྐབས་མཐོ་རིས་དང་མཐར་ཐུག་རྣམས་མཁྱེན་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོ༷ག་ཅིག །ཅེས་གོང་བཞིན་དུ་སྨོན་འདུན་དམ་བཅའ་གསོལ་འདེབས་དང་འབྲེལ་བར་བསམ་ཞིང་ངག་གིས་བརྗོད་པར་བྱའོ། །རྒྱུ་གཞན་གྱི་ཟས་ནོར་ལ་རློམས་སེམས་དང་རང་གི་ཟས་ནོར་ལ་སེར་སྣ་བྱེད་པ་ལ་སོགས་པའི་འབྲས་བུ་རིམ་པར་ཕྱི་ནང་གི་སྒྲིབ་པ་ཅན་སོགས་ཀྱི་ཡི་དྭགས་ཏེ་དེ་ཡང་ལུས་ཀྱི་ཚད་ཉི་མའི་སྙིང་པོར་ཆུང་བ་མཐོ་གང་དང་ཆེ་བ་དཔག་ཚད་སྟོང་གི་བར་ཡོད་པར་གསུངས་ལ། གནས་ལ་བྱིང་ན་གནས་པ་དང༌། མཁའ་ལ་རྒྱུ་བ་གཉིས་ལས། དང་པོ་རྒྱལ་པོའི་ཁབ་ཀྱི་དཔག་ཚད་ལྔ་བརྒྱའི་འོག་རྩ་བའི་གནས་དང་འཕྲོས་པའི་གནས་རྒྱ་མཚོའི་ཆུ་འགྲམ་དང་མི་ཡི་ཡུལ་ལ་སོགས་པ་ན་ཡོད་ཅིང་སྡུག་བསྔལ་གྱི་ཁྱད་པར་ལོ་སྟོང་ཕྲག་མང་པོའི་བར་དུ་ཐ་ན་ཆུ་ཙམ་གྱི་མིང་ཡང་མི་གྲགས་པས་བཀྲེས་པ་དང༌། སྐོམ་པས་ཉམས་ཐག་པས་ཤ་པག་ཁྲག་རྣམས་སྐམ་ནས་ལུས་རིད་ཅིང་མི་སྡུག་པའི་མཚན་མ་མང་པོ་དང་ལྡན་པ་སྡོང་དུམ་མེས་ཚིག་པ་ལྟ་བུ་ཁ་ནས་མེད་མ་སྦྱིན་ལ་སོགས་པའི་མི་སྙན་པའི་སྒྲ་མང་པོ་སྒྲོགས་པ་ཟས་སྐོམ་གྱི་ཆེད་དུ་འགྲོ་བ་ན་ལུས་ཆེ་བ་ཡན་ལག་ཤིན་ཏུ་ཕྲ་བས་མི་ཐེག་པར་ལྷུ་ཚིགས་འཁྲོལ་བས་དུ་བ་འཕྱུར་ཞིང་མེ་འབར་བ་དང་བྱ་ཁྱི་སོགས་ཀྱིས་འཚེ་བ་དང་རྡོ་བསྲེག་དང་བྱེ་ཚན་གྱི་ཆར་སོགས་ཀྱིས་མནར་ཞིང་རྒྱང་རིང་པོར་ཆུ་ཀླུང་མཐོང་བས་ཐང་ཆད་ཆད་དུ་སོང་བ་ན་མཚོན་ཆ་ཐོགས་པའི་སྲུང་མས་དེད་པ་དང་མ་བསྲུང་ཀྱང་ཆུ་ཐིག་ཙམ་ཡང་མེད་པར་སྐམས་ནས་གྲམ་པ་སྐྱ་ཐལ་ལེར་གྱུར་པ་ཆུ་ཀླུང་ཕྱིན་ཅི་ལོག་དང༌། དེ་བཞིན་དུ་ལྗོན་ཤིང་ཕྱིན་ཅི་ལོག་དང༌། བཟའ་བཏུང་ཕྱིན་ཅི་ལོག་དང༌། ཉི་ཟླ་དང་དུས་ཚིགས་ཕྱིན་ཅི་ལོག་ཏུ་གྱུར་པ་ཕྱིའི་སྒྲིབ་པ་ཅན་དང༌། གལ་ཏེ་ཟས་སྐོམ་ཅུང་ཟད་རེ་རྙེད་ཀྱང་ཁ་ཁབ་མིག་ལྟར་དོག་པ་དང༌། མགྲིན་པ་རྟ་རྔ་ལྟར་ཕྲ་བས་མི་ཆུད་པ་དང་ཅུང་ཟད་ཆུད་ཀྱང་ལྟོ་བ་ཡུལ་ལྗོངས་ལྟར་ཡངས་པ་མི་ཁེངས་པ་དང༌། ལྟོ་བདེ་ཙམ་ལྟོ་བར་སོང་ཡང་དེ་ལ་མེ་འབར་བས་གློ་སྙིང་སོགས་ནང་ཁྲོལ་ཐམས་ཅད་བསྲེག་པས་སྡུག་བསྔལ་བ་ནང་གི་སྒྲིབ་པ་ཅན་དང༌། སྒོས་ཁུར་གྱི་སྒྲིབ་པ་ཅན་ནི་ཡི་དྭགས་རེ་རེའི་ལུས་ལ་གཞན་མང་པོས་ཚང་བཅས་ནས་ཟ་བར་བྱེད་པ་ལ་སོགས་པ་དང་སློབ་དཔོན་ཛེ་ཏ་རི་དང་གྲོ་བཞིན་སྐྱེས་ཡི་དྭགས་ཀྱི་ཡུལ་དུ་བྱོན་པས་སྡུག་བསྔལ་བའི་ཡི་དྭགས་རྣམ་པ་མི་འདྲ་བ་མང་པོ་གཟིགས་པའི་ལོ་རྒྱུས་སོགས་དང༌། ཕན་ཚུན་འཛིང་འཐབ་བྱས་ཏེ་ལུས་ལ་རྨ་བྱུང་བའི་རྣག་ཁྲག་གིས་རང་གཞན་གྱི་ཁ་ཟས་བྱེད་པ་རྣམས་སོ། །ཚེ་ཚད་ཀྱང་མིའི་ཟླ་བ་ལ་ཉིན་ཞག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ལ་སོགས་པ་ཐུབ་པར་མཛོད་ལས་གསུངས་སོ། །ཡི་དྭགས་མཚུན་ལྷས་དུར་ཁྲོད་དུ་རོ་བསྲེག་བརྡུང་བྱས་ཤུལ་དུ་བསྣམས་པས་མི་དེའི་ཚེ་དེའི་སྤྱོད་ལམ་ཐམས་ཅད་ཤེས་ནས་ང་དེ་དང་དེ་ཡིན་ནོ་ཞེས་ཤི་བོར་བརྫུ་བར་བྱེད་པ་ཡང་ཡོད་དོ། །ཚེ་འཕོ་བ་ཇི་ལྟར་འགྱུར་བ་ཞུས་པའི་མདོ་ལས་ཀྱང༌། སྟོན་པ་སེར་སྐྱའི་གྲོང་དུ་གཤེགས་པའི་ཚེ། ཤཱཀྱ་དགའ་སྐྱེས་ཞེས་བྱ་བ་དར་ལ་བབ་པ། གཉེན་བཤེས་རྣམས་ཀྱིས་གཅེས་ཤིང་མི་མང་པོའི་བཀུར་བ་ཞིག་ཡོད་པ་ཚེ་འཕོས་ནས་སྐྱེ་བོ་རྣམས་མྱ་ངན་གྱིས་ནོན་པར་གྱུར་པ་ན། བཅོམ་ལྡན་འདས་ལ་ཡབ་རྒྱལ་པོ་ཟས་གཙང་མས་སེམས་ཅན་རྣམས་ཚེ་འཕོས་པ་ཇི་ལྟར་འགྱུར་བའི་དོན་རྣམས་རྒྱ་ཆེར་ཞུས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་འགྲོ་བ་རྣམས་ནི་ཤི་འཕོས་ནས་ལས་དགེ་བ་དང་མི་དགེ་བའི་དབང་གིས་མཐོ་རིས་དང་ངན་སོང་ལ་སོགས་པའི་རིས་ཐ་དད་པར་སྐྱེ་བར་འགྱུར་གྱི། གང་དག་ལྷ་རྣམས་ལྷར་སྐྱེ་བ་དང་མི་རྣམས་མིར་སྐྱེ་བ་ལྟ་བུ་མ་ཡིན་པ་དང་སོགས་ནས། གང་དག་ཚེ་འཕོས་པ་དེའི་ཆ་ལུགས་ལྟར་སྣང་བ་སོགས་ནི་བར་སྣང་གི་ཁམས་ལ་དྲི་ཟའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་མཆིས་པ་ལས་དྲི་ཟའི་འཆི་ཁ་མའི་སེམས་ལ་ཉེ་བར་འཇུག་པ་ཞེས་བྱ་བའི་རིགས་རྣམས་དྲི་ཟའི་ཟས་བཙལ་བའི་ཕྱིར་ལུས་དང་གོས་རྒྱན་ཆ་ལུགས་སོགས་དེ་ལྟ་བུའི་སྤྲུལ་པ་སོགས་ཀྱང་ཡོད། དེ་ལས་གཞན་པའི་གནོད་སྦྱིན་དང་ཤ་ཟ་དང་འབྱུང་པོ་ལ་སོགས་པས་ཤུལ་གྱི་ཉེ་དུ་སོགས་བསླུ་བའི་ཕྱིར་དེ་ལྟར་སྤྲུལ་ནས་སྟོན་པའང་ཡོད། རྨི་ལམ་སོགས་སུ་སྔར་ཡུན་རིང་པོར་ལྷན་ཅིག་ཏུ་གནས་པའི་བག་ཆགས་བརྟས་པས་དེ་ལྟར་རྨི་བའང་ཡོད་ཀྱི། གཤིན་པོ་དངོས་ནི་ལས་ཀྱི་དབང་གིས་གང་དུ་འགྲོ་བ་དེར་སྐྱེ་བར་འགྱུར་བ་ལས་དེ་ལྟར་འོང་མི་སྲིད་པ་དང༌། ཤུལ་མི་རྣམས་ཀྱིས་བཟའ་བཏུང་གོས་རྒྱན་སོགས་ཚེ་འདས་ཀྱི་ཕྱིར་བཏང་བ་ནི་སྡིག་དང་མ་འདྲེས་པའི་བསོད་ནམས་ཀྱི་ལས་དེས་དེ་ལ་ཕན་འདོགས་པར་བྱེད་པ་སྟེ། དེ་སྐྱེ་བ་བླངས་མ་ཟིན་ན་མཐོ་རིས་དང་ཐར་བར་ཡང་སྐྱེ་བ་ལེན་པར་བྱེད་ལ། གལ་ཏེ་སྐྱེ་བ་བླངས་ཟིན་པ་རྣམས་ལའང་དེར་ནོར་རྙེད་པ་དང་ཀུན་གྱིས་བཀུར་བ་སོགས་ཀྱི་ཕན་པ་ཡོད་ཀྱི། དེ་ཉིད་སྐྱེ་བ་མི་ལེན་པར་གཤིན་གྱི་འཇིག་རྟེན་དུ་ཡོད་ནས་བཟའ་བཏུང་སོགས་ལ་ལོངས་སྤྱོད་པ་མིན་པ་དང༌། ཁ་ཅིག་གཟུགས་སྟོན་པ་དང་དེ་དང་དེས་ཕན་ཐོགས་མ་ཐོགས་སོགས་དན་རྟགས་ཀྱི་གཏམ་སྨྲ་བ་ནི་འཆི་འཕོ་བ་ཐམས་ཅད་ཀྱི་སེམས་ལ་ཁྱབ་པར་བྱེད་པའི་རིགས་དྲི་ཟ་བི་ཙ་ན་དང༌། གནོད་སྦྱིན་སྨྲ་འདོད་ཀྱི་རིགས་དང༌། འབྱུང་པོ་སར་ཧི་ནི་ཏ་ཀུན་ཏུ་རྟོག་འདོད་ཅེས་བྱ་བ་དག་གིས་བསྒྲུབས་ནས་མི་མ་ཡིན་པ་དེ་དག་གིས་ཤི་བ་དེས་སྔོན་ཇི་ལྟར་གཏམ་བྱས་པ་དང༌། ཆ་ལུགས་ཀྱི་དན་རྟགས་དག་འཇིག་རྟེན་པ་དག་བསླུ་བའི་ཕྱིར་སྟོན་ཅིང་སྨྲ་བ་དག་ཡིན་པར་བཀའ་བསྩལ་པ་ན། ལྷས་སྦྱིན་སོགས་ཁ་ཅིག་ཐེ་ཚོམ་དུ་གྱུར་ནས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཡིན་མིན་རྟོགས་ཕྱིར། ལྷས་སྦྱིན་གྱིས་འཛམ་གླིང་གི་ཤིང་རིགས་ཙན་དན་དང་སྨག་ཤ་དང་སེང་ལྡེང་ལ་སོགས་པ་བརྒྱ་སྟོང་མང་པོ་བཅད་ནས་བསྲེག་པའི་ཐལ་བ་རྣམས་སོ་སོར་མི་ནོར་བའི་མཚན་མ་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཁྱེར་བ་ན། བཅོམ་ལྡན་འདས་ཀྱིས་དེ་དག་རིམ་པར་འདི་ནི་ཙན་དན་གྱི་ཐལ་བའོ་ཞེས་སོགས་སོ་སོར་མ་འདྲེས་པར་གསུངས་པས། ལྷས་སྦྱིན་བཅོམ་ལྡན་འདས་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བར་ཡིད་ཆེས་པར་གྱུར་ཏེ། ཚེ་འཕོས་པ་ཇི་ལྟར་འགྱུར་བར་གསུངས་པ་ངེས་སོ་སྙམ་ནས། བཅོམ་ལྡན་འདས་ནི་ཀུན་མཁྱེན་ལགས། །ཤིང་མང་ཐལ་བའི་བྱེ་བྲག་རྣམས། །མ་གཟིགས་མ་གསན་ངེས་པར་མཁྱེན། །ཚེ་འཕོས་ཅི་འགྱུར་གསུངས་པར་ངེས། །ཞེས་བསྟོད་ཏོ། །དེ་བཞིན་དུ་ཤཱཀྱ་མིང་ཅན་གྱིས་སེར་སྐྱའི་གྲོང་ཁྱེར་ཆེན་པོར་སོང་སྟེ། ཁྱིམ་ཇི་སྙེད་པ་ལས་འབྲས་ཀྱི་ཕུབ་མ་རེ་རེ་སོ་སོར་མི་ནོར་བའི་མིང་བྱང་བཅུག་ནས་ཐུབ་པོར་བཅིངས་པ་གླང་པོ་ཆེའི་རྒྱབ་ཁལ་ལོང་བ་ཁྱེར་ཏེ་སྤྱན་སྔར་ཕྱིན་པའང་སོ་སོར་མ་ནོར་བར་མཁྱེན་ནས་གསུངས་པས་ཡིད་ཆེས་ཏེ་དེས་ཀྱང༌། སངས་རྒྱས་སྤྱན་གྱིས་ཐམས་ཅད་གཟིགས། །འཇིག་རྟེན་པ་ལྟར་བརྫུན་མི་མངའ། །ཤཱཀྱའི་གྲོང་ཁྱེར་ཇི་སྙེད་པའི། །འབྲས་ཀྱི་ཕུབ་མ་མ་ནོར་མཁྱེན། །སེམས་ཅན་ཚེ་འཕོས་ཕ་རོལ་ལ། །ཇི་ལྟར་སྣང་བ་འཇིག་རྟེན་བརྫུན། །བཅོམ་ལྡན་འདས་ཀྱིས་གསུངས་པ་བདེན། །ཀུན་གཟིགས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པར་བྱས་སོ། །གཞན་ཡང༌། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎརསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲཱྀ་ད་ཡ་ཛྭ་ལ་ན་ཧཱུྃ་ཞེས་པ་འབབ་ཆུའམ་མཚོ་འགྲམ་དུ་ལག་གཡས་པའི་ཁྱོར་བར་ཆུ་བླུགས་ལ་ཡེ་ཤེས་སྐར་མདའི་སྙིང་པོ་འདི་ལན་བདུན་བཟླས་ཏེ་ཆུ་ཁྱོར་བ་བདུན་སླར་ཆུར་བླུགས་ན་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པའི་ཡི་དྭགས་ཇི་སྙེད་ཡོད་པ་དེ་དག་གིས་ལྷའི་ཞལ་ཟས་ཀྱི་རོ་དང་བཏུང་བའི་རོ་མཆོག་དང་ལྡན་པ་ཐོབ་ཅིང་ཡི་དྭགས་རེ་རེ་ལའང་ཁ་ཟས་དང་བཏུང་བ་ཡུལ་མ་གྷ་དྷའི་བྲེ་བདུན་བདུན་གྱིས༷་ཚིམ་པར་བྱས་པར་འགྱུར་ཞིང༌། ཆུ་དེ་འཐུང་བ་ཙམ་གྱིས་དེ་ཐམས་ཅད་ཡི་དྭགས་ཀྱི་སྐྱེ་གནས་ལས་ཐར་ཅིང་བདེ་འགྲོ་མཐོ་རིས་ཀྱི་སྐྱེ་གནས་སུ་སྐྱེས་པར་འགྱུར་རོ། །སྐྱེས་པ་དང་བུ་མེད་བུ་དང་བུ་མོ་གཞན་ཡང་བྱོལ་སོང་གི་སྐྱེས་གནས་སུ་གཏོགས་པའི་ཡི་དྭགས་སམ་བྱའམ། ཆུ་གནས་ལ་སོགས་པ་གང་གིས་ཆུ་དེ་འཐུང་བ་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་བདེ་འགྲོའི་ལམ་དུ་འགྲོ་བར་འགྱུར་རོ་ཞེས་དང༌། བཟའ་བཏུང་གང་ཡང་ཆོས་ཀྱི་སྦྱིན་པ་ཚིག་བཞི་རེ་བཏོན་ཏེ་ཡི་དྭགས་རྣམས་ཀྱིས་ཐོབ་པར་བསྔོས་པས་ཟས་ཀྱི་གོ་ཆོད་པར་མདོ་ལས་གསུངས་པས་ན་དེ་བཞིན་གཤེགས་པའི་གསུང་པ་སླུ་བ་མེད་པ་ལ་ཡིད་ཆེས་ཀྱི་དད་པས་ལག་ལེན་ལ་ཐེབ་པར་བྱའོ། །གཞན་ཡང་ཡི་དྭགས་གཏོར་མ་ཟ་བ་འཁུ་ལྡོག་ཅན་ཞེས་སྙིགས་དུས་འདིར་དཀྱིལ་འཁོར་གཉན་པོའི་མདུན་དུ་བསད་ཤའི་དམར་མཆོད་བྱས་པས་ལྷ་ཡེ་ཤེས་པ་རྣམས་གཏན་ནས་དེར་མི་ཉེ་ཞིང༌། དེར་ཤ་ཁྲག་ལ་དགའ་བའི་མཁའ་རྒྱུའི་ཡི་