བསྟན་བཅོས་བཞི་བརྒྱ་པ་ཞེས་བྱ་བའི་ཚིག་ལེའུར་བྱས་པའི་མཆན་འགྲེལ་བཞུགས་སོ། །

From Rangjung Yeshe Wiki Texts
Jump to navigationJump to search

༼༢༨༧༽༄༅། །བསྟན་བཅོས་བཞི་བརྒྱ་པ་ཞེས་བྱ་བའི་ཚིག་ལེའུར་བྱས་པའི་མཆན་འགྲེལ་བཞུགས་སོ། །[1]


༼༢༨༨༽༄༅། །རྒྱ་གར་སྐད་དུ། ཙ་ཏུཿཤཱ་ཏ་ཀཱ་ཤཱསྟྲཱ་ཀ་རི་ཀཱ་ནཱ་མ། བོད་སྐད་དུ། བསྟན་བཅོས་བཞི་བརྒྱ་པ་ཞེས་བྱ་བའི་ཚིག་ལེའུར་བྱས་པ། བཞི་སྒྲ་མི་མངོན་བྱས་པ་དང༌། །རྟོག་རྣམས་སེལ་བར་བྱེད་པའི་ཕྱིར། །བརྒྱ་པ་ཞེས་བྱར་བརྗོད་པ་སྟེ། །འཛིན་པ་འཆོས་ཕྱིར་བསྟན་བཅོས་སོ། །ཞེས་པ་ནི་དང་པོའི་སྒྲ་མི་མངོན་པར་བྱས་པའི་དབང་དུ་བྱས་པའོ། །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། ། འདི་ལ་རབ་ཏུ་བྱེད་པ་བཅུ་དྲུག་ལས། དང་པོ་བཞིས་ནི་འཇིག་རྟེན་པའི་དངོས་པོ་ཇི་ལྟར་གནས་པ་ཡོངས་སུ་གསལ་བ་སྟེ། ༼༢༨༩༽འདི་ལྟར་ཕུང་པོ་ལྔ་ནི་རྒྱུ་རྐྱེན་ལ་རག་ལས་པས་སྐྱེ་བ་དང་ལྡན་པ་ཉིད་ཀྱི་ཕྱིར་ན་མི་རྟག་པའོ། །མི་རྟག་པ་ནི་གདོན་མི་ཟ་བར་གནོད་པའི་བདག་ཉིད་ཅན་ཡིན་པས་ན་སྡུག་བསྔལ་བའོ། །སྡུག་བསྔལ་བ་ནི་རྟག་ཏུ་སྐྱོ་བ་སྐྱེད་པའི་འོས་ཡིན་པས་ན་མི་གཙང་བའོ། །གང་མི་གཙང་བ་དེ་དག་ནི་དོར་བྱ་ཉིད་ཀྱི་ཕྱིར་བདག་དང་བདག་གིར་བཟུང་བའི་འོས་མིན་པས་ན་བདག་མེད་པའོ། །དེ་ལྟར་ཕྱིན་ཅི་ལོག་བཞི་སྤང་བ་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་དག་པར་བསྟན་པས་འཐོབ་པའི་ཕྱིར་ལྔ་པས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་ཏོ། །ཉོན་མོངས་པས་ཟིལ་གྱིས་མནན་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའི་བར་དུ་གཅོད་པ་ཡིན་པས་ན་དྲུག་པས་ཉོན་མོངས་པ་ལ་དཔྱད་པའོ། །ཡུལ་རྣམས་ནི་ཉོན་མོངས་པ་རྣམས་སྐྱེ་བ་དང་གནས་པ་དང་འཕེལ་༼༢༩༠༽བའི་རྒྱུ་ཡིན་པས་ན་བདུན་པས་ནི་ཡུལ་ལ་དཔྱད་དོ། །ཡུལ་རྣམས་ལ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང་ལྡན་པ་རྣམས་ལ་ཉོན་མོངས་པ་སྐྱེ་བའི་རྒྱུ་ཡིན་པས་བསྟན་བཅོས་འདི་ལས་དོན་དམ་པ་བསྟན་པ་དེ་ལ་ཆོས་ཀྱི་རང་བཞིན་རྣམ་པར་བཤད་པ་ཉན་པར་འདོད་པའི་སློབ་མའི་རྒྱུད་ལས་སུ་རུང་བར་བྱ་བའི་ཕྱིར་བརྒྱད་པས་ཡོངས་སུ་སྦྱོང་བ་བསྟན་ཏོ། །དེའི་འོག་ཏུ་རབ་བྱེད་བརྒྱད་ཀྱིས་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་བསྟན་ཏོ། །འདི་ནི་འདིའི་བསྡུས་པའི་དོན་ཏོ། ། བསྟན་བཅོས་ཀྱི་ཐོག་མར་སྟོན་པ་ལ་མཆོད་པར་བརྗོད་དགོས་སོ་ཞེ་ན། བདེན་མོད་ཀྱི། སློབ་དཔོན་ཀླུ་སྒྲུབ་ཀྱིས་བསྟན་བཅོས་དབུ་མ་རྩ་བ་ལས་མཆོད་པར་བརྗོད་ཟིན་པས་འདི་ཡང་དེའི་ཁོངས་སུ་གཏོགས་པ་ཉིད་ཀྱི་ཕྱིར་རོ། ། གང་ལ་འཇིག་རྟེན་གསུམ་མངའ་དག །རང་ཉིད་འཆི་བདག་བྱེད་པོ་མེད། ། ཡོང་ངེས་རྣལ་བཞིན་གཉིད་ལོག་ན། །དེ་ལས་མ་རུངས་གཞན་ཅི་ཡོད། ། མི་རྟག་པ་ཉིད་ནི་སྐྱོ་བ་དང་རྗེས་སུ་མཐུན་པའི་ཕྱིར་དང༌། དེ་རྟོགས་པས་སྡུག་བསྔལ་ལ་སོགས་པ་རྣམས་ཁོང་དུ་ཆུད་པར་སླ་བ་ཉིད་ཀྱིས་རེ་ཞིག་མི་རྟག་པ་ཉིད་བསྟན་པར་བྱ་བའི་ཕྱིར་བཤད་པ། དེ་ལ་ཕུང་པོ་ལྔར་རྒྱུར་བྱས་ནས་གདགས་པའི་གང་ཟག་ནི་སྐྱེ་བའི་གནས་དེ་དང་དེར་འཇིག་ཅིང་རབ་ཏུ་འཇིག་པས་ན་འཇིག་རྟེན་ནོ། །འཇིག་རྟེན་གསུམ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་ཞེས་བྱ་བ་དག་གམ། གང་ཀླུའི་འཇིག་རྟེན་དང༌། མི་དང་ལྷའི་འཇིག་རྟེན་ཞེས་བྱ་བ་དག་གོ །གང་ཞིག་འཕགས་པའི་ལམ་རྒྱུད་ལ་མ་སྐྱེས་ཤིང༌། དངོས་པོ་རྣམས་ལ་བདེན་པར་ཞེན་པས་ཁམས་གསུམ་གྱི་འཆིང་བ་ལས་ཡོངས་སུ་མ་གྲོལ་བ་དེ་ནི་འཆི་བདག་དོན་པོ་ཅན་ཡིན་པ་ཉིད་ཀྱི་ཕྱིར་གང་ལ་ཞེས་བྱ་བ་སྟེ་རྣམ་པ་དེ་ལྟ་བུའི་གང་ཟག་གང་ལ་འཇིག་རྟེན་གསུམ་གྱི་ཡང་མངའ་བདག་ཏུ་གྱུར་པ་དང་། །༼༢༩༡༽རང་ཉིད་འཆི་བདག་གི་རྒྱལ་པོ་གཞན་གྱིས་རབ་ཏུ་མ་སྦར་བ་དང་གཞན་རབ་ཏུ་སྦོར་བ་པོ་མ་ཡིན་པ་ཉིད་ཀྱིས་ན་བྱེད་པ་པོ་གཞན་མེད་པ་དང་། །སྐྱེས་བུའི་བྱེད་པ་གཞན་དག་གིས་སླར་བཟློག་ཏུ་མེད་པ་དང༌། རལ་གྲི་རྣོན་པོ་གདེངས་པ་ལྟར་སྲོག་གཅོད་པར་བྱ་བའི་ཕྱིར་ཞུགས་པ་ཡོད་པ་དང་གསོན་པ་དེ་ལ་རག་ལས་པ་ངེས་ན་འཆི་ལྟས་ཀྱིས་ཟིན་པ་ལྟར་རམ། མགོའམ་གོས་ལ་མེ་ཤོར་བ་ལྟར་བྱས་སྟེ་བག་ཡོད་པར་སྤྱོད་པས་བཅོ་བ་དག་ལ་བརྩོན་པར་བྱ་དགོས་ཏེ། བྱ་བ་བྱས་པ་ལྟར་ཆོས་ཤིང་བརྩོན་པར་མི་བྱེད་པར་རྣལ་མ་བཞིན་གཉིད་ལོག་ན་ནི། །དེ་ལས་མ་རུང་བ་གཞན་ཅི་ཞིག་ཡོད། །དེའི་ཕྱིར་དེ་ལྟར་ན་ཆད་པ་བརྡུག་པ་མེད་པ་ཅན་གྱི་འཆི་བདག་གི་སྤྱོད་ཡུལ་དུ་གནས་པས་ནི་གོར་མ་ཆག་པར་བག་ཡོད་པ་དང་ལྡན་པར་བྱ་དགོས་སོ། ། འཆི་བར་བྱ་ཕྱིར་སྐྱེས་གྱུར་ཅིང༌། །གཞན་དབང་འགྲོ་བའི་ངང་ཅན་ལ། ། འཆི་བ་བྱ་བ་ལྟར་སྣང་སྟེ། །གསོན་པ་བྱ་བ་མིན་ལྟར་རོ། ། སྨྲས་པ། འཇིག་རྟེན་གསུམ་གྱི་མངའ་བདག་འཆི་བ་དེ་ཡོད་མོད་ཀྱི། དེ་བས་ཆེས་སྔར་དེ་ཟློག་པར་བྱེད་པ་གསོན་པ་ཡོད་པས་དེའི་བར་དུ་འཆི་བདག་ལ་མི་འཇིགས་ཏེ་སྐྱེས་པ་ཙམ་ལ་འཆི་བ་མི་སྲིད་པའི་ཕྱིར་རོ། །བཤད་པར་བྱ་སྟེ། འཆི་བར་བྱ་བའི་ཕྱིར་དུ་སྐྱེས་བར་གྱུར་ཅིང༌། །རྒ་བ་དང་ན་བ་དང་རྒུད་པའི་རྐྱེན་གྱི་གཞན་དབང་ཅན་མྱུར་དུ་འཆི་བདག་གི་ཐད་དུ་དཀྲི་པས་འགྲོ་བའི་ངང་ཅན་དེ་ལ། །སྐད་ཅིག་རེ་རེ་ཞིང་འཆི་བར་བྱ་ལ་ཁོ་ན་ལྟར་སྣང་སྟེ། །འཆི་བའི་དོན་དུ་ཞུགས་པར་མཐོང་བའི་ཕྱིར་རོ། །དེའི་ཕྱིར་གསོན་པ་བྱ་བ་མིན་པ་ལྟར་སྣང་བའི་ཕྱིར་རོ། ། ཁྱོད་ཀྱིས་འདས་དུས་ཐུང་ངུ་ལྟར། །མཐོང་ཞིང་མ་འོངས་གཞན་དུ་ན། ། ཁྱོད་མཉམ་མི་མཉམ་ལྟར་སེམས་དེ། །གསལ་བར་འཇིགས་པའི་འོ་དོད་ཞེས། ། སྨྲས་པ། ༼༢༩༢༽དེང་སང་མི་རྣམས་ཚེ་ལོ་བརྒྱ་པ་ཡིན་ལ། བདག་འདས་པའི་དུས་ཐུང་ངུ་ཞིག་ལས་མ་སོང་པས་དུས་ཅུང་ཟད་ཅིག་ཡུལ་གྱི་བདེ་བ་མྱོང་ནས་ཕྱིས་འཆི་བ་བཟློག་པའི་ཕྱིར་འབད་པར་བྱའོ། །བཤད་པ། འདི་ཡང་མི་རིགས་ཏེ། ཁྱོད་ཀྱིས་འདས་པའི་དུས་དེ་ཐུང་ངུ་ལྟར། །མཐོང་ཞིང་མ་འོངས་པ་གཞན་དུ་སྟེ་དུས་རིང་པོར་ལྟ་ན། །ཁྱོད་ཀྱིས་མཉམ་པ་དང་མི་མཉམ་པ་ལྟར་སེམས་པ་དེ་ནི། །གསལ་བར་འཆི་བ་ལ་འཇིགས་པ་སྟེ་དཔེར་ན་འཇིགས་པའི་འོ་དོད་དང་འདྲའོ། ། གཞན་དག་ལ་ཡང་སྤྱི་མཐུན་ཕྱིར། །ཁྱོད་ལ་འཆི་བའི་འཇིགས་མེད་ན། ། གཅིག་ལ་གནོད་གང་དེ་ཕྲག་དོག །རྒ་ནས་སྡུག་བསྔལ་སྐྱེད་འགྱུར་རམ། ། དེ་ལྟར་ནའང་འཆི་བ་འདི་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་ཡིན་པས་དེ་ལས་སྐྲག་པ་མི་འབྱུང་ངོ་ཞེ་ན། གཞན་དག་ལ་ཡང་འཆི་བ་ནི་སྤྱི་མཐུན་ཡིན་པའི་ཕྱིར། ཁྱོད་ལ་རང་ཉིད་འཆི་བའི་འཇིགས་པ་མེད་ན། །གཅིག་ལ་གནོད་པ་འབྱུང་བ་གང་ཡིན་པ་དེ་ཁ་ཅིག་ཕྲག་དོག་གིས་བྱས་པའི་སྡུག་བསྔལ་བླ་ལྷག་ཏུ་གྱུར་པ་སྲིད་ཀྱི་གཞན་དུ་ཕྲག་དོག་ཁོ་ནའི། །སྒོ་ནས་སྡུག་བསྔལ་བསྐྱེད་པར་འགྱུར་རམ་ཅི་སྟེ་མིན་ནོ། ། ནད་བཅོས་རྒ་བ་གསོ་བྱ་དེས། །དེ་དག་ལ་ཁྱོད་མི་འཇིགས་མེད། ། ཆད་པ་ཕྱི་མ་བཅོར་མེད་པས། །ཁྱོད་ཆེས་གསལ་བར་དེ་ལ་འཇིགས། ། གང་གིས་གསོ་དཔྱད་དང་བཅུད་ཀྱིས་ལེན་པ་ལ་སོགས་པས་རྒ་བ་དང་ན་བ་དག་བཟློག་པར་ནུས་པས་དེས་ན་འཆི་བ་ལ་ཡང་རེ་ཞིག་མི་འཇིགས་སོ་སྙམ་པ་དེ་སྐྱོ་བ་བསྐྱེད་པའི་ཕྱིར་བཤད་པ། ནད་བཅོས་སུ་ཡོད་པའི་ཕྱིར་དང་རྒ་བ་གསོ་བྱ་ཡིན་པ་དེས་ན། །ན་བ་དང་རྒ་བ་དེ་དག་ལ་ཁྱོད་མི་འཇིགས་པ་ལ་རག་མོད་ཀྱི། །ཆད་པ་ཕྱི་མ་འཆི་བ་ནི་ངེས་པར་བཅོར་དུ་མེད་༼༢༩༣༽པས། །ཁྱོད་ཆེས་ཤིན་ཏུ་གསལ་བར་དེ་ལ་འཇིགས་དགོས་པས་མི་འཇིགས་ཞེས་བདག་ཉིད་བསླུ་བར་མི་རིགས་སོ། ། གསད་པར་བྱ་བའི་ཕྱུགས་རྣམས་ལྟར། །འཆི་བ་ཀུན་གྱི་ཐུན་མོང་ཞིང༌། ། གཞན་ཡང་འཆི་བར་སྣང་གྱུར་ན། །ཁྱོད་ལ་འཆི་བདག་འཇིགས་ཅིས་མེད། ། ཅི་སྟེ་བཟློག་ཏུ་མེད་པའི་འཆི་བ་དེ་ཡོད་མོད་ཀྱི། དེ་ད་ལྟ་ངེས་པར་མ་ཟིན་པའི་ཕྱིར་འཇིགས་པ་འདྲེན་པར་བྱེད་པ་མ་ཡིན་ནོ་སྙམ་ན། དེ་ཡང་མ་ཡིན་ཏེ། གསད་པར་བྱ་བའི་ཕྱུགས་རྣམས་འཇིགས་པ་ལས་ཐར་པ་མེད་པ་ལྟར། །འཆི་བ་ནི་སེམས་ཅན་ཀུན་གྱི་ཐུན་མོང་ཡིན་ཞིང༌། །གཞན་དུ་མ་ཞིག་ཤི་ཟིན་ཅིང་ཡང་ཁ་ཅིག་འཆི་བཞིན་པ་ཡིན་པས་འཆི་བར་སྣང་བ་འགྱུར་ན། །དེ་མ་དམིགས་པའང་མ་ཡིན། །རང་ཉིད་དེ་ལས་འདས་པའང་མ་ཡིན་ན་ཁྱོད་ལ་འཆི་བདག་གི་འཇིགས་པ་རྒྱུ་ཅི་ཞིག་གིས་མེད། ། དུས་ལ་ངེས་པ་མེད་པའི་ཕྱིར། །བདག་རྟག་སྙམ་དུ་སེམས་ན་ནི། ། ནམ་ཞིག་དུས་ན་འཆི་བདག་གིས། །ཁྱོད་ལ་གནོད་པ་བྱེད་པར་འགྱུར། ། གལ་ཏེ་འཆི་བ་མངོན་སུམ་དུ་སྣང་མོད་ཀྱི། དེའི་དུས་མ་ངེས་པས་དེ་ལ་གཅིག་ཏུ་འཇིགས་པ་མ་ཡིན་ནོ་སྙམ་ན། དེ་ཡང་ཡོད་པ་མ་ཡིན་ཏེ། འཆི་བའི་དུས་ལ་ཞག་བརྒྱའམ་སྟོང་ན་འཆིའོ་ཞེས་ངེས་པ་མེད་པའི་ཕྱིར། །བདག་རྟག་པ་ཐེར་ཟུག་གོ་སྙམ་དུ་སེམས་ན་ནི། །འཆི་བའི་དུས་ལ་ངེས་པ་མེད་པ་ཉིད་ཀྱིས་འཇིགས་པར་བྱ་དགོས་བཞིན་དུ་དེ་ཉིད་ཀྱིས་མི་འཇིགས་སོ་ཞེས་བྱ་བ་འདི་ནི་ཆེས་བླུན་པ་ཉིད་དེ། གདོན་མི་ཟ་བར་ནམ་ཞིག་གི་དུས་ན་འཆི་བདག་གིས། །ཁྱོད་ལ་གནོད་པ་མི་བཟད་པ་དག་བྱེད་པར་འགྱུར་རོ། ། མ་འོངས་པ་ཡི་དོན་ལྟ་ཞིང༌། །གསོན་པ་ཟད་པ་མ་ཡིན་ན། ། བདག་ཉིད་འཚོང་ལ་བདག་ཉིད་ནི། །རྣམ་དཔྱོད་ལྡན་ཞེས་སུ་ཞིག་སྨྲ། ། ཡང་འཆི་བའི་འཇིགས་པས་སྡར་མ་ཁོ་ན་ལ་མི་དགའ་བ་བསྐྱེད་པ་༼༢༩༤༽ཡིན་གྱི། གང་ལ་ཡང་འཇིགས་པ་མེད་པའི་དཔའ་བོ་ལ་ནི་མ་ཡིན་ནོ་སྙམ་པ་དེ་བཟློག་པའི་ཕྱིར་བཤད་པ། ཚེ་འདིའི་མ་འོངས་པ་ཡི་དོན་རྣམས་ཐོབ་པ་ལ་གཅིག་ཏུ་ལྟ་ཞིང༌། །རང་གི་གསོན་པ་ཉིད་ཟད་པ་ལ་ནི་ལྟ་བ་མ་ཡིན་ན། །བདག་ཉིད་ཀྱི་སྲོག་འཚོང་བ་ལ་བདག་ཉིད་ནི། །རྣམ་དཔྱོད་དང་ལྡན་ཞེས་སུ་ཞིག་གིས་སྨྲ། །དེའི་ཕྱིར་རང་གི་སྲོག་དང་བྲལ་བ་ཁོ་ན་ལ་སོ་སོར་བརྟག་པར་བྱའི་རྙེད་པ་དང་བཀུར་སྟི་ལ་སོགས་པ་རྣམས་ལ་ནི་མ་ཡིན་ནོ། ། བདག་ཉིད་གཏའ་མར་བཞག་བྱས་ཏེ། །སྡིག་ལ་ཅི་ཡི་ཕྱིར་ན་བྱེད། ། ངེས་པར་ཁྱོད་ནི་མཁས་རྣམས་ལྟར། །བདག་ལ་འདོད་ཆགས་བྲལ་བར་ཟད། ། འདིར་སྨྲས་པ། གལ་ཏེ་ནོར་གྱི་དོན་དུ་སྲོག་གཏོང་བ་སྨད་པ་ཡིན་ན། འོ་ན་རང་གི་སྲོག་བསྲུང་བར་བྱ་བའི་ཕྱིར་སྡིག་པ་དག་ལ་ཡང་སྤྱད་པར་འོས་སོ། །དེ་ནི་མ་ཡིན་ཏེ། འདི་པའི་ཡུལ་སྨིག་རྒྱུ་ལྟ་བུ་ལ་ཆགས་པའི་སྒོ་ནས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་དྲག་པོ་ལ་རྩིས་མེད་པར་བྱས་ནས། དེར་བདག་ཉིད་གཏའ་མར་བཞག་པར་བྱས་ཏེ། །སྡིག་པའི་ལས་ཅིའི་ཕྱིར་ན་བྱེད། །ངེས་པར་ཁྱོད་ནི་མཁས་པ་དགྲ་བཅོམ་པ་རྣམས་ལ་རྒྱུ་མེད་པས་བདག་ལ་ཆགས་པ་དང་བྲལ་བ་ལྟར། ཁྱོད་ཀྱང་བདག་ཉིད་ལ་འདོད་ཆགས་དང་བྲལ་བར་ཟད་དོ། ། སུ་ལའང་གསོན་པ་ཞེས་བྱ་བ། །སེམས་ཀྱི་སྐད་ཅིག་ལས་གཞན་མེད། ། སྐྱེ་བོས་དེ་ངེས་མི་རིག་པ། །དེས་ན་བདག་ཉིད་ཤེས་པ་དཀོན། ། གང་ཞིག་རིང་དུ་གསོན་པ་ལ་རེ་ནས་ཚེ་འདིས་བདེ་བ་འབའ་ཞིག་དོན་དུ་གཉེར་ནས་བདག་ཉིད་གཏའ་མར་འཇོག་པ་དེ་ལ་སླར་ཡང་བརྩད་པ། སེམས་ཅན་སུ་ལའང་གསོན་པ་ཞེས་བྱ་བ། །དེ་ནི་སེམས་ཀྱི་སྐད་ཅིག་མ་གཅིག་ཙམ་ལས་གཞན་མེད་དེ་འདུ་བྱེད་རྣམས་སྐད་ཅིག་མ་ཉིད་ཀྱི་ཕྱིར་རོ། །༼༢༩༥༽སྐྱེ་བོ་རྣམས་ཀྱིས་དེ་མ་ངེས་ཤིང་མི་རིག་པ། །དེས་ན་བདག་ཉིད་ཀྱི་རང་བཞིན་ཤེས་པ་དཀོན་པའོ། ། ཁྱོད་རིང་གསོན་པ་ལ་དགའ་ཞིང༌། །རྒན་ཉིད་ལ་ཁྱོད་མི་དགའ་ན། ། ཨེ་མ་ཁྱོད་སྤྱོད་སྐྱེ་བོ་ནི། །འདྲ་ལ་དམ་པ་ལྟ་བུར་སྣང༌། ། གསོན་པ་སྐད་ཅིག་མ་ཡིན་མོད་ཀྱི། དེ་ལྟར་ན་ཡང་རྒྱུན་མི་འཆད་པས་ཚེ་རིང་བ་ཉིད་ཀྱི་ཕྱིར་ན་དེ་ལ་མངོན་པར་ཞེན་པ་རིགས་པ་ཉིད་དོ་ཞེ་ན། བཤད་པར་བྱ་སྟེ། ཁྱོད་ཉམས་པ་མེད་པར་རིང་དུ་གསོན་པ་ལ་དགའ་ཞིང༌། །གཉེར་མ་དང་མགོ་སྐྱ་བ་ལ་སོགས་པའི་རྒན་པོར་བྱུང་བ་ཉིད་ལ་ཁྱོད་མི་དགའ་ན། །ཨེ་མ་ཁྱོད་ཀྱི་སྤྱོད་པ་ལོག་པ་འདི་སྐྱེ་བོ་ནི། །ཁྱོད་དང་འདྲ་བ་རྣམས་ལ་དམ་པ་ལྟ་བུར་སྣང་གི །གཞན་ལ་ནི་མ་ཡིན་ནོ། ། ཁྱོད་རང་འཆི་ལ་མྱ་ངན་ན། །བུ་སོགས་རྣམས་ཕྱིར་ཅི་སྟེ་ཡིན། ། རང་ཉིད་སྐྱོ་བྱ་སྨྲ་པོ་ནི། །ཇི་ལྟ་བུར་ན་སྨད་མི་འགྱུར། ། རྒ་ཤི་ནི་མི་འདོད་པ་ཡིན་མོད་ཀྱི། དེ་ལྟར་ན་ཡང་དེ་གཉིས་ཇི་ལྟ་བུ་ལ་ཡོད་པར་མྱ་ངན་བྱ་བར་འོས་ཀྱི་རང་ལ་ནི་མ་ཡིན་ནོ་སྙམ་པ་དེ་ལ་བརྗོད་པ་ཁྱོད་རང་ཉིད་འཆི་བ་ལ་མྱ་ངན་འོས་པ་ན། །བུ་ལ་སོགས་པ་རྣམས་ཀྱི་ཕྱིར་ཅི་སྟེ་མྱ་ངན་བྱ་བ་ཡིན། །རང་ཉིད་འཆི་བདག་ལས་འདས་པས་ནི་གཞན་ལ་འཆི་བདག་བབས་པ་ལ་སེམས་ནད་བྱ་བར་རིགས་ན། །སྐྱོན་མཚུངས་པས་རང་ཉིད་སྐྱོ་བར་བྱ་བཞིན་དུ་གཞན་གྱི་ཕྱིར་དུ་ངས་མྱ་ངན་བྱ་བར་འོས་སོ་ཞེས་སྨྲ་བ་པོ་ནི། །ཅི་ལྟ་བུར་ན་དམ་པས་སྨད་པར་མི་འགྱུར། ། གང་ཚེ་འགའ་ཞིག་མ་བཅོལ་བར། །རང་ཉིད་བུར་གྱུར་དེ་ཡི་ཚེ། ། མ་དྲིས་ཉིད་དུ་དེ་འགྲོ་བ། །རིགས་པར་མི་འགྱུར་མ་ཡིན་ནོ། ། དེ་ལྟ་མོད་ཀྱི་བུ་ཉིད་མ་དྲིས་པར་གློ་བུར་དུ་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་ལ་མྱ་ངན་བྱེད་དོ་སྙམ་པ་ལ་བཤད་པ། ཁྱོད་ཀྱི་མྱ་ངན་དེ་གནས་མ་ཡིན་པ་ཞིག་སྟེ། གང་གི་ཚེ་སེམས་ཅན་འགའ་ཞིག་འདིར་འོང་བར་མ་བཅོལ་༼༢༩༦༽བར་ཏེ། །གསོལ་བ་མ་བཏབ་པར་རང་ཉིད་བུར་གྱུར་པ་དེ་ཡི་ཚེ། །མ་དྲིས་པ་ཉིད་དུ་དེ་ཉིད་སླར་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་ལ་ཡང་། །རིགས་པར་མི་འགྱུར་བ་མ་ཡིན་ནོ། ། གཏི་མུག་ཕྱིར་ན་བུ་ཡི་ནི། །རྣམ་པར་རྟོག་པ་མེད་པར་ཟད། ། འདི་ཡི་འགྲོ་བར་སྤྲོ་བ་ཉིད། །རྒས་པས་སྟོན་པར་བྱེད་པར་འགྱུར། ། ཡང་ན་དེ་མ་དྲིས་པར་འགྲོ་བ་མ་ཡིན་ཏེ། དེས་ཡིག་འབྲུ་མེད་པར་མཛའ་བཤེས་སོགས་ལ་སྐལ་བགོས་མོད་ཀྱི། ཁྱོད་ནི་གཏི་མུག་ཆེ་བའི་ཕྱིར་ན་རང་ཉིད་ཀྱིས་མི་ཤེས་པ་ལ་མྱ་ངན་བྱ་ཡི་བུ་ཡི་ནི། །ཕྱིར་དུ་མྱ་ངན་བྱེད་པའི་རྣམ་པར་རྟོག་པ་དོན་མེད་པར་ཟད་དོ། །སྐལ་བགོས་པ་དེ་གང་ཞེ་ན། བུ་འདི་ཡི་འཇིག་རྟེན་ཕ་རོལ་ཏུ་འགྲོ་བར་སྤྲོ་བ་ཉིད། །སྐད་ཅིག་གིས་འགྱུར་བའི་རྒས་པས་ཁྱོད་ལ་སྟོན་པར་བྱེད་པར་འགྱུར་རོ། ། ཇི་ལྟར་ཕ་ལ་བུ་སྡུག་པ། །དེ་ལྟར་དེ་ལ་སྐྱེ་མ་ཡིན། ། འཇིག་རྟེན་འདི་ནི་འོག་ཏུ་འགྲོ། །དེ་ཕྱིར་མཐོ་རིས་ཀྱང་རྙེད་དཀའ། ། སྨྲས་པ། གལ་ཏེ་ཡང་རྒ་བས་འདིའི་འགྲོ་བ་ལ་སྤྲོ་བ་ཉིད་སྟོན་པར་བྱེད་མོད་ཀྱི། །དེ་ལྟར་ན་ཡང་བུ་ལ་ཆེར་ཆགས་པ་ཉིད་ཀྱིས་ཕས་མྱ་ངན་བྱེད་དོ། །བཤད་པ། ཇི་ལྟར་ཕ་ལ་བུ་སྙིང་དུ་སྡུག་པ། །དེ་ལྟར་བུ་དེ་ལ་བརྩེ་བའི་བློ་སྐྱེ་བ་མ་ཡིན་པས། །སྲེད་པའི་དབང་དུ་གྱུར་བའི་འཇིག་རྟེན་འདི་ནི་འོག་ནས་འོག་ཏུ་འགྲོ་སྟེ། །དེ་ཕྱིར་ཐར་པ་ལྟ་ཞོག་མཐོ་རིས་ཀྱང་རྙེད་པར་དཀའ་བ་ཡིན་ནོ། ། གང་ཚེ་རྗེས་སུ་མི་མཐུན་པ། །འགའ་ཡང་སྡུག་ཅེས་བྱ་ཡོད་མིན། ། དེ་ཚེ་ཆགས་པ་འཚོང་དང་ནི། །འདྲ་བ་འབའ་ཞིག་སྐྱེ་བར་ཟད། ། ཡང་ཅི་ཁྱོད་ཀྱི་ཆགས་པ་འདི་རྗེས་སུ་མི་མཐུན་པའི་བུ་ལའམ། འོན་ཏེ་མཐུན་པ་ལ་ཡིན་གྲང༌། དེ་ལ་གང་གི་ཚེ་རྗེས་སུ་མི་མཐུན་པ། །འགའ་ཡང་སྙིང་དུ་སྡུག་ཅེས་བྱ་བ་ཡོད་པ་མིན་པས་དེ་ལ་ཆགས་པ་ཡང་མི་སྲིད་དོ། །རྗེས་སུ་མཐུན་པ་ཡིན་ན་དེ་ཚེ་ཆགས་པ་ལ་ལན་དུ་ཕན་འདོགས་པའི་ཕྱིར་ཕན་ཚུན་ཚོང་དང་ནི། །འདྲ་བ་འབའ་ཞིག་ཁོ་ན་སྐྱེ་བར་ཟད་༼༢༩༧༽དོ། ། བྲལ་བས་བསྐྱེད་པའི་སྡུག་བསྔལ་ནི། །མི་རྣམས་སྙིང་ལས་མྱུར་ལྡོག་སྟེ། ། ཆགས་ལའང་སྡུག་བསྔལ་བྲལ་བ་ཡིས། །མཚོན་པའི་མི་བརྟན་པ་ཉིད་ལྟོས། ། སྨྲས་པ། ཆགས་པའི་འབྲེལ་བ་ནི་ལྟོས་པས་མ་ཡིན་ཏེ། བུ་ལ་ཕའི་ཆགས་པ་བརྟན་པ་ཉིད་དུ་ཡོད་པའི་ཕྱིར་རོ། །བཤད་པར་བྱ་སྟེ། ཡུན་མི་རིང་བ་ཁོ་ནར་སྡུག་པ་དང་བྲལ་བས་བསྐྱེད་པའི་སྡུག་བསྔལ་དེ་ནི། །མི་རྣམས་ཀྱི་སྙིང་ལས་མྱུར་དུ་ལྡོག་པ་མཐོང་སྟེ། །དེའི་ཕྱིར་ཆགས་པ་ལའང་སྡུག་བསྔལ་དང་བྲལ་བ་ཡིས། །མཚོན་པའི་མི་བརྟན་པ་ཉིད་དུ་ལྟོས་ཤིག ། གནོད་པས་གཟིར་བ་བྱས་ཟིན་ཀྱང༌། །ཡོན་ཏན་མེད་སྙམ་ཤེས་བཞིན་དུ། ། ཁྱོད་བདག་ཉིད་ལ་ཕྱིར་འཆོས་འགྱུར། །དེ་ཡང་བདག་ལ་མི་རིགས་སོ། ། སྨྲས་པ། དེ་ལྟ་མོད་ཀྱི་འཇིག་རྟེན་ཤེས་པས་དེའི་འཇུག་པ་དང་བསྟུན་ཏེ་ལུས་བསྒྱུར་བ་དང་སྐྲ་འབལ་བ་ལ་སོགས་པས་གཟིར་བར་བྱ་དགོས་སོ། །བཤད་པར་བྱ་སྟེ། གནོད་པས་བདག་ཉིད་གཟིར་བ་བྱས་སུ་ཟིན་ཀྱང༌། །དེ་ལ་ཡོན་ཏན་འགའ་ཡང་མེད་སྙམ་པར་ཤེས་བཞིན་དུ། །ཁྱོད་ཀྱིས་བདག་ཉིད་ལ་སྡུག་བསྔལ་ཕྱིར་འཆོས་པར་འགྱུར་བ། །དེ་ཡང་བདག་རང་ཉིད་ལ་མི་རིགས་སོ། ། སྡུག་བསྔལ་རྣམ་པར་འགེད་ལྟ་བུར། །འཇིག་རྟེན་འདི་ནི་ཡོངས་སུ་འཁྱམ། ། སྡུག་བསྔལ་གྱུར་པའི་སྐྱེ་བོ་ལ། །སྡུག་བསྔལ་འགེད་པའི་ཅི་ཞིག་བྱ། ། སྨྲས་པ། གལ་ཏེ་གཟིར་བ་ལ་ཡོན་ཏན་ཅི་ཡང་མེད་མོད་ཀྱི། དེ་ལྟར་ན་ཡང་སྡུག་པ་དང་འབྲེལ་བ་ཐོབ་པར་འདོད་པས་དེ་མེད་ན་མི་འབྱུང་བའི་གཟིར་བའི་ཆ་ཡང་སྤང་དུ་མེད་དོ། །བཤད་པར་བྱ་སྟེ། སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་མང་པོས་ཉེན་པའི་འཇིག་རྟེན་ལ་ཡང་དང་ཡང་དུ་བུ་དང་བུ་མོར་གྱུར་ནས་སླར་འགྲོ་བ་ན། ཕ་མ་ལ་སོགས་ལ་རྨ་ལ་ལན་ཚྭ་བཏབ་པ་ལྟར་བྲལ་བས་བསྐྱེད་པའི་སྡུག་བསྔལ་རྣམ་པར་འགེད་པ་ལྟ་བུར། །འཇིག་རྟེན་འདི་ནི་འཁོར་བ་ན་ཡོངས་སུ་འཁྱམས་པས། །དེའི་ཕྱིར་རང་བཞིན་གྱིས་༼༢༩༨༽སྡུག་བསྔལ་བར་གྱུར་པའི་སྐྱེ་བོ་དེ་ལ། །སླར་ཡང་བྲལ་བའི་སྡུག་བསྔལ་འགེད་པས་ཅི་ཞིག་བྱ་སྟེ་དོན་མེད་དོ། ། གང་གི་འདུ་བ་དགའ་ཡིན་དེའི། །འབྲལ་བ་ཅི་ལྟར་དགའ་མ་ཡིན། ། འདུ་བ་དང་ནི་འབྲལ་བ་དག །ལྷན་ཅིག་རྒྱུ་བར་སྣང་མིན་ནམ། ། སྨྲས་པ། སྡུག་བསྔལ་གྱི་རྒྱུ་ཡིན་པས་འབྲལ་བ་ལ་མི་དགའ་མོད་ཀྱི། བདེ་བའི་རྒྱུ་ཡིན་པའི་ཕྱིར་འདུ་བ་ལ་དགའ་བ་ཡིན་ནོ། །བརྗོད་པར་བྱ་སྟེ། གང་གི་ཡིད་དུ་འོང་བ་རྣམས་དང་འདུ་བ་དགའ་བ་ཡིན་པ་དེའི། །དེ་དག་དང་འབྲལ་བ་ཅི་ལྟར་ན་དགའ་བ་མ་ཡིན། །རྒྱུ་གང་ཁོ་ན་ལ་འདུ་བ་ཡོད་པ་དེ་ཉིད་ལ་གདོན་མི་ཟ་བར་འབྲལ་བ་ཡང་ཡིན་པས། །འདུ་བ་དང་ནི་འབྲལ་བ་དག །ལྷན་ཅིག་ཏུ་རྒྱུ་བར་སྣང་བ་མིན་ནམ་ཅི། ། འདས་ལ་ཐོག་མ་ཡོད་མིན་ལ། །མ་འོངས་ཐ་མ་ཡོད་མིན་ན། ། ཅིས་ན་ཁྱོད་ཀྱིས་འདུ་མཐོང་ཞིང༌། །རིང་པོར་གྱུར་ཀྱང་བྲལ་བ་མིན། ། གལ་ཏེ་བྲལ་བར་ངེས་མོད་ཀྱི། དེ་ལྟར་ན་ཡང་འགྲོགས་པ་ཡུན་རིང་བ་ཉིད་ཀྱི་ཕྱིར་ན་བྲལ་བ་དེ་ལ་བརྩིས་སུ་བྱ་བ་མ་ཡིན་ནོ་སྙམ་ན། བཤད་པ་མ་རིག་པ་དང་ལྡན་པའི་གང་ཟག་གི་འཁོར་བའི་འདས་པ་ལ་ཐོག་ཡོད་པ་མིན་ལ། །མ་འོངས་པ་ལའང་ཐ་མ་ཡོད་པ་མིན་ན། །རྒྱུ་ཅི་ཞིག་གིས་ན་ཁྱོད་ཀྱིས་འདུ་བ་དེ་ལྟ་སྐྱེས་པའི་སྐད་ཅིག་མ་ཙམ་ལ་རིང་དུ་མཐོང་ཞིང༌། །རིང་པོར་གྱུར་ཀྱང་སྔ་ཕྱི་གཉིས་ཀྱི་བྲལ་བ་ལ་དེ་ལྟར་མིན། །དེའི་ཕྱིར་འདི་ལ་རྟག་ཏུ་སྐྱོ་བ་དང་ལྡན་པར་བྱ་དགོས་སོ། ། སྐད་ཅིག་ལ་སོགས་དུས་དེ་རྣམས། །ངེས་པར་དགྲ་དང་འདྲར་འགྱུར་ཏེ། ། དེས་ན་དགྲར་གྱུར་དེ་དག་ལ། །རྣམ་ཀུན་ཁྱོད་འདོད་ཆགས་མི་བྱ། ། གལ་ཏེ་བྲལ་བ་རིང་མོད། དུས་ཚིགས་ཕུན་སུམ་ཚོགས་པས་སེམས་ཁྲིད་པའི་ཕྱིར་དེ་རྩིས་གདབ་མེད་དོ་སྙམ་ན། བཤད་པར་བྱ་སྟེ། སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་ལ་སོགས་པའི་དུས་དེ་རྣམས་ཀྱིས་གསོན་པའི་སྐད་ཅིག་ཟད་པར་བྱེད་པས། །ངེས་པར་སྲོག་འཕྲོག་པར་བྱེད་པའི་དགྲ་དང་འདྲ་བར་འགྱུར་༼༢༩༩༽ཏེ། །དེས་ན་དགྲར་གྱུར་པའི་དུས་དེ་དག་ལ། །རྣམ་པ་ཀུན་ཏུ་ཁྱོད་འདོད་ཅིང་ཆགས་པར་མི་བྱའོ། །དེ་བས་ན་འདི་དག་ཐམས་ཅད་ངེས་པར་བོར་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་གནས་པར་བྱའོ། ། བློ་ངན་བྲལ་བའི་འཇིགས་པ་ཡིས། །ཁྱིམ་ནས་ངེས་པར་མི་འབྱུང་ན། ། མཁས་པ་སུ་ཞིག་ངེས་པར་ནི། །བྱ་དགོས་ཆད་པས་བྱེད་པར་འགྱུར། ། སྨྲས་པ། གཉེན་འདུན་གྱི་སྐྱེ་བོ་དང་བྲལ་བ་ནི་དཀའ་བས་དེའི་ཕྱིར་ནགས་སུ་འགྲོ་བར་མི་ནུས་སོ། །བརྗོད་པར་བྱ་སྟེ། བློ་གྲོས་ངན་པ་ཁྱོད་གཉེན་བཤེས་དང་བྲལ་བའི་འཇིགས་པ་ཡིས། །ཁྱིམ་ནས་ངེས་པར་མི་འབྱུང་ན། །མཁས་པ་སུ་ཞིག་གིས་ངེས་པར་ནི། །འབྲལ་བར་བྱ་དགོས་ན་འཆི་བདག་གི་ཆད་པས་འབྲལ་བར་བྱེད་པར་འགྱུར། །དེའི་ཕྱིར་ཐབས་སྔོན་དུ་བཏང་སྟེ་བདག་དང་བདག་གི་བ་ཡོངས་སུ་གཏོང་བའི་ངང་ཚུལ་ཅན་དུ་བྱའོ། ། ཁྱོད་འདི་བྱས་ནས་གསལ་བར་ནི། །ནགས་སུ་འགྲོ་བྱ་སྙམ་སེམས་ན། ། གང་ཞིག་བྱས་ཀྱང་གཏང་བྱ་བ། །དེ་བྱས་ཡོན་ཏན་ཅི་ཞིག་ཡོད། ། སྨྲས་པ། གལ་ཏེ་རྩ་ལག་རྣམས་གདོན་མི་ཟ་བར་གཏང་བྱ་ཡིན་མོད་ཀྱི། ད་དུང་བདག་གི་བུ་བསྐྱེད་དེ་དེ་ལ་ཁྱིམ་གྱི་ཁུར་བཀལ་ནས་ནགས་སུ་འགྲོའོ། །བཤད་པར་བྱ་སྟེ། ཁྱོད་ཀྱིས་བྱ་བའི་འཕྲོ་འདི་དང་འདི་དག་བྱས་ནས་གསལ་བར་ནི། །ནགས་སུ་འགྲོ་བར་བྱ་སྙམ་དུ་སེམས་ན། །བྱ་བ་གང་ཞིག་བྱས་ཀྱང་གདོན་མི་ཟ་བར་གཏང་བར་བྱ་བ། །དེ་བྱས་པས་ཡོན་ཏན་ཅི་ཞིག་ཡོད། ། བདག་ནི་འཆིའོ་སྙམ་སེམས་པ། །གང་ལ་ངེས་པར་ཡོད་གྱུར་པ། ། དེ་ནི་ཆགས་པ་ཡོངས་བཏང་ཕྱིར། །འཆི་བདག་ལ་ཡང་ག་ལ་འཇིགས། ། སྨྲས་པ། ནགས་སུ་འགྲོ་བ་དེ་གཙོ་བོ་ཡིན་མོད། བདག་དང་བདག་གི་བ་ལ་ཆགས་པ་དང་ལྡན་པ་དག་དེ་ལས་འཇིགས་པ་འབྱུང་ངོ། །བརྗོད་པར་བྱ་སྟེ། འདིར་ཤེས་པ་དང་ལྡན་པ་དག་ལུང་གི་རྗེས་སུ་འབྲང་༼༣༠༠༽སྟེ་བདག་ནི་ངེས་པར་འཆི་བའི་ཆོས་ཅན་དེ་འདྲའོ་སྙམ་དུ་སེམས་པ། །སྐྱེ་བོ་གང་ལ་ངེས་པར་ཡོད་པར་གྱུར་པ། །དེ་ནི་འདུ་འཛི་ཡོངས་སུ་སྤངས་ནས་འགྲུབ་པར་བྱ་བའི་སྲོག་ལ་ཡང་ཆགས་པ་ཡོངས་སུ་བཏང་བའི་ཕྱིར། །འཆི་བདག་ལ་ཡང་འཇིགས་པ་མེད་ན་ནགས་སུ་འགྲོ་བ་སོགས་ལ་ལྟ་ག་ལ་འཇིགས། །བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས་རྟག་པར་འཛིན་པ་སྤང་བའི་ཐབས་བསྟན་པ་སྟེ་རབ་ཏུ་བྱེད་པ་དང་པོའོ།། །།

ལུས་ནི་དགྲ་ལྟར་མཐོང་མོད་ཀྱི། །དེ་ལྟ་ན་ཡང་དེ་བསྲུང་བྱ། ། ཁྲིམས་ལྡན་ཡུན་རིང་འཚོ་བ་ནི། །དེ་ལས་བསོད་ནམས་ཆེན་པོ་བྱེད། ། ལུས་ནི་འཕགས་པ་རྣམས་ཀྱིས་དགྲ་ལྟར་མཐོང་མོད་ཀྱི། །དེ་ལྟ་ན་ཡང་དེ་བསྲུང་བར་བྱ་སྟེ། །ཚུལ་ཁྲིམས་དང་ལྡན་པ་ཡུན་རིང་དུ་འཚོ་བར་གྱུར་བ་ནི། །ལུས་ཡོད་པ་དེ་ལས་བསོད་ནམས་ཆེན་པོ་སོག་པར་བྱེད་དོ། ། མི་རྣམས་སྡུག་བསྔལ་ལུས་ཉིད་ལས། །སྐྱེ་ཞིང་བདེ་བ་གཞན་ལས་ན། ། སྡུག་བསྔལ་ཀུན་གྱི་སྣོད་གྱུར་པ། །ཁོག་པ་ལ་ཁྱོད་ཅི་སྟེ་གུས། ། རྣམ་པ་གཅིག་ཏུ་ན་ཐལ་མ་ཐག་པའི་མི་རྟག་པ་ཉིད་ཀྱི་གཏམ་གྱིས་སེམས་སྐྱོ་ཞིང༌། ལུས་དོན་མ་ཡིན་པར་འདྲེན་པ་འདིས་ཅི་བྱ་ཞེས་དེ་ལ་བརྙས་པ་ཡོངས་སུ་སྤོང་བའི་ཕྱིར་ལུས་ནི་དགྲ་ལྟར་སོགས། འོ་ན་དེ་ལ་སྙིང་ཉེ་བར་བྱ་དགོས་སོ་ཞེ་ན། བརྗོད་པར་བྱ་སྟེ། མི་རྣམས་སྡུག་བསྔལ་བཀྲེས་པ་དང་སྐོམ་པ་ལ་སོགས་པ་ནི་ལུས་ཉིད་ལས། །སྐྱེ་ཞིང་བདེ་བ་གང་ཅུང་ཟད་ཅིག་འབྱུང་བ་དེ་ནི་གཞན་ཁོ་ན་ལས་ཡིན་ན། །དེའི་ཕྱིར་སྡུག་བསྔལ་ཀུན་གྱི་སྣོད་གྱུར་པ། །ཁོག་པ་འདི་ལ་ཁྱོད་ཅི་སྟེ་གུས་པར་བྱེད། ། གང་ཚེ་བདེ་བ་སྡུག་བསྔལ་ལྟར། །ཤས་ཆེར་མི་ལ་མི་འབྱུང་ན། ། དེ་ལྟར་སྡུག་བསྔལ་ཆེན་པོ་དེ། །ཆུང་ངུ་སྙམ་དུ་སེམས་བྱེད་དམ། ། སྨྲས་པ། དེ་ལྟ་མོད་ཀྱི་བདེ་བའི་ཚོགས་ཆས་ཀྱང་ཤིན་ཏུ་སྣ་ཚོགས་པ་༼༣༠༡༽ཡིན་པས། དེའི་ཕྱིར་སྡུག་བསྔལ་ཆེས་ཆུང་བ་ཡིན་པའི་ཕྱིར་དང༌། བདེ་བ་ཕལ་ཆེ་བ་ཉིད་ཀྱི་ཕྱིར་སྡུག་བསྔལ་ལ་གཅིག་ཏུ་འཇིགས་པར་མི་རིགས་སོ་ཞེ་ན། བཤད་པར་བྱ་སྟེ། གང་ཚེ་བདེ་བ་སྡུག་བསྔལ་ལྟར། །ཤས་ཆེར་ཏེ་སྟོབས་དང་ལྡན་པར་མི་རྣམས་ལ་མི་འབྱུང་ན། །དེ་ལྟར་སྡུག་བསྔལ་ཆེས་ཆེན་པོ་བཟོད་པར་དཀའ་བ་དེ། །ཆུང་ངོ་སྙམ་དུ་སེམས་པར་བྱེད་དམ་ཅི། ། འཇིག་རྟེན་བདེ་ལ་མངོན་ཕྱོགས་ཤིང༌། །བདེ་གྱུར་དག་ཀྱང་རྙེད་དཀའ་སྟེ། ། དེས་ན་སྐྱེ་བོ་འཇིག་འདི་ལ། །སྡུག་བསྔལ་རྗེས་སུ་སྙེགས་པ་འདྲ། ། དེའི་ཕྱིར་སྡུག་བསྔལ་མི་འདོད་པའི་འཇིག་རྟེན་གྱི་སྐྱེ་བོ་རྣམས་བདེ་བ་ལ་མངོན་པར་ཕྱོགས་ཤིང་ཚོལ་ཀྱང་། །བདེ་བའི་རེ་བས་སྡུག་བསྔལ་གྱི་རྒྱུ་ཉེ་བར་སོགས་པའི་ཕྱིར་བདེ་བར་གྱུར་པ་དག་ཀྱང་ཤིན་ཏུ་རྙེད་པར་དཀའ་སྟེ། །དེས་ན་སྐྱེ་བོ་འཇིག་པའི་ཆོས་ཅན་འདི་ལ། །སྐྱེས་བུའི་གྲིབ་མ་ལྟར་སྡུག་བསྔལ་ནི་ཕྱི་བཞིན་རྗེས་སུ་བསྙེགས་པ་དང་འདྲའོ། ། སྡུག་བསྔལ་འདོད་པས་རྙེད་འགྱུར་གྱི། །འདོད་པས་བདེ་བ་ག་ལ་ཡིན། ། ཁྱོད་ཅིས་དཀོན་པ་ལ་གུས་ཤིང༌། །མོད་ལ་ཅི་སྟེ་ཁྱོད་མི་འཇིགས། ། ཡང་འདི་ལྟར་སྡུག་བསྔལ་ནི་རྟག་ཏུ་འདོད་པས་རྙེད་པར་འགྱུར་གྱི། །ཤིན་ཏུ་འབད་པ་མིན་པར་འདོད་པས་བདེ་བ་ནི་རྙེད་པ་ག་ལ་ཡིན་ཏེ་སྡུག་བསྔལ་གྱི་བདག་ཉིད་ཅན་གྱི་ལུས་ལ་དེ་ཤིན་ཏུ་དཀོན་པའི་ཕྱིར་རོ། །དེས་ན་ཁྱོད་རྒྱུ་མཚན་ཅི་ཞིག་གིས་རྙེད་པར་དཀའ་ཞིང་གཞན་ལ་རག་ལས་པའི་དཀོན་པ་ལ་གུས་ཤིང༌། །རྙེད་པར་སླ་ཞིང་རང་དབང་དུ་གྱུར་པའི་མོད་པ་དེ་ལ་ཅི་སྟེ་ཁྱོད་མི་འཇིགས། ། བདེ་བར་གྱུར་པའི་ལུས་པོ་ནི། །སྡུག་བསྔལ་སྣོད་དུ་འགྱུར་བ་དེ། ། ལུས་ལ་གུས་དང་དགྲ་ལ་གུས། །དེ་དག་གཉིས་ནི་མཚུངས་པར་སྣང༌། ། ཡང་ན་སྡུག་བསྔལ་གྱི་ཡན་ལག་ཡིན་པས་བདེ་བ་ཡང་སྤང་བྱ་ཡིན་པར་བསྟན་པའི་ཕྱིར་བཤད་པ། བདེ་བར་གྱུར་བཞིན་པའི་ལུས་པོ་ནི། །སྡུག་༼༣༠༢༽བསྔལ་ཆུང་ཡང་མི་བཟོད་པ་ཆེན་པོ་བསྐྱེད་པར་སྡུག་བསྔལ་གྱི་སྣོད་དུ་འགྱུར་བ་སྟེ། །སྡུག་བསྔལ་བསྒྲུབ་པ་ལ་ལུས་དང་དགྲ་བོ་ལ་བྱེ་བྲག་འགའ་ཡང་མེད་པས་ལུས་ལ་བདེ་བའི་ཕྱིར་གུས་པས་བསྐྱང་བ་དང་དགྲ་ལ་གུས་པས། །ཡིད་རྟོན་པ་དེ་དག་གཉིས་ནི་སྡུག་བསྔལ་གྱི་རྒྱུ་ཡིན་པར་མཚུངས་པར་སྣང་ངོ་། ། ལུས་ནི་ཤིན་ཏུ་འགོར་བས་ཀྱང༌། །བདེ་བའི་བདག་ཏུ་མི་འགྱུར་ཏེ། ། རང་བཞིན་གཞན་གྱིས་ཟིལ་གནོན་ཅེས། །བྱ་བ་རིགས་པ་མ་ཡིན་ནོ། ། གཞན་ཡང་ལུས་ནི་བདེ་བར་འགྱུར་བར་བྱ་བ་མི་ནུས་པ་ཉིད་ཀྱི་ཕྱིར་དེ་ལས་བཟློག་པའི་རང་བཞིན་ཅན་ཉིད་དུ་རྟོགས་ཏེ། འདི་ལྟར་ལུས་ནི་བདེ་བའི་ལོངས་སྤྱོད་དང་ལྷན་ཅིག་ཏུ་ཤིན་ཏུ་འགོར་བས་ཀྱང༌། །བདེ་བའི་བདག་ཉིད་ཏུ་མི་འགྱུར་ཏེ། །ལུས་སྡུག་བསྔལ་གྱི་རང་བཞིན་ཅན་དེ་རང་བཞིན་མ་ཡིན་པ་གཞན་གྱིས་ཟིལ་གྱིས་གནོན་ཅེས། །བྱ་བ་དེ་ནི་རིགས་པ་ཡང་མ་ཡིན་ནོ། ། མཆོག་ལ་ཡིད་ཀྱི་སྡུག་བསྔལ་ཏེ། །ཐ་མ་རྣམས་ལ་ལུས་ཀྱིས་སོ། ། སྡུག་བསྔལ་གཉིས་ཀྱི་འཇིག་རྟེན་འདི། །ཉིན་རེ་ཉིན་རེ་འཇོམས་པར་བྱེད། ། འདིར་སྨྲས་པ། གང་ཟག་འགའ་ཞིག་སྐྱེས་ནས་འཆི་ལ་ཐུག་གི་བར་དུ་གཅིག་ཏུ་བདེ་བ་དང་ལྡན་པར་སྣང་ལ། སེམས་ཅན་མཆོག་གཞི་ཆེན་པོ་ལ་རེ་བ་བཞག་པ་རྣམས་ཀྱིས་ཀྱང་དེ་ལ་གཡེངས་པས་ཚོར་བར་མི་འགྱུར་རོ། །བརྗོད་པར་བྱ་སྟེ། མཆོག་ཏུ་གྱུར་པ་ལོངས་སྤྱོད་ཆེ་ཞིང་རིགས་དང་ལྡན་པ་རྣམས་ལ་ཡིད་ཀྱི་སྡུག་བསྔལ་ཏེ་འདོད་པ་མི་རྙེད་པ་ལ་སོགས་པ་ལྡོག་པ་མེད་པ་རྣམས་སོ། །རིགས་དམན་ཞིང་ཟས་གོས་མི་རྙེད་པའི་ཐ་མལ་པ་རྣམས་ལ་བཀྲེས་པ་དང་ངལ་བ་ལ་སོགས་པ་ལུས་ཀྱིས་སོ། །དེ་ལྟར་ལུས་དང་སེམས་ཀྱི་སྡུག་བསྔལ་གཉིས་ཀྱིས་འཇིག་རྟེན་འདི་དག་ཐམས་ཅད། །ཉིན་རེ་ཉིན་རེ་ཞིང་འཇོམས་པར་བྱེད་དོ། ། བདེ་བ་རྟོག་པའི་དབང་གྱུར་ཅིང༌། །རྟོག་པ་སྡུག་བསྔལ་དབང་གྱུར་པ། ། དེ་ཕྱིར་ཀུན་ན་སྡུག་བསྔལ་ལས། །ཤིན་ཏུ་སྟོབས་ལྡན་ཅི་ཡང་མེད། ། སྡུག་བསྔལ་གཉིས་ནི་ཡོད་༼༣༠༣༽མོད་ཀྱི། དེ་ལྟར་ནའང་བདེ་བ་ཆེན་པོ་ཉིད་ཀྱིས་ཟིལ་གྱིས་མནན་པས་མི་ཤེས་སོ། །བཤད་པ། བདེ་བ་ནི་ཀུན་ཏུ་རྟོག་པའི་དབང་དུ་གྱུར་ཅིང༌། །རྟོག་པ་དེ་ནི་སྡུག་བསྔལ་གྱི་དབང་དུ་གྱུར་པ་སྟེ། །གང་གི་ཚེ་བདག་ནི་གཏོང་བ་པོའོ། །བདག་ནི་ཕྱུག་པོའོ། །ཞེས་ཡོངས་སུ་རྟོག་པར་བྱེད་པ་འདི་ལ་ཡིད་ཀྱི་བདེ་བ་འབྱུང་ལ། ལོངས་སྤྱོད་རྒྱུན་ཆད་པའི་རྟོག་པས་ཕྱིས་ཡིད་ཀྱི་བདེ་བ་ལྡོག་པར་འགྱུར་རོ། །དེ་ཕྱིར་འཇིག་རྟེན་ཀུན་ན་སྡུག་བསྔལ་ལས། །ཤིན་ཏུ་སྟོབས་དང་ལྡན་པ་གཞན་ཅི་ཡང་མེད་དོ། ། ཇི་ལྟ་ཇི་ལྟར་དུས་འགྲོ་བ། །དེ་ལྟ་དེ་ལྟར་སྡུག་བསྔལ་འཕེལ། ། དེ་ཕྱིར་བདེ་བ་ལུས་འདི་ཡི། །གཞན་པོ་ལྟ་བུར་སྣང་བར་འགྱུར། ། སྨྲས་པ། གལ་ཏེ་ཡང་བདེ་བ་ཤིན་ཏུ་རྙེད་པར་དཀའ་མོད་ཀྱི། དེ་ལྟར་ཡང་གནོད་པ་མི་བྱེད་པའི་ཕྱིར་དེ་ལུས་ཀྱི་བདག་གི་བ་ཡིན་ལ། སྡུག་བསྔལ་ནི་མང་ཡང་གནོད་པ་བྱེད་པའི་ཕྱིར་གཞན་ཉིད་དུ་འགྱུར་རོ། །བཤད་པར་བྱ་སྟེ། ཇི་ལྟ་ཇི་ལྟར་བྱིས་པ་དང་གཞོན་པ་དང་དར་བ་ལ་བབ་པ་དང་རྒན་པོ་ཉིད་ཀྱི་དུས་འགྲོ་བ། །དེ་ལྟ་དེ་ལྟར་སྡུག་བསྔལ་འཕེལ་བར་སྣང་གི་བདེ་བ་ནི་མ་ཡིན་ནོ། །དེ་ཕྱིར་བདེ་བ་ནི་ལུས་འདི་ཡི། །གཞན་པོ་ལྟ་བུར་སྣང་བར་འགྱུར་ལ། སྡུག་བསྔལ་ནི་ལུས་འདིའི་བདག་གི་བ་ལྟར་སྣང་བར་འགྱུར་རོ། ། སྡུག་བསྔལ་གྱི་ནི་རྒྱུ་མང་པོ། །ནད་རྣམས་དང་གཞན་སྣང་གྱུར་པ། ། དེ་སྙེད་དུ་ནི་མི་རྣམས་ལ། །བདེ་བའི་རྒྱུ་དག་སྣང་མ་ཡིན། ། སྨྲས་པ། གལ་ཏེ་ཡང་ལུས་འདི་ལ་སྡུག་བསྔལ་རང་བཞིན་གྱིས་ཡོད་མོད་ཀྱི། དེ་ལྟར་ནའང་བདེ་བའི་རྒྱུས་གཙོར་ཡོད་པ་དེའི་ཕྱིར་བདག་གི་ལུས་ལ་སྐྱོ་བར་མི་བྱའོ། །བཤད་པར་བྱ་སྟེ། སྡུག་བསྔལ་གྱི་ནི་རྒྱུ་མང་པོ། །ནང་གི་ཁམས་མ་སྙོམས་པའི་རྒྱུ་༼༣༠༤༽ཅན་གྱི་ནད་རྣམས་དང་གཞན་གྲང་བ་ལ་སོགས་པ་ཕྱི་རོལ་གྱི་རྒྱུ་ལས་བྱུང་བ་དུ་མ་སྣང་བར་གྱུར་པ། །དེ་སྙེད་དུ་ནི་མི་རྣམས་ལ། །བདེ་བའི་རྒྱུ་དག་ཤིན་ཏུ་དཀོན་པས་ན་སྣང་བ་མ་ཡིན་ནོ། ། འཕེལ་བཞིན་པ་ཡི་བདེ་བ་ལས། །ཇི་ལྟར་བཟློག་པ་མཐོང་གྱུར་པ། ། དེ་ལྟར་སྡུག་བསྔལ་འཕེལ་བཞིན་ལས། །བཟློག་པ་ཡོད་པ་མ་ཡིན་ནོ། ། སྨྲས་པ། གལ་ཏེ་བདེ་བ་ཞེས་བྱ་བ་ཡོད་པར་མི་འགྱུར་ན་ནི་འདི་ལ་འཕེལ་བར་མི་འགྱུར་བ་ཞིག་ན་དེ་ལ་འཕེལ་བ་སྣང་བའི་ཕྱིར་བདེ་བ་ནི་ཡོད་དོ། །བཤད་པ། འཕེལ་བཞིན་པ་ཡི་བདེ་བ་དེ་ཉིད་ལས། །ཇི་ལྟར་གློ་བུར་དུ་བཟློག་པ་མཐོང་བར་གྱུར་པ། །དེ་ལྟར་སྡུག་བསྔལ་འཕེལ་བཞིན་པ་ལས། །བཟློག་པ་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་ནོ། ། རྐྱེན་དང་ལྷན་ཅིག་བདེ་བ་ལས། །བཟློག་པ་མཐོང་གི་སྡུག་བསྔལ་ལ། ། རྐྱེན་རྣམས་ཉིད་དང་ལྷན་ཅིག་ཏུ། །བཟློག་པ་ཡོད་པ་མ་ཡིན་ནོ། ། བདེ་བ་རང་གི་ངོ་བོ་ཉམ་ཆུང་བ་འབའ་ཞིག་ཏུ་མ་ཟད་ཀྱི། རྐྱེན་ཉམ་ཆུང་བ་ཉིད་ཀྱང་ཡིན་ཏེ། འདི་ལྟར་བདེ་བའི་རྐྱེན་དྲོ་བ་དང་བསིལ་བའི་རེག་པ་རྣམས་དང་ལྷན་ཅིག་ཧ་ཅང་བསྟེན་ན་བདེ་བ་དེ་ལས། །བཟློག་པ་མཐོང་གི་སྡུག་བསྔལ་ལ། །རྐྱེན་རྣམས་ཉིད་དང་ལྷན་ཅིག་ཏུ་ཡུན་རིང་པོར་བསྟེན་ན་སླར་ཡང་འཕེལ་བ་ལས། །བཟློག་པ་ཡོད་པ་མ་ཡིན་ནོ། ། ཁྱོད་འཆི་བཞིན་ལ་དུས་སོང་ཞིང༌། །འགྲོ་བ་དང་ནི་འགྲོར་འགྱུར་ན། ། འཆི་བཞིན་པ་ནི་བདེ་འགྱུར་ཞེས། །རྣམ་པ་ཀུན་ཏུ་རིགས་མ་ཡིན། ། སྨྲས་པ། གལ་ཏེ་བདེ་བ་མེད་ན་ནི་ལྷ་སྦྱིན་བདེ་བ་དང་ལྡན་ནོ་ཞེས་པའི་བརྗོད་པ་ཡང་མེད་པས་བདེ་བ་ནི་མེད་པ་ཉིད་དོ། །བཤད་པ། འདུ་བྱེད་རྣམས་སྐད་ཅིག་མའི་བདག་ཉིད་ཡིན་པས་ཁྱོད་འཆི་བཞིན་པ་ལ་དུས་འདས་པ་སོང་ཞིང༌། །ད་ལྟ་བ་འགྲོ་བ་དང་ནི་མ་འོངས་པ་འགྲོར་འགྱུར་ན། །འཆི་བཞིན་པ་ནི་བདེ་བར་འགྱུར་རོ་ཞེས་སྨྲ་བ། །རྣམ་པ་ཀུན་ཏུ་རིགས་པ་མ་ཡིན་ནོ། །༼༣༠༥༽ ལུས་ཅན་རྣམས་ལ་བཀྲེས་སོགས་ཀྱི། །གནོད་པ་རྟག་ཏུ་ཡོད་གྱུར་ན། ། གནོད་བཞིན་པ་ནི་བདེའོ་ཞེས། །རྣམ་པ་ཀུན་ཏུ་རིགས་མ་ཡིན། ། དུས་ཐམས་ཅད་དུ་འཁྲུལ་པ་མེད་པའི་འཆི་བདག་གིས་བཟུང་བ་ལ་བདེ་བ་ཆ་ཙམ་གྱི་ཡང་གླགས་མེད་པ་འབའ་ཞིག་ཏུ་མ་ཟད་སྡུག་བསྔལ་ནི་བར་མེད་པ་ལྷགས་པ་ཡིན་པས། འདི་ལ་བདེ་བའི་འདུ་ཤེས་མི་རིགས་ཏེ། ལུས་ཅན་རྣམས་ལ་བཀྲེས་པ་དང་སྐོམ་པ་དང་གྲང་བ་དང་ཚ་བ་དང་ནད་དང་རྒྱལ་པོའི་ཆད་པ་ལ་སོགས་ཀྱི། །གནོད་པ་དུས་རྟག་ཏུ་ཡོད་པར་གྱུར་ན། །གནོད་བཞིན་པ་དེ་ནི་བདག་བདེའོ་ཞེས། །རྣམ་པ་ཀུན་ཏུ་རིགས་པ་མ་ཡིན་ནོ། ། ནུས་པ་མེད་པས་འབྱུང་ཀུན་ལ། །ཚོགས་པ་ཞེས་བྱ་སྐྱེ་འགྱུར་ཏེ། ། འགལ་བ་རྣམས་ལ་བདེའོ་ཞེས། །རྣམ་པ་ཀུན་ཏུ་མི་རིགས་སོ། ། སྨྲས་པ། གལ་ཏེ་ཡང་བདེ་བ་རང་བཞིན་གྱིས་མེད་མོད་ཀྱི་དེ་ལྟ་ནའང་ཚོགས་པའི་སྒོ་ནས་ནི་ཡོད་དོ། །བཤད་པར་བྱ་སྟེ། བདེ་བ་དང་སྡུག་བསྔལ་དག་ནི་ལུས་ལ་རག་ལས་པ་ཡིན་ལ། ལུས་དེ་ཡང་ས་ལ་སོགས་པ་འབྱུང་བ་ཆེན་པོ་ཚོགས་པ་ལས་འབྱུང་ངོ༌། །འབྱུང་བ་དེ་དག་ཀྱང་རེ་རེ་ལ་ལུས་མངོན་པར་སྒྲུབ་པའི་ནུས་པ་མེད་པས་འབྱུང་བ་ཀུན་ལ། །ཚོགས་པ་ཞེས་བྱ་བ་སྐྱེ་བར་འགྱུར་ཏེ། །འདི་ལྟར་ནུར་ནུར་པོའི་གནས་སྐབས་ན་སའི་ཁམས་ཀྱིས་ནི་འོག་ཏུ་མི་ལྟུང་བར་འཛིན་པ་དང༌། ཆུའི་ཁམས་ཀྱིས་ནི་མི་འཐོར་བར་སྡུད་པ་དང༌། མེའི་ཁམས་ཀྱིས་མི་འདྲུལ་བར་སྨིན་པ་དང༌། རླུང་གི་ཁམས་ཀྱིས་ནི་མི་ཉམས་པར་འཕེལ་བར་འགྱུར་བ་ཡིན་ནོ། །དེའི་ཚེ་འདི་ལྟར་སའི་ཁམས་ནི་རླུང་གི་ཁམས་ཀྱི་འགྲོས་རྡུག་པར་བྱ་བའི་ཕྱིར་ཞུགས་ལ། རླུང་གི་ཁམས་ཀྱང་སའི་ཁམས་མངོན་པར་འཐོར་བ་ལ་བརྩོན་ནོ། །ཆུའི་ཁམས་ནི་མེའི་ཁམས་ལ་གནོད་པར་བྱ་བའི་༼༣༠༦༽ཕྱིར་ཡིན་ལ། །མེའི་ཁམས་ཀྱང་དེ་ཉིད་བསྐམ་པར་བྱ་བའི་ཕྱིར་ཞུགས་སོ། །དེས་ན་འགལ་བ་རྣམས་ལྷན་ཅིག་ཚོགས་པ་ལ་བདེའོ་ཞེས་པ་ནི། །རྣམ་པ་ཀུན་ཏུ་ཡང་མི་རིགས་སོ། ། གྲང་སོགས་རྣམས་ལ་ཕྱིར་འཆོས་པ། །རྟག་ཏུ་ཡོད་པ་མ་ཡིན་ན། ། བརླག་བཞིན་པ་ནི་བདེའོ་ཞེས། །རྣམ་པ་ཀུན་ཏུ་རིགས་མ་ཡིན། ། སྨྲས་པ། ཕན་ཚུན་འགལ་མོད་ཀྱི་དེ་ཕྱིར་བཅོས་པ་ལས་བདེ་བར་འགྱུར་རོ། །བཤད་པར་བྱ་སྟེ། གྲང་བ་དང་ཚ་བ་ལ་སོགས་པ་རྣམས་ལ་ཕྱིར་འཆོས་པ་འདི་ནི་གནོད་པ་དེ་སྤང་བའི་ཕྱིར་ཡིན་གྱི། །གཉེན་པོ་དེ་ལའང་བདེ་བ་ནི་དུས་རྟག་ཏུ་ཡོད་པ་མ་ཡིན་ན། །བརླག་བཞིན་པ་དེ་ནི་བདེའོ་ཞེས་བརྗོད་པ་ནི། །རྣམ་པ་ཀུན་ཏུའང་རིགས་པ་མ་ཡིན་ནོ། ། འབད་རྩོལ་མེད་པར་སྤྱོད་པ་ཞེས། །བྱ་འགའང་ས་སྟེང་ཡོད་མིན་ན། ། ལས་བྱེད་བདེ་བ་ཡིན་ནོ་ཞེས། །རྣམ་པ་ཀུན་ཏུ་མི་རིགས་སོ། ། སྨྲས་པ། འཇིག་རྟེན་ན་ལྷ་སྦྱིན་བདེ་བར་ཉལ་ལོ་འདུག་གོ་འགྲོའོ་ཞེས་པའི་ཐ་སྙད་ཡོད་པ་དེའི་ཕྱིར་བདེ་བ་ཡང་ཡོད་པ་ཡིན་ནོ། །བརྗོད་པར་བྱ་སྟེ། གང་གི་ཕྱིར་འབད་རྩོལ་མེད་པར་རང་གི་ལག་པ་ཡང་འདེགས་པར་མི་ནུས་པ་དེའི་ཚེ་ཉལ་བ་ལ་སོགས་པའི་ལས་ལ་སྤྱོད་པ་ཞེས། །བྱ་བ་འགའ་འང་ས་སྟེང་འདིར་ཡོད་པ་མིན་ན། །ལས་རྣམ་པ་དུ་མ་དག་བྱེད་བཞིན་དུ་བདེ་བ་ཡིན་ནོ་ཞེས་བྱ་བ་ནི། །རྣམ་པ་ཀུན་ཏུའང་མི་རིགས་སོ། ། འདི་དང་གཞན་དུ་བདག་ཉིད་ནི། །རྟག་ཏུ་སྡིག་ལས་བསྲུང་བར་བྱ། ། ངན་འགྲོ་ཡོད་ན་བདེ་བ་ཞེས། །རྣམ་པ་ཀུན་ཏུ་རིགས་མ་ཡིན། ། སྨྲས་པ། འཇིག་རྟེན་གྱི་དབང་པོའི་དོན་གྱི་བདེ་བའི་ཕྱིར་སྡུག་བསྔལ་དེ་དང་དེ་དག་ཉམས་སུ་མྱོང་བར་འགྱུར་བ་དེའི་ཕྱིར་ཡང་བདེ་བ་ཡོད་དོ། །དེ་ལའང་བཤད་པ། མཁས་པ་བདག་བདེ་བར་འདོད་པ་དག་གིས་འཇིག་རྟེན་འདི་དང་འཇིག་རྟེན་གཞན་དུའང་བདག་ཉིད་ནི། །དུས་རྟག་ཏུ་གསོད་པ་དང་བཅིང་བ་ལ་སོགས་པའི་སྡིག་༼༣༠༧༽པའི་རྒྱུ་ཅན་གྱི་སྡུག་བསྔལ་ལས་བསྲུང་བར་བྱ་སྟེ། །ངན་འགྲོར་འགྲོ་བ་ཡོད་ན་དེ་ལ་བདེ་བ་ཞེས་པ་ནི། །རྣམ་པ་ཀུན་ཏུའང་རིགས་པ་མ་ཡིན་ནོ། ། གཞོན་པ་སོགས་ལ་མི་རྣམས་ཀྱི། །བདེ་བ་རྟག་ཏུ་ཡོད་མིན་ཏེ། ། དང་པོར་གང་ལ་རྩོམ་མེད་པ། །དེ་ལ་མཐར་འཕེལ་ག་ལ་ཡོད། ། སྨྲས་པ། རྐང་པས་འགྲོ་བ་ལ་སྡུག་བསྔལ་དུ་མཐོང་བ་ན་དེའི་ཚེ་རྟ་དང་གླང་པོ་དང་ཤིང་རྟའི་བཞོན་པ་དག་བརྟེན་པ་བདེ་བ་ཡོད་པ་ཉིད་དོ། །བཤད་པ། བཞོན་པ་ལ་སོགས་པ་དེ་དག་ལ་མི་རྣམས་ཀྱི། །བདེ་བ་རྟག་ཏུ་ཡོད་པ་མིན་ཏེ། །དང་པོར་གང་ལ་སྡུག་བསྔལ་གྱི་རྩོམ་པ་མེད་པ་ཡིན་ན། །དེ་ལ་བརྟེན་ནས་མཐར་ཡང་སྡུག་བསྔལ་དེ་འཕེལ་བ་ག་ལ་ཡོད། ། གསེར་གྱི་སྣོད་དུ་སྐྱུག་པ་ལ། །ཇི་ལྟར་འགའ་ཞིག་དགར་འགྱུར་བ། ། དེ་བཞིན་སྡུག་བསྔལ་ཕྱིར་བཅོས་པ། །བདེའོ་སྙམ་དུ་སེམས་པར་བྱེད། ། སྨྲས་པ། དེ་ལྟ་མོད་ཀྱི་སྡུག་བསྔལ་ཕྱིར་བཅོས་པའི་རྒྱུ་ཅན་གྱི་བདེ་བ་ནི་ཡོད་པ་ཉིད་དོ། །བཤད་པར་བྱ་སྟེ། བྲན་མོ་སའི་གྱོ་མོར་སྐྱུགས་པར་མཐོང་ནས་རང་ཉིད་གསེར་གྱི་སྣོད་དུ་སྐྱུགས་པ་ལ། །ཇི་ལྟར་ན་ཕྱུག་པོ་འགའ་ཞིག་བདག་ནི་དབང་ཐང་ཕུན་སུམ་ཚོགས་པའོ་སྙམ་དུ་དགའ་བར་འགྱུར་བ། །དེ་བཞིན་དུ་སྡུག་བསྔལ་ཕྱིར་བཅོས་པ་ལ། །བདེའོ་སྙམ་དུ་སེམས་པར་བྱེད་དོ། ། བརྩམས་པས་སྐྱེས་པ་ལྡོག་འགྱུར་ན། །སྡུག་བསྔལ་རྩོམ་པའང་བདེ་ཅི་ཡོད། ། དེ་ཕྱིར་ཐུབ་པས་སྐྱེ་འཇིག་དག །སྡུག་བསྔལ་ཡིན་ཞེས་གསུངས་པ་སྙམ། ། དེ་ལྟར་སྡུག་བསྔལ་ཆུང་ངུར་སྐྱེས་པ་བརྩམས་པས་ཆེན་པོར་སྐྱེས་པ་དེ་ལྡོག་པར་འགྱུར་ན། །སྡུག་བསྔལ་ཆུང་ངུ་རྩོམ་པའང་བདེ་བ་ཅི་ཞིག་ཡོད་ལ་སྡུག་བསྔལ་འགག་ནའང་བདེ་བ་ཅི་ཡོད་དེ་སྡུག་བསྔལ་ཙམ་ཞིག་ཁོ་ན་སྐྱེ་ཞིང་འགག་པའི་ཕྱིར་གནས་སྐབས་གཉི་གར་ཡང་རང་བཞིན་གྱིས་བདེ་བ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་ཐུབ་པ་བཅོམ་ལྡན་འདས་༼༣༠༨༽ཀྱིས་ཀཱ་ཏྱཱའི་བུ་ལ་སྐྱེ་བ་དང་འཇིག་པ་དག །སྡུག་བསྔལ་ཡིན་ཅེས་གསུངས་པ་ཡིན་ནོ་སྙམ་མོ། ། སོ་སོའི་སྐྱེ་བོས་སྡུག་བསྔལ་ནི། །བདེ་བས་གཡོགས་ལྟར་མི་མཐོང་ན། ། གང་གིས་སྡུག་བསྔལ་སྒྲིབ་འགྱུར་བ། །བདེ་བ་ཞེས་བྱ་ཅི་ཡང་མེད། ། སྨྲས་པ། གལ་ཏེ་ཡང་སྡུག་བསྔལ་རང་བཞིན་གྱིས་ཡོད་མོད་ཀྱི། བདེ་བའི་ཚེ་དེ་ཉིད་བདེ་བས་བྱིས་པས་མི་མངོན་ནོ། །དེ་ལ་ཡང་བཤད་པ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་སྡུག་བསྔལ་ནི། །བདེ་བས་གཡོགས་པ་ལྟར་ཡིན་པས་མི་མཐོང་བར་སེམས་ན། །ཡོངས་སུ་བརྟགས་པ་ན་གང་གིས་སྡུག་བསྔལ་སྒྲིབ་པར་འགྱུར་བའི། །བདེ་བ་ཞེས་བྱ་བ་ནི་ཅི་ཡང་མེད་དོ། ། ཁྱོད་སྡུག་ཆགས་བྲལ་མེད་དོ་ཞེས། །སོ་སོའི་སྐྱེ་བོ་བསྟེན་བྱ་དེས། ། ངེས་པར་དེ་བཞིན་གཤེགས་རྣམས་ཀྱིས། །གཏི་མུག་ཀུན་གྱི་ཐ་མར་གསུངས། ། སྨྲས་པ། གལ་ཏེ་སྡུག་བསྔལ་རང་བཞིན་གྱིས་གྲུབ་ན་འདིར་ཉེ་བར་བསྟན་པས་དགོས་པ་ཅི་ཞིག་ཡོད་དེ། ཉི་ཚན་དྲོའོ་ཞེས་སྟོན་པ་ནི་མཛེས་པ་མ་ཡིན་ནོ། །བརྗོད་པར་བྱ་སྟེ། ཁྱོད་ལ་ལུས་སྡུག་བསྔལ་གྱི་རང་བཞིན་ཅན་ལ་འདོད་ཆགས་དང་བྲལ་བ་མེད་དོ་ཞེས། །གང་གི་ཕྱིར་ལུས་འདི་སྡུག་བསྔལ་གྱི་རང་བཞིན་ཡིན་ཀྱང་གཏི་མུག་གིས་སོ་སོའི་སྐྱེ་བོས་མི་རྟོགས་པ་དེའི་ཕྱིར་བསྟན་པར་བྱ་དགོས་པ་དེས་ན། །ངེས་པར་དེ་བཞིན་གཤེགས་པ་རྣམས་ཀྱིས། །གཏི་མུག་ནི་ཀུན་གྱི་ཐ་མ་ཡིན་པར་གསུངས་ཏེ། འདི་སྐད་དུ་ཆེ་ཞེས་འདི་ནི་སྒྲིབ་པ་རྣམས་ཀྱི་མཆོག་སྟེ་གང་འདི་ནི་མ་རིག་པའི་སྒྲིབ་པའོ་ཞེས་གསུངས་སོ། ། མི་རྟག་པ་ལ་ངེས་པར་གནོད། །གང་ལ་གནོད་ཡོད་དེ་བདེ་མིན། ། དེ་ཕྱིར་མི་རྟག་གང་ཡིན་པ། །ཐམས་ཅད་སྡུག་བསྔལ་ཞེས་བྱར་འགྱུར། ། གལ་ཏེ་དེ་ལྟར་ལུས་མི་རྟག་པ་ཡིན་མོད་ཀྱི། དེ་ལྟར་ན་ཡང་འདི་ལ་བདེ་བ་ཡོད་པ་ཉིད་དོ། །བཤད་པ། མི་རྟག་པ་ལ་ངེས་པར་གནོད་པའང་ཡོད་དོ། །གང་ལ་གནོད་པ་ཡོད་༼༣༠༩༽པ་དེ་ནི་བདེ་བ་མིན་ལ། །དེ་ཕྱིར་མི་རྟག་པ་གང་དག་ཡིན་པ། །དེ་དག་ཐམས་ཅད་ནི་སྡུག་བསྔལ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས་བདེ་བར་འཛིན་པ་སྤང་བའི་ཐབས་བསྟན་པ་སྟེ་རབ་ཏུ་བྱེད་པ་གཉིས་པའོ།། །།

ཡུན་ནི་ཤིན་ཏུ་རིང་པོས་ཀྱང༌། །ཡུལ་ལ་མུར་ཐུག་ཡོད་མིན་ཏེ། ། སྨན་པ་ངན་ལྟར་ཁྱོད་ཡུལ་ལ། །ངལ་བ་འབྲས་བུ་མེད་པ་འབྱུང༌། ། སྨྲས་པ། གལ་ཏེ་དེ་ལྟར་འདུ་བྱེད་ཐམས་ཅད་སྡུག་བསྔལ་གྱི་བདག་ཉིད་ཅན་ཡིན་མོད་ཀྱི། དེ་ལྟར་ན་ཡང་ཡུལ་ལ་ལོངས་སྤྱོད་པའི་བདེ་བས་ཚིམ་པར་འགྱུར་བ་དེའི་ཕྱིར་ཡུལ་རྣམས་ཉེ་བར་བསྟེན་པར་བྱའོ། །དེ་ལ་བཤད་པར་བྱ་སྟེ། ཡུན་ནི་ཤིན་ཏུ་རིང་པོས་ཀྱང༌། །ཡུལ་གྱི་བདེ་བའི་ལོངས་སྤྱོད་ལ་མུར་ཐུག་པ་ཡོད་པ་མིན་ཏེ། །ནད་ཀྱི་མཚན་ཉིད་མི་ཤེས་པའི་སྨན་པ་ངན་པའི་གསོ་དཔྱད་ལྟར་ཁྱོད་ཡུལ་ལ་སྲེད་ཀྱང་། །ངལ་བ་འབྲས་བུ་མེད་པ་ཁོ་ན་འབྱུང་ངོ་། ། སྟེན་པར་བྱེད་པ་འགའ་ཞིག་ལ། །ས་སྲེད་ལྡོག་པ་མེད་ཇི་བཞིན། ། བསྟེན་བཞིན་པ་ཡི་མི་རྣམས་ལ། །འདོད་རེ་འཕེལ་བའང་དེ་བཞིན་ནོ། ། སྨྲས་པ། ཇི་ལྟར་ཆུ་དག་གིས་ངོམ་པ་ལ་སྐོམ་པ་ཡོད་པ་མ་ཡིན་པ་དེ་བཞིན་དུ་འདོད་པ་དག་གིས་ཚིམ་པ་ལ་འདོད་པ་དག་ལ་སྲེད་པར་མི་འགྱུར་རོ། །བཤད་པ། ས་ཟ་བ་ལ་སྟེན་པར་བྱེད་པའི་སྲོག་ཆགས་འགའ་ཞིག་ལ། །ས་ཟ་འདོད་ཀྱི་སྲེད་པ་ལྡོག་པ་མེད་པ་ཇི་ལྟ་བ་བཞིན་དུ། །འདོད་པ་དག་བསྟེན་བཞིན་པ་ཡི་མི་རྣམས་ལ། །འདོད་པའི་རེ་བ་འཕེལ་བའང་དེ་བཞིན་ཡིན་ནོ། ། བུད་མེད་ཀུན་ལ་འཁྲིག་པ་ལ། །ཐ་དད་ཅུང་ཟད་ཡོད་མིན་ཞིང༌། ། གཟུགས་གཞན་གྱི་ཡང་ལོངས་སྤྱོད་ན། །ཁྱོད་ལ་མོ་མཆོག་གིས་ཅི་བྱེད། ། སྨྲས་པ། གང་དག་གཟུགས་བཟང་ཞིང་རིགས་དང་ལྡན་པ་ཡན་ལག་ཐམས་ཅད་དགའ་བར་༼༣༡༠༽བྱ་བ་སྙིང་དང་མིག་ཏུ་སྡུག་པ། སྙིང་ནས་ཆགས་པའི་མིག་རས་ཀྱིས་བལྟས་པ་དག་གིས་མེ་དང་ཕྲད་པས་མར་གསར་ལྟར་ཆགས་ཅན་རྣམས་ཀྱི་སྙིང་འཇུ་བར་བྱེད་པ་ཡོངས་སུ་ལོངས་སྤྱོད་པ་ཐུན་མོང་མ་ཡིན་པ་ཅན་དེ་དག་ལས་བདག་གི་ཡིད་བཟློག་པར་ཇི་ལྟར་ནུས། དེ་ལ་ཡང་ཆགས་པ་བཟློག་པའི་ཕྱིར་བཤད་པ། བུད་མེད་མཆོག་དམན་ཀུན་ལ་འཁྲིག་པ་ལ། །ཐ་དད་དུ་བྱ་བ་ཅུང་ཟད་ཀྱང་ཡོད་པ་མིན་ཞིང༌། །གཟུགས་ནི་གཞན་གྱི་ཡང་ལོངས་སྤྱོད་པར་བྱ་ན། །ཁྱོད་ལ་མོ་མཆོག་ཏུ་རློམ་པ་དེ་དག་གིས་ཅི་ཞིག་བྱེད། ། གང་ལ་གང་ཡིད་འོང་འགྱུར་བ། །དེ་ནི་དེ་ཡིས་འཚེངས་པར་རློམ། ། ཁྱི་སོགས་རྣམས་ལའང་ཐུན་མོང་པས། །བློ་གྲོས་ངན་པ་ཁྱོད་ཅི་ཆགས། ། བུད་མེད་མཆོག་ནི་བླུན་པོའི་འདོད་ཆགས་ཀྱི་རྒྱུ་ཡང་མ་ཡིན་པ་ཉིད་དེ། སྐྱེ་བོ་གང་ལ་བུད་མེད་གང་ཡིད་དུ་འོང་བར་འགྱུར་བའི། །སྐྱེ་བོ་དེ་ནི་བུད་མེད་དེ་ཡིས་འཚིངས་པར་རློམ་ཀྱང་ཐམས་ཅད་ནི་དེ་ལ་ཆགས་པ་མ་ཡིན་ནོ། །དེའི་ཕྱིར་ཡང་འདོད་ཆགས་ཀྱི་རྒྱུ་ནི་འདོད་པར་བྱ་བ་འོས་པ་ཉིད་མ་ཡིན་གྱི་ཆགས་པ་ཁོ་ན་ཡིན་ནོ། །ཁྱི་དང་བོང་བུ་སོགས་རྣམས་ལའང་ཆགས་པ་ནི་ཐུན་མོང་བ་ཡིན་པས། །བློ་གྲོས་ངན་པ་ཁྱོད་ཅི་ཡི་ཕྱིར་ཆགས་པར་བྱེད། ། ཁྱེད་ལ་ཡན་ལག་ཀུན་མཛེས་མོ། །གང་དེ་སྔར་ཀུན་ཐུན་མོང་ནི། ། དེ་རྙེད་ཁྱོད་ལ་ངོ་མཚར་ལྟར། །ཇི་ལྟར་ཡང་ནི་འགྱུར་བ་མིན། ། སྨྲས་པ། བུད་མེད་ཡན་ལག་ཐམས་ཅད་ཡིད་འཕྲོག་པ་ནི་རྙེད་པར་དཀའོ། །བཤད་པ། ཁྱོད་ལ་ཡན་ལག་ཀུན་ནས་མཛེས་མོ། །གང་ཡིན་པ་དེ་སྔར་ཀུན་གྱི་ཐུན་མོང་དུ་གྱུར་ན། །ལམ་པོ་ཆེ་ན་ཡོད་པའི་ཟོང་དོན་དུ་གཉེར་ཏེ་དེ་རྙེད་པས་ཁྱོད་ལ་ངོ་མཚར་སྐྱེས་པ་ལྟར། །ཇི་ལྟར་ཡང་ནི་འགྱུར་བ་༼༣༡༡༽མིན་ནམ་ཅི། ། ཡོན་ཏན་ལྡན་པ་སྡུག་པ་དང༌། །བཟློག་པ་ལ་ནི་བཟློག་མཐོང་ནས། ། རྣམ་པར་གནས་མེད་སྔ་མ་འམ། །ཅིག་ཤོས་ལས་ནི་གང་ཞིག་བདེན། ། ཆགས་པ་ནི་ཡོན་ཏན་སྔོན་དུ་འགྲོ་བ་ལས་འབྱུང་བས་བུད་མེད་ཡོན་ཏན་དང་ལྡན་པ་ལ་ཆགས་རིགས་སོ། །བཤད་པ། ཡོན་ཏན་དང་ལྡན་པ་ལ་སྙིང་དུ་སྡུག་པ་དང༌། །དེ་ལས་བཟློག་པ་ཡོན་ཏན་མེད་པ་ལ་ནི་བཟློག་པ་སྟེ་ཞེ་སྡང་བ་མཐོང་ན། །སྐྱོན་ཡོན་དེ་ནི་གཅིག་ཏུ་རྣམ་པར་གནས་པ་མེད་པས་སྔ་མ་ཡོན་ཏན་དང་ལྡན་པ་དེའམ། །ཅིག་ཤོས་སྐྱོན་དང་ལྡན་པ་ལས་ནི་གང་ཞིག་བདེན་པར་འགྱུར། །དེ་བས་ན་ཆགས་སྡང་གཉི་གའང་སྤང་བར་བྱ་བའི་རིགས་སོ། ། བླུན་པོའི་འདོད་ཆགས་ཡོན་ཏན་དང༌། །ལྡན་པ་འབའ་ཞིག་ལ་མི་སྐྱེ། ། རྒྱུ་མེད་པ་ལས་འཇུག་རྣམས་ཀྱི། །ལྡོག་པ་རྒྱུ་ལས་ག་ལ་ཞིག ། སྨྲས་པ། རྗེས་སུ་མི་མཐུན་པའི་ཕྱིར་སྐྱོན་ཅན་ལ་ཆགས་པར་མི་འགྱུར་མོད་ཀྱི། རྗེས་སུ་མཐུན་པའི་ཕྱིར་ཡོན་ཏན་དང་ལྡན་པ་རྣམས་ལ་ནི་འདོད་ཆགས་འབྱུང་ངོ། །བཤད་པར་བྱ་སྟེ། གཏི་མུག་ཕལ་ཆེ་བས་བླུན་པོའི་རྒྱུད་ཀྱི་འདོད་ཆགས་དེ་ནི་ཡོན་ཏན་དང༌། །ལྡན་པ་འབའ་ཞིག་ལ་མི་སྐྱེ་སྟེ། །རྒྱུ་སྔོན་དུ་འགྲོ་བ་མེད་པ་ལས་འཇུག་པ་རྣམས་ཀྱི། །དེ་ལྡོག་པ་ཡང་རྒྱུ་ལས་ག་ལ་ཞིག་སྟེ་མ་ཡིན་ནོ། ། ཇི་སྲིད་གཞན་ཤེས་མ་གྱུར་ན། །དེ་སྲིད་དེ་ནི་ཁྱོ་ལ་སྡུག ། ནད་ངན་དང་མཚུངས་བུད་མེད་ནི། །རྟག་ཏུ་རྐྱེན་ལས་བསྲུང་བར་བྱ། ། སྨྲས་པ། བུད་མེད་ནི་སྐྱེས་པ་ཤི་བ་ན་ཕྱི་བཞིན་ལྕེབ་པར་མཐོང་བས་དེ་ལྟར་ཆགས་པ་དང་རྗེས་སུ་འབྲེལ་བའི་བུད་མེད་དག་ཇི་ལྟར་མི་བསྟེན། དེ་ལ་བཤད་པ། ཇི་སྲིད་དུ་སྐྱེས་པ་གཞན་ཤེས་པར་མ་གྱུར་པ། །དེ་སྲིད་དུ་བུད་མེད་དེ་ནི་རང་གི་ཁྱོ་ལ་སྡུག་ཀྱང་གང་གི་ཚེ་སྐྱེས་པ་གཞན་གྱིས་རོ་མྱངས་པར་གྱུར་པ་དེའི་ཚེ་ནི་འདི་གཅིག་ལ་མངོན་པར་མི་དགའ་༼༣༡༢༽བས་ནད་ངན་པ་དང་མཚུངས་པར་གདོན་མི་ཟ་བར་བསྲུང་བར་བྱ་དགོས་པའི་བུད་མེད་ནི་ཤིན་ཏུ་འཇིགས་པའི་གནས་ཡིན་པས། །རྟག་ཏུ་རྐྱེན་ངན་པ་དེ་ལས་བསྲུང་བར་བྱའོ། ། དར་མར་རང་གིས་བྱས་པ་གང༌། །དེ་ནི་རྒན་པོར་མི་འདོད་ན། ། ཇི་ལྟ་བུར་ན་གྲོལ་བ་རྣམས། །དེ་ལ་ཤིན་ཏུ་གདུང་མི་འགྱུར། ། དར་མར་གྱུར་པའི་ཚེ་རང་གིས་ངོ་ཚ་མེད་པའི་བྱ་བ་བྱས་པ་གང་ཡིན་པ། །དེ་ནི་རྒན་པོར་གྱུར་ཚེ་མི་འདོད་ཅིང་སེམས་གདུང་བར་གྱུར་ན། །ཇི་ལྟ་བུར་ན་ཉོན་མོངས་པའི་འཆིང་བ་ལས་གྲོལ་བ་ཐོབ་པ་རྣམས། །འདོད་པ་དེ་ལ་ཤིན་ཏུ་གདུང་བར་མི་འགྱུར། ། མ་ཆགས་པ་ལ་བདེ་མེད་ཅིང༌། །དེ་ཡང་བླུན་མིན་ལ་མེད་ན། ། གང་ཡིད་རྟག་ཏུ་ཕྱིར་ཕྱོགས་པ། །དེ་ཡི་བདེ་བ་ཅི་འདྲ་ཞིག ། སྨྲས་པ། འདོད་པའི་ཁམས་ཀྱི་བདེ་བ་ཐམས་ཅད་ཀྱི་མཆོག་ནི་བུད་མེད་ལས་འབྱུང་བས་བུད་མེད་དེ་ནི་དོན་དུ་གཉེར་བར་བྱའོ། །བཤད་པར་བྱ་སྟེ། མ་ཆགས་པ་ལ་འདོད་པ་བསྟེན་པའི་བདེ་བ་མེད་ཅིང༌། །འདོད་ཆགས་དེ་ཡང་དངོས་པོ་མ་ཡིན་པ་དངོས་པོར་བྱས་ནས་འཇུག་པས་གཏི་མུག་མེད་པར་མི་འབྱུང་བས་བླུན་པོ་མིན་པ་ལ་མེད་ན། །གང་གི་ཡིད་དུས་རྟག་ཏུ་འདོད་པ་ལས་ཕྱིར་ཕྱོགས་པ། །འཕགས་པ་དེ་ཡི་ཟག་པ་མེད་པའི་བདེ་བ་ནི་ཅི་འདྲ་ཞིག་ཡིན་པར་བརྟག་པར་བྱའོ། ། ཁྱོད་ལ་གུས་བཞིན་རྟག་པར་ནི། །མོ་དང་ལྷན་ཅིག་ཕྲད་པ་མེད། ། འདི་ང་གཞན་གྱི་མ་ཡིན་ཞེས། །ཡོངས་འཛིན་འདི་ཀོ་ཅི་ཞིག་ཡིན། ། ཡང་ཁྱོད་བུད་མེད་ལ་ལོངས་སྤྱོད་པའི་གུས་པ་ཉིན་མཚན་རྒྱུན་ཆགས་སུ་འཕེལ་བ་བཞིན་རྟག་པར་ནི། །མི་མོ་དེ་དང་ལྷན་ཅིག་ཕྲད་པ་ནི་མེད་པས། །འདི་ང་ཡི་ཡིན་ལ་གཞན་གྱི་མ་ཡིན་ཞེས། །ཡོངས་སུ་འཛིན་པ་འདི་ཀོ་ཅི་ཞིག་ཡིན་ཏེ་དགོས་པ་མེད་དོ། ། གལ་ཏེ་འདོད་ཆགས་བདེ་ཡིན་ན། །བུད་མེད་དག་གིས་དགོས་མེད་འགྱུར། ། བདེ་བ་དོར་བྱ་ཞེས་བྱ་བར། །ཇི་ལྟར་ཡང་ནི་མ་མཐོང་ངོ༌། ། སྨྲས་པ། འཇིག་རྟེན་ན་ནི་འདོད་ཆགས་ལ་བདེ་བ་ཞེས་བརྗོད་ལ། དེའི་ཕྱིར་དགོས་པའི་དོན་དུ་གདོན་མི་ཟ་བར་བུད་མེད་དག་འདོད་པར་བྱའོ། །འདི་ལ་བཤད་པ། ༼༣༡༣༽གལ་ཏེ་འདོད་ཆགས་ཉིད་བདེ་བ་ཡིན་ན་ནི། །བུད་མེད་དག་གིས་དགོས་པ་མེད་པར་འགྱུར་ཏེ། །ནམ་དུ་ཡང་བདེ་བ་དེ་དོར་བྱ་ཞེས་བྱ་བར། །ཇི་ལྟར་ཡང་ནི་མ་མཐོང་ངོ༌། ། བུད་མེད་ལྷན་ཅིག་སྦྱོར་ན་ཡང༌། །བདེ་བ་གཞན་ལས་སྐྱེ་འགྱུར་ན། ། དེ་རྒྱུ་མཛའ་མོ་ཉིད་ཡིན་ཞེས། །བླུན་པོ་མིན་པ་སུ་ཞིག་འཛིན། ། ཡང་བུད་མེད་དང་ལྷན་ཅིག་ཏུ་སྦྱོར་ན་ཡང༌། །བདེ་བ་ནི་གཞན་ཀུན་རྟོག་ལོག་པ་སོགས་ལས་སྐྱེ་བར་འགྱུར་ན། །བདེ་བ་དེའི་རྒྱུ་མཛའ་མོ་ཉིད་ཡིན་ཞེས། །བླུན་པོ་མིན་པ་སུ་ཞིག་གིས་འཛིན། ། མཛེ་པོ་འཕྲུག་བཞིན་འདོད་ཆགས་ཀྱིས། །མདོངས་པས་འདོད་པའི་སྐྱོན་མི་མཐོང༌། ། ཆགས་བྲལ་རྣམས་ལ་མཛེ་པོ་ལྟར། །ཆགས་ཅན་སྡུག་བསྔལ་ལྡན་པར་སྣང༌། ། སྨྲས་པ། གལ་ཏེ་དེ་ལྟར་རྒྱུ་དུ་མས་འདོད་པ་སྨད་ན། ཅིའི་ཕྱིར་ཆགས་པ་ཅན་ཡང་དང་ཡང་དུ་འདོད་པ་བསྟན་པར་བྱེད། བཤད་པ། དེ་ནི་ངེས་པར་ཇི་ལྟར་གཡན་པ་ཚབས་ཆེན་པོས་ཐེབས་པའི་མཛེ་བོ་འཕྲུག་པ་ན་ཁྲག་འཛག་པ་སོགས་སྡུག་བསྔལ་དང་སྐྱོན་དུ་མི་མཐོང་བ་བཞིན་དུ་འདོད་ཆགས་ཀྱིས། །མདོངས་པ་རྣམས་ཀྱིས་འདོད་པའི་སྐྱོན་མི་མཐོང་ཞིང་ཡང་དང་ཡང་དུ་དེ་ལ་སྟེན་པར་བྱེད་དོ། །དེ་ལྟར་ཡིན་པ་དེའི་ཕྱིར་འཕགས་པ་འདོད་ཆགས་དང་བྲལ་བ་རྣམས་ལ་མཛེ་བོ་ལྟར། །འདོད་ཆགས་ཅན་རྣམས་སྡུག་བསྔལ་དང་ལྡན་པར་སྣང་ངོ་། ། མགོན་མེད་བཀྲེས་པས་ཉེན་རྣམས་ལ། །མུ་གེར་བྱ་བ་གང་འབྱུང་བ། ། དེ་ནི་བུད་མེད་ཕྲད་པའི་ཚེ། །སེམས་ཅན་ཀུན་གྱི་གཡོ་བ་ཡིན། ། སྨྲས་པ། དེ་ལྟ་མོད་ཀྱི་གང་དེར་འདོད་ཆགས་ལས་སྤྱོད་པ་རྣམ་པ་དུ་མར་འགྱུར་བ་དེ་ནི་བདེ་བ་ཡིན་ནོ། །བཤད་པ། མགོན་མེད་པ་བཀྲེས་པས་ཉེན་པ་རྣམས་ལ། །མུ་གེར་བྱུང་བ་ན་ནོར་ལྡན་དག་ལས་བརྙས་དམོད་ཀྱི་བྱ་བ་གང་འབྱུང་བ་ཐམས་ཅད་བཟོད་པ་ལྟར། །ཆགས་ཅན་དེ་ནི་བུད་མེད་དང་ཕྲད་པར་འདོད་པའི་ཚེ། །ཆགས་ཅན་ཀུན་གྱི་སེམས་ཀྱི་༼༣༡༤༽གཡོ་བ་ཡང་དེ་ལྟར་ཡིན་ནོ། ། དྲེགས་པ་ཡིས་ན་ཁ་ཅིག་ལ། །བཤང་ཁང་ལ་ཡང་ཆགས་སྐྱེ་ཞིང༌། ། བུད་མེད་ལ་ལ་ལ་ཆགས་པ། །འགའ་ཞིག་དགའ་ལ་ཕྲག་དོག་བྱེད། ། སྨྲས་པ། གང་གི་ཕྱིར་འདི་ནི་བདེ་བ་ལ་ཀུན་ཏུ་ཆགས་པས་བུད་མེད་དག་ལ་འཛིན་པ་འབྱུང་བ་དེའི་ཆེད་དུ་གཞན་དག་ལ་ཕྲག་དོག་པ་དེའི་ཕྱིར་བུད་མེད་ཀྱི་བདེ་བ་ཡོད་པ་ཉིད་དོ། །བཤད་པར་བྱ་སྟེ། དྲེགས་པ་ཡིས་ནི་ཕྱུག་པོ་ཁ་ཅིག་ལ། །བཤང་ཁང་རྟུག་པའི་སྣོད་ལ་ཡང་ཆགས་པ་སྐྱེ་ཞིང་དེའི་ཆེད་དུ་གཞན་དག་ལ་ཕྲག་ཀྱང་དོག་གོ །དེ་བཞིན་དུ་བུད་མེད་ལ་ལ་ལ་ཆགས་པ་སྐྱེ་ཞིང་། །འགའ་ཞིག་དང་འགའ་ལ་ཕྲག་ཀྱང་དོག་པར་བྱེད་དོ། ། མི་གཙང་བ་ལ་གཏི་མུག་ནི། །འབྱུང་ཞིང་ཁྲོ་བ་འབྱུང་རིགས་ཀྱི། ། རྣམ་པ་ཀུན་ཏུ་འདོད་ཆགས་ནི། །འབྱུང་བར་རིགས་པ་མ་ཡིན་ནོ། ། སྨྲས་པ། བཙོག་པར་རྟོགས་ནའང་གང་ལ་བདེ་བ་ཡོད་པ་དེ་ལ་ཆགས་པར་རིགས་པ་ཉིད་དོ། །བཤད་པ། མི་གཙང་བ་ཀུན་ལ་གཏི་མུག་ནི། །འབྱུང་ཞིང་ཁྲོ་བ་ཡང་འབྱུང་རིགས་ཀྱི། །རྗེས་སུ་མི་མཐུན་པའི་ཕྱིར་རྣམ་པ་ཀུན་ཏུ་དེ་ལ་འདོད་ཆགས་ནི། །འབྱུང་བར་རིགས་པ་མ་ཡིན་ནོ། ། མི་རྣམས་མ་གཏོགས་མི་གཙང་བའི། །སྣོད་ནི་སྨད་པར་འབྱུང་འགྱུར་ན། ། གང་ལ་མི་གཙང་འབྱུང་འགྱུར་བ། །དེ་ནི་སྨད་པར་ཅིས་མི་སེམས། ། སྨྲས་པ། ལུས་མི་གཙང་བ་ཡིན་མོད་ཀྱི། དེ་ལྟར་ནའང་འཇིག་རྟེན་ན་སྐྱོན་ཅན་མ་ཡིན་པའི་ཕྱིར་སྨད་པར་བྱ་བ་མ་ཡིན་པ་ཉིད་དོ། །དེ་ལ་བཤད་པ། མི་རྣམས་ཀྱི་ལུས་མ་གཏོགས་མི་གཙང་བའི། །སྣོད་ཆོལ་ཟངས་ལྟ་བུ་ནི་སྨད་པར་འབྱུང་བར་འགྱུར་ན། །གང་ལས་མི་གཙང་བ་དེ་འབྱུང་བར་འགྱུར་བ། །ལུས་དེ་ནི་སྨད་པར་རྒྱུ་ཅི་ཞིག་གིས་མི་སེམས། ། དངོས་པོ་གཙང་བ་ཐམས་ཅད་ཀྱི། །ཐ་མ་གང་དུ་དམིགས་གྱུར་པ། ། དེ་ལ་གཙང་བ་ཡོད་དོ་ཞེས། །བློ་ལྡན་མི་ནི་སུ་ཞིག་སྨྲ། ། གཞན་ཡང་དངོས་པོ་གཙང་བ་ཨ་ག་རུ་དང་ཙནྡན་དང་གོས་ལ་སོགས་པ་ཐམས་ཅད་ཀྱི། །རང་བཞིན་ལུས་དང་ཕྲད་པས་ཐ་མ་གང་དུ་མི་གཙང་བར་དམིགས་པར་གྱུར་བའི། །ལུས་དེ་ལ་༼༣༡༥༽གཙང་བ་ཡོད་དོ་ཞེས། །བློ་དང་ལྡན་པའི་མི་ནི་སུ་ཞིག་གིས་སྨྲ་བར་བྱེད། ། གང་ཞིག་བཤང་ཁང་ནང་འདུག་ཅིང༌། །དེ་མེད་པར་ནི་མི་གནས་པར། ། མི་གཙང་བ་ཡི་སྲིན་དེ་ལ། །རྨོངས་ལས་དྲེགས་པ་སྐྱེ་བར་ཟད། ། སྨྲས་པ། གལ་ཏེ་ལུས་མི་གཙང་བ་ཉིད་དུ་འགྱུར་ན་ནི་དེའི་ཚེ་དྲེགས་པར་མི་འགྱུར་བ་ཞིག་ན་འགྱུར་བ་ཡང་ཡིན་པས་དེའི་ཕྱིར་གཙང་བ་ཡིན་ནོ། །བཤད་པ། གང་ཞིག་བཤང་ཁང་ནང་སྟེ་མངལ་གནས་སུ་འདུག་ཅིང༌། །དེ་མེད་པར་ནི་མི་གནས་པར། །མི་གཙང་བ་ཡི་སྲིན་བུ་ལྟ་བུ་དེ་ལ། །རྨོངས་པའི་དབང་ལས་བདག་ལ་དྲེགས་པ་སྐྱེ་བར་ཟད་དོ། ། ཐབས་གང་གིས་ཀྱང་ལུས་ཀྱི་ནི། །ནང་ཕུགས་གཙང་བར་མི་འགྱུར་ན། ། ཁྱོད་ནི་ནང་ལ་འབད་བྱེད་པ། །དེ་ལྟར་ཕྱི་རོལ་ལ་མ་ཡིན། ། སྨྲས་པ། ཡང་མི་གཙང་བ་ཡོད་ཀྱང་སྤང་བར་བྱ་ནུས་སོ། །བཤད་པ། ཆུས་བསང་གཏོར་དང་ཁྲུས་དང་བྱུག་པ་སོགས་ཐབས་གང་གིས་ཀྱང་ལུས་ཀྱི་ནི། །ནང་ཕུགས་ཐམས་ཅད་གཙང་བར་མི་འགྱུར་ན། །ཁྱོད་ནི་ལུས་ཀྱི་ནང་དག་པ་ལ་འབད་པར་བྱེད་པར་རིགས་ཀྱི། །དེ་ལྟར་ཕྱི་རོལ་ལ་འབད་དགོས་པ་མ་ཡིན་ནོ། ། གལ་ཏེ་མཛེ་ཅན་བཞིན་དེ་ལྟར། །གཅིན་ཅན་ཀུན་ལ་མཚུངས་མིན་ན། ། མཛེ་ཅན་ཇི་བཞིན་གཅིན་ཅན་དེ། །དེ་ལྟར་མི་ཀུན་གྱིས་སྤོང་འགྱུར། ། སྨྲས་པ། གལ་ཏེ་བུད་མེད་ཀྱི་ལུས་དེ་ལྟར་ཡིན་ཀྱང་དྲང་སྲོང་བུད་མེད་ཀྱི་བདེ་བའི་ལོངས་སྤྱོད་འདོད་པ་དཀའ་ཐུབ་ཆེན་པོ་ཅན་རྣམས་ཀྱིས་ཀྱང་མི་སྤོང་བས་སྤང་བྱ་མ་ཡིན་ནོ། །བཤད་པར་བྱ་སྟེ། གལ་ཏེ་ལུས་ཤིན་ཏུ་མྱགས་པའི་མཛེ་ཅན་བཞིན་དུ་དེ་ལྟར། །ཆུ་དྲི་ང་བ་འཛག་པའི་གཅིན་ཅན་ཡང་ཀུན་ལ་མཚུངས་པ་མིན་ན་ནི། །མཛེ་ཅན་ཇི་ལྟ་བ་བཞིན་གཅིན་ཅན་དེ་ཡང་། །དེ་ལྟར་མི་ཀུན་གྱིས་སྤོང་བར་འགྱུར་རོ། ། ཡན་ལག་ཉམས་པ་འགའ་ཞིག་ནི། །སྣ་ཡི་ཚབ་མས་དག་འགྱུར་ལྟར། ། མི་གཙང་ཕྱིར་འཆོས་མེ་ཏོག་ལ། །སོགས་པ་འདོད་ཆགས་དེ་བཞིན་འདོད། ། སྨྲས་པ། གང་ཞིག་ལང་ཚོ་ལ་བབ་པར་གྱུར་ཏེ་བུད་མེད་ན་ཆུང་ཚོགས་ཆས་༼༣༡༦༽ཐམས་ཅད་དང་ལྡན་པ་དེ་ནི་གཙང་བ་ཡིན་པས་བསྟེན་པར་བྱ་འོས་སོ། །བཤད་པར་བྱ་སྟེ། ཡན་ལག་ཉམས་པ་སྣ་རྡུམ་འགའ་ཞིག་ནི་བཅོས་མའི་སྣ་བསྲེལ་ཏེ། །སྣ་ཡི་ཚབ་མ་དེས་དགའ་བར་གྱུར་པ་ལྟར། །ལུས་མི་གཙང་བ་ཕྱིར་འཆོས་ཤིང་མེ་ཏོག་ལ། །སོགས་པས་བརྒྱན་པ་ལ་འདོད་ཅིང་ཆགས་པ་ཡང་དེ་བཞིན་ཡིན་པར་འདོད་དོ། ། གང་དུ་འདོད་ཆགས་བྲལ་སྐྱེ་བ། །དེ་གཙང་ཞེས་བྱ་མི་རིགས་ལ། ། ངེས་པར་འདོད་ཆགས་རྒྱུར་གྱུར་པའི། །དངོས་དེ་གང་ནའང་ཡོད་མ་ཡིན། ། སྨྲས་པ། འདོད་ཆགས་ཀྱི་རྒྱུ་མེ་ཏོག་དང་དྲི་ལ་སོགས་དག་ཡོད་དོ། །གལ་ཏེ་ཡོད་པར་མ་གྱུར་ན་ནི་དེ་དག་གིས་སྐྱེ་བོ་འདོད་པ་དག་ལ་ཆགས་པར་མི་འགྱུར་རོ། །བཤད་པར་བྱ་སྟེ། གང་དུ་འདོད་ཆགས་དང་བྲལ་བ་སྐྱེ་བ་དེའི་ཚེ། །ལུས་དེ་གཙང་བ་ཞེས་བྱ་བར་མི་རིགས་ལ། །དེ་ལ་ངེས་པར་འདོད་ཆགས་ཀྱི་རྒྱུར་གྱུར་པའི། །དངོས་པོ་དེ་གང་ནའང་ཡོད་པ་མ་ཡིན་ནོ། ། མདོར་ན་མི་རྟག་མི་གཙང་དང༌། །སྡུག་བསྔལ་བ་དང་བདག་མེད་ཅེས། ། བྱ་བ་བཞི་པོ་ཐམས་ཅད་ནི། །གཅིག་ཉིད་ལ་ནི་སྲིད་པར་འགྱུར། ། མདོར་ན་གང་འདུས་བྱས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ནི་མི་རྟག་སྟེ་སྐད་ཅིག་མ་ཉིད་ཀྱི་ཕྱིར་དང༌། གང་མི་རྟག་པ་དེ་ནི་མི་གཙང་བ་སྟེ་སྐྱོ་བ་བསྐྱེད་པ་ཉིད་ཀྱི་ཕྱིར་དང༌། །གང་མི་གཙང་བ་དེ་ནི་སྡུག་བསྔལ་བ་སྟེ་གནོད་པ་བྱེད་པའི་ཕྱིར་དང་གང་སྡུག་བསྔལ་བ་དེ་ཡང་བདག་མེད་ཅེས། །བྱ་བ་ཡིན་ཏེ་རང་དབང་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཕྱིན་ཅི་མ་ལོག་པ་བཞི་པོ་དེ་དག་ཐམས་ཅད་ནི། །དངོས་པོ་གཅིག་ཉིད་ལ་ནི་སྲིད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས་གཙང་བར་འཛིན་པ་ཕྱིན་ཅི་ལོག་སྤོང་བའི་ཐབས་༼༣༡༧༽བསྟན་པ་སྟེ་རབ་ཏུ་བྱེད་པ་གསུམ་པའོ།། །།

བདག་གམ་བདག་གི་སྙམ་དྲེགས་པ། །སྲིད་པར་དམ་པ་སུ་ལ་འགྱུར། ། གང་ཕྱིར་ལུས་ཅན་ཐམས་ཅད་ལ། །ཡུལ་རྣམས་ཐམས་ཅད་མཚུངས་ཕྱིར་རོ། ། སྨྲས་པ། ཕྱིན་ཅི་ལོག་གསུམ་སྤོང་བའི་ཐབས་བཤད་ཟིན་ན། ད་ནི་བཞི་པ་སྤོང་བའི་ཐབས་བརྗོད་པར་རིགས་སོ། །བཤད་པ། ང་ནི་མངའ་བདག་གོ་ཞེས་བདག་གམ་ཡུལ་འདི་དག་ནི་བདག་གི་ཡིན་ནོ་སྙམ་པའི་དྲེགས་པ་དེ། །སྲིད་པ་འཁོར་བ་འདིར་དམ་པ་སུ་ལ་འབྱུང་བར་འགྱུར། །གང་གི་ཕྱིར་ལུས་ཅན་ཐམས་ཅད་ལ། །སྤྱི་མཐུན་གྱི་ལས་ཀྱིས་བསྐྱེད་པའི་ཡུལ་རྣམས་ཐམས་ཅད་མཚུངས་པར་སྣང་བའི་ཕྱིར་རོ། ། ཚོགས་བྲན་དྲུག་ཆའི་སྟབས་གྱུར་པ། །ཁྱོད་ཀྱི་དྲེགས་པ་ཅི་ཞིག་ཡིན། ། གང་ངམ་དེ་རུ་བྱ་བ་ནི། །དབང་དུ་བྱས་པ་རག་ལས་འགྱུར། ། སྨྲས་པ། གང་གི་ཕྱིར་རྩོམ་པ་ཐམས་ཅད་ནི་རྒྱལ་པོ་ལ་དབང་དུ་བྱས་པ་ཡིན་ཏེ། དེའི་ཕྱིར་དེ་ལས་དེ་དབང་དུ་བྱ་བའི་རྒྱུ་ཅན་གྱི་དྲེགས་པ་རིགས་སོ། །བཤད་པར་བྱ་སྟེ། ཚོགས་བྲན་དང་དྲུག་ཆའི་དཔྱ་ཁྲལ་གྱིས་སྟབས་པར་གྱུར་པ། །དེ་ལ་ཁྱོད་ཀྱི་དྲེགས་པ་ཅི་ཞིག་སྐྱེ་བ་ཡིན། །གང་ངམ་དེ་རུ་དབང་བསྒྱུར་བར་བྱ་བ་ནི། །དབང་དུ་བྱས་པ་ལ་རག་ལས་པར་འགྱུར་རོ། ། ཇི་ལྟར་གསོ་བྱ་འཐོབ་ཐོབ་པ། །རྗེ་བོ་གཏོང་པོར་སེམས་དེ་བཞིན། ། རྗེ་བོ་སྦྱིན་བྱ་བྱིན་བྱས་ནས། །བདག་ནི་གཏོང་བ་པ་སྙམ་རློམ། ། སྨྲས་པ། གང་གི་ཕྱིར་རྒྱལ་པོ་རྗེ་བོ་དང་གཏོང་བ་པོ་ཡིན་པ་དེའི་ཕྱིར་ཡང་རྒྱལ་པོ་ལ་དྲེགས་པ་ཡོད་པར་རིགས་ཏེ། ནོར་དང་ཆ་རྐྱེན་རྣམས་གཏོང་བ་དང་སྡུད་པ་དག་ལ་དབང་འབྱོར་བའི་ཕྱིར་རོ། །བཤད་པ། དཔེ་ཇི་ལྟར་ན་གསོ་བྱ་ཞབས་འབྲིང་བ་སོགས་ཀྱིས་འཐོབ་བྱ་ནོར་རྣམས་ཐོབ་པ་དང་། །རྗེ་བོ་ལ་གཏོང་བ་པོར་སེམས་པ་དེ་བཞིན་དུ། །རྗེ་བོ་ཡང་སྦྱིན་བྱ་བྱིན་པར་༼༣༡༨༽བྱས་ནས། །བདག་ནི་གཏོང་བ་པོའོ་སྙམ་དུ་རློམ་ཡང་དེ་ལ་དྲེགས་པར་བྱ་མི་འོས་སོ། ། གཞན་རྣམས་ཀྱིས་ནི་སྡུག་བསྔལ་གནས། །ཁྱོད་ལ་ཕྱིན་ཅི་ལོག་ཏུ་དྲན། ། གཞན་གྱི་ལས་ཀྱིས་འཚོ་ཁྱོད་ཀྱི། །དགའ་བ་གང་གིས་བསྐྱེད་པར་འགྱུར། ། སྨྲས་པ། གང་ཡང་འདོད་དགུར་བསྒྱུར་ནུས་པས་རྒྱལ་པོ་ལ་དེའི་རྒྱུ་ཅན་གྱི་རྒྱགས་པ་སྐྱེ་བར་རིགས་སོ། །བཤད་པ། གཞན་རྣམས་ཀྱི་ནི་སྡུག་བསྔལ་གྱི་གནས་ཡིན་བཞིན་དུ། །ཁྱོད་ལ་ཕྱིན་ཅི་ལོག་ཏུ་བདེ་བར་འཛིན་པའི་དྲན་པ་སྐྱེ་ཡང་། །གཞན་གྱི་ལས་ཀྱིས་འཚོ་དགོས་པ་ཁྱོད་ཀྱི། །དགའ་བ་རྒྱུ་གང་ཞིག་གིས་བསྐྱེད་པར་འགྱུར། ། འཇིག་རྟེན་གྱི་ནི་བསྲུང་པོ་དང༌། །བསྲུང་བྱར་ས་བདག་སྣང་གྱུར་ན། ། ཅི་སྟེ་གཅིག་གིས་དྲེགས་ཡོད་ཅིང༌། །ཅི་སྟེ་གཞན་གྱི་དྲེགས་བྲལ་མིན། ། སྨྲས་པ། རྒྱལ་པོ་ནི་འཇིག་རྟེན་གྱི་སྲུང་བ་པོ་ཡིན་ཏེ། དེས་ན་སྲུང་བ་པོ་ཉིད་ཀྱིས་འདི་གདོན་མི་ཟ་བར་རྒྱགས་པར་འགྱུར་རོ། །དེ་མེད་ན་ནི་ཚུལ་ལུགས་ཀྱི་རྗེས་སུ་མི་འཇུག་པ་ན་སྐྱེ་རྒུ་རྣམས་བརླག་པར་འགྱུར་རོ། །བརྗོད་པར་བྱ་སྟེ། འཇིག་རྟེན་གྱི་ནི་སྲུང་བ་པོ་དང༌། །བསྲུང་བྱར་ཡང་ས་བདག་སྣང་བར་གྱུར་ན། །ཅི་སྟེ་གཅིག་གིས་དྲེགས་པ་ཡོད་ཅིང༌། །ཅི་སྟེ་གཞན་གྱི་ཕྱིར་དྲེགས་པ་དང༌། བྲལ་བ་མིན། ། རིགས་ཀུན་ནང་ནས་རང་ལས་ལ། །དགའ་བས་འཚོ་རྣམས་རྙེད་པ་དཀའ། ། གལ་ཏེ་ཁྱོད་ལ་མི་དགེར་འགྱུར། །དེས་ན་ཁྱོད་ལ་འགྲོ་བཟང་དཀོན། ། སྨྲས་པ། རྒྱལ་པོ་ནི་སྐྱེ་རྒུ་རྣམས་ཀྱི་སྐྱོང་བ་པོ་བསོད་ནམས་ཀྱིས་བསྐྱེད་པ་ཕུན་སུམ་ཚོགས་པའི་འབྱོར་བ་ཅན་ཡིན་པས་རྒྱགས་པར་རིགས་སོ། །བཤད་པར་བྱ་སྟེ། དེང་སང་སྙིགས་དུས་འདིར་རིགས་ཀུན་གྱི་ནང་ནས་རང་ལས་ལ། །དགའ་བས་འཚོ་བ་རྣམས་རྙེད་པར་དཀའ་ལ། །གལ་ཏེ་ཁྱོད་ལ་སྡིག་པའི་གྲོགས་པོ་དང་འགྲོགས་པ་སོགས་ཀྱིས་མི་དགེ་བར་འགྱུར་ན། །དེས་ན་ཁྱོད་ལ་འགྲོ་བ་བཟང་༼༣༡༩༽པོའང་དཀོན་ནོ། ། གཞན་གྱིས་བསྐུལ་ཏེ་བྱེད་པ་གང༌། །དེ་ནི་ས་སྟེང་བླུན་ཞེས་བྱ། ། ཁྱོད་དང་མཚུངས་པའི་གཞན་དབང་གཞན། །འགའ་ཡང་ཡོད་པ་མ་ཡིན་ནོ། ། སྨྲས་པ། རྒྱལ་པོ་ནི་འཇིག་རྟེན་གྱི་མགོན་དང་རང་དབང་ཡིན་པ་དེའི་ཕྱིར་འདིའི་ང་རྒྱལ་རིགས་པའི་ངོ་བོ་ཡིན་ནོ། །བཤད་པ། གཞན་གྱིས་བསྐུལ་ཏེ་ལས་བྱེད་དགོས་པ་གང་ཞིག་ཡིན་པ། །དེ་ནི་ས་སྟེང་ན་བླུན་པོ་ཞེས་བྱའོ། །དེའི་ཕྱིར་བྱ་མ་རྟའི་མིག་ཅན་ཡིན་པ་ཉིད་ཀྱི་ཕྱིར་རྒྱལ་པོ་ཁྱོད་དང་མཚུངས་པའི་གཞན་དབང་ཅན་གཞན། །འགའ་ཡང་ཡོད་པ་མ་ཡིན་ནོ། ། བསྲུང་བ་ང་ལ་རག་ལས་ཞེས། །འཇིག་རྟེན་ལ་ནི་གླ་ལེན་ཞིང༌། ། རང་ཉིད་ཀྱིས་ཀྱང་སྡིག་བྱེད་ན། །དེ་མཚུངས་བརྩེ་མེད་སུ་ཞིག་ཡོད། ། གཞན་ཡང་འཇིག་རྟེན་ཐམས་ཅད་སྲུང་བ་ང་ལ་རག་ལས་པ་ཡིན་ཞེས། །འཇིག་རྟེན་ལ་ནི་དྲུག་ཆའི་གླ་ལེན་ཞིང༌། །ད་དུང་དུ་ཡང་རང་ཉིད་ཀྱིས་ཀྱང་བསད་པ་དང་བཅིང་པ་དང་བསྐྲད་པ་སོགས་སྡིག་པ་བྱེད་ན། །དེ་དང་མཚུངས་པའི་བརྩེ་མེད་གཞན་སུ་ཞིག་ཡོད། ། སྐྱེ་བོ་སྡིག་ཏོ་བྱེད་རྣམས་ལ། །གལ་ཏེ་བརྩེ་བ་བྱ་མིན་ན། ། བྱིས་པ་སོ་སོའི་སྐྱེ་བོ་ནི། །ཐམས་ཅད་བསྲུང་བྱར་མི་འགྱུར་རོ། ། སྨྲས་པ། རྒྱལ་པོས་འཇིག་རྟེན་སྲུང་བའི་ཕྱིར་སྐྱེ་བོ་སྡིག་པའི་བདག་ཉིད་ཅན་དག་གདོན་མི་ཟ་བར་ཚར་བཅད་པར་བྱ་དགོས་སོ། །བཤད་པ། སྐྱེ་བོ་སྡིག་ཏོ་བྱེད་པ་རྣམས་ལ། །གལ་ཏེ་བརྩེ་བར་བྱ་འོས་པ་མིན་ན། །རང་ཉིད་དང་བཅས་པའི་བྱིས་པ་སོ་སོའི་སྐྱེ་བོ་ནི། །ཐམས་ཅད་ཀྱང་ཁྱོད་ཀྱིས་བསྲུང་བྱར་མི་འགྱུར་རོ། ། བདག་ཉིད་དགའ་བ་སྐྱེད་པ་ཡི། །རྒྱུ་ནི་གང་དུ་མེད་མི་འགྱུར། ། ལུང་ལ་སོགས་པའི་རྒྱུ་རྣམས་ཀྱིས། །བསོད་ནམས་མིན་པའང་འཇིག་ཡོད་མིན། ། སྨྲས་པ། སྐྱེ་རྒུ་བསྐྱེད་པར་བྱ་བའི་ཕྱིར་གདུག་པ་ཅན་རྣམས་ལ་ཆད་པས་གཅོད་པ་ན་རྒྱལ་པོ་ལ་སྡིག་པར་མི་འགྱུར་ཏེ་དམ་པ་དག་ནི་ཕན་འདོགས་པ་ལ་ཞུགས་པའི་ཕྱིར་རོ། །བཤད་པར་བྱ་སྟེ། བདག་ཉིད་ལ་དགའ་བ་སྐྱེད་པ་ཡི། །རྒྱུ་ནི་གང་དུ་ཡང་མེད་པར་མི་འགྱུར་བ་སྟེ་ཉ་པ་དང་༼༣༢༠༽ཕག་གསོད་པ་རྣམས་ཀྱང་སྲོག་ཆགས་གསོད་པ་འདི་ནི་ཁོ་བོ་ཅག་གི་རིགས་བརྒྱུད་ལས་འོང་བ་ཞིག་སྟེ། འདི་ནི་སྐྱེ་རྒུའི་བདག་པོས་འཚོ་བར་ཡོངས་སུ་བརྟགས་པ་ཡིན་པས་ཆོས་མ་ཡིན་པ་འགའ་ཡང་མེད་དོ་སྙམ་དུ་འཛིན་ཏོ། །ལུང་ལ་སོགས་པའི་རྒྱུ་རྣམས་ཀྱིས་ཀྱང་། །དེ་དག་གི་བསོད་ནམས་མིན་པའང་འཇིག་པ་ཡོད་པ་མིན་པ་དེ་བཞིན་དུ་རྒྱལ་པོའི་ཡང་ཡིན་ནོ། །ཆད་པས་ལུགས་བྱེད་པ་པོ་རྒྱལ་པོ་རྣམས་དང༌། ཆོས་མ་ཡིན་པ་འདོན་པ་ལ་སོགས་པ་ནི་སྡོམ་པ་མ་ཡིན་པ་ཅན་ནོ། །ཞེས་ལུང་གིས་ཀྱང་རྒྱལ་པོ་རྣམས་ནི་སྡོམ་མིན་ཅན་དུ་གསུངས་སོ། ། ཡང་དག་སྲུང་བྱེད་ཅེས་བྱ་བ། །གལ་ཏེ་ས་བདག་ཆོས་ཡིན་ན། ། ཉོན་མོངས་གཟོ་མཁན་རྣམས་ལ་ཡང༌། །ཅི་སྟེ་ཆོས་སུ་འགྱུར་མ་ཡིན། ། སྨྲས་པ། འཇིག་རྟེན་ཡང་དག་པར་སྐྱོང་བ་གང་ཡིན་པ་དེ་ཉིད་མཐོ་རིས་ཀྱི་དོན་དུ་ས་བདག་རྣམས་ཀྱི་ཆོས་ཡིན་པ་དེའི་ཕྱིར་ཆོས་གཞན་གྱིས་དགོས་པ་མེད་དོ། །བཤད་པ། འཇིག་རྟེན་ཡང་དག་པར་སྲུང་བར་བྱེད་ཅེས་བྱ་བ་དེ། །གལ་ཏེ་ས་བདག་རྣམས་ཀྱི་ཆོས་ཡིན་ན། །ཉོན་མོངས་ཆེན་པོའི་སྒོ་ནས་གྲོང་ཁྱེར་སྲུང་བའི་ཕྱིར་འོབས་འབྲུ་བ་དང་བཟོ་མཁན་ལྕགས་མགར་ལ་སོགས་པ་རྣམས་ལ་ཡང༌། །ཅི་སྟེ་ཆོས་སུ་འགྱུར་བ་མ་ཡིན་པ་སྨོས་ཤིག ། འཇིག་རྟེན་ས་བདག་རག་ལས་ཀྱི། །ས་བདག་དེ་ནི་སྨད་དེ་དཔེར། ། དམ་པས་འཇིག་རྟེན་ཀུན་གྱི་མ། །སྲིད་པ་ཡི་ནི་སྲིད་པ་བཞིན། ། ཡང་འཇིག་རྟེན་རྣམས་ས་བདག་ལ་རག་ལས་མོད་ཀྱི། །ས་བདག་དེ་ནི་སྨད་དེ་དཔེར་ན། །དམ་པས་གཟིགས་ན་འཇིག་རྟེན་ཀུན་གྱི་མ་རུ་འགྱུར་མོད་ཀྱི། དེ་ལྟར་ནའང་དེ་ནི་ལས་ཤིན་ཏུ་དྲག་པོ་ཅན་ཡིན་པས་སྨད་པའི་གནས་ཏེ། སྲིད་པ་ཡི་ནི་སྲིད་པ་འཁོར་བའི་རྒྱུ་ཡིན་པ་བཞིན་ནོ། ། བླུན་མིན་རྒྱལ་སྲིད་མི་ཐོབ་ལ། །བླུན་ལ་བརྩེ་བ་ཡོད་མིན་ན། ། བསྲུང་པོ་ཡིན་ཡང་མི་ཡི་བདག །བརྩེ་བ་མེད་ལ་ཆོས་མི་གནས། ། སྨྲས་པ། གང་གི་ཕྱིར་༼༣༢༡༽རྒྱལ་པོ་བློ་ཕུན་སུམ་ཚོགས་ཤིང་བརྩེ་བ་དང་ལྡན་པ་ནི་འཇིག་རྟེན་རྣམས་སྐྱོང་བར་བྱེད་པ་སྟེ་དེའི་ཕྱིར་འདི་ལ་ཆོས་སུ་འགྱུར་རོ། །བཤད་པ། བླུན་པོ་མིན་པར་རྒྱགས་པ་དང་བག་མེད་པ་ཐམས་ཅད་ཀྱི་གཞིར་གྱུར་པའི་རྒྱལ་སྲིད་མི་ཐོབ་ལ། །བླུན་པོ་དེ་ལ་བརྩེ་བ་ཡོད་པ་མིན་ན། །སྲུང་བ་པོ་ཡིན་ཡང་མི་ཡི་བདག་པོ། །བརྩེ་བ་མེད་པ་དེ་ལ་ཆོས་མི་གནས་ཏེ་འཚེ་བ་ཕལ་ཆེ་བའི་ཕྱིར་རོ། ། དྲང་སྲོང་རྣམས་ཀྱི་སྤྱོད་པ་ཀུན། །མཁས་པས་བྱེད་པ་མ་ཡིན་ཏེ། ། གང་གི་ཕྱིར་ན་དེ་དག་ལ། །དམན་འབྲིང་ཁྱད་འཕགས་ཡོད་ཕྱིར་རོ། ། སྨྲས་པ། དྲང་སྲོང་གིས་བྱས་པས་རྒྱལ་རིགས་ཀྱི་ཆོས་ཀྱིས་འཚེ་བ་རྒྱལ་པོ་ལ་ཆོས་མ་ཡིན་པ་མེད་དོ། །བཤད་པ། མ་ཡིན་ཏེ་དྲང་སྲོང་རྣམས་ཀྱི་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ཀུན། །མཁས་པ་དག་གིས་བྱེད་པ་མ་ཡིན་ཏེ། །གང་གི་ཕྱིར་ན་དྲང་སྲོང་དེ་དག་ལ། །འཚེ་བ་ཆོས་སུ་སྨྲ་བ་ནི་དམན་པ་དང་དེ་ལ་ཐེ་ཚོམ་ཟ་བ་ནི་འབྲིང་དང་དེ་ཉིད་ཆོས་མིན་དུ་སྟོན་པ་ནི་ཁྱད་པར་དུ་འཕགས་པ་སྟེ་དེ་ལྟ་བུ་དག་ཡོད་པའི་ཕྱིར་རོ། ། སྔར་གྱི་ས་བདག་དགེ་རྣམས་ཀྱིས། །འཇིག་རྟེན་བུ་ལྟར་བསྐྱངས་པ་དེ། ། རྩོད་དུས་ཆོས་ལ་བརྟེན་རྣམས་ཀྱིས། །དེང་སང་རི་དྭགས་དགོན་པར་བྱས། ། སྨྲས་པ། གང་གི་ཕྱིར་རྒྱལ་པོ་གནའ་རབས་རྣམས་ཀྱིས་བསྟན་བཅོས་ཀྱི་དོན་ཚད་མར་བྱས་ནས་འབྱོར་བར་འགྱུར་བའི་ས་ཡང་དག་པར་བསྐྱང་བ་དེའི་ཕྱིར་ཡང་བསྟན་བཅོས་ཚད་མ་ཡིན་ནོ། །བཤད་པ། སྔར་གྱི་ས་བདག་འཁོར་ལོས་སྒྱུར་བ་རིགས་པ་དང་མི་རིགས་པ་ཡོངས་སུ་དཔྱོད་པར་ནུས་པའི་དགེ་བ་རྣམས་ཀྱིས། །འཇིག་རྟེན་རྣམས་བུ་སྡུག་པ་ལྟར་བསྐྱངས་པ་དེ། །རྩོད་དུས་ཀྱི་ཆོས་ལ་བརྟེན་པ་ནོར་ཙམ་དོན་དུ་གཉེར་བ་སྙིང་རྗེ་མེད་པ་ཆོས་མ་ཡིན་པ་དང་རྗེས་སུ་མཐུན་པའི་བསྟན་བཅོས་༼༣༢༢༽ངན་པ་ཚད་མར་བྱེད་པ་རྣམས་ཀྱིས། །དེང་སང་རི་དྭགས་ཀྱི་དགོན་པ་ལྟར་འཇིག་རྟེན་སྟོང་པར་བྱས་སོ། ། གླགས་སུ་བསྣུན་པའི་རྒྱལ་པོ་ལ། །གལ་ཏེ་སྡིག་པ་ཡོད་མིན་ན། ། རྐུན་པོ་གཞན་རྣམས་ལ་ཡང་དེ། །དང་པོ་ཉིད་དུ་ཡོད་མ་ཡིན། ། སྨྲས་པ། འདིར་རྒྱལ་པོ་གླགས་དག་ལ་བབ་ན་དགྲ་ལ་སྣུན་པ་ལ་ཆོས་མ་ཡིན་པ་མེད་དེ་བསྟན་བཅོས་ལས་མཐོང་བའི་ཕྱིར་རོ། །བཤད་པ། གླགས་སུ་བབ་པ་ན་དགྲ་བོ་ལ་བསྣུན་པའི་རྒྱལ་པོ་དེ་ལ། །གལ་ཏེ་སྡིག་པ་ཡོད་པ་མིན་ན། །རྐུན་པོ་རྒྱལ་པོ་ལས་གཞན་རྣམས་ལ་ཡང་སྡིག་པ་དེ། །དང་པོ་ཉིད་དུ་ཡོད་པ་མ་ཡིན་པ་བྱ་དགོས་ཏེ་དེ་རྣམས་གླགས་སུ་བསྣུན་པ་ཉིད་དུ་ཐུ་བོར་གྱུར་པའི་ཕྱིར་རོ། ། ཆང་སོགས་དག་ལ་བདོག་པ་ཀུན། །ཡོངས་གཏོང་མཆོད་པ་མ་ཡིན་ན། ། གཡུལ་ངོར་བདག་ཀྱང་ཡོངས་གཏོང་བ། །མཆོད་པ་སྙམ་དུ་སེམས་སམ་ཅི། ། སྨྲས་པ། གཡུལ་དུ་ཤི་བར་ནུས་པའི་རྒྱལ་པོ་ནི་མཐོ་རིས་སུ་འགྲོ་བས་མཆོད་པར་བྱ་འོས་སོ། །བཤད་པ། ཆང་དང་རྒྱན་པོ་སྨད་འཚོང་ལ་སོགས་པ་དག་ལ་བདོག་པ་ཀུན། །ཡོངས་སུ་གཏོང་བ་ལ་མཆོད་པར་བྱ་བ་མ་ཡིན་ན། །གཡུལ་ངོར་བདག་ཀྱང་ཡོངས་སུ་གཏོང་བ་ལ། །མཆོད་པར་བྱའོ་སྙམ་དུ་སེམས་སམ་ཅི་སྟེ་དེ་ནི་བསོད་ནམས་མ་ཡིན་པའི་གནས་ཡིན་པའི་ཕྱིར་རོ། ། རྒྱལ་བ་འཇིག་རྟེན་མགོན་ཁྱོད་ལ། །མགོན་འགའ་ཡོད་པ་མ་ཡིན་ནོ། ། མགོན་ཉིད་དེ་ཡིས་བདག་ཉིད་ནི། །མ་བཏང་སུ་ཞིག་དགའ་བར་འགྱུར། ། སྨྲས་པ། རྒྱལ་པོ་འཇིག་རྟེན་ཐམས་ཅད་ཀྱི་མགོན་བྱེད་པ་ཡིན་པས་དེའི་དགའ་བའི་རྒྱུ་ཚར་ཕྱིན་པ་ཡིན་ནོ། །བཤད་པ། རྒྱལ་པོ་འཇིག་རྟེན་གྱི་མགོན་བྱེད་པ་ཁྱོད་རང་ཉིད་ལ། །མགོན་འགའ་ཡང་ཡོད་པ་མ་ཡིན་ན། །མགོན་མེད་པ་ནི་རྒུད་པ་རྣམས་ཀྱི་གཞི་ཡིན་ཏེ་རང་ཡན་དུ་འགྱུར་ཞིང༌། རྗེས་སུ་འཆོས་པ་པོ་དང་བྲལ་བ་ལ་རིགས་པ་རོ་གཅིག་པའི་འཇུག་པ་ག་ལ་ཡོད། །གལ་ཏེ་མགོན་ཉིད་དེ་ཡིས་བདག་༼༣༢༣༽ཉིད་ནི། །མ་བཏང་བས་ཀྱང་སུ་ཞིག་དགའ་བར་འགྱུར། །དེའི་ཕྱིར་འཇིག་རྟེན་གྱི་མགོན་ཉིད་ནི་འདིའི་དགའ་བའི་རྒྱུར་མི་རུང་ངོ༌། ། རྒྱལ་པོ་ཤི་བར་གྱུར་པ་ལའང༌། །གྲགས་པས་ཡོན་ཏན་འགའ་མི་འབྱུང༌། ། ཁྱོད་ཡོན་མེད་དང་ཁྱི་འཚེད་ལ། །གྲགས་པ་ཆེན་པོ་ཅི་སྟེ་མེད། ། སྨྲས་པ། རྒྱལ་པོ་ཤི་ཡང་གྲགས་པ་རྗེས་སུ་འཇུག་པའི་ཕྱིར་ཆད་པ་དྲག་པོ་ཅན་དུ་བྱ་དགོས་སོ། །བཤད་པར་བྱ་སྟེ། རྒྱལ་པོ་ཤི་བར་གྱུར་པ་ལའང༌། །གྲགས་པས་ནི་སྡིག་པ་དག་པ་ལ་སོགས་པའི་ཡོན་ཏན་འགའ་ཡང་མི་འབྱུང་བས། །ཁྱོད་ཀྱི་ཡོན་ཏན་མེད་པ་གཞན་ལ་འཚེ་བ་སོགས་དང་ཁྱི་འཚེད་དག་གིས་ཁྱི་འཚེད་པ་སོགས་ལའང་། །གྲགས་པ་ཆེན་པོ་ཅི་སྟེ་མེད། །དེའི་ཕྱིར་བདག་ལེགས་སུ་འདོད་པས་ཆད་པ་དྲག་པོ་ཅན་མ་ཡིན་པར་བྱ་དགོས་སོ། ། གང་ཚེ་ཀུན་གྱི་དབང་ཕྱུག་ཉིད། །བསོད་ནམས་ཀྱིས་བསྐྱེད་དེ་ཡི་ཚེ། ། འདི་ན་དབང་ཕྱུག་བསྟེན་མིན་ཞེས། །བརྗོད་པ་རྙེད་པ་མ་ཡིན་ནོ། ། སྨྲས་པ། རིགས་དང་ལྡན་པའི་རྒྱལ་པོ་གང་ཡིན་པ་དེ་ཉིད་རྒྱལ་ཐབས་ལ་འོས་ཀྱི། གཞན་ནི་མ་ཡིན་ཏེ། དེའི་ཕྱིར་འདིའི་རྒྱགས་པ་རིགས་སོ། །བཤད་པ། གང་གི་ཚེ་ཀུན་གྱི་དབང་ཕྱུག་ཏུ་གྱུར་པ་ཉིད་ནི། །བསོད་ནམས་ཀྱིས་བསྐྱེད་པ་ཡིན་པ་དེ་ཡི་ཚེ། །རྒྱལ་པོ་འདི་ནི་དབང་ཕྱུག་ལ་བསྟེན་པ་མིན་ཞེས། །བརྗོད་པ་རྙེད་པ་མ་ཡིན་ནོ། །དེའི་ཕྱིར་ཡང་རྒྱགས་པར་མི་རིགས་སོ། ། འཚོ་བའི་ཐབས་སོ་ཅོག་ལ་ཡང༌། །འཇིག་རྟེན་ན་ནི་རིགས་ཞེས་བསྙད། ། དེས་ན་སེམས་ཅན་ཐམས་ཅད་ལ། །རིགས་ལས་དབྱེ་བ་ཡོད་མ་ཡིན། ། གཞན་ཡང་རང་རང་འཚོ་བའི་ཐབས་སོ་ཅོག་ཐམས་ཅད་ལ་ཡང༌། །འཇིག་རྟེན་ན་ནི་རིགས་ཞེས་བསྙད་པ། །དེས་ན་སེམས་ཅན་ཐམས་ཅད་ལ། །སྐྱེ་རྒུ་སྐྱོང་བ་དང༌། དཀའ་ཐུབ་སྤྱད་པ་དང༌། རྒྱལ་པོའི་བཀའ་བཞིན་བྱེད་པ་དང༌། ཞིང་རྨོ་བ་ལ་སོགས་པའི་ལས་༼༣༢༤༽ཀྱི་དབྱེ་བ་ཙམ་ལས་རིགས་ལས་ནི་དབྱེ་བ་འགའ་ཡང་ཡོད་པ་མ་ཡིན་ནོ། ། འདས་དུས་ཤིན་ཏུ་རིང་བ་དང༌། །མི་མོ་རྣམས་ཡིད་གཡོ་བ་སྟེ། ། དེ་ཕྱིར་རྒྱལ་རིགས་ཞེས་བྱ་བ། །རིགས་ལས་འགའ་ཡང་ཡོད་མ་ཡིན། ། སྨྲས་པ། བྲམ་ཟེ་ལ་སོགས་པའི་རུས་བཞི་པོ་རྣམ་པར་གནས་པ་དེའི་ཕྱིར་སེམས་ཅན་རྣམས་ལ་རིགས་ཐ་དད་པ་ཞེས་བྱ་བ་ཡོད་དོ། །བཤད་པ། །འདས་པའི་དུས་ནི་ཤིན་ཏུ་ཡུན་རིང་བ་ཉིད་ཀྱི་ཕྱིར་དང༌། །མི་མོ་རྣམས་ཀྱི་ཡིད་ཀྱང་འདོད་ཆགས་ཀྱིས་གཡོ་བ་ཅན་ཡིན་པའི་ཕྱིར་སྟེ། །དེ་ཕྱིར་རྒྱལ་རིགས་ཞེས་བྱ་བ། །རིགས་ལས་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ་དེང་སང་གི་རྒྱལ་པོ་རྣམས་ནི་ཕལ་ཆེར་དམངས་རིགས་ཀྱི་སྐྱེ་གནས་ཅན་ཏེ། དེ་ལ་རྒྱགས་པར་ཡང་མི་རིགས་སོ། ། གལ་ཏེ་ལས་ཀྱི་དམངས་རིགས་ཀྱང༌། །རྒྱལ་རིགས་ཞེས་བྱར་འགྱུར་ན་ནི། ། ལས་ཀྱིས་དམངས་ཀྱང་བྲམ་ཟེར་ནི། །གང་གིས་འགྱུར་བ་མིན་པར་སེམས། ། སྨྲས་པ། དེ་ལྟར་ནའང་སྐྱེ་རྒུ་སྐྱོང་བའི་ལས་ཀྱིས་རྒྱལ་རིགས་སུ་འགྱུར་རོ། །བཤད་པ། གལ་ཏེ་རྒྱལ་རིགས་མ་ཡིན་ཀྱང་རྒྱལ་རིགས་ཀྱི་ལས་ཀྱིས་དམངས་རིགས་ཀྱང༌། །རྒྱལ་རིགས་ཞེས་བྱ་བར་འགྱུར་ན་ནི། །བྲམ་ཟེའི་ལས་འདོན་པ་སོགས་ཀྱིས་དམངས་རིགས་ཀྱང་བྲམ་ཟེར་ནི། །རྒྱུ་གང་གིས་འགྱུར་བ་མིན་པར་སེམས། ། རྒྱལ་པོ་སྡིག་ལ་དབང་ཕྱུག་ལྟར། །འགོད་པ་ཡོད་པ་མ་ཡིན་ན། ། གཞན་གྱི་དོན་དུ་མཁས་པ་ནི། །སུ་ཞིག་ཕྱི་མར་འཇོམས་པར་བྱེད། ། སྨྲས་པ། གང་གི་ཕྱིར་རྒྱལ་སྲིད་ཀྱི་དབང་ཕྱུག་ཆེན་པོ་སྐྱེ་བོ་ཕལ་མོ་ཆེ་ལ་འགོད་ནུས་པ་དེའི་ཕྱིར་རྒྱལ་པོས་ཆེས་ཕྱུག་པར་འདོད་པར་བྱ་དགོས་སོ། །བཤད་པ། རྒྱལ་པོ་སྡིག་པ་འདི་ལ་ནི་དབང་ཕྱུག་ལྟར། །གཞན་ལ་འགོད་པ་ཡོད་པ་མ་ཡིན་ན། །གཞན་ལ་ཕན་འདོགས་པ་ཆུང་ངུ་ཙམ་གྱི་དོན་དུ་མཁས་པ་ནི། །སུ་ཞིག་རང་ཉིད་སྡིག་པ་བསགས་ཏེ་འཇིག་རྟེན་ཕྱི་མར་འཇོམས་པར་བྱེད། ། དབང་ཕྱུག་གིས་བསྐྱེད་ང་རྒྱལ་ནི། །མཉམ་དང་ཁྱད་པར་འཕགས་པ་ཡི། ། ཕ་རོལ་ནུས་ལྡན་བལྟ་བྱ་སྟེ། །དམ་པའི་སྙིང་ལ་མི་གནས་སོ། ། སྨྲས་པ། ༼༣༢༥༽འདི་ན་དབང་ཕྱུག་ཆེན་པོ་ལ་གནས་པའི་རྒྱལ་པོས་གདོན་མི་ཟ་བར་རློམས་པ་ཆེན་པོ་ཉིད་དུ་འགྱུར་བར་བྱ་དགོས་སོ། །བཤད་པ། དབང་ཕྱུག་གིས་བསྐྱེད་པའི་ང་རྒྱལ་ནི། །རང་དང་མཉམ་པ་དང་རང་ལས་ཁྱད་པར་དུ་འཕགས་པ་ཡི། །ཕ་རོལ་ནུས་པ་དང་ལྡན་པ་དག་ལ་བལྟ་བར་བྱ་སྟེ། །དེ་ལྟར་ན་དམ་པའི་ངང་ཚུལ་ཅན་དག་གི་སྙིང་ལ་མི་གནས་སོ། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས་བདག་ཏུ་འཛིན་པ་སྤངས་པའི་ཐབས་བསྟན་པ་སྟེ་རབ་ཏུ་བྱེད་པ་བཞི་པའོ།། །།