དྭགས་རྣམས་སྒྲུབ་པ་པོ་ལ་འཁོར་ནས་ཕན་ཚུན་གཅིག་གྲོགས་གཅིག་གིས་བྱས་པས་དེ་དག་གི་མཐུས་སྒྲུབ་པ་པོ་ལ་ལྷ་མཐོང་འདྲེ་མཐོང་མངོན་ཤེས་ལུང་བསྟན་ཕྲན་བུ་དང་འདྲེ་འདུལ་དང་ངག་ནུས་ཅུང་ཟད་རེ་ཡོད་པར་གྱུར་ནས་ཕ་མགོ་བུས་གཡོག་བུ་མགོ་དགྲས་གཡོག་པ་བཞིན་ལྷ་འདྲེས་མགོ་གཡོག་སྟེ་རེ་ཞིག་འཕྲལ་རྐྱེན་ཕྲན་བུ་རེ་སེལ་ཞིང་མཐུན་རྐྱེན་ཕྲན་བུ་རེ་སྒྲུབ་པའི་སྡོང་གྲོགས་ཅུང་ཟད་རེ་འཕྲལ་དུ་བྱེད་ནུས་ན་ཡང༌། ཅུང་ཟད་ཙམ་གྱིས་འཁུ་ལྡོག་འབྱུང་ཞིང་རང་གཞན་ལ་གནོད་ཚབ་ཆེ་བ་དང་ཕུགས་སུ་ཡོན་བདག་མཆོད་གཉིས་ཀར་ཁ་མི་དགེ་ཞིང་བཀྲ་མི་ཤེས་པས་འདི་ཕྱི་གཉིས་ཕུང་དུ་འགྱུར་བའི་མཁའ་རྒྱུའི་ཡི་དྭགས་རྣམས་ལ་བསླུ་བ་མེད་པའི་དཀོན་མཆོག་གསུམ་ལས་ཀྱང་བློ་སྙིང་བྲང་གསུམ་གཏད་ནས། མཆོད་ཅིང་བསྟོད་དེ་ལྷ་རུ་བསྟེན་པ་འདི། ཡི་དྭགས་ལྷ་རུ་མཐོང་བའི་དུས། །བོད་སྡུག་པའི་དུས་ལ་བབ་པ་ཡིན། །ཞེས་གསུངས་པའི་བདེན་པའི་ལུང་བསྟན་ཐོག་ཏུ་བབ་པ་ཡིན་ནོ། །དེ་ལྟར་མཁའ་ལ་རྒྱུ་བའི་བཙན་དང་རྒྱལ་པོ་ཤི་འདྲེ་ལ་སོགས་པ་ནི་དུས་རྟག་ཏུ་གཞན་ལ་བསམ་པ་ངན་ཞིང་སྦྱོར་བ་རྩུབ་པས་ཤིང་འཕོས་མ་ཐག་དམྱལ་བ་ལ་སོགས་པའི་ངན་སོང་དུ་ལྷུང་བ་མང་ངོ༌། །ཞག་བདུན་རེའི་མཚམས་སུ་རང་ཉིད་སྔར་མཚོན་སོགས་གང་གིས་ཤི་བའི་རྐྱེན་དེས་ཡང་འཆི་བར་འགྱུར་བའི་སྡུག་བསྔལ་མྱོང་ཞིང་སླར་སྐད་ཅིག་གིས་སྐྱེ་བས་ཡང་འཆི་ཡང་སྐྱེ་ལ་སོགས་པའི་སྡུག་བསྔལ་དེ་གཞན་ལ་སྤོར་བར་འདོད་པས་གང་དུ་ཕྱིན་པ་དེར་གནོད་ཅིང་རང་ལ་ཅི་ཡང་མི་ཕན་པ་དང༌། སྔོན་གྱི་རང་གི་མཛའ་བཤེས་སོགས་ཀྱི་དྲུང་དུ་དགའ་ནས་ཕྱིན་ཚེ་དེ་དག་ལ་གློ་བུར་དུ་ནད་དང་སྨྱོ་འབོག་ལ་སོགས་པ་མི་འདོད་པ་སྣ་དགུ་འབྱུང་བ་དང༌། གཞན་ནུས་མཐུ་ཅན་གྱིས་མནན་བསྲེགས་འཕང་གསུམ་བྱས་པས། ས་འོག་མུན་པའི་གནས་སུ་བསྐལ་པའི་བར་དུ་མནན་པ་དང༌། སྦྱིན་སྲེག་གི་མེས་བསྲེག་པ་དང༌། ཡུངས་ཀར་སོགས་ཀྱི་བྲབས་པས་ལུས་དུམ་བུ་སྟོང་དུ་འགྲོ་བ་ལ་སོགས་པ་དང་དུས་ཚིགས་དང་ཉི་ཟླ་ཕྱིན་ཅི་ལོག་སོགས་ཡི་དྭགས་སྤྱི་དང་མཐུན་པར་འཆར་རོ། །དེ་ལྟར་བསམས་ནས་འདྲེ་གདོན་རྣམས་ལ་ཡང༌། གནོད་བྱ་གནོད་བྱེད་རྒྱུ་འབྲས་ལས་ཀྱི་འབྲེལ། ཞེས་པ་ལྟར་བསམ་ནས་ཡོན་བདག་དང་འདྲེ་གདོན་གཉིས་ལས་ངན་གྱིས་འབྲེལ་བ་ལ་ཆགས་སྡང་མེད་པར་སྙིང་རྗེ་བསྒོམ་པའི་ཡུལ་དུ་མཉམ་པར་བལྟས་ནས་ནད་པ་སོགས་ལ་ཕན་ཕྱིར་འདྲེ་གདོན་ཨར་ལ་གཏད་པའི་དྲག་ལས་སྤངས་ཏེ་བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱིས་སེམས་བསྒོམ་པ་ནི་འཕྲལ་ཕུག་གཉིས་ཀར་ཕན་པའི་མན་ངག་དམ་པའོ། །དེ་ལྟར་ཕྱི་ནང་སྒོས་ཁུར་མཚུན་ལྷ་མཁའ་རྒྱུ་སོགས་ཡི་དྭགས་ཀྱི་སྡེ་ཚན་སུམ་ཅུ་རྩ་དྲུག་ཏུ་སྐྱེ་བའི་སྡུག་བསྔལ་རྒྱུ་འབྲས་ཐམས་ཅད་དང་བྲལ་ནས་དཔེར་ན་བྱང་སྒྲ༷་མི༷་སྙན༷་པའི༷་མི༷་རྣམས་ནི་སྐྱེས་པ་དང་མཉམ་དུ་དཔག་བསམ་གྱི་ཤིང་རེ་འབྱུང་ཞིང་སུས་ཀྱང་བདག་གིར་མ་བཟུང་ཞིང་མ་རྨོས་པའི་ལོ་ཐོག་དང་དཔག་བསམ་གྱི་ཤིང་དེ་ལས་ཟས་གོས་ལ་སོགས་པ་གང་འདོད་འབྱུང་བས་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པ་དང་རྒྱུད་འཇམ་ཞིང་རང་བཞིན་གྱིས་དགེ་བ་ཅན། མི་དགེ་བ་བཅུ་མི་སྤྱོད་པ་བཞི༷ན་དུ༷་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན་གནས་པའི་ཡི༷་དྭགས་རྣམ༷ས་ནི༷་བཟའ་བཏུང་གོས་རྒྱན་ལ་སོགས་འདོད་པའི་ཡོན་ཏན་ཐམས་ཅད་ལ་ལོངས་སྤྱོད་པའི་བདེ་བ༷་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར༷་ཅིག །འཕ༷གས་པ༷་སྤྱན༷་ར༷ས་གཟི༷གས་དབ༷ང་ཕྱུག་ཡི་དྭགས་ཀྱི་གནས་སུ་བྱོན་ཏེ་རང་གི༷་ཕྱག༷་སོར་བཅུ་དང་ཞབས་སོར་བཅུ་དང་སྐུའི་བ་སྤུའི་བུ་ག་ཐམས་ཅད་ན༷ས་འབ༷བ་པའི༷་བདུད་རྩི་འོ༷་མའི་རྒྱུན༷་ཏེ་མངར་ཞིང་རེག་བྱ་བསིལ་བ་དཔག་ཏུ་མེད་པ་ཀུན༷་གྱིས༷་ཡི༷་དྭགས་རྣམ༷ས་ནི༷་ཁ་མགྲིན་ཡངས་པར་གྱུར་ཏེ་ཇི་ལྟར་འདོད་པ་བཞིན་ཏུ་བཟའ་བཏུང་ལ་སོགས་པས་ཚིམ་པར་བྱས༷་ཤིང༷་བདུད་རྩིའི་ཆུ་ལ་ཁྲུས༷་བྱས༷་པས་ཚ་གདུང་དང་བྲལ་ཏེ་རྟག༷་ཏུ༷་བསི༷ལ་བའི་ཡིད་དུ་འོང་བ་དང་ལྡན་པར་གྱུར་པ་རྣམས་ལ་ཡི་གེ་དྲུག་མའི་ཆོས་སྒྲོགས་པ་ཐོས་པའི་མོད་ལ་བྱང་ཆུབ་སེམས་དཔའ་འདོད་པའི་སྦྱིན་ཞེས་བྱ་བ་མིང་མཐུན་པ་ཤ་སྟག་ཏུ་གྱུར་ཏེ་བདེ་བ་ཅན་དུ་སྐྱེས་པར་གསུངས་པ་ལྟར་བདེ་བ་དང་ལྡན་པ༷ར་ཤོག༷་ཅིག །མར་མེ་བརྐུས་པ་དང་བསད་པ་དང་ཆོས་ཀྱི་སྣང་བ་ལ་བར་ཆད་བྱས་པ་དང༌། ཆོས་ལ་ལོག་ལྟ་སྐུར་འདེབས་སྐྱེས་བུ་དམ་པ་དང་ཕ་མ་ལ་མིག་ལོག་དང་གླེགས་བམ་འཇིག་པར་བྱས་པ་དང༌། གཞན་གྱི་མིག་འབྱིན་པར་བྱས་པ་ལ་སོགས་པའི་ལས་ཀྱི་ལྷག་མའི་འབྲས་བུ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་སུ་མིག་ལོང་བའི་ལོ༷ང་བ༷་ཇི་སྙེད་ཡོད་པ་དང་དེའི་རྒྱུ་བསྒྲུབ་པ་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་ཐམས་ཅད་དང་བྲལ་ནས་དེ་རྣམ༷ས་ཀྱིས༷་མར་མེ་འབུལ་བ་ལ་སོགས་པ་རྒྱུ་སྒྲུབ་པ་དང་མིག་རྣམ་པར་དག་པས་གཟུག༷ས་རྣམ་པར་དག་པ་དང་ཡེ་ཤེས་ཀྱི་སྤྱན་གྱིས་ཤེས་བྱའི་ཆོས་ཐམས་ཅད་ཀྱི་ཇི་ལྟ་བ་དང་ཇི་སྙེད་པའི་དོན་མཐོ༷ང་ཞི༷ང་རྟོགས་པར་ཤོག་ཅིག །སྐུ་གསུང་ཐུགས་རྟེན་གྱི་མདུན་གྱི་རོལ་མོའི་སྒྲ་རྒྱུན་བཅད་པ་སོགས་ཀྱི་འབྲས་བུ་འོ༷ན་པ༷ས་ཏེ་འོན་པ་རྣམས་སྡུག་བསྔལ་དང་བྲལ་ཏེ་ལྷའི་རྣ་བའི་མངོན་པར་ཤེས་པས་དུས་རྟག༷་ཏུ༷་སྒྲ༷་ཡིད་དུ་འོང་བ་ཐོ༷ས་པར་ཤོག༷་ཅིག །བུད་མེད་སོགས་སྦྲུམ་མ་རྣམས་བུ་བཙའ་བའི་དུས་སུ་བུ་ལ་ལྕགས་ཀྱི་འཇུར་མིག་ཏུ་དྲང་བ་ལྟ་བུ་ལ་སོགས་པ་དང་མ་ལའང་རུས་ཚིགས་ཐམས་ཅད་འཁྲོལ་ཞིང་བྱེ་བ་ལ་སོགས་པའི་སྡུག་བསྔལ་ཆེན་པོས་མ་བུ་གཉིས་ཀའམ་གང་རུང་འཆི་བའམ་འཆི་ལ་ཐུག་པའི་སྡུག་བསྔལ་དང་བྲལ་ཏེ་ཡུམ་ལྷ་མོ༷་སྒྱུ༷་འཕྲུལ༷་ཆེན་མོ་ལས་སྲས་གཞོན་ནུ་དོན་ཐམས་ཅད་གྲུབ་པ་འཁྲུངས་པའི་ཚེ་ལུམྦི་ནི་ཡི་ནགས་ཚལ་གྱི་ཤིང་དྲུང་དུ་བཀྲ་ཤིས་པའི་ལྟས་ངོ་མཚར་བ་དང་བཅས་ཏེ་གནོད་པ་ཅི་ཡང་མེད་པར་མ་ཟད་བསམ་གཏན་གྱི་བདེ་བ་ཕུན་སུམ་ཚོགས་པ་ལྟ་བུ་དང་ལྡན་པར་འཁྲུངས་པ་ཇི༷་ལྟ་བ་བཞི༷ན་དུ༷་སྦྲུམ༷་མ༷་རྣམས་ལ༷འང་ནད་ལ་སོགས་པའི་སྡུག་བསྔལ་གྱི་གནོ༷ད་པ་མེ༷ད་པར་སྲས་མཚན་ལྡན་ཡིད་དུ་འོང་བ་བདེ་བའི་སྒོ་ནས་བཙ༷འ་བ༷ར་ཤོག༷་ཅིག །དེ་ཡང་བུ་ངན་པ་དང་བཟང་པོ་མངལ་ན་གནས་པ་ན་དེའི་རྟགས་མ་ལ་འབྱུང་སྟེ། སྔོན་མ་སྐྱེས་དགྲ་མངལ་ན་གནས་ཚེ་མས་བུའི་ཕ་གཟུགས་ཅན་སྙིང་པོའི་ཤ་ཟ་བར་འདོད་པ་དང༌། ཤཱ་རིའི་བུ་མངལ་ན་གནས་ཚེ་མ་ཉིད་མཁས་པ་སུ་དང་བརྩད་ཀྱང་རྒྱལ་བར་འགྱུར་བ་དང༌། རྒྱལ་བུ་བསོད་ནམས་སྟོབས་མངལ་ན་བཞུགས་ཚེ་བཀྲ་ཤིས་པའི་ལྟས་མང་པོ་དང་བཅས་ཤིང་མ་ཉིད་ཁྲི་མཐོན་པོར་འདུག་སྟེ་ཆོས་སྟོན་པར་འདོད་པའི་ཚེ་ཡབ་ཀྱིས་ཕྱོགས་ཐམས་ཅད་དུ་དྲིལ་སྒྲགས་ཏེ་འདུས་པ་ན་ཁྲི་མཐོན་པོར་བག་ཚ་བ་མེད་པར་འདུག་ནས་སྔོན་མ་བྱུང་བའི་ཚིགས་སུ་བཅད་པ། བསོད་ནམས་བསགས་ན་བདེ་བར་འགྱུར། དེ་ཕྱིར་མིས་ནི་བསོད་ནམས་བྱ། །དེ་ལས་ཡང་དང་ཡང་དུ་བྱ། །དེ་ཉིད་ལ་ནི་བརྩོན་པར་བྱ། །ཞེས་སྨྲས་མ་ཐག་ཏུ་ལེགས་པར་སྨྲས་སོ་མཆོག་ཏུ་སྨྲས་སོ་ཞེས་པའི་སྒྲ་བར་སྣང་ནས་བྱུང་བ་ལ་སོགས་པའི་ངོ་མཚར་བར་བྱུང་བ་དང༌། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ལྷུམས་སུ་བཞུགས་ཚེ་སྒྱུ་འཕྲུལ་མས་ཆོས་ཀྱི་རྣམ་གྲངས་མང་པོ་ཤེས་པ་དང་ནད་པ་རྣམས་ལ་ཟས་བྱིན་པའམ་ཕྱག་གིས་རེག་པ་ཙམ་གྱིས་ནད་ལས་གྲོལ་བ་ལ་སོགས་པ་དང༌། དབེན་པ་ལ་ཐུགས་དགྱེས་པའི་རྟགས་སུ་ཡུམ་ལུམྦིའི་ནགས་ཚལ་དུ་བྱོན་ནས་སྐུ་འཁྲུངས་པ་ལ་སོགས་པ་ལྟ་བུ་ཡིན་ནོ་གསུངས། སྐུ་གསུང་ཐུགས་རྟེན་གྱི་ན་བཟའ་དང་ཕ་མའི་གོས་བཤུས་ཤིང་ཤིག་གྲང་སར་འཕང་བ་ལ་སོགས་པའི་འབྲས་བུ་གོས་མེད་གཅེ༷ར་བུ༷་གྱུར་པ་རྣམ༷ས་ཀྱིས༷་སྡུག་བསྔལ་དང་བྲལ་ནས་སྲབ་འཇམ་ཡང་བ་རེག་ན་བདེ་བའི་ལྷའི་གོ༷ས་ཕུན་སུམ་ཚོགས་པ་དག༷་ཐོབ་པའི་བདེ་བ་དང༷་ལྡན་པར་ཤོག་ཅིག །དེ་བཞིན་དུ་ཞལ་ཟས་ལ་སོགས་པ་ལ་མི་དབང་བར་སྤྱད་པ་ལ་སོགས་པའི་འབྲས་བུས་ལྟོག་ངར་ཆེ་བ་གོ་ཡོར་དང་རྡོ་ཕྱེའི་ཁ་ཟས་ཅན་ཕུག་རོན་དང་ཁྱི་ལ་སོགས་པ་བཀྲེས་པ༷་ཡི་སྡུག་བསྔལ་བ་རྣམ༷ས་ཀྱི༷ས་རོ་བརྒྱ་ལྡན་པའི་ཟ༷ས་ཕུན་ཚོགས་དང༷་ནི༷་སྐོམ༷་པ༷་ཡི་སྡུག་བསྔལ་བ་རྣམ༷ས་ཀྱིས༷་ཡན་ལག་བརྒྱད་ལྡན་གྱི༷་ཆུ་དང་ལྷའི་བདུད་རྩི་དག༷་དང༷་མངར་གསུམ་གྱི་ཁུ་བ་ལ་སོགས་པ་ཡི་བཏུང༷་བ༷་ཞིམ༷་པོ་རྣམས་ཀྱང་ཐོ༷བ་པ༷ར་ཤོ༷ག་ཅིག །རྐུ་འཕྲོག་སོགས་ཀྱི་ལས་ཀྱི་ལྷག་མ་བཀྲེན༷་པའམ་དབུལ་ཞིང་ཕོངས་པར་གྱུར་པ༷་རྣམ༷ས་ཀྱིས༷་གསེར་དངུལ་རྟ་གླང་ལ་སོགས་པའི་ནོ༷ར་ཕུན་སུམ་ཚོགས་པ་ཐོབ༷་པར་ཤོག༷་ཅིག དེ་ལ་ཡང་ཕྱིའི་ནོར་ལོངས་སྤྱོད་མེད་པས་ཕོངས་ཤིང་དབུལ་བ་བས་ནང་སེམས་ཀྱིས་འདོད་པ་ཆེ་ཞིང་ཆོག་མི་ཤེས་པ་ནི་ཤིན་ཏུ་དབུལ་ཞིང་ཕོངས་པ་ཐ་ཆད་པ་སྟེ། དབུལ་པོ་དེས་པས་ནོར་བུ་རིན་པོ་ཆེ་རྙེད་པ་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ལ་ཕུལ་བ་ལ་སྟོན་པས་འཇིག་རྟེན་འདི་ན་སུ་དབུལ་ཞིང་ཕོངས་པ་དེ་ལ་སྦྱིན་ནོ་ཞེས་གཞན་ཕོངས་ཤིང་དབུལ་བ་སུ་ལའང་མ་སྦྱིན་པར་རྒྱལ་པོ་གསལ་རྒྱལ་ལ་སྦྱིན་པར་མཛད་པ་ལྟ་བུ་ཡིན་ནོ། །སེམས་མྱ་ངན༷་གྱིས་གདུངས་ཤིང་ཉ༷མ་ཐག༷་པ་རྣམས་ཀྱང་མྱ་ངན་དང་བྲལ་ནས་སེམས་དག༷འ་བདེ་རྒྱ་ཆེན་པོ་ཐོབ༷་པར་ཤོ༷ག་ཅིག །རེ་ཆེ་བས་གཉེན་གྲོགས་ཀྱིས་བསླུས་པ་དང༌། ཆོས་འཇིག་རྟེན་གྱི་བྱ་བ་གང་དག་མི་འགྲུབ་པར་ཤེས་པས་ཡི༷ད་ཆ༷ད་པ་རྣམ༷ས་ཀྱང༷་སླར་འགྲུབ་པར་ཤེས་པས་ཡི༷ད་སོ༷ས་ཤིང༷་བརྟ༷ན་པ༷་སྟེ་འགྲུབ་ངེས་པས་སེམས་ལ་དཔའ་གདེངས་ཕུ༷ན་སུམ༷་ཚོ༷གས་པ་ཐོབ་པ༷ར་ཤོག་ཅིག །སྐྱེ་དགུ་སེམས་ཅན་རྣམས་ཀྱིས་སྤྱོད་ངན་མི་དགེ་བ་སྣ་ཚོགས་བྱས་པའི་དབང་གིས་ནད་རིགས་མི་འདྲ་བ་སྣ་ཚོགས་པ་དང་ཁྱད་པར་གཉན་ནད་ནག་པོ་རྒྱུག་འགྱེལ་ལ་སོགས་པའི་མ་རུངས་པའི་ནད་ཀྱིས་མནར་བའི་སེ༷མས་ཅ༷ན་འཇིག་རྟེན་གྱི་ཁམས་ན་ན༷ད་པ༷་ཇི༷་སྙེད༷་ཡོད་པ༷་དེ་དག་ཀྱང་ད་ལྟ་མྱུར༷་བ་ཉིད་དུ༷་ཚ་གྲང་ལ་སོགས་པའི་ན༷ད་རྣམས་ལ༷ས་ཐ༷ར་བ༷ར་གྱུར༷་ཅི༷ག །འགྲོ་བ་མཐའ་ཡས་པའི༷་ན༷ད་ནི༷་རླུང་མཁྲིས་བད་ཀན་ལྡན་པའི་ནད་རིགས་བཞི་བརྒྱ་རྩ་བཞི་ལ་སོགས་པ༷་མ༷་ལུས༷་པ༷་རྣམས་དུས་རྟག༷་ཏུ་འཇིག་རྟེན་གྱི་ཁམས་ཀུན་ཏུ་གང་ཟག་སུ་ལའང་འབྱུང༷་བ༷ར་མེ༷ད་པ༷ར་ཤོག༷་ཅིག །རྒྱལ་པོ་དང་ཆོམ་རྐུན་ཤ་ཟ་མེ་ཆུ་དུག་སྦྲུལ་ལ་སོགས་པའི་འཇིགས་པ་ཆེན་པོ་བཅུ་དྲུག་གིས་འཇིགས་ཤིང་སྐྲག༷་པ༷་རྣམ༷ས་ལ་ནི༷་འཇི༷གས་པ་དེ་དག་མེ༷ད་ཅིང་མི་འབྱུང་བར་ཤོ༷ག་ཅིག །ཡན་ལག་ལྕགས་སྒྲོག་ལ་སོགས་པས་བཅིང་བ་དང་སྒོ་གསུམ་བྱད་ཀྱིས་བཅི༷ངས་པ༷་རྣམས་ནི༷་འཆིང་བ་སྣ་ཚོགས་པ་ལས་གྲོལ༷་ཞིང་ཐར་བ༷ར་གྱུར༷་ཅིག །མཐོ་རྒྱལ་པོ་ནས་དམའ་འབུ་སྦྲང་ཡན་ཆད་ཁས་ཞན་ཅིང་དབང་ཆུང་བས་མཐུ༷་སྟོབས་ནུས་པ་མེ༷ད་པ་རྣམ༷ས་ནི༷་ཁས་དྲག་ཅིང་དབང་ཆེ་བས་མཐུ༷་སྟོབས་ནུས་པ་དང་ལྡན༷་ཞིང༷་ཕུན་སུམ་ཚོགས་པར་གྱུར་ནས་ཀྱང་ང་རྒྱལ་ཕྲག་དོག་འཁྲུག་རྩོད་སོགས་མེད་པར་སེ༷མས་ནི༷་ཕ༷ན་ཚུན༷་བརྩེ་ཞིང་བྱམས་པས་མཉེ༷ན་ཞིང་འཇམ་པ་དང་ལྡན་པས་འགྲོགས་པར་གྱུར༷་ཅིག༷ །ཚོང་ལ་སོགས་པ་ལུགས་གཉིས་གང་གི་དོན་དུ་ལམ་དུ་ཞུགས་པའི་འགྲོ༷ན་པོ༷་དག༷་ནི༷་གང་སུ་ཡང་རུང་བ་ཐ༷མས་ཅ༷ད་ལ༷་ཡང་གང་དུ་འགྲོ་བའི་ཕྱོག༷ས་རྣམ༷ས་ཐ༷མས་ཅ༷ད་དུ་མི་ནད་དང་ཕྱུགས་ནད་དགྲ་རྐུན་ལ་སོགས་པའི་འགལ་རྐྱེན་ཉེར་འཚེ་མེད་ཅིང་བཀྲ་ཤིས་པའི་མཐུན་རྐྱེན་ཕུན་སུམ་ཚོགས་པས་ལམ་འཇམ་ཞིང་བདེ༷་བ༷ར་ཤོ༷ག་ཅིག །རང་རང་གསེར་དངུལ་ལ་སོགས་པ་ལུགས་གཉིས་ཀྱི་དགོས་པ་ག༷ང་གི༷་དོན་དུ་འགྲོ་བར༷་བྱེད་པ་ཡི་དོན་དེ༷་ཐམས་ཅད་ཀྱང་འབ༷ད་པ་དང་རྩོལ་བ་གང་ཡང་མི༷་དགོ༷ས་པར་ལྷུན་གྱིས་འགྲུབ༷་པར་གྱུར༷་ཅི༷ག །ཆུ་བོ་ཆེན་པོ་ལ་གྲུ༷་དང༷་རྒྱ་མཚོ་ཆེན་པོ་ལ་གྲུ་ཆེ༷ན་པོ༷་གཟི༷ངས་སུ་ཞུག༷ས་པ་རྣམ༷ས་དུས་མིན་གྱི་རླུང་དང་ཆུ་སྲིན་ལ་སོགས་པའི་གནོད་པའི་ཉེར་འཚེ་ཅི་ཡང་མེད་པར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལེན་པ་ལ་སོགས་པའི་ཡི༷ད་ལ༷་བས༷མ་པ༷་ཡི་དོན་ཐམས་ཅད་འབད་རྩོལ་མེད་པར་འགྲུ༷བ་པར་གྱུར༷་ཏེ་ཆུ༷་ཡི༷་ཚུ་རོལ་ངོགས་སུ༷་ལུས་སེམས་བདེ༷ར་ཏེ་བདེ་བར་ཕྱི༷ན་ན༷ས་རང་རང་གི་ཕ་མ་གཉེན་གྲོགས་རྣམས་དང༷་ལྷན༷་ཅི༷ག་ཏུ་གཞི་བྱེས་ཀུན་བདེ་བར་གདོང་འཛོམ་སྟེ་དགའ་བདེའི་གཏམ་དང་སྟོན་མོ་སྣ་ཚོགས་བྱེད་པས་དག༷འ་བར༷་ཤོ༷ག་ཅིག །མྱ༷་ངན་སྟེ་རྩ་ཆུ་ཤིང་སོགས་མེད་པས་དབེན་པའམ་མྱ་ངན་གྱི་ཐང་དང་ནགས་ཚལ་འཇིགས་སུ་རུང་བ་ལ་སོགས་པ་རྣམས་སུ་ལམ༷་གོ༷ལ་བའམ་ནོར་ནས་གར་འགྲོ་གཏོལ་མེད་པས་འཁྱམ༷ས་པ༷་རྣམ༷ས་ལ་ལམ་སྟོན་པའི་དོན་མཐུན་གྱི་འགྲོན༷་པོ༷་དག༷་དང༷་ཕྲད༷་པར་གྱུར༷་ན༷ས་ཆོམ༷་རྐུན་དང་སྟག༷་སེང་དུག་སྦྲུལ་ལ་སོ༷གས་པའི་འཇི༷གས་པ་མེ༷ད་པར་ལམ་དུ་དཀའ་ཚེགས་ཀྱིས་མི༷་ང༷ལ་བར་བདེ༷་བླག་ཉིད་དུ་འདོ༷ང་ཞིང་འོང་བར་ཤོ༷ག་ཅིག །སྟག་གཟིག་དུག་སྦྲུལ་ལ་སོགས་པའི་འཇིགས་པ་དང་བཅས་པའི་འབྲོག་དགོ༷ན་པ་མི་ཡི་རྒྱུ་འགྲུལ་མེད་ཅིང་འདྲེ་སྲིན་སོགས་མི་མིན་གདུག་པ་ཅན་གནས་པར་གྲགས་པ་བྲག་རི་གཟིངས་མཐོ་བ་ལ་སོགས་པ་ལམ་མེ༷ད་ཅིང་ཉ༷མ་ང༷་བ༷ར་སྟེ་འཇིགས་པ་ཆེ་བའི་གནས་སུ་བྱིས༷་པ༷་གཞོན་ནུ་དང་རྒན༷་པོ༷་ལོ་ལོན་མགོ༷ན་མེ༷ད་པ༷་སྤྲང་པོ་དག་ལམ་དུ་ངལ་ཞིང་དུབ་པས་གཉི༷ད་དུ་ལོག་པ་དང་མྱོས༷་ཏེ་དྲན་པ་ཉམས་ཤིང༷་ར༷བ་ཏུ་མྱོས༷་པས་བག་མེད་པར་གྱུར་ཏེ་བླ་འཁྱམ་པ་རྣམ༷ས་ཚེ་ལེན་མདང་འཕྲོག་སྲོག་གཅོད་པ་ལ་སོགས་པའི་འདྲེ་སྲིན་པོ་ཤ་ཟ་འབྱུང་པོས་ཟ་བར་བྱེད་པས་ན་དེ་དག་ལ་འཕགས་པའི་ལྷ་གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔ་ལ་སོགས་པ་དང་རང་རང་གི་འགོ་བའི་ལྷ་ལྔ་དང་ཡུལ་དེའི་གཞི་བདག་སོགས་དཀར་ཕྱོགས་ཀྱི་ལྷ༷་དག༷་གིས་བར་ཆད་ལས་བསྲུང༷་བ༷་དང་སྐྱབས་པར་བྱེ༷ད་པ༷ར་ཤོ༷ག་ཅིག །འདྲེ་ལའང་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་ཅན་ཡོད་དེ། དགེ་སློང་གཉིས་ལམ་དུ་འགྲོ་བ་ལ་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་དང་མི་དད་པའི་སྲིན་པོ་གཉིས་ཀྱང་རྗེས་སུ་འབྲང་སྟེ་མི་དད་པ་དེས་འདི་གཉིས་ཀྱི་ཚེ་ལེན་ཅིང་མདངས་འཕྲོག་གོ་ཞེས་ཟེར་བ་ལ་དད་པ་ཅན་དེས་འདི་གཉིས་ཀྱི་ཆོས་ཞིག་གསུངས་ན་དེ་ལྟར་མི་བྱེད་མ་གསུང་ན་དེ་ལྟར་བྱེད་དོ་ཞེས་སོང་བ་ན་དེ་གཉིས་ཀྱིས་དོན་མེད་ཀྱི་གཏམ་བཤད་ནས་ཟམ་ཁ་ཞིག་ནས་ཕན་ཚུན་བག་ཡོད་པར་གྱིས་ཤིག་ཅེས་བརྗོད་ནས་རང་རང་སོ་སོར་འགྲོ་བ་ན་སྲིན་པོ་གཅིག་ཤོས་སྐྲ་གཟིངས་བ་སོགས་ཚེ་ལེན་ཅིང་མདངས་འཕྲོག་པའི་ཉམས་སྟོན་པ་ལ་གཅིག་ཤོས་ཀྱིས་ཁྱོད་ཅི་བྱེད་ཆོས་གསུངས་པ་མ་ཐོས་སམ། ཅི་གསུངས་སོ་སོར་འགྲོ་བ་ན་བག་ཡོད་པར་གྱིས་ཤིག་ཅེས་བརྗོད་པས་བག་ཡོད་པ་ལས་ལྷག་པའི་ཆོས་ཅི་ཞིག་ཡོད་ཅེས་དེས་དེ་གཉིས་བསྲུང་བར་བྱས་པ་ལྟ་བུའོ། །ལུས་ཅན་ཐམས་ཅད་མི༷་ད༷ལ་ཞིང་མི་ཁོམས་པའི་གནས་བརྒྱད་པོའི་སྡུག་བསྔལ་ཀུན༷་ལ༷ས་ཐ༷ར་ནས་དལ་བ་མི་ཡི་ལུས་རྟེན་བཟང་པོ་ཐོབ་པའི་བདེ་བ༷་དང༷་ལྡན་པར་ཤོག་ཅིག །མིར་གྱུར་ནའང་རང་རྒྱུད་ལོག་ལྟས་བསླད་པ་རྣམས་སྣོད་ཁ་སྦུབ་ལྟ་བུར་སངས་རྒྱས་བྱོན་ཀྱང་དོན་དུ་མི་འགྱུར་བས་དཀོན་མཆོག་དང་བདེན་བཞི་རྟེན་འབྲེལ་དང་ཁྱད་པར་ལས་རྒྱུ་འབྲས་ལ་ཡིད་ཆེས་ཀྱི་དད་པ་མེད་ན་བླང་དོར་ཕྱིན་ཅི་ལོག་ཏུ་གྱུར་ནས་ངན་སོང་ནས་ངན་སོང་དུ་བརྒྱུད་མར་འཇུག་པ་ལས་མེད་པས་ན་དེ་དག་སྡུག་བསྔལ་དང་བྲལ་ཏེ་དང་འདོད་ཡིད་ཆེས་ཕྱིར་མི་ལྡོག་པའི་ད༷ད་པ་ཕུན་སུམ་ཚོགས་པ་དང༷་ལྡན་པར་ཤོག་ཅིག །བླང་དོར་གྱི་གནས་ལེགས་པར་ཤེས་པའི་ཤེས་རབ་ཀྱི་མིག་ལོང་བས་བླུན་ཞིང་རྨོངས་པ་རྣམས་ཀྱིས་འཇིག་རྟེན་ཚེ་འདིའི་དོན་ཙམ་ཡང་མི་འགྲུབ་ན་དམ་པའི་ཆོས་མི་ཤེས་པ་དང་མི་འགྲུབ་པ་ལྟ་སྨོས་ཀྱང་ཅི་དགོས། དེས་ན་ཤེས་རབ་མེད་པ་རྣམས་ཀྱིས་རང་གཞན་གྱི་དོན་མི་འགྲུབ་པ་སོགས་རྨོངས་པའི་སྡུག་བསྔལ་དང་བྲལ་ཏེ་སྐྱེས་སྦྱང་གི་ཤེ༷ས་རབ༷་ཕུན་སུམ་ཚོགས་པ་དང་ལྡན་པ་དང༌། ཐེག་ཆེན་ལམ་གྱི་རྩ་བ་སེམས་ཅན་ལ་སྙིང་རྗེ་ཡིན་པས་དེ་དང་བྲལ་ནས་སེམས་ཅན་རྣམས་ལ་སྙིང་རྗེ་མེད་པའི་བསམ་སྦྱོར་གྱིས་འདི་ཕྱི་གཉིས་ཕུང་གི་སྡུག་བསྔལ་དང་བྲལ་ཏེ་སེམས་ཅན་རྣམས་ལ་མ་ལྟར་བརྩེར༷་ལྡན༷་ཞིང༷་སྟེ་བརྩེ་བའི་སྙིང་རྗེ་ཆེན་པོ་དང་ལྡན་པ་དང་མ་དག་པའི་ཟས་སྡིག་ཟས་ཤ་ཆང་སོགས་དང༌། ལོག་འཚོ་ལྔ་སྟེ། རིན་ཆེན་ཕྲེང་བ་ལས། ཚུལ་འཆོས་རྙེད་དང་བཀུར་སྟིའི་ཕྱིར། །དབང་པོ་སྡོམ་པར་བྱེད་པ་སྟེ། །ཁ་གསག་རྙེད་དང་བཀུར་སྟིའི་ཕྱིར། །ཚིག་འཇམ་སྔར་ནི་སྨྲ་བའོ། །གཞོག་སློང་དེ་ནི་ཐོབ་བྱའི་ཕྱིར། །གཞན་གྱི་རྫས་ལ་བསྔགས་བྱེད་པའོ། །ཐོབ་ཀྱིས་འཇལ་བ་རྙེད་པའི་ཕྱིར། །མངོན་སུམ་གཞན་ལ་སྨོད༷་བྱེད༷་པའོ། །རྙེད་པས་རྙེད་པ་རྣམས་འདོད་པ། །སྔར་ཐོབ་པ་ལ་བསྔགས་བྱེད་པའོ། །ཞེས་པ་དང༌། ལྡན་གྲོལ་མེད་པས་དད་ཟས་གཤིན་དཀོར་སྟེ། འདུལ་བ་ས་གའི་ལྷས། མི་སློབ་པ་ནི་བདག་པོར་སྤྱོད། །སློབ་པ་བྱིན་པ་སྤྱོད་པ་སྟེ། །བསམ་གཏན་ཀློག་དང་ལྡན་པ་ལ། རྗེས་གནང་སྤྱོད་པས་ཉེས་པ་མེད། །ལྷག་མ་ལེ་ལོས་བཅོམ་པ་ཡི། །བདག་ཉིད་རྣམས་ནི་བུ་ལོན་སྤྱོད། །ཚུལ་འཆལ་རྣམས་ལ་ནམ་དུ་ཡང༌། །གཙུག་ལག་ཁང་སོགས་ཉེར་སྤྱོད་བཀག །ཅེས་དང༌། སྙིང་གི་ཐུར་མ་ལས། ཚུལ་ཁྲིམས་འཆལ་བས་ས་ནི་གོམས་པ་གང༌། །ཟས་ནི་ཁམ་གཅིག་བཏུང་བ་ཆུ་ཕོར་གང༌། །ཙམ་ཞིག་དགེ་འདུན་རྫས་ལ་ལོངས་སྤྱོད་ན། །ལོག་འཚོ་ཡིན་ཏེ་དམྱལ་བར་སྐྱེ་བར་གསུངས། །ཞེས་གསུངས་པས་ན། མ་དག་པའི་ཟས་སོགས་ལ་ལོངས་སྤྱོད་པ་རྣམས་དེ་དང་བྲལ་ནས་འཚོ་བ་བྱ་ཚོལ་བྱིས་ཚོལ་གང་བྱུང་དེས་ཆོག་སྡིག་དང་མ་འདྲེས་པས་འཚོ་བ་རྣམ་པར་དག་པའི་ཟས་ཕུན་སུམ་ཚོགས་པ་དང༷༌། སྤྱོད་པ་ངན་པ་ཕ་མར་བརྙས༷་ཞིང་སྨོད་པ་དང་ཚོང་ཁེ་དཔོག །བཤས་ཉོ་བཤས་བཙོང་བག་མེད་ཐོ་ཅོ་ཁྱིམ་པ་སུན་འབྱིན་གྱི་སྤྱོད་པ་དཀོན་མཆོག་གི་རྐང་འདྲེན། བསྟན་པའི་བླ་བཙོང་སྡོམ་པ་ཉམས་ཤིང་དམ་ཚིག་འཆལ་བའི་སྤྱོད་པ་ངན་པས་རང་གཞན་གཉིས་ཕུང་གི་སྤྱོད་ངན་དང་བྲལ་ནས་མནའ་མི་ཟ། ཆང་མི་འཐུང༌། རྫུན་མི་བཤད། མི་ཆོས་གཙང་མ་བཅུ་དྲུག་གིས་གཞུང་བཟུང༌། ལྷ་ཆོས་འཕགས་པའི་ནོར་བདུན་གྱིས་རྒྱུད་འབྱོར་བས་བརྒྱན་ཏེ། ཚུལ་ཁྲིམས་རྣམ་པར་དག་པས་གཞི་བྱས་ཏེ། ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ལ་རྩེ་གཅིག་ཏུ་སྤྱོད༷་པ་རྣམ་པར་དག་པ༷་ཕུ༷ན་སུམ་ཚོག༷ས་པའི་སྒོ་ན༷ས་བསྟན་འགྲོ་ལ་ཕན་པ་བླ་ན་མེད་པ་དང་ལྡན་པར་ཤོག་ཅིག །ཚེ་རབས་དྲན་ན་ལས་རྒྱུ་འབྲས་ལ་ཡིད་ཆེས་པ་དང༌། བྱང་ཆུབ་སེམས་ཀྱི་རིགས་སད་དེ་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ལ་སོགས་པའི་དོན་ཆེན་པོ་ཡོད་པས་གང་དུ་སྐྱེས་པའི་སྐྱེ་བ་ཐམས་ཅད་དུ་དུས་རྟག༷་ཏུ་ཚེ༷་རབ༷ས་ཐམས་ཅད་དྲན༷་པ་དང་ལྡན་པར་གྱུར༷་ཅིག༷ །དེ་ཡང་དཔེར་ན་ཤཱ་རའི་བུས་ཆོས་གསུང་པ་ཐོས་པའི་ཁྱི་མོ་ཤི་བ་བུ་མོར་སྐྱེས་པས་ཚེ་རབས་དྲན་ནས་རབ་ཏུ་བྱུང་སྟེ་བརྩོན་པས་དགྲ་བཅོམ་པ་ཐོབ་པར་གྱུར་པ་དང༌། རྒྱལ་བུ་ལྐུགས་འཕྱེ་ལྟ་བུ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ཐོབ་པ་ན་གཏེར་ཆེན་པོ་གཡས་ན་ལྔ་བརྒྱ་དང་གཡོན་ན་ལྔ་བརྒྱ་ལ་སོགས་པའི་ལོངས་སྤྱོད་དང་ཅི་འདོད་ཐམས་ཅད་ནམ་མཁའ་ལས་འབྱུང་བར་འགྱུར་བ་ལྟར་འགྲོ་བ་སེམས་ཅན་ཐ༷མས་ཅ༷ད་ལ་ནམ༷་མཁ༷འ་མཛོ༷ད་བཞི༷ན་དུ་ཆོས་དང་མཐུན་པའི་ལོ༷ངས་སྤྱོད༷་རྒྱ་ཆེ་ཞིང་རྒྱུན་ཆ༷ད་པ༷་མེ༷ད་པ༷ར་ཤོག༷་ཅིག །ལོངས་སྤྱོད་ཀྱི་ཆེད་དུ་ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་ལ་སོགས་པས་ངལ་དུབ་དང་ཕན་ཚུན་འཐབ་པ་དང་རྩོད༷་པ༷་མེ༷ད་ཅི༷ང་དགྲ་གདོན་གྱི་གནོད་འཚེ༷་མེ༷ད་པ༷ར་ར༷ང་རང་གིས་དབ༷ང་ཐོབ་པ་ཉིད་དུ༷་ནི༷་ཅི་འདོད་དང་ཅི་བདེར་ལོངས་སྤྱོད་པ༷ར་ཤོག༷་ཅིག །སེ༷མས་ཅ༷ན་གང༷་ལྷ་རྣམས་ལ་གཟུགས་ངན་པ་དང་གཟི༷་བརྗིད༷་ཆུང༷་ངུ༷་ག༷ང་གཟུགས་བཟང་ཞིང་གཟི་བརྗིད་ཆེ་བ་རྣམས་ཀྱིས་ཟིལ་གྱིས་གནོན་པའི་སྡུག་བསྔལ་དང་མི་ལའང་བླ་མ་དཔོན་པོ་སོགས་གཟུགས་དང་གཟི་བརྗིད་ངན་པ་ལ་མི་དགའ་ཞིང་རང་ཡང་ཉམས་མི་བདེ་བ་ལ་སོགས་པའི་སྡུག་བསྔལ་དང་བྲལ་ནས་ལྷ་མི་དེ༷་ད༷ག་གཟུགས་བཟང་ཞིང་གཟི༷་བརྗི༷ད་ཕུན་སུམ་ཚོགས་པ་ཆེ༷ན་པོ༷ར་ཤོ༷ག་ཅིག གཟུགས་ངན་པའི་སྡུག་བསྔལ་དཔེར་ན་བུ་མོ་རྡོ་རྗེ་མ་ལྟ་བུ་ལ་སོགས་པའོ། །ཁ་ཟས་མེད་རྒྱབ་གོས་མེད་པ་ལ་སོགས་པའི་དཀ༷འ་ཐུབ༷་ཅ༷ན་གྱི་ག༷ང་ཟ༷ག་གང་ཞིག་དཀའ་ཐུབ་ཀྱི་དབང་གིས་གཟུག༷ས་རིད་ཅིང་ང༷ན་པར་གྱུར་པ༷་དེ་དག་ཐམས་ཅད་གཟུག༷ས་བཟང་པོ་ཕུན༷་སུམ༷་ཚོ༷གས་པ་དང་ལྡན་པར་གྱུར༷་ཅི༷ག །འཇི༷ག་རྟེན༷་གྱི་ཁམས་ན་བུ༷ད་མེ༷ད་དབང་ཆུང་ཞིང་མངལ་འཛིན་པ་དང་མོ་ནད་སོ་གཉིས་ལ་སོགས་པའི་ནད་ཀྱང་མང་བར་གྱུར་པ་ཇི༷་སྙེད༷་ཡོ༷ད་པ༷་དེ༷་ད༷ག་ཐམས་ཅད་སྐྱེས༷་པའི་ལུས་ཕུན་སུམ་ཚོགས་པ༷་ཉི༷ད་ཐོབ་པར་གྱུར༷་ཅི༷ག །རིགས་དང་ལོངས་སྤྱོད་ལ་སོགས་པ་དམན་པས་རྟ་བཤའ་གཏོ་ལེན་རོ་ཁུར་ཤན་པ་ལ་སོགས་པའི་མ༷་ར༷བས་རྣམ༷ས་ནི༷་གཞན་དག་གིས་བརྙས་ཤིང་སྨད་པའི་གནས་སུ་གྱུར་པ་ཡིན་པས་དེ་དང་བྲལ་ནས་རིགས་དང་ལོངས་སྤྱོད་ཆེ་ཞིང་མཐོ༷་བའི་གོ་ས་ཐོབ༷་པར་གྱུར་ཅི༷ང་དེ་དག་གི་དྲེགས་པ་དང་ང་རྒྱལ་དག༷་ཀྱང༷་བཅོ༷མ་ནས་ཞི་དུལ་དང་ལྡན་པ༷ར་ཤོག༷་ཅིག །བད༷ག་གི༷་དུས་གསུམ་དུ་བསགས་པའི་བསོ༷ད་ནམས་དགེ་བ་འདི༷་ཉིད་ཀྱི་མཐུ་ཡི༷ས་ནི༷་ནམ་མཁའ་དང་མཉམ་པའི་སེ༷མས་ཅ༷ན་ཐམས་ཅད་མ༷་ལུ༷ས་པ༷་རྣམས་ཀྱི་རྒྱུ་སྡིག༷་པ་མི་དགེ་བའི་ལས་ཐམ༷ས་ཅ༷ད་སྤང༷་ན༷ས་ནི༷་དུས་རྟག༷་ཏུ༷་རྒྱུན་མི་འཆད་པར་དགེ༷་བ༷་ཕུན༷་སུམ་ཚོགས་པ་བྱེད༷་པར༷་ཤོག༷་ཅིག །ཁྱད་པར་དུ་བྱང་ཆུབ་སེམས་དཔའི་ལ༷མ་ཐམས་ཅད་བསམ་སྦྱོར་གཉིས་སུ་འདུ་བས་བསམ་པ་བྱང༷་ཆུབ༷་ཀྱི་སེ༷མས་སྨོན་འཇུག་གཉི༷ས་དང༷་མི༷་འབྲལ༷་ཞིང༷་སྦྱོར་བ་ཕ་རོལ་དུ་ཕྱིན་པ་དྲུག་གིས་གཞན་དོན་བསྒྲུབ་པའི་བྱང༷་ཆུབ༷་སེམས་དཔའི་སྤྱོད༷་པ་ལ༷་གཞོ༷ལ་བ༷་དང༷༌། མཐུན་རྐྱེན་གྲོགས་ས༷ངས་རྒྱས༷་དང་བྱང་ཆུབ༷་སེམས་དཔའ་རྣམ༷ས་ཀྱི༷ས་ཐུགས་བརྩེ་བ་ཆེན་པོས་ཡོ༷ངས་སུ་བཟུ༷ང་ཞིང༷་བདག་གིར་མཛད་པ་དང༌། འགལ་རྐྱེན་འདུ་འཛི་དང་རྣམ་གཡེང་གཉིད་རྨུག་རྒོད་འགྱོད་ལ་སོགས་པའི་བདུད༷་ཀྱི༷་ལ༷ས་རྣམས་མ་ལུས་པ་སྤོང༷་བ༷ར་ཤོག༷་ཅིག །བདུད་ལས་དེ་ལ་ཡང་མདོ་ལས་མང་དུ་གསུངས་པ། བྱམས་པས་ཤེར་ཕྱིན་དུ་བསྡུས་པ་ལྟ་བུ་སྟེ། དེ་ཡང་ཉམས་ལེན་བརྩོན་འགྲུས་ཅན་ལ་བདུད་ནི་ལྷག་པར་ལྡང༌། ཞེས་བརྩོན་འགྲུས་ཆེ་ཡང་ཤེས་རབ་མེད་ན་བདུད་ཀྱིས་བར་ཆད་བྱེད་ནུས་ཏེ་བདུད་བཤེས་གཉེན་དུ་སྤྲུལ་ནས་འོང་སྟེ། ཁྱོད་སྔོན་སྦྱོངས་པའི་ཡོན་ཏན་དང་ལྡན་པ་འདི་འདྲའོ་ཞེས་སོགས་ཡོན་ཏན་དང་ལྡན་པར་ལུང་སྟོན་པ་དང༌། ཁ་ཏོན་འདོན་པ་གཅིག་པུས་ཆོག་ཟེར་བ་སོགས་དང༌། བླ་སློབ་སྤྱོད་པ་མ་མཐུན་པས་ཆོས་འཆད་ཉན་ལུས་པ་དང༌། རང་གི་ཚུལ་ཁྲིམས་སོགས་ལ་མཆོག་འཛིན་དང༌། གཞན་ལ་བརྙས་པ་དང༌། འདོད་ཡོན་བདུད་ཀྱིས་གཡབ་མོ་ཡིན། །ཞེས་གསུངས་པ་ལྟར་མངོན་ཤེས་རྙེད་བཀུར་སོགས་ཀྱང་བདུད་ལས་ཡིན་ནོ། །དེ་ལ་ལེ་ལོ་ཅན་ལ་བདུད་མེད་དེ་ལེ་ལོ་དེ་ཉིད་བདུད་ཡིན་པར་གསུངས་སོ། །ཤེས་རབ་ཅན་ལ་བདུད་མེད་དོ། །སྡུད་པ་ལས། རྒྱུ་རྣམས་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཏེ། སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མ་གཏོང་དང༌། ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །ཞེས་གསུངས་པས་སོ། །བདེ་འགྲོར་སྐྱེས་པའི་སེ༷མས་ཅ༷ན་དེ༷་དག༷་ཐ༷མས་ཅ༷ད་ནི༷་ཚེ༷་ཡ༷ང་དཔ༷ག་ཏུ་མེད་པ་ཐུབ་ཅིང་ཡུན་རིང་དུ་གནས་པ༷ར་ཤོག༷་ཅིག །ཇི་སྲིད་གནས་པའི་བར་དུ་ཡང་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པས་དུས་རྟག༷་ཏུ༷་བདེ༷་བ༷ར་འཚོ༷་བར་འགྱུར༷་ཞིང༷་དུས་མ་ཡིན་པར་འཆི༷་བའི༷་སྒྲ་ཙམ་ཡང༷་གྲགས་པར་མ༷་གྱུར༷་ཅིག །ཞིང་སྦྱོང་བའི་སྨོན་ལམ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཅི་འདོད་འབྱུང་བའི་དཔ༷ག་བས༷མ་གྱི་ཤིང༷་གི༷་སྐྱེད༷་མོ༷ས་ཚ༷ལ་ཕུན་ཚོགས་པ་ཡིད་དུ་འོང་བ་རྣམས་སུ་ས༷ངས་རྒྱས༷་བཅོམ་ལྡན་འདས་རྣམ༷ས་དང༷་ནི་ས༷ངས་རྒྱས༷་ཀྱི་སྲས༷་བྱང་ཆུབ་སེམས་དཔའ་ཆོ༷ས་ཀྱི་སྒྲ་སྙན༷་པ་ཡིད་དུ་འོང་བ་འབའ་ཞིག་སྒྲོག༷ས་པ༷ས་ག༷ང་བ༷་ཡི༷ས་སའི་ཕྱོག༷ས་རྣམ༷ས་ཐ༷མས་ཅ༷ད་ག༷ང་བ༷ར་ཤོ༷ག་ཅིག །གནས་ཐ༷མས་ཅ༷ད་དུ༷་ཡ༷ང་ས༷་ཡི༷་གཞི༷་དག༷་ནི་རྡོ་དང་གསེ༷ག་མ༷་དང་ངམ་གྲོག་གཅོང་རོང་ཚེར་མ་ལ༷་སོ༷གས་པ་མེ༷ད་པ༷་དང༌། ལ༷ག་མཐི༷ལ་ལྟར༷་ཁོད་མཉ༷མ་ཞིང་ཐ་གྲུ་ཡངས་པ་བལྟ་ན་སྡུག་པ་བཻ༷ཌཱུརྱ༷འི་རང༷་བཞིན་ལས་གྲུབ་པ་ཚོན་སྣ་བརྒྱ་རྩ་གཅིག་ལ་སོགས་པས་མིག་མངས་རིས་སུ་བྲིས་པ་ལྷའི་གོས་ཀ་ཙ་ལི་ཀ་ལྟར་རེག་ན་འཇ༷མ་པོ༷ར་གྱུར་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་གན༷ས་པར་གྱུར་༷་ཅི༷ག །དགོན་སྡེ་དང་ཡུལ་ཁམས་ལ་སོགས་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་དང་རྒྱལ་པོ་ལ་སོགས་པའི་ཚུལ་བཟུང་བའི་གཙོ་བོ་ལ་འཁོར་གྲ་སློབ་དང་བློན་འབངས་ཀྱི་འཁོར་གྱིས་བསྐོར་བ་སྟེ་གང་ན་གཙོ་བོ་ལ་འཁོར་གྱིས་བསྐོར་བས་འཁོ༷ར་གྱི༷ས་དཀྱིལ༷་འཁོ༷ར་ཡོད་དོ་ཅོག་གམ་ཡོ༷ད་དགུར༷་ཡ༷ང་གཙོ་བོ་བྱང༷་ཆུབ༷་སེ༷མས་དཔ༷འ་མ༷ང་པོ༷་དག༷་རང༷་རང་གི༷་ལེ༷གས་པ༷ས་ཏེ་བསོད་ནམས་དང་རྫུ་འཕྲུལ་གྱི་སྟོབས་ལས་བྱུང་བ་ཟང་ཟིང་ནོར་གྱི་འབྱོར་པ་དང་དམ་པ་ཆོས་ཀྱི་འབྱོར་པ་ཕུན་སུམ་ཚོགས་པས་འཁོར་རྣམས་ཆོས་དང་འཇིག་རྟེན་གྱི་འབྱོར་བས་ཕོངས་པ་ཐམས་ཅད་བསལ་ཞིང་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང༌། ལམ་བསླབ་པ་གསུམ་ཀྱི་ཉམས་ལེན་གྱི་འབྱོར་པ་རྒྱས་ཤིང་འཕེལ་བ་དང་ཚེ་བསོད་མངའ་ཐང་ལོངས་སྤྱོད་ཀྱི་འབྱོར་པ་རྒྱས་ཤིང་འཕེལ་བར་བྱེད་པའི་ཡོན་ཏན་གྱིས་ས༷་ཡི་སྟེང༷་མཐའ་དག༷་བརྒྱན༷་པ༷ར་མཛད་པ༷ས་སྟེ་མཛད་པའི་སྒོ་ནས་སྐུ་ཚེ་རིང་པོར་བཞུག༷ས་པར་གྱུར༷་ཅིག༷ །རང་ཉིད་གང་དུ་སངས་རྒྱས་པའི་གནས་སམ་ཕྱོགས་བཅུའི་ཞིང་ཐམས་ཅད་དུ་ལུས༷་ཅ༷ན་མ་ལུས་པ་ཀུན་གྱིས༷་ངང་བའི་རྒྱལ་པོ་དུས་བཟང་དང་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ལྟ་བུ་ལ་སོགས་པ་བྱ༷་ཡིད་དུ་འོང་བ་རྣམས་དང༷་ནི༷་ཤི༷ང་གི་ཁྱད་པར་སྣ་ཚོགས་པ་དང༷་ཉི་ཟླ་ལ་སོགས་པའི་འོ༷ད་ཟེར་ཐམ༷ས་ཅད༷་དང༷་བར་སྣང་གི་ནམ་མཁ༷འ་ལ༷ས་ཀྱང༌། འདུ་བྱེད་ཐམས་ཅད་མི་རྟག་པ་དང༌། ཟག་པ་དང་བཅས་པ་སྡུག་བསྔལ་བ་དང༌། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་དང༌། མྱ་ངན་ལས་འདས་པ་ཞི་བའོ། །ཞེས་ཆོས་ཀྱི་སྡོམ་བཞི་དང༌། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་སྟེ་རྣམ་ཐར་སྒོ་གསུམ་ལ་སོགས་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོ༷ས་ཀྱི༷་སྒྲ༷་རྒྱུན༷་མི༷་འཆད་པར༷་ཐོ༷ས་པ༷ར་ཤོག༷་ཅིག །དེ་ལྟར་ཆོས་ཐོས་པའི་ཕན་ཡོན་ཡང༌། མདོ་ལས། རྒྱལ་པོ་གང་ཚེ་ཡུལ་འཁོར་དུ། གཎྜི་འདི་ནི་གྲགས་གྱུར་པ། །དེར་ནི་དཔལ་དང་གྲགས་པ་དང༌། །འདོད་པ་ཇི་བཞིན་ལོངས་སྤྱོད་འགྱུར། །ཕ་རོལ་གྱིས་ནི་འཇིགས་མེད་ཅིང༌། །འབྲས་བུ་རྣམས་ནི་ཉམས་མི་འགྱུར། །སངས་རྒྱས་བྱིན་རླབས་འབྱོར་པ་ཡིས། །དེར་ནི་བདུད་རྣམས་འདུལ་བར་འགྱུར། །དམྱལ་བ་ཡི་དྭགས་ཇི་སྙེད་རྣམས། །འཇིག་པར་འགྱུར་བ་ཐེ་ཚོམ་མེད། །ཐམས་ཅད་སངས་རྒྱས་རྟག་དད་ཅིང༌། །ཐམས་ཅད་ཆོས་ལ་གཞོལ་བར་འགྱུར། །དེ་ནི་དགེ་འདུན་འདུ་བར་འགྱུར། །མཁས་པ་རྣམས་ཀྱང་འཕེལ་བར་འགྱུར། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེར་ནི་ནུབ་པར་འགྱུར་བ་ཡིན། །ཆོས་ཀྱི་རྔ་ནི་བརྡུང་བ་ཡིས། །གང་གིས་རྣ་ལམ་གྲགས་གྱུར་ཅིང༌། །དུས་བཞི་དག་ཏུ་ཐོས་པ་ཡིས། །དེ་རྣམས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་དང༌། གཞན་ཡང༌། ལྷ་དང་ཀླུ་དང་གནོད་སྦྱིན་གྱིས་མཆོད་པའི། །དཀོན་མཆོག་གསུམ་གྱི་ཏོག་སྟེ་འདི་བརྡུངས་པས། །མུ་སྟེགས་འཆལ་བའི་གླད་པ་རྣམ་པར་འགམ། །ཞེས་གསུངས་པ་ལ་སོགས་པ་བཞིན་ཏུ་གཎྜི་ལ་སོགས་པའི་ཆོས་རྔའི་སྒྲ་ཙམ་ཐོས་པ་ལ་དེ་འདྲའི་ཕན་ཡོན་ཡོད་ན་ཆོས་དངོས་སུ་ཐོས་ཤིང་འཆད་ཉན་བྱས་པའི་ཕན་ཡོན་ལྟ་སྨོས་ཀྱང་ཅི་དགོས། ལུས་ཅན་དེ༷་ད༷ག་ཐམས་ཅད་དུས་རྟག༷་ཏུ༷་ས༷ངས་རྒྱས༷་བཅོམ་ལྡན་འདས་རྣམས་དང༷་ས༷ངས་རྒྱས༷་ཀྱི་སྲས༷་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང༷་ཕྲད༷་པར་གྱུར༷་ཅིག༷ །འཕྲད་ནས་ཀྱང་དངོས་འབྱོར་ཡིད་སྤྲུལ་ལ་སོགས་པའི་མཆོ༷ད་པའི༷་སྤྲིན༷་གྱི་ཕུང་པོ་ནི༷་མཐ༷འ་ཡ༷ས་པ༷ས་འགྲོ་བའི༷་བླ༷་མ༷་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་མཆོ༷ད་པ་རྒྱུན་མི་འཆད་པ༷ར་བྱེད་པར་ཤོག༷་ཅི༷ག །སྐྱེ་དགུ་སེམས་ཅན་རྣམས་ཀྱི་དཀར་པོ་དགེ་བའི་ལས་བྱས་ན་དེའི་སྟོབས་ཀྱིས་ལྷ་རྣམས་རྒྱལ་ཞིང་ལྷ་མིན་རྣམས་ཕམ་པར་གྱུར་ནས་དཀར་ཕྱོགས་དབུ་འཕང་མཐོ་ཞིང་དཀར་ཕྱོགས་ཀྱི་ལྷ༷་ཀླུ་མང་པོ་ཡ༷ང་དུས༷་དུས་སུ༷་ཆ༷ར་པའི་རྒྱུན་རན་པར་འབེ༷བས་ཤི༷ང༌། དེའི་རྒྱུས་ཤིང་དང་ལོ༷་ཏོག༷་ཐམས་ཅད་ཕུན༷་སུ༷མ་ཚོ༷གས་པར༷་སྨིན་ནས་ཡུལ་བར་ལོ་ལེགས་ཤིང་འབྲོག་པར་ཕྱུགས་རྣམས་འཕེལ་བར་ཤོག༷་ཅིག །རྒྱལ་ཁམས་ཐམས་ཅད་དུ་ནད་མུག་འཁྲུགས་རྩོད་སོགས་མེད་པ་དང་བདེ་སྐྱིད་དཔལ་འབྱོར་ཡོད་པའི་རྒྱུ་འཇིག་རྟེན་སྐྱོང་བའི་རྒྱལ༷་པོ༷་དང་ཆོས་རྒྱལ་མེས་དཔོན་རྣམ་གསུམ་ལ་སོགས་པ་ཇི་ལྟ་བར་ཆོ༷ས་བཞི༷ན་དུ་ཆོས་སྲིད་ཞི་བས་སྐྱོང་བར་བྱེད༷་པར་གྱུར༷་ཅི༷ག །རྒྱལ་པོའི་ཆོས་བཞིན་བྱེད་པའི་མཐུ་ལ་བརྟེན་ནས་ཕྱི་སྣོད་ཀྱི་དང༌། ནང་བཅུད་ཀྱི་སེམས་ཅན་འཇི༷ག་རྟེན༷་མཐའ་དག༷་ཀྱང༷་རྒུད་པ་ཐམས་ཅད་དང་བྲལ་ཏེ་བདེ་འབྱོར་ཆེན་པོས་དར༷་ཞིང་རྒྱས་པ༷ར་ཤོ༷ག་ཅིག །དུས་རུང་དང་ཐུན་ཚོད་དང་ཞག་བདུན་པའི་དང༌། འཚོ་བཅང་སྟེ་སྨན༷་བཞི་པོ་རྣམ༷ས་ཀྱང་ནད་རྣམས་སེལ་བའི་ནུས་མཐུ༷་ཕུན་སུམ་ཚོགས་པ་དང༷་ལྡན་པ༷་དང༷༌། ལས་གང་འགྲུབ་པར་བྱེད་པའི་གསང་སྔག༷ས་ཀྱི་བཟླས༷་བརྗོ༷ད་བྱས་པ་ལས་ཇི་སྐད་བཤད་པའི་ཕན་ཡོན་རྣམས་མངོན་སུམ་དུ་མྱུར་དུ་འགྲུབ༷་པ༷ར་ཤོ༷ག་ཅིག །མཁ༷འ་ལ་རྒྱུ་ཞིང་འགྲོ༷་བའི་འབྱུང་པོ་དང་སྲིན༷་པོ༷་དང་གནོད་སྦྱིན་དང་ཤ་ཟ་དང་རྒྱ་འདྲེ་འགོང་པོ་ལ༷་སོ༷གས་པ༷་བསམ་པ་ངན་ཞིང་སྦྱོར་བ་རྩུབ་པའི་གདུག་པ་ཅན་གྱི་བསམ་སྦྱོར་ངན་པ་ཐམས་ཅད་ཞི་ཞིང་བྱམས་པ་དང་སྙིང༷་རྗེའི༷་སེ༷མས་དང༷་ལྡན༷་པར་གྱུར༷་ཅི༷ག །མདོར་ན་སེ༷མས་ཅ༷ན་འག༷འ་སྟེ་གཅིག་ཙམ་ལ་ཡ༷ང་ལུས་དང་སེམས་ལ་སྡུག༷་བསྔལ་ཅི་ཡང་མྱོང་བར་མ༷་གྱུར༷་ཅིག །སྡུག་བསྔལ་དེའི་རྒྱུ་སྡིག༷་པ་ལ་སྤྱོད་པ༷ར་ཡང་མ༷་གྱུར༷་ལ་ན༷་བས་གདུང་བར་ཡང་མ༷་གྱུར༷་ཏེ། འཇི༷གས་པ་སྣ་ཚོགས་དང་གཞན་གྱིས་བརྙས༷་པ༷ར་ཡང་མི༷་འགྱུར༷་ཞི༷ང་སེམས་ཅན་འག༷འ་ཡ༷ང་ཡིད་མི༷་བདེ་བར་ཡང་མ༷་གྱུར༷་ནས་རྟག་ཏུ་བདེ་ཞིང་དགའ་བས་དགེ་བ་ལ་གནས་པར་ཤོག་ཅིག །གཙུག༷་ལག་སྟེ་གསུང་རབ་སྡེ་སྣོད་གསུམ་བཞུགས་པའི་ཁ༷ང་པ་ཆེ་ཆུང་མང་པོ་ཡོད་པའི་དགོན་སྡེ་རྣམ༷ས་སུ་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་བྱེད་པའི་ཀློག་པ་ཐོས་བསམ་པ༷་ད༷ང་མདོ་སྡེ་སོགས་ཐུགས་སུ་བཟུང་བ་རྣམས་མི་བརྗེད་པའི་ཕྱིར་འདོན་པའི་ཁ༷་ཏོན༷་བྱེད་པ་དང་འཛིན་པ་དང་དོན་རྩེ་གཅིག་ཏུ་སེམས་ཞིང་བསྒོམ་པས་སྤོང་བ་བསམ་གཏན་གྱིས༷་ཏེ་མདོར་ན་དགོན་སྡེ་གང་ཇི་སྙེད་པ་རྣམས་སངས་རྒྱས་ཀྱི་རྗེས་འཇུག་རྣམས་ཀྱི་བྱ་བའི་ལས་སྤོང་བ་བསམ་གཏན་པ་དང་ཀློག་པ་ཐོས་བསམ་བྱེད་པས་རྒྱས༷་ཤིང་གང་བས་ལེ༷གས་པར་ཡུན་རིང་དུ་གནས་པར་ཤོག༷་ཅིག །དེ་ལྟར་མ་ཡིན་པར་ཚོང་དང་སོ་ནམ། །རྟ་ནོར་གྱི་གཡོག་ལས་ཕན་ཚུན་ཆགས་སྡང་གི་ཟུག་རྔུ་ཉིན་མཚན་རྣམ་གཡེང་གི་འདུ་འཛི། །དགྲ་གྱོད་འཁོན་གསུམ་གྱི་འཁོར་ལོ་དང༌། ཁྱད་པར་དགེ་འདུན་འཁྲུགས་རྩོད་བྱས་པའི་གནས་སམ་ས་དེར་ཉམས་རྟོགས་ཀྱི་ཡོན་ཏན་ཅི་ཡང་རང་རྒྱུད་ལ་སྐྱེ་མི་སྲིད་དེ། །དཔེར་ན་ས་མེས་ཚིག་པ་ལ་མྱུ་གུ་སྔོན་པོ་སྐྱེ་མི་སྲིད་པ་བཞིན་ཡིན་པས་ན། གང་ན་རྩོད་པ་རྣམས་འཕེལ་བའི། །དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ། །ཞེས་གསུངས་སོ། །དེས་ན་དུས་རྟག༷་ཏུ༷་གང༷་ན་དགེ༷་འདུན༷་བཞུགས་པ་རྣམས་བདུད་ལ་སོགས་པས་མི་ཕྱེད་ཅིང་དགེ་བའི་བྱ་བ་ལ་ཐུགས་མཐུན༷་པ༷་དང༷༌། ཉ་སྟོངས་ཀྱི་གསོ་སྦྱོང་གིས་ཚུལ་ཁྲིམས་མཐུན་པར་བྱེད་པ་དང༌། ཞི་གནས་ཀྱི་གསོ་སྦྱོང་སོགས་ཀྱིས་ལྟ་བ་མཐུན་པར་བྱས་ཏེ། དགེ༷་འདུ༷ན་རྣམས་ཀྱིས་བསྒྲུབ་པར་བྱ་བའི་དོན༷་ཐར་པ་མྱ་ངན་ལས་འདས་པའི་ལམ་གྱི་ཡོན་ཏན་ཁྱད་པར་ཅ༷ན་ཡ༷ང་གོང་ནས་གོང་དུ་ཐུགས་ཀྱི་བཞེད་པ་བཞིན་དུ་འགྲུབ༷་པ༷ར་ཤོག༷་ཅིག །བསླབ༷་པ་རིན་པོ་ཆེ་གསུམ་ལ་ཚུལ་བཞིན་དུ་སློབ་པ༷ར་འདོ༷ད་པའི༷་དགེ༷་སློང༷་དག༷་གི་ཕྱི་ནང་གསང་བའི་དབེ༷ན་པ༷་ཕུན་སུམ་ཚོགས་པ་དག༷་ཀྱང༷་ཐོ༷བ་པར་ཤོ༷ག་ཅིག །དེར་ཡང་འདུ་འཛི་དང་སེམས་རྣམ་པར་གཡེ༷ང་བ༷་ཐ༷མས་ཅ༷ད་སྤང༷ས་ན༷ས་ནི༷་རང་གི་སེ༷མས་ནི༷་བཏང་འགྲོ་བཞག་སྡོད་ལ་རང་དབང་འབྱོར་པས་ལུས་སེམས་ཤིན་སྦྱང་གི་བདེ་བ་ཐོབ་པས་ལ༷ས་སུ་རུང༷་ཞིང་སྤྲོ་བས་ཏིང་ངེ་འཛིན་རྣམ་པར་དག་པ་ཟབ་མོ་སྒོམ༷་པར་གྱུར་ཅི༷ག །དགེ༷་སློང༷་མ༷་རྣམ༷ས་ཀྱང་ཆོས་གོས་དང་ཁ་ཟས་ལ་སོགས་པ་ཚེགས་ཆུང་ངུས་རྙེད་པ་དང་ལྡན༷་ཞིང༷་ནང་ཕན་ཚུན་འཐ༷བ་པ་དང༷་ཚུལ་ཁྲིམས་སྨ་འབེབས་པ་སོགས་ཀྱི་གནོ༷ད་པ༷་ཐམས་ཅད་སྤང༷ས་ནས་ཞི་དུལ་བག་ཡོད་དང་ལྡན་པས་དམ་པའི་ཆོས་ལ་གནས་པ༷ར་ཤོ༷ག་ཅིག །དེ༷་བཞི༷ན་དུ་ཐར་པ་འདོད་པས་ཁྱིམ་ནས་ཁྱིམ་མེད་པར་ར༷བ་ཏུ་བྱུང༷་བ༷་མ་ལུས་པ་ཀུན༷་ཉོན་མོངས་པའི་ཚ་གདུང་ཞི་བར་བྱེད་པའི་ཚུལ༷་ཁྲིམ༷ས་ཇི་ལྟར་ཁས་བླང་བ་རྣམས་དུས་ནམ་ཡང་ཉམ༷ས་པ༷་མེ༷ད་པར་བསྲུང་ནུས་པར་གྱུར༷་ཅི༷ག །ཚུལ་ཁྲིམས་མ་བསྲུང་བར་ཉམས་པའི་ཉེས་པ། སངས་རྒྱས་ཉིད་ཀྱི་བཀའ་ལས། དམ་ཆོས་ཐོས་པར་མི་འགྱུར་ཞིང༌། །ཐོས་པ་མྱུར་དུ་བརྗེད་པར་འགྱུར། །ས་ལམ་རྟོགས་པའང་ཡོངས་མི་སྐྱེ། །ཞེས་དང༌། ཚུལ་ཁྲིམས་འཆལ་བ་ངན་འགྲོར་དེ་འགྲོ་སྟེ། །དེ་ལ་ཐོས་པ་མང་པོས་སྐྱོབ་མི་འགྱུར། །ཞེས་དང༌། འཇམ་དཔལ་རྩ་རྒྱུད་ལས། ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས། །སྔགས་སྒྲུབ་པ་ནི་མ་གསུངས་སོ། །ཞེས་གསུངས་སོ། །གལ་ཏེ་ལྟུང་བ་བྱུང་ནས་ཚུལ༷་ཁྲིམ༷ས་འཆ༷ལ་བ༷ས་ཏེ་འཆལ་བར་གྱུར་ནའང་དེ་ལ་སྙིང་ནས་འགྱོད་པ་དྲག་པོས་ཡི༷ད་བྱུང༷་ན༷ས་བཤགས་འོས་རྣམས་བཤགས་བསྡམ་འོས་རྣམས་བསྡམས་ནས་ཕྱིར་བཅོས་ཏེ་དུས་རྟ༷ག་ཏུ༷་སྡིག༷་པ༷་མཐའ་དག་ཟ༷ད་ཅིང་བྱིང་བར་བྱེད་པར་ཤོག༷་ཅིག །དེ་ལྟར་སྡིག་ལྟུང་ཐམས་ཅད་བྱང་ནས་རྣམ་སྨིན་གྱི་འབྲས་བུ་ངན་སོང་དུ༷་མི་སྐྱེ་བར་གནས་སྐབས་སུ་ཡང་བདེ་འགྲོ་མཐོ་རིས་ཀྱི་གོ་འཕང་དག༷་ཀྱང༷་ཐོབ༷་པར་གྱུར༷་ན༷ས་དེ༷ར་ཡ༷ང་རབ་ཏུ་བྱུང་སྟེ་ཚུལ་ཁྲིམས་དང་བརྟུལ༷་ཞུག༷ས་རྣམ་པར་དག་པ་མི༷་ཉམ༷ས་པར་བསྲུང་བར་ཤོག༷་ཅིག་ཅེས་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ཚུལ་ཁྲིམས་ཉམས་པར་མི་འགྱུར་བ་དང༌། རིག་པའི་གནས་ལྔ་ལ་སོགས་པ་དང་བྱེ་བྲག་ནང་རིག་པའི་སྡེ་སྣོད་གསུམ་ལ་མཁ༷ས་པ༷་ཡི་གང་ཟག་རྣམ༷ས་ནི༷་བླང་དོར་གྱི་མིག་འབྱེད་པ་དང་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་ཞིང་སྤེལ་བར་བྱེད་པ་པོ་ཡིན་པས་ན་གཞན་ཀུན་ལས་ཁྱད་པར་དུ་འཕགས་པས་བཀུར༷་སྟི་དང་རིམ་གྲོ་བྱེད་པར་གྱུར་པ༷་དང༌། ཆོས་གོས་དང་ལྷུང་བཟེད་དང་ཟས་ལ་སོགས་པའི་བསོ༷ད་སྙོམས་དག༷་ཀྱང༷་འབད་རྩོལ་མེད་པར་བདེ་བླག་ཏུ་རྙེད༷་པར་ཤོག༷་ཅིག །དེ་ལ་རང་གི་ཡོན་ཏན་གྱིས་ང་རྒྱལ་ཞིང་གཞན་གྱི་ཡོན་ཏན་ལ་ཕྲག་དོག་དང་འགྲན་སེམས་ལ་སོགས་པས་གཞན་ལ་ཁྱད་གསོད་དང་གྲུབ་མཐའ་གཞན་ལ་སྨོད་པས་ཆོས་སྤང་གི་བྱ་བ་དང་ཚུལ་ཁྲིམས་འཆལ་བའི་ཉེས་པ་སོགས་སྤངས་པས་རང་གི་རྒྱུད༷་ནི༷་ཡོ༷ངས་སུ༷་ད༷ག་པ༷་དང༷་ཕྱོག༷ས་རྣམ༷ས་ཀུན༷་ཏུ༷་མཁས་བཙུན་གྱི་སྙན་པའི་གྲགས་པ་ཆེན་པོས་ཁྱབ་པ༷ར་ཤོ༷ག་ཅིག །ཚུལ་ཁྲིམས་འཆལ་བ་རྣམས་སམ་སེམས་ཅན་གང་སུ་ཡང་རུང་སྟེ་ཕྱི་མ་ལ་ང༷ན་སོང༷་གསུམ་ལ་སོགས་པའི་སྡུག༷་བསྔལ༷་ནམ་ཡང་མི༷་མྱོང༷་ཞིང༷་དཀ༷འ་བ༷་དང་ངལ་བ་དྲག་པོ་སྤྱོད༷་པ༷་མེ༷ད་པ༷ར་ཡ༷ང་ཐར་པ་སྒྲུབ་པ་ལ་ལྷ་བ༷ས་ཀྱང་ཆེས་ལྷག་པར་གྱུར་པའི༷་དལ་འབྱོར་གྱི་མི་ལུས་ཐོབ༷་པ་ཉིད་ཀྱིས༷་ནི༷་དེ༷་དག༷་དཀའ་ཚེགས་མེད་པར་རྫོགས་པའི་སང༷ས་རྒྱས༷་ཀྱི་གོ་འཕང་རིན་པོ་ཆེ་མྱུར༷་དུ་འགྲུབ་པར་ཤོག༷་ཅིག་ཅེས་པའོ། །གཉིས་པ་མཆོག་གི་དགོངས་པ་རྫོགས་པར་བསྔོ་བ་ནི་ནམ་མཁའ་དང་མཉམ་པའི་སེ༷མས་ཅ༷ན་མ་ལུས་པ་ཀུན༷་གྱིས༷་ལ༷ན་གྲངས་མ༷ང་པོའི་བར་དུ༷་ཕྱོགས་བཅུ་ན་བཞུགས་པའི་སང༷ས་རྒྱས་བཅོམ་ལྡན་འདས་ཐམས་ཅ༷ད་ལ་ཟང་ཟིང་དང་བསྒྲུབ་པའི་མཆོ༷ད་པ་རྣམས་ཀྱིས་རྒྱུན་མི་འཆད་པར་བྱེད༷་ཅི༷ང༌། དེ་དག་གི་བྱིན་རླབས་ལ་བརྟེན་ནས་ས༷ངས་རྒྱས༷་རྣམས་ཀྱི་ཐུགས་ཟག་མེད་ཀྱི་བདེ༷་བ་བས༷མ་གྱིས་མི་ཁྱབ་ཅིང་མཐའ་ཡས་པ་ཐོབ་པ་ཉིད་ཀྱིས༷་སེམས་ཅན་ཐམས་ཅད་དུས་རྟག༷་ཏུ༷་བདེ༷་བ་ཆེན་པོ་དང༷་ལྡན༷་པར་གྱུར༷་ཅི༷ག །རྒྱལ་སྲས་བྱང༷་ཆུབ༷་སེ༷མས་དཔ༷འ་ཆེན་པོ་རྣམ༷ས་ཀྱིས༷་ནི་འགྲོ་བ་སེམས་ཅན་ཐམས་ཅད་རྒྱུད་སྨིན་ཅིང་གྲོལ་བའི་དོན༷་ཐུགས་ལ༷་ཇི་ལྟར་དགོ༷ངས་པ་བཞིན་དུ་དངོས་སུ་འགྲུབ༷་པར་ཤོག༷་ཅིག །འགྲོ་བ་ཐམས་ཅད་ཀྱི་མགོ༷ན་པོ༷་ཐམས་ཅད་མཁྱེན་པ་སངས་རྒྱས་དང་སྲས་བྱང་ཆུབ་སེམས་དཔའ་ཆེན་པོའི་ཚོགས་དང་བཅས་པ་ཡི༷ས་ནི༷་ཐུགས་ལ་ག༷ང་དགོ༷ངས་པ༷་ཇི་ལྟ་བ་བཞིན་དུ་སེ༷མས་ཅ༷ན་རྣམ༷ས་ལ༷འ༷ང་ཕན་པ་དང་བདེ་བ་བླ་ན་མེད་པ་དེ༷་དག་ཐམས་ཅད་མྱུར་དུ་འབྱོར༷་བར་ཤོག༷་ཅི༷ག །དེ་གཉིས་རིམ་པར་བྱེད་པ་པོ་དང་བྱ་བ་ཡུལ་ལ་ཡོད་པའི་ཆ་ལས་བྱས་པའོ། །དེ༷་བཞི༷ན་དུ་རྟེན་འབྲཻལ་ཟབ་མོ་རྟོགས་པའི་རང་བྱུང་གི་ཡེ་ཤེས་ཀྱིས་བྱང་ཆུབ་བརྙེས་པའི་རང༷་སང༷ས་རྒྱས༷་རྣམས་དང༷་རང་རང་གི་ཡོངས་འཛིན་དམ་པ་གཞན་ལས་ཐོས་ཤིང་སྒྲོགས་པས་ཉན་ཐོ༷ས་རྣམ༷ས་ཀྱང༷་སྡུག་བསྔལ་མཐའ་དག་ཞི་བའི་བདེ༷་བ་དང་ཡང་ལྡན་ཞིང་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་བདེ་བ་ཆེན་པོ་ཐོབ་པར་གྱུར༷་ཅི༷ག་ཅེས་པའོ། །གཉིས་པ་རང་དོན་བྱང་ཆུབ་སྤྱོད་པའི་རྒྱུར་བསྔོ་བ་ནི། རྩོམ་པ་པོ་བད༷ག་ཀྱང༷་ལྷག་པའི་ལྷ་རྗེ་བཙུན་འཇ༷མ་པའི་དབྱང༷ས་ཀྱི་བཀ༷འ་དྲི༷ན་གྱི༷ས་ཉེ་བར་བསྐྱངས་པ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་ས༷་དང་པོ་རབ༷་ཏུ་དག༷འ་བ་མ་ཐོ༷བ་ཀྱི་བ༷ར་དུ༷་དུས་རྟག༷་ཏུ༷་སྐྱེ་བའི་ཚེ༷་རབས་ཐམས་ཅད་དུ་ཚེ་རབ༷ས་སྔ་མ་རྣམས་རྗེས་སུ་དྲན་ནས་རྒྱུ་འབྲས་ལ་ཡིད་ཆེས་པ་དང་བྱང་ཆུབ་ཀྱི་སེམས་བརྗེད་པ་མེད་པ༷་དང༷༌། ཁྱིམ་ན་གནས་པ་ནི་འདི་ཕྱི་གཉིས་ཕུང་གི་ཉེས་པ་ཐམས་ཅད་ཀྱི་གཞིར་གྱུར་པ་ཡིན་ལ། རབ་ཏུ་བྱུང་བ་ནི་འདི་ཕྱི་གཉིས་ཀར་ཕན་བདེའི་ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པ་ཡིན་པས་ན། རབ༷་ཏུ༷་བྱུང༷་བ༷་ཚུལ་ཁྲིམས་རྣམ་པར་དག་པའང་ཐོ༷བ་པ༷ར་ཤོ༷ག་ཅིག༷ །དེ་ལ་དེ་བཞིན་གཤེགས་པའི་བསྟན་པ་ལ། དེང་དུས་བསླབ་པ་སྣ་གཅིག་ཙམ་བླངས་ཏེ་སྲུང་ན་བསོད་ནམས་རྒྱ་ཆེན་པོ་འཐོབ་པའི་ཕན་ཡོན་མདོ་ཏིང་འཛིན་རྒྱལ་པོ་ལས། བསྐལ་པ་བྱེ་བ་གང་གའི་བྱེ་སྙེད་དུ། དད་པའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང༌། གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཕྲག་ཁྲིགས་རིམ་གྲོ་བྱས། །གང་ཞིག་དམ་ཆོས་རབ་ཏུ་འཇིག་པ་དང༌། །བདེ་གཤེགས་བསྟན་པ་འགག་པར་གྱུར་པའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །དེ་ནི་དེ་ལས་བསོད་ནམས་ཁྱད་པར་འཕགས། །ཞེས་གསུངས་ན་རབ་ཏུ་བྱུང་ཞིང་བསླབ་པ་མ་ཉམས་པར་བསྲུང་ན་རང་གཞན་གྱི་འདི་ཕྱིའི་དོན་ཕུན་སུམ་ཚོགས་པ་འགྲུབ་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པ་ལྟ་སྨོས་ཀྱང་ཅི་དགོས་སོ། །དེ་ཡང་བད༷ག་ནི༷་བསོད་སྙོམས་ལ་སོགས་པའི་ཁ་ཟ༷ས་གྱི༷་ན༷ས་ཏེ་ངན་ངོན་ཙམ་གྱིས་ཀྱང༷་ལུས་ཉ༷མས་སྟོབས་དང༷་ལྡན༷་ཞིང༷་བདེ་བར་འཚོ༷་བ༷ར་ཤོ༷ག་ཅིག །སངས་རྒྱས་མ་ཐོབ་ཀྱི་བར་གྱི་ཚེ་རབ༷ས་ཀུན༷་ཏུ༷་དགེ་བ་སྒྲུབ་པ་ལ་སྒོ་གསུམ་ཕྱི་ནང་གསང་བའི་དབེན་པར་གན༷ས་པ༷་ཕུ༷ན་སུམ༷་ཚོགས་པ་དང་ལྡན༷་པ༷འང་ཐོབ༷་པར༷་ཤོ༷ག་ཅིག །ཅེས་པ་སྟེ་དེའི་དགོས་པ་ཡང་གོང་དུ་ཇི་སྐད་བསྟན་པ་རྣམས་དང༌། དབེན་གནས་ཀྱི་ཡོན་ཏན་བསམས་ནས་དེའི་ཕྱོགས་སུ་གོམས་པ་བདུན་བོར་ན་བསྐལ་པ་གང་གའི་ཀླུང་གི་བྱེ་མ་སྙེད་དུ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་མཆོད་པ་ཕུལ་བ་ལས་ཀྱང་ཕན་ཡོན་ཆེ་བར་ཟླ་བ་སྒྲོན་མེའི་མདོ་ལས་གསུངས་པ་བཞིན་ནོ། །འགྲེལ་བ་རྣམས་སུ་སློབ་དཔོན་འདི་ཉིད་འཕགས་པའི་གང་ཟག་ཏུ་གསུངས་པས། ས་རབ་དགའ་བ་ཐོབ་བར་དུ། ཞེས་པ་སོགས་ནི་རྗེས་འཇུག་རྣམས་ལམ་ལ་བསླབ་པའི་དོན་ཏོ། །དུས་ག༷ང་གི་ཚེ༷་རྗེ་བཙུན་འཇམ་པའི་དབྱངས་ཀྱི་མཚན་དཔེའི་ཞལ་བཟང་མཇལ་བའམ་བལྟ༷་བ༷ར་འདོ༷ད་པ༷འམ་ཆོས་ཀྱི་ཚིག་དོན་ཅུང༷་ཟ༷ད་དྲི༷་བ༷ར་འདོ༷ད་ན༷་ཡ༷ང་དེའི་ཚེ་མགོ༷ན་པོ༷་འཇ༷མ་པའི་དབྱང༷ས་དེ༷་ཉི༷ད་ནི༷་གེ༷གས་དང་སྒྲིབ་པ་ཅི་ཡང་མེ༷ད་པ༷ར་ཡ༷ང་མངོན་སུམ་དུ་མཐོ༷ང་ནས་རྣམ་པ་ཀུན་ཏུ་རྗེས་སུ་འཛིན་ཅིང་སྐྱོང་བ༷ར་ཤོ༷ག་ཅིག །ཕྱོག༷ས་བཅུ༷་ཡི་འཇིག་རྟེན་ཀྱི་ཁམས་ནམ༷་མཁ༷འི་མཐ༷ས་གཏུགས་པ༷ར་ཁྱབ་པའི་སེམ༷ས་ཅ༷ན་མ་ལུས་པ་ཀུན༷་གྱི་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་བདེ་བླག་ཏུ་བསྒྲུབ༷་པའི༷་ཕྱིར༷་ཇི༷་ལྟར༷་འཇ༷མ་པའི་དབྱང༷ས་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་པར་འཕྲུལ་བ་བསམ་གྱིས་མི་ཁྱབ་པའི་བྱང་ཆུབ་སེམས་དཔའི་སྤྱོད༷་པ་རླབས་པོ་ཆེས་གཞན་ལ་ཕན་པ་འབའ་ཞིག་མཛ༷ད་པ༷་བཞིན་དུ་བད༷ག་རང་གི༷་སྤྱོད༷་པ༷འང༷་དེ༷་འདྲར༷་ཏེ་དེ་འདྲ་བ་ཁོ་ནར་གཞན་ལ་ཕན་པ་འབའ་ཞིག་འགྲུབ་པར་ཤོག༷་ཅིག་ཅེས་པ་སྟེ་མདོར་ན་བཅོམ་ལྡན་འདས་མགོན་པོ་འཇམ་པའི་དབྱངས་ཀྱི་མཁྱེན་པ། སྤྱན་རས་གཟིགས་ཀྱི་བརྩེ་བ། ཕྱག་ན་རྡོ་རྗེའི་ནུས་མཐུ། ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལ་སོགས་པ་ཉེ་བའི་སྲས་ཆེན་བརྒྱད་ལ་སོགས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པའི་སྤྱོད་པ་དེ་ཇི་འདྲ་བ་དེ་བཞིན་དུ་བདག་གིས་སྤྱོད་ནུས་པར་ཤོག་ཅིག་ཅེས་དེའི་དོན་དུ་སྙིང་ནས་དགེ་རྩ་བསྔོ་ཞིང་སྨོན་ལམ་གདབ་པར་བྱའོ། །དེ་ཡང་དུས་ཇི༷་སྲིད༷་དུ་ན༷མ་མཁ༷འ་གན༷ས་པར་གྱུར་པ་དང༷་ཡུལ་འགྲོ༷་བ༷་མ་ལུས་པ་ཇི་སྲིད༷་གན༷ས་པར་གྱུར༷་པ༷་ཡི་བར་དེ༷་སྲིད༷་དུ་གཞན་དོན་བྱེད་པ་པོ་བདག་ནི་མྱ་ངན་ལས་མི་འདའ་བར་གན༷ས་པར་གྱུར༷་ན༷ས་འགྲོ༷་བ་མ་ལུས་པའི༷་འཁོར་བ་དང་ང༷ན་སོ༷ང་གི་སྡུག༷་བསྔལ༷་མཐའ་དག་སེ༷ལ་བ༷ར་བྱེད་པར་ཤོ༷ག་ཅིག །དམྱལ་བ་ལ་སོགས་པའི་འགྲོ༷་བ༷འི་སྡུག༷་བསྔལ༷་གང༷་ཅི༷འ༷ང་རུང༷་བ་ཡོད་པ་དེ༷་དག་མ་ལུས་པ་ཀུན་བད༷ག་ལ༷་སྨིན༷་ནས་བྱང་ཞིང་དག་པར་གྱུར༷་ཅི༷ག །བྱང༷་ཆུབ༷་སེ༷མས་དཔའི༷་དགེ༷་འདུ༷ན་རྣམས་ཀྱི་ཐུགས་བསྐྱེད་དང་ཚོགས་གཉིས་དང་སྨོན་ལམ་གྱིས༷་ཏེ་དེ་དག་གི་མཐུ་ལ་བརྟེན་ནས་མཐའ་ཡས་པའི་འགྲོ༷་བ༷་མ་ལུས་གནས་སྐབས་དང་མཐར་ཐུག་གི་ཕན་བདེ༷་ཕུན་སུམ་ཚོགས་པ་ལ༷་ལོངས་སྤྱོད་པ༷ར་ཤོ༷ག་ཅིག་ཅེས་པའོ། །གསུམ་པ་གཉིས་དོན་བསྟན་པ་དར་རྒྱས་སུ་བསྔོ་བ་ནི། མཐའ་ཡས་པའི་འགྲོ༷་བའི༷་འཁོར་བ་དང་ངན་སོང་གི་སྡུག༷་བསྔལ་གྱི་ནད་ཐམས་ཅད་མ་ལུས་པ་ཞི་བར་བྱེད་པའི་སྨན༷་གྱི་མཆོག་ཅིག་པུ་ཉིད་དུ་གྱུར་པ་དང༌། གནས་སྐབས་དང་མཐར་ཐུག་གི་བདེ༷་བ༷་ཕུན་སུམ་ཚོགས་པ་ཐ༷མས་ཅ༷ད་འབྱུང༷་བའི༷་གན༷ས་དམ་པ་ནི་སངས་རྒྱས་ཀྱི་བསྟ༷ན་པ༷་རིན་པོ་ཆེ་ཡིན་ཏེ། སངས་རྒྱས་ཀྱི་བསྟན་པ་ཞེས་པ་ནི། པཎྜི་ཏ་ཆེན་པོ་དབྱིག་གཉེན་ཞབས་ཀྱིས། །སྟོན་པའི་བསྟན་པ་རྣམས་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང༌། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་བསྟན་པ་དང་སེམས་ཅན་ལ་ཐུགས་ཀྱིས་དགོངས་ཏེ། ལུང་གི་ཆོས་འདུལ་བ་མདོ་སྡེ་མངོན་པ་སྟེ་སྡེ་སྣོད་རིན་པོ་ཆེ་གསུམ་ལ་འཆད་ཉན་དང༌། རྟོགས་པའི་ཆོས་ལམ་ལྷག་པའི་བསླབ་པ་ཚུལ་ཁྲིམས། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་བསླབ་པ་སྟེ་བསླབ་པ་རིན་པོ་ཆེ་གསུམ་ལ་སྒྲུབ་པ་ཉམས་ལེན་བྱས་ཏེ། གོས་ཆོས་གོས་གསུམ་གྱི་ལུས་བརྒྱན། ལུང་སྡེ་སྣོད་གསུམ་གྱིས་ངག་བརྒྱན། ལམ་བསླབ་པ་གསུམ་གྱིས་སེམས་བརྒྱན་ཏེ། བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་བསྟན་པ་འཛིན་པ་རྣམས་ལ། དད་གཏོང་འབྱོར་པ་ཕུན་སུམ་ཚོགས་པའི་བསྟན་པའི་སྦྱིན་བདག་རྣམས་ཀྱིས་རྙེད༷་པ་དང༷་བཀུར༷་སྟི༷་ཕུན་སུམ་ཚོགས་པ་དང་བཅ༷ས་ཏེ་ཕ༷ན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་སྲིད་མཐའི་བར་དུ་ཕྱོགས་ཀུན་དུ་དར་ཞིང་རྒྱས་ལ་ཡུན༷་རི༷ང་དུ་གན༷ས་པར་གྱུར༷་ཅི༷ག་ཅེས་སྨོན་ལམ་དང་འབྲེལ་བ་དང་གནས་ན་ཅི་མ་རུང་ཞེས་འདུན་པ་དང་འབྲེལ་བ་དང༌། གནས་པ་ཞིག་བདག་གིས་བྱའོ་ཞེས་དམ་བཅའ་དང་འབྲེལ་བ་དང༌། དེ་ལྟར་བྱེད་ནུས་པར་བླ་མ་དཀོན་མཆོག་རིན་པོ་ཆེ་གསུམ་གྱིས་བྱིན་གྱིས་རློབས་ཤིག་ཅེས་གསོལ་འདེབས་དང་འབྲེལ་བ་སྟེ་འབྲེལ་བ་བཞི་ལྡན་དུ་བསྔོ་ཞིང་སྨོན་ལམ་གདབ་པར་བྱའོ། །དེ་ཡང་མདོར་ན་ཕན་བདེའི་འབྱུང་གནས་འབྲེལ་ཚད་དོན་ལྡན་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཇིག་རྟེན་འདིར་གནས་པར་གྱུར་ན་གང་དེ་དང་འབྲེལ་བའི་བསོད་ནམས་ཆེས་ཐོབ་པ་ཉིད། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། །རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང༌། །ཆོས་སྒྲུབ་པ་དང་སྲོག་ཆགས་སྙེང་བརྩེ་བ། །ཆོས་བཞི་འདི་དག་ཡོན་ཏན་མཐའ་ཡས་ཏེ། །འདི་དག་མཐའ་ནི་རྒྱལ་བས་མི་གསུངས་སོ། །ཞེས་དམ་པའི་ཆོས་འཛིན་པ་དང་སེམས་ཅན་གྱི་སྲོག་སྐྱབས་པ་སོགས་ཀྱི་ཕན་ཡོན་ཚད་མེད་པར་རྟོགས་པ་དང༌། ཟུང་གི་མདོ་ལས། གང་དག་ང་ཡི་བསྟན་པ་ལ། །སྦྱིན་པ་སྐྲ་ཙམ་བྱིན་པ་ནི། །བསྐལ་པ་སྟོང་ཕྲག་བརྒྱད་ཅུ་རུ། །ལོངས་སྤྱོད་ཆེ་ཞིང་ནོར་ཡང་མང༌། །ཞེས་སོགས་ཀྱིས་སྦྱིན་པ་དང༌། ཏིང་ངེ་འཛིན་རྒྱལ་པོ་ལས། བསྐལ་པ་བྱེ་བ་ཞེས་སོགས་གོང་དུ་བསྟན་པས་ཚུལ་ཁྲིམས་དང༌། །རྟོགས་པ་རྒྱས་པའི་མདོ་ལས། ཐང་ཆེན་བསམ་གཏན་ཐུན་ཞུགས་ན། །ཁམས་གསུམ་གང་བའི་མི་རྣམས་ལ། །སྲོག་སྦྱིན་པས་ནི་འདི་དོན་ཆེ། །ཞེས་སོགས་ཀྱིས་བསྒོམ་པ་ལས་བྱུང་བ་སྟེ་བསོད་ནམས་བྱ་བའི་དངོས་པོ་གསུམ་གྱི་ཕན་ཡོན་གྱི་ཁྱད་པར་དང༌། མངོན་མཐོ་ངེས་ལེགས་ཐོབ་པར་འདོད་པ་རྣམས་བསོད་ནམས་བྱ་བའི་དངོས་པོ་གསུམ་ལ་ཞུགས་ན་ཕན་ཡོན་ཆེན་པོ་ཐོབ་མོད། དེ་བས་ཀྱང་སྒྲིབ་གཉིས་ཀྱི་གཉེན་པོ་མཐར་ཐུག་པ་ཟབ་མོ་སྟོང་པ་ཉིད་སྤྲོས་པ་ཀུན་དང་བྲལ་བ་རྟོགས་པའི་ཤེས་རབ་ནི་མཆོག་ཡིན་པས་དེ་བསྐྱེད་པའི་དོན་དུ་ཐོས་བསམ་རྣམ་དག་ལ་འབད་པར་རིགས་ཏེ། རྒྱུད་བླ་མ་ལས། གང་ཕྱིར་སྦྱིན་པས་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ཅིང༌། །ཁྲིམས་ཀྱི་མཐོ་རིས་བསྒོམ་པས་ཉོན་མོངས་སྤོང་བྱེད་མོད། །ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སྤོང་དེ་ཡི་ཕྱིར། །འདི་མཆོག་ཉིད་དེ་དེ་ཡི་རྒྱུ་ཡང་འདི་ཐོས་ཡིན། །ཞེས་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མ་ཡིན་པ་སྤོང༌། །ཐོས་པས་རྣམ་པར་གྲོལ་བ་ཐོབ། །ཅེས་དང༌། སྐྱེས་རབ་ལས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མ་དེ། །རྐུན་པོ་སོགས་ཀྱིས་མི་ཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པས་གྲོགས་ཀྱི་མཆོག །ཕོངས་པར་གྱུར་ཀྱང་འགྱུར་མེད་མཛའ་བོའི་མཆོག །མྱ་ངན་ནད་ཀྱི་མི་གཅོད་སྨན་གྱི་མཆོག །ཉེས་པ་ཆེན་པོའི་དགྲ་འཇོམས་དཔུང་གི་མཆོག །དཔལ་དང་གྲགས་དང་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་དགའ་བར་འགྱུར། །ཕས་ཀྱི་རྒོལ་བར་ཉི་མའི་འོད་དང་འདྲ། །ཞེས་དང༌། ཕར་ཕྱིན་བསྡུས་པ་ལས། །ཐོས་ཉུང་རྨུན་ལོང་སྒོམ་པའི་ཚུལ་མི་ཤེས། །དེ་མེད་དེས་ཀོ་ཅི་ཞིག་བསམ་པར་བྱེད། །དེ་བས་ཐོས་པ་བརྩོན་བྱ་དེ་རྒྱུ་ལས། །བསམ་དང་བསྒོམ་པའི་ཤེས་རབ་ཡངས་པ་འབྱུང༌། །ཞེས་དང༌། གཎྜིའི་མདོ་ལས། དམ་ཆོས་བཤད་པའི་དུས་བསྟན་ཕྱིར། །རྔའམ་གཎྜི་བརྡུང་བའི་སྒྲ། །ཐོས་པས་བྱང་ཆུབ་ཐོབ་གྱུར་ན། །ཉན་ཕྱིར་ལྷགས་པ་སྨོས་ཅི་དགོས། །ཞེས་དང༌། བྱམས་པ་སེང་གེ་སྒྲའི་མདོ་ལས། །སྟོང་ཆེན་འཇིག་རྟེན་ཁམས་ནི་གསེར་དག་གིས། །བཀང་སྟེ་གང་ལ་སྦྱིན་པ་བྱིན་པས་ནི། །ཚིགས་བཞིའི་ཚིགས་སུ་བཅད་པ་གཅིག་བརྗོད་ན། །དེ་ཡི་ཕན་འདོགས་དེ་ལྟར་འགྱུར་མ་ཡིན། །ཕན་འདོགས་བྱེད་པར་འདོད་པ་གང་ཞིག་གིས། །འཇིག་རྟེན་གསུམ་ན་སེམས་ཅན་ཐམས་ཅད་ཀྱི། །བདེ་བ་གང་དག་ཡོད་པ་དེ་དག་ཀུན། །སེམས་ཅན་གཅིག་ལ་སྦྱིན་པ་བྱས་པ་བས། །གང་གིས་དེ་ལ་སངས་རྒྱས་ལུགས་ཀྱི་ནི། །ཚིགས་བཞིའི་ཚིགས་སུ་བཅད་པ་གཅིག་བརྗོད་ན། །དེ་ནི་ཤིན་ཏུ་ཕན་འདོགས་མཆོག་ཡིན་ཏེ། །དེས་ནི་སྡུག་བསྔལ་དག་ལས་གྲོལ་བར་འགྱུར། །གང་གིས་གང་གའི་བྱེ་སྙེད་སངས་རྒྱས་ཞིང༌། །རིན་ཆེན་བདུན་གྱིས་ཡོངས་སུ་བཀང་བྱས་ནས། །རབ་དགའི་སེམས་ཀྱིས་རྒྱལ་ལ་ཕུལ་བ་དང༌། །གང་གིས་སེམས་ཅན་གཅིག་ལ་ཚིགས་བཅད་བྱིན། །རིན་ཆེན་སྦྱིན་པ་ཤིན་ཏུ་རྒྱ་ཆེན་དེས། །ཚིགས་བཅད་སྦྱིན་པ་སྙིང་རྗེས་བསྒྲུབ་དེ་ལ། །ཆར་ཡང་མི་ཕོད་གྲངས་སུའང་མ་ཡིན་ན། །གཉིས་དང་གསུམ་ལ་བསམ་དུ་ག་ལ་ཡོད། །ཞེས་སོགས་དམ་པའི་ཆོས་བཤད་པའི་ཕན་ཡོན་དང༌། །དེ་ཁོ་ན་ཉིད་བསྟན་པའི་མདོ་ལས། །ཤཱ་རིའི་བུ། གང་གིས་བསྐལ་པ་གཅིག་གི་བར་དུ་ཉན་པ་བས། །གང་གིས་སེ་གོལ་གཏོན་པ་ཙམ་གཅིག་ཏུ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་ན་བསོད་ནམས་མང་དུ་འཕེལ། །ཤཱ་རིའི་བུ། དེ་ལྟར་བས་ན་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་འདི་གཞན་ལ་ནན་གྱིས་གདམས་པར་བྱའོ། །ཞེས་སོགས་ཀྱིས་ཚུལ་བཞིན་བསྒོམ་སྒྲུབ་བགྱིས་པའི་ཕན་ཡོན་དང༌། མདོར་ན་བཅོམ་ལྡན་འདས་ཀྱིས། །གང་ཆོས་ཉན་པའི་རྒྱུའམ་འཆད་པའི་རྒྱུར་ཐ་ན་གོམ་པ་གཅིག་འདོར་རམ་ཐ་ན་དབུགས་གཅིག་འབྱིན་ནམ་རྔུབ་ཀྱང་རུང་སྟེ། འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའི་ཞེས་བཀའ་སྩལ་ཞིང༌། དེ་བཞིན་གཤེགས་པ་གསང་བའི་མདོ་ལས། །དམ་ཆོས་འཛིན་པའི་བསོད་ནམས་ནི། །སངས་རྒྱས་ཀུན་གྱིས་ནན་ཏན་དུ། །བསྐལ་པ་བྱེ་བར་བརྗོད་མཛད་ཀྱང༌། །མཐར་ཕྱིན་པར་ནི་འགྱུར་མ་ལགས་ཞེས་སོགས་ཀྱིས་དམ་པའི་ཆོས་འཛིན་ཞིང་བསྲུང་བའི་ཕན་ཡོན་སྟེ་ཚུལ་དེ་ལྟར་གང་གསུངས་པ་རྣམས་ལ། །དྲན་ཉེར་ལས། མེ་ནི་གྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཡང་སྲིད། །ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །ལས་ཀྱི་འབྲས་བུ་བསླུ་མི་སྲིད། །ཅེས་དང༌། །ཏིང་འཛིན་རྒྱལ་པོ་ལས། ཟླ་བ་སྐར་མ་བཅས་པ་གནས་ལྷུང་ཞིང༌། །རི་དང་གྲང་དུ་བཅས་པའི་ས་གཞི་ལས། །ནམ་མཁའི་ཁམས་ནི་རྣམ་པར་གཞན་གྱུར་ཀྱང༌། །ཁྱོད་ཀྱིས་མི་བདེན་པ་ཡི་ཚིག་མི་གསུངས། །ཞེས་སོགས་གསུངས་པ་ལྟར་ལས་རྒྱུ་འབྲས་བསླུ་མེད་ཀྱི་ཚུལ་ལ་ཡིད་ཆེས་པའི་སྒོ་ནས་སྟོན་དང་བསྟན་པ་མཆོག་དང་མཇལ་བའི་མི་ལུས་དོན་དང་ལྡན་པ་ལ་འབད་པར་བྱའོ་ཞེས་འཕྲོས་དོན་དུ་སྨྲས་སོ། །གསུམ་པ་མཇུག་ཡོངས་སུ་རྫོགས་པའི་བྱ་བ་ལ། །བཀའ་དྲིན་དྲན་པའི་ཕྱག །ལེའུའི་མཚན། གང་གིས་བརྩམ་པའི་མཛད་བྱང༌། མཇུག་ལོ་ཙ་བས་འགྱུར་བྱང་བཤད་པ་དང་བཞི་ལས། དང་པོ་ནི། ལྷག་པའི་ལྷ་རྗེ་བཙུན་འཇམ་པའི་དབྱངས་གང༷་གི༷་བྱིན་གྱིས་བརླབས་པའི་བཀའ་དྲིན་གྱི༷ས་བདག་ལ་འཇིག་རྟེན་གྱི་བྱ་བ་སྙིང་པོ་མེད་པ་རྣམས་ལ་ཆགས་པ་སྤངས་ནས་ཐོས་བསམ་སྒོམ་གསུམ་ལ་སོགས་པའི་དགེ༷་བའི་བྱ་བ་ཁོ་ན་རྩེ་གཅིག་ཏུ་བརྩོན་པའི་བློ་ཁྱད་པར་ཅན་འབྱུང༷་བའམ་སྐྱེ་བར་མཛད་པ་དེ་ནི་བཅོམ་ལྡན་འདས་འཇ༷མ་པའི༷་དབྱང༷ས་ཡིན་པས་དེ་ལ༷་སྒོ་གསུམ་གུས་པའི་སྒོ་ནས་ཕྱག༷་འཚ༷ལ་ལོ༷། །དེ་བཞིན་དུ་སྐྱེས་བུ་དམ་པ་གང༷་དག་གི༷་བཀའ་དྲིན༷་གྱི༷ས་བད༷ག་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་མཛད་ནས་ལུང་དང་རྟོགས་པའི་ཡོན་ཏན་རྣམས་གོང་ནས་གོང་དུ་ད༷ར་ཞིང་རྒྱས་པར་མཛད་པ༷་དཔལ་ནཱ་ལེ༷ནྜའི་མཁན་པོ་རྒྱལ་བའི་ལྷ་དང་སློབ་དཔོན་ལ་སོགས་པ་བླ་མ་དགེ༷་བའི༷་བཤེ༷ས་གཉེན་རྣམས་ལ༷འང༷་བད༷ག་ཉིད་གུས་པས་ཕྱག༷་འཚ༷ལ་ལོ་ཞེས་ཕྱག་མཛད་པ་ལྟར་རང་རེ་རྣམས་ཀྱིས་ཀྱང་རང་རྒྱུད་ལ་ལུང་རྟོགས་ཀྱི་ཡོན་ཏན་ཅུང་ཟད་རེ་ཡོད་པ་དེ་སུ་ཞིག་གིས་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་ཀྱང་དེ་ཉིད་ལ་རང་གིས་བླ་མར་བཟུང་ནས་བཀའ་དྲིན་དྲན་པའི་སྒོ་ནས་སྒོ་གསུམ་གུས་པས་ཕྱག་འཚལ་བར་བྱ་དགོས་པ་ཡིན་ནོ། །གཉིས་པ་ནི། བྱང༷་ཆུབ༷་སེ༷མས་དཔ༷འི་སྤྱོད༷་པ༷་ལ༷་འཇུག་པ༷་ལ༷ས། །བསྔོ༷་བ༷་ཞེ༷ས་བྱ༷་བའི༷་ལེ༷འུ༷་སྟེ༷་བཅུ༷་པའི་འགྲེལ་པ༷འོ༷། །གསུམ་པ་ནི། བྱང༷་ཆུབ༷་སེམ༷ས་དཔ༷འི་སྤྱོད༷་པ༷་ལ༷་འཇུག༷་པ༷་སློབ༷་དཔོ༷ན་ཆེན་པོ་ཤཱནྟཱ་དེ༷་བས་ཏེ་ཞི་བའི་ལྷས་མཛ༷ད་པ༷་རྫོག༷ས་སོ༷་ཞེས་སོ། །བཞི་པ་ནི། དེ་ལ་བསྟན་པ་ལ་སྔ་འགྱུར་དང་ཕྱི་འགྱུར་ཞེས་པ་ཇི་ལྟར་ཡིན་ན་འཕགས་པ་རིགས་གསུམ་མགོན་པོའི་རྣམ་འཕྲུལ་སྦྱིན་བདག་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང༌། ཁྲི་སྲོང་ལྡེའུ་བཙན་དང་མངའ་བདག་ཁྲི་རལ་ཅན་སྟེ་བསྒྱུར་ཡུལ་པཎྜི་ཏ་ལྷ་རིག་པའི་སེང་གེ་ནས་པཎ་ཆེན་སྨྲིར་ཏི་ཛྙཱ་ནའི་བར་དང༌། འགྱུར་བྱེད་ཐུ་མི་སམ་བྷོ་ཊ་ནས་རོང་ཟོམ་ཀུན་མཁྱེན་དྷརྨ་བྷ་དྲའི་བར་དུ་བསྒྱུར་བའི་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་རྣམས་ལ་སྔ་འགྱུར་རྙིང་མ་ཞེས་གྲགས་ལ། ཕྱིས་སུ་ལོ་ཆེན་རིན་ཆེན་བཟང་པོ་ལ་སོགས་པས་བསྒྱུར་བའི་རྒྱུད་འགྲེལ་པ་དང་མདོ་ཕྲན་འགའ་ཞིག་བཅས་བསྒྱུར་བ་ལ་ཕྱི་འགྱུར་གསར་མ་ཞེས་གྲགས་ནའང་དོན་དུ་དེ་ཐམས་ཅད་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་སངས་རྒྱས་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་རིན་པོ་ཆེ་དང་དེ་འཛིན་པའི་སྐྱེས་བུ་དམ་པ་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་དང་ལྡན་པས་གསང་གསུམ་གྱི་མཛད་སྤྱོད་ཐམས་ཅད་ཆོས་སྐུའི་ཀློང་དུ་མཁའ་ལྟར་དབྱེར་མི་ཕྱེད་པའི་བདག་ཉིད་ཅན་ཁོ་ན་ཡིན་པས་ན་ཕྱོགས་དང་རིས་སུ་གཅོད་པར་བྱ་བ་ཅི་ཡང་མེད་དོ། །གཞུང་འདིའང་ལེགས་སྦྱར་གྱི་སྐད་དུ་བརྩམས་ཤིང་རྒྱ་གར་འཕགས་པའི་ཡུལ་ན་གནས་པ་ལ་སྔ་འགྱུར་གྱི་དུས་སུ་རྒྱ༷་ག༷ར་གྱི༷་མཁ༷ན་པོ༷་ཆེན་པོ་ས༷རྦ་ཛྙཱ་དེ༷་བ༷་སྟེ་ཐ༷མས་