སངས་རྒྱས་རྣམས་ཀྱི་གཡོ་བ་ནི། །རྒྱུ་མེད་འགའ་ཡང་ཡོད་མིན་ཏེ། ། དབུགས་ཀྱང་སེམས་ཅན་རྣམས་ལ་ནི། །སྨན་སླད་ཁོ་ནར་ཡང་དག་འབྱུང༌། ། ཡང་ལེགས་པར་བཤད་པའི་རིན་པོ་ཆེའི་ཁྱད་པར་འཇིག་རྟེན་པའི་དོན་གྱི་དེ་ཁོ་ན་ཉིད་ཇི་ལྟར་གནས་པ་སྟོན་པར་བྱེད་པ་འདོད་ཆགས་དང་བྲལ་བའི་རྒྱུ་འདི་དག་གང་ལས་རྙེད་ཅེ་ན། དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་སོ། །སངས་རྒྱས་དེ་ཇི་ལྟ་བུ་ཞིག་ཡིན་ཅེ་ན། ཐུགས་རྗེ་ཆེན་པོ་མངའ་བས་འགྲོ་བ་མ་ལུས་པའི་དོན་སྒྲུབ་པ་རྣམ་པ་ཐམས་ཅད་དུ་བསམ་གྱིས་མི་ཁྱབ་པ་ལྷུར་མཛད་པ་སྟེ། འདི་ལྟར་སངས་རྒྱས་རྣམས་ཀྱི་སྐུ་ཡོངས་སུ་བསྐྱོད་པའི་མཚན་ཉིད་ཅན་གྱི་གཡོ་བ་ནི་སེམས་ཅན་རྣམས་ལ་ཕན་པའི་རྒྱུ་མེད་པ་འགའ་ཡང་ཡོད་པ་མིན་ཏེ། །དེར་མ་ཟད་སྐུ་བལྟམས་པ་ནས་མྱ་ངན་ལས་འདས་པའི་བར་གྱི་ཉིན་མཚན་དུ་རྗེས་སུ་འཇུག་པའི་དབུགས་ཀྱང་སེམས་ཅན་རྣམས་ལ་ནི། །སྨན་པའི་སླད་ཁོ་ནར་ཡང་དག་པར་འབྱུང་ངོ་། ། འཇིག་རྟེན་ཀུན་ལ་འཆི་བདག་སྒྲ། །ཇི་ལྟར་འཇིགས་པ་བསྐྱེད་འགྱུར་བ། ། དེ་བཞིན་ཀུན་མཁྱེན་སྒྲ་འདི་ནི། །འཆི་བདག་ལ་ཡང་འཇིགས་པ་བསྐྱེད། ། ཡང་འདི་ལྟར་འཇིག་༼༣༢༦༽རྟེན་ཀུན་ལ་འཆི་བདག་གི་སྒྲ་འདིས། །ཇི་ལྟར་འཇིགས་པ་བསྐྱེད་པར་འགྱུར་བ། །དེ་བཞིན་དུ་ཀུན་མཁྱེན་ཞེས་པའི་སྒྲ་འདི་ནི། །འཆི་བདག་སྟེ་བདུད་ལ་ཡང་འཇིགས་པ་བསྐྱེད་དོ། ། ཐུབ་ལ་མཛད་དང་མཛད་མིན་དང༌། །གསུང་བྱ་གསུང་བྱ་མི་མངའ་བ། ། དེས་ན་ཀུན་མཁྱེན་ཀུན་མཁྱེན་ནི། །མིན་ཞེས་བྱ་ལ་རྒྱུ་ཅི་ཡོད། ། འོ་ན་སངས་རྒྱས་ཞེས་བྱ་བ་འདི་ཅི་ཞིག །གང་དག་གིས་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་ཐུགས་སུ་ཆུད་པའོ། །ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པས་ཤེས་བྱ་ཐམས་ཅད་ལ་བློ་རྒྱས་པ་ལ་སངས་རྒྱས་ཞེས་བྱ་སྟེ། །དཔེར་ན་པདྨ་རྒྱས་པ་བཞིན་ནོ། །ཡང་ན་ཉིད་ཀྱི་ཐུགས་སུ་ཆུད་ཅིང་ལྷ་དང་མིས་མ་རྟོགས་པ་རྣམས་རྟོགས་པར་མཛད་པས་ན་སངས་རྒྱས་ཡིན་པའམ། མ་རིག་པའི་གཉིད་མ་ལུས་པ་དང་བྲལ་བས་རྣམ་པར་སད་པས་ན་སངས་རྒྱས་ཏེ་སྐྱེས་བུ་གཉིད་སད་པ་བཞིན་ནོ། །ཡང་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པས་ན་སངས་རྒྱས་སོ། །དེ་ཉིད་ནི་བཅོམ་ལྡན་འདས་ཏེ་བདུད་བཞི་བཅོམ་པའི་ཕྱིར་རམ། དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་དང་ལྡན་པའི་ཕྱིར་རམ། ཐུགས་ཐམས་ཅད་ལ་ཐོགས་པ་མི་མངའ་བ་ཉིད་ཀྱི་ཕྱིར་ན་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །གལ་ཏེ་ལུང་དུ་མ་བསྟན་པའི་དངོས་པོ་རྣམས་བརྡ་མི་སྤྲོད་པའི་ཕྱིར་འདི་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་དུ་འགྱུར་བ་མ་ཡིན་ནམ་ཞེ་ན། བཤད་པ། ཐུབ་པ་ལ་མཛད་པ་ནི་སེམས་ཅན་རྣམས་བདེ་འགྲོ་དང་ཐར་པའི་རྒྱུ་ལ་ངེས་པར་སྦྱར་བ་དང་མཛད་མིན་ནི་གཞན་དག་ལ་གནོད་པ་དང༌། །གསུང་བྱ་ནི་གཞན་ལ་ཕན་པ་སྒྲུབ་པའི་བཀའ་དང་གསུང་བྱ་མིན་པ་ནི་གནོད་པ་༼༣༢༧༽སྒྲུབ་པར་བྱེད་པའོ་འདི་དག་མངའ་བ། །དེས་ན་ཀུན་མཁྱེན་ཀུན་མཁྱེན་ནི། །མིན་ཞེས་བྱ་བ་ལ་རྒྱུ་ཅི་ཡོད་དེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུར་གྱུར་པ་གང་ཡིན་པ་དེ་ཉིད་བློ་བླུན་པ་ལ་དེས་ཐམས་ཅད་མཁྱེན་པ་མ་ཡིན་པའི་རྒྱུར་འགྱུར་བས་རྨོངས་པས་མ་བྱས་པ་ཅི་ཞིག་ཡོད། ། སེམས་མ་རྟོགས་པ་འགྲོ་སོགས་ལ། །གང་ཕྱིར་བསོད་ནམས་ལ་སོགས་པ། ། མ་མཐོང་དེ་ཕྱིར་ལས་ཀུན་ལ། །ཡིད་ནི་དོན་པོར་བསྒྲུབ་པར་བྱ། ། འདིའི་ཕྱིར་ཡང་འདི་ནི་དེ་ལྟར་ཡིན་ཏེ། སེམས་ཇི་ལྟ་བར་མ་རྟོགས་པ་འགྲོ་བ་དང་འོང་བ་དང་སྨྲ་བ་དང་སྦྱིན་སྲེག་ལ་སོགས་པའི་བྱ་བ་དག་ལ། །གང་གི་ཕྱིར་བསོད་ནམས་ལ་སོགས་པ། །མ་མཐོང་བ་དེའི་ཕྱིར་དགེ་མི་དགེ་ལུང་མ་བསྟན་པའི་ལས་ཀུན་ལ། །ཡིད་ནི་དོན་པོར་ཏེ་གཙོ་བོར་བསྒྲུབ་པར་བྱའོ། །དེའི་ཕྱིར་དེ་བཞིན་གཤེགས་པ་ལ་ཐུགས་རྗེ་ཆེན་པོ་དང་གཉིས་སུ་མེད་པའི་ཡེ་ཤེས་དྲི་མ་མེད་པ་མངའ་བས་དོན་མ་ཡིན་པ་ལ་འཇུག་པར་དོགས་པར་མི་བྱའོ། ། བསམ་པས་བྱང་ཆུབ་སེམས་དཔའ་ལ། །དགེ་འམ་འོན་ཏེ་མི་དགེ་རུང༌། ། ཐམས་ཅད་དགེ་ལེགས་ཉིད་འགྱུར་ཏེ། །གང་ཕྱིར་ཡིད་དེའི་དབང་གྱུར་ཕྱིར། ། དེ་ཉིད་ཀྱི་ཕྱིར་བསམ་པའི་དབང་གིས་བྱང་ཆུབ་སེམས་དཔའ་ལ། །དགེ་བའམ་འོན་ཏེ་མི་དགེ་བའང་རུང༌། །ཐམས་ཅད་དགེ་ལེགས་ཏེ་ཐམས་ཅད་མཁྱེན་པའི་རྒྱུ་ཉིད་དུ་འགྱུར་ཏེ། །གང་གི་ཕྱིར་ན་ཡིད་བྱང་སེམས་དེའི་དབང་དུ་གྱུར་པའི་ཕྱིར་རོ། ། བྱང་ཆུབ་སེམས་དཔའ་སེམས་དང་པ། །ས་སྟེང་སྐྱེ་བོ་ཐམས་ཅད་ནི། ། འཁོར་ལོས་སྒྱུར་བ་ཉིད་འགྱུར་བ། །དེ་དག་བསོད་ནམས་ལས་ཁྱད་འཕགས། ། འདིར་བྱང་ཆུབ་ཀྱི་སེམས་ནི་རྣམ་པ་གཉིས་ཏེ་གཅིག་ནི་མངོན་པར་འདོད་པའོ། །གཉིས་པ་ནི་དོན་དམ་པའོ། །དེ་ལ་མངོན་པར་འདོད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ནས་བཟུང་སྟེ་སོ་སོའི་སྐྱེ་བོའི་གནས་སྐབས་ན་ཡོད་དོ། །དོན་དམ་པ་ནི་རྣམ་པ་བཅུར་འགྱུར་ཏེ་ས་རབ་༼༣༢༨༽ཏུ་དགའ་བ་ནས་ཆོས་ཀྱི་སྤྲིན་གྱི་བར་རོ། །དེ་ལས་འདི་རབ་ཏུ་དགའ་བ་སྟེ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་དེ། །ས་སྟེང་གི་སྐྱེ་བོ་ཡོད་དོ་ཅོག་ཐམས་ཅད་ནི། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཉིད་དུ་འགྱུར་བ། །དེ་དག་གི་བསོད་ནམས་ལས་ཁྱད་པར་དུ་འཕགས་སོ། ། རིན་ཆེན་རང་བཞིན་མཆོད་རྟེན་ནི། །འཇིག་རྟེན་རྙེད་མཐོ་འགས་བྱས་པ། ། དེ་བས་སེམས་བསྐྱེད་བཅུག་འདུལ་པོ། །མཆོག་ཏུ་བཀྲབས་པར་བརྗོད་པ་ཡིན། ། སྨྲས་པ། འོ་ན་གཞན་དག་ལ་བྱང་ཆུབ་ཀྱི་སེམས་སྐྱེད་པར་བྱེད་པ་དེའི་བསོད་ནམས་ཇི་ཙམ་ཞིག་ཏུ་འགྱུར། བཤད་པ། གསེར་དང་བཻ་ཌཱུརྻ་ལ་སོགས་པའི་རིན་ཆེན་གྱི་རང་བཞིན་ཅན་གྱི་མཆོད་རྟེན་ནི། །དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་འཇིག་རྟེན་སྙེད་དུ་མཐོ་བ་སྟེ་འོག་མིན་དང་མཐོ་ཚད་མཉམ་པ་འགའ་ཞིག་གིས་བྱས་པ་དང་། །དེ་ལ་བསྐལ་པའི་བར་དུ་མེ་ཏོག་ལ་སོགས་པས་མཆོད་པར་བྱེད་པ་དེ་བས་སེམས་ཅན་གཅིག་བྱང་ཆུབ་ཀྱི་ཕྱིར་འདུལ་བ་པོ་དེ། །བསོད་ནམས་ཆེས་མང་པོ་འབྱུང་བའི་ཕྱིར་མཆོག་ཏུ་བཀྲབས་པར་བརྗོད་པ་ཡིན་ནོ། ། དེ་ལ་ཕན་འདོད་བླ་མ་ཡིས། །སློབ་མ་ལ་ནི་སྲི་ཞུ་བྱ། ། གང་ཕྱིར་དེས་ཕན་མི་ཤེས་པ། །དེ་ཕྱིར་སློབ་མ་ཞེས་བྱའོ། ། བྱང་ཆུབ་སེམས་དཔའ་འདིས་ཇི་ལྟར་སེམས་ཅན་རྣམས་ཀྱི་དོན་བྱ་ཞེ་ན། དེ་དག་གི་བསམ་པ་དང་རྗེས་སུ་མཐུན་པར་ཐ་སྙད་བྱེད་པས་སོ། །དེའི་ཕྱིར་ཆེས་ཐོག་མར་དེ་ལ་ཕན་པར་འདོད་པའི་བླ་མ་ཡིས། །སློབ་མ་ལ་ནི་སྲི་ཞུ་བྱ་འོས་ཏེ། །གང་གི་ཕྱིར་དེ་ཕན་པ་སྒྲུབ་མི་ཤེས་པ་ལ་རྗེས་སུ་བསྟན་པར་བྱ་དགོས་པ། །དེ་ཕྱིར་སློབ་མ་ཞེས་བྱའོ། ། ཁྲོ་ཡང་འབྱུང་པོས་བཟུང་བ་ལ། །སྨན་པ་འཁྲུག་པ་མིན་པ་ལྟར། ། ཐུབ་པ་ཉོན་མོངས་དགྲར་གཟིགས་ཀྱི། །ཉོན་མོངས་དང་འབྲེལ་གང་ཟག་མིན། ། གནོང་མི་བཀུར་བར་འགྱུར་ཡང་དེས་དེ་ལ་སྐྱོ་བར་ནི་མི་བྱ་སྟེ། དཔེར་ན། ཁྲོས་ཏེ་བདག་ལ་གཤེ་ཡང་༼༣༢༩༽འབྱུང་པོས་བཟུང་བའི་ནད་པ་ལ། །སྨན་པ་དེ་ཁོང་འཁྲུགས་པ་མིན་པ་ལྟར། །ཐུབ་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཉོན་མོངས་པ་དགྲར་གཟིགས་ཀྱི། །ཉོན་མོངས་པ་དང་འབྲལ་བའི་གང་ཟག་ནི་མིན་པས་གཞན་དག་གིས་ཀྱང་དེ་ཁོ་ན་ལྟར་རྗེས་སུ་བསླབ་པར་བྱའོ། ། གང་ཞིག་གང་གང་ལ་དགའ་བ། །དེ་ཡིས་དེ་དེ་སྔར་དཔྱད་བྱ། ། ཉམས་པར་གྱུར་པ་དམ་ཆོས་ཀྱི། །སྣོད་ནི་ཅིས་ཀྱང་མ་ཡིན་ནོ། ། ལོངས་སྤྱོད་འདོད་པ་ལ་སྦྱིན་པའི་གཏམ་དང༌། མཐོ་རིས་འདོད་པ་ལ་ཚུལ་ཁྲིམས་ཀྱི་དང༌། གཟུགས་བཟང་བར་འདོད་པ་ལ་བཟོད་པའི་གཏམ་སོགས་སློབ་མ་གང་ཞིག་གང་དང་གང་ལ་དགའ་བ། །སློབ་དཔོན་དེ་ཡིས་དེ་དང་དེ་སྔར་དཔྱད་པར་བྱ་དགོས་ལ། །གཞན་དུ་རྒྱུད་ཉམས་པར་གྱུར་པ་དེ་དམ་པའི་ཆོས་ཀྱི། །སྣོད་ནི་ཅི་ནས་ཀྱང་མ་ཡིན་ནོ། །དང་པོ་ཁོ་ནར་རྗེས་སུ་མི་མཐུན་པའི་གཏམ་གྱིས་མི་དགའ་བར་འགྱུར་བས་དེ་ནི་དེ་ལས་འབྱོལ་བ་ན་ཕན་པ་ཉེ་བར་སྟོན་པའི་སྣོད་དུ་མི་འགྱུར་རོ། ། ཇི་ལྟར་མ་ནི་ཁྱད་པར་དུ། །ནད་ཐེབས་བུ་ལ་གདུང་འགྱུར་བ། ། དེ་བཞིན་བྱང་ཆུབ་སེམས་དཔའི་བརྩེ། །དམ་པ་མིན་ལ་ཁྱད་པར་དུའོ། ། གང་དག་ལན་བརྒྱར་བཟློག་ཏུ་ཟིན་ཀྱང་ཡང་དང་ཡང་དུ་མི་རིགས་པའི་ལས་བསྟེན་པ་དེ་དག་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་ཡོན་ཏན་དང་ལྡན་པ་རྣམས་པས་ཀྱང་ཆེས་སྙིང་བརྩེ་བ་ཡིན་ཏེ། དཔེ་ཇི་ལྟར་ན་མ་ནི་ཁྱད་པར་དུ། །ནད་ཀྱིས་ཐེབས་པའི་བུ་ལ་སེམས་གདུང་བར་འགྱུར་བ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་བརྩེ་བ་ཡང་། །དམ་པ་མིན་པ་རྣམས་ལ་ཁྱད་པར་དུ་འབྱུང་བའོ། ། ལ་ལའི་སློབ་མར་འགྱུར་བ་སྟེ། །ལ་ལ་ཡི་ནི་བླ་མར་འགྱུར། ། ཐབས་རིགས་སྣ་ཚོགས་ཐབས་ཀྱིས་ནི། །མ་རྟོགས་སེམས་ཅན་རྟོགས་པར་བྱེད། ། དེའི་ཕྱིར་སེམས་ཅན་གྱི་ཕུང་པོ་ཤིན་ཏུ་སྣ་ཚོགས་པ་ན་བསམ་པ་དང་མོས་པ་དང་དབང་པོ་ཐ་དད་པའི་ཕྱིར། །ལ་ལ་ནི་ང་རྒྱལ་ཆེ་བའི་དབང་༼༣༣༠༽གིས་ཡོན་ཏན་ལྷག་པར་གྱུར་པ་ལ་བསྙེན་བཀུར་མི་བྱེད་པས་དེ་ལ་ནི་གདུལ་བར་བྱ་བའི་ཕྱིར་སློབ་མར་འགྱུར་བ་སྟེ། །ལ་ལ་རྒྱུད་དག་པ་དེ་ཡི་ནི་བླ་མར་འགྱུར་ཏེ་ཁྱད་པར་བསྟན་པའི་སྒོ་ནས་རྗེས་སུ་སྟོན་ཏོ། །ཐབས་རིགས་སྣ་ཚོགས་ལ་མཁས་པས་བསམ་པའི་དབྱེ་བ་དཔག་ཏུ་མེད་པས་ཕྱེ་བའི་སེམས་ཅན་གྱི་ཁམས་ཇི་ལྟར་འཚམས་པར་འདུལ་བའི་ཐབས་ཀྱིས་ནི། །མ་རྟོགས་པའི་སེམས་ཅན་རྣམས་ལ་དེ་ཁོ་ན་ཉིད་རྟོགས་པར་བྱེད་དོ། ། ཇི་ལྟར་སྨན་པ་མཁས་གྱུར་པས། །ནད་པ་སྒྲུབ་མེད་དཀོན་དེ་བཞིན། ། བྱང་ཆུབ་སེམས་དཔའི་སྟོབས་རྙེད་ནས། །གདུལ་བྱ་མ་ཡིན་ཤིན་ཏུ་དཀོན། ། དེ་ཡང་ཇི་ལྟར་ན་སྨན་པ་ཤིན་ཏུ་མཁས་པར་གྱུར་པས། །ནད་པ་གསོ་བའི་ཐབས་སྒྲུབ་ཏུ་མེད་པས་འདོར་དགོས་པ་ནི་དཀོན་པ་དེ་བཞིན་དུ། །བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའི་སྟོབས་རྙེད་པར་གྱུར་ནས། །གདུལ་བྱ་མ་ཡིན་པ་ནི་ཤིན་ཏུ་དཀོན་ནོ། ། བྱང་ཆུབ་སེམས་དཔའི་ཡུལ་དུ་ནི། །གལ་ཏེ་འགའ་ཞིག་མ་བསྐུལ་བས། ། ངན་སོང་འགྲོ་བར་འགྱུར་ན་དེ། །བློ་ལྡན་གཞན་གྱི་སྨད་བྱར་འགྱུར། ། དེ་ལྟར་མཐུའི་ཁྱད་པར་ཉེ་བར་གྱུར་པ་ཡི་བྱང་ཆུབ་སེམས་དཔའི་གདུལ་བའི་སྤྱོད་ཡུལ་དུ་ནི། །གལ་ཏེ་སེམས་ཅན་འགའ་ཞིག་བྱང་ཆུབ་སེམས་དཔས་མ་བསྐུལ་བས། །ངན་སོང་དག་ཏུ་འགྲོ་བར་འགྱུར་ན་དེ། །བློ་ལྡན་རྒྱལ་སྲས་གཞན་གྱིས་སྨད་བྱར་ཡང་འགྱུར་བས། །དེས་ན་ཇི་ལྟར་འཚམས་པའི་ཆོས་བསྟན་པས་རང་གི་ཡུལ་ན་གནས་པའི་སེམས་ཅན་རྣམས་བསྐུལ་བར་བྱའོ། ། གང་ཞིག་ཉེན་པ་གཞན་དག་ལ། །སྙིང་བརྩེ་ལེགས་ཞེས་མི་འདོད་པ། ། དེ་རྗེས་བརྩེ་བས་མགོན་མེད་པ། །དག་ལ་ཇི་ལྟར་སྦྱིན་པ་གཏོང༌། ། གཞན་དུ་ན་ལས་དང་པོ་པ་གང་ཞིག་སྡུག་བསྔལ་གྱིས་ཉེན་པའི་སེམས་ཅན་གཞན་དག་ལ། །སྙིང་བརྩེ་བ་ལེགས་སོ་ཞེས་མི་འདོད་པ། །དེའི་རྗེས་སུ་བརྩེ་བས་སློང་མོ་བ་མགོན་མེད་པ། །དག་ལ་ཇི་ལྟར་ན་སྦྱིན་༼༣༣༡༽པ་གཏོང་སྟེ་དེའི་ཕྱིར་ཐོག་མ་ཁོ་ནར་སྙིང་བརྩེ་བ་འདོད་པར་བྱའོ། ། འགྲོ་ལ་ཕན་ཕྱིར་གང་ཞིག་ལ། །འཇིག་རྟེན་སྲིད་དུ་གནས་ཡོད་པ། ། དེ་ལ་སོར་གནས་དག་ཕུང་ན། །སྡང་ལ་བསམ་ཐག་ཅི་ཞིག་ཡོད། ། འགྲོ་བ་རྣམས་ལ་ཕན་པའི་ཕྱིར་རྒྱལ་སྲས་གང་ཞིག་སེམས་ཅན་གྱི་ཁམས་ལ། །འཇིག་རྟེན་ཇི་སྲིད་དུ་གནས་པའི་སྙིང་སྟོབས་ཡོད་པ། །དེ་ལ་རིམ་གྲོ་ལ་སོགས་པ་གང་ཡང་མ་བྱས་པ་སོར་གནས་དག་ཀྱང་ཕོངས་ན། །ཡིད་ཀྱི་སྐྱོན་ལ་སོགས་པས་སྡང་བར་གྱུར་པ་ལ་བསམ་ཐག་ཅི་ཞིག་ཡོད། །དེའི་ཕྱིར་བར་མར་གནས་པའང་སྤང་སྟེ། བྱང་ཆུབ་སེམས་དཔའ་རྣམས་ལ་བསྙེན་བཀུར་བྱའོ། ། གང་ལ་སྐྱེ་བ་ཐམས་ཅད་དུ། །མངོན་ཤེས་ལྔ་ཆར་ཡང་ཡོད་པ། ། དེ་ཡི་དམན་པར་དམན་ལྟའི་དངོས། །འདི་ནི་ཤིན་ཏུ་བྱ་དཀའ་བའོ། ། སྨྲས་པ། བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་ཏུ་བྱ་དཀའ་བ་དེ་ནི་ཅི་ཞིག་ཡིན། བཤད་པ། རྒྱལ་སྲས་གང་ལ་སྐྱེ་བ་ཐམས་ཅད་དུ། །མངོན་པར་ཤེས་པ་ལྔ་ཆར་ཡང་མ་ཉམས་པར་ཡོད་པ། །དེ་ཡིས་དམན་པར་ཏེ་མ་དག་པའི་ཞིང་དུ་དམན་པ་ལྟ་བུའི་ལུས་ཀྱི་དངོས་པོ་སྟོན་པ། །འདི་ནི་ཤིན་ཏུ་བྱ་དཀའ་བའོ། ། ཐབས་ཀྱིས་ཀུན་ཚེ་བསོད་ནམས་གང༌། །ཤིན་ཏུ་ཡུན་རིང་བསགས་པ་དེ། ། ཐམས་ཅད་མཁྱེན་པའི་གཞལ་བྱ་ཡང༌། །མིན་ཞེས་དེ་བཞིན་གཤེགས་པས་གསུངས། ། ཡོན་ཏན་གཞལ་དུ་མེད་པ་མཐོང་བའི་ཕྱིར་ཡང་བྱང་ཆུབ་སེམས་དཔའ་ལ་དད་པ་བསྐྱེད་པར་བྱ་སྟེ། འདི་ལྟར་ཐབས་ལ་མཁས་པའི་སྟོབས་ཀྱིས་དུས་ཀུན་གྱི་ཚེ་བསོད་ནམས་གང༌། །བསྐལ་ཆེས་གྲངས་མེད་པ་ཤིན་ཏུ་ཡུན་རིང་པོར་བསགས་པ་དེ་ནི། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གཞལ་བྱ་ཡང༌། །མིན་ཅེས་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་སོ། ། འཆི་དང་ཆོས་དང་སྲིད་པ་གཞན། །སྦྱིན་པའི་སྒྲ་ཡིས་གསལ་བྱེད་པ། ། དེ་ཕྱིར་བྱང་ཆུབ་སེམས་དཔའ་ལ། །སྦྱིན་པའི་སྒྲ་ནི་རྟག་ཏུ་སྙན། ། སྨྲས་པ། ཡང་ཅིའི་ཕྱིར་སྐྱེས་༼༣༣༢༽པའི་རབས་ལ་སོགས་པ་དག་ལས་བྱང་ཆུབ་སེམས་དཔའ་ཡོན་ཏན་རིན་པོ་ཆེ་ཐམས་ཅད་ཀྱི་གཏེར་དུ་གྱུར་པ་རྣམས་ལ་ཡང་སྦྱིན་པའི་སྒྲ་ཇི་སྐད་དུ་སྙན་པར་འདོད་པ་དེ་སྐད་དུ་གཞན་མ་ཡིན། །བཤད་པར་བྱ་སྟེ། འཆི་བ་དང་ཆོས་དང་སྲིད་པ་གཞན་དང་། །གསུམ་སྦྱིན་པའི་སྒྲ་ཡིས་གསལ་བར་བྱེད་པ། །དེ་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ། །སྦྱིན་པའི་སྒྲ་ནི་རྟག་ཏུ་སྙན་ཏེ། །དེ་ལ་དོན་ནི་གཏུབ་པ་ལའོ། །ད་ནི་རྔ་བ་ལའོ། །ཞེས་སྐད་ཀྱི་བྱིངས་གཉིས་པོ་དེར་སྦྱིན་པའི་སྒྲ་བྱེ་བྲག་ཏུ་འཆད་པ་ན། །དེས་འཆི་བདག་གསལ་བར་བྱེད་པ་སྟེ། །དེའི་ཕྱིར་སྐྱོ་བ་དང་རྗེས་སུ་མཐུན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་སྦྱིན་པའི་སྒྲ་སྙན་ནོ། །གང་གི་ཚེ་ད་ན་ནི་སྦྱིན་པ་ལའོ། །ཌཱུ་ད་ཉ་ནི་སྦྱིན་པ་ལའོ། །ཞེས་བྱ་བ་དེ་ལྟར་ཡིན་པ་དེའི་ཚེ་ནི་གཏོང་བའི་བརྗོད་པར་བྱེད་པ་ཡིན་པས་དེའི་ཕྱིར་ཆོས་བསྙད་དོ། །གཏོང་བ་ལའང་རྣམ་པ་གསུམ་སྟེ། ཟང་ཟིང་དང་མི་འཇིགས་པ་དང་ཆོས་ཀྱི་སྦྱིན་པའི་དབྱེ་བས་སོ། །དེ་ལ་ཟང་ཟིང་གི་སྦྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །མི་འཇིགས་པའི་སྦྱིན་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཀྱི་སྦྱིན་པ་ནི་བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་གོ །བརྩོན་འགྲུས་ནི་ཐམས་ཅད་དུ་ཉེ་བར་མཁོ་བའི་ཕྱིར་གསུམ་གར་ཡང་འགྱུར་རོ། །དེ་ལྟར་ཆོས་བརྗོད་པར་བྱེད་པ་ཡིན་པས་ན་སྦྱིན་པའི་སྒྲ་ནི་སྙན་ནོ། །གང་གི་ཚེ་དེང་ནི་སྲུང་༼༣༣༣༽བ་ལའོ། །དེ་བ་ནི་སྦྱོང་བ་ལའོ། །ཞེས་སྐད་ཀྱི་བྱིངས་གཉིས་པོ་དེར་སྦྱིན་པའི་སྒྲ་བྱེ་བྲག་ཏུ་འཆད་པ་དེའི་ཚེ་ནི། ཚེ་འདི་ཉིད་དུ་ཡུལ་དག་ལ་ལུས་དང་ངག་དང་ཡིད་སྲུང་བའི་ཕྱིར་དང༌། ཡོངས་སུ་དག་པས་ཇི་ལྟར་འདོད་པ་བཞིན་སྲིད་པ་གཞན་མངོན་པར་སྒྲུབ་པའི་ཕྱིར་ན། སྲིད་པ་གཞན་གསལ་བར་བྱེད་པའི་ཕྱིར་སྦྱིན་པའི་སྒྲ་བྱང་ཆུབ་སེམས་དཔའ་རྣམས་ལ་སྙན་ནོ། །གསད་པར་བྱ་བས་གཏོང་བར་ཐོས་པ་བཞིན་ཏེ། དེ་ནི་བསོད་ནམས་དང༌། མི་རྟག་པ་ཉིད་དང༌། སྲིད་པ་གཞན་གསལ་བར་བྱེད་པའི་ཕྱིར་རོ། ། འདིར་བྱིན་པ་ཡི་སྦྱིན་པ་ལས། །འབྲས་བུ་ཆེན་པོ་འབྱུང་འགྱུར་ཞེས། ། ལེན་དང་ཡོངས་སུ་གཏོང་བ་ནི། །ཚོང་སྤོགས་བཞིན་དུ་སྨད་པར་འགྱུར། ། གང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ཁོ་ན་མཐའ་ཡས་ཀྱི་གཞན་དག་གི་ནི་མ་ཡིན་ནོ་ཞེས་བྱ་བ་ཁྱད་པར་ཅི་ཡོད་ཅེ་ན། འབྲས་བུ་ལ་མི་བལྟོས་པའི་ཕྱིར་ཏེ། འདིར་གཞན་ལ་བྱིན་པ་ཡི་སྦྱིན་པ་ལས། །བདག་ལ་འབྲས་བུ་ཆེན་པོ་འབྱུང་བར་འགྱུར་རོ་ཞེས། །ལེན་པ་དང་ཡོངས་སུ་གཏོང་བ་ནི། །ཚོང་སྤོགས་བཞིན་དུ་སྨད་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་སྙིང་རྗེ་ཆེན་པོའི་གཞན་དབང་དུ་སོང་བས་གཞན་གྱི་དོན་ཁོ་ནས་གཏོང་བར་བྱེད་པ་ཡིན་ནོ། ། གང་ལ་སྔར་བྱས་སྡིག་པ་ཡང༌། །ཡོད་ཉིད་ཡོད་པ་མ་ཡིན་པ། ། དགེ་བའི་ལས་ཅན་དེ་ལ་ནི། །བསྒྲུབ་མིན་ཞེས་བྱ་ཡོད་མ་ཡིན། ། དེའི་ཕྱིར་དགེ་བ་ལ་གཅིག་ཏུ་གཏོད་ཅིང་གཞན་ལ་ཕན་གདགས་པའི་ཕྱིར་འཁོར་བའི་བར་དུ་གནས་པ་སེམས་ཅན་གྱི་ཕུང་པོ་མཐའ་ཡས་པ་ལྟར་རྒྱ་ཆེ་བའི་བསོད་ནམས་གཞལ་དུ་མེད་པ་ཉེ་བར་བསགས་པ་གང་ལ་སྔར་བྱས་པའི་སྡིག་པ་ཆུང་ངུ་ཡང༌། །ཡོད་པ་ཉིད་ཡོད་པ་༼༣༣༤༽མ་ཡིན་པ། །དགེ་བའི་ལས་ཅན་གྱི་རྒྱལ་སྲས་དེ་ཡི་ནི། །གཞན་གྱི་དོན་སྒྲུབ་པ་མིན་ཞེས་བྱ་བ་ནི་གང་ཡང་ཡོད་པ་མ་ཡིན་ནོ། ། རླབས་ཆེན་ཡིད་ཅན་དེ་ལ་ནི། །འདི་ནའང་གནོད་པ་ཡོད་མིན་ཏེ། ། དེས་ན་དེ་ལ་སྲིད་པ་དང༌། །མྱ་ངན་འདས་ལ་ཁྱད་པར་མེད། ། གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་གཅིག་ཏུ་དགེ་ཞིང་ཕྱིར་མི་ལྡོག་པ་ཡིན་ན་ཅིའི་ཕྱིར་མྱ་ངན་ལས་འདས་པར་མི་འགྲོ་ཞེ་ན། བཤད་པ། ཐབས་དང་ཤེས་རབ་རླབས་ཆེན་གྱི་ཡིད་ཅན་དེ་ལ་ནི། །འཁོར་བ་འདི་ནའང་སྡུག་བསྔལ་གྱིས་གནོད་པ་ཡོད་པ་མིན་ཏེ། །དེས་ན་དེ་ལ་སྲིད་པ་འཁོར་བ་དང༌། །ཞི་བ་མྱ་ངན་ལས་འདས་པ་ལ་ཁྱད་པར་མེད་དོ། ། གང་ལ་ཀུན་ཚེ་སེམས་དབང་ནི། །ཉིད་ལས་སྐྱེ་བ་ཡོད་གྱུར་པ། ། དེ་ཀ་རྒྱུ་ཅིས་འཇིག་རྟེན་ནི། །ཀུན་གྱི་མངའ་བདག་འགྱུར་མ་ཡིན། ། སྨྲས་པ། སེམས་བསྐྱེད་པ་དང་པོ་ཉེ་བར་བཟུང་བའི་བྱང་ཆུབ་སེམས་དཔའ་རྣམས་ཕལ་ཆེར་དབང་འབྱོར་བར་འགྱུར་རོ་ཞེས་བྱ་བ་འདི་ལ་རྒྱུ་ཅི་ཞིག་ཡོད། བཤད་པ། རྒྱལ་སྲས་གང་ལ་ཀུན་གྱི་ཚེ་བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་དང་ལྡན་པས་སེམས་རང་དབང་ནི། །ཉིད་ལས་སྐྱེ་བ་ཡོད་པར་གྱུར་པ། །དེ་ཀོ་རྒྱུ་ཅི་ཞིག་གིས་འཇིག་རྟེན་ནི། །ཀུན་གྱི་མངའ་བདག་ཏུ་འགྱུར་བ་མ་ཡིན། ། ཕུལ་འགྲོ་ལས་ཆེས་ཕུལ་འགྲོ་བ། །འགའ་ཞིག་འཇིག་རྟེན་འདིར་ཡང་སྣང༌། ། དེས་ན་བསམ་མི་ཁྱབ་མཐུ་ཡང༌། །ངེས་པར་ཡོད་ཅེས་རྟོགས་པར་གྱིས། ། དེ་ལྟ་བུའི་མཐུའི་ཁྱད་པར་ནི་མི་སྲིད་དོ་སྙམ་དུ་སེམས་པ་ལ་བཤད་པ། རིགས་ཀྱི་ཕུལ་དུ་བྱུང་བ་བྲམ་ཟེ་ལ་ཐུག་པ་དང༌། སྐྱེ་བའི་གནས་ཀྱི་ཕུལ་དུ་བྱུང་བ་སྲིད་རྩེའི་སྐྱེ་མཆེད་ལ་ཐུག་པ་དང༌། རིའི་ཕུལ་དུ་བྱུང་བ་ལྷུན་པོ་ལ་ཐུག་པ་དང༌། རྒྱལ་པོའི་ཕུལ་དུ་བྱུང་བ་འཁོར་ལོས་སྒྱུར་བ་ལ་ཐུག་པའི་བར་དུ་ཕུལ་དུ་འགྲོ་བ་ལས་ཆེས་ཕུལ་དུ་འགྲོ་བ། །འགའ་ཞིག་ནི་འཇིག་རྟེན་འདིར་ཡང་སྣང་བ་ཡིན་ལ། །༼༣༣༥༽དེ་བཞིན་དུ་ཤེས་པའི་ཕུལ་དུ་བྱུང་བ་ཡང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མཐར་ཐུག་པ་ཡང་ཡོད་པས། དེས་ན་བསམ་གྱིས་མི་ཁྱབ་པའི་མཐུ་ཡང༌། །ངེས་པར་ཡོད་ཅེས་རྟོགས་པར་གྱིས་ཤིག ། བླུན་ལ་ཤིན་ཏུ་ཟབ་ཆོས་ལ། །སྐྲག་པ་སྐྱེ་བ་ཇི་ལྟ་བ། ། དེ་བཞིན་ཞན་ལ་ཤིན་ཏུ་ནི། །རྨད་བྱུང་ཆོས་ལ་སྐྲག་པ་སྐྱེ། ། སྨྲས་པ། སེམས་ཅན་འདི་དག་ཕལ་ཆེར་ཐེག་པ་ཆེན་པོ་ལ་སྐྲག་ཅིང་ཇི་སྐད་བཤད་པའི་མཐུའི་ཁྱད་པར་ལའང་མི་གུས་པ་འདི་ཅི་ཞེ་ན། བཤད་པར་བྱ་སྟེ། བླུན་པོ་རྣམས་ལ་ཤིན་ཏུ་ཟབ་པའི་ཆོས་མ་སྐྱེས་པ་སོགས་ལ། །སྐྲག་པ་སྐྱེ་བ་ཇི་ལྟ་བ། །དེ་བཞིན་དུ་བློ་ཞན་པ་རྣམས་ལ་ཤིན་ཏུ་ནི། །རྒྱ་ཆེ་བ་རྨད་དུ་བྱུང་བའི་ཆོས་ལའང་སྐྲག་པ་སྐྱེའོ། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། །བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པ་སྟེ་རབ་ཏུ་བྱེད་པ་ལྔ་པའོ།། །།

བདེ་བས་འདོད་ཆགས་འཕེལ་འགྱུར་ཞིང༌། །སྡུག་པས་ཁྲོ་བ་འཕེལ་འགྱུར་ན། ། ཅིས་བདེ་དཀའ་ཐུབ་ཅན་མིན་ཞིང༌། །སྡུག་པ་དཀའ་ཐུབ་ཅན་ཅིས་ཡིན། ། དེ་ལྟར་བྱང་ཆུབ་སེམས་དཔའ་ཡོན་ཏན་ཁོང་དུ་ཆུད་པར་འགྲོ་བའི་གཉེན་གཅིག་པུ་དེས་ནི་འགྲོ་བ་རྣམས་འཁོར་བ་ལས་གདོན་པར་བྱ་བའི་ཕྱིར་འཁོར་བའི་རྒྱུ་ལས་དང་ཉོན་མོངས་པ་དག་ཕྱིར་བཅོས་པ་ལ་འབད་པར་བྱའོ། །འོ་ན་སྡུག་བསྔལ་ཕལ་ཆེ་བའི་ལམ་དག་བསྒྲུབ་པར་བྱ་དགོས་སོ་ཞེ་ན། །དེ་ནི་མ་ཡིན་ཏེ། བདེ་བས་འདོད་ཆགས་འཕེལ་བར་འགྱུར་ཞིང༌། སྡང་བས་ཀྱང་ཁྲོ་བ་འཕེལ་བར་འགྱུར་ན། །འདི་གཉིས་མཚུངས་པ་ལས་རྒྱུ་ཅིས་ན་བདེ་བར་འགྱུར་བ་དཀའ་ཐུབ་ཅན་མིན་ཞིང༌། །སྡུག་བསྔལ་བ་དེ་དཀའ་ཐུབ་ཅན་རྒྱུ་ཅི་ཞིག་གིས་ཡིན། ། འདོད་ཆགས་ལས་ནི་སྡུད་པ་སྟེ། །ཁྲོ་བའི་ལས་ནི་རྩོད་པའོ། ། འབྱུང་བ་ཀུན་ལ་རླུང་བཞིན་དུ། །གཏི་མུག་ལས་ནི་གསོས་འདེབས་སོ། ། ཡང་འདོད་ཆགས་ལ་སོགས་པ་དེ་དག་༼༣༣༦༽སྤང་བར་འདོད་པས་དེ་དག་གི་ལས་ཤེས་པར་བྱས་ནས་གཉེན་པོ་བསྟེན་པར་བྱ་སྟེ། དེ་ལ་འདོད་ཆགས་ཀྱི་ལས་ནི་སྡུད་པ་སྟེ་དེའི་སྨན་ནི་འཁོར་འདབ་སྤང་བའོ། །ཁྲོ་བའི་ལས་ནི་འཐབ་པ་དང་རྩོད་པ་ཡིན་པས། དེའི་སྨན་ནི་ཡིད་དང་མཐུན་པའི་གནས་མལ་དང་བྱམས་པ་བསྒོམ་པའོ། །འབྱུང་བ་ཀུན་ལ་རླུང་གིས་རབ་ཏུ་འབར་བ་དང་གྲང་བ་ཉིད་དང་སྲ་བ་ཉིད་གསལ་བར་བྱེད་པ་དེ་བཞིན་དུ། །གཏི་མུག་གི་ལས་ནི་ཆགས་སྡང་གཉིས་ལ་གསོས་འདེབས་སོ། །དེའི་སྨན་ནི་དངོས་པོའི་བདག་ཉིད་ཇི་ལྟ་བ་བཞིན་རབ་ཏུ་རྣམ་པར་འབྱེད་པའོ། ། མ་ཕྲད་པ་ལས་འདོད་ཆགས་ནི། །སྡུག་བསྔལ་སྤུངས་མེད་ལས་ཁྲོ་སྡུག ། ཡོངས་མི་ཤེས་ལས་གཏི་མུག་སྟེ། །དེ་དག་གིས་དེ་དག་མི་རྟོགས། ། དེ་ལ་འདི་སྙམ་དུ་འདོད་ཆགས་ལ་སོགས་པ་ཟིལ་གྱིས་མནན་པ་ལ་ཐབས་འདི་ཡིན་མོད། དེ་དག་ནི་སྤང་བར་བྱའོ་ཞེས་བྱ་བ་འདི་ག་ལས་སྙམ་ན། །སྡུག་བསྔལ་གྱི་གཞི་ཡིན་པ་ཉིད་ཀྱི་ཕྱིར་ཏེ། འདི་ལྟར་འདོད་པའི་ཡུལ་དང་མ་ཕྲད་པ་ལས་འདོད་ཆགས་ནི། །སྡུག་བསྔལ་ཡིན་ཅིང་གཞན་སྡེ་གཞོམ་པར་མི་ནུས་པས་དཔུང་མེད་པ་ལས་ཁྲོ་བ་སྡུག་བསྔལ་ལ། །ཞིབ་མོ་ཡོངས་སུ་མི་ཤེས་པ་ལས་གཏི་མུག་སྟེ། །དེ་དག་གིས་ཟིལ་གྱིས་མནན་ཏེ་མདོངས་པར་བྱས་པས་དེ་དག་ཉིད་ཡོངས་སུ་མི་རྟོགས་ཏེ་ཆེར་སྡུག་བསྔལ་ལོ། ། ཇི་ལྟར་བད་ཀན་ལ་མཁྲིས་དང༌། །ལྷན་ཅིག་ཕྲད་པ་མེད་མཐོང་བ། ། དེ་བཞིན་ཁྲོ་ལ་འདོད་ཆགས་དང༌། །ལྷན་ཅིག་ཕྲད་པ་མེད་པར་མཐོང༌། ། སྨྲས་པ། ཇི་ལྟར་གཏི་མུག་ལ་ཆགས་སྡང་གཉིས་ཕྲད་པ་དེ་ལྟར་དེ་གཉིས་ཕན་ཚུན་ཕྲད་པ་ཡོད་དམ། བཤད་པ། ཆུ་དང་མེ་ལས་གྱུར་པའི་ཕྱིར་ཇི་ལྟར་བད་ཀན་ལ་མཁྲིས་པ་དང༌། །ལྷན་ཅིག་ཕྲད་པ་མེད་པར་མཐོང་བ། །དེ་བཞིན་དུ་ཁྲོ་བ་ལ་འདོད་ཆགས་དང༌། །ལྷན་༼༣༣༧༽ཅིག་ཏུ་ཕྲད་པ་མེད་པར་མཐོང་ངོ་། ། འདོད་ཆགས་བྲན་བཞིན་བཀོལ་བྱ་སྟེ། །གང་ཕྱིར་མི་ཕངས་དེའི་སྨན་ཕྱིར། ། ཁྲོ་ལ་རྗེ་བོ་བཞིན་ལྟ་སྟེ། །དེའི་སྨན་ཕངས་པ་ཡིན་ཕྱིར་རོ། ། དེ་ལྟར་ཆགས་སྡང་གཉིས་ཕན་ཚུན་འགལ་བར་ཤེས་ནས་སློབ་མ་འཆོས་པའི་སློབ་དཔོན་གྱིས་འདོད་ཆགས་ཅན་ནི་བྲན་བཞིན་དུ་བཏུད་ཅིང་བཏུད་ཅིང་གཟིར་ཏེ་བཀོལ་བར་བྱ་སྟེ། །གང་གི་ཕྱིར་མི་ཕངས་པ་ནི་དེའི་སྨན་ཡིན་པའི་ཕྱིར་རོ། །ཁོང་ཁྲོ་བ་ཅན་ལ་རྗེ་བོ་བཞིན་དུ་ལྟ་ཞིང་རིམ་གྲོ་བྱ་སྟེ། །དེའི་སྨན་ནི་ཕངས་པ་ཡིན་པའི་ཕྱིར་རོ། །གཏི་མུག་ལ་སྤྱོད་པ་ན་དེ་བསྲབ་པར་འགྱུར་བ་ཕངས་པ་དང་མི་ཕངས་པས་བསྟེན་པར་བྱ་སྟེ་དེའི་སྨན་ནི་དེ་ཡིན་ནོ། །དེ་ལྟར་གདུལ་བྱའི་སེམས་ཅན་གྱི་སྤྱོད་པ་ལ་མཁས་པར་བྱ་སྟེ། ཅི་ནས་ཉོན་མོངས་པ་སྐྱེ་བ་ལས་སློབ་མ་བཟློག་པར་བྱའོ། ། དང་པོར་གཏི་མུག་ཡང་དག་འབྱུང༌། །བར་དུ་ཁྲོ་བ་འབྱུང་འགྱུར་ཞིང༌། ། ཕྱིས་ནི་འདོད་ཆགས་འབྱུང་བ་སྟེ། །ཉིན་ལ་རིམ་པ་གསུམ་དུའོ། ། འདི་དག་གི་སྐྱེ་བའི་དུས་ཀྱང་དང་པོ་ནངས་པར་གྱི་དུས་སུ་གཉིད་ཀྱི་འཕྲོ་ལུས་པ་སོགས་ཀྱིས་གཏི་མུག་ཤས་ཆེར་ཡང་དག་པར་འབྱུང་ལ། །བར་དུ་ཉི་མའི་གུང་གི་དུས་སུ་བྱ་བ་སྣ་ཚོགས་ཀྱིས་དུབ་པས་ཁྲོ་བ་འབྱུང་བར་འགྱུར་ཞིང༌། །ཕྱིས་ཟས་ཀྱིས་ཚིམས་ཤིང་དུབ་པའི་ཚེགས་དང་བྲལ་བ་ན་ནི་འདོད་ཆགས་འབྱུང་བ་སྟེ། །ཉིན་གཅིག་ལ་རིམ་པ་གསུམ་དུའོ། །དེའི་ཕྱིར་དེ་ལྟར་རིག་པར་བྱས་ནས་བག་ཡོད་པས་དུས་ཇི་ལྟ་བ་བཞིན་ཕྱིར་བཟློག་པར་བྱའོ། ། འདོད་ཆགས་མཛའ་མིན་མཛའ་འདྲ་བ། །དེས་དེ་ལ་ཁྱོད་མི་འཇིགས་ཏེ། ། མི་ཕན་མཛའ་བོ་ཁྱད་པར་དུ། །སྐྱེས་བུས་སྤང་བར་བྱ་མིན་ནམ། ། འདོད་ཆགས་ཞེ་སྡང་གཏི་མུག་རྣམས་ནི་མཛའ་བ་དང་མི་མཛའ་བ་དང་བར་མའི་སྒོ་ནས་སྐྱེས་བུ་ལ་ཉེ་བར་ལྷགས་པ་ཡིན་ལ། དེ་ལས་འདོད་ཆགས་ནི་མཛའ་བ་མིན་པ་ཕྱི་བས་ཏེ་མཛའ་བོ་དང་འདྲ་བའི་ཟོལ་གྱིས་སྐྱེས་བུ་ལ་ཉེ་བར་འོང་བ། །༼༣༣༨༽དེས་ན་དེ་ལ་ཁྱོད་ཅིའི་ཕྱིར་མི་འཇིགས་ཏེ། །མི་ཕན་པ་དགེ་བའི་ཕྱོགས་ཀྱི་སྲོག་ལ་གནོད་པའི་མཛའ་བོ་དེ་ཁྱད་པར་དུ་ཡང་། །སྐྱེས་བུས་སྤང་བར་བྱ་བ་མིན་ནམ་ཅི། ། འདོད་ཆགས་རྒྱུ་ལས་སྐྱེ་འགྱུར་ཞིང༌། །རྐྱེན་ལས་ཀྱང་ནི་སྐྱེ་བ་སྟེ། ། འདོད་ཆགས་རྐྱེན་ལས་སྐྱེ་བ་གང༌། །དེ་ནི་སྒྲུབ་སླ་ཅིག་ཤོས་མིན། ། ཇི་ལྟར་སྤང་བར་བྱ་ཞེ་ན། རྟག་ཏུ་བརྩོན་པ་ཕུལ་དུ་བྱུང་བས་དེའི་གཉེན་པོ་བསྟེན་པའི་སྒོ་ནས་རྒྱུད་ལ་སྐྱེ་བའི་གོ་སྐབས་མི་སྟེར་བས་སོ། །འདོད་ཆགས་དེ་ཡང་རྣམ་པ་གཉིས་སོ། །ཇི་ལྟར་ཞེ་ན། འདི་ལྟར་འདོད་ཆགས་རྒྱུ་ལས་སྐྱེ་བར་འགྱུར་བ་ནི་སྐྱེ་བ་སྔ་མའི་བསྐལ་བ་མཉམ་པ་ཉིད་སྐྱེད་པར་བྱེད་པ་ཡིན་ཞིང༌། །རྐྱེན་ལས་ཀྱང་ནི་སྐྱེ་བ་སྟེ་འཇིག་རྟེན་འདིའི་སྐལ་བ་མི་མཉམ་ཞིང་འགྱུར་བའོ། །འདོད་ཆགས་རྐྱེན་སྡིག་གྲོགས་དང་ཕྲད་པ་ལས་སྐྱེ་བ་གང་ཡིན་པ། །དེ་ནི་གཉེན་པོས་སྒྲུབ་པར་སླ་ལ་གཅིག་ཤོས་ནི་དེ་ལྟར་མིན་པས་དེ་ཕམ་པར་བྱ་བའི་ཐབས་ལ་འབད་པར་བྱའོ། ། ཁྲོ་བ་བརྟན་ཞིང་ངེས་པར་ནི། །མི་དགེ་ཉེས་ཆེན་བྱེད་པ་སྟེ། ། དེ་ལྟར་རྣམ་ཀུན་དབྱེ་ཤེས་པས། །ཉོན་མོངས་རྣམ་མཐར་བྱེད་པར་འགྱུར། ། དེ་བཞིན་དུ་ཁྲོ་བ་ཐམས་ཅད་བཏང་བ་ལ་ཡང་འཇུག་པར་བྱ་སྟེ། ཁྲོ་བ་བརྟན་ཅིང་ངེས་པར་ནི། །མཚམས་མེད་པ་སོགས་མི་དགེ་བའི་ཉེས་པ་ཆེན་པོ་བྱེད་པ་སྟེ། །དེ་ལྟར་རྣམ་པ་ཀུན་ཏུ་འདོད་ཆགས་སོགས་ཀྱི་སྐྱོན་དང་ཉེས་དམིགས་དང་གཞི་དང་སྤང་བའི་ཐབས་ཀྱི་དབྱེ་བ་ཤེས་པས། །ཉོན་མོངས་པ་འདི་དག་རྣམ་པར་མཐར་བྱེད་པར་འགྱུར་རོ། ། ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་གྱུར་ཏེ། ། དེ་ཕྱིར་ཉོན་མོངས་ཐམས་ཅད་ཀྱང༌། །གཏི་མུག་བཅོམ་པས་བཅོམ་པར་འགྱུར། ། དེ་བཞིན་དུ་གཏི་མུག་གི་མཚན་ཉིད་ཀྱི་རྣམ་པར་དབྱེ་བ་ཡང་འདི་ལྟར་ལུས་ལ་བརྟེན་པའི་མིག་གི་དབང་པོ་ལ་སོགས་པ་ཡང་ལུས་དབང་ལ་རག་ལས་པ་ཇི་བཞིན་དུ། །གཏི་མུག་ནི་ཉོན་མོངས་པ་ཀུན་ལ་གནས་པར་གྱུར་༼༣༣༩༽ཏེ། །འདིར་དངོས་པོ་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ནི་རང་བཞིན་གྱིས་རྣམ་པར་དབེན་པ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་ལ་གཏི་མུག་ནི་དེ་རྣམས་ལ་ཇི་ལྟར་བདེན་པར་རྟོག་པ་ལས་རྨོངས་པ་ཉིད་ཀྱི་ཕྱིར་དངོས་པོ་བདེན་པའི་རང་གི་ངོ་བོར་ལྷག་པར་སྒྲོ་འདོགས་པར་རབ་ཏུ་འཇུག་གོ །དེའི་ཕྱིར་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་ཀྱང༌། །གཏི་མུག་བཅོམ་པས་བཅོམ་པར་འགྱུར་རོ། ། རྟེན་ཅིང་འབྲེལ་བར་འབྱུང་བ་ནི། །མཐོང་ན་གཏི་མུག་འབྱུང་མི་འགྱུར། ། དེ་ཕྱིར་འབད་པས་ཀུན་གྱིས་འདིར། །གཏམ་དེ་ཁོ་ན་བསྙད་པར་བྱ། ། འོ་ན་འདི་གཉེན་པོ་གང་གིས་བཟློག་པར་བྱ་ཞེ་ན། བཤད་པ། གལ་ཏེ་མྱུ་གུ་དང་འདུ་བྱེད་ལ་སོགས་པ་རྣམས་ལ་རང་བཞིན་ཡོད་པར་གྱུར་ན་ནི། དེའི་ཚེ་དེ་རྣམས་རང་གི་ངོ་བོས་ཡོད་པ་ཉིད་ཀྱི་ཕྱིར་མ་རིག་པ་དང་ས་བོན་ལ་སོགས་པ་ལ་ལྟོས་པར་མི་འགྱུར་ཏེ། གྲུབ་པར་གྱུར་པ་འདི་ཡང་བསྒྲུབ་པ་མ་ཡིན་ནོ། །འདི་རྣམས་ནི་རྒྱུའི་ཚོགས་པ་ལ་བརྟེན་ནས་འབྱུང་བ་ཡིན་ཏེ། དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་གཟུགས་བརྙན་དང་སྤྲུལ་པ་བཞིན་དུ་རང་བཞིན་མེད་པ་ཡིན་ལ། རང་བཞིན་དང་བྲལ་བ་ཉིད་ཀྱིས་ཀྱང་སྟོང་པའོ། །དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ནི། །ཡང་དག་པར་མཐོང་ན་གཏི་མུག་འབྱུང་བར་མི་འགྱུར་བས། །དེ་ཕྱིར་འབད་པས་བསྟན་བཅོས་བཞི་བརྒྱ་པའི་འཆད་པར་འགྱུར་བའི་གཞུང་ཀུན་གྱིས་འདིར། །རྟེན་འབྱུང་གི་གཏམ་དེ་ཁོ་ན་བསྙད་པར་བྱའོ། ། རྟག་ཏུ་ས་འཛིན་སོགས་དགའ་ལ། །གཏོང་པོ་ཟ་པོ་གཙང་ཞིང་འགྱུར། ། དེ་འདྲ་ལ་སོགས་མཚན་ཉིད་རྣམས། །འདོད་ཆགས་ཅན་གྱི་མི་ལ་སྣང༌། ། ཡང་དེ་རྣམས་ལ་སྤྱོད་པའི་སེམས་ཅན་དག་ཇི་ལྟར་ཤེས་པར་བྱ་ཞེ་ན། དེ་དག་གི་མཚན་ཉིད་ཀྱི་དབང་དུ་བྱས་ནས་བཤད་པ། ༼༣༤༠༽རྟག་ཏུ་ས་འཛིན་པའི་གར་དང༌། བཞད་གད་དང༌། འཇོ་སྒེག་དང༌། རྒྱན་དང༌། ཁ་དོག་སོགས་ཀྱིས་དགའ་ལ། །གཏོང་བ་པོ་དང་ཟ་བ་པོ་དང་གཙང་སྦྲ་བྱ་ཞིང་གནས་པར་འགྱུར་བ། །དེ་འདྲ་བ་ལ་སོགས་པའི་མཚན་ཉིད་རྣམས་ནི། །འདོད་ཆགས་ཅན་གྱི་མི་ལ་སྣང་ངོ་། །དེ་ལས་བཟློག་པ་ནི་ཞེ་སྡང་ཅན་དང་འདྲེས་མ་དག་ནི་གཏི་མུག་ཅན་དུ་རྟོགས་པར་བྱའོ། ། སངས་རྒྱས་རྣམས་ཀྱིས་ཆགས་ཅན་ལ། །ཟས་དང་ཆོས་གོས་གཙུག་ལག་ཁང༌། ། དགེ་ལེགས་སྤངས་པ་ཐམས་ཅད་དང༌། །རྟག་ཏུ་བླ་མའི་ཐད་གནས་གསུངས། ། ཡང་དེ་དག་འདུལ་བའི་ཐབས་ནི་གང་ཡིན་ཅེ་ན། བཤད་པ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཆགས་ཅན་དག་ལ། །ཟས་དང་ཆོས་གོས་དང་གཙུག་ལག་ཁང་དང་། །མལ་སྟན་རྣམས་ལ་ཞེན་པའི་གཉེན་པོ་དགེ་ལེགས་ཀྱི་དངོས་པོ་སྤངས་པ་ཐམས་ཅད་དང་སྟེ་དེ་ཡང་གཙུག་ལག་ཁང་ལ་ཞེན་པའི་གཉེན་པོར་དགོན་པ་བ་དང༌། ཤིང་དྲུང་པ་དང༌། དུར་ཁྲོད་པ་དང༌། བླ་གབ་མེད་པ་དག་གོ །མལ་སྟན་ལ་ཞེན་པའི་གཉེན་པོར་ཙོག་པུ་བ་དང་གཞི་ཇི་བཞིན་པའོ། །ཟས་ལ་ཞེན་པའི་གཉེན་པོར་བསོད་སྙོམས་པ་དང༌། སྟན་གཅིག་པ་དང༌། ཟས་ཕྱིས་མི་ལེན་པའོ། །ཆོས་གོས་ལ་ཞེན་པའི་གཉེན་པོར་ཆོས་གོས་གསུམ་པ་དང༌། ཕྱག་དར་ཁྲོད་པ་དང་ཕྱིང་པ་བ་སྟེ་སྦྱངས་པའི་ཡོན་ཏན་བཅུ་གཉིས་རྣམ་པར་བཞག་གོ །གང་དག་འདོད་ཆགས་དང་བྲལ་བ་དག་ཀྱང་འདི་རྣམས་བརྟེན་པ་ནི་བསོད་ནམས་ཀྱི་ཞིང་དང་གཞན་དེ་ལ་མོས་པའི་ཕྱིར་དུ་བསྟན་པའོ། །དེ་ཉིད་རྟག་ཏུ་བླ་མའི་ཐད་དེ་མདུན་ན་གནས་པར་ཡང་གསུངས་༼༣༤༡༽སོ། ། ནུས་མེད་ལ་ཁྲོས་བདག་ཉིད་ལ། །མདོག་མི་སྡུག་པ་འབའ་ཞིག་བྱེད། ། ནུས་པ་གང་ལའང་བརྩེ་མེད་པ། །དེ་ནི་ཐ་ཆད་ཅེས་བྱར་བརྗོད། ། ཡང་ཁྲོ་བ་སྤོང་བར་འདོད་པས་ནི་འདི་ལྟར་ཁྲོ་བའི་ཉེས་དམིགས་དག་རྟོགས་པར་བྱ་སྟེ། གནོད་པར་ནུས་པ་མེད་པ་དག་ལ་ཁྲོས་ན་བདག་ཉིད་ལ། །མདོག་མི་སྡུག་པ་འབའ་ཞིག་སྟོན་པར་བྱེད་དོ། །གནོད་པར་ནུས་པ་གང་ལའང་བརྩེ་བ་མེད་པའི། །གང་ཟག་དེ་ནི་ཤིན་ཏུ་ཐ་ཆད་ཅེས་བྱ་བར་བརྗོད་དོ། ། ཡིད་དུ་མི་འོང་བ་ཡི་སྒྲ། །སྔར་བྱས་སྡིག་མཐར་བྱེད་པར་བརྗོད། ། རྨོངས་ཤིང་དམ་པ་མ་ཡིན་པ། །བདག་ཉིད་རྣམ་པར་དག་མི་འདོད། ། གཞན་ཡང་ཡིད་དུ་མི་འོང་བ་ཡི་སྒྲས། །སྔར་བྱས་པའི་སྡིག་པ་ཟད་དེ་མཐར་བྱེད་པར་བརྗོད་པས། །བློ་གྲོས་རྨོངས་ཤིང་དམ་པ་མ་ཡིན་པ་ཁྱེད་ནི། །བདག་ཉིད་ཀྱི་སྡིག་པ་རྣམ་པར་དག་པར་མི་འདོད་ན་དེ་ནི་བླུན་པ་བས་ཀྱང་ཆེས་བླུན་པའོ། ། མཉན་པ་ཡིད་དུ་མི་འོང་བ། །ངོ་བོ་ཉིད་ཀྱིས་གནོད་མི་བྱེད། ། དེ་ཕྱིར་རྣམ་རྟོག་ལས་བྱུང་བ། །གཞན་ལས་ཡིན་ནོ་སྙམ་དུ་རློམ། ། འདི་ལས་ཀྱང་ཁྲོ་བར་མི་རིགས་ཏེ། འདི་ལྟར་མཉན་པ་ཡིད་དུ་མི་འོང་བའང་། །ངོ་བོ་ཉིད་ཀྱིས་ནི་གནོད་པར་མི་བྱེད་ལ། །དེ་ཕྱིར་རང་གི་རྣམ་རྟོག་ལས་བྱུང་བ་དེ། །གཞན་ལས་ཡིན་ནོ་སྙམ་དུ་རློམ་པ་ཡིན་ནོ། ། ཇི་ལྟར་གཤེ་བ་པོ་ལ་ནི། །ཆད་པར་བྱ་བ་མངོན་བརྗོད་པ། ། དེ་བཞིན་སྙན་པར་སྨྲ་པོ་ལ། །མཆོད་པར་བྱ་བ་ཅིས་མི་འགྱུར། ། སྨྲས་པ། གཤེ་བ་ལ་ནི་རང་བཞིན་གྱིས་སྐྱོན་ཡོད་དེ། གང་གི་ཕྱིར་ལུགས་ཀྱི་བསྟན་བཅོས་ལས་གཤེ་བ་པོ་ལ་ཆད་པ་བཅད་པའི་ཕྱིར་རོ། །བཤད་པར་བྱ་སྟེ། ལུགས་ཀྱི་བསྟན་བཅོས་ལས། ཇི་ལྟར་གཤེ་བ་པོ་དེ་ལ་ནི། །ཆད་པར་བྱ་བ་མངོན་པར་བརྗོད་པ་དེའི་ཕྱིར་རྒྱུ་མཚན་མཚུངས་པས། །དེ་བཞིན་དུ་སྙན་པར་སྨྲ་བ་པོ་ལ། །མཆོད་པར་བྱ་བ་ཡིན་པར་ཅིས་མི་འགྱུར། ། ཁྱོད་ཀྱིས་སྨད་བྱ་མ་སྨྲས་ཀྱང༌། །གལ་ཏེ་གཞན་གྱིས་ཤེས་ན་ནི། ། སྨྲ་པོ་ལ་ཁྲོ་མི་རིགས་ན། །ཡང་དག་མིན་སྨྲ་ལ་ཅི་སྨོས། ། སྨྲས་པ། གང་ཞིག་གཤེ་བས་གཞན་གྱི་སྐྱོན་༼༣༤༢༽གཞན་དག་ལ་གསལ་བར་བྱེད་པ་དེ་ལ་ཇི་ལྟར་གཅིག་ཤོས་འཁྲུགས་པར་མི་འགྱུར། དེ་ལ་ཡང་བཤད་པ། ཁྱོད་ཀྱི་སྨད་བྱ་མིག་གཞར་བ་སོགས་མ་སྨྲས་ཀྱང༌། །གལ་ཏེ་གཞན་གྱིས་ཤེས་པར་གྱུར་ན་ནི། །སྨྲ་བ་པོ་ལ་ཁྲོ་བར་མི་རིགས་ན། །ཡང་དག་པ་མིན་པར་རྫུན་དུ་སྨྲ་བ་ལ་ལྟ་ཅི་སྨོས། ། དམན་ལས་མི་སྙན་ཞེས་བྱ་བ། །ངེས་པར་འབྱུང་བ་མ་ཡིན་ཏེ། ། དེ་ཕྱིར་དམན་བྱུང་མི་སྙན་པ། །ཡན་གར་ཉུང་ཟད་ལྟ་བུར་སྣང༌། ། དེ་ལྟ་མོད་ཀྱི་དམན་པ་དག་ལས་མི་སྙན་པ་ཐོས་པས་ཁོང་ཁྲོ་བར་ཇི་ལྟར་མི་འགྱུར། བཤད་པར་བྱ་སྟེ། སྐྱེས་བུ་དམན་པ་ལས་ཚིག་མི་སྙན་པ་བརྗོད་པ་ཁོ་ན་ཡིན་ཞེས་བྱ་བ། །ངེས་པར་འབྱུང་བ་མ་ཡིན་ཏེ་དོན་མ་ཡིན་པ་ཐམས་ཅད་བྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་ཕྱིར་དམན་པ་ལས་བྱུང་བ་མི་སྙན་པ་ཁོ་ན་ཡིན་པ་དེ་ནི། །ཡན་གར་བ་དང་ཉུང་ཟད་ལྟ་བུར་སྣང་བས་དང་དུ་བླང་བར་བྱའོ། ། གཞན་གནོད་བྱས་པས་བདག་ལ་ནི། །ཡོན་ཏན་ཅུང་ཟད་ཀྱང་མེད་ན། ། ཁྱོད་ཁྲོ་ཡོན་ཏན་མེད་པ་ལ། །གུས་པ་ཞེན་པ་རྐྱང་པར་ཟད། ། སྨྲས་པ། གང་ཞིག་སྐྱོན་མེད་པ་ལ་གཤེ་བ་དེ་ཚར་བཅད་པ་ལ་ཉེས་པ་ཅི་ཡང་མེད་དོ། །བཤད་པར་བྱ་སྟེ། གཞན་ལ་གནོད་པ་བྱས་པས་དེས་བདག་ལ་ནི། །ཡོན་ཏན་ཅུང་ཟད་ཀྱང་ཐོབ་པ་མེད་ན། །ཁྱོད་ཁྲོ་བ་ཡོན་ཏན་མེད་པ་ལ། །གུས་པ་དེ་ནི་ཞེན་པ་རྐྱང་པར་ཟད་དོ། ། གལ་ཏེ་བཟོད་པས་འབད་མེད་པར། །བསོད་ནམས་ཆེན་པོ་ཐོབ་འགྱུར་ན། ། གང་ཞིག་དེ་ལ་གེགས་བྱེད་པ། །དེ་མཚུངས་བླུན་པོ་སུ་ཞིག་ཡོད། ། སྨྲས་པ། སྐྱེས་བུ་མཁས་པ་སུ་ཞིག་གཞན་གྱི་གཤེ་བ་ཡོན་ཏན་མེད་པ་ལ་བཟོད་པར་འགྱུར། བཤད་པ། གལ་ཏེ་བཟོད་པས་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་ཚོལ་བ་ལ་སོགས་པའི་འབད་པ་མེད་པར། །བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཐོབ་པར་གྱུར་ན། །གང་ཞིག་ཆོས་ཀྱི་རྒྱུ་༼༣༤༣༽དེ་ལ་གེགས་བྱེད་པ། །དེ་དང་མཚུངས་པའི་བླུན་པོ་གཞན་སུ་ཞིག་ཡོད། ། ཁྲོ་བ་ཞེས་བྱ་ཁྱད་པར་དུ། །སྟོབས་ལྡན་དག་ལ་སྐྱེ་མི་འགྱུར། ། དེས་ན་གཞན་འཇོམས་ཁྲོ་བ་ལ། །ཅི་ནས་ཁྱོད་གུས་གྱུར་ཏ་རེ། ། འདི་ལས་ཀྱང་ཁྲོ་བ་ནི་སྤང་བར་བྱ་འོས་ཏེ་ཁྲོ་བ་ཞེས་བྱ་བ་དེ་སྤྱིར་རྗེས་སུ་མི་མཐུན་པའི་དངོས་པོའི་ཡུལ་ཅན་ཡིན་མོད་ཀྱི་ཁྱད་པར་དུ། །སྟོབས་དང་ལྡན་པ་དག་ལ་སྐྱེ་བར་མི་འགྱུར་བས། །དེས་ན་གཞན་པ་རྣམས་འཇོམས་པར་བྱེད་པའི་ཁྲོ་བ་ལ། །ཅི་ནས་ཀྱང་ཁྱོད་གུས་པར་གྱུར་ཏ་རེ། ། གང་ཞིག་ཁྲོ་གནས་ལ་བཟོད་པ། །དེ་ལ་བསྒོམ་པ་སྐྱེ་བར་འགྱུར། ། ཡོན་ཏན་གནས་ལ་འཇིགས་ཞེས་པ། །ཁྱོད་ཀྱི་བླུན་པ་འབའ་ཞིག་ཡིན། ། སྨྲས་པ། གང་ཞིག་བཟོད་པ་དེ་ནི་བྱ་བ་ལ་ལན་དུ་གནོད་པ་བྱེད་པར་མི་ནུས་སོ་སྙམ་ནས་འཇིག་རྟེན་གྱིས་ཟིལ་གྱིས་གནོན་པས་དེའི་ཕྱིར་ཁྲོ་བའི་གནས་ལ་ཁྲོ་བ་ཉིད་མཛེས་སོ། །བཤད་པ། གང་ཞིག་ཕྲ་རྒྱས་ཁྲོ་བའི་གནས་ལ་བཟོད་ནུས་པ། །དེ་ལ་བྱམས་པའི་བསྒོམ་པ་སྐྱེ་བར་འགྱུར་ཏེ། །བྱམས་པའི་ཏིང་ངེ་འཛིན་ཐ་ན་བ་འཇོ་བའི་ཡུན་ཙམ་དུ་བསྒོམས་པས་ཀྱང་ཡོན་ཏན་བརྒྱད་འདྲེན་པར་འགྱུར་ཏེ་འདི་ལྟར་ལྷ་དང་མི་རྣམས་ལ་སྡུག་པར་འགྱུར་རོ། །དེ་རྣམས་ཀྱིས་བསྲུང་བར་ཡང་འགྱུར་རོ། །བདེ་བ་དང་ཡིད་བདེ་བ་མང་བར་འགྱུར་རོ། །དེའི་ལུས་ལ་དུག་གིས་མི་ཚུགས་སོ། །མཚོན་གྱིས་མི་ཚུགས་སོ། །དེའི་ནོར་རྣམས་འབད་པ་མེད་པར་རྒྱས་པར་འགྱུར་རོ། །ལུས་ཞིག་ནས་ཤི་བའི་འོག་ཏུ་བདེ་འགྲོ་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །ཡོན་ཏན་གྱི་གནས་ལ་འཇིགས་པ་སྐྱེ་ཞེས་པ་ནི། །ཁྱོད་ཀྱི་བླུན་པ་ཉིད་འབའ་ཞིག་སྟོན་པ་ཡིན་ནོ། ། སུ་ཞིག་ཁྱད་བསད་མཐར་བྱས་ནས། །འཇིག་རྟེན་ཕ་རོལ་འགྲོ་བ་ཡོད། ། དེ་ཕྱིར་བདག་ནི་སྡིག་པ་བས། །བརྙས་པ་ལེགས་སོ་སྙམ་དུ་སེམས། ། དེའི་ཕྱིར་སུ་༼༣༤༤༽ཞིག་སེམས་ཅན་རྣམས་ཀྱི་ཁྱད་དུ་བསད་པ་ལས་ཐར་བར་བྱས་ནས། །སྡིག་པ་དང་བཅས་པས་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་ཡོད། །དེའི་ཕྱིར་བདག་གིས་ནི་སྡིག་པ་སོག་པ་བས། །ཚེ་འདིར་བརྙས་པ་ལེགས་སོ་སྙམ་དུ་སེམས་སོ། ། གང་གིས་རྣམ་ཤེས་གནས་ལ་སོགས། །ཡང་དག་ཏུ་ན་རྣམ་ཤེས་པ། ། དེ་ཡོད་ན་ནི་ཉོན་མོངས་རྣམས། །ནམ་ཡང་བློ་གྲོས་ལ་མི་གནས། ། གང་ཞིག་དེ་ལྟར་བརྟག་པར་མི་ནུས་པ་དེས་ནི་རྣམ་པར་ཤེས་པའི་སྐྱེ་བ་དང་འགག་པ་ལ་སོགས་པ་ཕྱིར་བཟློག་པར་བྱ་སྟེ། འདི་ལྟར་གང་གིས་རྣམ་ཤེས་གནས་པ་ལ་སོགས་པ་གསུམ་པོ་དག་ཀྱང་ཡང་དག་ཏུ་ན་རྣམ་པར་ཤེས་པ། །དེ་ལ་མེད་པར་ཤེས་པའི་ཤེས་རབ་དེ་ཡོད་ན་ནི་ཉོན་མོངས་པ་རྣམས། །དུས་ནམ་དུ་ཡང་བློ་གྲོས་ལ་མི་གནས་སོ། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། ཉོན་མོངས་པ་སྤངས་པའི་ཐབས་བསྟན་པ་སྟེ་རབ་ཏུ་བྱེད་པ་དྲུག་པའོ།། །།