ཅད་མཁྱེན་པའི་ལྷ་དང༷༌། ཞུ༷་ཆེན༷་གྱི༷་ལོ༷་ཙཱ་བ་ནི་རྔོག་ལོ་ཆེན་པོས། བཻ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། །སྐ་ཅོག་ཞང་གསུམ་ཉི་ཟླ་ཟུང་འབྲེལ་དང༌། །རིན་ཆེན་བཟང་པོ་ཐོ་རངས་སྐར་ཆེན་འདྲ། །ཁོ་བོ་ཅག་ནི་སྲིན་བུ་མེ་ཁྱེར་ཙམ། །ཞེས་པའི་ནང་ཚན་བ༷ནྡེ༷་སྐ་བ་དཔ༷ལ་བརྩེ༷གས་ཀྱིས༷་ཁ༷་ཆེ༷འི་དཔེ༷་ལ༷ས་བོད་ཀྱི་སྐད་དུ་བསྒྱུར༷་ཅིང་ཞུས༷་ཏེ༷་ཞེས་ཞུ་དག་ཀྱང་མཛད་དེ་འཆད་ཉན་གྱིས་གཏ༷ན་ལ༷་ཕ༷བ་པ༷་ལ༷ས་སྐལ་ལྡན་རྣམས་ལ་ཕན་པ་རྒྱ་ཆེན་པོ་མཛད་པའོ། །སླད༷་ཀྱི༷་རྒྱ༷་ག༷ར་གྱི༷་མཁ༷ན་པོ་དྷ༷རྨ༷་ཤྲཱི་༷བྷ༷་འདྲ༷་སྟེ་ཆོས་དཔལ་བཟང་པོ་དང༷༌། ཞུ༷་ཆེ༷ན་གྱི༷་ལོ༷་ཙཱ་བ༷་བ༷ནྡེ༷་རི༷ན་ཆེ༷ན་བཟ༷ང་པོ༷་དང༌། ཤཱ༷ཀྱ༷་བློ༷་གྲོས༷་ཀྱིས༷་ཡུལ༷་དབུས༷་ཀྱི༷་དཔེ༷་དང༷་འགྲེལ༷་པ༷་དང༷་མཐུ༷ན་པ༷ར་བཅོ༷ས་ཤིང༷་བསྒྱུར༷་ཏེ༷་གཏ༷ན་ལ༷་ཕ༷བ་པ༷འོ༷། །ཡ༷ང་དུས༷་ཕྱིས༷་རྒྱ་གར་གྱི༷་མཁ༷ན་པོ༷་སུ༷་མ༷་ཏི༷་ཀཱི༷ཏྟི༷་སྟེ་མཁས་པ་ལེགས་པའི་བློ་གྲོས་གྲགས་པ་དང༷༌། ཞུ༷་ཆེ༷ན་གྱི་ལོ༷་ཙཱ་བ༷་དགེ་སློང༷་རྔོག་ལོ་ཆེན་པོ་བློ་ལྡན༷་ཤེ༷ས་རབ༷་ཀྱི༷ས་ཀྱང༷་དག༷་པ༷ར་བཅོ༷ས་ཤིང་བསྒྱུར༷་ཏེ༷་ལེ༷གས་པ༷ར་གཏ༷ན་ལ༷་ཕ༷བ་པ༷འོ༷། ཞེས་པ་འདིར་ས་བཟང་འགྲེལ་བར་བལ་པོའི་པཎྜི་ཏ་སུ་མ་ཏི་ཀཱིཏྟ་ཞེས་དང༌། ལོ་ཙ་བ་ཕྱི་མ་གསུམ་གྱིས་བཅོས་ཤིང་ཞུས་ཏེ་དག་པར་བྱས་ཏེ་གཏན་ལ་ཕབ་པའོ་ཞེས་དང༌། བར་སྐབས་སུ་ཅུང་ཟད་མ་དག་པར་སོང་བ་རྣམས་བདག་གིས་ཀྱང་རྒྱ་དཔེ་དང་འགྲེལ་བ་ལ་གཏུགས་ཏེ་དག་པར་བགྱིས་པའོ་ཞེས་གསུངས་སོ། །འདིར་སྨྲས་པ། འཇམ་པའི་དབྱངས་ཀྱི་རྗེས་བཟུང་ཞི་བ་ལྷའི། །བྱང་ཆུབ་སེམས་དཔའི་ལམ་བཟང་སྤྱོད་འཇུག་ཉིད། །རིགས་གསུམ་དབྱེར་མེད་ཆོས་ཀྱི་དབང་པོ་ཡི། །བཀའ་སྲོལ་གདམས་པ་སྟོང་གི་བཅུད་ཕུལ་དཔྱིད། །དེ་སླད་བསྟན་འགྲོར་སྨན་པའི་ཐུགས་བཞེད་ཀྱིས། །དམ་པས་ལེགས་བསྐུལ་ཆུད་མི་ཟ་ཕྱིར་དུ། །གང་གསུངས་རང་བློར་ངེས་པའི་ཟིན་བྲིས་སོགས། །ཟབ་མོའི་གསུང་གི་སྣང་བ་འདིར་བཀོད་དོ། །རྙེད་བཀུར་གྲགས་འདོད་དུག་གིས་མ་བསླད་ཀྱང༌། །མ་རིག་བདག་འཛིན་གདོན་ཆེན་སྙིང་ཞུགས་པས། །མ་རྟོགས་ལོག་པའི་ཉེས་པ་གང་མཆིས་པ། །བླ་མ་ལྷ་དང་དམ་པ་རྣམས་ལ་འཆགས། །དམ་པས་བསྐུལ་ཕྱིར་གསུངས་རྒྱུན་མི་ཉམས་ཕྱིར། །གཞན་ལ་ཕན་ཕྱིར་དམ་ཆོས་འཛིན་པའི་ཕྱིར། །འདིར་འབད་དུས་གསུམ་དགེ་ཚོགས་ཀུན་བསྡོམས་ཏེ། །སྲས་བཅས་རྒྱལ་བའི་ཡོངས་བསྔོ་མཆོག་གིས་བསྔོ། །ཕྱོགས་མེད་རྒྱལ་བསྟན་དར་ཞིང་རྒྱས་གྱུར་ཅིག །ཕྱོགས་འཛིན་ཉམས་པས་ཆགས་སྡང་བྱང་གྱུར་ཅིག །ཕྱོགས་ཀྱི་རྒོལ་བ་ཀུན་ནས་ཞི་གྱུར་ཅིག །ཕྱོགས་བཅུར་ཆོས་ཀྱི་རྒྱལ་མཚན་བསྒྲེང་གྱུར་ཅིག །ཕྱོགས་དུས་ཀུན་ཏུ་བསྟན་འཛིན་ཞབས་བརྟན་ཅིང༌། །དགེ་འདུན་སྡེ་འཕེལ་སྦྱིན་བདག་དཔལ་འབྱོར་ལྡན། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། །ཕྱོགས་དུས་ཀུན་ཏུ་འཛིན་ཅིང་སྤེལ་གྱུར་ཅིག །བདག་སོགས་དེང་ནས་ཚེ་རབས་ཀུན་ཏུ་ཡང༌། །བླ་མ་ལྷག་པའི་ལྷ་ཡིས་རྗེས་བཟུང་སྟེ། །འགྲོ་ལ་ཕན་ཕྱིར་བྱང་ཆུབ་སྤྱོད་མཆོག་གིས། །བསྟན་པའི་སྙིང་པོ་ཕྱོགས་བཅུར་འཛིན་གྱུར་ཅིག །གང་འདིར་འབྲེལ་ཚད་ཚེ་རིང་ནད་མེད་པར། །སྒོ་གསུམ་དགེ་ལ་ཡང་དག་གཞོལ་གྱུར་ཏེ། །དོན་གཉིས་ལྷུན་འགྲུབ་ཆོས་ཀྱི་རྒྱལ་པོ་ཉིད། །འཐོབ་པར་ལྷ་དང་བླ་མས་བྱིན་གྱིས་རློབས། །དེ་ལྟར་སྨོན་གང་འགྲུབ་པའི་མཐུན་འགྱུར་ཉིད། །བླ་མ་དཀོན་མཆོག་རྩ་གསུམ་རྒྱ་མཚོ་ཡིས། །བདེན་པའི་གསུང་གིས་གནད་དང་ཆབ་གཅིག་པར། །བཀྲ་ཤིས་དགེ་ལེགས་མེ་ཏོག་ཆར་འབེབས་སྩོལ། །ཞེས་པའང་ཕྱོགས་དུས་གང་ཟག་དམན་པར་གྱུར་ཅིང་སྐྱེས་སྦྱོང་གི་ཤེར་བརྩོན་ཞན་པར་གྱུར་ན་ཡང་ཤར་ཀཿཐོག་པ་ཆེན་པོ་ཡོངས་རྫོགས་བརྟན་པའི་མངའ་བདག་གནས་ལྔ་རིག་པའི་པཎྜི་ཏ་སི་ཏུ་ཆོས་ཀྱི་རྒྱ་མཚོ་ནས་བླ་མའི་ཞལ་རྒྱུན་ལྟར་སྤྱོད་འཇུག་ལ་འགྲེལ་པ་ཞིག་བྲིས་ཞེས་བཀའ་ཡིས་གནང་བ་ཡང་ཡང་ཕེབ་པ་དང༌། །ཡིད་ལྷུང་རྩ་ཤུལ་དགོན་པའི་སྤྲུལ་པའི་སྐུ་མཆོག་འགྱུར་མེད་ཐེག་མཆོག་བཤད་སྒྲུབ་རྒྱལ་མཚན་དཔལ་བཟང་པོ་ཞེས་དེང་གི་དུས་ན་ཕན་བདེའི་འབྱུང་གནས་ལུང་རྟོགས་ཀྱི་རྒྱལ་བསྟན་རིན་པོ་ཆེ་ལ་བཤད་དང་བསྒྲུབ་པའི་མཛད་བཟང་ཐུགས་དམ་དུ་མཛད་པ་བསྟན་པ་འཛིན་པའི་སྐྱེས་བུ་དམ་པའི་རྣམ་ཐར་དང་བཞེས་མཛད་པ་གང་གིས་ལྷ་གོས་དང་རྒྱལ་བ་ཀུན་ཡུམ་ཕྲིན་ལས་དཔའི་མོ་ཉེར་གཅིག་གི་སྣང་བརྙན་རིན་པོ་ཆེ་དང་པོས་རས་བྲིས་དང༌། རྡོར་དྲིལ་དང་སྤར་དུ་སྒྲུབ་པའི་ཞལ་བཞེས་དབྱར་དམ་དང༌། བྲི་གཞིའི་ཤོག་བུ་བཅས་ནན་བསྐུལ་གྱིས་དོན་གཉེར་ཆེར་གནང་ནའང༌། རང་དབེན་རིར་སོས་དལ་ཉི་ཕུལ་ཉལ་སྙམ་སོགས་ཀྱིས་དེ་གར་ལུས་མུར་སྔ་འགྱུར་བསྟན་པའི་ཉི་མ་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་གྱི་ཞལ་སྔ་ནས་དེ་ཚུལ་དགོངས་ནས་དར་མཛོད་ཐག་བཅས་གནང་ནས་དེ་ལྟར་མྱུར་དུ་འགྲུབ་ན་ཐུགས་ཤིན་ཏུ་དགྱེས་ཚུལ་གྱིས་བཀའ་ཡི་གནང་བསྐུལ་ཆེད་བསྩལ་དང༌། སྔར་བསྐུལ་བ་པོ་ཡང་དབྱར་དམ་རིས་སུ་མི་འདོར་བའི་དམ་པ་མཆོག་གི་ངང་ཚུལ་ཅན་ཁོང་ལ་ཤར་ཁ་ཕྱོགས་ཀྱི་བླ་མ་དག་གིས་འདི་ཉིད་སྤར་དུ་འཁོད་པར་དཀར་ཐིགས་ཀྱི་དངོས་རྫས་ཕུལ་བ་ཕྱག་བསྣམས་དང༌། བསླབ་པ་གསུམ་ལ་གུས་པ་ཤཱཀྱའི་དགེ་སློང་སངས་རྒྱས་སམ་བློ་གྲོས་མཆོག་ལྡན་དང་ཤཱཀྱའི་དགེ་སློང་ཐུན་བསྟན་དགེ་འདུན་འཕེལ་རྒྱས་གཉིས་ཀྱིས་ཀྱང་ལྷག་བསམ་དག་པས་ཡི་གེ་བར་ཞལ་བཞེས་སོགས་ཀྱིས་མཐུན་པའི་རྐྱེན་བཟང་པོའི་འབྱོར་པ་ཕུན་སུམ་ཚོགས་པ་དང་བཅས་པར་ནན་བསྐུལ་ཡང་བསྐྱར་དོན་གཉེར་ཆེར་གནང་སྩལ་བ་ལ་ལག་པའི་བསམ་པ་བཟང་པོས་དཔལ་དགེ་བླ་མ་སྐུ་ཕྲེང་གསུམ་པ་ཐུབ་བསྟན་ཡོངས་རྫོགས་བསྟན་པའི་མངའ་བདག་འཇམ་པའི་དབྱངས་དངོས་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ཞེས་སྙན་པའི་བ་དན་དཀར་པོ་སྲིད་པ་གསུམ་ན་མངོན་པར་མཐོ་བ་གང་གི་གདན་ས་ཆོས་འཁོར་དགེ་གོང་ཆོས་སྒར་རིག་འཛིན་འཆི་མེད་གྲུབ་པ་བཤད་སྒྲུབ་དགའ་ཚལ་ཏུ་ཆོས་མཐུན་རྣམས་ཀྱི་སྔ་ཐུན་རྣམས་སུ་ངལ་བ་དང་ལེན་གྱིས་སྐྱབས་རྗེ་ཐམས་ཅད་མཁྱེན་པ་དཔལ་སྤྲུལ་རིན་པོ་ཆེ་ཉིད་ཀྱི་ཞལ་སྔ་ནས་ཟླ་བ་དྲུག་ཏུ་སྤྱོད་འཇུག་འདི་ཁོ་ན་རྒྱས་པར་གནང་བའི་སྐལ་བཟང་ཐོབ་པའི་སྐབས་ཀྱི་རང་གིས་ཟིན་བྲིས་དང༌། སྐྱབས་རྗེ་མཆོག་གི་ཐུགས་ཀྱི་སྲས་མཆོག་དཔོན་རིན་པོ་ཆེ་ཨོ་རྒྱན་བསྟན་འཛིན་ནོར་བུའི་ཞལ་སྔ་ནས་སྤྱོད་འཇུག་ཞག་བཞི་བཅུ་རེར་རྒྱས་པར་གནང་བ་ལན་གཉིས་ཀྱི་སྐལ་བཟང་ཐོབ་པའི་ཟིན་བྲིས་དང༌། ཡང་ཐུགས་སྲས་དམ་པ་གཞན་དག་གིས་ཟིན་བྲིས་དང་གསུང་གི་སྣང་བ་ལ་བརྟེན་ནས་གོ་སླ་གཙོར་རྟོན་གྱིས་ཤཱཀྱའི་བཙུན་གཟུགས་རྨོངས་བརྟུལ་ཀུན་བཟང་ཆོས་གྲགས་སམ་ཀུན་བཟང་དཔལ་ལྡན་དུ་འབོད་པས་གྲུབ་པར་བགྱིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །མངྒ་ལཾ།། །། ༈ ཨོཾ་སྭ་སྟི། །ཐུབས་གསུངས་ཟབ་དང་རྒྱ་ཆེའི་མདོ་སྡེ་རྣམས། །སྙིང་པོར་དྲིལ་བ་བྱང་ཆུབ་སྤྱོད་པའི་གཞུང༌། །ལྟ་སྤྱོད་གཉིས་ཆར་སྟོན་པ་ཞི་བ་ལྷའི། །བསྟན་བཅོས་འདི་འདྲ་དུས་གསུམ་འབྱོན་པར་དཀོན། ༡ །གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། །སྐྱེས་བུ་གང་གི་ཐུགས་ལ་ཞུགས་གྱུར་པ། །དེ་ནི་རྒྱལ་སྲས་སེམས་དཔའ་ཆེན་པོ་སྟེ། །བདེ་བར་གཤེགས་པའི་གདུང་འཚོབ་དམ་པ་ཡིན། ༢ །དེ་ཕྱིར་ཐར་འདོད་བློ་ལྡན་སྐྱེས་བུ་རྣམས། །གཞུང་འདི་ཁོག་པའི་སྙིང་ལྟར་བརྩོན་པ་གཅེས། །དེ་ལྟ་ན་ཡང་ཟབ་ཅིང་བརླིང་བ་ཡི། །དོན་རྣམས་ཇི་བཞིན་བཀྲལ་ལ་སྙིགས་དུས་འདིར། ༣ །ཞི་ལྷ་གཉིས་པ་ཆོས་ཀྱི་དབང་པོ་ཞེས། །སྙན་པ་འཇིག་རྟེན་གསུམ་ན་ཆེས་གསལ་ཞིང༌། །མཁས་གྲུབ་བྱེ་བའི་གཙུག་གི་ནོར་བུ་དེས། །ཞལ་ལུང་དྲི་མེད་བདུད་རྩིའི་ཐིག་ཕྲེང་འདི། ༤ །གང་དེའི་གསུང་གི་སྲས་མཆོག་སྡེ་སྣོད་འཛིན། །ཐུབ་བསྟན་ཀུན་བཟང་ཆོས་ཀྱི་གྲགས་པ་ཞེས། །སྡོམ་བརྩོན་ཆེ་དེས་ལེགས་པར་བཤད་པ་ཡི། །རྣམ་འགྲེལ་འདི་ཉིད་གཞན་ལས་ཁྱད་པར་འཕགས། ༥ །དེ་ཕྱིར་རྣམ་དཀར་གཏོགས་པའི་བློ་ལྡན་མ། །བྱ་རྒྱལ་རྒོད་གཤོགས་རྒྱས་འདྲའི་རིགས་སྲས་ཀྱི། །མ་ཡུམ་ཚེ་དབང་སྒྲོལ་མ་ཞེས་བགྱི་བས། །སྤར་དུ་བཞེངས་པའི་ལེགས་བྱས་དགེ་བའི་མཐུས། ༦ །ཚེ་འདིའི་ཕ་མ་གཙོ་བྱས་སེམས་ཅན་རྣམས། །སྒྲིབ་གཉིས་བྱང་ཤིང་ཚོགས་གཉིས་རྫོགས་པ་དང༌། །བྱང་ཆུབ་སེམས་གཉིས་རྒྱུད་ལ་རབ་སྐྱེས་ནས། །སྐུ་གཉིས་གོ་འཕང་མྱུར་དུ་ཐོབ་པར་ཤོག ༧ །ཅེས་པའང་སྤར་བྱང་སྨོན་ཚིག་ཏུ་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་བློ་གྲོས་རྒྱ་མཚོས་བྲིས་པ་སརྦ་མངྒ་ལམ། ༢ །འཇམ་མགོན་༢བླ་མ་ཡབ་སྲས་ལ་གཅིག་ཏུ་གུས་པ་བྲག་གཡབ་བླ་མ་ཞིང་སྐྱོང་ནས་གྲོགས་དན་བགྱིད་སྐབས་དཔལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲ་ཆེན་པོར་སྤར་དུ་སྒྲུབ་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ། །དགེའོ། །དགེའོ། །དགེའོ།། །།ཞུ་དག་ཡོངས་སུ་རྫོགས་སོ།

Notes[edit]

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net