སྡུག་བསྔལ་རྒྱ་མཚོ་འདི་ལ་མཐའ། །རྣམ་པ་ཀུན་ཏུའང་ཡོད་མིན་ན། ། བྱིས་ཁྱོད་འདིར་ནི་བྱིང་བ་ལ། །འཇིགས་པ་ཅིས་ན་སྐྱེ་མི་འགྱུར། ། ད་ནི་འཁོར་བའི་ཉེས་དམིགས་བསྟན་པས་དེ་ལ་སྐྱོ་བ་བསྐྱེད་པར་བྱ་བའི་དོན་དུ་ལས་དག་སྤངས་པའི་ཐབས་བརྗོད་པར་འདོད་པས་བཤད་པ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདི་ལ་མཐའ་ནི། །རྣམ་པ་ཀུན་ཏུའང་ཡོད་པ་མིན་ན། །བྱིས་པ་ཁྱོད་གནས་འདིར་ནི་བྱིང་བ་ལ། །འཇིགས་པ་རྒྱུ་མཚན་ཅིས་ན་སྐྱེ་བར་མི་འགྱུར། ། ལང་ཚོ་རྒྱབ་ཏུ་བྱུང་གྱུར་ནས། །སླར་ཡང་མདུན་དུ་འབྱུང་བར་འགྱུར། ། གནས་ཀྱང་འཇིག་རྟེན་འདི་ལ་ནི། །འགྲོས་ཀྱིས་འགྲམ་པ་ལྟ་བུར་མངོན། ། སྨྲས་པ། ལང་ཚོ་ལ་སོགས་པའི་རྒྱགས་པ་དག་གིས་ཀུན་ཏུ་རྨོངས་པ་ལ་འཁོར་བའི་འཇིགས་པ་མི་འབྱུང་ངོ༌། །བཤད་པར་བྱ་སྟེ། འཇིག་རྟེན་ལ་དགའ་བའི་ལང་ཚོ་ནི་ན་ཚོད་ཡོལ་ཏེ་རྒྱབ་ཏུ་བྱུང་བར་གྱུར་ནས། །༼༣༤༥༽ཤི་ནས་སླར་ཡང་མདུན་དུ་འབྱུང་བར་འགྱུར་རོ། །བདག་གནས་པར་རློམ་མོད་ཀྱང་འཇིག་རྟེན་འདི་ལ་ནི། །ལང་ཚོ་དང་རྒས་པ་དང་འཆི་བ་རྣམས་ཕན་ཚུན་འགྲོས་ཀྱིས་འགྲན་པ་ལྟ་བུར་མངོན་ནོ། ། སྲིད་པར་ཁྱོད་ལ་རང་འདོད་ཀྱིས། །འགྲོ་བ་གཞར་ཡང་ཡོད་མིན་ན། ། གཞན་གྱི་དབང་དང་འཇིགས་མེད་པར། །བློ་དང་ལྡན་པར་སུ་ཞིག་འགྱུར། ། སྨྲས་པ། དེ་ལྟ་མོད་ཀྱི་དེའི་བདག་ཉིད་ཡིན་པས་དེ་ལ་འཇིགས་པར་མི་རིགས་སོ། །བཤད་པ། སྲིད་པ་འདིར་ཁྱོད་ལ་རང་འདོད་ཀྱིས། །འགྲོ་བ་ནི་གཞར་ཡང་སྟེ་ནམ་ཡང་ཡོད་པ་མིན་ན། །ལས་ལ་རག་ལས་པས་གཞན་གྱི་དབང་དུ་གྱུར་པ་དང་འཇིགས་པ་མེད་པར་གྱུར་བ། །གཉིས་ཀ་བློ་དང་ལྡན་པ་སུ་ཞིག་ལ་ཡོད་པར་འགྱུར། ། མ་འོངས་ཐ་མ་ཡོད་མིན་ཞིང༌། །ཀུན་ཚེའང་སོ་སོའི་སྐྱེ་བོ་སྟེ། ། ཁྱོད་འདས་ཇི་ལྟར་དེ་བཞིན་དུ། །དེ་ཡང་མི་འགྱུར་དེ་ལྟར་བྱོས། ། དེའི་ཕྱིར་མ་འོངས་པ་ལ་ཐ་མ་ཡོད་པ་མིན་ཞིང༌། །དུས་ཀུན་གྱི་ཚེའང་སོ་སོའི་སྐྱེ་བོ་སྟེ། །ཁྱོད་འདས་པའི་དུས་ཇི་ལྟར་དོན་སྟོང་པར་འགྱུར་བ་དེ་བཞིན་དུ། །མ་འོངས་པ་དེ་ཡང་དོན་མེད་པར་མི་འགྱུར་བ་དེ་ལྟར་བྱོས་ཤིག ། ཉན་པོ་མཉན་བྱ་འཆད་པོ་རྣམས། །འབྱུང་བ་ཤིན་ཏུ་རྙེད་དཀའ་སྟེ། ། དེས་ན་མདོར་ན་འཁོར་བ་ནི། །མཐར་མེད་མ་ཡིན་མཐའ་བཅས་མིན། ། ཡང་ཅི་འཁོར་བ་འདི་ལ་མཐའ་ཡོད་དམ། འོན་ཏེ་མེད་ཅེ་ན། འདི་ནི་གཅིག་ཏུ་ངེས་པར་བཟུང་བར་མི་ནུས་སོ། །གང་ལ་ཞེ་ན། རང་བཞིན་མེད་པས་མཐའ་དང་ལྡན་པ་དང་མི་ལྡན་པ་ཉིད་ཀྱང་རིག་པ་དང་མི་རིག་པའི་རྒྱུ་མཚན་ཉིད་ཀྱི་ཕྱིར་དང༌། དེ་གཉིས་ཀྱང་རྐྱེན་གཞན་དུ་མ་ལ་རག་ལས་པའི་ཕྱིར་དང་རྐྱེན་རྣམས་ཀྱང་དཀོན་པའི་ཕྱིར་ཏེ། ཉན་པོ་ལུས་རྟེན་ཁྱད་པར་ཅན་དང་མཉན་བྱ་བདེན་པ་མཐོང་བ་དང་རྗེས་སུ་མཐུན་པའི་གསུང་རབ་དང་འཆད་པ་པོ་དེ་བཞིན་༼༣༤༦༽གཤེགས་པ་རྣམས། །འབྱུང་བ་ནི་ཤིན་ཏུ་རྙེད་པར་དཀའ་སྟེ། །དེས་ན་མདོར་ན་འཁོར་བ་ནི། །མཐའ་མེད་པ་ཡང་མ་ཡིན་ལ་མཐའ་དང་བཅས་པ་ཡང་མིན་ནོ། །བཅོམ་ལྡན་འདས་ཀྱིས་འཁོར་བ་ལ་མཐར་ཡོད་མེད་ཞལ་གྱིས་མི་བཞེས་པ་ཡང་རྒྱུ་འདི་ཉིད་ཀྱིས་ཡིན་ལ། ཞལ་གྱིས་མི་བཞེས་པ་ལ་རྒྱུ་གཞན་སྟོང་པ་ཉིད་དུ་སྨྲ་བ་དང་ལྡན་པ་དག་རྒྱས་པར་མེད་པ་ཡང་མ་ཡིན་ནོ། ། ཕལ་མོ་ཆེ་ན་མི་རྣམས་ནི། །དམ་པ་མ་ཡིན་ཕྱོགས་ཡོངས་འཛིན། ། དེས་ན་སོ་སོའི་སྐྱེ་བོ་རྣམས། །ཕལ་ཆེར་ངེས་པར་ངན་འགྲོར་འགྲོ། ། ཅི་སྟེ་ཇི་སྲིད་གསུང་རབ་གནས་པ་དེ་སྲིད་དུ་དགེ་བའི་བཤེས་གཉེན་དག་ཀྱང་ཡོད་པས། དེའི་ཕྱིར་གཞན་གྱི་ཚེ་བདག་འཁོར་བ་ཡོངས་སུ་ཟད་པར་བྱེད་དོ་སྙམ་ན། དེ་ལྟར་ན་ཡང་ཉན་པོ་དེ་ནི་དཀོན་ཏེ། འདི་ལྟར་ཕལ་མོ་ཆེ་ན་མི་རྣམས་ནི། །དམ་པ་མ་ཡིན་པའི་ཕྱོགས་ཡོངས་སུ་འཛིན་པ། །དེས་ན་སོ་སོའི་སྐྱེ་བོ་རྣམས། །ཕལ་ཆེར་ངེས་པར་ངན་འགྲོར་འགྲོ་བར་འགྱུར་རོ། ། ས་སྟེང་སྡིག་པའི་རྣམ་སྨིན་ནི། །ཅོ་འདྲི་ཁོ་ན་ཡིན་པར་མཐོང༌། ། དེས་ན་སྲིད་པ་གསོད་གནས་དང༌། །མཚུངས་པར་དམ་པ་རྣམས་ལ་སྣང༌། ། ས་སྟེང་དུ་བདེ་འགྲོར་སྐྱེས་པ་རྣམས་ཀྱང་སྡིག་པའི་རྣམ་སྨིན་ནི། །ཅོ་འདྲི་བ་རྒུད་པ་ཆེས་ནི་དགའ་བ་ཉམས་སུ་མྱོང་བ་ཁོ་ན་ཡིན་པར་མཐོང་བས། །དེས་ན་སྲིད་པ་འདི་གསོད་གནས་དང༌། །མཚུངས་པར་དམ་པ་རྣམས་ལ་སྣང་ངོ་། ། རྣམ་ཤེས་གནས་པ་མེད་པ་ལས། །གལ་ཏེ་སྨྱོན་པར་འགྱུར་ན་ནི། ། སྲིད་གནས་སྨྱོན་པ་མ་ཡིན་ཞེས། །མཁས་པ་སུ་ཞིག་སྨྲ་བར་འགྱུར། ། སྨྲས་པ། དེ་ལྟར་ན་དེ་ལ་འཇིག་རྟེན་རྣམས་ཅི་སྟེ་མི་སྐྱོ། བཤད་པ། སྨྱོ་བའི་རང་བཞིན་ཅན་ཡིན་པའི་ཕྱིར་ཏེ། རྣམ་པར་ཤེས་པ་གནས་པ་མེད་པ་ལས། །གལ་ཏེ་སྨྱོན་པར་འདོད་པར་འགྱུར་ན་ནི། །སྲིད་པར་གནས་པ་རྣམས་སྨྱོན་པ་མ་ཡིན་༼༣༤༧༽ཞེས། །མཁས་པ་སུ་ཞིག་གིས་སྨྲ་བར་འགྱུར། ། འགྲོ་ལ་སོགས་པའི་སྡུག་བསྔལ་དག །བཟློག་ལ་ཉམས་པ་མཐོང་གྱུར་ཏེ། ། དེས་ན་ལས་ཀུན་ཟད་པ་ལས། །བློ་གྲོས་ལྡན་པས་བློ་བསྐྱེད་དོ། ། དེས་ན་ལས་ཀྱི་འཇུག་པ་ཐམས་ཅད་འགག་པའི་སྒོ་ནས་སྲིད་པ་ཡོངས་སུ་སྤངས་བར་བྱ་དགོས་པས་དེ་བསྟན་པའི་ཕྱིར་བཤད་པ། །འགྲོ་བ་དང་སྡོད་པ་ལ་སོགས་པའི་སྡུག་བསྔལ་བ་དག །དེ་དག་བཟློག་པ་ལ་ཉམས་པ་མཐོང་བར་གྱུར་ཏེ། །དེས་ན་ལས་ཡོད་དོ་ཅོག་ཀུན་ཟད་པ་ལ། །བློ་གྲོས་དང་ལྡན་པས་བློ་བསྐྱེད་དོ། ། གང་ཚེ་འབྲས་བུ་གཅིག་གི་ཡང༌། །ཐོག་མའི་རྒྱུ་ནི་སྣང་མིན་པ། ། དེ་ཚེ་གཅིག་ལ་ཡང་རྒྱས་པར། །མཐོང་ནས་གང་ལ་འཇིགས་མི་འབྱུང༌། ། འབྱུང་བ་ལས་གྱུར་པའམ་སེམས་ལས་གྱུར་པ་ཡང་རུང་སྟེ། གང་ཚེ་འབྲས་བུ་གཅིག་གི་ཡང༌། །ཐོག་མའི་རྒྱུ་ནི་སྣང་བར་ནུས་པ་མིན་པ། །དེ་ཚེ་གཅིག་ལ་མཐའ་ཡས་པ་ཡང་རྒྱས་པར། །མཐོང་ནས་གང་ལ་འཇིགས་པར་མི་འབྱུང་སྟེ་སྲིད་པ་ལ་འཇིགས་པར་རིགས་སོ། ། འབྲས་བུ་ཐམས་ཅད་ངེས་པར་ནི། །འགྲུབ་པར་འགྱུར་བ་མ་ཡིན་ཞིང༌། ། གྲུབ་ལ་ངེས་པར་མཐར་འགྱུར་ན། །དེ་ཡི་དོན་དུ་ཅི་སྟེ་འཇོམས། ། གཞན་ཡང་འདིར་གང་ཞིག་མངོན་པར་འདོད་ཅིང་སྲིད་པའི་ཡོངས་སུ་གཡོ་བ་དེ་གལ་ཏེ་ངེས་པར་འགྲུབ་པར་འགྱུར་ན་ནི་དེའི་ཚེ་གཡོ་བར་རིག་པ་ཞིག་ན། བྱ་བ་གང་བརྩམས་པའི་འབྲས་བུ་ཐམས་ཅད་ངེས་པར་ནི། །འགྲུབ་པར་འགྱུར་བ་མ་ཡིན་ཅིང༌། །གྲུབ་པ་ལའང་ངེས་པར་མཐར་འཇིག་པར་འགྱུར་ན། །དེ་ཡི་དོན་དུ་འཇིག་རྟེན་འདི་ནི་ཅི་སྟེ་འཇོམས་པར་བྱེད། ། ལས་ནི་འབད་པས་བྱེད་འགྱུར་ཞིང༌། །བྱས་ཟིན་འབད་པ་མེད་པར་འཇིག ། དེ་ལྟར་གྱུར་ཀྱང་ཁྱོད་ལ་ཀོ། །ལས་ལ་ཆགས་བྲལ་འགའ་ཡོད་མིན། ། འབྲས་བུ་ལ་ཇི་ལྟ་བ་བཞིན་དུ་ལས་ཀྱང་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། ལས་ནི་འབད་པ་ཆེན་པོས་བྱེད་པར་འགྱུར་ཞིང༌། །བྱས་ཟིན་པ་རྣམས་ཀྱང་འབད་པ་མེད་པར་འཇིག་གོ །༼༣༤༨༽དེ་ལྟར་གྱུར་ཀྱང་ཁྱོད་ལ་ཀོ །ལས་དེ་དག་ལ་འདོད་ཆགས་དང་བྲལ་བ་འགའ་ཡང་ཡོད་པ་མིན་པས་བླུན་པ་ཡིན་ནོ། ། འདས་ལ་བདེ་བ་ཡོད་མིན་ཞིང༌། །མ་འོངས་པ་ལའང་ཡོད་མིན་ལ། ། ད་བྱུང་བའང་འགྲོ་ཉིད་དེ། །ཁྱོད་ཀྱི་ངལ་འདི་གང་ཕྱིར་ཡིན། ། གལ་ཏེ་ཡང་འབད་པ་མེད་པར་ལས་འཇིག་མོད་ཀྱི། དེ་ལྟར་ན་ཡང་བདེ་བའི་རྒྱུ་ཉིད་ཀྱི་ཕྱིར་དེ་ལ་འདོད་ཆགས་དང་བྲལ་བར་མི་འགྱུར་རོ། །བཤད་པར་བྱ་སྟེ། འདས་པའི་རྣམ་པར་ཤེས་པ་ལ་ནི་འགགས་ཟིན་པའི་ཕྱིར་བདེ་བ་ཡོད་པ་མིན་ཞིང༌། །མ་འཕྲད་པའི་ཕྱིར་མ་འོངས་པ་ལའང་ཡོད་པ་མིན་ལ། །ད་ལྟར་བྱུང་བའང་མི་གནས་པར་འགྲོ་བ་ཉིད་དེ། །དེས་ན་ཁྱོད་ཀྱི་བདེ་བ་དོན་གཉེར་གྱི་ངལ་བ་འདི་གང་གི་ཕྱིར་ཡིན། ། མཁས་པ་རྣམས་ལ་མཐོ་རིས་ཀྱང༌། །དམྱལ་བ་དང་མཚུངས་འཇིགས་སྐྱེད་འགྱུར། ། རྣམ་པ་ཀུན་ཏུ་དེ་རྣམས་ལ། །སྲིད་གང་འཇིགས་པ་མི་སྐྱེད་དཀོན། ། དེ་ལྟ་ཡིན་མོད་ཀྱི། འོན་ཀྱང་མཐོ་རིས་ཀྱི་དོན་དུ་གདོན་མི་ཟ་བར་དགེ་བའི་ལས་བྱའོ་ཞེ་ན། བཤད་པ། མཁས་པ་རྣམས་ལ་སྲིད་པ་གཞན་ལྟ་ཞོག་མཐོ་རིས་ཀྱང་དེ་ལ་ཀུན་ནས་ཉོན་མོངས་པ་སྣ་ཚོགས་སྐྱེ་བའི་སྒོར་གྱུར་པའི་ཕྱིར་དང༌། ཡུལ་ལས་ཡང་དག་པར་ཕྱུང་བའི་ཉོན་མོངས་པ་དྲག་པོའི་མེ་འབར་བའི་ཕྱིར་དང༌། གཏི་མུག་ཤས་ཆེ་བ་ཉིད་ཀྱི་ཕྱིར་ན་དམྱལ་བ་དང་མཚུངས་པར་འཇིགས་པ་སྐྱེ་བར་འགྱུར་བ། །དེས་ན་རྣམ་པ་ཀུན་ཏུ་མཁས་པ་དེ་རྣམས་ལ། །སྲིད་པའི་གནས་གང་ཡང་འཇིགས་པ་མི་སྐྱེད་པ་དེ་ནི་དཀོན་པ་ཡིན་ནོ། ། གལ་ཏེ་བྱིས་པའང་རྣམ་ཀུན་ཏུ། །འཁོར་བའི་སྡུག་བསྔལ་ཤེས་གྱུར་ན། ། སྐད་ཅིག་དེ་ལ་སེམས་དང་ནི། །ལྷན་ཅིག་གཏན་དུ་འཇིག་པར་འགྱུར། ། གལ་ཏེ་བྱིས་པའང་རྣམ་པ་ཀུན་ཏུ། །འཕགས་པས་གཟིགས་པ་ལྟར་འཁོར་བའི་སྡུག་བསྔལ་འདི་མངོན་སུམ་དུ་ཤེས་པར་གྱུར་ན། །སྐད་ཅིག་དེ་ལ་སེམས་དང་ནི། །ལྷན་༼༣༤༩༽ཅིག་ཏུ་ལུས་རྡུལ་ཕྲན་དུ་གཏན་དུ་འཇིག་པར་འགྱུར་རོ། ། སེམས་ཅན་རློམ་པ་ཅན་མིན་དཀོན། །རློམ་ཅན་སྙིང་རྗེ་ལྡན་པ་མེད། ། དེས་ན་སྣང་ནས་སྣང་བར་ནི། །འགྲོ་བ་ཤིན་ཏུ་རྙེད་དཀར་གསུངས། ། གཞན་ཡང་འཁོར་བ་འདི་ན་བྱ་བ་དག་ལ་ནུས་པ་དང་ལྡན་ཞིང་གཡོ་བར་གྱུར་པ་བདེ་ཡང་གྱུར་ན། དེ་ཡང་ངེས་པར་དཔྱད་ན་སེམས་ཅན་ནུས་ཤིང་གཞོན་ཤ་དང་ལྡན་པ་རྣམས་རློམ་པ་ཅན་མིན་པ་དཀོན་ལ། །རློམ་པ་ཅན་དེ་ནི་སྙིང་རྗེ་དང་ལྡན་པ་མེད་པས། །དེས་ན་སྣང་བ་ནས་སྣང་བར་ནི། །འགྲོ་བ་ཤིན་ཏུ་རྙེད་པར་དཀའ་བར་བཅོམ་ལྡན་འདས་ཀྱིས་གསུངས་སོ། ། འདི་ན་ཡུལ་ལོག་གྱུར་པ་ལ། །ཡུལ་ནི་དམིགས་པར་གྲགས་གྱུར་ཏེ། ། ཕྱིན་ཅི་ལོག་ཏུ་གྱུར་པའི་ཆོས། །རྒྱུ་ཅི་ཞིག་གིས་ཡང་དག་འདོད། ། གང་ཡུལ་དག་ལ་རེ་བ་མེད་པ་ནི་ཚངས་པར་སྤྱོད་པ་ཁས་བླངས་པ་ལས་དེ་དག་ཡོངས་སུ་དོར་ཏེ། འདི་ན་འདོད་པའི་ཡུལ་རྣམས་སྤངས་ཏེ་ལོག་པར་གྱུར་པ་ལ་དེ། །འདི་ནས་ཤི་འཕོས་ཤིང་ཕྱུག་པོའི་རིགས་སམ་མཐོ་རིས་སུ་སྐྱེས་པ་ལ་ཡུལ་ནི་ཡིད་དུ་འོང་བ་དག་དམིགས་པར་གྲགས་པར་གྱུར་ཏེ། །དེའི་ཕྱིར་ན་འཁོར་བའི་རྒྱུ་ཕྱིན་ཅི་ལོག་ཏུ་གྱུར་པའི་ཆོས། །དེ་ལ་རྒྱུ་ཅི་ཞིག་གིས་ཡང་དག་པར་འདོད། ། བསོད་ནམས་འབྲས་བུ་ཕྱུག་པ་སྟེ། །དེ་གཞན་ལས་ཡེ་བསྲུང་བྱ་ན། ། རྟག་ཏུ་གཞན་ལས་བསྲུང་བྱ་གང༌། །དེ་ནི་ཇི་ལྟར་བདག་གིར་འགྱུར། ། ལས་དེའི་འབྲས་བུ་ཕྱུག་པ་གང་ཡིན་པ་དེ་ཡང་རང་དབང་དུ་གྱུར་པ་ཉིད་མེད་པའི་ཕྱིར་དང༌། སྡུག་བསྔལ་གྱི་གནས་ཡིན་པའི་ཕྱིར་མཁས་པས་དེ་ལ་རེ་བར་མི་བྱ་སྟེ། འདི་ལྟར་སྔོན་བསོད་ནམས་བསགས་པའི་འབྲས་བུ་ཕྱུག་པ་སྟེ། །དེ་ཆོམ་རྐུན་སོགས་གཞན་ལས་ཡོངས་སུ་བསྲུང་བར་བྱ་ན། །རྟག་ཏུ་གཞན་ལས་བསྲུང་བར་བྱ་བ་གང་ཡིན་པ། །དེ་ནི་ཇི་ལྟར་བདག་གི་ཡིན་པར་འགྱུར། །༼༣༥༠༽ འཇིག་རྟེན་ཚུལ་ལུགས་གང་དང་གང༌། །དེ་དང་དེ་ལ་ཆོས་རྗེས་འཇུག ། དེ་ཡི་ཕྱིར་ན་ཆོས་བས་ཀྱང༌། །འཇིག་རྟེན་སྟོབས་ལྡན་ལྟ་བུར་སྣང༌། ། འཇིག་རྟེན་པའི་ཆོས་ནི་གནས་པ་མེད་པའི་ཕྱིར་དེ་ལ་རེ་བ་མི་ལེགས་ཏེ། འཇིག་རྟེན་པའི་ཚུལ་ལུགས་ཡུལ་དང་རིགས་དང་རུས་དང་བུ་མོ་རྫོང་བ་ལ་སོགས་གང་དང་གང་ཡིན་པ། །དེ་དང་དེ་ལ་ཆོས་ཞེས་ཡང་དག་པར་རྗེས་སུ་འཇུག་གོ །གང་ཞིག་ཡུལ་དང་དུས་ཀྱི་ཁྱད་པར་དག་རྣམ་པ་གཞན་དུ་འགྱུར་བ་འདི་ནི་རང་བཞིན་གྱིས་རྣམ་པར་གནས་པས། །དེ་ཡི་ཕྱིར་ན་ཆོས་བས་ཀྱང༌། །འཇིག་རྟེན་ཉིད་སྟོབས་དང་ལྡན་པ་ལྟ་བུར་སྣང་ངོ་། ། ཡུལ་ནི་དགེ་བས་ཡིད་འོང་ན། །ཡུལ་དེའང་ངན་པར་བརྩི་བ་ཡིན། ། གང་ཞིག་བཏང་བ་ཤིས་གྱུར་པ། །དེ་གྲུབ་པ་ཡིས་ཅི་ཞིག་དགོས། ། བདེ་བ་ཉམས་སུ་མྱོང་བའི་རྒྱུ་ཡུལ་བཟང་པོ་འདོད་པས་ཆོས་བྱ་བར་འོས་སོ་སྙམ་ན། བཤད་པ། ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་ནི་དགེ་བ་བྱས་པས་ཡིད་དུ་འོང་ན། །ཡུལ་དེའང་ཐར་པ་འདོད་པ་དག་གིས་ངན་པར་བརྩི་བ་ཡིན་པས། །གང་ཞིག་བག་མེད་པའི་གནས་ཉིད་ཀྱི་ཕྱིར་བཏང་བ་མཆོག་ཏུ་ཤིས་པར་གྱུར་པ། །དེ་གྲུབ་པ་ཡིས་ཅི་ཞིག་དགོས་ཏེ་ཆོས་མ་ཡིན་པ་ལྟར་ཆོས་ལའང་ཆགས་པ་དོར་བར་བྱའོ། ། གང་ལ་བཀའ་ལུང་དགོས་མེད་པ། །དེ་ལ་ཆོས་དོན་མེད་པར་འགྱུར། ། གང་ཡང་བཀའ་ལུང་དོན་གཉེར་ཉིད། །དེ་ནི་སྐྱེ་ནང་བླུན་ཞེས་བྱ། ། དེ་ལྟར་ཡིན་མོད་ཀྱི་འོན་ཀྱང་རྒྱལ་སྲིད་དག་ན་བཀའི་རོ་མྱང་བས་བརླིང་བ་ཡིན་ལ། དེའི་དོན་དུ་བསོད་ནམས་དེ་གསོག་དགོས་སོ། །བཤད་པ། གང་ལ་རྒྱལ་པོའི་བཀའ་ལུང་དགོས་པ་མེད་པ། །དེ་ལ་དེའི་རྒྱུ་ཆོས་དེ་ཡང་དོན་མེད་པར་འགྱུར་བ། །གང་ཡང་རྒྱལ་པོའི་བཀའ་ལུང་དོན་དུ་གཉེར་བ་ཉིད། །དེ་ནི་སྐྱེ་བོའི་ནང་ན་བླུན་ཞེས་བྱ་བ་ཡིན་ནོ། ། མ་འོངས་པ་ཡི་འབྲས་མཐོང་ནས། །ཆོས་འདོད་ཆགས་པས་ཁྱོད་ཆགས་ན། ། མ་འོངས་མཐའ་ཉིད་མཐོང་གྱུར་ན། །འཇིགས་པ་མེད་དམ་ཅི་ཞིག་བྱེད། ། སྨྲས་པ། མཐོ་རིས་ཀྱི་གནས་ན་ཆོས་ཀྱི་འབྲས་བུ་ཕྱུག་པོ་དག་ཡིན་པས་༼༣༥༡༽དེ་དོན་དུ་གཉེར་བས་ཅིའི་ཕྱིར་བསོད་ནམས་ལ་མི་བརྟེན། བཤད་པ། མ་འོངས་པ་ཡི་འབྲས་བུ་ཕྱུག་པ་ཉིད་མཐོང་ནས། །ཆོས་འདུ་བྱེད་དགེ་བ་ལ་འདོད་ཆགས་པས་ཁྱོད་ཆགས་ན། །དེ་མ་ཐག་ཏུ་ངན་འགྲོར་ལྟུང་བས་མ་འོངས་པའི་མཐའ་ཉིད་མཐོང་བར་གྱུར་ན། །དེ་ལ་འཇིགས་པ་མེད་དམ་དེ་བསྒྲུབས་པས་ཅི་ཞིག་བྱེད། །དེ་བས་ན་འབྲས་བུ་དང་ཆོས་ལ་ཆགས་པ་མེད་པ་ནི་ངེས་པར་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་ཅན་དུ་འགྱུར་རོ། ། གླ་བ་ལྟ་བུའི་བསོད་ནམས་ནི། །རྣམ་ཀུན་རྔན་པ་དང་མཚུངས་འགྱུར། ། གང་དག་དགེ་བའང་མི་འདོད་པ། །དེ་དག་མི་དགེ་ཇི་ལྟར་བྱེད། ། གཞན་ཡང་འབྲས་བུའི་དོན་དུ་དགེ་བ་འདོད་ན་གླ་ལེན་པ་ལྟ་བུའི་སྐྱེ་བོ་དག་སྦྱིན་པ་སོགས་བསོད་ནམས་བྱེད་པ་ནི། །དེའི་འབྲས་བུ་རྣམ་པ་ཀུན་ཏུ་བརྔན་པ་དང་མཚུངས་པར་འགྱུར་བ་དེའི་ཕྱིར་འདི་ལ་གུས་པར་མི་བྱའོ། །འོ་ན་དེ་ལས་བཟློག་པར་འགྱུར་རོ་སྙམ་ན། རྒྱལ་སྲས་གང་དག་མཐོ་རིས་ཀྱི་ཕྱིར་དགེ་བའང་མི་འདོད་པ། །དེ་དག་གིས་ངན་སོང་གི་རྒྱུ་མི་དགེ་བ་ཇི་ལྟར་བྱེད། ། གང་གིས་འགྲོ་བ་འཁྲུལ་འཁོར་གྱི། །ཚོགས་འདྲ་སྒྱུ་མའི་སྐྱེས་བུ་ལྟར། ། མཐོང་བར་གྱུར་པ་དེ་དག་ཅེས། །གསལ་བར་གོ་འཕང་དམ་པར་འགྲོ། ། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་དམ་པ་ཁོང་དུ་ཆུད་པ་གང་གིས་འགྲོ་བ་རྣམས་འཁྲུལ་འཁོར་གྱི། །ཚོགས་པ་འདྲ་བ་དང་སྒྱུ་མའི་སྐྱེས་བུ་ལྟར་རང་བཞིན་དང་བྲལ་ཞིང་། །ཡོད་པ་མ་ཡིན་པའི་རང་གི་ངོ་བོར་མཐོང་བར་གྱུར་པ་དེ་དག་ནི་ཆེས། །གསལ་བར་གོ་འཕང་དམ་པ་མྱ་ངན་ལས་འདས་པའི་མཐར་ཐུག་པར་འགྲོའོ། ། གང་དག་ལ་ནི་འཁོར་བ་ན། །ཡུལ་རྣམས་ཀྱིས་ཀྱང་དགའ་མེད་པ། ། དེ་དག་ལ་འདིར་རྣམ་ཀུན་ཏུ། །དགའ་བ་འཐད་པ་མ་ཡིན་ཉིད། ། དེའི་ཕྱིར་དེ་ལྟར་ན་སྒྱུ་མའི་རང་བཞིན་དང་ཐ་མི་དད་པའི་ཆོས་ཀྱི་རང་བཞིན་ལ་མཁས་པ་གང་༼༣༥༢༽དག་ལ་ནི་འཁོར་བ་ན། །ལྷའི་བདེ་བ་ལྟ་བུའི་ཡུལ་རྣམས་ཀྱིས་ཀྱང་དགའ་བ་མེད་པ། །དེ་དག་ལ་འདིར་སྡུག་བསྔལ་དུ་མས་གཙེས་པ་ལ་རྣམ་པ་ཀུན་ཏུ། །དགའ་བ་འཐད་པ་མ་ཡིན་པ་ཉིད་དོ། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། མི་ཉིད་ཀྱིས་འདོད་པའི་ལོངས་སྤྱོད་ལ་ཞེན་པ་སྤང་བའི་ཐབས་བསྟན་པ་སྟེ་རབ་ཏུ་བྱེད་པ་བདུན་པའོ།། །།

ཇི་ལྟར་མི་མཐུན་མི་རྣམས་ལ། །མཛའ་བ་ཡུན་རིང་མི་གནས་པ། ། དེ་བཞིན་ཀུན་ལ་སྐྱོན་ཤེས་ལ། །འདོད་ཆགས་ཡུན་རིང་མི་གནས་སོ། ། གང་ཞིག་འདོད་ཆགས་ཀྱི་འཆིང་བ་ཚ་བས་ཆེ་བ་ཉིད་ཀྱི་ཕྱིར་དེ་སྤང་བར་མི་སྲིད་པར་དོགས་པ་དེ་ལ་བཤད་པ། ཇི་ལྟར་རྗེས་སུ་མི་མཐུན་པའི་གང་ཟག་དེ་མི་རྣམས་ལ། །མཛའ་བ་ཡུན་རིང་དུ་མི་གནས་པ། །དེ་བཞིན་དུ་ཕྱི་ནང་གི་དངོས་པོ་ཀུན་ལ་སྐྱོན་ཤེས་པ་དེ་ལ། །འདོད་ཆགས་ཡུན་རིང་དུ་མི་གནས་སོ། ། ལ་ལ་དེ་ཉིད་ལ་ཆགས་ཏེ། །ལ་ལ་དེ་ཉིད་ལ་སྡང་ཞིང༌། ། ལ་ལ་དེ་ཉིད་ལ་རྨོངས་པ། །དེ་ཕྱིར་འདོད་པ་དོན་མེད་པའོ། ། ཀུན་ལ་སྐྱོན་ཤེས་པས་འདོད་ཆགས་ཀྱི་གཞི་ཡང་སྤང་བ་ཡིན་པའི་ཚུལ་བཤད་པ། ལ་ལ་དེ་ཉིད་ལ་ཆགས་ཏེ་དགའ་བར་བྱེད་དོ། །ལ་ལ་དངོས་པོ་དེ་ཉིད་ལ་སྡང་ཞིང་མི་འདོད་པའི་བློ་སྐྱེའོ། །ལ་ལ་དེ་ཉིད་ལ་རྨོངས་པས་དེའི་རང་བཞིན་མི་ཤེས་པ། །དེའི་ཕྱིར་འདོད་ཆགས་སོགས་ཀྱི་དམིགས་པ་མ་གྲུབ་པས་འདོད་པ་དེ་དོན་ལ་གྲུབ་པ་མེད་པའོ། ། རྟོག་པ་མེད་པར་འདོད་ཆགས་ལ། །སོགས་པ་ཡོད་ཉིད་ཡོད་མིན་ན། ། ཡང་དག་དོན་དང་རྟོག་པ་ཞེས། །བློ་དང་ལྡན་པ་སུ་ཞིག་འཛིན། ། རྒྱུ་མ་གྲུབ་པས་ཀྱང་འདོད་ཆགས་ལ་སོགས་པ་མ་གྲུབ་པར་བསྟན་པའི་ཕྱིར་བཤད་པ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྟོག་པ་རྣམས་མེད་པར་འདོད་ཆགས་ལ། །སོགས་པ་དག་ལ་རང་གི་ངོ་བོའི་ཡོད་པ་ཉིད་༼༣༥༣༽རྣམ་པ་ཐམས་ཅད་དུ་ཡོད་པ་མིན་ན། །ཡང་དག་པའི་དོན་དེ་རྟོག་པ་ལ་བལྟོས་པ་ཡིན་ཞེས། །བློ་དང་ལྡན་པ་སུ་ཞིག་གིས་འཛིན་པར་བྱེད། ། འགའ་ལའང་གང་དང་ལྷན་ཅིག་ཏུ། །བཅིངས་པ་ཞེས་བྱ་ཡོད་མིན་ཏེ། ། གཞན་དང་ལྷན་ཅིག་བཅིངས་པ་ལ། །བྲལ་བར་རིགས་པ་མ་ཡིན་ནོ། ། སྨྲས་པ། དེ་དག་ལ་རང་བཞིན་ཡོད་པ་ཁོ་ན་སྟེ། འཆིང་བ་ཡིན་པའི་ཕྱིར་རོ། །འདི་ལྟར་བུད་མེད་ནི་སྐྱེས་པའི་ཡུལ་ཅན་གྱི་འདོད་ཆགས་ཀྱིས་སྐྱེས་པ་དང་ལྷན་ཅིག་བཅིང་པས་སྐྱེས་པ་ལས་མི་འདའ་བ་སྐྱེས་པའང་བུད་མེད་ཀྱི་ཡུལ་ཅན་གྱི་འདོད་ཆགས་ཀྱིས་བུད་མེད་དང་ལྷན་ཅིག་བཅིང་པས་བུད་མེད་མི་བཏང་ངོ་སྙམ་ན་བཤད་པ། དོན་འགའ་ལའང་རང་བཞིན་མ་གྲུབ་པས་དོན་གང་དང་ལྷན་ཅིག་ཏུ། །བཅིངས་པ་ཞེས་བྱ་བ་ཡོད་པ་མིན་ཏེ། །གལ་ཏེ་ཡོད་ན་གཞན་དང་ལྷན་ཅིག་ཏུ་བཅིངས་པ་ལ། །བྲལ་བར་འགྱུར་བ་ཉིད་ཀྱང་རིགས་པ་མ་ཡིན་ནོ། །དེའི་ཕྱིར་འདུན་པའི་འདོད་ཆགས་ཉིད་ཁོ་ན་འཆིང་བ་ཡིན་ནོ། ། བསོད་ནམས་ཆུང་ངུ་ཆོས་འདི་ལ། །ཐེ་ཚོམ་ཟ་བར་ཡང་མི་འགྱུར། ། ཐེ་ཚོམ་ཟ་བ་ཙམ་ཞིག་གིས། །སྲིད་པ་ཧྲུལ་པོར་བྱས་པར་འགྱུར། ། བསོད་ནམས་ཆུང་ངུ་ཐོག་མ་མེད་པ་ནས་གཟུགས་བརྙན་ལྟ་བུའི་དངོས་པོ་ལ་བདེན་པར་མངོན་པར་ཞེན་པ་རྣམས་ཆོས་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ལ། །འདི་ལྟར་ཡིན་ནམ་མ་ཡིན་སྙམ་པའི་ཐེ་ཚོམ་ཟ་བ་ཡང་མི་འགྱུར་བས་འཁོར་བར་འཁྱམ་མོ། །གལ་ཏེ་ཡིན་ལས་ཆེ་སྙམ་པའི་ཐེ་ཚོམ་ཟ་བ་ཙམ་ཞིག་གིས་ཀྱང་། དེའི་དུས་ན་སྲིད་པ་ཧྲུལ་པོར་བྱས་པར་འགྱུར། ། ཆོས་གང་ཞིག་ལ་ཐུབ་པ་ཡིས། །ཐར་པའི་བར་དུ་འཕེལ་བ་ཉིད། ། གསུངས་དེར་གང་ལ་གུས་མེད་པ། །དེ་ནི་གསལ་བར་བློ་ལྡན་མིན། ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བྱིན་གྱིས་མ་བརླབས་པའི་སྦྱིན་པ་ལ་སོགས་པ་རྣམས་ཀྱིས་ནི་དམུས་ལོང་ལྟར་༼༣༥༤༽ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་དུ་ཕྱིན་པར་བྱེད་མི་ནུས་སོ་ཞེས་སྟོན་པས་གསུངས་པ་དེའི་ཕྱིར། རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཆོས་གང་ཞིག་ལ་ཐུབ་པ་ཡིས། །བཟོད་པའི་སྐད་ཅིག་དང་པོ་ནས་ཉེ་བར་བཟུང་སྟེ་ཐར་བར་འགྱུར་པའི་བར་དུ་ཡོངས་སུ་མི་ཉམས་པ་དང་འཕེལ་བ་ཉིད་དུ། །གསུངས་པ་དེར་གང་ཟག་གང་དེ་ལ་གུས་པ་མེད་པ། །དེ་ནི་གསལ་བར་བློ་དང་ལྡན་པ་མིན་པས་དེའི་ཕྱིར་དེ་ལྟར་བླུན་པོར་འགྱུར་དུ་འོང་བས་མཁས་པ་རྣམས་ཀྱིས་རང་བཞིན་སྟོང་པ་ཉིད་དུ་ལྟ་བ་ལ་གུས་པ་བཞག་པར་བྱའོ། ། བདག་ནི་མྱ་ངན་འདའ་འགྱུར་ཞེས། །སྟོང་མིན་སྟོང་ལྟར་མཐོང་མིན་ཏེ། ། ལོག་ལྟས་མྱ་ངན་མི་འདའ་བར། །དེ་བཞིན་གཤེགས་པ་རྣམས་གསུང་ངོ༌། ། ཡང་ཅི་དངོས་པོ་འདི་རྣམས་མི་སྟོང་བཞིན་དེ་ལ་ཆགས་པ་དང་བྲལ་བའི་ཕྱིར་སྟོང་པར་བལྟའམ། འོན་ཏེ་རང་བཞིན་གྱིས་སྟོང་པ་ཞིག་ཡིན། བཤད་པ། ལམ་འདིས་བདག་ནི་མྱ་ངན་ལས་འདའ་བར་འགྱུར་ཞེས། །སྟོང་པ་མིན་པ་ཉིད་སྟོང་པ་ལྟར་མཐོང་བ་མིན་ཏེ། །དངོས་པོའི་གནས་ཚུལ་ལ་མ་ཞུགས་པའི་ལོག་པར་ལྟ་བས་མྱ་ངན་ལས་མི་འདའ་བར། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་སོ། ། གང་ལས་འཇིག་རྟེན་བསྟན་འབྱུང་བ། །དེ་ལས་འཇུག་པ་གསུངས་པ་སྟེ། ། གང་ལས་དོན་དམ་བསྙད་འབྱུང་བ། །དེ་ལས་ལྡོག་པ་གསུངས་པའོ། ། དེའི་ཕྱིར་འདིར་དེ་བཞིན་གཤེགས་པའི་གསུང་རབ་གང་ལས་འཇིག་རྟེན་རང་དང་སྤྱིའི་མཚན་ཉིད་བསྟན་པ་འབྱུང་བ། །དེ་ལས་རྟེན་འབྲེལ་ལུགས་སུ་འཇུག་པ་གསུངས་པ་སྟེ་རྒྱུ་མེད་པ་དང་རྒྱུ་གཅིག་པ་དང་མི་མཐུན་པའི་རྒྱུ་དགག་པའི་ཕྱིར་མ་རིག་པ་དང་འདུ་བྱེད་ལ་སོགས་པ་བསྟན་པ་ཡིན་ནོ། །གང་ལས་རྟེན་ཅིང་འབྲེལ་བར་འབྱུང་བ་རང་བཞིན་གྱིས་སྟོང་པའི་དོན་དམ་༼༣༥༥༽བསྙད་པར་འབྱུང་བ། །དེ་ལས་ནི་ལུགས་ལས་ལྡོག་པ་གསུངས་པའོ། ། ཀུན་ཡོད་མ་ཡིན་ཅི་བྱ་ཞེས། །ཁྱོད་ལ་འཇིགས་པ་སྐྱེ་འགྱུར་གྲང༌། ། གལ་ཏེ་བྱ་བ་ཡོད་ན་ནི། །ཆོས་འདི་ཟློག་བྱེད་མི་འགྱུར་རོ། ། དངོས་པོ་ཀུན་ཡོད་པ་མ་ཡིན་ན་ལམ་བསྒྲུབས་པས་ཅི་བྱ་ཞེས། །ཁྱོད་ལ་འཇིགས་པ་སྐྱེ་བར་འགྱུར་གྲང་ན། །གལ་ཏེ་བྱ་བ་དང་ལས་དང་བྱེད་པ་སོགས་ཡོད་ན་ནི། །ཆོས་འདི་དེ་དག་གི་ཟློག་བྱེད་དུ་ཡང་མི་འགྱུར་རོ། ། ཁྱོད་ལ་རང་ཕྱོགས་ཆགས་ཡོད་ཅིང༌། །གཞན་གྱི་ཕྱོགས་ལ་མི་དགའ་ན། ། མྱ་ངན་འདས་པར་མི་འགྲོ་སྟེ། །གཉིས་སྤྱོད་ཞི་བར་ཡོད་མི་འགྱུར། ། ཡང་གལ་ཏེ་ཁྱོད་ལ་རང་ཕྱོགས་སྟོང་པ་ཉིད་ལ་འདི་ནི་མཆོག་ཏུ་བཀྲབས་པའོ་ཞེས་ཆགས་པ་ཡོད་ཅིང༌། །གཞན་གྱི་ཕྱོགས་དངོས་པོ་སྨྲ་བ་རྣམས་ལ་མི་དགའ་ན་ནི། །མྱ་ངན་ལས་འདས་པར་མི་འགྲོ་སྟེ། །ཆགས་སྡང་གཉིས་ལ་སྤྱོད་པ་དེ་ཞི་བར་ཡོད་མི་འགྱུར་རོ། ། བྱེད་མེད་མྱ་ངན་འདའ་འགྱུར་ཞིང༌། །བྱེད་པས་ཡང་སྲིད་འགྱུར་ཏེ་དེས། ། བསམ་ཁྲལ་མེད་པས་མྱ་ངན་ལས། །འདས་པ་ཐོབ་སླ་ཅིག་ཤོས་མིན། ། སྨྲས་པ། མྱ་ངན་ལས་འདས་པའི་ཐབས་ནི་མཆོག་ཏུ་བྱ་དཀའ་ལ་སྲིད་པའི་ལོངས་སྤྱོད་ཀྱི་རྒྱུ་ནི་དེ་ལྟར་མ་ཡིན་ནོ། །བཤད་པར་བྱ་སྟེ། བྱ་བ་ཐམས་ཅད་ལ་བྱེད་པ་མེད་པས་མྱ་ངན་ལས་འདའ་བར་འགྱུར་ཞིང༌། །དགེ་མི་དགེ་ལ་འཇུག་པའི་བྱེད་པས་ཡང་སྲིད་ཕྱི་མར་འགྱུར་ཏེ་དེས་ན། །བསམ་ཁྲལ་མེད་པས་མྱ་ངན་ལས། །འདས་པ་ཐོབ་པར་སླ་ལ་གཅིག་ཤོས་ནི་དེ་ལྟར་སླ་བ་མིན་ནོ། ། གང་ལ་འདི་སྐྱོ་ཡོད་མིན་པ། །དེ་ལ་ཞི་གུས་ག་ལ་ཡོད། ། རང་ཁྱིམ་ལས་བཞིན་སྲིད་པ་ནི། །འདི་ནས་འབྱུང་བའང་བྱ་བར་དཀའ། ། གལ་ཏེ་མི་བྱེད་པས་མྱ་ངན་ལས་འདའ་བར་འགྱུར་ན་ཅིའི་ཕྱིར་ཁྱོད་ཀྱི་བསྟན་བཅོས་འདི་ལས་མི་རྟག་པ་ལ་སོགས་པ་སྟོན་པར་བྱེད། བཤད་པ། དེ་ནི་འཁོར་བ་ལ་ཆགས་པའི་འགྲོ་བ་རྣམས་དེ་ལ་སྐྱོ་བར་བྱ་བའི་ཕྱིར་ཏེ། གང་ལ་༼༣༥༦༽འཁོར་བ་འདིར་སྐྱོ་བ་ཡོད་པ་མིན་པ། །དེ་ལ་དེ་ལས་ཐར་པའི་ཞི་བ་ལ་གུས་པ་ག་ལ་ཡོད། །རང་ཁྱིམ་ལ་སྙིང་པོ་ཆུང་ཡང་ཆགས་པ་ཡོངས་སུ་བཅད་དཀའ་བ་བཞིན་དུ་སྲིད་པ་ནི། །འདི་ནས་ངེས་པར་འབྱུང་བའང་བྱ་བར་དཀའ་འོ། ། ལ་ལ་སྡུག་བསྔལ་ཟིལ་མནན་ཅིང༌། །འཆི་བར་འདོད་པ་དག་སྣང་སྟེ། ། དེ་ཚེ་དེ་དག་གཏི་མུག་ཕྱིར། །གོ་འཕང་དམ་པར་མི་འགྲོར་ཟད། ། ལ་ལ་ནད་དང་དབུལ་བ་ལ་སོགས་པའི་སྡུག་བསྔལ་གྱིས་ཟིལ་གྱིས་མནན་ཅིང༌། །རང་ཉིད་མེ་དང་ཆུར་འཇུག་ནས་འཆི་བར་འདོད་པ་དག་ཀྱང་སྣང་སྟེ། །དེ་ཚེ་དེ་དག་ནི་གཏི་མུག་ཆེ་བའི་ཕྱིར། །གོ་འཕང་དམ་པ་མྱ་ངན་ལས་འདས་པར་མི་འགྲོ་བར་ཟད་དོ། ། སྦྱིན་པ་དམན་པ་ལ་གསུངས་ཤིང༌། །འབྲིང་ལ་ཚུལ་ཁྲིམས་གསུངས་པ་སྟེ། ། མཆོག་ལ་ཞི་བ་གསུངས་གྱུར་པ། །དེས་ན་རྟག་ཏུ་མཆོག་ཏུ་བྱོས། ། སྦྱིན་པ་ནི་དམན་པ་ཚུལ་ཁྲིམས་དང་བསྒོམས་པའི་སྣོད་དུ་མ་གྱུར་པ་དག་ལ་གསུངས་ཤིང༌། །འབྲིང་ལ་ཚུལ་ཁྲིམས་གསུངས་པ་སྟེ་སྦྱིན་པ་ལ་གནས་ཟིན་པ་དང་སྒོམ་པ་ལ་ནུས་པ་མེད་པས་དེ་གཉིས་བསྟན་པ་མ་ཡིན་ནོ། །སྔ་མ་གཉིས་ལ་གནས་ཟིན་པའི་མཆོག་རྣམས་ལ་རྣམ་རྟོག་ཉེ་བར་ཞི་བའི་བསྒོམ་པ་གསུངས་པར་གྱུར་པ། །དེས་ན་རྟག་ཏུ་མཆོག་ཏུ་བྱོས་ཤིག ། བསོད་ནམས་མིན་པ་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང༌། ། ཕྱི་ནས་ལྟ་བ་ཀུན་བཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། ། ཆེས་ཐོག་མར་མྱ་ངན་ལས་འདས་པའི་གཏམ་བྱ་བ་ཡང་མ་ཡིན་གྱི། མཐོང་བ་དང་མ་མཐོང་བའི་ཉེས་པ་བརྒྱ་ཕྲག་དུ་མའི་རྒྱུ་ཡིན་པའི་ཕྱིར་བསོད་ནམས་མིན་པ་མི་དགེ་བ་རྣམས་དང་པོར་ཟློག་པ་དང་། །བར་དུ་བདག་འཛིན་འཇིག་ཚོགས་ལ་ལྟ་བ་དག་ནི་བཟློག་པ་དང༌། །ཕྱི་ནས་ལྟ་བའི་དངོས་པོ་ཀུན་བཟློག་པའི་ཚུལ། །གང་གིས་ཤེས་༼༣༥༧༽པ་དེ་ནི་མཁས་པ་ཡིན་ནོ། ། དངོས་པོ་གཅིག་གི་ལྟ་བོ་གང༌། །དེ་ནི་ཀུན་གྱི་ལྟ་བོར་བཤད། ། གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་པ་ཉིད། ། གལ་ཏེ་ཆོས་གཅིག་ཀྱང་ཡོངས་སུ་མ་ཤེས་ཤིང་མ་སྤང་བར་སྡུག་བསྔལ་གྱི་མཐར་བྱེད་པ་ཡང་མི་སྲིད་ལ། བཅོམ་ལྡན་འདས་ཀྱིས་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་གང་ཅུང་ཟད་ཤེས་པར་བྱ་བ་དང་མངོན་སུམ་དུ་བྱ་བ་དེ་ཐམས་ཅད་མངོན་སུམ་དུ་མཛད་དོ་ཞེས་འདོན་པ་འདི་ཇི་ལྟར་བལྟ་བར་བྱ་ཞེ་ན། བཤད་པ། གཟུགས་ལ་སོགས་པའི་དངོས་པོ་གཅིག་གི་རང་བཞིན་སྟོང་པ་ཉིད་དུ་ལྟ་བ་པོ་གང་ཡིན་པ། །དེ་ནི་ཤེས་བྱ་ཀུན་གྱི་རང་བཞིན་ལ་ལྟ་བ་པོར་བཤད་ལ། །ཕུང་པོ་གཅིག་དང་སྐྱེ་མཆེད་གཅིག་དང་ཁམས་གཅིག་གི་སྟོང་པ་ཉིད་གང་ཡིན་པ། །དེ་ནི་ཤེས་བྱ་ཀུན་གྱི་སྟོང་པ་ཉིད་ཡིན་ཏེ། བུམ་པ་ལས་ཐ་དད་ཀྱང་ནམ་མཁའ་ལ་ཐ་དད་མེད་པ་བཞིན་ནོ། ། ཆོས་ཆགས་དེ་བཞིན་གཤེགས་རྣམས་ཀྱིས། །མཐོ་རིས་འདོད་པ་རྣམས་ལ་གསུངས། ། ཐར་པ་འདོད་རྣམས་ལ་དེ་ཉིད། །སྨད་འགྱུར་གཞན་དུ་སྨོས་ཅི་དགོས། ། སྨྲས་པ། གལ་ཏེ་ཆོས་ཐམས་ཅད་སྟོང་པའི་ཕྱིར་སྤང་བར་བྱ་བ་ཡིན་ན། བཅོམ་ལྡན་འདས་ཀྱིས་བསོད་ནམས་ཀྱི་ཚོགས་བསྔགས་པ་ཅིའི་ཕྱིར་གསུངས། བཤད་པར་བྱ་སྟེ། ཆོས་ལ་ཆགས་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས། །མཐོ་རིས་ཐོབ་པར་འདོད་ཅིང་ངན་འགྲོར་འགྲོ་བས་འཇིགས་པ་རྣམས་ལ་གསུངས་ཏེ། །བསོད་ནམས་དག་ནི་བྱ་འོས་ཏེ། །བསོད་ནམས་མ་བྱས་ཉིད་སྡུག་བསྔལ། །བསོད་ནམས་བྱས་པས་འཇིག་རྟེན་ནི། །འདི་དང་གཞན་དུ་དགའ་འགྱུར་རོ། །ཞེས་སོ། །ཐར་པ་འདོད་པ་༼༣༥༨༽རྣམས་ལ་ནི་ཆོས་ལ་ཆགས་པ་དེ་ཉིད་ཀྱང་། །སྨད་པར་འགྱུར་ན་གཞན་དུ་བསོད་ནམས་མ་ཡིན་པ་ནི་སྨོས་ཅི་དགོས། ། བསོད་ནམས་འདོད་པས་སྟོང་པ་ཉིད། །ཀུན་ཚེ་བརྗོད་པར་བྱ་མིན་ཏེ། ། གནས་མིན་གནས་ལ་སྦྱར་བའི་སྨན། །དུག་ཏུ་འགྱུར་བ་མ་ཡིན་ནམ། ། འོ་ན་སྡུག་བསྔལ་མཐའ་དག་ཉེ་བར་གཅོད་པའི་རྒྱུ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་དེ་ཁོ་ན་གཅིག་པུ་ཉེ་བར་བསྟན་པར་བྱའོ་ཞེ་ན། དེ་ནི་མ་ཡིན་ཏེ། འདིར་སྙིང་རྗེ་ཅན་བསོད་ནམས་འདོད་ཅིང་སེམས་ཅན་རྣམས་རྗེས་སུ་བཟུང་བར་འདོད་པས་སྟོང་པ་ཉིད་དེ་ནི། །ཀུན་གྱི་ཚེ་བརྗོད་པར་བྱ་བ་མིན་ཏེ། །གནས་མིན་པ་དེ་ལ་གནས་ལ་སྦྱར་བའི་སྨན་བྱིན་ཀྱང་། །དུག་ཏུ་འགྱུར་བ་མ་ཡིན་ནམ། །དེའི་ཕྱིར། དྲི་བྲལ་གོས་ལ་ཚོན་བཞིན་དུ། །དང་པོ་སྦྱིན་སོགས་གཏམ་རྣམས་ཀྱིས། །སེམས་ལ་ལེགས་པ་ཉིད་བསྐྱེད་དེ། །དེ་ནས་ཆོས་ནི་བསྒོམ་པར་མཛད། །ཅེས་གསུངས་སོ། ། ཇི་ལྟར་ཀླ་ཀློ་སྐད་གཞན་གྱིས། །གཟུང་བར་མི་ནུས་དེ་བཞིན་དུ། ། འཇིག་རྟེན་པ་ཡི་མ་གཏོགས་པ། །འཇིག་རྟེན་གཟུང་བར་ནུས་མ་ཡིན། ། དེའི་ཕྱིར་ཇི་ལྟར་ན་ཀླ་ཀློ་རྣམས་རང་གི་སྐད་ཁོ་ན་མ་གཏོགས་སྐད་གཞན་གྱིས། །གཟུང་བར་མི་ནུས་པ་དེ་བཞིན་དུ། །འཇིག་རྟེན་པ་ཡི་ཀུན་རྫོབ་ལ་བརྟེན་པ་མ་གཏོགས་པ། །འཇིག་རྟེན་པས་དམ་པའི་ཆོས་ཀྱི་རང་བཞིན་བརྗོད་དུ་མེད་པར་གཟུང་བར་ནུས་པ་མ་ཡིན་ནོ། ། ཡོད་དང་མེད་དང་ཡོད་མེད་དང༌། །གཉི་ག་མིན་ཞེས་ཀྱང་བསྟན་ཏེ། ། ནད་ཀྱི་དབང་གིས་ཐམས་ཅད་ཀྱང༌། །སྨན་ཞེས་བྱ་བར་འགྱུར་མིན་ནམ། ། དེ་ཉིད་ཀྱི་ཕྱིར་ཡོད་པ་དང་མེད་པ་ལ་སོགས་པ་བསྟན་པ་འཇིག་རྟེན་གཟུད་པའི་ཐབས་ཡིན་པ་ཉིད་ཀྱི་ཕྱིར་ཐམས་ཅད་མེད་པར་ལྟ་བའི་དྲི་མ་བཀྲུ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་གདུལ་བྱ་རྣམས་ལ་ཡོད་དོ་ཞེས་བསྟན་པ་དང་དངོས་པོ་མངོན་པར་ཞེན་པ་ཐམས་ཅད་སྤང་བའི་ཕྱིར་འགའ་༼༣༥༩༽ཞིག་ཏུ་མེད་དོ་ཞེས་གསུངས་པ་དང་ཡང་རྣམ་པ་གཉིས་ཀར་ལྟ་བ་སྤང་བའི་ཕྱིར་ནི་ཀུན་རྫོབ་ཏུ་ཡོད་པ་དང་དོན་དམ་དུ་མེད་པ་ཞེས་གསུངས་པ་དང༌། །སྤྲོས་པ་རྣམ་པ་ཐམས་ཅད་དུ་བཅད་པའི་ཕྱིར་ནི་གཉིས་ཀ་མིན་ནོ་ཞེས་ཀྱང་བསྟན་ཏེ། །དཔེར་ན་ནད་ཀྱི་དབང་གིས་དེ་ལ་ཕན་པའི་རྫས་ཐམས་ཅད་ཀྱང༌། །སྨན་ཞེས་བྱ་བར་འགྱུར་བ་མིན་ནམ་ཅི། ། ཡང་དག་མཐོང་ནས་གནས་མཆོག་པ། །ཅུང་ཟད་མཐོང་ན་བཟང་འགྲོ་སྟེ། ། དེ་ཕྱིར་ནང་བདག་བསམ་པ་ལ། །མཁས་པས་རྟག་ཏུ་བློ་གྲོས་བསྐྱེད། ། དོན་དམ་པའི་ཤེས་པས་དེ་ཁོ་ན་ཉིད་ཡང་དག་པར་མཐོང་ན་གནས་ཀྱི་མཆོག་མྱ་ངན་ལས་འདས་པ་ཐོབ་ལ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཅུང་ཟད་ཙམ་ཞིག་མཐོང་ན་ཡང་ལ་མིའི་འགྲོ་བ་བཟང་པོར་འགྲོ་སྟེ། །དེའི་ཕྱིར་ནང་གི་བདག་ཉིད་འདི་བསམ་པ་ལ། །མཁས་པ་རྣམས་ཀྱིས་རྟག་ཏུ་བློ་གྲོས་བསྐྱེད་དགོས་སོ། ། དེ་ཉིད་ཤེས་པས་གལ་ཏེ་འདིར། །མྱ་ངན་འདས་པ་མ་ཐོབ་ཀྱང༌། ། སྐྱེ་བ་ཕྱི་མར་འབད་མེད་པར། །ངེས་པར་ཐོབ་འགྱུར་ལས་བཞིན་ནོ། ། ཅི་སྟེ་རྐྱེན་འགའ་ཞིག་མ་ཚང་བ་ལས་དེ་ཁོ་ན་ཉིད་ཤེས་པས་གལ་ཏེ་ཚེ་འདིར། །མྱ་ངན་ལས་འདས་པ་མ་ཐོབ་ཀྱང༌། །སྐྱེ་བ་ཕྱི་མར་ནི་འབད་པ་མེད་པར། །ངེས་པར་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ཏེ་དཔེར་ན་གཏི་མུག་གིས་བྱས་པའི་ལས་ཀྱི་འབྲས་བུ་ཚེ་འདིར་སྨིན་པ་མེད་ཀྱང་འཇིག་རྟེན་གཞན་དུ་སྨིན་ངེས་པ་བཞིན་ནོ། །དེ་ཡང༌། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང༌། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །སྟོན་པ་མེད་ལས་རབ་ཏུ་འབྱུང༌། །ཞེས་གསུངས་སོ། ། བསམས་བཞིན་པ་ནི་བྱ་བ་ནི། །ཀུན་ལ་གྲུབ་པ་ཤིན་ཏུ་དཀོན། ། འདི་ནའང་མྱ་འདས་མེད་མིན་གྱི། །སྦྱོར་དང་གྲོལ་རྣམས་རྙེད་པར་དཀའ། ། གལ་ཏེ་དེ་ལྟར་དེ་ཁོ་ན་ཉིད་༼༣༦༠༽ཤེས་པ་ཡོད་ན་ཅིའི་ཕྱིར་གྲོལ་བ་དག་མི་སྣང་ཞེ་ན། ལ་ལར་སྣང་མོད་ཀྱི། མྱ་ངན་ལས་འདས་པ་ཁོ་ན་མཐོང་བར་དཀོན་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་རང་གི་བསམས་བཞིན་དུ་བསྒྲུབས་པར་བྱས་པ་ནི་བྱ་བ་ནི། །ཀུན་ལ་འབྲས་བུ་གྲུབ་པ་ཤིན་ཏུ་དཀོན་ལ། །འཇིག་རྟེན་འདི་ནའང་མྱང་འདས་འཐོབ་པ་མེད་པ་ནི་མིན་གྱི། །དགེ་བའི་བཤེས་གཉེན་དང་ནང་གི་ཚུལ་བཞིན་ཡིད་ལ་བྱེད་པ་མེད་པ་ལས་སྦྱོར་བ་དག་རྙེད་པར་དཀའ་བ་དང་དེའི་ཕྱིར་གྲོལ་བ་རྣམས་ཀྱང་རྙེད་པར་དཀའ་བའོ། ། ལུས་ལ་ཡོན་ཏན་མེད་ཐོས་ནས། །འདོད་ཆགས་ཡུན་རིང་མི་གནས་ཏེ། ། ལམ་དེ་ཉིད་ཀྱིས་ཐམས་ཅད་ཀྱང༌། །ཟད་པར་འགྱུར་བ་མ་ཡིན་ནམ། ། གང་དེ་ལྟར་ཡུན་རིང་པོར་ཞུགས་པའི་ཉོན་མོངས་པའི་ཚོགས་འདི་ལ་ཟད་པ་ཡོད་དམ་ཞེ་ན། ཡོད་དེ། ལུས་འདི་ལོངས་སྤྱོད་སྣ་ཚོགས་ཀྱིས་གསོས་ཀྱང་འཇིག་པའི་ཆོས་ཅན་བྱས་པ་མི་ཤེས་པ་དེ་ལ་ཡོན་ཏན་མེད་པར་ཐོས་ནས། །མཁས་པ་ལ་འདོད་ཆགས་ཡུན་རིང་དུ་མི་གནས་ཏེ། །དེ་ལྟར་ན་དངོས་པོ་ཐམས་ཅད་ལ་རང་བཞིན་སྟོང་པ་ཉིད་ཀྱིས་སྙིང་པོ་མེད་པར་མཐོང་བའི་ལམ་སྟོང་པ་ཉིད་བསྒོམ་པ་དེ་ཉིད་ཀྱིས་ཉོན་མོངས་ཐམས་ཅད་ཀྱང༌། །ཟད་པར་འགྱུར་བ་མ་ཡིན་ནམ། ། ཇི་ལྟར་ས་བོན་མཐའ་མཐོང་ཞིང༌། །དེ་ལ་ཐོག་མ་ཡོད་མིན་ལྟར། ། དེ་བཞིན་རྒྱུ་ནི་མ་ཚང་ཕྱིར། །སྐྱེ་བའང་འབྱུང་བར་མི་འགྱུར་རོ། ། ཇི་ལྟར་ས་བོན་མེས་ཚིག་པ་ལ་མཐའ་མཐོང་ཞིང༌། །དེ་ལ་ཐོག་མ་ཡོད་པ་མིན་པ་ལྟར། །དེ་བཞིན་དུ་ཡེ་ཤེས་ཀྱི་མེས་ཉོན་མོངས་པ་བསྲེགས་པ་ལ་རྒྱུ་ནི་མ་ཚང་བའི་ཕྱིར། །འབྲས་བུ་སྐྱེ་བ་དེའང་འབྱུང་བར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སྨོན་ལམ་གྱི་དབང་གིས་སྐྱེ་༼༣༦༡༽བའོ། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། སློབ་མ་ཡོངས་སུ་སྦྱང་བ་སྟེ་རབ་ཏུ་བྱེད་པ་བརྒྱད་པའོ།། །།

ཐམས་ཅད་འབྲས་བུའི་དོན་སྐྱེ་བ། །དེས་ན་རྟག་ཡོད་མིན་དེའི་ཕྱིར། ། ཐུབ་པ་མ་གཏོགས་ཇི་ལྟའི་དངོས། །དེ་བཞིན་གཤེགས་པ་ཡོད་མ་ཡིན། ། ད་ནི་རབ་ཏུ་བྱེད་པ་ལྷག་མ་རྣམས་ཀྱིས་དེ་ཁོ་ན་ཉིད་རྣམ་པར་གཏན་ལ་ཕབ་པར་བཞེད་ནས་འདུས་བྱས་སྐྱེ་བ་དང་འཇིག་པ་དང་ལྡན་པ་ཉིད་ཀྱིས་སྙིང་པོ་མེད་པ་ཉིད་དུ་བརྗོད་པའི་ཕྱིར་བཤད་པ། ཚོགས་པ་ཐམས་ཅད་འབྲས་བུའི་དོན་དུ་སྐྱེ་བ་ཡིན་པས། །དེས་ན་རྟག་པ་འགའ་ཡང་ཡོད་པ་མིན་ནོ་རྟག་པའི་སྒྲ་ནི་རང་བཞིན་དང༌། བདེན་པ་དང༌། སྙིང་པོ་དང༌། དངོས་པོ་དང༌། རྫས་ཏེ་རྣམ་གྲངས་ཡིན་ལ་དེའི་ཕྱིར། །ཐུབ་པ་མ་གཏོགས་ཇི་ལྟ་བའམ་ཇི་བཞིན་པའི་དངོས་པོ། །དེ་བཞིན་དུ་གཤེགས་ཤིང་རྗེས་སུ་སྟོན་པ་གཞན་ཡོད་པ་མ་ཡིན་ནོ། །ཇི་སྐད་དུ། འདས་དང་མ་འོངས་ད་ལྟ་བྱུང༌། །ཆོས་རྣམས་ཐམས་ཅད་དེ་བཞིན་ཉིད། །ཇི་ལྟར་དེ་བཞིན་གཟིགས་དེས་ན། །དེ་ལ་དེ་བཞིན་གཤེགས་པ་བསྙད། །ཅེས་སོ། །ཡང་ན་བཅོམ་ལྡན་འདས་ཀྱིས། གང་ཀུན་འབྱུང་བའི་ཆོས་ཅན་དེ་ནི་གདོན་མི་ཟ་བར་འགག་པའི་ཆོས་ཅན་ཏེ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བསྟན་པའི་ཕྱིར་སྐྱེས་པ་གང་ཡིན་པ་དེའི་འབྲས་བུ་འཇིག་པ་ཁོ་ན་ཞིག་སྟེ། སྐྱེ་བ་ནི་དེའི་དོན་དུ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཐམས་ཅད་འབྲས་བུའི་དོན་དུ་སྐྱེ་བ་དེས་ན་རྟག་པ་ཡོད་པ་མ་ཡིན་ཏེ། རང་བཞིན་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་༼༣༦༢༽འདི་དེ་ལྟར་ཡིན་པ་དེའི་ཕྱིར། ཐུབ་པ་མ་གཏོགས་ཇི་ལྟའི་དངོས། །དེ་བཞིན་གཤེགས་པ་ཡོད་མ་ཡིན། །འདིའི་དོན་ནི་གོང་མ་བཞིན་ནོ། །རྣམ་པ་གཅིག་ཏུ་ན་ཚོར་བ་གསུམ་མྱོང་བར་འགྱུར་བའི་ལས་ཡུལ་དང་དུས་དང་ལུས་ཀྱི་གནས་སྐབས་ཀྱི་ཁྱད་པར་གྱིས་མྱོང་བར་བྱ་བ་རྣམས་ལ་དེ་དག་མེད་པར་ལས་ཀྱི་འབྲས་བུ་ཡང་དག་པར་མྱོང་བ་མེད་པས། དེའི་དོན་དུ་ཕྱི་དང་ནང་གི་དངོས་པོ་དག་སྐྱེ་བའི་ཕྱིར་དངོས་པོ་ཐམས་ཅད་འབྲས་བུའི་དོན་དུ་སྐྱེ་ཡི། རང་གི་ངོ་བོ་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་ཏེ། དེས་ན་རྟག་པ་ཡོད་པ་མ་ཡིན་ནོ། །རྣམ་པ་གཞན་དུ་ན་ནི་རང་བཞིན་ལྡོག་པ་མེད་པའི་ཕྱིར་རྟག་པ་ཉིད་དུ་འགྱུར་བ་དེ་ལྟར་ན་ཡང་མ་ཡིན་ནོ། །དེས་ན་རྟག་པ་ཡོད་པ་མིན་ཏེ། ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བའི་དོན་ཏོ། །དངོས་པོ་ཐམས་ཅད་སྟོང་པ་ཉིད་འདི་ཡང་སྟོན་པ་གཞན་གྱི་ཚིག་གིས་མ་བསྟན་ཏོ། །ཞེས་བཤད་པ་ནི་དེའི་ཕྱིར། ཐུབ་པ་མ་གཏོགས་ཇི་ལྟའི་དངོས། །དེ་བཞིན་གཤེགས་པ་ཡོད་མ་ཡིན། །ཅེས་བྱའོ། ། གང་ཞིག་གང་ན་ནམ་དུ་ཡང༌། །མ་བརྟེན་པར་ནི་ཡོད་ཉིད་མེད། ། དེས་ན་ནམ་ཡང་གང་ཞིག་ཏུའང༌། །རྟག་པ་འགའ་ཡང་ཡོད་མ་ཡིན། ། ཁ་ཅིག་ན་རེ། གང་ཞིག་འབྲས་བུའི་དོན་དུ་སྐྱེས་པ་དེ་ནི་རྟག་པ་མ་ཡིན་པ་བདེན་མོད་ཀྱི། དངོས་པོ་གང་དག་ཡན་ལག་གཉིས་ཀ་མ་ཚང་བ་ནམ་མཁའ་ལ་སོགས་པ་ཡིད་ཀྱི་མུར་ཐུག་པ་དག་དང༌། ཡན་ལག་གཅིག་མ་ཚང་བ་ས་ལ་སོགས་པའི་རྡུལ་ཕྲ་རབ་ནི་རྟག་པ་ཡིན་ནོ། །དེ་དག་གི་ཡོད་པ་ཉིད་དང་རྟག་པ་ཉིད་ཐུགས་སུ་མ་ཆུད་པས་དེ་བཞིན་གཤེགས་པ་དེ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ་སྙམ་པ་ལ་བཤད་༼༣༦༣༽པ། དངོས་པོ་གང་ཞིག་ཡུལ་གང་ན་དུས་ནམ་དུ་ཡང༌། །རང་གི་རྒྱུ་རྐྱེན་གྱི་ཚོགས་པ་ལ་མ་བརྟེན་པར་ནི་ཅུང་ཟད་ཙམ་ཡང་ཡོད་པ་ཉིད་མེད་པ། །དེས་ན་དུས་ནམ་ཡང་ཡུལ་གང་ཞིག་ཏུའང༌། །དངོས་པོ་རྟག་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །འདི་ནི་ཕྱེད་སྔ་མས་གྲུབ་པ་ཉིད་ཕྱེད་ཕྱི་མས་མཇུག་བསྡུ་བ་ཡིན་ནོ། ། རྒྱུ་མེད་པར་ནི་དངོས་པོ་མེད། །རྒྱུ་ལྡན་རྟག་པ་ཡོད་མིན་པ། ། དེས་ན་རྒྱུ་མེད་ལས་གྲུབ་ནི། །དེ་ཉིད་མཁྱེན་པས་གྲུབ་མིན་གསུངས། ། རེ་ཞིག་བདེ་བ་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ནི་ཡོད་ལ། བདག་ནི་དེ་རྣམས་ཀྱི་འདུ་བ་ཅན་གྱི་རྒྱུ་ཡིན་ནོ། །དེས་ན་འབྲས་བུ་དམིགས་པའི་ཕྱིར་བདག་རྟག་པ་ཞིག་ཡོད་ལ། རྒྱུ་དང་མི་ལྡན་པ་ཞིག་གོ་ཞེ་ན། བཤད་པ། རྒྱུ་མེད་པར་ནི་བོང་བུའི་རྭ་ལྟར་ཡིན་པས་དངོས་པོ་མེད་དོ། །གནོད་པ་དེ་འབྱུང་དུ་དོགས་ནས་རྒྱུ་དང་ལྡན་པས་སོ་ཞེ་ན། རྒྱུ་དང་ལྡན་པ་ནི་བདེ་བ་ལ་སོགས་པ་བཞིན་དུ་རྟག་པ་ཡོད་པ་མིན་པ། །དེ་ལྟར་ཡིན་པ་དེས་ན་རྒྱུ་མེད་པ་ལས་གྲུབ་པ་ནི། །དེ་ཉིད་མཁྱེན་པས་གྲུབ་པ་མིན་པར་གསུངས་ཏེ། །བཅོམ་ལྡན་འདས་ཀྱིས། མཁས་པ་རྟེན་འབྱུང་ཆོས་ལ་ལྷག་མོས་ཤིང༌། །མཐར་ལྟ་བ་ལ་རྟེན་པར་བྱེད་པའང་མིན། །རྒྱུར་བཅས་རྐྱེན་བཅས་ཆོས་ནི་ཤེས་འགྱུར་ཏེ། །རྒྱུ་མེད་རྐྱེན་མེད་ཆོས་ནི་ཡོད་མ་ཡིན། །ཅེས་གསུངས་སོ། ། མི་རྟག་བྱས་པར་མཐོང་གྱུར་ནས། །མ་བྱས་གལ་ཏེ་རྟག་ན་ནི། ། བྱས་ལ་ཡོད་པ་ཉིད་མཐོང་ནས། །རྟག་པ་ཡོད་ཉིད་མིན་པར་འགྱུར། ། བུམ་པ་དང་བདེ་བ་ལ་སོགས་པ་བྱས་པའི་དོན་ལ་མི་རྟག་པ་ཉིད་དམིགས་ནས་དོན་གྱིས་༼༣༦༤༽གོ་བས་བདག་ལ་སོགས་པ་མ་བྱས་པ་རྟག་པ་ཉིད་དུ་འགྱུར་རོ་སྙམ་ན། དེ་ཡང་རིགས་པ་མ་ཡིན་ཏེ། མི་རྟག་པ་ཐམས་ཅད་བྱས་པར་མཐོང་བར་གྱུར་ནས། །མ་བྱས་པ་གལ་ཏེ་རྟག་ན་ནི། །དེ་ལ་བཟློག་པའི་སྒོ་ནས་དོན་གྱིས་བྱས་པ་ལ་ཡོད་པ་ཉིད་མཐོང་ནས། །རྟག་པ་དེ་ནི་ཡོད་པ་ཉིད་མིན་པར་འགྱུར་རོ། ། མཁའ་ལ་སོགས་རྣམས་རྟག་གོ་ཞེས། །སོ་སོའི་སྐྱེ་བོ་དག་གིས་རྟོག ། མཁས་པ་རྣམས་ཀྱིས་དེ་དག་ལ། །འཇིག་རྟེན་པས་ཀྱང་དོན་མ་མཐོང༌། ། ཡང་ནམ་མཁའ་དང་འགོག་པ་གཉིས་སོགས་རྟག་གོ་སྙམ་ན། དེ་ཡང་ཡོད་པ་མ་ཡིན་ཏེ། ནམ་མཁའ་ལ་སོགས་པ་རྣམས་རྟག་གོ་ཞེས། །སོ་སོའི་སྐྱེ་བོ་དག་གིས་རྟོག་པར་བྱེད་ཀྱང་དེ་ནི་ཚད་མ་མ་ཡིན་ནོ། །དངོས་པོའི་རང་བཞིན་ལ་མཁས་པ་རྣམས་ཀྱིས་ནི་དེ་དག་ལ། །ས་ལ་སོགས་པའི་སྲ་བ་ལ་སོགས་པ་ལྟར་འཇིག་རྟེན་པའི་ཤེས་པས་ཀྱང་དོན་ལ་མ་མཐོང་ན་འཕགས་པའི་གཟིགས་པ་ལ་གནས་པས་ལྟ་ཅི་ཞིག་དགོས། ། ཕྱོགས་ཞེས་བྱ་བ་ཕྱོགས་ཅན་ནི། །ཀུན་ལ་གནས་པ་མ་ཡིན་ཏེ། ། དེ་ཕྱིར་ཕྱོགས་ཅན་ལ་ཕྱོགས་ནི། །གཞན་ཡང་ཤིན་ཏུ་གསལ་བར་ཡོད། ། སྨྲས་པ། ནམ་མཁའ་ནི་རྟག་པ་ཁོ་ན་སྟེ་ཁྱབ་པ་ཉིད་ཡིན་པའི་ཕྱིར་རོ། །གང་མི་རྟག་པ་དེ་ནི་ཁྱབ་པ་མ་ཡིན་ཏེ་དཔེར་ན་བུམ་པ་བཞིན་ནོ། །དེ་ཡང་མ་སྐྱེས་པ་འདི་ཡོད་པ་མ་ཡིན་པ་ཉིད་དུ་བསྟན་པས་དོན་གྱིས་བཤད་པ་ཡིན་མོད་ཀྱི། ཕ་རོལ་པོའི་ལུགས་ལ་གྲགས་པའི་དངོས་པོ་རང་གི་ངོ་བོའི་ཁྱད་པར་བསལ་བའི་སྒོ་ནས་དེའི་ལུགས་མི་རིགས་པ་ཉིད་དུ་བརྗོད་པར་འདོད་པས་ནམ་མཁའི་ཁྱབ་པ་ཉིད་བཀག་པས་རྟག་པ་བསལ་བར་འདོད་ནས་བཤད་པ། ཕྱོགས་ཞེས་བྱ་བ་བུམ་པ་ལ་སོགས་པ་དེ་དང་ཕྱོགས་ཅན་ནམ་མཁའི་ཆ་ཤས་ནི། །༼༣༦༥༽ཀུན་ལ་གནས་པ་མ་ཡིན་ཏེ། །གལ་ཏེ་གནས་ན་བུམ་པ་ཡང་ཐམས་ཅད་ན་ཡོད་དགོས་པའི་ཕྱིར་རོ། །ཅི་སྟེ་ཉེས་པ་འདི་སྤང་བར་འདོད་པས་ཕྱོགས་དེ་ཕྱོགས་ཅན་ཐམས་ཅད་ལ་གནས་པ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་གདོན་མི་ཟ་བར་ཕྱོགས་ཅན་ལ་ཕྱོགས་ནི། །གཞན་ཡང་ཤིན་ཏུ་གསལ་བར་ཡོད་པས་དེའི་ཕྱིར་ཐམས་ཅད་ཡོད་པ་མ་ཡིན་པས་ཕྱོགས་དང་ལྡན་པའི་ཕྱོགས་ཅན་ནམ་མཁའ་ཡང་བུམ་པ་བཞིན་དུ་ཁྱབ་པ་འགའ་ཡང་མེད་དོ། ། གང་ཞིག་ཡོད་ན་དངོས་པོ་ལ། །འཇུག་དང་ལྡོག་པའང་དམིགས་པར་འགྱུར། ། དེ་ནི་གཞན་གྱི་དབང་འགྱུར་ཏེ། །དེས་ན་འབྲས་བུར་ཡང་འགྱུར་རོ། ། དུས་སྨྲ་བ་ནི་དུས་གང་ཞིག་ཡོད་ན་དངོས་པོ་ལ། །འཇུག་པ་དང་དེ་ལས་ལྡོག་པའང་དམིགས་པར་འགྱུར་ལ་དུས་དེ་ཡོད་ཀྱང་རྒྱུ་མི་དམིགས་པའི་ཕྱིར་རྟག་པ་ཉིད་དོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེས་འབྲས་བུ་བསྐྱེད་པ་ཡང་རྐྱེན་རྣམས་ལ་རག་ལས་པས་དུས་དེ་ནི་གཞན་གྱི་དབང་དུ་འགྱུར་ཏེ། །དེས་ན་དུས་ཉིད་ཀྱང་གཞན་གྱི་འབྲས་བུར་ཡང་འགྱུར་རོ། ། འབྲས་བུ་མེད་པར་རྒྱུ་ལ་ནི། །རྒྱུ་ཉིད་ཡོད་པ་མ་ཡིན་ཏེ། ། དེ་ཡི་ཕྱིར་ན་རྒྱུ་རྣམས་ཀུན། །འབྲས་བུ་ཉིད་དུ་ཐལ་བར་འགྱུར། ། དེ་ཇི་ལྟར་ཡིན་ཅེ་ན། འདི་ལྟར་འབྲས་བུ་སྐྱེ་བ་ལ་ལྟོས་པ་མེད་པར་རྒྱུ་ལ་ནི། །རྒྱུ་ཉིད་རང་གི་ངོ་བོས་ཡོད་པ་མ་ཡིན་ཏེ། །ཕན་ཚུན་གཅིག་གིས་གཅིག་གསལ་བ་དེ་ཡི་ཕྱིར་ན་རྒྱུ་རྣམས་ཀུན་ཀྱང་། །འབྲས་བུ་ཉིད་དུ་ཐལ་བར་འགྱུར་བས་རྟག་པའང་མ་ཡིན་ནོ། ། རྒྱུ་ནི་རྣམ་པར་འགྱུར་བ་ན། །གཞན་གྱི་རྒྱུ་རུ་འགྱུར་བ་སྟེ། ། གང་ལ་རྣམ་པར་འགྱུར་ཡོད་པ། །དེ་ནི་རྟག་ཅེས་བྱར་ཡོད་མིན། ། གལ་ཏེ་དུས་འདི་འགྲོ་བ་སྣ་ཚོགས་ཀྱི་རྒྱུར་འགྱུར་ན་དེའི་ཚེ་ངེས་པར་སྔར་གྱི་གནས་སྐབས་ལས་ཐ་དད་པ་ཞིག་གིས་འབྲས་བུ་སྐྱེ་བ་ལ་ཕན་འདོགས་༼༣༦༦༽པར་བྱ་དགོས་ཏེ། འདི་ལྟར་འཇིག་རྟེན་ན་རྒྱུ་ནི་ས་བོན་ལྟར་རྣམ་པར་འགྱུར་བར་གྱུར་པ་ན། །མྱུ་གུ་ལྟ་བུ་གཞན་གྱི་རྒྱུ་རུ་འགྱུར་བ་ཡིན་པ་སྟེ། །དེའི་ཕྱིར་གང་ལ་སྔར་འབྲས་བུ་མི་བསྐྱེད་པའི་གནས་སྐབས་ལས་རྣམ་པར་འགྱུར་བ་ཡོད་པ། །དེ་ནི་རྟག་པ་ཉིད་ཅེས་བྱ་བར་ཡོད་པ་མིན་ནོ། ། རྟག་པ་གང་གི་རྒྱུ་ཡིན་པའི། །དངོས་དེ་མ་བྱུང་བ་ལས་སྐྱེ། ། རང་ཉིད་འབྱུང་བར་གྱུར་དེ་ལ། །རྒྱུ་ནི་ལོག་པར་འགྱུར་བ་སྟེ། ། དེར་མ་ཟད་རྟག་པ་གང་གི་རྒྱུ་ཡིན་པར་ཁས་བླངས་པའི། །དངོས་པོ་དེ་མ་བྱུང་བའམ་སྐྱེས་པ་ལས་སྐྱེ་སྟེ་རྒྱུ་དང་རྐྱེན་ལ་མ་ལྟོས་པར་རང་ཉིད་འབྱུང་བས་སོ། །དེའི་ཕྱིར་རང་ཉིད་འབྱུང་བར་གྱུར་བ་དེ་ལ། །དུས་ལ་སོགས་པ་རྒྱུ་ནི་གང་ཡང་མི་དགོས་པས་རྒྱུ་ཐམས་ཅད་ལོག་པར་འགྱུར་བ་སྟེ་དགོས་པ་མེད་པའི་ཕྱིར་རོ། ། དངོས་པོ་རྟག་པ་ལས་སྐྱེས་པ། །ཇི་ལྟ་བུར་ན་མི་རྟག་འགྱུར། ། ནམ་ཡང་རྒྱུ་དང་འབྲས་བུ་གཉིས། །མཚན་ཉིད་མི་མཐུན་མཐོང་མ་ཡིན། ། འདི་ལས་ཀྱང་མི་རུང་སྟེ། དངོས་པོ་བུམ་པ་ལྟ་བུ་རྒྱུ་རྟག་པ་ལས་སྐྱེས་པ་དེ་ནི། །ཅི་ལྟ་བུར་ན་མི་རྟག་པར་འགྱུར་ཏེ། །དུས་ནམ་དུ་ཡང་རྒྱུ་དང་འབྲས་བུ་གཉིས། །མཚན་ཉིད་མི་མཐུན་པ་ནི་འཇིག་རྟེན་ན་མཐོང་བ་མ་ཡིན་ནོ། ། གང་གི་ཕྱོགས་འགའ་རྒྱུ་ཡིན་ཞིང༌། །ཕྱོགས་འགའ་རྒྱུ་མ་ཡིན་དེས་ན། ། དེ་ནི་སྣ་ཚོགས་འགྱུར་ན་ཀོ། །སྣ་ཚོགས་རྟག་པར་མི་རིགས་སོ། ། རྡུལ་ཕྲན་རྟག་པ་འཇིག་རྟེན་ཐམས་ཅད་ཀྱི་རྩོམ་གཞི་རུ་འདོད་པ་ལ་བཤད་པ། རྡུལ་ཕྲན་གང་གི་ཕྱོགས་འགའ་རྡུལ་ཕྲན་གཞན་དང་སྦྱོར་བའི་ཆ་དེ་རག་པ་རྩོམ་པའི་རྒྱུ་ཡིན་ཞིང༌། །ཕྱོགས་འགའ་ཞིག་མི་སྦྱོར་བའི་ཆ་དེ་རྒྱུ་མ་ཡིན་པ་དེས་ན། །དེ་ནི་སྣ་ཚོགས་པ་འགྱུར་ན་ཀོ། །སྣ་ཚོགས་སུ་ཡོད་པའི་དངོས་པོ་རྟག་པར་མི་རིགས་སོ། ། རྒྱུ་ཡི་ཟླུམ་པོ་གང་ཡིན་པ། །དེ་ནི་འབྲས་བུ་ལ་ཡོད་མིན། ། དེས་ན་བདག་ཉིད་ཀུན་སྦྱོར་བ། །རྡུལ་ཕྲན་རྣམས་ལ་མི་འཐད་དོ། ། དེ་ནི་ཆ་ཤས་མེད་པས་བདག་ཉིད་ཐམས་ཅད་༼༣༦༧༽ཀྱིས་སྦྱོར་ཞེ་ན། བཤད་པ། རྒྱུ་ཡི་ཆ་ཤས་མེད་པའི་ཟླུམ་པོ་གང་ཡིན་པ། །དེ་ནི་འབྲས་བུ་ཤིང་རྟ་སོགས་ལ་ཡོད་པ་མིན་པས། །དེས་ན་བདག་ཉིད་ཀུན་ནས་སྦྱོར་བ། །དེ་འདྲ་བ་རྡུལ་ཕྲན་རྣམས་ལ་ནམ་ཡང་ཡོད་པར་མི་འཐད་དོ། ། རྡུལ་ཕྲན་གཅིག་གི་གནས་གང་ཡིན། །དེ་ནི་གཞན་གྱི་ཡང་མི་འདོད། ། དེ་ཕྱིར་རྒྱུ་དང་འབྲས་བུ་གཉིས། །བོང་ཚོད་མཉམ་པར་འདོད་མ་ཡིན། ། ཡང་གང་གི་ཚེ་རྡུལ་ཕྲ་རབ་གཞན་དང་བདག་ཉིད་ཐམས་ཅད་ཀྱིས་མི་སྦྱོར་བ་དེའི་ཚེ་རྡུལ་ཕྲན་གཅིག་གི་རང་གི་གོ་སའི་གནས་གང་ཡིན་པ། །དེ་ནི་རྡུལ་ཕྲན་གཞན་གྱི་གནས་ཡིན་པ་ཡང་མི་འདོད་པས། །དེ་ཕྱིར་རྒྱུ་རྡུལ་ཕྲན་དང་འབྲས་བུ་རག་པར་རྩོམ་པ་གཉིས། །བོང་ཚད་ཆེ་ཆུང་མཉམ་པར་འདོད་པ་མ་ཡིན་ནོ། ། གང་ལ་ཤར་གྱི་ཕྱོགས་ཡོད་པ། །དེ་ལ་ཤར་གྱི་ཆ་ཡང་ཡོད། ། གང་གི་རྡུལ་ལ་ཕྱོགས་ཡོད་ན། །དེས་རྡུལ་རྡུལ་དྲན་མིན་པར་བསྙད། ། འབྲས་བུ་རྩོམ་པའི་སྔ་རོལ་ཏུ་ཡང་ཆ་ཤས་མེད་པར་མི་འགྲུབ་པར་བསྟན་པའི་ཕྱིར་བཤད་པ། ཕྲ་རབ་གང་ལ་ཤར་གྱི་ཕྱོགས་ཅུང་ཟད་བཞག་ཏུ་ཡོད་པ། །དེ་ལ་ཤར་གྱི་ཆ་ཡང་བཞག་ཏུ་ཡོད་པས། །དེའི་ཕྱིར་གང་གི་རྡུལ་ལ་ཤར་ལ་སོགས་པའི་ཕྱོགས་ཡོད་ན། །དེས་ན་རྡུལ་དེ་ཡང་བུམ་པ་ལྟར་ཡིན་པས་རྡུལ་ཕྲན་མིན་པར་བསྙད་དོ། ། མདུན་གྱིས་ལེན་ཅིང་རྒྱབ་ཀྱིས་ནི། །གཏོང་བར་གྱུར་ན་དེ་དག་གཉིས། ། གང་ལ་ཡོད་པ་མ་ཡིན་པ། །དེ་ནི་འགྲོ་པོར་ཡང་མི་འགྱུར། ། ཡན་ལག་ཅན་གྱི་རྫས་རྩོམ་པ་ན་ལུས་དང་ལྡན་པས་འགྲོ་བའི་ཚེ་མདུན་གྱིས་སྔོན་གྱི་ཕྱོགས་ལེན་ཅིང་རྒྱབ་ཀྱིས་ནི། །ཕྱོགས་གཅིག་ཤོས་གཏོང་བར་འགྱུར་བའི་ཚེ་འགྲོ་བ་པོ་ཡིན་ན་དེ་དག་གཉིས། །ཕྲ་རབ་གང་ལ་ཡོད་པ་མ་ཡིན་པ། །དེ་ནི་འགྲོ་པོར་ཡིན་པ་ཡང་མི་འགྱུར་ལ་འབྲས་བུ་རྩོམ་པ་ཡང་མེད་དོ། །༼༣༦༨༽ གང་ལ་དང་པོར་ཡོད་མིན་ཞིང༌། །གང་ཞིག་ལ་དཀྱིལ་ཡོད་མིན་ལ། ། གང་ལ་ཐ་མ་ཡོད་མིན་པ། །མངོན་མེད་དེ་ནི་གང་གིས་མཐོང༌། ། འདིར་རྣལ་འབྱོར་བས་ལྷའི་མིག་གིས་མཐོང་ངོ་སྙམ་ན། བཤད་པར་བྱ་སྟེ། རྡུལ་ཕྲན་གང་ལ་དང་པོ་མདུན་གྱི་ཆ་ཡོད་པ་མིན་ཞིང༌། །གང་ཞིག་ལ་དབུས་ཀྱི་དཀྱིལ་ཡང་ཡོད་པ་མིན་ལ། །གང་ལ་ཐ་མ་སྟེ་རྒྱབ་ཀྱི་ཆ་ཡོད་པ་མིན་པ། །དེས་ན་མངོན་པ་སྟེ་གསལ་བ་དང་བཟུང་བ་བྱར་མེད་པ་དེ་ནི་གང་གིས་མཐོང༌། ། འབྲས་བུ་ཡིས་ནི་རྒྱུ་བཤིག་པ། །དེས་ན་རྒྱུ་ནི་རྟག་མ་ཡིན། ། ཡང་ན་གང་ན་རྒྱུ་ཡོད་པ། །དེ་ན་འབྲས་བུ་ཡོད་མ་ཡིན། ། སྨྲས་པ། རྡུལ་ཕྲ་རབ་རྣམས་ནི་རྟག་པ་ཁོ་ན་སྟེ། རགས་པ་བྱུང་བ་ལས་ས་བོན་གྱི་ངོ་བོར་ཉེ་བར་འགྲོ་བའི་ཕྱིར་རོ། །བཤད་པ། རྒྱུ་དང་འབྲས་བུ་ལྷན་ཅིག་མི་གནས་པའི་ཕྱིར་ས་བོན་གྱི་མྱུ་གུ་བཞིན་དུ་འབྲས་བུ་ཡན་ལག་ཅན་ཚོགས་པ་དེ་ཡིས་ནི་རྒྱུ་རྡུལ་ཕྲན་གྱི་གནས་སྐབས་དེ་བཤིག་པ། །དེས་ན་རྒྱུ་ནི་ས་བོན་ལྟར་ཡིན་པས་རྟག་པ་མ་ཡིན་ལ། །འོན་ཏེ་རྒྱུའི་རང་བཞིན་མི་གཏོང་ཞིང་འབྲས་བུ་དོན་གཞན་དུ་གྱུར་པ་བསྐྱེད་པར་འདོད་ན། །ཡང་ན་གང་ན་རྒྱུ་རྟག་པར་ཡོད་པ། །དེ་ན་དེ་དང་མི་མཐུན་པའི་འབྲས་བུ་མི་རྟག་པ་དེ་ནི་ཡོད་པ་མ་ཡིན་ནོ། ། ཐོགས་ལྡན་དངོས་པོ་རྟག་པ་ནི། །གང་དུའང་སྣང་བ་མ་ཡིན་ཏེ། ། དེས་ན་ནམ་ཡང་སངས་རྒྱས་རྣམས། །རྡུལ་ཕྲན་རྟག་པ་ཉིད་མི་གསུང༌། ། འདི་ལས་ཀྱང་རྡུལ་ཕྲ་རབ་རྣམས་རྟག་པ་མ་ཡིན་ཏེ། ཐོགས་པ་དང་ལྡན་པའི་དངོས་པོ་རྟག་པ་ནི། །གང་དུའང་སྣང་བ་ཡོད་པ་མ་ཡིན་ཏེ་བུམ་པ་ལ་སོགས་པ་བཞིན་ནོ། །རྫས་བརྒྱད་ཀྱི་རྡུལ་ཕྲ་རབ་མི་རྟག་པ་ཡོད་པའི་ཕྱིར། དེ་ཡང་རྫས་བརྒྱད་ལ་བརྟེན་ནས་བུམ་པ་ལྟར་བརྟགས་པར་ཡོད་པའོ། །དེ་ལ་རྡུལ་ཕྲ་རབ་ཀྱི་རྫས་བརྒྱད་གང་དག་ཡིན་པ་དེ་དག་ནི་རེ་རེ་ཞིང་༼༣༦༩༽རྡུལ་ཕྲ་རབ་ཀྱི་སྒྲས་བརྗོད་པར་བྱ་བ་མ་ཡིན་ཏེ། དེ་སོ་སོ་སོ་སོར་རྡུལ་ཕྲ་རབ་ཉིད་མེད་པའི་ཕྱིར་རོ། །དེས་ན་དུས་ནམ་དུ་ཡང་སངས་རྒྱས་རྣམས་ཀྱིས་ནི། །རྡུལ་ཕྲན་འདི་དག་རྟག་པ་ཉིད་མི་གསུང་ངོ་། ། འཆི་དང་བཅིངས་དང་ཐབས་ལས་གཞན། །ཐར་པ་གལ་ཏེ་ཡོད་ན་ནི། ། དེ་ལས་ཅི་ཡང་མི་སྐྱེ་སྟེ། །དེས་ན་དེ་ལྟར་ཞེས་མི་བརྗོད། ། རང་གི་སྡེ་པ་མྱང་འདས་རྫས་སུ་འདོད་པ་དག་ལ་བཤད་པ། འཆིང་བ་ཀུན་འབྱུང་གི་བདེན་པ་དང་དེས་བཅིངས་པ་སྡུག་བསྔལ་གྱི་བདེན་པ་དང་དེ་ལྡོག་པའི་ཐབས་ལམ་གྱི་བདེན་པ་ལས་གཞན། །ཐར་པ་ཞིག་གལ་ཏེ་ཡོད་ན་ནི། །ཐར་པ་དེ་ལས་ཅི་ཡང་མི་སྐྱེ་སྟེ། །བྱ་བ་གང་ཡང་མེད་པ་དེས་ན་དེ་ཐར་པ་ཞེས་ཀྱང་མི་བརྗོད་དོ། ། མྱ་ངན་འདས་ལ་ཕུང་པོ་རྣམས། །ཡོད་མིན་གང་ཟག་སྲིད་མ་ཡིན། ། གང་དུ་མྱ་ངན་འདས་གྱུར་པ། །མ་མཐོང་དེར་མྱང་འདས་གང་ཞིག ། གཞན་ཡང་མྱ་ངན་ལས་འདས་པ་ལ་ཕུང་པོ་རྣམས། །ཡོད་པ་མིན་ཞིང་གང་ཟག་ཀྱང་སྲིད་པ་མ་ཡིན་པས། །གང་དུ་མྱ་ངན་ལས་འདས་པར་གྱུར་པའི་རྟེན་ཅུང་ཟད་ཙམ་ཡང་། །མ་མཐོང་བས་དེར་མྱང་འདས་རྫས་སུ་གྲུབ་པ་དེ་གང་ཞིག་ཡིན། ། སྲིད་དང་བྲལ་ལ་ཐར་པའི་ཚེ། །ཤེས་ཡོད་ཡོན་ཏན་ཅི་ཞིག་ཡོད། ། ཤེས་མེད་པ་ཡི་ཡོད་པ་ཡང༌། །གསལ་བར་ཡོད་པ་མིན་དང་མཚུངས། ། གྲངས་ཅན་པ་དག་ཐར་པའི་གནས་སྐབས་ན་སྐྱེས་བུ་ཤེས་པ་དང་ལྡན་པར་འདོད་ལ་ཇི་སྐད་སྨྲས་པའི་ཉེས་པ་སྤང་བས་ཐར་པར་རྟོག་པར་བྱེད་དོ། །དེ་ལ་བཤད་པ། ཡུལ་ལ་ཉེ་བར་ལོངས་སྤྱོད་པའི་འདོད་པ་ལྡོག་སྟེ། སྲིད་པ་དང་བྲལ་ལ་ཐར་བར་གྱུར་པའི་ཚེ། །ཤེས་པ་ཡོད་པར་ཁས་བླང་བ་ལ་ཡོན་ཏན་ཅི་ཞིག་ཡོད། །འོ་ན་དེའི་ཚེ་ཤེས་པ་མེད་པ་ལ་རག་གོ་ཞེ་༼༣༧༠༽ན། ཤེས་པ་མེད་པ་ཡི་བདག་བདེན་པར་ཡོད་པར་བརྟག་པ་ཡང༌། །ཆེས་གསལ་བར་ཡོད་པ་མིན་པ་མོ་གཤམ་གྱི་བུ་སོགས་དང་མཚུངས་སོ། ། ཐར་པར་བདག་གཅིག་ཡོད་ན་ནི། །ཤེས་ཡོད་ས་བོན་སྲིད་པ་ཡོད། ། དེ་མེད་ན་ནི་སྲིད་པ་ལ། །བསམ་པའང་ཡོད་པ་མ་ཡིན་ནོ། ། དེའི་ཚེ་ཤེས་པ་ཡོད་པའི་ནུས་པ་ཡོད་དོ་ཞེ་ན། ཐར་པར་གྱུར་པའི་ཚེ་བདག་གཅིག་ཡོད་པར་གྱུར་ན་ནི། །དེའི་རྟེན་ཅན་ཤེས་པ་ཡོད་པའི་ས་བོན་སྲིད་པ་ཡོད་པ་ཞིག་ན། །དེ་མེད་ན་ནི་རྟེན་མེད་པའི་ཤེས་པ་ཡོད་སྲིད་པ་ལ། །བསམ་པར་བྱ་བའང་ཡོད་པ་མ་ཡིན་ནོ། ། སྡུག་བསྔལ་ལས་ཐར་མི་རྣམས་ལ། །གཞན་ལ་ཡོད་པ་མིན་པར་ངེས། ། དེ་ཕྱིར་རྣམ་པ་ཀུན་ཏུའང་བདག །ཟད་པ་ལེགས་ཞེས་བྱ་བར་བརྗོད། ། དེའི་ཕྱིར་སྡུག་བསྔལ་འདུ་བྱེད་ཀྱི་ཕུང་པོ་རྒྱུན་ཆད་དེ་དེ་ལས་ཐར་བར་གྱུར་པའི་མི་རྣམས་ལ་རྒྱུ་མེད་པས། །གཞན་ཏེ་ཐར་བའི་གནས་སྐབས་ལ་བདག་དེ་ཉིད་ཡོད་པ་མིན་པར་ངེས་པས། །དེ་ཡི་ཕྱིར་རྣམ་པ་ཀུན་ཏུའང་གྲོལ་བའི་ཚེ་བདག །ཟད་པ་ཁས་བླང་བ་དེ་ལེགས་ཞེས་བྱ་བར་བརྗོད་དོ། ། འཇིག་རྟེན་པ་འདི་ཉིད་བླ་ཡི། །དོན་དམ་རྣམ་ཀུན་མ་ཡིན་ཏེ། ། འཇིག་རྟེན་པ་ལ་ཅུང་ཟད་ཡོད། །དམ་པའི་དོན་ལ་ཡོད་མ་ཡིན། ། དེའི་ཕྱིར་བདག་ལེགས་སུ་འདོད་པས་འཇིག་རྟེན་པ་ལ་བརྟེན་ནས་བཏགས་པ་བུམ་པ་ལ་སོགས་པ་ཅུང་ཟད་ཅིག་ནི་ཁས་ལེན་པ་དང་མུ་སྟེགས་བྱེད་ཀྱི་བཏགས་པ་རྣམས་ཁས་མི་ལེན་པ་འདི་ཉིད་བླ་ཡི། །དོན་དམ་པ་ན་རྣམ་པ་ཀུན་ཏུ་ཁས་བླང་བར་བྱ་བ་གང་ཡང་ཡོད་པ་མ་ཡིན་ཏེ། །འཇིག་རྟེན་པ་ལ་ཁས་ལེན་མི་ལེན་གྱི་རྣམ་གཞག་ཅུང་ཟད་ཅིག་ནི་ཡོད་པ་ཡིན་གྱི། །དམ་པའི་དོན་ལ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། །དངོས་༼༣༧༡༽པོ་རྟག་པ་དགག་པ་བསྒོམ་པ་བསྟན་པ་སྟེ་རབ་ཏུ་བྱེད་པ་དགུ་པའོ།། །།

གང་ཚེ་ནང་བདག་བུད་མེད་མིན། །སྐྱེས་མིན་མ་ནིང་མ་ཡིན་པ། ། དེ་ཚེ་མི་ཤེས་འབའ་ཞིག་ལས། །ཁྱོད་བདག་ཕོ་འོ་སྙམ་དུ་སེམས། ། གང་གི་ཚེ་དབང་པོའི་ཚོགས་དེ་དང་དེར་རབ་ཏུ་འཇུག་པར་བྱེད་པ་ནང་གི་བདག་དེ་བུད་མེད་མིན་ཏེ། ཚེ་གཞན་དུ་བརྗེས་ཀྱང་རང་གི་ངོ་བོ་འགྱུར་དུ་མི་རུང་བས་སོ། །དེ་བཞིན་དུ་སྐྱེས་པ་ཡང་མིན་པ་དང་མ་ནིང་ཀྱང་མ་ཡིན་པ། །དེ་ཡི་ཚེ་མི་ཤེས་པ་རྨོངས་པ་འབའ་ཞིག་ལས། །ཁྱོད་ཀྱིས་བདག་ཕོ་འོ་སྙམ་དུ་སེམས་པ་ཡིན་ནོ། ། གང་ཚེ་འབྱུང་བ་ཐམས་ཅད་ལ། །ཕོ་མོ་མ་ནིང་ཡོད་མིན་པ། ། དེ་ཚེ་ཅི་སྟེ་དེ་དག་ཉིད། །བརྟེན་ནས་ཕོ་མོ་མ་ནིང་ཡིན། ། གང་གི་ཚེ་ལུས་དང་དབང་པོ་འདུས་པའི་ངོ་བོ་ཅན་ནང་གི་བདག་ལ་ཕན་འདོགས་པའི་ཕྱིའི་བདག་འབྱུང་བ་ཐམས་ཅད་ལ། །ཕོ་དང་མོ་དང་མ་ནིང་གང་ཡང་ཡོད་པ་མིན་པ། །དེ་ཚེ་ཅི་སྟེ་འབྱུང་བ་དེ་དག་ཉིད་ལ། །བརྟེན་ནས་ཕོ་མོ་མ་ནིང་དག་གྲུབ་པ་ཡིན། །བཅོམ་ལྡན་འདས་ཀྱིས་ཀྱང༌། བརྟན་པ་མོ་ཞེས་མི་བརྗོད་ཅིང༌། །ཕོར་ཡང་རྟོག་པར་མི་བྱེད་དེ། །ཆོས་ཀུན་སྐྱེ་བ་མེད་པའི་ཕྱིར། །བཙལ་ན་མཐོང་བར་མི་འགྱུར་རོ། །ཞེས་གསུངས་སོ། ། ཁྱོད་ཀྱི་བདག་གང་ངའི་བདག་མིན། །དེས་དེ་བདག་མིན་མ་ངེས་ཕྱིར། ། དངོས་པོ་མི་རྟག་པ་རྣམས་ལ། །རྟོག་པ་སྐྱེ་བར་འགྱུར་མིན་ནམ། ། འདིས་ཀྱང་རང་གི་ངོ་བོས་ཡོད་པ་མ་ཡིན་ཏེ། གལ་ཏེ་རང་གི་ངོ་བོས་གྲུབ་ན་མེའི་ཚ་བ་བཞིན་ཀུན་གྱིས་ངར་འཛིན་དགོས་ཀྱང་ཁྱོད་ཀྱི་བདག་དང་ངར་འཛིན་པའི་ཡུལ་དང་བདག་ཏུ་ཆགས་པའི་ཡུལ་གང་ངའི་བདག་ཏུ་འཛིན་པ་མིན་པས། །དེས་ན་དེ་བདག་མིན་ཏེ་བདག་ཏུ་མ་ངེས་པའི་ཕྱིར་རོ། །འོ་ན་ངར་འཛིན་༼༣༧༢༽པ་དང་བདག་ལ་ཆགས་པ་འདི་ཅི་ཞེ་ན། བཤད་པར་བྱ་སྟེ། དངོས་པོ་མི་རྟག་པ་གཟུགས་ལ་སོགས་པའི་མིང་ཅན་རང་བཞིན་མེད་པ་རྣམས་ལ། །བདག་གོ་སྙམ་པའི་ལོག་པར་རྟོག་པ་སྐྱེ་བར་འགྱུར་བ་མིན་ནམ་ཅི། ། སྐྱེ་དང་སྐྱེ་བར་སྐྱེས་བུ་ནི། །ལུས་བཞིན་རྣམ་པར་འགྱུར་བར་འགྱུར། ། ཁྱོད་ཀྱི་དེ་ལ་ལུས་ལས་གཞན། །ཉིད་དང་རྟག་ཉིད་མི་རིགས་སོ། ། ཡང་ཅི་བདག་འདི་ཚེ་རབས་གཞན་དུ་ལུས་ཀྱི་ཁྱད་པར་གྱི་རྗེས་སུ་བྱེད་དམ། འོན་ཏེ་མི་བྱེད་ན་དེར་བརྟགས་པ་ལ་དགོས་པ་མེད་ལ་བྱེད་ན་སྐྱེ་དང་སྐྱེ་བར་སྐྱེས་བུ་དེ་ནི། །ལུས་བཞིན་དུ་རྣམ་པར་འགྱུར་བ་མི་རྟག་པར་ཐལ་བར་འགྱུར་བས། །དེའི་ཕྱིར་ཁྱོད་ཀྱི་བདག་དེ་ལ་ལུས་ལས་གཞན་པ། །ཉིད་དང་རྟག་པ་ཉིད་དུ་ཡོད་པར་མི་རིགས་སོ། ། རེག་དང་མི་ལྡན་དངོས་པོ་ལས། །བསྐུལ་བ་ཞེས་བྱ་མི་སྐྱེ་སྟེ། ། དེ་ཕྱིར་ལུས་ཀྱི་གཡོ་བ་ལ། །སྲོག་ནི་བྱེད་པ་པོར་མི་འགྱུར། ། སྨྲས་པ། ཤིང་རྟའི་བསྐུལ་བ་པོ་ལྷས་བྱིན་ལྟར་ལུས་ཀྱི་གཡོ་བའི་རྒྱུ་སྐྱེས་བུ་རྟག་པ་ནི་གདོན་མི་ཟ་བར་ཡོད་དོ་ཞེ་ན། བཤད་པ། རེག་པ་དང་མི་ལྡན་པའི་དངོས་པོ་བདག་དེ་ལས། །ལུས་ཀྱི་བརྐྱང་བསྐུམས་ལ་སོགས་པ་བསྐུལ་བ་ཞེས་བྱ་བ་མི་སྐྱེ་སྟེ། །དེའི་ཕྱིར་ན་ལུས་ཀྱི་གཡོ་བ་ལ། །སྲོག་གམ་བདག་ནི་བྱེད་པ་པོར་མི་འགྱུར་རོ། ། མི་འཚེ་བ་དང་བདག་རྟག་པ། །འདི་ལ་རྒྱུ་ནི་ཅི་ཡོད་སྙམ། ། རྣམ་པ་ཀུན་ཏུའང་ཤིང་སྲིན་ལས། །རྡོ་རྗེ་བསྲུང་བྱར་མི་འགྱུར་རོ། ། མི་འཚེ་བ་མེད་པའི་བདག་ཉིད་ཅན་གྱི་ཆོས་ཉེ་བར་སྟོན་པ་དང་བདག་རྟག་པ་ཡིན་པ་འགལ་ལ། །འདི་ལ་གནོད་པར་དོགས་པའི་རྒྱུ་ནི་ཅི་ཞིག་ཡོད་པར་སྙམ་སྟེ། །རྣམ་པ་ཀུན་ཏུའང་ཤིང་གི་སྲིན་བུས་ཟ་བར་དོགས་པ་ལས། །རྡོ་རྗེ་ཕ་ལམ་བསྲུང་བྱར་མི་འགྱུར་རོ། ། སྐྱེ་བ་དྲན་པ་ཡོད་པའི་ཕྱིར། །གལ་ཏེ་ཁྱོད་ཀྱི་བདག་རྟག་ན། ། སྔོན་བྱས་པ་ཡི་རྨ་མཐོང་ནས། །ཁྱོད་ཀྱི་ལུས་ཀོ་ཅིས་མི་རྟག ། སྨྲས་པ། གལ་ཏེ་བདག་རྟག་པ་ཞིག་མེད་༼༣༧༣༽ན་སྔོན་གྱི་སྐྱེ་བ་དྲན་པ་མི་འགྱུར་བ་ཞིག་ན་དེ་དྲན་པ་ཡོད་པས་བདག་རྟག་པ་དེ་ཡོད་པ་ཁོ་ནའོ། །བཤད་པ། སྔོན་གྱི་སྐྱེ་བ་དྲན་པ་ཡོད་པའི་ཕྱིར། །གལ་ཏེ་ཁྱོད་ཀྱི་བདག་རྟག་པར་ཁས་ལེན་ན། །སྐྱེ་བ་སྔོན་བྱས་པ་ཡི་རྨ་རྗེས་སུ་དྲན་པ་མཐོང་ནས། །ཁྱོད་ཀྱི་ལུས་ཀོ་ཅིས་མི་རྟག་སྟེ་རྟག་དགོས་སོ། །ཡང་ཇི་ལྟར་བདག་འདིས་སྐྱེ་བ་དྲན་ནོ་ཞེས་བྱ་བར་རྟོག་པ་གལ་ཏེ་རང་གི་ངོ་བོ་ཁོ་ནས་ཡིན་ན་ནི། དེ་ནི་མི་རིགས་ཏེ། རང་གི་ངོ་བོ་མི་རྟོག་པ་ཡིན་པའི་ཕྱིར་རོ། །ཅི་སྟེ་སེམས་དཔའ་དང་ལྡན་པ་ལས་ཡིན་པར་རྟོག་ན། །དེ་ཡང་མི་རིགས་ཏེ། རང་གི་ངོ་བོ་བཏང་བར་ཐལ་བར་འགྱུར་རོ། ། སེམས་པ་ཅན་དང་ལྡན་བདག་ཀྱང༌། །གལ་ཏེ་ཤེས་པོ་ཉིད་ཡིན་ན། ། དེ་ཡིས་སེམས་པ་ཅན་སེམས་པ། །མིན་ཞིང་སྐྱེས་བུའང་རྟག་མི་འགྱུར། ། དེ་ཉིད་བསྟན་པའི་ཕྱིར་བཤད་པར་བྱ་སྟེ། བློ་ལ་སོགས་པ་སེམས་པ་ཅན་ཏེ་ཤེས་པ་དང་ལྡན་པའི་བདག་ཀྱང༌། །གལ་ཏེ་ཤེས་པ་པོ་ཉིད་ཡིན་ན་ནི། །དེ་ལྟར་ན་སེམས་པ་ཅན་མ་ཡིན་པའི་བདག་དང་ལྡན་པ་དེ་ཡིས་སེམས་པ་ཅན་ཡང་སེམས་པ། །མིན་པར་འགྱུར་ཞིང་སྐྱེས་བུའང་རྟག་པར་མི་འགྱུར་རོ། ། བདེ་བ་ལ་སོགས་དང་ལྡན་སྲོག །བདེ་སོགས་བཞིན་དུ་སྣ་ཚོགས་མཐོང༌། ། དེ་ཕྱིར་བདེ་བ་ལ་སོགས་བཞིན། །རྟག་པ་ཉིད་དུའང་མི་རུང་ངོ༌། ། གཞན་ཡང་བདག་འདི་ཇི་ལྟར་སེམས་པ་ཅན་ཉིད་དང་ལྡན་པས་སེམས་པ་དེ་བཞིན་དུ་བདེ་སྡུག་ལ་སོགས་པ་དང་ལྡན་པས་སྔར་གྱི་རང་གི་ངོ་བོ་ཉམས་པའི་ཕྱིར་ཁྱད་པར་དེ་དང་དེ་ཐོབ་པར་འགྱུར་རོ་ཞེས་བཤད་པ། བདེ་བ་ལ་སོགས་པ་དང་ལྡན་པའི་སྲོག་དེ། །བདེ་བ་ལ་སོགས་པ་བཞིན་དུ་སྣ་ཚོགས་སུ་མཐོང་བ་༼༣༧༤༽འདི་ཡང་། །དེ་ཕྱིར་བདེ་བ་ལ་སོགས་པ་བཞིན་དུ། །བདག་དེ་རྟག་པ་ཉིད་དུའང་མི་རུང་ངོ༌། །འང་གི་སྒྲས་ནི་བྱེད་པ་པོ་ཉིད་དང་ཟ་བ་པོ་ཉིད་དང་གཅིག་ཉིད་ལ་སོགས་པ་ཐམས་ཅད་སེལ་བར་བྱེད་དོ། ། གལ་ཏེ་ཤེས་པ་ཡོད་རྟག་ན། །བྱེད་པ་ལོག་པར་འགྱུར་བ་སྟེ། ། གལ་ཏེ་མེ་ནི་རྟག་འབྱུང་ན། །བུད་ཤིང་གིས་དོན་ཡོད་མི་འགྱུར། ། གཞན་དག་ནི་གང་གི་ལྟར་ན་སྐྱེས་བུ་སེམས་པ་ཅན་མ་ཡིན་པ་དེ་ལ་ཉེས་པ་འདི་འགྱུར་གྱི། ཁོ་བོ་ཅག་གི་ལྟར་ན། སྐྱེས་བུ་ཤེས་པ་ཡོད་པའི་རང་བཞིན་ཡིན་པའི་ཕྱིར། མི་འདོད་པ་ཅི་ཡང་མེད་དོ་ཞེས་སྨྲའོ། །དེ་ཡང་མི་རིགས་པ་ཉིད་དུ་བསྟན་པའི་ཕྱིར་བཤད་པ། གལ་ཏེ་ཤེས་པ་ཡོད་པ་ཉིད་རྟག་པར་ཁས་བླངས་ན། །མིག་ལ་སོགས་པའི་བྱེད་པ་དགོས་པ་མེད་པས་ལོག་པར་འགྱུར་བ་སྟེ། །གལ་ཏེ་མེ་ནི་རྒྱུ་མེད་པར་དུས་རྟག་ཏུ་འབྱུང་ན། །བུད་ཤིང་གིས་དོན་ཡོད་པར་མི་འགྱུར་རོ། ། རྫས་ནི་བྱ་བ་ཇི་བཞིན་དུ། །འཇིག་པའི་བར་དུ་གཡོ་བ་མེད། ། དེས་ན་སྐྱེས་བུ་ཡོད་ཤེས་པ། །ཡོད་པ་མེད་ཅེས་བྱ་མི་རིགས། ། ཅི་སྟེ་སྐྱེས་བུ་ནི་ཤེས་པ་ཡོད་པ་ཉིད་ཀྱི་ནུས་པའི་ངོ་བོ་ཡིན་ལ། དེ་མིག་ལ་སོགས་པ་བྱེད་པའི་བྱ་བའི་རྒྱུ་ཅན་བློ་མངོན་པར་གསལ་བ་ལས་ཤེས་པ་ཡོད་པ་ཉིད་འཇུག་པས་མངོན་པར་གསལ་བར་འགྱུར་རོ་ཞེ་ན། བཤད་པ། ཤིང་ལྟ་བུའི་རྫས་ནི་རྫས་ལ་བརྟེན་པའི་བྱ་བ་ཇི་ལྟར་གཡོ་འགུལ་བྱེད་པ་བཞིན་དུ། །རླུང་གི་རྐྱེན་མེད་པར་འཇིག་པའི་བར་དུའང་གཡོ་བ་མེད་ལ། །གཡོ་བའི་སྔ་རོལ་ཏུ་ཤིང་གི་རང་བཞིན་མཐོང་བ་བཞིན་ཤེས་པའི་སྔ་རོལ་ཏུ་སྐྱེས་བུ་ནི་མ་དམིགས་པས། དེས་ན་སྐྱེས་བུ་ཡོད་ཅེས་པ་དང༌། །ཤེས་པ་ཡོད་པ་མེད་ཅེས་བྱ་བར་མི་རིགས་ལ་ཤེས་པའི་ནུས་པ་ཡོད་པས་སྐྱེས་བུ་ཡོད་༼༣༧༥༽པ་ཡང་མི་གྲུབ་སྟེ་རྟེན་མེད་པའི་ནུས་པ་མི་སྲིད་པའི་ཕྱིར་རོ། ། གཞན་དུ་ཤེས་པ་ཡོད་པའི་ཁམས། །མཐོང་ཞིང་གཞན་དུ་ཤེས་ཡོད་དེ། ། ལྕགས་ཀྱི་ཞུ་ཉིད་བཞིན་དེའི་ཕྱིར། །སྐྱེས་བུ་རྣམ་པར་འགྱུར་བར་འགྱུར། ། ཤེས་པ་ལས་གཞན་དུ་ཤེས་པ་ཡོད་པའི་ཁམས་ཏེ། །ས་བོན་ཙམ་མཐོང་ཞིང་དེ་ལས་གཞན་དུ་ཤེས་པ་ཡོད་པར་འདོད་པ་དེ་ནི། །དཔེར་ན་ལྕགས་ཀྱི་ཞུ་བ་ཉིད་ལྕགས་ལས་ཐ་མི་དད་པ་བཞིན་ཏེ་དེའི་ཕྱིར། །སྐྱེས་བུ་དེ་མི་རྟག་པ་རྣམ་པར་འགྱུར་བར་འགྱུར་རོ། ། ཤེས་ཡོད་ཡིད་ཙམ་ཞིག་ལ་སྟེ། །སྐྱེས་བུ་ནམ་མཁའ་བཞིན་དུ་ཆེ། ། དེ་ཕྱིར་དེ་ཡི་ངོ་བོ་ནི། །ཤེས་པ་ཡོད་ཉིད་མིན་ལྟར་མཐོང༌། ། ཡང་གཞན་དག་སྲོག་ཆགས་རེ་རེ་ལ་ཤེས་པ་ཡོད་པ་ནི་ཡིད་ཙམ་ཞིག་ལ་སྟེ་ཁྱབ་པ་འགའ་ཡང་མེད་ལ། །སྐྱེས་བུ་ནི་ནམ་མཁའ་བཞིན་དུ་ཆེ་ཞིང་ཐམས་ཅད་ལ་ཁྱབ་པ་སྟེ་དེ་རྡུལ་ཕྲ་རབ་ཙམ་ཕྱོགས་དང་ཤེས་པ་ཡོད་པ་དང་འབྲེལ་ལོ། །ཞེས་ཟེར་རོ། །བཤད་པ། དེ་ལྟར་ཡིན་པ་དེ་ཡི་ཕྱིར་དེ་ཡི་ངོ་བོ་ནི། །ཤེས་པ་ཡོད་པ་ཉིད་མིན་པ་ལྟར་མཐོང་སྟེ་དཔེར་ན་རྡུལ་ཕྲན་ཙམ་གྱི་ལན་ཚྭ་དང་འབྲེལ་བའི་གངྒཱའི་ཀླུང་ལན་ཚྭ་དང་བཅས་པ་མ་ཡིན་པ་བཞིན་ནོ། ། གལ་ཏེ་ཀུན་ལ་བདག་ཡོད་ན། །གཞན་གྱིས་དེ་ཅིས་ངར་མི་རྟོག ། དེ་ཉིད་ཀྱིས་ནི་དེ་ཉིད་ལ། །སྒྲིབ་ཅེས་བྱ་བར་མི་འཐད་དོ། ། གལ་ཏེ་ཀུན་ལ་ཁྱབ་པའི་བདག་ཡོད་ན། །གཞན་གྱི་བདག་དེ་རྒྱུ་ཅི་ཞིག་གིས་རང་གི་བདག་དེར་མི་རྟོག་སྟེ་ཡུལ་མཚུངས་པའི་ཕྱིར། །རང་གི་བདག་དེ་ཉིད་ཀྱིས་ནི་གཞན་གྱི་བདག་དེ་ཉིད་ལ། །སྒྲིབ་ཅེས་བྱ་བ་མི་འཐད་པས་གཞན་དག་ལ་ཡང་ངར་འཛིན་པར་བྱེད་དགོས་པ་ཉིད་དོ། ། གང་གི་ཡོན་ཏན་བྱེད་པོ་གང༌། །རྣམ་ཀུན་ཤེས་ཡོད་མ་ཡིན་པ། ། དེ་དག་དང་ནི་སྨྱོན་པ་ལ། །ཁྱད་པར་ཅི་ཡང་ཡོད་མ་ཡིན། ། དེ་ལྟར་རེ་ཞིག་ལུགས་གཉིས་ཀ་ལྟར་ཡང་བདག་ཡོད་པ་ཉིད་དུ་མི་རིགས་སོ་ཞེས་བསྟན་ནས། ཡོན་ཏན་རྣམས་ཀྱང་འགྲོ་བ་མཐའ་དག་གི་བྱེད་པ་པོ་ཉིད་དུ་མི་སྲིད་པས་༼༣༧༦༽མི་རིགས་པ་ཉིད་དུ་བཤད་པ། གང་གི་ཡོན་ཏན་གསུམ་བྱེད་པོ་ཡིན་པ་དང༌། །རྣམ་པ་ཀུན་ཏུ་ཤེས་པ་ཡོད་པ་མ་ཡིན་པ། །སྨྲ་བ་དེ་དག་དང་ནི་རྒྱུད་ལས་ཤེས་པ་ཕྱིན་ཅི་ལོག་ཏུ་གྱུར་པའི་སྨྱོན་པ་ལ། །ཁྱད་པར་ཅི་ཡང་ཡོད་པ་མ་ཡིན་ནོ། ། ཡོན་ཏན་རྣམས་ཀྱིས་རྣམ་ཀུན་ཏུ། །ཁྱིམ་ལ་སོགས་དག་བྱེད་ཤེས་ཀྱི། ། ཟ་བ་རྣམ་པར་མི་ཤེས་པ། །འདི་ལས་མི་རིགས་གཞན་ཅི་ཡོད། ། ཡོན་ཏན་ཏེ་རྡུལ་མུན་སྙིང་སྟོབས་རྣམས་ཀྱིས་རྣམ་པ་ཀུན་ཏུ། །ཁྱིམ་ལ་སོགས་དག་བྱེད་པ་ནི་ཤེས་ཀྱི། །ལོངས་སྤྱོད་དེ་ཟ་བ་རྣམ་པར་མི་ཤེས་པ་རུ་འདོད་པ་ནི་རིགས་པ་དང་འགལ་བའི་ཕྱིར་དང༌། འཇིག་རྟེན་གྱིས་མི་འདོད་པའི་ཕྱིར་འདི་ལས་མི་རིགས་པ་གཞན་ཅི་ཡོད་ཅེས་དགོངས་པའོ། ། བྱ་བ་དང་ལྡན་རྟག་པ་མེད། །ཀུན་ཏུ་སོང་ལ་བྱ་བ་མེད། ། བྱ་བ་མེད་པ་མེད་དང་མཚུངས། །བདག་མེད་ལ་ཁྱོད་ཅིས་མི་དགའ། ། ཡང་བདག་ཁོ་ན་ཆོས་དང་ཆོས་མ་ཡིན་པའི་བྱེད་པོ་དང་ཟ་པོར་འདོད་པ་དེ་ལ་བཤད་པ། བདག་བྱ་བ་དང་ལྡན་ན་སྔོན་གྱི་གནས་སྐབས་ལས་ཁྱད་པར་ཁས་བླངས་པས་རྟག་པ་མེད་ལ། །ཀུན་ཏུ་སོང་བ་སྟེ་ཁྱབ་པ་ལ་ནི་བྱ་བ་གང་ཡང་མེད་དོ། །འོ་ན་བདག་བྱ་བ་དང་བྲལ་བར་འགྱུར་རོ་ཞེ་ན། དེ་ལྟར་ན་ཡང་བྱ་བ་མེད་པ་དེ་ནི་མེད་པ་བོང་བུའི་རྭ་དང་མཚུངས་པས། །དེས་ན་བདག་མེད་པ་ལ་ཁྱོད་རྒྱུ་ཅི་ཞིག་གིས་མི་དགའ་སྟེ་དགའ་བར་འོས་སོ། ། ལ་ལར་ཀུན་ཏུ་སོང་བར་མཐོང༌། །ལ་ལར་སྐྱེས་བུ་ལུས་ཙམ་ཞིག ། ལ་ལར་རྡུལ་ཙམ་ཞིག་མཐོང་སྟེ། །ཤེས་རབ་ཅན་གྱིས་མེད་པར་མཐོང༌། ། ལ་ལ་དག་གིས་ལུས་རེ་རེ་ཞིང་ཐ་མི་དད་པའི་བདག་ཐམས་ཅད་ཀུན་ཏུ་སོང་བར་མཐོང་ངོ་། །ལ་ལས་ནི་སྐྱེས་བུ་དེ་རང་གི་ལུས་ཙམ་ཞིག་ཡིན་པའི་ཕྱིར་ཞུམ་པ་དང་རྒྱས་པ་ཉིད་དུ་རྟོགས་སོ། །ལ་ལ་ཞིག་གིས་ནི་ཞུམ་པ་དང་རྒྱས་པའི་ཆོས་ཉིད་དུ་མི་བཟོད་པ་རྡུལ་ཕྲ་རབ་༼༣༧༧༽ཙམ་ཞིག་ཏུ་མཐོང་སྟེ་རྟོག་པར་བྱེད་ཀྱང་། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་མངོན་པར་ཤེས་པའི་ཤེས་རབ་ཅན་གྱིས་ནི་བདག་མེད་པར་མཐོང་ངོ་། ། རྟག་ལ་གནོད་པ་ག་ལ་གནོད། །གནོད་མེད་ཐར་པ་ག་ལ་ཡོད། ། དེས་ན་གང་གི་བདག་རྟག་པ། །དེ་ལ་ཐར་པ་མི་རིགས་སོ། ། ཐར་པར་འདོད་པས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཁོ་ན་ཁས་བླང་བར་བྱ་སྟེ། བདག་རྟག་པ་ནི་མ་ཡིན་ནོ་ཞེས་བཤད་པ། བདག་རྟག་པ་ལ་སྔ་ཕྱི་ཁྱད་པར་མེད་པས་གནོད་པ་ག་ལ་ཞིག །གནོད་པ་མེད་པ་དེ་ལ་གྲོལ་བ་ག་ལ་ཡོད། །དེས་ན་གང་གི་བདག་རྟག་པར་འཛིན་པར་བྱེད་པ། །དེ་ལ་ཐར་པ་ཡོད་པར་མི་རིགས་སོ། ། གལ་ཏེ་བདག་ཅེས་བྱ་ཡོད་ན། །བདག་མེད་སྙམ་པ་མི་རིགས་ཤིང༌། ། དེ་ཉིད་རིག་པ་ངེས་པ་ལས། །མྱ་ངན་འདས་འགྱུར་ཞེས་བྱའང་བརྫུན། ། གཞན་ཡང་ཡ་མཚན་ཅན་རྣམས་ཀྱིས་བདག་དང་བདག་གིར་འཛིན་པ་ཟད་པར་བྱ་བའི་ཕྱིར་གྲོལ་བ་ཁས་བླངས་མོད་ཀྱང༌། གལ་ཏེ་གྲོལ་བའི་ཚེ་བདག་ཅེས་བྱ་བ་ཞིག་ཡོད་ན། །བདག་མེད་དོ་སྙམ་པའི་བློ་ཡང་མི་རིགས་ཤིང༌། །བདག་དེ་ཉིད་རིགས་པ་ངེས་པ་ལས། །བདག་ཏུ་འཛིན་པ་སྤངས་ཏེ་མྱ་ངན་འདས་པར་འགྱུར་རོ་ཞེས་བྱ་བའང་བརྫུན་ཏེ་དེ་ཡང་ངར་འཛིན་པ་ཡོད་པའི་ཕྱིར་རོ། ། གལ་ཏེ་གྲོལ་བ་ཡོད་ཉིད་ན། །དེ་ནི་སྔར་ཡང་མེད་པ་མེད། ། མི་ལྡན་པ་ལ་གང་མཐོང་བ། །དེ་ནི་རང་བཞིན་ཞེས་བྱར་བཤད། ། གནོད་པ་དེ་སྤང་བར་འདོད་ནས་གནས་སྐབས་དེ་ན་བདག་མེད་པར་འདོད་ན། གལ་ཏེ་བདག་དེ་ལས་གྲོལ་བ་ཡོད་པ་ཉིད་ན། །དེ་ནི་སྔར་ཡང་མེད་པ་མེད་དེ། །འབྲེལ་བ་ཅན་གྱི་ཆོས་དང་མི་ལྡན་པ་ལ་ངོ་བོ་གང་མཐོང་བ། །དེ་ནི་རང་གི་རང་བཞིན་ཞེས་བྱ་བར་བཤད་དོ། ། གལ་ཏེ་མི་རྟག་ཆད་ན་ནི། །ད་དུང་རྩྭ་སོགས་ཅི་སྟེ་ཡོད། ། འདི་ནི་གལ་ཏེ་བདེན་འགྱུར་ན། །སུ་ལའང་གཏི་མུག་ཀྱང་མི་འབྱུང༌། ། གལ་ཏེ་རྟག་པ་ཞིག་མེད་ན་འདུ་བྱེད་རྣམས་༼༣༧༨༽སྐྱེ་མ་ཐག་ཏུ་འཇིག་པའི་ཕྱིར་ཆད་པར་ལྟ་བར་འགྱུར་རོ་ཞེས་ཟེར་རོ། །བཤད་པ། གལ་ཏེ་མི་རྟག་པ་འདི་ཆད་པར་གྱུར་ན་ནི། །ད་དུང་བསྐལ་པ་དང་པོ་ནས་ཞུགས་པའི་རྩ་དང་ལྕུགས་མ་དང་ལྗོན་ཤིང་སོགས་ཅི་སྟེ་ཡོད། །སྨྲ་བ་འདི་ནི་གལ་ཏེ་བདེན་པར་འགྱུར་ན། །སུ་ལའང་གཏི་མུག་ལ་སོགས་པ་དག་ཀྱང་མི་འབྱུང་ངོ་། །ཀྱང་གི་སྒྲས་ནི་བདེ་བ་ལ་སོགས་པ་དང་འདོད་ཆགས་ལ་སོགས་པ་རྣམས་བཟུང་བར་བྱའོ། ། བདག་ནི་ཡོད་པར་གྱུར་ནའང་གཟུགས། །གཞན་ལས་འབྱུང་བར་སྣང་གྱུར་ལ། ། གཞན་ལས་གནས་པར་སྣང་གྱུར་ཞིང༌། །གཞན་ལས་རྣམ་པར་འཇིག་པར་སྣང༌། ། ཅི་སྟེ་དངོས་པོ་མཐའ་དག་འབྱུང་བའི་རྒྱུ་བདག་རྟག་པ་ཉིད་ཡོད་པས། རྒྱུ་ངེས་པ་རྩ་ལ་སོགས་པ་རྣམས་ཆད་པར་མ་ཡིན་ནོ་སྙམ་ན། དེ་ཡང་མ་ཡིན་ཏེ། བདག་ནི་ཡོད་པར་གྱུར་དུ་ཆུག་ནའང་གཟུགས་ལ་སོགས་པ་ནི། །རྒྱུ་གཞན་ལས་འབྱུང་བར་སྣང་བར་གྱུར་ལ། །རྒྱུ་གཞན་ལས་གནས་པར་སྣང་བར་གྱུར་ཅིང༌། །རྒྱུ་མ་ཚང་བ་ལྟ་བུ་གཞན་ལས་རྣམ་པར་འཇིག་པར་སྣང་བ་ཡིན་ནོ། ། ཇི་ལྟར་ས་བོན་བྱས་པ་ལས། །མྱུ་གུ་བྱས་པ་སྐྱེ་འགྱུར་བ། ། དེ་བཞིན་མི་རྟག་ཐམས་ཅད་ནི། །མི་རྟག་དག་ལས་འབྱུང་བར་འགྱུར། ། ཇི་ལྟར་ན་ས་བོན་བྱས་པ་རང་བཞིན་མ་གྲུབ་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ལས། །མྱུ་གུ་བྱས་པ་རང་བཞིན་མེད་པ་སྐྱེ་བར་འགྱུར་བ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་གཟུགས་ཅན་མ་ཡིན་པ་རྣམས་དང་ཟག་པ་མེད་པ་སྟེ་མི་རྟག་པ་ཐམས་ཅད་ནི། །རྒྱུ་མི་རྟག་པ་དག་ལས་རབ་ཏུ་འབྱུང་བར་འགྱུར་རོ། ། གང་ཕྱིར་དངོས་པོ་འཇུག་འགྱུར་བ། །དེས་ན་ཆད་པར་མི་འགྱུར་ཞིང༌། ། གང་ཕྱིར་དངོས་པོ་ལྡོག་འགྱུར་བ། །དེས་ན་རྟག་པར་མི་འགྱུར་རོ། ། གང་གི་ཕྱིར་མྱུ་གུའི་དངོས་པོ་འཇུག་པར་འགྱུར་བ། །དེས་ན་དངོས་པོ་རྣམས་ཆད་པར་མི་འགྱུར་ཞིང༌། །༼༣༧༩༽གང་གི་ཕྱིར་ས་བོན་གྱི་དངོས་པོ་ལྡོག་པར་འགྱུར་བ། །དེས་ན་རྟག་པར་ཡང་མི་འགྱུར་རོ། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། བདག་དགག་པ་བསྒོམ་པར་བསྟན་པ་སྟེ་རབ་ཏུ་བྱེད་པ་བཅུ་པའོ།། །།

མ་འོངས་བུམ་ལ་ད་ལྟར་བའི། །བུམ་ཡོད་མ་ཡིན་འདས་པ་མེད། ། གང་ཕྱིར་དེ་གཉིས་མ་འོངས་པ། །དེ་ཕྱིར་མ་འོངས་ཡོད་མ་ཡིན། ། སྨྲས་པ། འདི་ན་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་ས་བོན་ལ་སོགས་པ་ཡོད་ཀྱང་དུས་ལ་མ་བལྟོས་པར་འབྲས་བུ་འབྱུང་བ་མེད་པས་དངོས་པོ་ལས་ཐ་དད་པའི་དུས་རྟག་པ་ཞིག་ནི་ཡོད་དོ། །དེ་ལ་བཤད་པ། །མ་འོངས་པའི་བུམ་པ་ལ་ད་ལྟར་བའི། །བུམ་པ་ཡོད་པ་མ་ཡིན་ལ་འདས་པའི་བུམ་པ་པ་ཡང་མེད་དོ། །གང་གི་ཕྱིར་དེ་གཉིས་ཀྱང་མ་འོངས་པ་ན་མ་འོངས་པར་འགྱུར་རོ། །དེ་ཡི་ཕྱིར་མ་འོངས་པ་ཡོད་པ་མ་ཡིན་ལ་དུས་གཞན་གཉིས་ཀྱང་དེ་དང་འདྲ་བར་སྦྱར་བར་བྱའོ། ། གལ་ཏེ་ཞིག་པ་མ་འོངས་པའི། །ངོ་བོར་མ་འོངས་ལ་ཡོད་ན། ། མ་འོངས་བདག་ཉིད་དུ་ཡོད་གང༌། །དེ་ནི་ཅི་ལྟར་འདས་པར་འགྱུར། ། གལ་ཏེ་ཞིག་པ་སྟེ་འདས་པ་མ་འོངས་པའི། །ངོ་བོ་མ་འོངས་པའི་བུམ་པ་ལ་ཡོད་ན། །མ་འོངས་པའི་བདག་ཉིད་དུ་ཡོད་པ་གང་ཡིན་པ། །དེ་ནི་ཇི་ལྟར་ན་འདས་པར་འགྱུར་ཏེ་མ་འོངས་པ་རང་གི་བདག་ཉིད་བཞིན་ནོ། ། གང་གི་ཕྱིར་ན་མ་འོངས་དངོས། །མ་འོངས་བདག་ཏུ་གནས་འགྱུར་བ། ། དེ་ཡི་ཕྱིར་ན་ད་ལྟར་བར། །འགྱུར་ཏེ་མ་འོངས་ཉིད་མི་སྲིད། ། གང་གི་ཕྱིར་ན་མ་འོངས་པའི་དངོས་པོ། །མ་འོངས་པའི་བདག་ཉིད་ཏུ་གནས་པར་འགྱུར་བར་འདོད་ན། །དེ་ཡི་ཕྱིར་ན་དེ་ནི་ད་ལྟར་ཡོད་པའི་ཕྱིར་ད་ལྟ་བར། །འགྱུར་ཏེ་མ་འོངས་པ་ཉིད་མི་སྲིད་དོ། །གང་གི་ཚེ་༼༣༨༠༽དེ་ལྟར་མ་འོངས་པ་མི་སྲིད་པ་དེའི་ཚེ་གང་ཞིག་འདས་པའམ་ད་ལྟ་བར་འགྱུར་བ་ཡང་བསམ་པར་བྱའོ། ། མ་འོངས་པ་ཡོད་འདས་པ་ཡོད། །ད་ལྟར་བ་ཡོད་ཅི་ཞིག་མེད། ། གང་གི་དུས་ཀུན་ཡོད་ཉིད་པ། །དེ་ཡི་མི་རྟག་ཉིད་གང་ལས། ། རང་གི་སྡེ་པ་གང་དག་དངོས་པོ་རྣམས་ལ་རང་གི་མཚན་ཉིད་ཁས་བླངས་ནས་དེ་དུས་གསུམ་ཀ་རང་བཞིན་མི་འདོར་བ་ཉིད་རྒྱུ་རྐྱེན་ཚོགས་པའི་གནས་སྐབས་དེ་དང་དེར་འགྱུར་རོ་ཞེས་སྨྲ་བ་ལ་བཤད་པ། མ་འོངས་པའི་དངོས་པོ་ཡོད་པ་དང་འདས་པའི་དངོས་པོའང་ཡོད་ལ། །ད་ལྟར་བའི་ཡང་ཡོད་ན་གཞན་ཅི་ཞིག་མེད་དེ། །གང་གིས་དུས་ཀུན་ཡོད་པ་ཉིད་དུ་འདོད་པ། །དེ་ཡི་འདུས་བྱས་མི་རྟག་པ་ཉིད་གང་ལས་ཡིན་ཏེ་མེད་དོ། ། འདས་པ་ལས་ནི་འདས་གྱུར་པ། །ཅི་ཡི་ཕྱིར་ན་འདས་པར་འགྱུར། ། འདས་པ་ལས་ནི་མ་འདས་པ། །ཅི་ཡི་ཕྱིར་ན་འདས་པར་འགྱུར། ། ཇི་ལྟར་མ་འོངས་པ་ལ་མ་འོངས་པ་ཉིད་མི་སྲིད་པས་མ་འོངས་པ་ཉིད་མེད་པ་དེ་བཞིན་དུ་འདས་པ་ལ་ཡང་འདས་པ་ཉིད་མི་སྲིད་པས་འདས་པ་ཉིད་མེད་པར་བསྟན་པའི་ཕྱིར་བཤད་པ། འདས་པ་བྲལ་ཟིན་པ་དེ་ལས་ནི་སླར་ཡང་འདས་པར་གྱུར་པ་ནི། །ཅི་ཡི་ཕྱིར་ན་འདས་པར་འགྱུར་ཏེ་བྱིས་པའི་དངོས་པོ་ལས་འདས་པའི་ལང་ཚོ་ལ་བབས་པ་ལ་བྱིས་པ་ཞེས་མི་བརྗོད་པ་བཞིན་ནོ། །འདས་པ་ལས་ནི་མ་འདས་པ་སྟེ། །འདས་པའི་བྱ་བས་མི་སྟོང་པ་དེ་ནི་ཅི་ཡི་ཕྱིར་ན་འདས་པར་འགྱུར་ཏེ། །དེ་ལས་འདས་པ་ཉིད་མི་སྲིད་པ་ཁོ་ནའོ་སྙམ་དུ་དགོངས་སོ། ། གལ་ཏེ་མ་འོངས་སྐྱེས་ཡོད་ན། །ཇི་ལྟར་ད་ལྟར་བར་མི་འགྱུར། ། ཅི་སྟེ་དེ་ལ་སྐྱེ་མེད་ན། །མ་འོངས་རྟག་པར་འགྱུར་རམ་ཅི། ། བྱེ་བྲག་ཏུ་སྨྲ་བ་གང་ཞིག་དུས་ཐམས་ཅད་ཡོད་པ་ཉིད་དུ་སྨྲ་བའི་ཕྱིར་དེ་ལ་སླར་ཡང་བརྒལ་ཞིང་བརྟག་པ། གལ་ཏེ་མ་འོངས་པའི་དངོས་པོ་སྐྱེས་བར་འགྱུར་པ་དེ་ཡོད་པར་འདོད་ན། །ཇི་ལྟར་ན་དེ་ཉིད་ད་ལྟ་བར་མི་༼༣༨༡༽འགྱུར། །ཅི་སྟེ་དེ་ཡོད་ལ་སྐྱེ་བ་མེད་པར་རྟོག་ན། །མྱ་ངན་ལས་འདས་པ་ལྟར་མ་འོངས་པ་དེ་རྟག་པར་འགྱུར་རམ་ཅི། ། སྐྱེ་བ་མེད་ཀྱང་འཇིག་པ་ལས། །གལ་ཏེ་མ་འོངས་མི་རྟག་ན། ། འདས་ལ་འཇིག་པ་ཡོད་མིན་ཏེ། །དེ་ནི་རྟག་པར་ཅིས་མི་རྟོག ། སྐྱེ་བ་མེད་ཀྱང་རྒྱུ་དང་རྐྱེན་རྣམས་ཀྱིས་རང་གི་དངོས་པོ་འཇིག་པ་ལས་ད་ལྟ་བར་འགྱུར་བས། །གལ་ཏེ་མ་འོངས་པ་མི་རྟག་པར་འདོད་པ་ན། །འོ་ན་དངོས་པོ་འདས་པ་ལ་རང་གི་ངོ་བོ་འཇིག་པ་ཡོད་པ་མིན་ཏེ། །དེ་ནི་རྟག་པར་རྒྱུ་ཅི་ཞིག་གིས་ན་མི་རྟོག ། འདས་པ་དང་ནི་ད་ལྟར་བ། །འདི་ནི་མི་རྟག་འགྱུར་མིན་ལ། ། དེ་དག་ལས་གཞན་རྣམ་པ་ནི། །གསུམ་པའང་དེ་ལ་ཡོད་མ་ཡིན། ། དངོས་པོ་དང་དངོས་པོ་མེད་པ་དག་གཅིག་ཅར་མི་སྲིད་པའི་ཕྱིར་དང༌། ཞིག་ཟིན་པ་སླར་ཡང་འཇིག་པ་མི་རིགས་པའི་ཕྱིར། འདས་པ་དང་ནི་ད་ལྟ་བ། །འདི་གཉིས་ནི་མི་རྟག་པར་འགྱུར་བ་མིན་ལ། །འདས་པ་དང་ད་ལྟ་བ་དེ་དག་ལས་གཞན་པའི་རྣམ་པ་ནི། །དེ་གཉིས་མ་ཡིན་པའི་གོ་སྐབས་གསུམ་པའང་མི་རྟག་པ་དེ་ལ་ཡོད་པ་མ་ཡིན་པས་དངོས་པོ་རང་བཞིན་དང་བཅས་པར་སྨྲ་བ་ལ་དུས་གསུམ་མི་རིགས་པ་ཉིད་དོ། ། དངོས་པོ་གང་ཞིག་ཕྱིས་སྐྱེ་བ། །དེ་ནི་གལ་ཏེ་སྔར་ཡོད་ན། ། དེ་ཡི་ཕྱིར་ན་ཕྱྭ་སྨྲ་བ། །རྣམས་ཀྱི་ཕྱོགས་ནི་ལོག་མི་འགྱུར། ། སྨྲས་པ། མ་འོངས་པའི་དངོས་པོ་ནི་ཡོད་པ་ཉིད་དེ་རྐྱེན་རྣམས་ཡོད་ན་དེ་སྐྱེ་བ་མཐོང་བའི་ཕྱིར་རོ། །སྔར་མེད་པ་ནི་སྐྱེ་བ་མེད་དེ་མོ་གཤམ་གྱི་བུ་བཞིན་ནོ། །དེ་ལ་བཤད་པ། དངོས་པོ་གང་ཞིག་ཕྱིས་སྐྱེ་བར་འགྱུར་བ། །དེ་ནི་གལ་ཏེ་རྒྱུ་ལ་མ་བལྟོས་པ་སྔར་ཡོད་པར་ཁས་ལེན་ན། །དེ་ཡི་ཕྱིར་ན་མུ་སྟེགས་ཕྱྭ་སྨྲ་བ། །རྣམས་ཀྱི་ཕྱོགས་སྐྱེས་བུས་བྱེད་པས་སྟོང་པ་གནམ་གྱིས་བསྐོས་པར་འདོད་པ་དེ་ནི་ལོག་པར་ཡང་མི་༼༣༨༢༽འགྱུར་རོ། ། གང་ཞིག་འབྱུང་བར་བྱེད་པ་སྟེ། །སྔར་ཡོད་ཅེས་བྱར་མི་རིགས་ཏེ། ། གལ་ཏེ་ཡོད་པ་སྐྱེ་འགྱུར་ན། །སྐྱེས་ཟིན་པ་ཡང་འབྱུང་བར་འགྱུར། ། འདི་ལས་ཀྱང་མི་རིགས་ཏེ། གང་གི་ཕྱིར་དོན་གང་ཞིག་རྒྱུ་དང་རྐྱེན་རྣམས་ཀྱིས་འབྱུང་བར་བྱེད་པ་སྟེ། །སྐྱེད་པར་བྱེད་པ་དེ་ནི་སྔར་ཡོད་ཅེས་བརྗོད་པར་བྱར་མི་རིགས་ཏེ། །གལ་ཏེ་ཡོད་པ་དེ་ཉིད་སྐྱེ་བར་འགྱུར་ན། །སྐྱེས་ཟིན་པ་ཡང་ཐུག་མེད་དུ་འབྱུང་བར་འགྱུར་རོ། །མ་འོངས་པ་ནི་ཡོད་པ་ཉིད་དེ་དོན་ཇི་ལྟ་བ་བཞིན་དུ་མ་འོངས་པ་ལུང་བསྟན་པ་སོགས་ཀྱི་ཕྱིར་ཞེས་ཟེར་རོ། ། མ་འོངས་པ་ཡི་དངོས་མཐོང་ན། །དངོས་པོ་མེད་པ་ཅིས་མི་མཐོང༌། ། གང་ལ་མ་འོངས་ཡོད་འགྱུར་བ། །དེ་ལ་རིང་བ་ཡོད་མ་ཡིན། ། བཤད་པ། ཁྱོད་ཀྱི་རྟོག་པས་ཡོད་པ་མ་ཡིན་པའི་མ་འོངས་པ་ཡི་དངོས་པོ་མཐོང་ན། །དངོས་པོ་མེད་པ་མོ་གཤམ་གྱི་བུ་སོགས་རྒྱུ་ཅི་ཞིག་གིས་མི་མཐོང༌། །གྲུབ་པའི་མཐའ་གང་ལ་མ་འོངས་པ་ཡོད་པར་འགྱུར་བ། །དེ་ལ་དུས་རིང་བ་ཉིད་ཀྱང་ཡོད་པ་མ་ཡིན་ཏེ་ད་ལྟ་བ་བཞིན་ནོ། ། གལ་ཏེ་བྱས་པ་མེད་ཀྱང་ཆོས། །ཡོད་ན་དེས་སྡོམ་དོན་མེད་འགྱུར། ། ཅི་སྟེ་ཅུང་ཟད་བྱེད་ན་ཡང༌། །འབྲས་བུ་ཡོད་པ་མི་སྲིད་དོ། ། གལ་ཏེ་བྱས་པ་མེད་ཀྱང་ལུས་དང་ངག་དང་ཡིད་རྣམས་ཡང་དག་པར་སྡོམ་པའི་ཆོས། །ཡོད་ན་ངེས་པར་སྡོམ་པའི་ངལ་བ་དོན་མེད་པར་འགྱུར་ལ། །ཅི་སྟེ་ཁྱད་པར་ཅུང་ཟད་ཅིག་བྱེད་ན་ཡང༌། །དེ་ལྟར་ན་མ་འོངས་པའི་འབྲས་བུ་ཡོད་པ་མི་སྲིད་དོ། ། མི་རྟག་ཡིན་ན་ཇི་ལྟ་བུར། །འབྲས་བུ་ཡོད་ཅེས་བྱ་བར་འགྱུར། ། གང་ལ་ཐོག་མ་མཐའ་ཡོད་པ། །དེ་ནི་འཇིག་རྟེན་མི་རྟག་བརྗོད། ། གང་གི་འདུ་བྱེད་ཐམས་ཅད་གདོན་མི་ཟ་བར་མི་རྟག་པ་ཡིན་པར་ཁས་ལེན་ན་ཇི་ལྟ་བུར་ན། །འབྲས་བུ་དེ་སྔར་ཡོད་ཅེས་བྱ་བར་འགྱུར་ཏེ་ཕན་ཚུན་འགལ་བའི་ཕྱིར་རོ། །དངོས་པོ་གང་ལ་སྔ་རོལ་ཏུ་གཞན་མེད་པས་ཐོག་མ་དང་འོག་རོལ་ཏུ་གཞན་མེད་པ་མཐའ་མ་ཡོད་པ། །དེ་ནི་འཇིག་རྟེན་ན་མི་རྟག་པ་༼༣༨༣༽ཞེས་བརྗོད་དོ། ། བསྒྲིབ་པ་མེད་པར་ཐལ་འགྱུར་ཏེ། །གྲོལ་ལ་མ་འོངས་ཡོད་མ་ཡིན། ། དེ་ལྟ་ཡིན་ན་ཆགས་མེད་པར། །འདོད་ཆགས་ཀྱང་ནི་འབྱུང་བར་འགྱུར། ། གང་ཞིག་འབྲས་བུ་ཡོད་པར་སྨྲ་བ་ལ་སྐྱོན་མཐོང་བས་མ་འོངས་པ་མེད་དོ་ཞེ་ན། མ་འོངས་པའི་སྐྱེ་བ་ཟད་པའི་ཕྱིར་བསྒྲིམ་པ་མེད་པར་ཐར་བར་འགྱུར་ཏེ། །ཁྱོད་ཀྱི་གྲོལ་བ་ལ་མ་འོངས་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་འབའ་ཞིག་ཏུ་མ་ཟད་ཀྱི་འདིའི་ཕྱིར་ན་རྒྱུ་མེད་པ་ཅན་དུ་སྐྱེ་བའང་འགྱུར་རོ་ཞེས་བསྟན་པའི་ཕྱིར་བཤད་པ། དེ་ལྟར་ཡིན་ན་རྣམ་པར་ཤེས་པའི་སྐྱེ་བ་མེད་པས་རྟེན་ཆགས་པ་མེད་པར། །དེའི་རྟེན་ཅན་འདོད་ཆགས་ཀྱང་ནི་འབྱུང་བར་འགྱུར་རོ། ། འབྲས་བུ་ཡོད་ཉིད་གང་འདོད་དང༌། །འབྲས་བུ་མེད་ཉིད་གང་འདོད་ལ། ། ཁྱིམ་གྱི་དོན་དུ་ཀ་བ་ལ། །སོགས་པའི་རྒྱན་ནི་དོན་མེད་འགྱུར། ། ད་ནི་འབྲས་བུ་ཡོད་པ་དང་མེད་པར་སྨྲ་བ་གཉིས་ཀའི་ལྟར་ན་ཡང་རྒྱུས་འབྲས་བུ་སྒྲུབ་པར་མི་ནུས་པ་མངོན་པར་གསལ་བའི་ཕྱིར་བཤད་པ། གྲངས་ཅན་པ་མེད་པ་ལ་སྐྱེ་བ་དང་ཡོད་པ་ལ་འཇིག་པ་མེད་པར་འདོད་པ་དང༌། བྱེ་སྨྲ་རྒྱུ་རྐྱེན་གྱི་ཚོགས་པས་ད་ལྟ་བའི་གནས་སྐབས་བསྐྱེད་པ་ལ་རྫས་བསྐྱེད་པར་མི་འདོད་པ་ལྟར་འབྲས་བུ་ཡོད་པ་ཉིད་གང་འདོད་པ་དང༌། །བྱེ་བྲག་པ་ལ་སོགས་པས་རྡུལ་ཕྲ་རབ་རྣམས་ལས་དོན་གཞན་རག་པ་ཡན་ལག་ཅན་གྱི་རྫས་སྐྱེ་བར་རྟོག་པ་དང༌། མདོ་སྡེ་པ་མིག་ལ་སོགས་པ་མ་བྱུང་བ་ལས་འབྱུང་ཞིང༌། བྱུང་ནས་ཞིག་པར་འདོད་པ་དང༌། རྣམ་རིག་པ་ཀུན་གཞིའི་བག་ཆགས་སྨིན་པ་ལས་འཇུག་ཤེས་སོགས་སྐྱེ་བས། འབྲས་བུ་མེད་པ་ཉིད་དུ་གང་འདོད་པ་ལ། །ཁྱིམ་གྱི་དོན་དུ་སྒོ་སྐྱེས་དང་ཀ་བ་ལ། །སོགས་པའི་རྒྱན་༼༣༨༤༽ཐམས་ཅད་ནི་དོན་མེད་པར་འགྱུར་རོ། །དེའི་ཕྱིར་དེ་ལྟར་ན་མཁས་པས་མཐའ་གཉིས་སྤངས་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་ཁས་བླང་བར་བྱའོ། ། དངོས་རྣམས་ཡོངས་སུ་འགྱུར་བ་ཡང༌། །ཡིད་ཀྱིས་ཀྱང་ནི་འཛིན་མི་འགྱུར། ། དེ་ལྟ་ན་ཡང་ད་ལྟར་བ། །ཡོད་པར་མི་མཁས་རྣམས་ཀྱིས་རྟོག ། ཁྱོད་ཀྱིས་འདས་པ་དང་མ་འོངས་པའི་དུས་བཀག་མོད་ཀྱི། ད་ལྟ་བ་ནི་རེ་ཞིག་ཡོད་དོ་ཞེ་ན། བཤད་པ། དངོས་པོ་རྣམས་སྐད་ཅིག་གིས་ཡོངས་སུ་འགྱུར་བ་ཡང་དབང་པོ་གཞན་ལྔས་མི་འཛིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། །ཆོད་པ་དང་ཕྲ་བ་དང་གཟུགས་ཅན་མ་ཡིན་པའི་དོན་ཡོངས་སུ་གཅོད་པར་ནུས་པའི་ཡིད་ཀྱིས་ཀྱང་ནི་འཛིན་པར་མི་འགྱུར་མོད་ཀྱི། །དེ་ལྟར་ན་ཡང་ད་ལྟ་བ་འདི། །ཡོད་པར་མི་མཁས་པ་བླུན་པོ་རྣམས་ཀྱིས་རྟོག་པར་བྱེད་དོ། ། གནས་མེད་དངོས་པོ་ག་ལ་ཞིག །མི་རྟག་པས་གནས་ག་ལ་ཡོད། ། གལ་ཏེ་དང་པོར་གནས་གྱུར་ན། །ཐ་མར་རྙིངས་པར་མི་འགྱུར་རོ། ། སྨྲས་པ། དུས་རྣམས་ནི་ཡོད་པ་ཁོ་ན་སྟེ། །དེའི་རྒྱུ་དངོས་པོ་ཡོད་པའི་ཕྱིར་རོ། །དེའི་ཕྱིར་དུས་མངོན་པར་གསལ་བའི་རྒྱུ་མཚན་ཡོད་པས་དུས་ཡོད་དོ། །བཤད་པ། གནས་པ་རྣམ་པ་ཐམས་ཅད་དུ་མེད་པས་ཀྱང་དུས་ཀྱི་རྒྱུ་དངོས་པོ་ག་ལ་ཞིག་སྟེ་མེད་དོ། །ཐམས་ཅད་མི་རྟག་པས་ཟོས་པས་གནས་པ་ནི་ག་ལ་ཡོད། །གལ་ཏེ་དང་པོ་གནས་པ་ཞིག་ཡོད་པར་གྱུར་ན། །ཐ་མར་ཡང་རྙིང་པར་མི་འགྱུར་རོ། །དེའི་ཕྱིར་སྔར་ཉིད་ནས་གནས་པ་མེད་པར་རྟོགས་པར་གྱིས་ཤིག ། ཇི་ལྟར་རྣམ་ཤེས་གཅིག་གིས་ནི། །དོན་གཉིས་རྣམ་པར་མི་ཤེས་པ། ། དེ་བཞིན་རྣམ་ཤེས་གཉིས་ཀྱིས་ནི། །དོན་གཅིག་རྣམ་པར་མི་ཤེས་སོ། ། འདི་ལས་ཀྱང་གནས་པ་མེད་དེ། ཇི་ལྟར་ན་སྐད་ཅིག་གིས་འཇིག་པས་རྣམ་ཤེས་གཅིག་གིས་ནི། །དོན་སྔ་ཕྱི་གཉིས་རྣམ་པར་མི་ཤེས་པ་རུ། །འདོད་པ་དེ་བཞིན་དུ་༼༣༨༥༽ཤེས་པ་དང་ཤེས་བྱ་གཉིས་ཀ་སྐྱེ་འགག་ལ་རག་ལས་པས་རྣམ་ཤེས་གཉིས་ཀྱིས་ནི། །དོན་ཅིག་རྣམ་པར་མི་ཤེས་སོ། ། གལ་ཏེ་དུས་ལ་གནས་ཡོད་ན། །གནས་པ་དུས་སུ་མི་འགྱུར་རོ། ། ཅི་སྟེ་གནས་མེད་ན་གནས་པ། །མེད་པར་མཐའ་ཡང་ཡོད་མ་ཡིན། ། སྨྲས་པ། གནས་པ་ནི་ཡོད་པ་ཉིད་དེ་ད་ལྟ་བའི་དུས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །གནས་པས་ནི་ད་ལྟ་བའི་དུས་མཚོན་པར་བྱེད་དེ་གནས་པ་དང་བྲལ་བའི་ད་ལྟ་བ་ནི་མི་སྲིད་པའི་ཕྱིར་རོ། །བཤད་པར་བྱ་སྟེ། གལ་ཏེ་དུས་ལ་གནས་པ་ཡོད་པར་འདོད་ན། །གནས་པ་དེ་དུས་སུ་མི་འགྱུར་རོ། །དཔེར་ན། རྟེན་དང་བརྟེན་པ་ཐ་དད་པའི་ཕྱིར་ཁྱིམ་ན་གནས་པའི་ལྷ་སྦྱིན་ཁྱིམ་ཉིད་མ་ཡིན་པ་བཞིན་ནོ། །ཅི་སྟེ་གནས་པ་མེད་ན་ནི་གནས་པ། །མེད་པར་མཐའ་འཇིག་པ་ཡང་ཡོད་པ་མ་ཡིན་ནོ། ། གལ་ཏེ་མི་རྟག་དངོས་གཞན་ན། །དངོས་པོ་མི་རྟག་པར་མི་འགྱུར། ། གཅིག་ན་མི་རྟག་ཉིད་གང་ཡིན། །དེ་ཉིད་དངོས་ཏེ་ག་ལ་གནས། ། གལ་ཏེ་མི་རྟག་པ་འགའ་ཞིག་ཡོད་པར་གྱུར་ན་ནི་དེ་དངོས་པོ་ལས་གཞན་ཉིད་དམ་གཞན་མ་ཡིན་པ་ཉིད་དུ་འགྱུར་གྲང་ན་གཉི་ག་ལྟར་ཡང་མི་འཐད་དོ་ཞེས་བཤད་པ། གལ་ཏེ་མི་རྟག་པ་ཉིད་དངོས་པོ་ལས་གཞན་དུ་འགྱུར་བ་ཞིག་ན། །དེའི་ཚེ་མཚན་ཉིད་ཐ་དད་པས་དངོས་པོ་ཉིད་མི་རྟག་པར་མི་འགྱུར་རོ། །ཅི་སྟེ་གཅིག་ཉིད་འདོད་ན་མི་རྟག་པ་ཉིད་གང་ཡིན་པ། །དེ་ཉིད་དངོས་ཏེ་དེའི་ཕྱིར་དངོས་པོ་དེ་ག་ལ་གནས་ཏེ་གནས་པ་མེད་དོ། ། མི་རྟག་ཉིད་གང་སྟོབས་ཆུང་དེར། །གནས་པ་སྟོབས་ཆུང་མ་ཡིན་ན། ། ཕྱི་ནས་དེ་དག་ངེས་པར་གོ །བཟློག་པར་ཅི་ཡིས་མཐོང་བར་འགྱུར། ། སྨྲས་པ། གནས་པའི་དུས་སུ་གནས་པ་ཆེས་སྟོབས་དང་ལྡན་པས་མི་རྟག་པ་མི་མཐོང་ངོ། །བཤད་པ། མི་རྟག་པ་ཉིད་གང་སྟོབས་ཆུང་བ་དེར། །༼༣༨༦༽གནས་པ་དེ་ཉིད་སྟོབས་ཆུང་བ་མ་ཡིན་ན། །ཕྱི་ནས་དེ་དག་གཉིས་ངེས་པར་གོ །བཟློག་པ་ནི་རྒྱུ་ཅི་ཡིས་མཐོང་བར་འགྱུར། ། གལ་ཏེ་མི་རྟག་སྟོབས་ཆུང་མིན། །དངོས་པོ་ཀུན་ལ་ཡོད་ན་ནི། ། ཀུན་ལ་གནས་པ་མེད་པའམ། །ཡང་ན་ཐམས་ཅད་མི་རྟག་མིན། ། གལ་ཏེ་མི་རྟག་པ་སྟོབས་ཆུང་བ་མིན་ཞིང་། །དངོས་པོ་ཀུན་ལ་སྐད་ཅིག་མ་ཉིད་ཡོད་ན་ནི། །དངོས་པོ་ཀུན་ལ་གནས་པ་མེད་པའམ། །ཡང་ན་དེ་ལས་བཟློག་པས་ཐམས་ཅད་ལ་མི་རྟག་པ་ཉིད་ཡོད་པ་མིན་ནོ། ། གལ་ཏེ་རྟག་ཏུ་མི་རྟག་ཉིད། །ཡོད་ན་རྟག་ཏུ་གནས་ཡོད་མིན། ། ཡང་ན་རྟག་པར་གྱུར་ཟིན་ནས། །ཕྱི་ནས་མི་རྟག་པར་འགྱུར་རོ། ། གཞན་ཡང་མི་རྟག་པ་འདི་ཉིད་མཚན་གཞི་དང་ལྷན་ཅིག་འབྱུང་བའམ། དུས་ཕྱིས་འབྱུང་བ་ཞིག་ཏུ་འགྱུར་གྲང་ན། དེ་ལ་གལ་ཏེ་ཀུན་ལ་དུས་རྟག་ཏུ་མི་རྟག་པ་ཉིད། །ཡོད་པ་ཡིན་ན་རྟག་ཏུ་གནས་པ་ཡོད་པ་མིན་ཏེ་མཚན་ཉིད་མཚན་གཞི་ལ་མི་འཁྲུལ་པའི་ཕྱིར་རོ། །ཡང་ན་ཐོག་མར་རྟག་པར་གྱུར་ཟིན་ནས། །ཕྱི་ནས་དེ་ཉིད་མི་རྟག་པར་འགྱུར་རོ། །དེ་ནི་མི་སྲིད་དོ། །དངོས་པོ་གཅིག་རྟག་པ་ཡང་ཡིན་ལ་མི་རྟག་པ་ཡང་ཡིན་ནོ་ཞེས་བྱ་བ་དེ་རིགས་པ་མ་ཡིན་ནོ། ། གལ་ཏེ་གནས་པ་མི་རྟག་དང༌། །ལྷན་ཅིག་དངོས་ལ་ཡོད་ན་ནི། ། མི་རྟག་ལོག་པར་འགྱུར་བའམ། །ཡང་ན་གནས་པ་བརྫུན་པར་འགྱུར། ། གལ་ཏེ་གནས་པ་དེ་ནི་མི་རྟག་པ་དང༌། །ལྷན་ཅིག་ཏུ་དངོས་པོ་རྣམས་ལ་ཡོད་པར་འདོད་ན། །ཡང་ན་མི་རྟག་པ་ཉིད་ལོག་པར་འགྱུར་བའམ། །ཡང་ན་གནས་པ་དེ་ནི་བརྫུན་པར་འགྱུར་རོ། ། མཐོང་ཟིན་དངོས་པོ་མི་སྣང་ཞིང༌། །སླར་ཡང་སེམས་སྐྱེ་མིན་དེས་ན། ། དྲན་པ་ཞེས་བྱ་ལོག་པ་ཡི། །དོན་ལ་ལོག་པ་ཁོ་ན་འབྱུང༌། ། གལ་ཏེ་དངོས་པོ་འདས་པ་མེད་ན་ནི་བདག་འདས་པའི་དུས་ན་འདི་ལྟ་བུར་གྱུར་ཏོ་སྙམ་དུ་དྲན་པ་ཅིའི་ཡུལ་ཅན་དུ་འགྱུར་ཞེ་ན། མཐོང་ཟིན་པ་འདས་པའི་དངོས་པོ་དེ་ནི་མི་སྣང་ཞིང༌། །དེ་ལ་སླར་ཡང་ཡུལ་ཅན་གྱི་སེམས་སྐྱེ་བ་༼༣༨༧༽མིན་པ་དེས་ན། །དྲན་པ་ཞེས་བྱ་བ་ནི་ལོག་པ་སྟེ་རང་བཞིན་མེད་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །དོན་ལ་སྔ་མ་ལྟར་ལོག་པ་ཁོ་ན་འབྱུང་གི་རང་བཞིན་གྱིས་གྲུབ་པ་ནི་མ་ཡིན་ནོ། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། དུས་དགག་པ་བསྒོམ་པ་བསྟན་པ་སྟེ་རབ་ཏུ་བྱེད་པ་བཅུ་གཅིག་པའོ།། །།

གཟུར་གནས་བློ་ལྡན་དོན་གཉེར་བའི། །ཉན་པོ་སྣོད་ཅེས་བྱ་བར་བཤད། ། སྨྲ་པོ་ཡོན་ཏན་རྣམ་གཞན་དུ། །མི་འགྱུར་ཉན་པོ་ལ་ཡང་མིན། ། སྨྲས་པ། ཁྱོད་ཀྱིས་བདག་མེད་པ་འདི་ཆེས་གསལ་ཞིང་རྒྱས་པར་བསྟན་ལ། དེ་བཞིན་གཤེགས་པ་ཡང་འདི་སྟོན་པ་པོ་ཡིན་ན་ཅིའི་ཕྱིར་འཇིག་རྟེན་ཕལ་ཆེར་འདི་ལ་འཇུག་པར་མི་འགྱུར། བཤད་པ། དེ་ལྟར་ནའང་ཉན་པ་པོའི་ཆེ་བའི་བདག་ཉིད་ཤིན་ཏུ་རྙེད་པར་དཀའ་སྟེ། འདི་ལྟར་ཀུན་ནས་ཉོན་མོངས་པའི་ཕྱོགས་འདོར་བའི་རྩ་བར་གྱུར་པ་རང་གི་ཕྱོགས་ལ་རྗེས་སུ་ཆགས་པ་དང༌། གཞན་གྱི་ཕྱོགས་ལ་ཞེ་སྡང་བ་དང་བྲལ་བའི་གཟུ་བོར་གནས་པ་དང་ལེགས་པར་བཤད་པ་དང་ཉེས་པར་བཤད་པ་སོ་སོར་རྣམ་པར་འབྱེད་པར་ནུས་པའི་བློ་དང་ལྡན་པ་དང་ལེགས་བཤད་དོན་དུ་གཉེར་བའི། །ཉན་པ་པོ་དེ་ནི་ཆོས་ཀྱི་སྣོད་ཅེས་བྱ་བར་བཤད་དེ། །དེ་ལྟར་ན་སྨྲ་པོའི་ཡོན་ཏན་རྣམ་པ་གཞན་སྐྱོན་ལྟར་དུ། །མི་འགྱུར་ཞིང་ཉན་པ་པོ་ལ་ཡང་ཡོན་ཏན་རྣམ་པ་གཞན་དུ་འགྱུར་བ་མིན་ནོ། ། སྲིད་དང་སྲིད་ཐབས་ཞི་བ་ཡི། །ཐབས་དང་དེ་བཞིན་ཞི་གསུངས་ཏེ། ། འཇིག་རྟེན་ཡོངས་སུ་མི་ཤེས་གང༌། །དེ་ནི་ཐུབ་པའི་ལྟ་བུར་མངོན། ། བཅོམ་ལྡན་འདས་ཀྱིས་སྲིད་པ་སྟེ་འབྲས་བུར་གྱུར་པའི་ཉེར་ལེན་གྱི་ཕུང་པོ་ལྔ་དང་སྲིད་པའི་ཐབས་རྒྱུར་གྱུར་པའི་འདུ་བྱེད་རྣམས་དང་ཞི་བ་ཡི། །ཐབས་འཕགས་པའི་ལམ་ཡན་ལག་༼༣༨༨༽བརྒྱད་དང་དེ་བཞིན་དུ་ཉེ་བར་འཚེ་བ་ཐམས་ཅད་ཞི་བའི་རང་བཞིན་མྱ་ངན་ལས་འདས་པ་གསུངས་ཏེ། །འཇིག་རྟེན་ན་ཐོས་པ་དང་བསམ་པ་དང་སྒོམ་པ་ལ་མངོན་པར་བརྩོན་པ་མེད་པས་སམ་བདག་ཉིད་སྣོད་མ་ཡིན་པར་ཡོངས་སུ་མི་ཤེས་པ་གང་དག་གིས། །དོན་ཇི་ལྟ་བ་བཞིན་མི་རྟོགས་པའི་སྐྱོན་དེ་ནི་ཐུབ་པའི་ཡིན་པ་ལྟ་བུར་མངོན་པར་བྱེད་དོ། ། ཐམས་ཅད་བཏང་བས་མྱ་ངན་ལས། །འདའ་བར་ཡ་མཚན་ཅན་ཀུན་འདོད། ། ཀུན་སུན་འབྱིན་ལ་དེ་དག་ནི། །མི་དགར་འགྱུར་བ་རྒྱུ་ཅི་ཞིག ། སྨྲས་པ། དེ་བཞིན་གཤེགས་པའི་མངོན་པར་མཐོ་བའི་གཏམ་ཐམས་ཅད་ནི་ཆེས་དོན་གསལ་བ་ཡིན་ན་ངེས་པར་ལེགས་པའི་གཏམ་ནི་དངོས་པོ་ཐམས་ཅད་མེད་པར་སྟོན་པ་ལྷུར་ལེན་པ་ཁོ་བོ་ཅག་གིས་རྟོགས་པར་མི་ནུས་སོ། །དེ་ལ་བཤད་པར་བྱ་སྟེ། ཀུན་ནས་ཉོན་མོངས་པའི་དངོས་པོ་ཐམས་ཅད་བཏང་བར་བྱས་པས་མྱ་ངན་ལས། །འདའ་བར་འགྱུར་བ་ཡ་མཚན་ཅན་གྲངས་ཅན་པ་དང་བྱེ་བྲག་པ་ལ་སོགས་པ་ཀུན་གྱིས་འདོད་ན། །དངོས་པོ་ཀུན་སུན་འབྱིན་པར་བྱས་པ་ལ་དེ་དག་ནི། །མི་དགའ་བར་འགྱུར་བ་ལ་རྒྱུ་ནི་ཅི་ཞིག་ཡིན། ། གང་ཞིག་གཏོང་ཐབས་མི་ཤེས་དེ། །ཅི་ཞིག་གཏོང་བར་བྱེད་པར་འགྱུར། ། དེས་ན་ངེས་པར་ཐུབ་པ་ཡིས། །གཞན་དུ་ཞི་བ་མེད་ཅེས་གསུངས། ། འོ་ན་མུ་སྟེགས་བྱེད་དང་ཁྱད་པར་ཅི་ཡོད་ཅེ་ན། མུ་སྟེགས་བྱེད་རྣམས་ནི་ཐམས་ཅད་གཏོང་བའི་བསམ་པ་ཙམ་ཞིག་ཏུ་ཟད་དེ། དངོས་པོ་གང་ཞིག་གཏོང་བའི་ཐབས་ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་མི་ཤེས་པས་དེ་དག་གིས། །ཅི་ཞིག་གཏོང་བར་བྱེད་པར་འགྱུར་ཏེ་གང་ཡང་གཏོང་བར་བྱས་པ་མེད་དོ། །རྒྱུ་མཚན་དེས་ན་ངེས་པར་ཐུབ་པ་བཅོམ་ལྡན་འདས་དེ་ཡིས། །ཆོས་འདི་པ་ལས་གཞན་དུ་གྱུར་པ་ལ་ཞི་བ་མེད་ཅེས་གསུངས་སོ། །༼༣༨༩༽ སངས་རྒྱས་ཀྱིས་གསུངས་ལྐོག་གྱུར་ལ། །གང་ཞིག་ཐེ་ཚོམ་སྐྱེ་འགྱུར་བ། ། དེ་ཡིས་སྟོང་པ་ཉིད་བསྟེན་ཏེ། །འདི་ཉིད་ཁོ་ནར་ཡིད་ཆེས་བྱ། ། སྨྲས་པ། བཅོམ་ལྡན་འདས་ཀྱིས་ཤེས་བྱ་མཐའ་ཡས་པ་དབང་པོ་ལས་འདས་པ་བསྟན་པ་དག་ལ་དེ་དེ་ལྟར་ཡིན་པར་ཇི་ལྟར་ཤེས་པར་བྱ། དེ་ལ་བཤད་པ། སངས་རྒྱས་ཀྱིས་གསུངས་པ་མངོན་སུམ་དུ་མཐོང་བར་མི་ནུས་པའི་ལྐོག་ཏུ་གྱུར་པ་དག་ལ། །གང་ཟག་གང་ཞིག་ཐེ་ཚོམ་སྐྱེ་བར་འགྱུར་བ། །དེ་ཡིས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་གང་གིས་ཀྱང་བསྒྱུར་དུ་མི་བཏུབ་པའི་བདག་ཉིད་དེ་རང་རྒྱུད་དུ་བསྟེན་ཏེ། །འདི་ཉིད་ཁོ་ནར་ཐོག་མར་ཡིད་ཆེས་པར་བྱ་སྟེ། ཇི་སྐད་དུ། འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ང་ཡིས་མདོ་རྣམས་གང་གསུངས་པ། །ཡི་གེ་ཐ་དད་དོན་གཅིག་སྟེ། །ཡོངས་སུ་བསྒྲག་པར་ནུས་མ་ཡིན། །དངོས་པོ་གཅིག་ནི་བསམས་བྱས་ནས། །དེ་དག་ཐམས་ཅད་སྒོམ་འགྱུར་ཏེ། །ཞེས་སོ། །དེའི་ཕྱིར་མངོན་སུམ་མ་ཡིན་པའི་དོན་གཞན་རྣམས་ཀྱང་ཁོང་དུ་ཆུད་པར་ནུས་ཏེ། དེ་བཞིན་གཤེགས་པས་བསྟན་པའི་ཕྱིར་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་དོན་བརྗོད་པར་བྱེད་པའི་གསུང་བཞིན་ནོ། ། གང་གིས་འཇིག་རྟེན་འདི་མཐོང་དཀའ། །དེ་ནི་གཞན་ལ་བླུན་པ་ཉིད། ། གང་དག་དེ་རྗེས་འགྲོ་དེ་དག །ཤིན་ཏུ་ཡུན་རིང་བསླུས་པར་འགྱུར། ། མུ་སྟེགས་བྱེད་གང་གིས་འཇིག་རྟེན་འདི་ཡི་རྒྱུ་དང་འབྲས་བུ་རགས་པ་དག་ཀྱང་མཐོང་བར་དཀའ་ན། །དེ་ནི་འཇིག་རྟེན་གཞན་ལ་ཤིན་ཏུ་བླུན་པ་ཉིད་ཡིན་པས། །གང་དག་དེ་རྣམས་ཀྱི་རྗེས་སུ་འགྲོ་བ་དེ་དག་ནི། །ཤིན་ཏུ་ཡུན་རིང་པོ་ཚེ་རབས་དུ་མར་བསླུས་ཏེ་འཁོར་བར་འཁྱམས་པར་འགྱུར་རོ། ། མྱ་ངན་འདས་པར་རང་འགྲོ་གང༌། །དེ་ནི་ཤིན་ཏུ་བྱ་དཀའ་བྱེད། ། འདྲེན་པའི་སླད་བཞིན་དམ་པ་ནི། །མ་ཡིན་ཡིད་འགྲོ་སྤྲོ་མ་ཡིན། ། ཡང་ཅིའི་ཕྱིར་ཐར་པ་འདོད་པ་དེ་དག་ཕྱིན་ཅི་ལོག་ཏུ་མཐོང་བ་མུ་སྟེགས་ཅན་གྱི་རྗེས་སུ་འགྲོ་ཞེ་༼༣༩༠༽ན། དེ་ལ་བཤད་པ། མྱ་ངན་ལས་འདས་པའི་གྲོང་ཁྱེར་ཆེན་པོར་རང་ཉིད་འགྲོ་བ་གང་ཡིན་པ། །སངས་རྒྱས་བཅོམ་ལྡན་འདས་དེ་ནི་ཤིན་ཏུ་བྱ་དཀའ་བའི་མཛད་པ་བྱེད་དོ། །འདྲེན་པ་པོའི་སླད་བཞིན་དུ་ཡང་དམ་པ་ནི། །མ་ཡིན་པ་བདག་དང་བདག་གིར་འཛིན་པ་ཆེས་ཆེ་བ་རྣམས་ཀྱི་ཡིད་འགྲོ་བར་སྤྲོ་བ་མ་ཡིན་ནོ། ། མ་མཐོང་སྐྲག་པ་མི་རྩོམ་སྟེ། །མཐོང་ན་རྣམ་ཀུན་དེ་ལྡོག་འགྱུར། ། དེས་ན་ངེས་པར་ཅུང་ཟད་ཅིག །ཤེས་ལ་སྐྲག་པ་བརྗོད་པར་བྱ། ། སྟོང་པ་ཉིད་ཀྱི་དོན་ཕྱོགས་ཙམ་ཡང་མ་མཐོང་བའི་བ་ལང་རྫི་ལྟ་བུ་ནི་སྐྲག་པ་མི་རྩོམ་སྟེ། །ཡང་དག་པར་མཐོང་ན་རྣམ་པ་ཀུན་ཏུ་སྐྲག་པ་དེ་ལྡོག་པར་འགྱུར་བས། །དེས་ན་ངེས་པར་ཅུང་ཟད་ཅིག །ཤེས་ལ་ཅུང་ཟད་ཅིག་མི་ཤེས་པ་དེ་སྐྲག་པ་ཡིན་ཞེས་བརྗོད་པར་བྱའོ། ། བྱིས་རྣམས་ངེས་པ་ཁོ་ནར་ནི། །འཇུག་བྱེད་ཆོས་ལ་གོམས་པ་སྟེ། ། དེ་དག་གོམས་པ་མེད་པ་ཡིས། །ལྡོག་བྱེད་ཆོས་ལ་འཇིགས་པར་འགྱུར། ། ཡང་ཅིའི་ཕྱིར་ཅུང་ཟད་ཤེས་པ་འདི་དག་གིས་ཤེས་པར་བྱ་བ་ཡོངས་སུ་རྫོགས་པར་མ་གྱུར་གྱི་བར་དུ་གོ་འཕང་གོང་མ་མི་ཚོལ་ཅེ་ན། བཤད་པར་བྱ་སྟེ། སྐྲག་པའི་ཕྱིར་རོ། །ཡང་སྐྲག་པའི་རྒྱུ་ཅི་ཞིག་ཅེ་ན། མ་གོམས་པའོ། །ཡང་དེའི་རྒྱུ་ཅི་ཞིག་ཅེ་ན། ཕྱིན་ཅི་ལོག་ཏུ་གོམས་པའོ། །དེ་ཉིད་བསྟན་པའི་ཕྱིར། བྱིས་པ་རྣམས་མཐའ་གཅིག་ཏུ་ངེས་པ་ཁོ་ནར་ནི། །འཁོར་བར་འཇུག་བྱེད་ཀྱི་ཆོས་བདག་ཏུ་འཛིན་པ་ལ་གོམས་པ་སྟེ། །དེ་དག་ནམ་དུ་ཡང་གོམས་པ་མེད་པ་ཡིས། །དེ་ལྡོག་བྱེད་ཀྱི་ཆོས་དངོས་པོ་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་དུ་བསྟན་པ་ལ་འཇིགས་པར་འགྱུར་རོ། ། གང་ཞིག་གཏི་མུག་འབའ་ཞིག་གིས། །བསྒྲིབ་ཅིང་དེ་ཉིད་གེགས་བྱེད་པ། ། དེ་ལ་དགེ་ལེགས་འགྲོ་བ་ཡང༌། །མེད་ན་ཐར་པ་ག་ལ་ཡོད། ། སེམས་ཅན་གང་ཞིག་གཏི་མུག་འབའ་ཞིག་གིས། །བསྒྲིབས་ཤིང་ཕྲག་དོག་དང་སེར་སྣ་དང་ལེ་ལོ་དང་འཇིགས་༼༣༩༡༽པ་དང་ཉན་པ་པོ་ལ་སྡང་བ་ལ་སོགས་པས་དེ་ཁོ་ན་ཉིད་ཉན་པ་སོགས་ལ་གེགས་བྱེད་པ། །དེ་ལ་དགེ་ལེགས་ལྷ་མིའི་འགྲོ་བ་ཡང༌། །མེད་ན་ཐར་པ་ལྟ་ག་ལ་ཡོད། ། ཚུལ་ཁྲིམས་ལས་ནི་ཉམས་བླ་ཡི། །ལྟ་ལས་ཅིས་ཀྱང་མ་ཡིན་ཏེ། ། ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་འགྲོ། །ལྟ་བས་གོ་འཕང་མཆོག་ཏུ་འགྱུར། ། འདི་ལ་ནི་རང་དང་གཞན་གཉིས་ཀ་ལ་གནོད་པར་གཟིགས་ནས་དེའི་ཕྱིར་ཚུལ་ཁྲིམས་ལས་ནི་ཉམས་པར་གྱུར་ཀྱང་རང་ཉིད་ཁོ་ན་ངན་སོང་དུ་སྐྱེ་བའི་རྒྱུ་ཡིན་པས་བླ་ཡི། །ལྟ་བ་ལས་ནི་ཅི་ནས་ཀྱང་མ་ཡིན་ཏེ་རང་གཞན་གཉི་ག་ཡུན་རིང་དུ་བརླག་པའི་རྒྱུ་ཡིན་པས་སོ། །ཡང་ཚུལ་ཁྲིམས་ཀྱིས་ནི་རང་ཉིད་མཐོ་རིས་སུ་འགྲོ་བ་ཡིན་ལ། །ལྟ་བས་ནི་རང་གཞན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ཏེ་གོ་འཕང་མཆོག་མྱ་ངན་ལས་འདས་པ་ལ་རབ་ཏུ་འགྲོ་བར་འགྱུར་རོ། ། དམ་པ་མིན་ལ་བདག་འཛིན་མཆོག །བདག་མེད་སྟོན་པ་མ་ཡིན་ཏེ། ། གཅིག་ནི་ངན་འགྲོ་ཉིད་འགྲོ་ལ། །ཐ་མལ་མ་ཡིན་ཞི་ཉིད་དུའོ། ། དེ་ཡང་སྣོད་ཀྱི་ཁྱད་པར་ངེས་པར་མ་བཟུང་བར་སྣོད་མ་ཡིན་པ་རྣམས་ལ་བདག་མེད་པ་དེ་བསྟན་པར་བྱ་བ་མ་ཡིན་ནོ་ཞེས་བཤད་པ། དམ་པ་མིན་པ་དག་ལ་བདག་འཛིན་དང་མཚུངས་པར་ལྡན་པའི་ཆོས་བསྟན་པ་ནི་མཆོག་ཡིན་གྱི། །བདག་མེད་པའི་དོན་སྟོན་པར་བྱ་བ་མ་ཡིན་ཏེ་བཅོམ་ལྡན་འདས་ཀྱིས་འོད་སྲུང་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ནི་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟར་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུང་ལྟ་བར་གྱུར་པ་ཐམས་ཅད་ལས་ངེས་པར་འབྱུང་བ་ནི་སྟོང་པ་ཉིད་ཡིན་ན། གང་སྟོང་པ་ཉིད་དུ་ལྟ་བ་དེ་ནི་གསོར་མི་རུང་ངོ་ཞེས་གསུངས་སོ། །གཅིག་དམ་པ་མ་ཡིན་པ་དེ་ནི་སྟོང་པ་ཉིད་ཀྱི་དོན་ཕྱིན་ཅི་ལོག་ཏུ་འཛིན་པའམ་སྟོང་པ་ཉིད་སྤོང་བའི་རྐྱེན་གྱིས་༼༣༩༢༽ངན་འགྲོ་ཉིད་དུ་འགྲོ་ལ། །ཐ་མལ་མ་ཡིན་པ་མཆོག་དེ་ནི་ཞི་བ་ཉིད་དུ་འགྲོའོ། ། ཞི་སྒོ་གཉིས་པ་མེད་པ་དང༌། །ལྟ་བ་ངན་རྣམས་འཇིག་བྱེད་ཅིང༌། ། སངས་རྒྱས་ཀུན་གྱི་ཡུལ་འགྱུར་ལ། །བདག་མེད་ཅེས་ནི་བྱ་བར་བརྗོད། ། བདག་མེད་པ་ཞེས་བྱ་བ་དེ་གང་ཞེ་ན། དེ་ལ་བཤད་པ། དེ་ལ་བདག་ཅེས་བྱ་བ་ནི་གང་ཞིག་གི་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོ་རང་བཞིན་ཏེ་དེ་མེད་པ་ནི་བདག་མེད་པའོ། །དེ་ནི་ཆོས་དང་གང་ཟག་གི་དབྱེ་བས་གཉིས་སུ་རྟོགས་ཏེ་ཆོས་ཀྱི་བདག་མེད་པ་དང༌། གང་ཟག་གི་བདག་མེད་པ་ཞེས་བྱའོ། །དེ་ལ་གང་ཟག་ཅེས་བྱ་བ་ནི་གང་ཕུང་པོ་ལྔ་ལ་བརྟེན་ནས་བརྟགས་པ་སྟེ། །དེ་ནི་ཕུང་པོ་དག་ལ་རྣམ་པ་ལྔས་བཙལ་བ་ན་མི་སྲིད་དོ། །ཆོས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཅེས་བྱ་བའི་དངོས་པོ་རྣམས་སོ། །དེའི་ཕྱིར་ཆོས་དེ་རྣམས་དང་གང་ཟག་ལ་བདག་ཉིད་ཇི་ལྟ་བའི་རྒྱུ་དང་རྐྱེན་ལ་རག་ལས་ཏེ་སྐྱེ་བའི་ཕྱིར་དང༌། བརྟེན་ནས་བརྟགས་པའི་ཕྱིར་བདག་གི་རང་གི་ངོ་བོ་རང་ལ་རག་ལས་ཤིང་གཞན་ལ་རག་མ་ལས་པ་ཡོད་པ་མ་ཡིན་པས་གང་ཟག་དང་ཆོས་རྣམས་རང་བཞིན་མེད་པར་རྣམ་པར་བཞག་གོ །དོན་གང་ཞིག་ལ་རང་གི་ངོ་བོ་གྲུབ་པ་ཡོད་པ་མ་ཡིན་པ་དེ་དག་ཉིད་གཞན་གང་གིས་འགྲུབ་པར་འགྱུར། དེའི་ཕྱིར་དངོས་པོ་རྣམ་པ་ཐམས་ཅད་དུ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་བརྟེན་ནས་སམ། ཉེ་བར་བླངས་ནས་བསླུ་བའི་བདག་ཉིད་དུ་འབྱུང་བ་རྣམས་བློ་བླུན་པའི་ཆགས་པའི་གཞིར་འགྱུར་ལ། རང་བཞིན་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཐོང་བ་རྣམས་ཀྱིས་བསྒོམས་པ་ན་ཆོས་དང་གང་ཟག་གཉིས་ལ་ཆགས་པ་ཡོངས་སུ་ཟད་པ་འདྲེན་པར་འགྱུར་རོ། །ཆགས་པ་ཡོངས་སུ་ཟད་པ་ནི་མྱ་ངན་ལས་འདས་པ་ཐོབ་པའི་རྒྱུ་ཡིན་ལ། རང་བཞིན་༼༣༩༣༽མེད་པར་ལྟ་བ་ལས་མ་གཏོགས་པའི་ཆོས་འགའ་ཞིག་དེ་ལྟར་ཆགས་པ་ཡོངས་སུ་ཟད་པའི་རྒྱུ་ཡོད་པ་ཡང་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རང་བཞིན་མེད་པའི་མཚན་ཉིད་ཅན་གྱི་བདག་མེད་པ་འདི་ནི། ཞི་སྒོ་གཉིས་པ་མེད་པ་ཡིན་པའི་ཕྱིར་དང་སྟེ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་བྱ་བ་ལ་འདི་གཅིག་པུ་ཁོ་ན་ཟླ་མེད་པའི་སྒོ་ཡིན་ནོ། །གལ་ཏེ་ཡང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ཞེས་བྱ་བ་རྣམ་པར་ཐར་པའི་སྒོ་གསུམ་ཡོད་མོད་ཀྱི། དེ་ལྟར་ན་ཡང་བདག་མེད་པར་ལྟ་བ་ཁོ་ན་གཙོ་བོ་ཡིན་ཏེ། ཆོས་མ་ལུས་པ་བདག་མེད་པར་རིག་ཅིང་དངོས་པོ་ཐམས་ཅད་ལ་ཆགས་པ་མ་ལུས་པ་ཟད་པ་ལ་འགར་ཡང་འགའ་ཞིག་དོན་དུ་གཉེར་བའམ་མཚན་མར་དམིགས་པ་ག་ལ་ཡོད། དེའི་ཕྱིར་བདག་མེད་པ་འདི་ནི་ཞི་བའི་སྒོ་གཉིས་པ་མེད་པ་ཁོ་ན་ཞིག་གོ །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་ཚོགས་ལས། རང་བཞིན་མེད་པས་སྟོང་ལ་སྟོང་པ་ནི། །ཡིན་དང་མཚན་མས་ཅི་ཞིག་བྱེད་པར་འགྱུར། །མཚན་མ་ཐམས་ཅད་ལོག་པར་འགྱུར་བའི་ཕྱིར། །མཁས་པས་ཅི་སྟེ་སྨོན་ལམ་འདེབས་པར་འགྱུར། །ཞེས་བཤད་དོ། །འདིས་ནི་ལྟ་བ་ངན་པ་རྣམས་འཇིག་པར་བྱེད་ཅིང་སྤོང་བར་བྱེད་དོ། །ལྟ་བ་ངན་པ་ནི་ངན་པས་གཙེས་པའི་ལྟ་བ་དག་གོ །བདག་མེད་པ་ཡིན་ན་ནི་དངོས་པོ་རྣམས་རྣམ་པ་ཐམས་ཅད་དུ་མ་དམིགས་པས་དངོས་པོའི་རང་གི་ངོ་བོ་ཡོངས་སུ་བརྟགས་པའི་རྟེན་ཅན་ལྟ་བ་ངན་པ་རྣམས་གཏན་ནས་འཇིག་པར་མཐོང་བའི་ཕྱིར་༼༣༩༤༽བདག་མེད་པ་འདི་ནི་འཇིག་པར་བྱེད་པའོ། །འདི་ནི་སངས་རྒྱས་ཀུན་གྱི་ཡུལ་དུ་གྱུར་པའང་ཡིན་ལ། །སངས་རྒྱས་ཀུན་གྱི་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིའོ། །ཡེ་ཤེས་ཀྱི་ཁྱད་པར་གྱི་ཡུལ་ཉིད་དུ་གནས་པའི་ཕྱིར་ན་སངས་རྒྱས་ཀུན་གྱི་ཡུལ་ཞེས་བྱའོ། །ཡང་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་སྐུ་ལས་ཐ་མི་དད་པར་བཞུགས་པ་ཐམས་ཅད་ཀྱི་ཡིན་པར་བསྟན་པའི་ཕྱིར་སངས་རྒྱས་ཀུན་གྱི་ཞེས་བཤད་དོ། །དེའི་ཕྱིར་བདག་མེད་ཅེས་ནི་བྱ་བར་བརྗོད་པ་ཡིན་ནོ། ། ཆོས་འདི་ཡི་ནི་མིང་ལས་ཀྱང༌། །དམ་པ་མིན་པ་འཇིགས་པ་སྐྱེ། ། ཞན་ལ་འཇིགས་པ་མི་སྐྱེད་པའི། །སྟོབས་ལྡན་ཞེས་བྱ་གང་ཞིག་མཐོང༌། ། བདག་མེད་པ་ཞེས་བྱ་བའི་ཆོས་འདི་ཡི་ནི་མིང་ཙམ་ཐོས་པ་ལས་ཀྱང༌། །དམ་པ་མིན་པ་རྣམས་འཇིགས་པ་སྐྱེ་སྟེ། །བློ་ཞན་པ་རྣམས་ལ་འཇིགས་པ་མི་སྐྱེད་པའི། །སྟོབས་དང་ལྡན་པ་ཞེས་བྱ་བ་དེ་གང་ཞིག་ཡིན་པར་མཐོང༌། ། ཆོས་འདི་དེ་བཞིན་གཤེགས་རྣམས་ཀྱིས། །རྩོད་པའི་ཆེད་དུ་མ་གསུངས་ཏེ། ། དེ་ལྟའང་འདིས་ནི་གཞན་སྨྲ་རྣམས། །སྲེག་སྟེ་མེ་ཡིས་བུད་ཤིང་བཞིན། ། འོ་ན་རྒོལ་བ་རྣམས་ནི་གདོན་མི་ཟ་བར་ཆོས་དང་མཐུན་པར་ཚར་བཅད་པར་བྱ་དགོས་པས་སྟོབས་དང་ལྡན་པ་འདིས་གཞན་གྱི་ལུགས་ཐམས་ཅད་སུན་འབྱིན་པར་བྱ་དགོས་སོ་ཞེ་ན། བཤད་པ། དེ་ཁོ་ན་ཉིད་རྟོགས་པའི་འབྲས་བུ་ཅན་གྱི་ཆོས་འདི་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། །རྩོད་པའི་སྒོ་ནས་གཞན་ཟིལ་གྱིས་གནོན་པའི་ཆེད་དུ་མ་གསུངས་ཏེ། །དེ་ལྟའང་འདིས་ནི་གཞན་སྨྲ་བ་ངན་པ་རྣམས། །སྲེག་སྟེ་དཔེར་ན་མེ་ཡིས་བུད་ཤིང་བཞིན་ནོ། ། ཆོས་འདི་གང་གིས་ཤེས་གྱུར་པ། །དེ་ནི་གཞན་ལ་མི་དགའ་སྟེ། ། དེས་ན་བདག་ལ་ཆོས་འདི་ནི། །འཇིགས་པའི་སྒོ་དང་འདྲ་བར་སྣང༌། ། ཡང་ཇི་ལྟར་ཆོས་༼༣༩༥༽འདི་དད་པ་ཅན་གྱི་རྒྱུད་ལ་ཉེ་བར་སྐྱེ་བ་ན་ཕ་རོལ་པའི་སྨྲ་བ་དག་བསྲེག་པར་འགྱུར་ཞེ་ན། བཤད་པ། བདུད་རྩིའི་རོ་ལྟ་བུའི་ཆོས་འདི་དམ་པ་གང་གིས་ཤེས་པར་གྱུར་པ། །དེ་ནི་ལྟ་བ་གཞན་ཐམས་ཅད་ལ་མནོག་མེད་པར་ཤེས་པས་མི་དགའ་སྟེ་སློབ་དཔོན་དམ་པའི་ཆོས་ཀྱི་བདུད་རྩིའི་རོ་མྱང་བ་ལྟ་བུར་གྱུར་ཏེ། སྐྱེ་བོ་བློ་གྲོས་དང་ལྡན་པའི་ཡིད་ཚིམ་པར་བྱེད་པའི་ཚིག་གསུངས་པ་དེས་ན་བདག་ལ་ཆོས་འདི་ནི། །དམ་པ་མ་ཡིན་པའི་ལྟ་བ་ཐམས་ཅད་འཇིག་པའི་སྒོ་དང་འདྲ་བར་སྣང་ངོ་། །ཡང་ན་མྱ་ངན་ལས་འདས་པ་ནི་གཏན་དུ་བའི་འཇིག་པ་ཡིན་ལ། དེར་འཇུག་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དོ། ། དེ་ཉིད་དུ་བདག་མེད་སྙམ་དུ། །དེ་ལྟར་གང་ལ་དགོངས་གནས་པ། ། དེ་ནི་ཡོད་པས་ག་ལ་དགའ། །མེད་པས་འཇིགས་པར་ག་ལ་འགྱུར། ། འཕགས་པ་རྣམས་ལ་ཡང་ཅིའི་ཕྱིར་འདི་སྐྲག་པའི་རྒྱུར་མི་འགྱུར་ཞེ་ན། དེ་ནི་མ་ཡིན་ཏེ། དེ་ཁོ་ན་ཉིད་དུ་ཕྱི་དང་ནང་གི་དངོས་པོ་ཐམས་ཅད་ལ་བདག་མེད་དོ་སྙམ་དུ། །དེ་ལྟར་གང་ལ་དགོངས་པ་རྣམ་པར་གནས་པ། །འཕགས་པ་དེ་ནི་ཡོད་པར་བསྟན་པས་ག་ལ་དགའ། །མེད་པར་ཐོས་པས་འཇིགས་པར་ག་ལ་འགྱུར་ཏེ་འཇིགས་པའི་གནས་མེད་དོ། ། དོན་མིན་ས་བོན་གྱུར་པ་ཡི། །མུ་སྟེགས་ཅན་མང་མཐོང་ནས་ནི། ། ཆོས་འདོད་པ་ཡི་སྐྱེ་བོ་ལ། །སུ་ཞིག་སྙིང་བརྩེ་སྐྱེ་མི་འགྱུར། ། དོན་མིན་པ་སྟེ་སྡུག་བསྔལ་མུ་མཐའ་མེད་པ་དུ་མའི་ས་བོན་དུ་གྱུར་པ་ཡི། །མུ་སྟེགས་ཅན་མང་པོས་འཇིག་རྟེན་འདི་བསླུ་བར་མཐོང་ནས་ནི། །ཆོས་བྱེད་པར་འདོད་པ་ཡི་སྐྱེ་བོ་ལམ་ནོར་བ་ལ་ཞུགས་པ་རྣམས་ལ། །བྱང་ཆུབ་སེམས་དཔའི་རིགས་ཅན་སུ་ཞིག་སྙིང་བརྩེ་བ་སྐྱེ་༼༣༩༦༽བར་མི་འགྱུར། ། ཤཱཀྱ་གོས་མེད་བྲམ་ཟེ་སྟེ། །གསུམ་པོ་རྣམས་ཀྱིས་ཆོས་ཡིད་དང༌། ། མིག་དང་རྣ་བ་ཡིས་འཛིན་པ། །དེ་ཕྱིར་ཐུབ་པའི་གཞུང་ལུགས་སྨྲ། ། ཤཱཀྱའི་རྒྱལ་པོའི་རྗེས་སུ་ཞུགས་པའི་ལུགས་དང་གོས་མེད་པའི་གཅེར་བུ་པའི་ལུགས་དང་བྲམ་ཟེའི་ལུགས་དག་སྟེ། །གསུམ་པོ་རྣམས་ཀྱིས་རིམ་པ་ལྟར་ཆོས་དངོས་པོ་ཐམས་ཅད་རང་བཞིན་མེད་པར་ལྟ་བའི་ཉི་མས་སེམས་ཀྱི་རྒྱུད་སྣང་བར་བྱས་ཤིང༌། དམ་པ་མ་ཡིན་པའི་ལྟ་བ་མ་ལུས་པས་འཐིབས་ཤིང་ཚང་ཚིང་དུ་གྱུར་པའི་མུན་པ་བཅོམ་པ། འདུས་བྱས་རྨི་ལམ་དང་མིག་འཕྲུལ་དང་སྒྱུ་མའི་ན་ཆུང་དང་གཟུགས་བརྙན་དང་སྤྲུལ་པ་ལྟར་མཐོང་བ། ཉོན་མོངས་པའི་དྲི་མ་མ་ལུས་པ་བསལ་བས་སེམས་ཀྱི་རྒྱུད་དྲི་མ་མེད་པར་གྱུར་པ་རྣམས་ནི་དེ་ལྟར་མཉམ་པར་བཞག་པ་ཁོ་ནས་མཐོང་བས་ཡིད་དང༌། །གོས་མེད་པ་དང་སྐྲ་འབལ་བ་སོགས་མིག་དང་འདོན་པ་སྙིང་པོར་བྱེད་པས་རྣ་བ་ཡིས་འཛིན་པར་འདོད་པ། །དེ་ཕྱིར་ཐུབ་པའི་གཞུང་ལུགས་འདི་ཕྲ་ཞིང་ཟབ་ལ་རྟོགས་པར་དཀའ་བ་ཡིན་ནོ། ། ཇི་ལྟར་བྲམ་ཟེ་རྣམས་ལ་ཆོས། །ཕལ་ཆེར་ཕྱི་འཆོས་བརྗོད་པ་ལྟར། ། དེ་བཞིན་གཅེར་བུ་རྣམས་ལ་ཆས། །ཕལ་ཆེར་བླུན་པ་བརྗོད་པ་ཡིན། ། ཇི་ལྟར་བྲམ་ཟེ་རྣམས་ལ་བཟླས་བརྗོད་དང་སྦྱིན་སྲེག་ལ་སོགས་པའི་ཆོས། །ཕལ་ཆེར་ཕྱི་ཚུལ་འཆོས་པ་གཙོ་བོ་ཡིན་པས་ཐར་པ་འདོད་པ་དག་གིས་སྤྱད་བྱ་མ་ཡིན་པར་བརྗོད་པ་ལྟར། །དེ་བཞིན་དུ་གཅེར་བུ་པ་རྣམས་ལ་ཆོས། །ཕལ་ཆེར་བླུན་པ་ཉིད་དུ་བྱེད་པའི་རྒྱུར་གྱུར་པས་བསྟེན་བྱ་མིན་པར་བརྗོད་པ་ཡིན་ནོ། ། ཇི་ལྟར་རིགས་པ་བླངས་པ་ལས། །བྲམ་ཟེར་གུས་པ་སྐྱེ་བ་ལྟར། ། དེ་བཞིན་ཉོན་མོངས་བླངས་པ་ལས། །གཅེར་བུ་པ་ལ་བརྩེ་བར་འགྱུར། ། འདོན་པར་བྱེད་པ་ཙམ་གྱིས་སེམས་རངས་པར་གྱུར་པའི་འཇིག་རྟེན་པ་རྣམས་ནི་ཇི་ལྟར་ན་རིགས་པ་བླངས་པ་ལས། །བྲམ་ཟེར་གུས་པ་སྐྱེ་བ་ལྟར། །དེ་བཞིན་དུ་ཉོན་མོངས་ཏེ་དཀའ་༼༣༩༧༽ཐུབ་དྲག་པོ་བླངས་པ་ལས། །གཅེར་བུ་པ་རྣམས་ལ་བརྩེ་བ་སྐྱེ་བར་འགྱུར་རོ། ། སྡུག་བསྔལ་ལས་ཀྱི་རྣམ་སྨིན་ཕྱིར། །ཇི་ལྟར་ཆོས་སུ་མི་འགྱུར་བ། ། དེ་བཞིན་སྐྱེ་བ་ལས་ཀྱི་ནི། །རྣམ་སྨིན་ཡིན་ཕྱིར་ཆོས་མ་ཡིན། ། གོས་མེད་པ་ལ་སོགས་པའི་སྡུག་བསྔལ་ནི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཡིན་པའི་ཕྱིར། །ཇི་ལྟར་ན་ཆོས་སུ་མི་འགྱུར་བ། །དེ་བཞིན་དུ་བྲམ་ཟེའི་སྐྱེ་བ་ཡང་ལས་ཀྱི་ནི། །རྣམ་པར་སྨིན་པ་ཡིན་པའི་ཕྱིར་ཆོས་མ་ཡིན་ནོ། ། ཆོས་ནི་མདོར་ན་མི་འཚེ་བར། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། ། སྟོང་ཉིད་མྱ་ངན་འདས་པ་སྟེ། །འདིར་ནི་དེ་གཉིས་འབའ་ཞིག་གོ ། འོ་ན་ཆོས་དེ་གང་ཡིན་ཅེ་ན། བཤད་པ། ཆོས་ནི་མདོར་ན་གཞན་ལ་མི་འཚེ་བར། །དགེ་བ་བཅུའི་ལས་ཀྱི་ལམ་ཉིད་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་ཏེ་གང་ཡང་ཅུང་ཟད་གཞན་ལ་ཕན་འདོགས་པ་དེ་ཐམས་ཅད་ཀྱང་མི་འཚེ་བའི་ཁོངས་སུ་འདུ་བ་ཡིན་ནོ། །དངོས་པོ་རྣམས་རང་བཞིན་གྱིས་སྟོང་པ་ཉིད་དུ་མཐོང་བ་ནི་རང་བཞིན་གྱི་མྱ་ངན་ལས་འདས་པ་སྟེ། །བསྟན་པ་འདིར་ནི་མཐོ་རིས་དང་བྱང་གྲོལ་གྱི་ལམ་ཐམས་ཅད་བསྡུ་ན་དེ་གཉིས་འབའ་ཞིག་གོ ། རང་ཕྱོགས་འཇིག་རྟེན་ཐམས་ཅད་ལ། །སྐྱེས་ས་བཞིན་དུ་སྡུག་འགྱུར་ན། ། དེ་ཡི་ལྡོག་པར་བྱེད་པའི་རྒྱུ། །ཁྱོད་ལ་གང་གིས་སྡུག་པར་འགྱུར། ། ཡང་ཅིའི་ཕྱིར་ཕྱི་རོལ་པ་འདི་དག་བདེ་བར་གཤེགས་པའི་བསྟན་པ་འདི་མཐོང་བཞིན་དུ་ཡང་ཆོས་གཉིས་པོ་འདི་ལ་མི་གུས་ཞེ་ན། རང་གི་ཕྱོགས་ལ་ཆགས་པའི་ཕྱིར་ཏེ། རང་ཕྱོགས་ནི་འཇིག་རྟེན་ཐམས་ཅད་ལ། །སྐྱེས་ས་སྟེ་སྐྱེ་བའི་གནས་བཞིན་དུ་སྙིང་དུ་སྡུག་པར་འགྱུར་ན། །དེ་ཡི་ལྡོག་པར་བྱེད་པའི་རྒྱུ་ནི་རིགས་པ་དང་ལྡན་ཀྱང་། །ཁྱོད་ལ་རྒྱུ་མཚན་གང་གིས་སྡུག་པར་འགྱུར། ། རིགས་པའི་དོན་ནི་གཞན་ལས་ཀྱང༌། །བློ་ལྡན་ལེགས་པ་འདོད་པས་བླང༌། ། ཉི་མ་ས་སྟེངས་མིག་ལྡན་ལ། །ཀུན་གྱི་སྤྱི་མཐུན་མ་ཡིན་ནམ། ། དེ་ལྟར་ནའང་ཕྱོགས་སུ་མ་ལྷུང་བར་རིགས་པའི་དོན་འདི་ལྟ་བུ་ནི་གཞན་དབུ་༼༣༩༨༽མ་པ་ལས་ཀྱང༌། །རང་གཞན་གྱི་སྡེ་པ་ལས་བློ་ལྡན་ལེགས་པ་འདོད་པ་ཀུན་གྱིས་བླང་འོས་ཏེ། །ཉི་མ་ས་སྟེང་གི་མིག་དང་ལྡན་པ་ལ་སྣང་བའི་བྱ་བ་ནི། །ཀུན་གྱི་སྤྱི་མཐུན་དུ་གྱུར་པ་མ་ཡིན་ནམ། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། ལྟ་བ་དགག་པ་བསྒོམ་པ་བསྟན་པ་སྟེ་རབ་ཏུ་བྱེད་པ་བཅུ་གཉིས་པའོ།། །།

གཟུགས་མཐོང་ཚེ་ན་བུམ་པ་ནི། །ཐམས་ཅད་ཁོ་ན་མཐོང་མི་འགྱུར། ། བུམ་པ་མངོན་སུམ་ཞེས་བྱ་བའང༌། །དེ་ཉིད་རིག་པ་སུ་ཞིག་སྨྲ། ། རིགས་པའི་དོན་ནི་གཞན་ལས་ཀྱང༌། །བློ་ལྡན་ལེགས་པར་འདོད་པས་བླང༌། །ཞེས་པའི་དོན་ཕྱི་དང་ནང་གི་དངོས་པོ་ཐམས་ཅད་རང་བཞིན་མེད་པར་ཤེས་པར་བྱའོ། །གལ་ཏེ་དངོས་པོ་ཐམས་ཅད་རང་བཞིན་མེད་ན་བུམ་པ་དང་སྔོན་པོ་ལ་སོགས་དག་མངོན་སུམ་ཡིན་པར་མི་འགྱུར་བ་ཞིག་ན། དེ་དག་མངོན་སུམ་གྱིས་མཐོང་བ་ཡོད་པས་རང་བཞིན་ནི་ཡོད་པ་ཡིན་ནོ་སྙམ་ན། དེ་ལ་བཤད་པ། བུམ་པའི་གཟུགས་མིག་གིས་མཐོང་བའི་ཚེ་ན་བུམ་པ་ནི། །ཐམས་ཅད་ཁོ་ན་མཐོང་བར་མི་འགྱུར་ཏེ་བུམ་པ་ནི་རྫས་བརྒྱད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །དེས་ན་བུམ་པ་མངོན་སུམ་ཞེས་བྱ་བ་དང་དེའི་ཉེ་བར་ལེན་པ་སྔོན་པོ་ལ་སོགས་པའང་མངོན་སུམ་ཡིན་ནོ། །ཞེས་དེ་ཁོ་ན་ཉིད་རིག་པ་སུ་ཞིག་གིས་སྨྲ་བར་ནུས། ། རྣམ་པར་དཔྱད་པ་འདི་ཉིད་ཀྱིས། །བློ་མཆོག་ལྡན་པས་དྲི་ཞིམ་དང༌། ། མངར་དང་འཇམ་པ་ཐམས་ཅད་དག །སོ་སོར་དགག་པར་བྱ་བ་ཡིན། ། འཇིག་རྟེན་པའི་རྣམ་པར་ཤེས་པ་ལས་ནི་བུམ་པ་ཡང་མངོན་སུམ་ཡིན་ཅིང་གཟུགས་ལ་སོགས་པ་དག་ཀྱང་མངོན་སུམ་ཡིན་ལ། དེའི་ཉེ་བར་ལེན་པ་སྔོན་པོ་ལ་སོགས་པ་རྣམས་ཀྱང་མངོན་སུམ་ཡིན་པར་འདོད་དོ། །གང་དག་དབང་པོའི་རྣམ་པར་ཤེས་པ་ལ་མངོན་སུམ་ཉིད་དུ་སྒྲོ་༼༣༩༩༽བཏགས་ནས་གཞན་ཚད་མ་ཉིད་དུ་རྟོགས་པར་བྱེད་པ་དེ་ཡང་ཆེས་ཤིན་ཏུ་མ་འབྲེལ་བ་ཞིག་སྟེ་མི་བསླུ་བའི་ཤེས་པ་ནི་འཇིག་རྟེན་ན་ཚད་མ་ཉིད་དུ་མཐོང་ན་རྣམ་པར་ཤེས་པ་ཡང་བཅོམ་ལྡན་འདས་ཀྱིས་འདུས་བྱས་ཡིན་པའི་ཕྱིར་བརྫུན་པ་བསླུ་བའི་ཆོས་ཅན་དང་སྒྱུ་མ་ལྟ་བུར་གསུངས་སོ། །དེའི་ཕྱིར་མི་བསླུ་བ་མ་ཡིན་ཏེ། རྣམ་པ་གཞན་དུ་གནས་པའི་དངོས་པོ་ལ་རྣམ་པ་གཞན་དུ་སྣང་བའི་ཕྱིར་རོ། །རྣམ་པར་དཔྱད་པའི་ཚུལ་ནི་འདི་ཉིད་ཀྱིས། །བློ་གྲོས་མཆོག་དང་ལྡན་པ་རྣམས་ཀྱིས་སྣས་ཡོངས་སུ་བཅད་པར་བྱ་བ་དྲི་ཞིམ་པ་དང༌། །ལྕེའི་ཡུལ་གྱི་རོ་མངར་བ་དང་ལུས་ཀྱི་ཡུལ་རེག་བྱ་འཇམ་པ་ཐམས་ཅད་དག །རིགས་པ་འདིས་སོ་སོར་དགག་པར་བྱ་བ་ཡིན་ཏེ་དེ་དག་ཀྱང་རྫས་བརྒྱད་ཀྱི་ཉེ་བར་ལེན་པ་ཅན་ཡིན་པས། བདག་ཉིད་ཇི་ལྟ་བའི་དབང་པོ་དག་གི་ཡུལ་རེ་རེ་འཛིན་པ་ཡིན་དང་རྣམ་པ་ཐམས་ཅད་མི་འཛིན་པའི་ཕྱིར་སྣ་མའི་མེ་ཏོག་དང་བུ་རམ་དང་ཤིང་བལ་ལ་སོགས་པ་དག་མངོན་སུམ་ཡིན་ཞེས་དེ་ཁོ་ན་ཉིད་ཤེས་པ་སུ་ཞིག་སྨྲ། །སྒྲ་དགག་པ་ནི་ཕྱིས་རྒྱས་པར་འཆད་དོ། ། གལ་ཏེ་གཟུགས་མཐོང་བ་ཡིས་དེ། །ཐམས་ཅད་མཐོང་བར་འགྱུར་ན་ནི། ། མ་མཐོང་བ་ཡིས་གཟུགས་མཐོང་བ། །མཐོང་བ་མིན་པར་ཅིས་མི་འགྱུར། ། ཅི་སྟེ་བུམ་པ་གཟུགས་ལས་ཐ་དད་པ་མེད་མོད་ཀྱི། གཟུགས་ཀྱིས་དེ་ཁྱབ་པར་བྱས་ནས་གནས་པ་གཟུགས་མཐོང་བས་བུམ་པ་ཐམས་ཅད་མཐོང་བར་འགྱུར་རོ་ཞེ་ན། བཤད་པར་བྱ་སྟེ། གལ་ཏེ་གཟུགས་ཙམ་ཞིག་མཐོང་བ་ཡིས་མ་མཐོང་ཡང་བུམ་པ་དེ། །ཐམས་ཅད་རྫོགས་པར་མཐོང་བར་༼༤༠༠༽འགྱུར་ན་ནི། །བུམ་པ་ཡོངས་རྫོགས་མ་མཐོང་བ་ཡི་གཟུགས་གཅིག་པུ་མཐོང་བ། །དེ་ཡང་མཐོང་བ་མིན་པར་རྒྱུ་ཅི་ཞིག་གིས་མི་འགྱུར། །ཡང་འདི་ནི་དོན་གཞན་ཡིན་ཏེ། བུམ་པ་རྫས་བརྒྱད་ཀྱི་ཉེ་བར་ལེན་པ་ཅན་ཡིན་ཀྱང༌། གལ་ཏེ་རྫས་གཅིག་གི་གཟུགས་མཐོང་བས་རིལ་མཐོང་བར་རྟོགས་ན་ནི་རེ་ཞིག་དེ་དག་དང་སོ་སོར་མི་གནས་པའི་གཟུགས་དེ་ཉིད་དེ་ལས་གཞན་རྫས་བདུན་མ་མཐོང་བས་ན། མ་མཐོང་བ་ཡིན་ནོ་ཞེས་ཅིའི་ཕྱིར་མི་རྟོགས། གཟུགས་ནི་འབའ་ཞིག་ཁོ་ན་ལ། །མངོན་སུམ་ཉིད་ནི་ཡོད་མ་ཡིན། ། གང་ཕྱིར་དེ་ལ་ཕ་རོལ་གྱི། །ཆ་དང་ཚུ་རོལ་དབུས་ཡོད་ཕྱིར། ། དྲི་ལ་སོགས་པ་དང་འབྲེལ་བ་བརྗོད་པར་མི་འདོད་པའི་གཟུགས་ནི་འབའ་ཞིག་ཁོ་ན་ལའང་། །མངོན་སུམ་ཉིད་ནི་ཡོད་པ་མ་ཡིན་ཏེ། །གང་གི་ཕྱིར་རྡུལ་ཕྲ་རབ་ཀྱི་མཐར་ཐུག་པའི་བར་གྱི་གཟུགས་དེ་དག་ལ་ཕ་རོལ་གྱི། །ཆ་དང་ཚུ་རོལ་གྱི་ཆ་དང་དབུས་ཀྱི་ཆ་རྣམས་ཡོད་པའི་ཕྱིར་རོ། ། རྡུལ་ལ་ཆ་ཤས་ཡོད་མེད་ཅེས། །དཔྱད་པ་དེར་ཡང་འཇུག་པར་འགྱུར། ། དེ་ཕྱིར་བསྒྲུབ་པར་བྱ་བ་ཡིས། །བསྒྲུབ་བྱ་འགྲུབ་པར་མི་འཐད་དོ། ། བརྟགས་བཞིན་པའི་རྡུལ་ཕྲ་རབ་ལའང་ཆ་ཤས་ཡོད་མེད་ཅེས་པའི། །དཔྱད་པ་དེར་ཡང་འཇུག་པར་འགྱུར་ཏེ་ཡོད་ན་བུམ་པ་བཞིན་རྡུལ་ཕྲ་རབ་ཉིད་ཉམས་ལ་ཅི་སྟེ་མེད་ན་ནི་མ་བཟུང་བའི་ངོ་བོ་ཅན་དེ་ལ་ཡོད་པ་ཉིད་མེད་དོ། །དེ་ཕྱིར་བསྒྲུབ་པར་བྱ་བ་མངོན་སུམ་དེ་ཡིས། །བསྒྲུབ་བྱ་རང་བཞིན་དང་བཅས་པ་འགྲུབ་པར་མི་འཐད་དོ། ། ཀུན་ཀྱང་ཡན་ལག་ཏུ་གྱུར་ནས། །སླར་ཡང་ཡན་ལག་ཅན་དུ་འགྱུར། ། དེ་ཕྱིར་ཡི་གེ་བརྗོད་པ་ཡང༌། །འདི་ལ་ཡོད་པ་མ་ཡིན་ནོ། ། གཞན་ཡང་དབང་པོ་གཟུགས་ཅན་གྱིས་བཟུང་བར་བྱ་བའི་དོན་ལ་ཡོངས་སུ་བརྟགས་པ་ན། རྡུལ་ཕྲ་རབ་ཀྱི་བར་གྱི་གཟུགས་ཀུན་ཀྱང་གྱོ་མོ་ལྟ་བུ་དེ་བུམ་པའི་ཡན་ལག་ཏུ་གྱུར་ནས། །སླར་༼༤༠༡༽ཡང་རང་རང་གི་ཡན་ལག་ལ་བལྟོས་ནས་ཡན་ལག་ཅན་དུ་འགྱུར་རོ། །དེ་ཕྱིར་མིང་གི་མཐར་གནས་པའི་ཡི་གེ་ལ་ཡི་གེ་བརྗོད་པ་ཡང༌། །འདི་ལ་སྲིད་པ་ཡོད་པ་མ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་བུམ་པ་ལ་སོགས་པ་མེད་ན་དེའི་རྗོད་པར་བྱེད་པའི་ཡི་གེ་བརྗོད་པ་ཡང་མི་སྲིད་དེ། དོན་མེད་ན་ཤེས་པ་དང་བརྗོད་པ་དག་འཇུག་པ་མི་སྲིད་པའི་ཕྱིར་ཡི་གེ་བརྗོད་པ་ཡང་འདི་ལ་ཡོད་པ་མ་ཡིན་ནོ། ། གལ་ཏེ་མདོ་ལས་དབྱིབས་གཞན་ན། །ཇི་ལྟ་བུར་ན་དབྱིབས་འཛིན་འགྱུར། ། འོན་ཏེ་གཞན་མིན་ན་ལུས་ཀྱིས། །མདོག་ཀྱང་ཅི་སྟེ་འཛིན་མི་འགྱུར། ། གང་དག་གཟུགས་ཀྱི་སྐྱེ་མཆེད་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་རྣམ་པ་གཉིས་སུ་རྣམ་པར་བཞག་སྟེ། དེའི་སྒོ་ནས་བུམ་པ་མངོན་སུམ་ཉིད་དུ་རྟོག་པར་བྱེད་པ་དེ་དག་ལ་བཤད་པ། གལ་ཏེ་མདོག་སྔོན་པོ་ལ་སོགས་པ་ལས་དབྱིབས་ཟླུམ་པོ་ལ་སོགས་པ་དེ་གཞན་ན། །ཇི་ལྟ་བུར་ན་དབྱིབས་དེ་ནི་མིག་གིས་འཛིན་པར་འགྱུར་ཏེ་མིག་གི་སྒྲ་བཞིན་ནོ། །འོན་ཏེ་གཞན་མིན་པར་གཅིག་ཏུ་ལྟ་ན་ནི་ལུས་ཀྱིས་དབྱིབས་འཛིན་པའི་ཕྱིར། །དེ་དང་ཐ་མི་དད་པའི་མདོག་ཀྱང་ཅི་སྟེ་འཛིན་པར་མི་འགྱུར། །དེའི་ཕྱིར་འགའ་ལ་ཡང་མངོན་སུམ་ཉིད་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། ། གཟུགས་ནི་ལྟ་ཞིག་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ནི་མི་སྣང་ངོ༌། ། སྨྲས་པ། གཟུགས་ཀྱི་སྐྱེ་མཆེད་ནི་ཡོད་པ་ཁོ་ན་སྟེ། དེའི་རྒྱུ་འབྱུང་བ་ཆེན་པོ་བཞི་ཡོད་པའི་ཕྱིར་རོ། །བཤད་པར་བྱ་སྟེ། རྫས་བརྒྱད་ལྷན་ཅིག་འབྱུང་བར་ངེས་པ་འབྱུང་བ་ཆེན་པོ་བཞི་མ་གཏོགས་པར་གཟུགས་མི་དམིགས་ལ། གཟུགས་ཀྱི་སྐྱེ་མཆེད་ནི་ལྟ་ཞིག་མ་གཏོགས་༼༤༠༢༽པར་ཡང་། །གཟུགས་ཀྱི་རྒྱུ་ནི་མི་སྣང་ངོ༌། ། གལ་ཏེ་དེ་ལྟར་འགྱུར་ན་ནི། །གཉི་ག་ཡང་ནི་མིག་ཉིད་ཀྱིས། ། འཛིན་པར་ཅི་ཡི་ཕྱིར་མི་འགྱུར། ། འོ་ན་ཐ་དད་པ་མ་ཡིན་པར་གནས་པའི་གཟུགས་ཀྱི་རྒྱུ་ལས་གཟུགས་ཡིན་པར་རག་གོ་སྙམ་དུ་སེམས་ན། བཤད་པ། གལ་ཏེ་འདོད་པ་དེ་ལྟར་འགྱུར་ན་ནི། །གཟུགས་དང་གཟུགས་ཀྱི་རྒྱུ་གཉི་ག་ཡང་ནི་མིག་ཁོ་ན་ཉིད་ཀྱིས། །འཛིན་པར་ཅི་ཡི་ཕྱིར་ན་མི་འགྱུར། །དེ་ནི་སྲིད་པ་ཡང་མ་ཡིན་ཏེ་དབང་པོ་ཐ་དད་པའི་ཡུལ་ཡིན་པའི་ཕྱིར་དང༌། མཚན་ཉིད་ཐ་དད་པའི་ཕྱིར་རོ། ། ས་ནི་བརྟན་ཞེས་བྱ་བར་མཐོང༌། །དེ་ཡང་ལུས་ཀྱིས་འཛིན་པར་འགྱུར། ། དེས་ན་རག་པ་འབའ་ཞིག་ནི། །ས་འོ་ཞེས་ནི་བྱ་བར་བརྗོད། ། དེ་ཉིད་བསྟན་པའི་ཕྱིར་བཤད་པ། ས་ནི་འཛིན་པའི་ལས་ཅན་དུ་གནས་པས་བརྟན་པ་ཞེས་བྱ་བར་མཐོང་ལ། །དེ་ཡང་སྲ་བ་དེ་ལུས་ཀྱིས་འཛིན་པར་འགྱུར་བས། །དེས་ན་ལུས་ཀྱི་རེག་པ་གཅིག་པུ་འབའ་ཞིག་ལ་ནི། །སའོ་ཞེས་ནི་བྱ་བར་བརྗོད་པ་ཡིན་ནོ། ། བལྟ་བྱར་སྐྱེས་པའི་བུམ་པ་ནི། །འདི་ལ་ཡོན་ཏན་འགར་མི་འགྱུར། ། དེས་ན་བལྟ་བྱ་ཉིད་སྐྱེ་ལྟར། །ཡོད་པའི་ངོ་བོའང་ཡོད་མ་ཡིན། ། ཁ་ཅིག་བུམ་པ་ནི་རང་གི་ངོ་བོས་བལྟ་བར་བྱ་བ་མ་ཡིན་ཅིང་བལྟ་བར་བྱ་བ་མ་ཡིན་པའང་མ་ཡིན་མོད་ཀྱི། བལྟ་བར་བྱ་བ་ཉིད་དང་འབྲེལ་བ་ལས་བལྟ་བར་བྱ་བར་ནི་འགྱུར་ན། བལྟ་བར་བྱ་བར་འགྱུར་བས་ཀྱང་མངོན་སུམ་དུ་འགྱུར་རོ་ཞེས་ཟེར་རོ། །དེ་ལ་བཤད་པ། རེ་ཞིག་བལྟ་བར་བྱ་བའམ་བལྟ་བར་བྱ་བ་མ་ཡིན་པའི་རང་གི་ངོ་བོ་ཞིག་བལྟ་བར་བྱ་བ་ཉིད་དུ་རྟོག་གྲང་ན། དེ་ལ་བལྟ་བར་བྱ་བའི་རང་གི་ངོ་བོར་རྟོག་པ་ལ། བལྟ་བྱར་གསར་དུ་སྐྱེས་པས་བུམ་པ་ནི། །འདི་ལ་ཡོན་ཏན་འགའ་ཅུང་ཟད་ཀྱང་ཡོད་པར་མི་འགྱུར་ཏེ་གང་གི་དོན་ཡོངས་སུ་རྟོགས་པ་དེ་ནི་མེད་པ་ཡང་ཡོད་པ་ཉིད་ཡིན་པས་བརྟག་པར་མི་རིགས་སོ། །ཅི་སྟེ་བལྟ་བར་བྱ་བ་མ་ཡིན་པའི་རང་གི་ངོ་བོ་ལ་བལྟ་བར་བྱ་བ་ཉིད་དུ་རྟོག་ན། དེས་ན་བལྟ་བྱ་ཉིད་སྐྱེ་བ་མེད་པ་༼༤༠༣༽ལྟར། །བུམ་པ་ཡོད་པའི་ངོ་བོའང་ཡོད་པ་མ་ཡིན་ནོ། ། མིག་ནི་འབྱུང་གྱུར་རྣ་དེ་བཞིན། །མིག་གིས་མཐོང་གི་གཞན་གྱིས་མིན། ། དེས་ན་ངེས་པར་ལས་རྣམ་སྨིན། །ཐུབ་པས་བསམ་མི་ཁྱབ་པར་གསུངས། ། སྨྲས་པ། ཡུལ་གཟུགས་ལ་སོགས་པ་མངོན་སུམ་དག་ནི་ཡོད་པ་ཁོ་ན་སྟེ། དེའི་འཛིན་པར་བྱེད་པ་མིག་ལ་སོགས་པའི་དབང་པོ་ཡོད་པའི་ཕྱིར་རོ། །བཤད་པ། མིག་ནི་འབྱུང་བ་ལས་གྱུར་ཅིང་རྣ་བ་ཡང་དེ་བཞིན་དུ་འབྱུང་བ་ལས་གྱུར་པ་ཡིན་ལ། མིག་གིས་ནི་གཟུགས་མཐོང་གི་དབང་པོ་གཞན་གྱིས་ནི་དེ་ལྟར་མཐོང་བ་མིན་པས་དེའི་ཕྱིར་ཡུལ་རྣམས་མངོན་སུམ་ཉིད་མ་ཡིན་ནོ། །གལ་ཏེ་དེ་ལྟར་མིག་ལ་སོགས་པ་རྣམས་མི་སྲིད་ན། དེའི་ཕྱིར་ཇི་ལྟར་མིག་ལ་སོགས་པའི་དབང་པོ་འདི་རྣམས་ལས་ཀྱི་རྣམ་པར་སྨིན་པའི་ངོ་བོར་རྣམ་པར་བཞག་ཅེ་ན། ཅི་ཁོ་བོ་ཅག་གིས་འདི་རྣམས་ཀྱི་རྣམ་པར་སྨིན་པའི་ངོ་བོ་ཉིད་བཀག་གམ། གལ་ཏེ་མིག་ལ་སོགས་པ་རྣམས་འགོག་པར་བསྒྲུབས་པས་དེ་ཇི་ལྟར་མ་བཀག་ཅེ་ན། ཁོ་བོ་ཅག་གི་རྣམ་པར་དཔྱོད་པ་དོན་རང་བཞིན་འཆོལ་བ་ལྷུར་བྱེད་པ་ཉིད་ཀྱི་ཕྱིར། ཁོ་བོ་ཅག་ནི་འདིར་དངོས་པོ་རྣམས་རང་གི་ངོ་བོས་གྲུབ་པ་འགོག་གི །མིག་ལ་སོགས་པ་བྱས་ཤིང་རྟེན་ཅིང་འབྲེལ་བར་འབྱུང་བའི་ལས་ཀྱི་རྣམ་པར་སྨིན་པ་ཉིད་ནི་མི་འགོག་པའོ། །དེའི་ཕྱིར་དེ་ཡོད་པས་གང་ཞིག་རྣམ་པར་སྨིན་པ་ཉིད་དུ་བསྙད་པས་མིག་ལ་སོགས་པ་ཡོད་པ་ཉིད་དོ། །གལ་ཏེ་དེ་ལྟར་ན་ཡང༌། མིག་ནི་འབྱུང་འགྱུར་རྣ་དེ་བཞིན། །མིག་གིས་མཐོང་གི་གཞན་གྱིས་མིན། །ཅེས་བྱ་བའི་ཉེས་པ་དེ་ཉིད་དུ་འགྱུར་བ་མ་ཡིན་ནམ་ཞེ་ན། །ཉེས་པ་འདི་ནི་མེད་དེ། ལས་༼༤༠༤༽རྣམས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །ལས་རྣམས་ཀྱི་རྣམ་པར་སྨིན་པ་ནི་རིགས་པ་བཅུག་ནས་བསམ་པར་བྱ་མི་ནུས་ཏེ། །རེ་ཞིག་ལས་དེ་ཉིད་རང་གི་ངོ་བོས་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་དེ་རང་གི་ངོ་བོས་གྲུབ་པར་གྱུར་ན་ནི་དེའི་ཚེ་དུས་ཐམས་ཅད་དུ་རྣམ་པར་མི་འཆད་པར་འགྱུར་ཞིང༌། རྣམ་པར་སྨིན་པ་བྱུང་ཟིན་པ་ལས་ཀྱང་སླར་རྣམ་པར་སྨིན་པར་འགྱུར་བའམ་ཡང་ན་ནི་སྨིན་པར་མི་འགྱུར་བ་ཉིད་དོ། །རང་བཞིན་གཞན་ཉིད་དུ་བསྒྱུར་བར་མི་ནུས་པའི་ཕྱིར་རོ། །ལས་ཀྱི་འབྲས་བུ་མཐོང་བ་མེད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་མཁས་པས་འཇིག་རྟེན་པའི་དོན་ལ་ཇི་སྐད་བཤད་པའི་རྣམ་པར་དཔྱད་པ་དེ་ཁོ་ན་ཉིད་མཐོང་བ་དང་རྗེས་སུ་མཐུན་པ་མ་བཅུག་པར་ལས་རྣམས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པ་ཉིད་དུ་ཁས་བླངས་ཏེ་སྤྲུལ་པ་ལས་སྤྲུལ་པ་འབྱུང་བའི་ཚུལ་དུ་འཇིག་རྟེན་པ་ཐམས་ཅད་ཁས་བླངས་བར་བྱའོ། །མཐོང་བ་ལ་ནི་བསྙོན་པར་མི་ནུས་ལ། གང་མིག་འབྱུང་བ་ལས་གྱུར་པ་ཡིན་ཀྱང་གཟུགས་ཁོ་ན་མཐོང་གི། སྒྲ་མི་ཐོས་སོ་ཞེས་བྱ་བ་ལ་སོགས་པ་འདི་ནི་མཐོང་བ་ཡང་ཡིན་ནོ། །གང་གི་ཕྱིར་འདི་དེ་ལྟར་ཡིན་པ་དེས་ན་ངེས་པར་ལས་དང་དེའི་རྣམ་པར་སྨིན་པ་ནི། །ཐུབ་པས་བསམ་གྱིས་མི་ཁྱབ་པར་གསུངས་སོ། ། རྐྱེན་མ་ཚང་ཕྱིར་ཤེས་པ་ནི། །ལྟ་བའི་སྔ་རོལ་ཡོད་མ་ཡིན། ། འོན་ཏེ་ཕྱིས་ནས་ཤེས་དོན་མེད། །གསུམ་པ་བྱེད་པ་དོན་མེད་འགྱུར། ། སྨྲས་པ། མིག་ལ་སོགས་པ་ནི་རང་བཞིན་གྱིས་ཡོད་པ་ཉིད་དེ། དེའི་༼༤༠༥༽འབྲས་བུ་རྣམ་པར་ཤེས་པ་མཐོང་བའི་ཕྱིར་རོ། །བཤད་པ། དེ་ནི་ཡོད་པ་མ་ཡིན་ཏེ། ཇི་ལྟར་ཞེ་ན། བདག་པོའི་རྐྱེན་མ་ཚང་བའི་ཕྱིར་ན་མིག་གི་རྣམ་པར་ཤེས་པ་དེ་ནི་མིག་གིས་ལྟ་བའི་སྔ་རོལ་ཏུ་ཡོང་བ་མ་ཡིན་ནོ། །འོན་ཏེ་ལྟ་བའི་ཕྱིས་སུ་ཤེས་པ་ཡོད་པར་རྟོག་ན་བལྟས་ཟིན་པས་ཤེས་པ་སྐྱེ་བ་དོན་མེད་པ་ཡིན་ནོ། །རྟོག་པ་གསུམ་པ་གཅིག་ཅར་འབྱུང་བར་འདོད་པ་ལ་བྱེད་པ་སྟེ་ལྟ་བ་དེ་ནི་དོན་མེད་པར་འགྱུར་ཏེ་བ་ལང་གི་རྭ་གཡས་གཡོན་ལྷན་ཅིག་འབྱུང་བ་དག་ལ་གཅིག་ཤོས་ལ་རག་ལས་པ་མི་སྲིད་པ་དེ་བཞིན་དུ་ལྟ་བ་དང་ལྷན་ཅིག་འབྱུང་བའི་རྣམ་པར་ཤེས་པ་ལྟ་བ་ལ་རག་ལས་ཏེ་སྐྱེ་བ་ཉིད་དུ་མི་འགྱུར་བས་ལྟ་བ་དོན་མེད་པ་ཁོ་ནར་འགྱུར་རོ། ། མིག་དེ་འགྲོས་དང་ལྡན་གྱུར་ན། །ཐག་རིང་ཡུན་རིང་གིས་མཐོང་འགྱུར། ། ཧ་ཅང་ཉེ་དང་ཆེས་རིང་དུ། །གཟུགས་དེ་གསལ་བར་ཅི་སྟེ་མིན། ། སྨྲས་པ། མིག་ནི་བྱེད་པའི་ངོ་བོ་མ་ཡིན་པ་ཁོ་ན་སྟེ། འོ་ན་ཅི་ཞེ་ན། བྱེད་པ་པོ་ཉིད་དོ། །བཤད་པར་བྱ་སྟེ། མིག་གི་གཟུགས་དེ་ལྟ་བ་ན་ཡུལ་གྱི་ཡུལ་དུ་སོང་ནས་སམ། མ་སོང་བར་ལྟ་གྲང་ན་གཉི་ག་ལྟར་ཡང་མི་འཐད་དེ། གལ་ཏེ་མིག་དེ་ཡུལ་ལྟ་བའི་ཕྱིར་འགྲོས་དང་ལྡན་པར་གྱུར་ན། །ཐག་རིང་བ་རྣམས་དུས་ཡུན་རིང་གིས་མཐོང་བར་འགྱུར་བ་དང་། ཕྲད་པའི་ཕྱིར་ཧ་ཅང་ཉེ་བ་དང་ཆེས་རིང་དུ་གནས་ཀྱང་། །གཟུགས་དེ་གསལ་བར་མཐོང་བ་ཅི་སྟེ་མིན། ། གལ་ཏེ་གཟུགས་མཐོང་མིག་འགྲོ་ན། །སོང་བས་ཡོན་ཏན་འགའ་ཡང་མེད། ། ཡང་ན་བལྟ་བྱར་འདོད་པ་ནི། །ངེས་ཞེས་བྱ་བ་བརྫུན་པར་འགྱུར། ། གལ་ཏེ་གཟུགས་མཐོང་ནས་ད་དུང་མིག་དེར་འགྲོ་ན། །སོང་བས་ཡོན་ཏན་ལྷག་པ་༼༤༠༦༽འགའ་ཡང་མེད་དོ། །ཡང་ན་མ་མཐོང་ནས་འགྲོ་ན་གཟུགས་བལྟ་བྱར་འདོད་པ་ནི། །ལོང་བ་བཞིན་དུ་ཡུལ་ངེས་ཞེས་བྱ་བ་དེ་ཡང་བརྫུན་པར་འགྱུར་རོ། ། མིག་མ་སོང་བར་འཛིན་ན་ནི། །འགྲོ་བ་འདི་ཀུན་མཐོང་འགྱུར་ཏེ། ། གང་ལ་འགྲོ་བ་ཡོད་མིན་པ། །དེ་ལ་རིང་མེད་བསྒྲིབས་པའང་མེད། ། ཅི་སྟེ་སྐྱོན་འདི་སྤང་བར་འདོད་ནས། མིག་མ་སོང་བར་གཟུགས་འཛིན་པར་འདོད་ན་ནི། །འགྲོ་བ་འདི་དག་ཀུན་གཅིག་ཅར་མཐོང་བར་འགྱུར་ཏེ། །ཡུལ་གང་ལ་འགྲོ་བ་ཡོད་པ་མིན་པ། །དེ་ལ་རིང་བ་མེད་ཅིང་བསྒྲིབས་པའང་མེད་དོ། ། དངོས་པོ་ཀུན་གྱི་རང་བཞིན་ནི། །དང་པོར་བདག་ལ་སྣང་འགྱུར་ན། ། མིག་ནི་མིག་ཉིད་ཀྱིས་འཛིན་པར། །ཅི་ཡི་ཕྱིར་ན་འགྱུར་མ་ཡིན། ། ཡང་གལ་ཏེ་མིག་ལྟ་བའི་རང་བཞིན་དུ་འགྱུར་ན་ནི་དེའི་ཆ་ཐམས་ཅད་དུ་རང་བཞིན་མི་ཉམས་པའི་ཕྱིར་རང་གི་ངོ་བོ་ཡང་བལྟ་བར་འགྱུར་ཏེ། འདི་ལྟར་འཇིག་རྟེན་ན་མེ་དང་སྣ་མའི་མེ་ཏོག་ལ་སོགས་པ་དངོས་པོ་ཀུན་གྱི་རང་གི་རང་བཞིན་དེ་ནི། །དང་པོར་བདག་ལ་ཚ་བ་དང་དྲི་ཞིམ་པ་སོགས་སྣང་བར་འགྱུར་ན། །མིག་ནི་མིག་དེ་ཉིད་ཀྱིས་འཛིན་པར་ཡང་། །ཅི་ཡི་ཕྱིར་ན་འགྱུར་བ་མ་ཡིན། ། མིག་ལ་རྣམ་ཤེས་ཡོད་མིན་ཞིང༌། །རྣམ་ཤེས་ལ་ཡང་ལྟ་མེད་ལ། ། གཉི་ག་གཟུགས་ལ་ཡོད་མིན་ན། །དེ་དག་གིས་གཟུགས་ཇི་ལྟར་མཐོང༌། ། འོན་ཀྱང་མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པ་གསུམ་ཚོགས་པ་ལས་མཐོང་ངོ་སྙམ་པ་ལ་བཤད་པ། མིག་ལ་བེམ་པོ་ཡིན་པའི་ཕྱིར་རྣམ་པར་ཤེས་པ་ཡོད་པ་མིན་ཞིང༌། །རྣམ་ཤེས་ལ་ཡང་མིག་མེད་པས་ལྟ་བ་མེད་ལ། །དེ་གཉི་ག་གཟུགས་ལ་ཡོད་པ་མིན་ན། །དེ་དག་གི་ཚོགས་པས་གཟུགས་ཇི་ལྟར་མཐོང་སྟེ་ལོང་བའི་ཚོགས་བཞིན་ནོ་སྙམ་དུ་དགོངས་སོ། ། གལ་ཏེ་སྨྲ་ཞིང་སྒྲ་འགྲོ་ན། །གང་གིས་སྨྲ་བ་པོར་མི་འགྱུར། ། འོན་ཏེ་མི་སྨྲ་བར་འགྲོ་ནའང༌། །གང་གིས་དེ་ལ་ཤེས་པ་སྐྱེད། ། དེ་བཞིན་དུ་སྒྲ་ཡང་མཉན་པར་མི་འོས་ཏེ་འདི་ལྟར་༼༤༠༧༽གལ་ཏེ་སྒྲ་ཐོས་ན་དེ་མཉན་པའི་ཡུལ་དུ་ཕྱིན་པའམ་མ་ཕྱིན་པ་ཞིག་ཐོས་གྲང༌། ཕྱིན་ན་དེ་ཉན་པའི་ཡུལ་དུ་འགྲོ་བ་ན་སྒྲ་འབྱིན་ཅིང་འགྲོའམ། སྒྲ་མེད་པར་འགྲོ་བ་གཉི་ག་ལྟར་ཡང་མི་སྲིད་པར་བཤད་པ། གལ་ཏེ་སྨྲ་ཞིང་སྒྲ་དེ་ཤར་ནས་ནུབ་ཏུ་འགྲོ་ན། །གང་གིས་ན་སྒྲ་དེ་ཉིད་སྨྲ་བ་པོར་མི་འགྱུར། །འོན་ཏེ་མི་སྨྲ་བར་གཞན་དུ་འགྲོ་བར་འདོད་ནའང༌། །གང་གིས་སྒྲ་དེ་ལ་སྒྲའོ་སྙམ་པའི་ཤེས་པ་སྐྱེ་བར་འགྱུར། ། གལ་ཏེ་ཕྲད་དེ་སྒྲ་འཛིན་ན། །སྒྲ་ཡི་དང་པོ་གང་གིས་འཛིན། ། སྒྲ་ནི་རྐྱང་པར་མི་འོང་ན། །རིང་བུ་ཇི་ལྟར་འཛིན་པར་འགྱུར། ། གཞན་ཡང་གལ་ཏེ་རྣ་བའི་དབང་པོ་དང་ཕྲད་དེ་སྒྲ་འཛིན་ན། །སྒྲ་ཡི་སྐད་ཅིག་དང་པོ་དེ་རྣ་བ་དང་མ་ཕྲད་པས་གང་གིས་འཛིན། །སྒྲ་ནི་རྫས་དགུའི་བདག་ཉིད་ཅན་ཡིན་པས་རྐྱང་པར་མི་འོང་ན། །རིང་བུ་སྟེ་གཅིག་པུ་ཞིག་ཇི་ལྟར་ན་འཛིན་པར་འགྱུར། ། ཇི་སྲིད་སྒྲ་ཐོས་མ་གྱུར་པ། །དེ་ཡི་བར་དུ་སྒྲར་མི་འགྱུར། ། སྒྲ་མེད་པ་ཡང་མཐར་སྒྲ་ཉིད། །འགྱུར་ན་དེ་ནི་མི་རིགས་སོ། ། སྒྲའི་དང་པོ་མ་བཟུང་བའི་སྐྱོན་ནི། ཇི་ལྟར་སྒྲ་དེ་ཐོས་པར་མ་གྱུར་པ། །དེ་ཡི་བར་དུ་སྒྲ་ཡིན་པ་ཡང་མི་འགྱུར་ལ། །གལ་ཏེ་ཕྱིས་ཐོས་པའི་ཚེ་སྒྲར་འགྱུར་ན། དང་པོ་སྒྲའི་དངོས་པོ་གཏན་མེད་པ་ཡང་མཐར་སྒྲ་ཉིད་དུ། །འགྱུར་བ་ཞིག་ན་དེ་ནི་མི་རིགས་སོ། ། དབང་པོ་རྣམས་དང་བྲལ་སེམས་ཀྱིས། །སོང་སྟེའང་ཅི་ཞིག་བྱེད་པར་འགྱུར། ། དེ་ལྟ་ཡིད་དང་སྲོག་འདི་ནི། །རྟག་ཏུ་ཡིད་མེད་ཅི་སྟེ་མིན། ། གལ་ཏེ་སེམས་ཡུལ་གྱི་ཡུལ་དུ་སོང་ནས་ཡུལ་ཤེས་པར་འདོད་ན་དབང་པོ་དང་ལྷན་ཅིག་གམ་སེམས་གཅིག་པུ་ཞིག་འགྲོ་གྲང་ན་དེ་ལ་རེ་ཞིག་མིག་ལ་སོགས་པའི་དབང་པོ་རྣམས་དང་བྲལ་བའི་སེམས་ཀྱིས་ཡུལ་གྱི་ཡུལ་དུ་སོང་སྟེའང་ནུས་པ་མེད་པས་ཅི་ཞིག་བྱེད་པར་འགྱུར། །དེ་ལྟ་ཡིད་དང་༼༤༠༨༽བདག་གི་སྲོག་འདི་ནི། །དུས་རྟག་ཏུ་ཡིད་མེད་པ་ཅན་དུ་འགྱུར་བ་ཅི་སྟེ་མིན། ། སྔར་མཐོང་བ་ཡི་དོན་གང་ཞིག །ཡིད་ཀྱིས་སྨིག་རྒྱུ་ལྟར་འཛིན་པ། ། དེ་ནི་ཆོས་ཀུན་རྣམ་གཞག་ལ། །འདུ་ཤེས་ཕུང་པོ་ཞེས་བྱའོ། ། གལ་ཏེ་དེ་ལྟར་རང་བཞིན་མེད་ན་དངོས་པོ་རྣམས་ཀྱི་བྱེ་བྲག་ཡོངས་སུ་གཅོད་པར་བྱེད་པའི་འདུ་ཤེས་ནི་མེད་དམ་ཞེ་ན། མེད་པ་མ་ཡིན་ཏེ། རང་བཞིན་མེད་པའི་དངོས་པོ་ཡོད་པ་སྟེ་འདི་ལྟར་སྔར་མིག་གིས་མཐོང་བ་ཡི་དོན་གང་ཞིག །ཕྱིས་སུ་ཡིད་ཀྱིས་སྨིག་རྒྱུ་ལ་ཆུར་འཁྲུལ་བ་ལྟར་འཛིན་པ། །དེ་ནི་ཆོས་ཀུན་གྱི་རྣམ་པར་བཞག་པ་ལ། །འཇོག་པའི་རྒྱུ་འདུ་ཤེས་ཀྱི་ཕུང་པོ་ཞེས་བྱའོ། ། མིག་དང་གཟུགས་ལ་བརྟེན་ནས་ཡིད། །སྒྱུ་མ་བཞིན་དུ་སྐྱེ་བར་འགྱུར། ། གང་ལ་ཡོད་པ་ཉིད་ཡོད་དེ། །སྒྱུ་མ་ཞེས་བྱར་མི་རིགས་སོ། ། འདི་ལས་ཀྱང་ཡིན་ཏེ་མིག་དང་གཟུགས་དག་ལ་བརྟེན་ནས་ཡིད་འདི། །སྒྱུ་མའི་ན་ཆུང་བཞིན་དུ་སྐྱེ་བར་འགྱུར་རོ། །གང་ལ་རང་བཞིན་ཡོད་པ་ཉིད་ཀྱི་དངོས་པོ་ཡོད་པ་དེ་ནི། །སྒྱུ་མ་ཞེས་བྱ་བར་ཡང་མི་རིགས་སོ། ། གང་ཚེ་མཁས་པ་ས་སྟེང་ན། །ངོ་མཚར་མིན་པ་འགའ་མེད་པ། ། དེ་ཚེ་དབང་རྟོགས་དེ་འདྲ་ལ། །ཡ་མཚན་ཞེས་བྱ་ཅི་ཞིག་ཡོད། ། འདིར་སྨྲས་པ་ཅི་ནས་ཀྱང་དབང་པོ་རྣམས་ཡུལ་འཛིན་པ་མི་སྲིད་པ་དང་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་ཡང་སྐྱེའོ་ཞེས་བྱ་བ་འདི་ནི་ངོ་མཚར་བ་ཞིག་གོ །བརྗོད་པར་བྱ་སྟེ། ཅི་འདི་ཁོ་ན་ངོ་མཚར་གྱི་གང་འགགས་པ་དང་འགག་བཞིན་པའི་ས་བོན་ལས་མྱུ་གུ་འབྱུང་བར་མི་རིགས་ལ། ས་བོན་ལ་བརྟེན་ནས་མྱུ་གུ་སྐྱེ་བ་ཡང་ཡིན་པ་དང༌། དེ་བཞིན་དུ་བྱས་ཤིང་བསགས་པའི་ལས་འགགས་ནས་ཡུན་ཤིན་ཏུ་རིང་པོར་ལོན་པ་ལ་འགའ་ཡང་གནས་པ་མེད་མོད་ཀྱི། འོན་ཀྱང་འགགས་ནས་བསྐལ་པ་དུ་མས་ཆོད་པའི་ལས་ལས་ཀྱང་འབྲས་བུ་དངོས་སུ་འབྱུང་བ་དང༌། བུམ་པ་ལ་སོགས་པ་རྣམས་རང་གི་༼༤༠༩༽རྒྱུ་ལས་དེ་ཉིད་དང་གཞན་དུ་རྣམ་པ་ལྔར་དཔྱད་པ་ན་ཡོད་པ་མ་ཡིན་མོད་ཀྱི། དེ་ལྟར་ན་ཡང་བརྟེན་ནས་བརྟགས་པས་སྦྲང་རྩི་དང་ཆུ་དང་འོ་མ་འཛིན་པ་དང་འཆུ་བ་ལ་སོགས་པའི་བྱ་བ་ལ་རུང་བར་འགྱུར་བ་འདི་ཅི་ངོ་མཚར་བ་ཞིག་གམ། །དེའི་ཕྱིར་གང་གི་ཚེ་མཁས་པ་རྣམས་ས་སྟེང་ན། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་ངོ་མཚར་བའི་རྒྱུ་མིན་པ་འགའ་ཡང་མེད་པ། །དེ་ཡི་ཚེ་དབང་པོ་རྣམས་ཀྱི་དོན་རྟོགས་པ་དེ་འདྲ་བ་ཁོ་ན་ལ། །ཡ་མཚན་དུ་གྱུར་པ་ཞེས་བྱ་བ་ཅི་ཞིག་ཡོད། ། མགལ་མེའི་འཁོར་ལོ་སྤྲུལ་པ་དང༌། །རྨི་ལམ་སྒྱུ་མ་ཆུ་ཟླ་དང༌། ། ཁུག་རྣ་ནང་གི་བྲག་ཅ་དང༌། །རྨིག་རྒྱུ་སྤྲིན་དང་སྲིད་པ་མཚུངས། ། གང་གི་ཕྱིར་ན་དེ་ལྟར་རང་གི་ངོ་བོ་མ་ངེས་པས་རྐྱེན་ཇི་ལྟ་བ་དེ་ལྟ་དེ་ལྟར་རྣམ་པར་འགྱུར་བའི་ཕྱིར་མཁས་པ་རྣམས་ལ་མགལ་མེའི་འཁོར་ལོ་བསྐོར་བ་དང་ཏིང་ངེ་འཛིན་གྱིས་སྤྲུལ་པའི་གྲོང་ཁྱེར་སོགས་དང༌། །རྨི་ལམ་གྱི་སྣང་བ་དང་སྒྱུ་མ་མཁན་གྱིས་བྱས་པའི་ན་ཆུང་དང་ཆུ་ཡི་ཟླ་བ་དང༌། །ཁུག་རྣ་དུ་བ་ལྟར་འཁྲིགས་པ་དང་རིའི་ཚང་ཚིང་དང་ཀླུང་གི་ཟབས་རྣམས་ཀྱི་ནང་གི་བྲག་ཅ་དང༌། །སྨིག་རྒྱུ་ཆུ་ལྟར་མཐོང་བ་དང་ཐག་རིང་པོ་ནས་སྤྲིན་རྣམས་རི་བོ་ལྟར་འཁྲུལ་བ་དང་སྲིད་པ་འདི་མཚུངས་པ་ཡིན་ནོ། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། དབང་པོ་དང་དོན་དགག་པ་བསྒོམ་པ་བསྟན་པ་སྟེ་རབ་ཏུ་བྱེད་པ་བཅུ་གསུམ་པའོ།། །།

དངོས་པོ་གང་ཞིག་གཞན་འགའ་ལའང༌། །རག་ལས་པར་ནི་མ་འགྱུར་ན། ། དེ་ཡི་བདག་ཉིད་འགྲུབ་འགྱུར་ན། །དེ་ནི་གང་ནའང་ཡོད་མ་ཡིན། ། སྨྲས་པ། འོ་ན་རང་བཞིན་དང་བཅས་པའི་དངོས་པོ་དེ་གང་ཡིན་ཅེ་ན། དངོས་པོ་འགའ་༼༤༡༠༽ཡང་རང་བཞིན་བརྟག་པར་མི་ནུས་ཏེ་རྣམ་པ་དེ་ལྟ་བུའི་དངོས་པོ་རྣམ་པ་ཐམས་ཅད་དུ་མི་དམིགས་པའི་ཕྱིར་རོ། །འདི་ལྟར་གལ་ཏེ་དངོས་པོ་གང་ཞིག་གྲུབ་པའི་ཚེ་གཞན་འགའ་ལའང༌། །རག་ལས་པར་ནི་མི་འགྱུར་བ་ཞིག་ཡོད་ན། །དེ་ཡི་བདག་གི་ངོ་བོ་ཉིད་འགྲུབ་པར་འགྱུར་ན། །རྒྱུ་མེད་པའི་དངོས་པོ་དེ་འདྲ་བ་དེ་ནི་ཡུལ་དུས་གང་ནའང་ཡོད་པ་མ་ཡིན་ནོ། ། གཟུགས་ཉིད་བུམ་ཞེས་གཅིག་མ་ཡིན། །གཟུགས་ལྡན་བུམ་གཞན་ཡོད་མིན་ལ། ། བུམ་པ་ལ་གཟུགས་ཡོད་མིན་ཞིང༌། །གཟུགས་ལ་བུམ་པ་ཡོད་མ་ཡིན། ། བུམ་པ་ཞེས་བྱ་བའི་དངོས་པོ་འགའ་ཞིག་ཡོད་པར་གྱུར་ན་ནི་དེ་ལྟ་བའི་དབང་པོས་བཟུང་བར་བྱ་བ་ཡིན་པས། ཐ་དད་པའམ་མི་དད་པ་ཞིག་ཏུ་རྟོག་གྲང་ན། དེ་ལ་རེ་ཞིག་གཟུགས་གང་ཡིན་པ་དེ་ཉིད་བུམ་པའོ་ཞེས་གཟུགས་དང་བུམ་པ་གཅིག་པ་ནི་མ་ཡིན་ཏེ། གལ་ཏེ་གཅིག་ན་གང་དང་གང་ན་གཟུགས་ཡོད་པ་དེ་དང་དེ་ན་བུམ་པ་ཡོད་དགོས་པར་འགྱུར་རོ། །ལྷ་སྦྱིན་དོན་གཞན་དུ་གྱུར་པའི་བ་ལང་དང་ལྡན་པ་ལྟར་གཟུགས་དང་ལྡན་པའི་བུམ་པ་གཞན་ཡོད་པ་ཡང་མིན་ལ། །ཡོད་ན་གཟུགས་ལ་མ་བལྟོས་པར་གཟུང་དུ་ཡོད་པར་འགྱུར་རོ། །དེ་ལྟར་གཞན་ཉིད་མི་སྲིད་པས་འཁར་གཞོང་ལ་རྒྱ་ཤུག་ལྟར་བུམ་པ་ལ་གཟུགས་ཡོད་པ་མིན་ཞིང༌། །རེ་ལྡེ་ལ་ལྷ་སྦྱིན་ལྟར་གཟུགས་ལ་བུམ་པ་ཡང་ཡོད་པ་མ་ཡིན་ནོ། །ཇི་ལྟར་བུམ་པ་རང་བཞིན་གྱིས་ཡོད་པ་མ་ཡིན་པ་དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱང་བཙལ་ན་རང་བཞིན་གྱིས་ཡོད་པ་མ་ཡིན་པས་སྲིད་པ་མགལ་མེའི་འཁོར་ལོ་སོགས་༼༤༡༡༽དང་འདྲ་བ་ཉིད་དུ་འགྱུར་རོ། ། གཉིས་མཚན་མི་མཐུན་མཐོང་ནས་ནི། །གལ་ཏེ་དངོས་ལས་བུམ་གཞན་ན། ། མ་ཡིན་དེ་ལྟར་དངོས་པོ་ཡང༌། །བུམ་པ་ལས་གཞན་ཅིས་མི་འགྱུར། ། འདིར་ཁ་ཅིག་གཟུགས་དང་བུམ་པ་དག་ལ་གཞན་ཉིད་མི་སྲིད་མོད་ཀྱི། དངོས་པོ་ལས་བུམ་པ་ཐ་དད་དེ་ཡོད་པ་ཞེས་བྱ་བ་ནི་སྤྱི་ཆེན་པོ་ཡིན་ལ། བུམ་པ་ནི་ཁྱད་པར་གྱི་རྫས་ཡིན་ནོ་ཞེས་ཟེར་བ་ལ་བཤད་པ། དངོས་པོ་དང་བུམ་པ་གཉིས་མཚན་ཉིད་མི་མཐུན་པར་མཐོང་ནས་ནི། །གལ་ཏེ་དངོས་པོ་ལས་བུམ་པ་གཞན་དུ་འགྱུར་ན། །མ་ཡིན་ཏེ་དེ་ལྟར་ན་མཚན་ཉིད་མི་མཐུན་པས་དངོས་པོ་ཡང༌། །བུམ་པ་ལས་གཞན་དུ་རྒྱུ་ཅི་ཡིས་མི་འགྱུར། ། གལ་ཏེ་གཅིག་བུམ་མི་འདོད་ན། །བུམ་པའང་གཅིག་པུ་མི་འགྱུར་རོ། ། ལྡན་འདི་མཚུངས་པའང་མ་ཡིན་པ། །དེས་ཀྱང་གཅིག་ཏུ་མི་འགྱུར་རོ། ། སྨྲས་པ། བུམ་པ་ནི་ཡོད་པ་ཉིད་དེ་ཡོན་ཏན་གྱི་རྟེན་ཡིན་པའི་ཕྱིར་རོ། །ཡོད་པ་མ་ཡིན་པ་ནི་ཡོན་ཏན་གྱི་རྟེན་དུ་མ་མཐོང་ན་བུམ་པ་གཅིག་བུམ་པ་གཉིས་ཞེས་བུམ་པ་ཡོན་ཏན་གྱི་རྟེན་དུ་གྱུར་པ་ཡང་ཡིན་ནོ། །གཅིག་ཉིད་སོགས་ཡོན་ཏན་དང་བུམ་པ་ནི་རྫས་ཡིན་ལ། ཡོན་ཏན་རྣམས་རྫས་ལ་བརྟེན་པ་ཡིན་པས་ཡོན་ཏན་གྱི་རྟེན་བུམ་པ་ནི་ཡོད་པ་ཁོ་ནའོ། །དེ་ལ་བཤད་པ། གལ་ཏེ་ཚིག་གི་དོན་ཐ་དད་པས་གཅིག་བུམ་པ་ཡིན་པར་མི་འདོད་ན། །བུམ་པའང་གཅིག་པུ་ཡིན་པར་མི་འགྱུར་རོ། །ཅི་སྟེ་ཡོན་ཏན་རྣམས་རྫས་ལ་བརྟེན་པས་བུམ་པ་ཁོ་ན་གཅིག་ཏུ་འགྱུར་གྱི། གཅིག་ཉིད་ནི་བུམ་པར་མི་འགྱུར་རོ་ཞེ་ན། བཤད་པ། ལྡན་པ་ཞེས་བྱ་བ་འདི་ཕན་ཚུན་མཚུངས་པ་ཁོ་ན་ལ་ཡིན་པས་འདི་ནི་དེ་ལྟ་བུའང་༼༤༡༢༽མ་ཡིན་ཏེ་བུམ་པ་གཅིག་དང་ལྡན་ཀྱང་གཅིག་བུམ་པ་དང་མི་ལྡན་པ། །དེས་ཀྱང་བུམ་པ་གཅིག་ཏུ་མི་འགྱུར་རོ། ། གང་ཚེ་རྫས་ཅི་ཙམ་གཟུགས་ན། །དེ་ཚེ་གཟུགས་ཆེན་ཅི་སྟེ་མིན། ། གལ་ཏེ་ཕྱིར་རྒོལ་གཞན་མིན་ན། །གཞུང་ལུགས་བསྙད་པར་བྱ་བར་འགྱུར། ། གང་གི་ཚེ་རྫས་བུམ་པ་དེའི་ཆུ་ཞིང་གི་བདག་ཉིད་ཅན་གྱི་དབྱིབས་ཅི་ཙམ་ཡིན་པ་དེ་ཙམ་གྱི་གཟུགས་ཡོད་པ་ཡིན་ན། །ཕྲ་བ་དང་ཆེ་བའི་རྫས་དེ་ལ་དེ་ཚེ་གཟུགས་ཀྱང་ཕྲ་བ་དང་ཆེན་པོ་ཅི་སྟེ་མིན། །ཅི་སྟེ་གཟུགས་ནི་ཡོན་ཏན་ཡིན་ཅིང་ཕྲ་བ་དང་ཆེན་པོ་ཉིད་ཀྱང་ཡོན་ཏན་ཁོ་ན་ཡིན་ལ། ཡོན་ཏན་ནི་ཡོན་ཏན་གྱི་དབྱིབས་སུ་ཡང་མི་འགྱུར་བ་ཞེས་བྱ་བ་འདི་ནི་ཁོ་བོ་ཅག་གི་ལུགས་ཡིན་ཏེ། དེའི་ཕྱིར་རྫས་ཅི་ཙམ་ཡིན་པ་དེ་ཙམ་ཁོ་ནར་གཟུགས་ཀྱང་ཡིན་མོད་ཀྱི། དེ་ལྟར་ན་ཡང་གྲུབ་པའི་མཐའ་དང་འགལ་བའི་འཇིགས་པས་གཟུགས་ལ་ཕྲ་བ་ཉིད་དང་ཆེན་པོ་ཉིད་དག་ཡོད་པ་མ་ཡིན་ནོ་སྙམ་ན། བཤད་པ། གལ་ཏེ་ཕྱིར་རྒོལ་ཁྱོད་རང་གི་སྡེ་ཚན་ཉིད་དུ་འགྱུར་བས་གཞན་མིན་ན་དེ་ལ་གནོད་པར་ནུས་པས། །དེ་ལ་གཞུང་ལུགས་དང་འགལ་བ་བསྙད་པར་བྱ་བར་འགྱུར་ན། གང་གི་ཚེ་ཕ་རོལ་པོ་ཕྱིར་རྒོལ་བ་ཡིན་པ་དེའི་ཚེ་གྲུབ་པའི་མཐའ་དང་འགལ་བ་བརྗོད་པས་ཅི་ཞིག་བྱ། དེའི་ཕྱིར་རིགས་པ་དང་འཇིག་རྟེན་དང་འགལ་བར་བརྗོད་པར་བྱའོ། ། མཚན་ཉིད་ཀྱིས་ཀྱང་མཚན་གཞི་ནི། །གང་དུ་གྲུབ་པ་ཡོད་མིན་པ། ། དེར་ནི་གྲགས་སོགས་ཐ་དད་པར། །དངོས་པོ་ཡོད་པ་མ་ཡིན་ནོ། ། བུམ་པ་ལ་སོགས་པ་དག་ལས་དངོས་པོ་གཞན་ཡིན་པ་མ་གྲུབ་ཀྱང༌། བུམ་པ་རང་གི་ངོ་བོས་ཡོད་པར་འདོད་དོ་ཞེ་ན། བཤད་པ། གཅིག་དང་ཕྲ་བ་དང་ཆེན་པོ་དང་གཟུགས་ལ་སོགས་པ་མཚན་ཉིད་ཀྱིས་ཀྱང་མཚན་གཞི་༼༤༡༣༽བུམ་པ་དེ་ནི། །གང་དུའང་གྲུབ་པ་ཡོད་པ་མིན་པ། །དེར་ནི་གྲངས་ལ་སོགས་པ་ལས་ཐ་དད་པར། །བུམ་པའི་དངོས་པོ་ཡོད་པ་མ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་གྲངས་དང་གཟུགས་ལ་སོགས་པ་དག་ནི་བུམ་པའི་མཚན་ཉིད་ཡིན་ལ། བུམ་པ་ནི་དེ་དག་གིས་མཚོན་པར་བྱ་བ་ཡིན་པས་མཚན་གཞི་ཡིན་ཏེ། དེ་ལ་ནི་མཚན་ཉིད་ཀྱང་རང་གི་ངོ་བོ་ལོགས་སུ་གྲུབ་པ་ཡོད་པ་མ་ཡིན་ཏེ། གྲངས་ལ་སོགས་པ་ལས་ཐ་དད་པར་དེའི་རང་གི་ངོ་བོ་མ་དམིགས་པའི་ཕྱིར་རོ། །གལ་ཏེ་མཚན་གཞི་དེ་རང་གི་ངོ་བོས་རྙེད་ན་ནི་དེའི་ཚེ་ངེས་པར་འདི་ནི་བུམ་པའི་རང་གི་ངོ་བོས་གྲངས་ལ་སོགས་པ་ལས་ཐ་དད་པ་དེ་ཡིན་ལ། ཡང་འདི་ནི་མཚན་ཉིད་གྲངས་ལ་སོགས་པའོ། །ཞེས་གྲངས་ལ་སོགས་པ་ཐ་དད་པར་གཟུང་དུ་ཡོད་པར་འགྱུར་ན། འདི་ནི་དེ་ལྟར་ཡང་མ་ཡིན་ནོ། ། མཚན་ཉིད་རྣམས་དང་སོ་སོ་ནི། །མིན་ཕྱིར་བུམ་པ་གཅིག་མ་ཡིན། ། རེ་རེའི་བུམ་པ་མེད་ན་ནི། །མང་ཉིད་འཐད་པར་མི་འགྱུར་རོ། ། དེའི་ཕྱིར་མཚན་ཉིད་ཀྱིས་ཀྱང་སོགས། གང་ཞིག་གིས་བུམ་པ་གཟུགས་ལ་སོགས་ལ་རྣམས་དང་གཅིག་པ་གྲུབ་པའི་མཐའ་ཡིན་པ་དེ་དགག་པའི་ཕྱིར་འདིར་བརྗོད་པར་བྱ་སྟེ། གཟུགས་ལ་སོགས་པ་རྣམས་ནི་མཚན་ཉིད་སྣ་ཚོགས་པ་རྣམས་ཏེ་དེ་དག་དང་བུམ་པ་སོ་སོ་ནི། །མིན་པའི་ཕྱིར་བུམ་པ་གཅིག་མ་ཡིན་ཏེ་མང་པོ་རྣམས་དང་གཞན་མ་ཡིན་པའི་ཕྱིར་རོ། །འོ་ན་མང་པོའོ་སྙམ་ན། གཟུགས་ལ་སོགས་པ་རེ་རེ་ལ་བུམ་པ་མེད་ན་ནི། །མང་པོ་ཉིད་ཀྱང་འཐད་པར་མི་འགྱུར་རོ། ། རེག་ལྡན་རེག་དང་མི་ལྡན་དང༌། །ལྷན་ཅིག་སྦྱོར་བ་ཞེས་བྱ་མེད། ། དེ་ཕྱིར་གཟུགས་སོགས་རྣམས་སྦྱོར་བ། །རྣམ་པ་ཀུན་ཏུ་རིགས་མ་ཡིན། ། སྨྲས་པ། ༼༤༡༤༽དེ་རྣམས་ཕན་ཚུན་སྦྱོར་བ་ལས་བུམ་པ་གཅིག་ཏུ་འགྱུར་རོ་བཤད་པ། ལུས་ཀྱི་དབང་པོས་བཟུང་བར་བྱ་བའི་རེག་པ་དང་ལྡན་པ་ནི་རེག་པ་དང་མི་ལྡན་པ་རྣམས་དང༌། །ལྷན་ཅིག་ཏུ་སྦྱོར་བ་ཞེས་བྱ་བ་མེད་པས། །དེ་ཕྱིར་གཟུགས་ལ་སོགས་པ་རྣམས་ཀྱི་སྦྱོར་བ། །རྣམ་པ་ཀུན་ཏུ་རིགས་ཤིང་འཐད་པ་མ་ཡིན་ནོ། ། གཟུགས་ན་བུམ་པའི་ཡན་ལག་སྟེ། །དེས་ནི་རེ་ཞིག་དེ་བུམ་མིན། ། གང་ཕྱིར་ཡན་ལག་ཅན་མེད་པ། །དེས་ན་ཡན་ལག་ཀྱང་ཡོད་མིན། ། ཕྲད་པ་མེད་ཀྱང་བླའི་ཚོགས་པ་ནི་ཡོད་དོ་ཞེ་ན། བཤད་པ། བུམ་པའི་གཟུགས་ལ་སོགས་པ་རྣམས་ནི་རེ་རེ་ཞིང་བུམ་པའི་ཡན་ལག་སྟེ། །དེས་ན་རེ་ཞིག་དེ་དག་བུམ་པ་མིན་ནོ། །དེར་མ་ཟད་གང་གི་ཕྱིར་ཡན་ལག་ཅན་དུ་གྱུར་པ་བུམ་པ་དེ་མེད་པ། །དེས་ན་དེའི་ཡན་ལག་གཟུགས་སོགས་ཀྱང་ཡོད་པ་མིན་ནོ། ། གཟུགས་རྣམས་ཀུན་ལ་གཟུགས་ཉིད་ནི། །མཚན་ཉིད་མི་མཐུན་མ་ཡིན་ན། ། གཅིག་ལ་བུམ་པ་ཡོད་འགྱུར་ཞིང༌། །གཞན་དག་ལ་མིན་རྒྱུ་ཅི་ཞིག ། འདི་ལས་ཀྱང་གཟུགས་ལ་སོགས་པ་ཚོགས་པ་བུམ་པ་མ་ཡིན་ཏེ། གང་གི་ཕྱིར་གཟུགས་ཀྱི་ཕུང་པོས་བསྡུས་པའི་གཟུགས་དང་དྲི་ལ་སོགས་པ་རྣམས་ཀུན་ལ་གཟུགས་ཡིན་པ་ཉིད་ནི། །མཚན་ཉིད་མི་མཐུན་པ་མ་ཡིན་ན། །གཅིག་ལ་བུམ་པ་ཡོད་པར་འགྱུར་ཞིང༌། །སྣམ་བུ་སོགས་གཞན་དག་ལ་ཡོད་པ་མིན་པ་འདི་རྒྱུ་ཅི་ཞིག་ཡིན། དེའི་ཕྱིར་ཐམས་ཅད་བུམ་པ་ཉིད་ཁོ་ནར་འགྱུར་བའམ། ཡང་ན་བུམ་པའང་བུམ་པ་མ་ཡིན་པ་ཉིད་དུ་འགྱུར་རོ། ། རོ་སོགས་དག་ལས་གཟུགས་གཞན་ཞིང༌། །བུམ་ལས་མིན་ཞེས་ཁྱོད་འདོད་ན། ། དེ་རྣམས་མེད་པར་རང་མེད་གང༌། །དེ་གཟུགས་ལས་གཞན་ཇི་ལྟར་མིན། ། ཅི་སྟེ་དེ་རྣམས་བུམ་པ་ལས་གཞན་མ་ཡིན་མོད་ཀྱི། དེ་ལྟར་ན་ཡང་གཟུགས་དང་རོ་སོགས་ལ་ཐ་དད་པ་ཡོད་དོ་སྙམ་ན། འདི་ཡང་མི་རིགས་ཏེ། རོ་ལ་སོགས་པ་དག་ལས་དབང་པོ་ཐ་དད་པའི་གཟུང་བྱ་ཡིན་པས་གཟུགས་༼༤༡༥༽གཞན་ཡིན་ཞིང༌། །བུམ་པ་ལས་གཞན་མིན་ཞེས་ཁྱོད་ཀྱིས་འདོད་ན། །རོ་ལ་སོགས་པ་དེ་རྣམས་མེད་པར་བུམ་པ་རང་མེད་པ་གང་ཡིན་པ། །དེ་ནི་གཟུགས་ལས་དོན་གཞན་དུ་གྱུར་པ་ཞིག་ཇི་ལྟར་མིན། ། བུམ་པ་ལ་ནི་རྒྱུ་ཡོད་མིན། །རང་ཉིད་འབྲས་བུར་མི་འགྱུར་ཏེ། ། དེ་ཕྱིར་གཟུགས་སོགས་ལས་གཞན་དུ། །བུམ་པ་འགའ་ཡང་ཡོད་མ་ཡིན། ། གང་གི་ཚེ་དེ་ལྟར་གཟུགས་ལ་སོགས་པ་རྣམས་ལ་བུམ་པའི་རྒྱུ་མི་སྲིད་པ་དེའི་ཚེ་བུམ་པ་ལ་ནི་རྒྱུ་གང་ཡང་ཡོད་པ་མིན་ལ། །དེས་ན་བུམ་པ་རང་ཉིད་འབྲས་བུར་ཡང་མི་འགྱུར་ཏེ། །དེ་ཡི་ཕྱིར་ན་གཟུགས་ལ་སོགས་པ་ལས་གཞན་དུ། །བུམ་པ་འགའ་ཅུང་ཟད་ཙམ་ཡང་ཡོད་པ་མ་ཡིན་ནོ། ། བུམ་པ་རྒྱུ་ལས་གྲུབ་འགྱུར་ཞིང༌། །རྒྱུ་ནི་གཞན་ལས་གྲུབ་འགྱུར་ན། ། གང་ལ་རང་ལས་གྲུབ་མེད་པ། །དེ་ཡིས་གཞན་པོ་ཇི་ལྟ་སྐྱེད། ། བུམ་པ་ནི་རང་གི་རྒྱུ་གྱོ་མོ་དག་ལ་བལྟོས་ནས་འབྲས་བུར་གྲུབ་བོ་སྙམ་ན། དེ་ཡང་མ་མིན་ཏེ། བུམ་པ་རྒྱུ་གྱོ་མོ་ལས་འགྲུབ་པར་འགྱུར་ཞིང༌། །རྒྱུ་ནི་གཞན་གསེག་མ་ལས་གྲུབ་པར་འགྱུར་ན། །གང་ལ་རང་གི་ངོ་བོ་ལས་གྲུབ་པ་མེད་པ། །དེ་ཡིས་དངོས་པོ་གཞན་པོ་ཇི་ལྟར་སྐྱེད་པར་ནུས། །ཚུལ་འདི་ཉིད་ནི་འབྲས་བུ་ཐམས་ཅད་མི་འགྲུབ་པ་ལའང་སྦྱར་བར་བྱའོ། ། འཕྲོད་པ་འདུས་པར་གྱུར་ཀྱང་གཟུགས། །དྲི་ཉིད་དུ་ནི་མི་འཐད་དེ། ། དེས་ན་བུམ་པ་བཞིན་ཚོགས་པ། །གཅིག་ཉིད་དུ་ནི་མི་རིགས་སོ། ། སྨྲས་པ། གཟུགས་ལ་སོགས་པ་ཚོགས་པ་རྣམས་ལ་བུམ་པར་བརྗོད་པའི་ཕྱིར་གཟུགས་སོགས་མང་པོ་ཉིད་ཡིན་ཀྱང་བུམ་པ་མང་པོ་ཉིད་དུ་ཐལ་བར་མི་འགྱུར་རོ། །འདི་ཡང་མི་རིགས་པའི་ཚུལ་བཤད་པ། འཕྲོད་པ་འདུས་པར་གྱུར་དུ་ཆུག་ཀྱང་གཟུགས་དེ་མཚན་ཉིད་ཐ་དད་པས། །དྲི་ཉིད་དུ་འགྱུར་བ་ནི་མི་འཐད་དེ། །དེས་ན་གང་དུ། མཚན་ཉིད་རྣམས་དང་སོ་སོ་ནི། །༼༤༡༦༽མིན་ཕྱིར་བུམ་པ་གཅིག་མ་ཡིན། །ཅེས་བཤད་པས་བུམ་པ་གཅིག་མིན་པ་བཞིན་དུ་ཚོགས་པ་ཡང་། །གཅིག་པ་ཉིད་དུ་གྲུབ་པ་ནི་མི་རིགས་སོ། ། ཇི་ལྟར་གཟུགས་སོགས་མ་གཏོགས་པར། །བུམ་པ་ཡོད་པ་མ་ཡིན་པ། ། དེ་བཞིན་རླུང་ལ་སོགས་པ་ནི། །མ་གཏོགས་གཟུགས་ཀྱང་ཡོད་མ་ཡིན། ། ཇི་ལྟར་བཤད་པའི་ཚུལ་གྱིས་ཇི་ལྟར་གཟུགས་ལ་སོགས་པ་མ་གཏོགས་པར། །བུམ་པ་ཞེས་བྱ་བ་ཅི་ཡང་ཡོད་པ་མ་ཡིན་པ། །དེ་བཞིན་དུ་རླུང་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་ནི། །མ་གཏོགས་པ་གཟུགས་ལ་སོགས་པ་དག་ཀྱང་ཡོད་པ་མ་ཡིན་ནོ། ། ཚ་བ་མེད་ཉིད་དུ་འགྱུར་ཏེ། །ཚ་བ་མིན་པ་ཇི་ལྟར་བསྲེག ། དེས་ན་བུད་ཤིང་ཞེས་བྱ་བ། །ཡོད་མིན་དེ་མེད་མེ་ཡོད་མིན། ། ཡང་འབྱུང་བ་ཆེན་པོ་རྣམས་ཀྱང་ཕན་ཚུན་མ་གཏོགས་པར་གྲུབ་པ་མེད་པས་རང་གི་ངོ་བོས་མ་གྲུབ་པར་བརྗོད་པའི་ཕྱིར་བཤད་པ། བུད་ཤིང་ཚ་བ་ཡིན་ན་མེ་ཉིད་དུ་འགྱུར་ཏེ་བུད་ཤིང་མ་ཡིན་ནོ། །ཚ་བ་མིན་པ་ཡིན་ན་ནི་དེ་ཇི་ལྟར་བསྲེག་སྟེ་བསྲེག་པར་མི་སྲིད་པས། །དེས་ན་འབྱུང་བ་གསུམ་གྱི་བདག་ཉིད་ཅན་གྱི་བུད་ཤིང་ཞེས་བྱ་བ་ནི། །ཡོད་པ་མིན་ལ་དེ་མེད་པའི་ཕྱིར་མེ་ཡང་ཡོད་པ་མིན་ནོ། ། གལ་ཏེ་ཟིལ་མནན་ཚ་བ་ཡང༌། །དེ་ཡང་ཅི་སྟེ་མེར་མི་འགྱུར། ། འོན་ཏེ་མི་ཚ་ན་དངོས་གཞན། །དེ་ལ་ཡོད་ཅེས་བྱར་མི་རུང༌། ། བུད་ཤིང་ནི་སྲ་བ་ལ་སོགས་པའི་ངོ་བོ་ཡིན་པས་ཚ་བ་མ་ཡིན་ལ། དེ་མེས་ཟིལ་གྱིས་མནན་པ་ལས་ཚ་བར་འགྱུར་རོ་ཞེ་ན། དེ་ལ་བཤད་པ། གལ་ཏེ་བུད་ཤིང་ཞེས་བྱ་བའི་དོན་ཚ་བ་མ་ཡིན་པ་དེ་ནི་མེས་ཟིལ་གྱིས་མནན་ཏེ་ཚ་བ་ཁས་ལེན་ན་ཡང༌། །དེ་ཡང་ཅི་སྟེ་མེ་ཡིན་པར་མི་འགྱུར། །འོན་ཏེ་ཟིལ་གྱིས་མནན་ཡང་མི་ཚ་བར་འདོད་ན་མེ་མ་ཡིན་པའི་དངོས་པོ་གཞན། །མེ་ལ་ཡོད་ཅེས་བྱ་བར་འདི་ཡང་མི་རུང་ངོ་། ། གལ་ཏེ་རྡུལ་ལ་ཤིང་མེད་ན། །དེས་ན་ཤིང་མེད་མེ་ཡོད་དོ། ། གལ་ཏེ་དེ་ལ་ཤིང་ཡོད་ན། །གཅིག་གི་བདག་ཅན་རྡུལ་ཡོད་མིན། ། གལ་ཏེ་མེའི་རྫས་ཀྱི་རྡུལ་ཕྲ་རབ་ལ་ཤིང་མེད་ན། །དེས་༼༤༡༧༽ན་ཤིང་རྒྱུར་མེད་པའི་མེ་ཡོད་པར་གྱུར་ཀྱང་དེ་ནི་མི་སྲིད་དོ། །གལ་ཏེ་རྡུལ་ཕྲ་རབ་དེ་ལ་ཤིང་ཡོད་ན། །མེའི་རྫས་ཀྱི་རྡུལ་ཕྲ་རབ་གཅིག་གི་བདག་ཉིད་ཅན་གྱི་རྡུལ་ཡོད་པ་མིན་ནོ། ། དངོས་པོ་གང་གང་ཡོངས་བཏགས་པ། །དེ་དང་དེ་ལ་གཅིག་ཉིད་མེད། ། གང་གིས་གཅིག་ཀྱང་ཡོད་མིན་པ། །དེས་ན་དུ་མ་དག་ཀྱང་མེད། ། དེར་མ་ཟད་དངོས་པོ་གང་དང་གང་ལ་ཡོངས་སུ་བརྟགས་པ་ན། །དེ་དང་དེ་ལ་གཅིག་ཉིད་མེད་ལ། །གང་གིས་གཅིག་ཉིད་ཀྱང་གྲུབ་པ་ཡོད་པ་མིན་པ། །དེས་ན་དེ་འདུས་པའི་དུ་མ་དག་ཀྱང་མེད་དོ། ། གལ་ཏེ་གང་ན་དངོས་དེ་རྣམས། །མེད་དེར་གཅིག་ཡོད་ཅེས་འདོད་ན། ། གང་གིས་ཀུན་ལ་གསུམ་ཉིད་ཡོད། །དེས་ན་གཅིག་ཉིད་ཡོད་མ་ཡིན། ། བརྒལ་བ་འདི་རང་གི་སྡེ་པ་ལ་འཐད་ཀྱང་ཕ་རོལ་དག་ལ་མ་ཡིན་ནོ་སྙམ་ན། གལ་ཏེ་ཡུལ་གང་ན་དངོས་པོ་གཞན་པ་དེ་རྣམས། །མེད་དེར་སའི་རྡུལ་གཅིག་པུ་རུ་ཡོད་ཅེས་འདོད་ན། །གང་གིས་སའི་རྡུལ་ཕྲ་རབ་ལ་རྫས་ཉིད་དང་གཅིག་ཉིད་དང་ཡོད་པ་ཉིད་ཅེས་བྱ་བ་གསུམ་ཡོད་པ་དེ་བཞིན་དུ་ཡོན་ཏན་ལ་ཡོན་ཏན་ཉིད་དང་ཡོད་པ་ཉིད་ཅེས་བྱ་བ་ཡོད་དོ། །དེའི་ཕྱིར་དངོས་པོ་ཀུན་ལ་གསུམ་ཉིད་ཡོད་པས། །དེས་ན་དེའི་ལུགས་ལ་ཡང་གཅིག་ཉིད་ཡོད་པ་མ་ཡིན་ནོ། ། དེ་ལ་འབྲས་བུ་ཡོད་པར་སྨྲ་བའི་ཕྱོགས་ནི་རྒྱུ་དང་འབྲས་བུ་གཉིས་གཅིག་པ་ཉིད་ཅེས་བྱ་བ་སྟེ། དེ་ལྟར་ན་འབྲས་བུ་དེ་རྒྱུའི་དེ་དག་ཉིད་དུ་རྣམ་པར་གནས་པ་ཉིད་དུ་གྱུར་པ་འབྲས་བུའི་བདག་ཉིད་དུ་ཡོངས་སུ་འགྱུར་བ་སྟེ་མེད་པར་ནི་བྱ་བར་མི་ནུས་སོ། །གལ་ཏེ་འབྱུང་ན་ནི་དེའི་ཚེ་ཐམས་ཅད་ལས་ཐམས་ཅད་འབྱུང་བར་འགྱུར་ན། ཐམས་ཅད་ལས་ཐམས་ཅད་འབྱུང་བར་མཐོང་བ་ཡང་༼༤༡༨༽མ་ཡིན་ཏེ། འོ་མ་ལ་སོགས་པ་ཁོ་ན་ལས་ཞོ་ལ་སོགས་པ་སོ་སོར་ངེས་པར་མཐོང་བའི་ཕྱིར་རོ། །དེའི་ཕྱིར་རྒོལ་བ་དེའི་ལྟར་ན་རྒྱུ་དང་འབྲས་བུ་དག་གཅིག་ཉིད་དུ་ཁས་བླངས་པས་འབྲས་བུ་ཡོད་པ་ཉིད་དུ་སྐྱེ་སྟེ། དེ་ལྟར་ན་གཅིག་ཉིད་ཀྱི་ཕྱོགས་སོ། །གཅིག་ཉིད་ཀྱི་ཕྱོགས་དེ་ལ་འབྲས་བུ་ཡོད་པར་སྨྲ་བ་དཔྱད་པའི་སྒོ་ནས་སུན་འབྱིན་པ་རྟག་ཏུ་བརྗོད་པར་བྱ་སྟེ། དེ་ཡང༌། འབྲས་བུ་ཡོད་ཉིད་གང་འདོད་ལ། །ཁྱིམ་གྱི་དོན་དུ་ཀ་བ་ལ། །སོགས་པའི་རྒྱན་ནི་དོན་མེད་འགྱུར། །ཞེས་བྱ་བ་འདིས་བཤད་ལ། དེ་བཞིན་དུ། གང་ཞིག་འབྱུང་བར་བྱེད་པ་དེ། །སྔར་ཡོད་ཅེས་བྱར་མི་རིགས་ཏེ། །གལ་ཏེ་ཡོད་པ་སྐྱེ་འགྱུར་ན། །སྐྱེས་ཟིན་པ་ཡང་འབྱུང་བར་འགྱུར། །གལ་ཏེ་བྱས་པ་མེད་ཀྱང་ཆོས། །ཡོད་ན་ངེས་སྡོམ་དོན་མེད་འགྱུར། །ཅི་སྟེ་ཅུང་ཟད་བྱེད་ན་ཡང༌། །འབྲས་བུ་ཡོད་པ་མི་སྲིད་དོ། །ཞེས་བཤད་དོ། །དེ་ལྟར་མཁས་པ་རྣམས་ཀྱིས་འབྲས་བུ་ཡོད་པར་སྨྲ་བས་ཉེ་བར་མཚོན་པའི་སུན་འབྱིན་པ་གཅིག་ཉིད་ཀྱི་ཕྱོགས་ལ་སྦྱར་བར་བྱའོ། །འབྲས་བུ་མེད་པར་སྨྲ་བ་ནི་རྒྱུ་དང་འབྲས་བུ་དག་གཞན་ཉིད་དུ་སྨྲ་བ་དག་གོ །དེ་དག་གིས་ནི་ཡོད་པ་སྐྱེ་བ་དོན་མེད་པར་སེམས་ཤིང་འབྲས་བུ་མེད་པ་ཁོ་ན་སྐྱེའོ་ཞེས་རྟོགས་ཏེ། དེ་དག་ནི་གཞན་ཉིད་ཀྱི་ཕྱོགས་ཏེ་དེ་ལ་ཡང་འབྲས་བུ་མེད་པས་ཉེ་བར་མཚོན་པའི་སུན་འབྱིན་པར་བརྗོད་པར་བྱའོ། །དེ་ཡང༌། འབྲས་བུ་མེད་ཉིད་གང་འདོད་པ། །ཁྱིམ་གྱི་དོན་དུ་ཀ་བ་ལ། །སོགས་པའི་རྒྱན་ནི་དོན་མེད་འགྱུར། །༼༤༡༩༽ཞེས་བཤད་དོ། །གང་དག་རྒྱུ་དང་འབྲས་བུ་གཉིས་གཅིག་ཉིད་དུ་འགྱུར་ལ། གཞན་ཉིད་དུ་ཡང་འགྱུར་རོ་སྙམ་དུ་རྟོགས་པ་དེ་དག་གི་འབྲས་བུ་ཡོད་པ་དང༌། མེད་པར་སྨྲའོ། །དེ་དག་ནི་ལྷ་སྦྱིན་སྲོག་གི་བདག་ཉིད་དུ་རྣམ་པར་གནས་ཤིང་ལྷ་སྦྱིན་གྱི་བདག་ཉིད་དུ་རྣམ་པར་མི་གནས་པར་སྐྱེ་བར་འདོད་ལ། དེ་བཞིན་དུ་གདུ་བུ་དང་དཔུང་རྒྱན་ལ་སོགས་པ་གསེར་གྱི་བདག་ཉིད་དུ་རྣམ་པར་གནས་ཤིང་གདུ་བུ་དང་དཔུང་རྒྱན་ལ་སོགས་པའི་བདག་ཉིད་དུ་རྣམ་པར་མི་གནས་པ་རྣམས་སྐྱེ་བར་རྟོགས་སོ། །དེ་དང་གཅིག་ཉིད་དང་གཞན་ཉིད་གཉི་གའི་ཕྱོགས་ལ་འབྲས་བུ་ཡོད་པ་དང་མེད་པར་སྨྲ་བ་དགག་པས་ཉེ་བར་མཚོན་པའི་སུན་འབྱིན་པ་བརྗོད་པར་བྱའོ། །དེ་ཡང༌། འབྲས་བུ་ཡོད་ཉིད་གང་འདོད་དང༌། །ཞེས་པ་ལ་སོགས་པས་བཤད་དེ། རྒོལ་བ་གཉིས་ཀྱི་སྐྱོན་གྱི་ཕྱོགས་གཅིག་ལ་སྦྱར་བར་བྱ་བ་འདི་ནི་ཁྱད་པར་རོ། །གང་དག་གི་ལྟར་ན་བུམ་པ་ལ་སོགས་པའི་དངོས་པོ་མེད་པར་རང་གི་རྒྱུ་ལས་གཅིག་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པ་དག་དངོས་པོ་རྗེས་སུ་ཡོད་པའི་རྒྱུ་ཅན་ཡིན་པ་དེ་དག་ལ་ཡོད་པ་དང༌། མེད་པར་སྨྲ་བ་བཟློག་པའི་སྒོ་ནས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་ཞེས་བྱ་བར་དཔྱད་པས་སུན་འབྱིན་པ་བརྗོད་པར་བྱའོ། །དེ་ཡང་སྨྲ་བ་གཉི་ག་སྲིད་ན་དེ་དག་བཀག་པའི་སྒོ་ནས་གཉི་ག་མ་ཡིན་ཞེས་བྱ་བར་འགྱུར་ན། གང་གི་ཚེ་འདི་གཉི་ག་མི་སྲིད་པ་དེའི་ཚེ་གང་བཀག་པས་གཉི་ག་མ་ཡིན་པར་རྟོགས་པར་འགྱུར་ཞེས་༼༤༢༠༽དོན་གྱིས་བཤད་ཟིན་པ་ཉིད་དོ། ། ཡོད་དང་མེད་དང་ཡོད་མེད་དང༌། །ཡོད་མེད་མིན་ཞེས་བྱ་བའི་ཚུལ། ། འདི་ནི་མཁས་པས་གཅིག་ཉིད་སོགས། །དག་ལ་རྟག་ཏུ་སྦྱར་བར་བྱ། ། དེ་ལྟར་ན་གོ་རིམ་ཇི་ལྟ་བ་བཞིན་དུ། ཡོད་པ་དང་མེད་པ་དང་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པ་དང༌། །ཡོད་པ་ཡང་མིན་ལ་མེད་པ་ཡང་མིན་ཞེས་བྱ་བའི་ཚུལ། །འདི་ནི་མཁས་པ་རྣམས་ཀྱིས་གཅིག་ཉིད་ལ་སོགས་པ། །ཕྱོགས་ནི་བཞི་པོ་དག་ལ་ཡང་རྟག་ཏུ་སྦྱར་བར་བྱའོ། ། ཇི་ལྟར་རྒྱན་ལ་བལྟ་ཉེས་ན། །རྟག་པ་ཡོད་ཅེས་བྱར་འགྱུར་བ། ། དེ་བཞིན་ཚོགས་ལ་བལྟ་ཉེས་པ། །དངོས་པོ་ཡོད་ཅེས་བྱ་བར་འགྱུར། ། ཇི་ལྟར་ན་འདུ་བྱེད་སྐད་ཅིག་མའི་རྒྱུན་ལ་བལྟ་ཉེས་ན། །དངོས་པོ་རྟག་པ་ཉིད་དུ་ཡོད་ཅེས་བྱ་བར་འགྱུར་བ། །དེ་བཞིན་དུ་རྒྱུ་རྐྱེན་གྱི་ཚོགས་པ་ལ་བལྟ་ཉེས་པ། །དེ་ནི་དངོས་པོ་བུམ་པ་ལ་སོགས་པ་ཡོད་ཅེས་བྱ་བར་སེམས་པར་འགྱུར་རོ། ། གང་ལ་བརྟེན་ནས་འབྱུང་ཡོད་པ། །དེ་ནི་རང་དབང་མི་འགྱུར་རོ། ། འདི་ཀུན་རང་དབང་མེད་པ་སྟེ། །དེས་ན་བདག་ནི་ཡོད་མ་ཡིན། ། འོ་ན་ཁྱོད་དངོས་པོ་མེད་པར་སྨྲའམ་ཞེ་ན། མ་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་སྨྲ་བ་ཡིན་པའི་ཕྱིར་རོ། །ཅི་དངོས་པོར་སྨྲའམ་ཞེ་ན། མ་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་སྨྲ་བ་ཡིན་པའི་ཕྱིར་རོ། །ཁྱོད་ཅི་འདྲ་བ་ཞིག་ཅེ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་སྨྲའོ། །རྟེན་འབྱུང་གི་དོན་ནི་རང་བཞིན་མེད་པའི་དོན་ཉིད་དེ། འདི་ལྟར་དངོས་པོ་གང་ལ་བརྟེན་ནས་གང་ཞིག་འབྱུང་བ་ཡོད་པ། །དེ་ནི་རང་གི་ངོ་བོ་དང༌། རང་བཞིན་དང༌། གཞན་ལ་རག་མ་ལས་པ་དང་རང་དབང་རྣམས་ཡོད་པར་མི་འགྱུར་རོ། །འདི་ཀུན་རྐྱེན་ལ་རག་ལས་པས་རང་དབང་མེད་པ་སྟེ། །དེས་ན་བདག་ཉིད་ཀྱིས་གྲུབ་པ་ནི་ཡོད་པ་མ་ཡིན་ནོ། ། འབྲས་བུ་མེད་པར་དངོས་པོ་ནི། །ཀུན་ལ་འདུ་བ་ཡོད་མ་ཡིན། ། འབྲས་བུའི་དོན་དུ་འདུ་བ་གང༌། །དེ་ནི་འཕགས་ལམ་འདུས་པའོ། ། གང་གི་ཕྱིར་འགའ་ལ་ཡང་ངོ་བོ་ཉིད་ཀྱི་སྐྱེ་བ་ཡོད་པ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར། ཚོགས་པའི་༼༤༢༡༽འབྲས་བུ་མེད་པར་རྒྱུ་དང་རྐྱེན་གྱི་དངོས་པོ་ནི། །ཀུན་ལ་མ་ཚོགས་བཞིན་དུ་འདུ་བ་ཡོད་པ་མ་ཡིན་ལ། །འབྲས་བུའི་དོན་ཏེ་ཚོགས་པའི་ཆེད་དུ་འདུ་བ་གང་ཡིན་པ། །དེ་ནི་བདེན་པར་མ་གཟིགས་པས་ན་འཕགས་པ་རྣམས་ལ་མ་འདུས་པའོ། ། སྲིད་པའི་ས་བོན་རྣམ་ཤེས་ཏེ། །ཡུལ་རྣམས་དེ་ཡི་སྤྱོད་ཡུལ་ལོ། ། ཡུལ་ལ་བདག་མེད་མཐོང་ནས་ནི། །སྲིད་པའི་ས་བོན་འགག་པར་འགྱུར། ། དེ་ཉིད་ཀྱི་ཕྱིར་སྲིད་པའི་ས་བོན་དུ་གྱུར་པ་ནི་བདག་ཏུ་འཛིན་པ་དང་བཅས་པའི་རྣམ་ཤེས་ཏེ། །གཟུགས་ལ་སོགས་པའི་ཡུལ་རྣམས་ནི་རྣམ་པར་ཤེས་པ་དེ་ཡི་སྤྱོད་ཡུལ་ལོ། །སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡུལ་ལ་བདག་མེད་པར་མཐོང་ན་ནི། །སྲིད་པའི་ས་བོན་དེ་ཡང་འགག་པར་འགྱུར་ཏེ། །ཇི་སྐད་བཤད་པའི་ཚུལ་གྱིས་ཡུལ་རང་བཞིན་མེད་པར་མཐོང་བས་ཆགས་པའི་རྒྱུ་རྣམ་པར་ཤེས་པ་སྲིད་པའི་ས་བོན་དུ་འགྱུར་བ་རྣམ་པ་ཐམས་ཅད་དུ་ལོག་པ་ལས་ཉན་ཐོས་དང་རང་སངས་རྒྱས་དང༌། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འཁོར་བ་ལྡོག་པ་རྣམ་པར་བཞག་གོ །དེ་བཞིན་གཤེགས་པའི་ཡེ་ཤེས་འབྱུང་བའི་ས་བོན་བྱང་ཆུབ་ཀྱི་སེམས་དེ་ནི་དེ་རྣམས་ལ་མི་ལྡོག་སྟེ། ཐམས་ཅད་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་རྙེད་པ་གདོན་མི་ཟ་བར་འབྱུང་བའི་ཕྱིར་རོ། །གང་དག་གིས་བྱང་ཆུབ་ཀྱི་སེམས་རྣམ་པ་དེ་ལྟ་བུ་མ་བསྐྱེད་པ་དེ་དག་གིས་ཀྱང་ཕྱིས་གདོན་མི་ཟ་བར་བསྐྱེད་ནས་བྱང་ཆུབ་སེམས་དཔའི་སྤྱོད་པས་བླ་ན་མེད་པའི་ཡེ་ཤེས་འཐོབ་པར་བྱ་བ་ཁོ་ན་སྟེ། འདི་ནི་འཕགས་པ་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལ་སོགས་པ་ལས་བཙལ་༼༤༢༢༽བར་བྱའོ། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། མཐར་འཛིན་པ་དགག་པ་བསྒོམ་པ་བསྟན་པ་སྟེ་རབ་ཏུ་བྱེད་པ་བཅུ་བཞི་པའོ།། །།

ཐ་མར་མེད་པ་སྐྱེ་བར་འགྱུར། །དེས་ན་མེད་པ་ག་ལ་སྐྱེ། ། ཡོད་པ་གདོད་ནས་སྐྱེ་འགྱུར་བ། །དེས་ན་ཡོད་པ་ག་ལ་སྐྱེ། ། སྨྲས་པ། འདུས་བྱས་ནི་རང་བཞིན་གྱིས་ཡོད་པ་ཉིད་དེ། དེའི་མཚན་ཉིད་སྐྱེ་བ་ལ་སོགས་པ་ཡོད་པའི་ཕྱིར་རོ། །བཤད་པ། དེ་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར་སྐྱེ་བས་འདུས་བྱས་ཀྱི་དངོས་པོ་བསྐྱེད་པ་ན་མེད་པའམ་ཡོད་པ་ཞིག་བསྐྱེད་གྲང༌། ཐ་མར་འབྲས་བུ་མེད་པ་སྐྱེ་བར་འགྱུར་ཞེས་བྱ་བའི་ཕྱོགས་ཡིན་ན་ཡོད་པ་མ་ཡིན་པ་ནི་བོང་བུའི་རྭ་ལྟར་འབྱུང་བ་རིགས་པ་མ་ཡིན་པས། དེས་ན་མེད་པ་ནི་ག་ལ་སྐྱེ་སྟེ་སྐྱེ་བ་མི་རིགས་སོ། །འབྲས་བུ་ཡོད་པ་ནི་གདོད་ནས་སྐྱེ་ཟིན་པ་ལ་ཡང་སྐྱེ་བར་རྟོག་ན་ཐུག་མེད་དུ་འགྱུར་བ། །དེས་ན་ཡོད་པ་ཡང་ག་ལ་སྐྱེ། ། འབྲས་བུ་ཡིས་ནི་རྒྱུ་བཤིག་པ། །དེས་ན་མེད་པ་སྐྱེ་མི་འགྱུར། ། གྲུབ་པ་ལས་སྒྲུབ་ཡོད་མ་ཡིན། །དེ་ཕྱིར་ཡོད་པ་མི་སྐྱེའོ། ། གཞན་ཡང་འབྲས་བུ་སྐྱེ་བཞིན་པ་ཡིས་ནི་རྒྱུ་ས་བོན་བཤིག་པ། །དེས་ན་མྱུ་གུ་མེད་པ་ས་བོན་ལས་སྐྱེ་བར་མི་འགྱུར་རོ། །མྱུ་གུ་གྲུབ་ཟིན་པ་ལས་སླར་སྒྲུབ་པ་ཡོད་པ་མ་ཡིན་པ། །དེ་ཡི་ཕྱིར་ན་ཡོད་པ་ཡང་མི་སྐྱེའོ། ། དེ་ཚེ་སྐྱེ་བ་ཡོད་མིན་ཞིང༌། །གཞན་ཚེ་སྐྱེ་བ་ཡོད་མ་ཡིན། ། དེ་ཚེ་གཞན་ཚེ་མི་སྐྱེ་ན། །ནམ་ཞིག་སྐྱེ་བ་ཡོད་པར་འགྱུར། ། སྐྱེ་བའི་དུས་མི་སྲིད་པའི་ཕྱིར་ཡང་སྐྱེ་བ་ཡོད་པ་མ་ཡིན་པར་བརྗོད་པའི་ཕྱིར་བཤད་པ། མྱུ་གུ་འདི་བདག་གི་དངོས་པོ་རྙེད་པ་ཡིན་པ་དེ་ཚེ་གྲུབ་པའི་ངོ་བོ་འདི་ལ་སྐྱེ་བ་ཡོད་པ་མིན་ཞིང༌། །གཞན་མ་གྲུབ་པའི་ཚེ་ཡང་སྐྱེ་བ་ཡོད་པ་མ་ཡིན་པས། །དེ་ཚེ་དང་གཞན་ཚེ་འདུས་པ་ཡང་ཕྱོགས་གཉི་གའི་སྐྱོན་དུ་ཐལ་བས་མི་སྐྱེ་ན། །དུས་ནམ་ཞིག་ལ་སྐྱེ་བ་༼༤༢༣༽ཡོད་པར་འགྱུར། །གང་དུ་སྐྱེ་བར་འགྱུར་བའི་དུས་ཡོད་པ་མ་ཡིན་ནོ་སྙམ་དུ་དགོངས་པའོ། ། དེ་ལ་དེ་ཡི་དངོས་པོ་རུ། །ཇི་ལྟར་སྐྱེ་བ་ཡོད་མིན་ལྟར། ། དེ་བཞིན་གཞན་གྱི་དངོས་པོར་ཡང༌། །དེ་ལ་སྐྱེ་བ་ཡོད་མ་ཡིན། ། སྨྲས་པ། འོ་མ་ཞོའི་དངོས་པོར་འགྱུར་བ་སྐྱེ་བ་ཡིན་ནོ། །འདི་ཡང་མི་རིགས་ཏེ། འོ་མ་དེ་ལ་འོ་མ་དེ་ཡི་དངོས་པོ་རུ། །ཇི་ལྟར་སྐྱེ་བ་ཡོད་པ་མིན་པ་ལྟར། །དེ་བཞིན་དུ་ཞོ་ལྟ་བུ་གཞན་གྱི་དངོས་པོར་ཡང༌། །དེ་ལ་སྐྱེ་བ་ཡོད་པ་མ་ཡིན་ནོ། །འདི་ལས་ཀྱང་འདུས་བྱས་ལ་སྐྱེ་བ་མེད་དེ། ཐོག་མ་སྟེ་སྐྱེ་བ་དང་བར་ཏེ་གནས་པ་དང་ཐ་མ་སྟེ་འཇིག་པ་རྣམས། །སྐྱེ་བའི་སྔ་རོལ་ཏུ་མེད་པས་འདུས་བྱས་སྲིད་པ་མ་ཡིན་ནོ། ། ཐོག་མ་བར་དང་ཐ་མ་རྣམས། །སྐྱེ་བའི་སྔ་རོལ་སྲིད་མ་ཡིན། ། གཉིས་གཉིས་དག་ནི་མེད་པ་རུ། །ཇི་ལྟར་རེ་རེ་རྩོམ་པར་འགྱུར། ། ཅི་སྟེ་སྐྱེ་བའི་དུས་ན་སྐྱེ་བ་ཡིན་ལ། གཞན་གཉིས་ཀྱི་ཚེ་ཡང་དེ་བཞིན་ནོ་ཞེ་ན། བཤད་པ། སྐྱེ་འཇིག་གཉིས་དང་གནས་འཇིག་གཉིས་ལྟ་བུ་དག་ནི་མེད་པ་རུ། །ཇི་ལྟར་སྐྱེ་བ་དང་འཇིག་པ་རེ་རེ་ཁོ་ན་རྩོམ་པར་འགྱུར། ། གཞན་གྱི་དངོས་པོ་མེད་པར་ནི། །བདག་གི་དངོས་པོ་འབྱུང་བ་མེད། ། དེ་ཡི་ཕྱིར་ན་བདག་གཞན་ནི། །གཉིས་ལས་འབྱུང་བ་ཡོད་མ་ཡིན། ། འདི་ལས་ཀྱང་འདུས་བྱས་ཀྱི་སྐྱེ་བ་མི་རིགས་ཤིང་གཞན་གྱི་སྟེ་གྱོ་མོ་ལ་སོགས་པའི་དངོས་པོ་མེད་པར་ནི། །བུམ་པ་ལ་བདག་གི་དངོས་པོ་འབྱུང་བ་མེད་དེ་བུམ་པ་གྱོ་མོ་དང་དེ་གསེག་མ་ལ་རག་ལས་པའི་ཕྱིར་རོ། །དེ་ལྟར་བདག་གི་དངོས་པོ་མེད་པ་འགའ་ཡང་གཞན་ཉིད་དུ་མི་འགྱུར་བ་དེ་ཡི་ཕྱིར་ན་བདག་དང་གཞན་ནི། །གཉིས་ཀ་འདུས་པ་ལས་འབྱུང་བ་ཡང་ཡོད་པ་མ་ཡིན་ནོ། ། སྔོན་དང་ཕྱིས་དང་ཅིག་ཅར་ཅེས། །བརྗོད་པ་ཉིད་དུ་མི་ནུས་པ། ། དེ་ཕྱིར་སྐྱེ་དང་བུམ་པ་ལ། །ཅིག་ཅར་འབྱུང་བ་ཡོད་མ་ཡིན། ། གཞན་ཡང་སྐྱེ་བ་འདི་སྐྱེ་བ་པོའི་སྔ་རོལ་ལམ་ཕྱིས་སམ་གཅིག་ཅར་རྟོག་གྲང་ན། གལ་ཏེ་སྔོན་དུ་ཡིན་ན་རྟེན་མེད་པས་མི་རུང་བའི་ཕྱིར་དང་ཕྱིས་སུ་ཡིན་ན་མ་སྐྱེས་པས་དེ་ཡང་མི་༼༤༢༤༽རུང་བའི་ཕྱིར་དང་གཅིག་ཅར་དུ་འབྱུང་ན་ཕན་ཚུན་བལྟོས་པ་མེད་ཅེས་པ་འདི་ཡང་། །བརྗོད་པ་ཉིད་དུ་མི་ནུས་པ། །དེ་ཡི་ཕྱིར་ན་བུམ་པའི་སྐྱེ་བ་དང་བུམ་པ་གཉིས་ལ། །དུས་གཅིག་ཅར་དུ་འབྱུང་བ་ཡོད་པ་མ་ཡིན་ནོ། ། སྔར་སྐྱེས་པ་ཡི་ཕྱིར་ན་ནི། །སྔར་སྐྱེས་རྙིངས་པར་མི་འགྱུར་ཞིང༌། ། ཕྱི་ནས་ཀུན་ཏུ་སྐྱེས་པ་ཡང༌། །ཕྱི་ནས་སྐྱེས་པར་མི་འགྱུར་རོ། ། ཡང་སྐྱེ་བ་ཡོད་དོ། །རྙིངས་པ་ཡོད་པས་སོ་ཞེ་ན། བཤད་པ། དངོས་པོ་སྔར་སྐྱེས་པ་རྣམས་ནི་གསར་པ་ཡིན་པ་དེ་ཡི་ཕྱིར་ན་ནི། །སྔར་སྐྱེས་པ་དེ་རྙིངས་པ་ཡིན་པར་མི་འགྱུར་ཞིང༌། །ཕྱི་ནས་ཀུན་ཏུ་སྐྱེས་པ་རྣམས་ལ་ཡང༌། །དེའི་ཚེ་དེ་ཉིད་གསར་པ་ཡིན་པའི་ཕྱིར་ན་ཕྱི་ནས་སྐྱེས་པ་དེ་རྙིངས་པ་རུ་གྲུབ་པར་མི་འགྱུར་རོ། ། ད་ལྟར་བ་ཡི་དངོས་པོ་ནི། །དེ་ཉིད་ལས་འབྱུང་མ་ཡིན་ཞིང༌། ། མ་འོངས་ལས་འབྱུང་མ་ཡིན་ལ། །འདས་པ་ལས་ཀྱང་ཡོད་མ་ཡིན། ། ད་ལྟར་བྱུང་བ་ཡི་དངོས་པོ་རྣམས་ནི། །རྒྱུ་དང་འབྲས་བུ་གཅིག་ཅར་མི་འབྱུང་བས་ད་ལྟ་བ་དེ་ཉིད་ལས་འབྱུང་བ་ཡོད་པ་མ་ཡིན་ཞིང༌། །མ་འོངས་པ་མ་སྐྱེས་ཤིང་མེད་པ་དེ་ལས་ཀྱང་འབྱུང་བ་ཡོད་པ་མིན་ལ། །འདས་པ་འགགས་ཤིང་མེད་པ་ལས་ཀྱང་འབྱུང་བ་ཡོད་པ་མ་ཡིན་ནོ། །གང་གི་ཚེ་དུས་གསུམ་ཆར་དུ་ཡང་འབྱུང་བ་ཡོད་པ་མ་ཡིན་པ་དེའི་ཚེ་རང་བཞིན་གྱིས་སྐྱེ་བ་མེད་དོ་ཞེས་བྱ་བར་གནས་སོ། ། སྐྱེ་བ་ལ་ནི་འོང་པ་དང༌། །དེ་བཞིན་འགགས་ལ་འགྲོ་བ་མེད། ། དེ་ལྟ་ཡིན་ན་ཇི་ལྟ་བུར། །སྲིད་པ་སྒྱུ་མ་འདྲ་མ་ཡིན། ། གཞན་ཡང་དངོས་པོ་གང་ཞིག་སྐྱེས་པ་ལ་ནི་གཞན་ནས་འོང་བ་དང༌། །དེ་བཞིན་དུ་འགག་པ་ལ་གཞན་དུ་འགྲོ་བ་ཡང་མེད་པས། །དེ་ལྟ་བུ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ན་ཇི་ལྟ་བུར། །སྲིད་པ་འདི་སྒྱུ་མ་དང་འདྲ་མ་ཡིན། །དེ་ཡང་སྒྱུ་མ་བྱས་པ་ལྟ་བུར་འགྱུར་གྱི་མོ་གཤམ་གྱི་བུ་ལྟ་བུ་ནི་མ་ཡིན་ནོ། ། སྐྱེ་དང་གནས་དང་འཇིག་པ་རྣམས། །ཅིག་ཅར་འབྱུང་བ་ཡོད་མིན་ཞིང༌། ། རིམས་ཀྱིས་འབྱུང་བའང་ཡོད་མིན་ན། །ནམ་ཞིག་འབྱུང་བ་ཡོད་པར་འགྱུར། ། དེ་ལྟར་འདུས་བྱས་སྒྱུ་མ་ལྟ་བུར་བརྗོད་ནས་དེའི་༼༤༢༥༽མཚན་ཉིད་རྣམས་ཀྱང་ཡོད་པའི་ངོ་བོ་མ་ཡིན་པར་བསྟན་པའི་ཕྱིར་བཤད་པ། སྐྱེ་བ་དང་གནས་པ་དང་འཇིག་པ་རྣམས་ཕན་ཚུན་འགལ་བས། །གཅིག་ཅར་དུ་འབྱུང་བ་ནི་ཡོད་པ་མིན་ཞིང༌། །གཉིས་གཉིས་དག་མེད་པར་རེ་རེ་འབྱུང་བ་མེད་པས་རིམ་གྱིས་འབྱུང་བའང་ཡོད་པ་མིན་ན་གྲུབ་པའི་རྒྱུ་གཞན་མེད་པས། །ནམ་ཞིག་ན་འབྱུང་བ་ཡོད་པར་འགྱུར་ཏེ་མེད་དོ། ། སྐྱེ་ལ་སོགས་པ་ཐམས་ཅད་ལ། །སླར་ཡང་ཐམས་ཅད་འབྱུང་བ་སྟེ། ། དེ་ཕྱིར་འཇིག་པ་སྐྱེ་འདྲ་ཞིང༌། །གནས་པ་འཇིག་དང་འདྲ་བར་སྣང༌། ། གཞན་ཡང་སྐྱེ་བ་ལ་སོགས་པ་འདི་རྣམས་འདུ་བྱེད་ཀྱི་ཕུང་པོའི་ཁོངས་སུ་གཏོགས་པའི་ཕྱིར་འདུས་བྱས་ཉིད་ཡིན་ཏེ། དེའི་ཕྱིར་ངེས་པར་དེ་རྣམས་ལ་ཡང་འདུས་བྱས་ཀྱི་མཚན་ཉིད་གཞན་དག་ཅིག་འཇུག་པར་བྱ་དགོས་སོ་ཞེས་བསྟན་པའི་ཕྱིར་བཤད་པ། སྐྱེ་བ་ལ་སོགས་པ་སྟེ་གནས་པ་དང་འཇིག་པ་ཐམས་ཅད་ལ། །འདུས་བྱས་ཡིན་པའི་ཕྱིར་སླར་ཡང་མཚན་ཉིད་ཐམས་ཅད་འབྱུང་བ་སྟེ། །དེ་ཕྱིར་མཚན་ཉིད་འཆོལ་བས་འཇིག་པ་སྐྱེ་བ་དང་འདྲ་ཞིང༌། །གནས་པ་འཇིག་པ་དང་འདྲ་བར་སྣང་ཞིང་ཐུག་པ་མེད་པའི་སྐྱོན་དུ་ཡང་འགྱུར་རོ། ། མཚན་ལས་མཚན་གཞི་གཞན་ཞེ་ན། །མཚན་གཞི་མི་རྟག་ཉིད་གང་ལས། ། ཡང་ན་བཞི་ཀའང་ཡོད་པ་ཡི། །ངོ་བོར་གསལ་བར་ཡོད་མ་ཡིན། ། གཞན་ཡང་མཚན་ཉིད་འདི་རྣམས་འབྱུང་བ་ན། མཚན་གཞི་ལས་ཐ་དད་པའི་ངོ་བོ་ཅན་ཞིག་གམ། ཐ་མི་དད་པ་ཞིག་མཚན་ཉིད་ཀྱི་ལས་ལ་འཇུག་གྲང་ན། དེ་ལ་རེ་ཞིག་མཚན་ཉིད་ལས་མཚན་གཞི་གཞན་ཡིན་ནོ་ཞེ་ན། །མཚན་གཞི་དེ་ཉིད་མི་རྟག་པ་ཉིད་གང་ལས་ཤེས་པར་བྱ། །གཅིག་ཏུ་འདོད་ན། ཡང་ན་མཚན་ཉིད་གསུམ་དང་མཚན་གཞི་སྟེ་བཞི་ཀའང་༼༤༢༦༽ཡོད་པ་ཡི། །ངོ་བོར་གསལ་བར་ཡོད་པ་མ་ཡིན་ཏེ་མཚན་ཉིད་མཚན་གཞི་ཡིན་པར་མི་རིགས་ཤིང་། མཚན་གཞི་ཡང་མཚན་ཉིད་ཡིན་པར་མི་རིགས་པའི་ཕྱིར་རོ། ། དངོས་པོ་དངོས་ལས་མི་སྐྱེ་སྟེ། །དངོས་པོ་དངོས་མེད་ལས་མི་སྐྱེ། ། དངོས་མེད་དངོས་མེད་མི་སྐྱེ་སྟེ། །དངོས་མེད་དངོས་ལས་མི་སྐྱེའོ། ། སྨྲས་པ། སྐྱེ་བ་ལ་སོགས་པ་ནི་ཡོད་དེ་རྒྱུའི་ཚོགས་པ་ཡོད་པའི་ཕྱིར་རོ། །བཤད་པར་བྱ་སྟེ། མྱུ་གུའི་དངོས་པོ་ས་བོན་གྱི་དངོས་པོ་རྣམ་པར་མ་གྱུར་པ་ལས་མི་སྐྱེ་སྟེ་རྣམ་པར་འགྱུར་བཞིན་པ་མ་ཡིན་པའི་ས་བོན་སྐྱེད་བྱེད་དུ་མི་རུང་ཞིང་མྱུ་གུ་གྲུབ་པ་སླར་མི་སྐྱེ་བའི་ཕྱིར་རོ། །མྱུ་གུའི་དངོས་པོ་རྒྱུ་དངོས་མེད་ལས་མི་སྐྱེ་སྟེ་དངོས་མེད་ལ་འབྲས་བུ་བསྐྱེད་པའི་ནུས་པ་མེད་ལ་འབྲས་བུའི་དངོས་པོ་ཡང་སླར་སྐྱེ་བ་ལ་དགོས་པ་མེད་དོ། །འབྲས་བུ་དངོས་མེད་རྒྱུ་དངོས་མེད་ལས་མི་སྐྱེ་སྟེ་རྒྱུ་དངོས་མེད་ལ་བསྐྱེད་པའི་ནུས་པ་མེད་ཅིང་འབྲས་བུ་དངོས་མེད་མོ་གཤམ་གྱི་བུ་ལྟར་སྐྱེ་བ་མི་སྲིད་དོ། །འབྲས་བུ་དངོས་མེད་རྒྱུ་དངོས་པོ་ལས་ཀྱང་བཤད་ཟིན་པའི་ཉེས་པ་ལས་མ་འདས་པས་མི་སྐྱེའོ། ། དངོས་པོ་དངོས་པོར་མི་འགྱུར་ཏེ། །དངོས་མེད་དངོས་པོར་མི་འགྱུར་རོ། ། དངོས་མེད་དངོས་མེད་མི་འགྱུར་ཏེ། །དངོས་པོ་དངོས་མེད་མི་འགྱུར་རོ། ། འདི་ལས་ཀྱང་ཡོད་པ་མ་ཡིན་ཏེ། བདག་ཉིད་ཀྱི་དངོས་པོར་གྲུབ་ཟིན་པ་ནི་སླར་ཡང་དངོས་པོར་མི་འགྱུར་ཏེ་ཡོད་པ་སྐྱེ་བ་དོན་མེད་པའི་ཕྱིར་རོ། །དངོས་པོ་མེད་པ་མོ་གཤམ་གྱི་བུ་ལྟ་བུ་ནི་ཡོད་པའི་དངོས་པོར་མི་འགྱུར་རོ། །དངོས་པོ་མེད་པ་ནི་སླར་ཡང་དངོས་མེད་དུ་མི་འགྱུར་ཏེ་ཡོད་པ་མ་ཡིན་པ་ལ་ཡང་དངོས་པོ་མེད་པར་འགྱུར་དུ་མེད་པའི་ཕྱིར་རོ། །དངོས་པོ་ཡོད་ཅིང་བདོག་པ་ནི་དངོས་མེད་མི་འགྱུར་ཏེ་ཕན་ཚུན་འགལ་བའི་ཕྱིར་རོ། ། སྐྱེ་བཞིན་པ་ནི་བྱེད་སྐྱེས་ཕྱིར། །སྐྱེ་བཞིན་པ་ནི་སྐྱེ་མི་འགྱུར། ། ཡང་ན་ཐམས་ཅད་སྐྱེ་བཞིན་པ། །ཉིད་ནི་ཡིན་པར་ཐལ་བར་འགྱུར། ། འོ་ན་སྐྱེ་བཞིན་པ་ལ་སྐྱེ་བ་ཡོད་དོ་སྙམ་ན། སྐྱེ་བཞིན་པ་ནི་༼༤༢༧༽ཕྱེད་སྐྱེས་ལ་ཕྱེད་མ་སྐྱེས་པ་ལ་འདོད་པའི་ཕྱིར། །དེ་ལྟ་བུའི་སྐྱེ་བཞིན་པ་དེ་ནི་སྐྱེ་བར་མི་འགྱུར་ཏེ་སྐྱེས་པ་དང་མ་སྐྱེས་པ་ལས་གཞན་སྐྱེ་བཞིན་པའི་དུས་ཀྱི་རྣམ་པ་མེད་པའི་ཕྱིར་རོ། །ཡང་ན་འདས་པ་དང་མ་འོངས་པ་དང་བཅས་པ་དུས་གསུམ་པོ་ཐམས་ཅད་ཀྱང་ནི་སྐྱེ་བཞིན་པ། །ཉིད་ནི་ཡིན་པར་ཐལ་བར་འགྱུར་བ་ཡིན་ནོ། ། སྐྱེ་བཞིན་པ་ཡི་བདག་ཉིད་དུ། །བྱ་བ་སྐྱེ་བཞིན་པར་མི་འགྱུར། ། སྐྱེ་བཞིན་པ་ཡི་བདག་ཉིད་དུ། །མི་བྱའང་སྐྱེ་བཞིན་པར་མི་འགྱུར། ། གཞན་ཡང་ཅི་སྐྱེ་བཞིན་པའི་བདག་ཉིད་དུ་བྱ་བའམ། སྐྱེ་བཞིན་པའི་བདག་ཉིད་དུ་མི་བྱ་བ་ཞིག་སྐྱེ་བཞིན་པ་ཡིན་གྲང་ན། གཉི་ག་ལྟར་ཡང་མི་འཐད་དོ་ཞེས་བཤད་པ། དངོས་པོ་གང་ཞིག་སྐྱེ་བཞིན་པ་ཡི་བདག་ཉིད་དུ། །བྱ་བ་དེ་ནི་ཡང་སྐྱེ་བཞིན་པར་མི་འགྱུར་ཏེ། དེ་དེའི་བདག་ཉིད་དུ་རྣམ་པར་གནས་ཟིན་པའི་ཕྱིར་རོ། །གང་ཞིག་སྐྱེ་བཞིན་པ་ཡི་བདག་ཉིད་དུ། །མི་བྱ་བ་དེའང་སྐྱེ་བཞིན་པར་མི་འགྱུར་ཏེ་སྐྱེ་བཞིན་པའི་དངོས་པོ་མ་ཐོབ་པའི་ཕྱིར་རོ། ། གང་གི་གཉིས་པོ་བར་མེད་པར། །སྲིད་པ་ཡོད་པ་མ་ཡིན་པ། ། དེ་ལ་སྐྱེ་བཞིན་པོ་མེད་དེ། །གང་ཕྱིར་དེ་ལའང་བར་ཡོད་ཕྱིར། ། སྐྱེ་བཞིན་པའི་དོན་དེ་ནི་ཡོད་པ་ཉིད་དེ། འདས་པ་དང་མ་འོངས་པའི་བར་ན་གནས་པའི་ཕྱིར་རོ་ཞེ་ན། བཤད་པ། རྒོལ་བ་གང་གི་འདས་པ་དང་མ་འོངས་པ་གཉིས་པོ་ལ་བར་མེད་པར། །རྣམ་པ་ཐམས་ཅད་དུ་སྲིད་པ་ཡོད་པ་མ་ཡིན་པ། །དེ་ལྟར་འདོད་པ་དེ་ལ་དེ་ལྟར་ན་ཡང་སྐྱེ་བཞིན་པ་ནི་མེད་དེ། །གང་གི་ཕྱིར་དེ་ལའང་བར་གཞན་ཡོད་པས་ཐུག་པ་མེད་པའི་ཕྱིར་རོ། ། གང་གི་ཕྱིར་ན་སྐྱེ་བཞིན་པ། །འགགས་པས་སྐྱེས་པ་སྐྱེ་འགྱུར་བ། ། དེ་ཡི་ཕྱིར་ན་སྐྱེ་བཞིན་པ། །གཞན་ཡང་ཡོད་པའི་ངོ་བོར་སྣང༌། ། སྨྲས་པ། ཅུང་ཟད་སྐྱེས་པའི་སྐྱེ་བཞིན་མེད་ཀྱང་གང་གི་ཕྱིར་སྐྱེ་བའི་སྔ་རོལ་གྱི་གནས་༼༤༢༨༽སྐབས་ན་སྐྱེ་བཞིན་པ་ཡིན་པས། །དེ་འགགས་པས་སྐྱེས་པའི་གནས་སྐབས་དེ་སྐྱེ་བར་འགྱུར་བ། །དེ་ཡི་ཕྱིར་ན་སྐྱེ་བའི་སྔ་རོལ་ན་སྐྱེ་བཞིན་པ། །སྐྱེ་བ་ལས་གཞན་དུ་གྱུར་པ་དེ་ཡང་ཡོད་པའི་ངོ་བོར་སྣང་ངོ་། ། གང་ཚེ་སྐྱེས་པ་དེ་ཡི་ཚེ། །སྐྱེ་བཞིན་པ་ལ་སྲིད་པ་མེད། ། གང་ཚེ་སྐྱེས་པ་སྐྱེ་བཞིན་ན། །དེ་ཚེ་ཅི་ཕྱིར་སྐྱེ་བར་འགྱུར། ། བཤད་པ། གང་ཚེ་དངོས་པོ་རྣམས་སྐྱེས་པ་དེ་ཡི་ཚེ། །སྐྱེ་བཞིན་པ་ལ་ཡོད་པ་སྲིད་པ་མེད་དོ། །གང་གི་ཚེ་སྐྱེས་པ་དེ་ཡང་སྐྱེ་བཞིན་དུ་རྟོགས་ན། །དེ་ཚེ་གྲུབ་ཟིན་པས་ཅི་ཡི་ཕྱིར་ན་སླར་སྐྱེ་བར་འགྱུར། ། སྐྱེ་བཞིན་པ་ནི་མ་སྐྱེས་པ། །ཁོ་ན་སྐྱེ་ཞེས་བྱ་བར་གྲག ། ཁྱད་པར་མེད་ཕྱིར་དེ་ཡི་ཚེ། །བུམ་པ་མེད་པར་ཅིས་མི་རྟོག ། སྨྲས་པ། སྐྱེ་བཞིན་པའི་དོན་མ་སྐྱེས་ཀྱང་སྐྱེ་བ་ལ་མངོན་དུ་ཕྱོགས་པས་སྐྱེས་ཞེས་བརྗོད་དོ། །དེའི་ཕྱིར་སྐྱེས་པ་ཁོ་ན་སྐྱེ་བཞིན་པ་ཡིན་པས་འདི་སྐྱེ་བ་དོན་མེད་པ་ཡང་མ་ཡིན་ནོ། །བཤད་པ། སྐྱེ་བཞིན་པ་དེ་ནི་མ་སྐྱེས་པ་ཡིན་ཀྱང་། །སྐྱེ་བ་ལ་སོགས་པ་ཁོ་ན་ལ་སྐྱེ་བཞིན་པ་ཞེས་བྱ་བར་གྲགས་པ་ཡིན་པས། །དེ་ལྟར་ན་སྐྱེས་པ་དང་མ་སྐྱེས་པ་དག་ལ་ཁྱད་པར་ཅི་ཡང་མེད་པའི་ཕྱིར་དེ་ཡི་ཚེ། །བུམ་པ་སྐྱེས་པ་དེ་ཡང་མེད་པར་རྒྱུ་ཅི་ཞིག་གིས་མི་རྟོག ། སྐྱེ་བཞིན་པ་ནི་མ་རྫོགས་ཀྱང༌། །མ་སྐྱེས་པ་ལས་ཕྱི་རོལ་གྱུར། ། དེ་ལྟའང་གང་ཕྱིར་སྐྱེས་པ་ལས། །ཕྱི་རོལ་གྱུར་ཕྱིར་མ་སྐྱེས་ཏེ། ། སྐྱེ་བཞིན་པ་སྔར་མ་བྱུང་ཡང༌། །ཕྱི་ནས་ཡོད་པ་ཡིན་པར་གྲག ། དེས་ཀྱང་མ་སྐྱེས་པ་སྐྱེ་སྟེ། །མ་བྱུང་ཞེས་བྱ་སྐྱེ་མ་ཡིན། ། གལ་ཏེ་སྐྱེ་བཞིན་པ་དེ་ནི་མ་རྫོགས་ཀྱང༌། །སྐྱེ་བའི་བྱ་བ་དང་འབྲེལ་བས་མ་སྐྱེས་པ་ལས་ཕྱི་རོལ་དུ་གྱུར་པར་འདོད་ན། །དེ་ལྟའང་གང་གི་ཕྱིར་མ་རྫོགས་པ་དེ་སྐྱེས་པ་ལས་ཀྱང་། །ཕྱི་རོལ་ཏུ་གྱུར་པའི་ཕྱིར་མ་སྐྱེས་ཏེ། །སྐྱེ་བཞིན་པ་དེ་ནི་རང་གི་གནས་སྐབས་སྔར་མ་བྱུང་ཡང༌། །ཕྱི་ནས་ཀུན་ཏུ་ཡོད་པ་ཡིན་པར་གྲག་གོ །དེས་ཀྱང་སྐྱེ་བའི་བྱ་བ་དང་འབྲེལ་བའི་ཚེ་མ་སྐྱེས་པ་ཁོ་ན་སྐྱེ་༼༤༢༩༽བཞིན་པ་རུ་འགྱུར་བ་སྟེ། །བདག་གི་དངོས་པོ་མ་ཐོབ་པའི་མ་བྱུང་བ་ཞེས་བྱ་བ་ནི་སྐྱེ་བ་མ་ཡིན་ནོ། ། རྫོགས་པ་ཡོད་ཅེས་བྱར་འགྱུར་ལ། །མ་བྱས་པ་ནི་མེད་ཅེས་བརྗོད། ། གང་གི་ཚེ་ན་སྐྱེ་བཞིན་པ། །མེད་པ་དེ་ཚེ་གང་དེར་བརྗོད། ། རྫོགས་པ་ཞེས་པ་ནི་ཡོད་ཅེས་བྱ་བར་འགྱུར་ལ། །མ་བྱས་ཤིང་མ་རྫོགས་པ་ནི་མེད་ཅེས་བྱ་བར་བརྗོད་དོ། །དེ་གཉིས་དང་བྲལ་ནས་གང་གི་ཚེ་ན་འདི་ནི་འདིའོ་ཞེས་བསྟན་པར་མི་ནུས་པས་སྐྱེ་བཞིན་པ། །མེད་པ་དེ་ཡི་ཚེ་གང་ལ་སྐྱེ་བཞིན་པ་དེར་བརྗོད་པར་བྱེད། ། གང་ཚེ་རྒྱུ་ནི་མ་གཏོགས་པར། །འབྲས་བུ་ཡོད་པ་མ་ཡིན་པ། ། དེ་ཡི་ཚེ་ན་འཇུག་པ་དང༌། །ལྡོག་པ་འཐད་པ་ཉིད་མི་འགྱུར། ། དེའི་ཕྱིར་དེ་ལྟར་ཇི་སྐད་བཤད་པའི་ཚུལ་གྱིས་སྐྱེ་བཞིན་པ་མི་སྲིད་པའི་ཕྱིར་གང་གི་ཚེ་རྣམ་པར་དཔྱད་པ་ན་རྒྱུ་ནི་མ་གཏོགས་པར། །འབྲས་བུ་ཡོད་པ་ཉིད་དུ་གྲུབ་པ་མ་ཡིན་པ། །དེ་ཡི་ཚེ་ན་རྟེན་མེད་པའི་འཇུག་པ་འབྲས་བུ་སྐྱེ་བ་དང༌། །ལྡོག་པ་རྒྱུ་འཇིག་པ་འཐད་པ་ཉིད་དུ་མི་འགྱུར་རོ། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། འདུས་བྱས་ཀྱི་དོན་དགག་པ་བསྒོམ་པ་བསྟན་པ་སྟེ་རབ་ཏུ་བྱེད་པ་བཅོ་ལྔ་པའོ།། །།

རྒྱུ་འགའ་ཞིག་གི་སྟོང་པ་ཡང༌། །སྟོང་པ་མིན་པ་ལྟ་བུར་སྣང༌། ། རབ་ཏུ་བྱེད་པ་ཐམས་ཅད་ཀྱིས། །འདི་ནི་སོ་སོར་འགོག་པར་བྱེད། ། ད་ནི་ཐལ་ཟིན་པའི་རབ་ཏུ་བྱེད་པ་བཅོ་ལྔས་བསྟན་བཅོས་ཀྱི་བྱ་བ་ཡོངས་སུ་རྫོགས་པར་བྱས་ནས་བསྟན་བཅོས་བརྩམས་པའི་དགོས་པ་དང༌། རྒོལ་བ་ངན་པའི་ལྷག་མ་སྤངས་པར་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་བཅུ་དྲུག་པ་བཤད་པ། འཁྲུལ་པའི་རྒྱུ་མཚན་འགའ་ཞིག་གིས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཡིན་ཡང༌། །སྟོང་པ་མིན་པ་བདེན་པ་ལྟ་བུར་སྣང་བས། །རབ་ཏུ་བྱེད་པ་བཅོ་ལྔ་པོ་ཐམས་ཅད་༼༤༣༠༽ཀྱིས། །ཕྱིན་ཅི་ལོག་གི་རྟོག་པ་འདི་ནི་སོ་སོར་འགོག་པར་བྱེད་དེ། །བདག་དང་བདག་གིར་འཛིན་པས་ཕྱིན་ཅི་ལོག་པའི་འཇིག་རྟེན་གྱི་དངོས་པོ་མི་རྟོག་པ་ཉིད་ལ་སྐད་ཅིག་མར་འཇིག་པ་མ་མཐོང་བས། འདུ་བྱེད་ཙམ་གྱི་རྒྱུན་གྱི་དོན་ཡང་དག་པར་མ་ངེས་པ་ལས་སྟོང་པ་ཉིད་དུ་ལྟ་བའི་གེགས་སུ་གྱུར་པ་རྟག་པ་ཉིད་དུ་ངེས་པར་བྱས་ནས་ཕྱིར་འཇིལ་བར་བྱེད་པ་ན་འགྲོ་བ་མི་སྟོང་པ་ཁོ་ནར་རྟོགས་ཏེ། དེའི་ཕྱིར་དེའི་སྟོང་པ་ཉིད་མ་ཡིན་པ་ཉིད་དུ་ལྟ་བ་དགག་པའི་ཕྱིར་རབ་ཏུ་བྱེད་པ་དང་པོ་བརྩམས་སོ་ཞེས་བྱ་བ་ལ་སོགས་པ་སྦྱར་བར་བྱའོ། །འདིར་སྟོང་པ་ཉིད་ཀྱི་དོན་རང་བཞིན་དང་བྲལ་བའི་དོན་ཡིན་ནོ་ཞེས་པ་ནི་ལན་ཅིག་མ་ཡིན་པར་བསྟན་ཟིན་ཏོ། ། གང་ཚེ་སྨྲ་པོ་བརྗོད་བྱ་ནའང༌། །སྟོང་པ་ཞེས་བྱར་མི་རུང་ངོ༌། ། གང་ཞིག་རྟེན་ནས་ཀུན་འབྱུང་བ། །དེ་ནི་གསུམ་ལའང་ཡོད་མ་ཡིན། ། སྨྲས་པ། གང་གི་ཚེ་རབ་ཏུ་བྱེད་པ་དེ་དག་གི་སྨྲ་པོ་དང་བརྗོད་བྱ་རབ་ཏུ་བྱེད་པ་བཅོ་ལྔས་བསྟན་པའི་དོན་དང་སྟོང་པར་སྒྲུབ་པའི་ཚིག་ཀྱང་ཡོད་ན་དེའང༌། །སྟོང་པ་ཞེས་བྱ་བར་མི་རུང་ངོ༌། །བཤད་པ། གང་ཞིག་སྨྲ་བ་པོ་དང་བརྗོད་པར་བྱ་བ་དང་ཚིག་དག་བརྟེན་ནས་ཀུན་འབྱུང་བ་ཡིན་པས། །དེ་ནི་གསུམ་ཆར་ལའང་རང་བཞིན་ཡོད་པ་མ་ཡིན་ནོ། ། གལ་ཏེ་སྟོང་པའི་ཉེས་པ་ཡིས། །སྟོང་པ་མ་ཡིན་འགྲུབ་འགྱུར་ན། ། མི་སྟོང་ཉེས་པས་སྟོང་པ་ཉིད། །ཅི་སྟེ་འགྲུབ་པར་འགྱུར་མ་ཡིན། ། གལ་ཏེ་འདི་ཐམས་ཅད་སྟོང་པ་ཡིན་ན་དེའི་ཚེ་དབང་པོ་དང་དོན་དག་རྣམ་པ་ཐམས་ཅད་དུ་མེད་པས་འགྲོ་བ་བོང་བུའི་རྭ་དང་འདྲའོ་ཞེས་སྟོང་པའི་ཉེས་པ་བརྗོད་པ་ཡིས། །སྟོང་པ་མ་ཡིན་པ་དེ་འགྲུབ་པར་འགྱུར་ན། །གལ་ཏེ་འགྲོ་བ་སྟོང་པ་མ་ཡིན་པར་གྱུར་ན་ནི་དེའི་ཚེ་འགྲོ་བ་ལྡོག་པ་མེད་པའི་རང་བཞིན་གྱིས་གནས་པའི་ཕྱིར་རྟག་པར་༼༤༣༡༽འགྱུར་ཞིང༌། མ་སྐྱེས་པ་དང་མི་འགག་པར་འགྱུར་བས་མི་སྟོང་པ་ལ་བརྗོད་པའི་ཉེས་པས་སྟོང་པ་ཉིད། །ཅི་སྟེ་འགྲུབ་པར་འགྱུར་བ་མ་ཡིན། ། གཞན་གྱི་ཕྱོགས་ནི་བཟློག་པ་དང༌། །རང་གི་ཕྱོགས་ནི་བསྒྲུབ་པ་སྟེ། ། གལ་ཏེ་སུན་འབྱིན་བྱེད་ཕྱོགས་གཅིག །དགའ་ན་སྒྲུབ་བྱེད་ལ་ཅིས་མིན། ། ཕྱོགས་གཞན་ཁས་བླངས་པའི་རྒོལ་བས་ནི་གདོན་མི་ཟ་བར་གཞན་གྱི་ཕྱོགས་ནི་གཏན་ཚིགས་ཀྱིས་བཟློག་པ་དང༌། །རང་གི་ཕྱོགས་ནི་རབ་ཏུ་བསྒྲུབ་པ་སྟེ་གཉི་ག་དགོས་ན། །གལ་ཏེ་ཁྱོད་ནི་སྟོང་པ་ཉིད་དུ་སྨྲ་བ་སུན་འབྱིན་བྱེད་པའི་ཕྱོགས་གཅིག་ལ། །དགའ་ན་རང་གི་འཐད་པ་སྒྲུབ་པར་བྱེད་པའི་ཕྱོགས་ལ་རྒྱུ་ཅི་ཞིག་གིས་དགའ་བ་མིན། ། གལ་ཏེ་ཡོངས་སུ་བརྟགས་པ་ན། །མེད་གང་དེ་ཕྱོགས་མི་འགྱུར་ན། ། དེས་ན་གཅིག་ཉིད་ལ་སོགས་གསུམ། །ཀུན་ཀྱང་ཕྱོགས་མ་ཡིན་པར་འགྱུར། ། ཅི་སྟེ་རེ་ཞིག་ཁྱོད་ཀྱིས་སྟོང་པ་ཉིད་དུ་སྨྲ་བའི་ཕྱོགས་འདི་ཡོངས་སུ་བརྟགས་པ་ན་མི་རིགས་པས་ཡོད་པ་མ་ཡིན་ལ། འདི་མེད་པ་ཉིད་དུ་གྲུབ་ན་ཁོ་བོ་ཅག་གི་ཕྱོགས་གྲུབ་པར་འགྱུར་རོ་སྙམ་ན། མ་ཡིན་ཏེ། གལ་ཏེ་ཡོངས་སུ་བརྟགས་པར་བྱས་པ་ན། །རང་བཞིན་མེད་པར་སྨྲ་བ་གང་ཡིན་པ་དེ་ཕྱོགས་སུ་མི་འགྱུར་བ། །དེས་ན་རྒོལ་བ་རྣམས་ཀྱི་གཅིག་ཉིད་དང་ལ་སོགས་པ་སྟེ་གཞན་ཉིད་དང་བརྗོད་དུ་མེད་པ་དང་གསུམ་པོ། །ཀུན་ཀྱང་རྣམ་པར་དཔྱད་པ་ན་ཡོད་པ་མ་ཡིན་པས་ཕྱོགས་མ་ཡིན་པར་འགྱུར་རོ། །དེའི་ཕྱིར་ཡོངས་སུ་བརྟགས་པ་ན་ཕྱོགས་ཐམས་ཅད་ཡོད་པ་མ་ཡིན་པས། ཁྱོད་ཀྱི་ཕྱོགས་ཡོངས་སུ་འཛིན་པར་མི་རིགས་སོ། ། གང་དུ་མངོན་སུམ་གྱིས་བུམ་དེར། །སྟོང་པའི་གཏན་ཚིགས་དོན་མེད་འགྱུར། ། འདི་ན་གཞུང་ལུགས་ལས་བྱུང་བའི། །གཏན་ཚིགས་ཡོད་མིན་གཞན་དུ་ཡོད། ། སྨྲས་པ། གང་དུ་མངོན་སུམ་གྱིས་གྲུབ་པའི་བུམ་པ་དེར། །སྟོང་པ་རུ་བརྗོད་པའི་གཏན་ཚིགས་ཐམས་ཅད་༼༤༣༢༽དོན་མེད་པར་འགྱུར་རོ། །བཤད་པ། དབུ་མའི་ལམ་འདི་ན་གཞན་གྱི་གཞུང་ལུགས་ལས་བྱུང་བའི། །མངོན་སུམ་ཉིད་ཀྱི་གཏན་ཚིགས་འདོད་པ་ཡོད་པ་མིན་ཞིང་གཞན་དུ་ཁྱོད་དང་མཐུན་པ་དག་ལ་ཡོད་དོ། ། མི་སྟོང་མེད་པར་སྟོང་པ་ནི། །གང་ལས་འབྱུང་བ་ཉིད་དུ་འགྱུར། ། ཇི་ལྟ་བུར་ན་ཅིག་ཤོས་ནི། །མེད་པར་གཉེན་པོ་འབྱུང་བར་འགྱུར། ། ཁྱོད་ཀྱིས་སྟོང་པར་སྨྲས་པས་གཉེན་པོའི་སྒོ་ནས་མི་སྟོང་པ་ཡང་གྲུབ་བོ་ཞེ་ན། བཤད་པ། ཁོ་བོ་ཅག་ལ་མི་སྟོང་པའི་དངོས་པོ་ཅུང་ཟད་ཀྱང་མེད་པར་སྟོང་པ་ནི། །གང་ལས་འབྱུང་བ་ཉིད་དུ་འགྱུར་ཏེ། །ཇི་ལྟ་བུར་ན་གཅིག་ཤོས་མི་སྟོང་པ་དེ་ནི། །མེད་པར་གཉེན་པོ་སྟོང་པ་དེ་འབྱུང་བར་འགྱུར། །དེ་ཡང་ཇི་སྐད་དུ། སྟོང་ཉིད་ལྟ་བ་ཐམས་ཅད་ནི། །ངེས་པར་འབྱིན་པར་ཐུབ་པས་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཞེས་དང༌། བཅོམ་ལྡན་འདས་ཀྱིས་ཀྱང༌། འོད་སྲུང་འདི་ལྟ་སྟེ། མི་ནད་པ་ཞིག་ཡོད་ལ་སྨན་པས་དེ་ལ་སྨན་བཏང་ནས་སྨན་དེས་དེའི་ནད་ཐམས་ཅད་བསྐྱོད་དེ་སྨན་ལྟོ་ན་འདུག་པ་ཐམས་ཅད་མི་འབྱུང་ན། འོད་སྲུང་དེ་ཇི་སྙམ་དུ་སེམས། མི་དེ་ནད་དེ་ལས་ཐར་བར་འགྱུར་རམ། གསོལ་བ། བཅོམ་ལྡན་འདས་དེ་ནི་མི་འགྱུར་ལགས་ཏེ། གང་སྨན་དེས་ནད་ཐམས་ཅད་བསྐྱོད་ནས་སྨན་ལྟོར་མཆིས་པ་ཉིད་མ་བྱུང་ན་མི་དེའི་བྲོ་ནད་ཤིན་ཏུ་ཚབ་ཆེ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དེ་བཞིན་དུ་ལྟ་བར་གྱུར་པ་ཐམས་ཅད་ལས་དབྱུང་༼༤༣༣༽བ་ནི་སྟོང་པ་ཉིད་ཡིན་ལ། འོད་སྲུང་སྟོང་པ་ཉིད་ཁོ་ནར་ལྟ་བ་དེ་ནི་གསོར་མི་རུང་ངོ་ཞེས་ངས་བཤད་དོ། །ཞེས་གསུངས་སོ། ། གལ་ཏེ་ཕྱོགས་ཉིད་དུ་འགྱུར་ན། །ཕྱོགས་མེད་ཕྱོགས་ཀྱི་ངོ་བོར་འགྱུར། ། དེ་ལྟར་ཕྱོགས་མེད་ཉིད་མེད་ན། །གང་ཞིག་མི་མཐུན་ཕྱོགས་སུ་འགྱུར། ། དེ་ལྟར་ན་ཡང་ཕྱོགས་མེད་པ་ཉིད་ཕྱོགས་སུ་འགྱུར་བ་དང་མི་མཐུན་པའི་ཕྱོགས་ཀྱང་ཡོད་པས་དངོས་པོ་ཐམས་ཅད་འགྲུབ་བོ་ཞེ་ན། བཤད་པ། གལ་ཏེ་ཕྱོགས་ཤིག་ཁས་བླངས་པ་ཉིད་དུ་འགྱུར་ན། །ཕྱོགས་མེད་པ་དེ་ཡང་ཕྱོགས་ཀྱི་ངོ་བོར་འགྱུར་དུ་ཆུག་ཀྱང་། །དེ་ལྟར་ཕྱོགས་མེད་པ་ཉིད་ཕྱོགས་སུ་ཁས་བླངས་པ་མེད་ན། །གང་ཞིག་དེ་ཡི་མི་མཐུན་པའི་ཕྱོགས་སུ་འགྱུར་བ་ཡིན་ནོ། ། གལ་ཏེ་དངོས་པོ་ཡོད་མིན་ན། །མེ་ནི་ཚ་བར་ཅི་ལྟར་འགྱུར། ། ཚ་བ་མེ་ཡང་ཡོད་མིན་ཞེས། །གོང་ཉིད་དུ་ནི་བཟློག་པར་བྱས། ། སྨྲས་པ། དངོས་པོ་རྣམས་ཀྱི་རང་གི་ངོ་བོ་ནི་ཡོད་པ་ཉིད་དེ། ཁྱད་པར་གྱི་མཚན་ཉིད་དམིགས་པའི་ཕྱིར་རོ། །དེ་ཡང་འདི་ལྟར་གལ་ཏེ་དངོས་པོ་རྣམས་ཀྱི་རང་བཞིན་ཡོད་པ་མིན་ན། །མེ་ནི་ཚ་བ་ཡིན་པར་ཅི་ལྟར་འགྱུར། །བཤད་པ། ཚ་བ་དང་མེ་ཡང་ཡོད་པ་མིན་ཞེས། །གོང་ཉིད་དུ་ནི་ཚ་བ་མེ་ཉིད་དུ་འགྱུར་ཏེ། ཚ་བ་མིན་པ་ཇི་ལྟར་སྲེག །ཅེས་པ་ལ་སོགས་པས་བཟློག་པར་བྱས་ཟིན་ཏོ། ། དངོས་པོ་མཐོང་ནས་དངོས་པོ་ནི། །མེད་པ་ཞེས་བྱ་བཟློག་འགྱུར་ན། ། དེ་ལྟར་ཕྱོགས་ནི་བཞི་ཆར་ལ། །ཉེས་པ་སྤངས་པ་གང་ཞིག་མཐོང༌། ། གཞན་ཡང་གལ་ཏེ་དངོས་པོ་མེ་དེ་མཐོང་ནས་དངོས་པོ་ནི། །མེད་པ་ཞེས་བྱ་བ་དེ་བཟློག་པར་འགྱུར་ན། །དངོས་པོ་རང་བཞིན་མེད་པར་དམིགས་ནས་དངོས་པོ་ཡང་བཟློག་པར་ཅིའི་ཕྱིར་མི་འགྱུར། ཚུལ་འདི་ཉིད་ཀྱིས་དེ་ལྟར་ན་ཡོད་པ་དང་མེད་པ་དང་གཉི་ག་དང་གཉིས་༼༤༣༤༽མིན་གྱི་ཕྱོགས་ནི་བཞི་ཆར་ལ་ཡང་། །ཉེས་པ་སྤངས་པ་གང་ཞིག་མཐོང་སྟེ། །སྔར། ཡོད་དང་མེད་དང་ཡོད་མེད་དང༌། །ཡོད་མེད་མིན་ཞེས་བྱ་བའི་ཚུལ། །འདི་ནི་མཁས་པས་གཅིག་ཉིད་སོགས། །དག་ལ་རྟག་ཏུ་སྦྱར་བར་བྱ། །ཞེས་པ་དེར་བཤད་ཟིན་ཏོ། །དེའི་ཕྱིར་ཕྱོགས་བཞི་ཀ་ལ་ཡང་སྐྱོན་མཐོང་བའི་ཕྱིར་ཕྱོགས་འགའ་ཡང་ཡོངས་སུ་བཟུང་བར་མི་རིགས་སོ། ། རྡུལ་ཕྲན་ལ་ཡང་ཡོད་པའི་དངོས། །གང་དུ་མེད་དེ་ཇི་ལྟར་འབྱུང༌། ། སངས་རྒྱས་རྣམས་ལ་མེད་ཉིད་ཀྱང༌། །དེ་ཉིད་ཕྱིར་ན་མ་འབྲེལ་བའོ། ། དེ་ལྟར་རྣམ་པར་དཔྱད་པ་ན་དངོས་པོ་ཤིན་ཏུ་ཕྲ་བ་རྡུལ་ཕྲན་ཙམ་ལ་ཡང་བདེན་པར་ཡོད་པའི་དངོས་པོ། །གང་དུ་ཡང་མེད་ན་དེར་ཇི་ལྟར་འབྱུང་ཞིང་སྐྱེ། །སྣང་བ་མེད་པའི་སྤྱོད་ཡུལ་མངའ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་མེད་པ་ཉིད་ཀྱང༌། །དེ་ཉིད་ཀྱི་ཕྱིར་ན་མ་འབྲེལ་བའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ལ་བལྟོས་ནས་དངོས་པོ་འགའ་ཡང་མ་དམིགས་པས་ཡོད་པ་ཉིད་ལྟར་མེད་པ་ཉིད་ཀྱང་མངོན་པར་མི་བཞེད་དོ། །ཡང་ན་རང་བཞིན་མ་སྐྱེས་པའི་ཕྱིར་དེ་མེད་པ་ཡང་མི་སྲིད་པས་སངས་རྒྱས་རྣམས་ལ་མེད་པ་ཉིད་ཀྱང་སྟེ་ཉན་ཐོས་དང་རང་སངས་རྒྱས་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སོ། ། གལ་ཏེ་ཀུན་ལ་གཉིས་མིན་ན། །གཞན་གང་ཞིག་ལ་ཡོད་དངོས་ཡོད། ། གལ་ཏེ་ཁྱོད་ལའང་དེ་རིགས་ན། །བརྒལ་བ་གཞན་པོ་ཅི་སྟེ་བྱེད། ། གལ་ཏེ་དངོས་པོ་ཀུན་ལ་ཡོད་པ་དང་མེད་པ་གཉིས་ཀ་ཡོད་པ་མིན་ན། །རྣམ་པར་དཔྱད་བཞིན་པའི་དོན་གཞན་དུ་གྱུར་པ་གང་ཞིག་ལ་ཡོད་པའི་དངོས་པོ་ཡོད་པ་ཡིན། །གལ་ཏེ་ཁྱོད་ལའང་མཐའ་གཉིས་སྤང་བ་དེ་རིགས་པས་གྲུབ་ན། །བརྒལ་བ་གཞན་པོ་ཡོད་པ་དང་མེད་པའི་མཐའ་དེ་ཅི་སྟེ་འཛིན་པར་བྱེད། །༼༤༣༥༽ དངོས་པོ་ཀུན་གྱི་དངོས་མེད་ལ། །རྣམ་པར་དབྱེ་བ་མི་རིགས་ཏེ། ། རྫས་རྣམས་ཀུན་ལ་གང་མཐོང་བ། །དེ་ནི་རྣམ་དབྱེར་མི་འགྱུར་རོ། ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་པོ་ཀུན་གྱི་རང་བཞིན་དངོས་པོ་ངོ་བོ་ཉིད་མེད་པ་ལ། །རྣམ་པར་དབྱེ་བ་ཅུང་ཟད་ཀྱང་མི་རིགས་ཏེ། །ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་དགག་སྒྲུབ་གཉིས་ཀ་མ་ཡིན་ཀྱང་བདེན་འཛིན་ལ་སོགས་པ་ཕྱིན་ཅི་ལོག་གི་རྟོག་པ་དགག་པ་ནི་མེད་པར་དགག་པ་ལ་བརྟེན་ནས་དངོས་པོ་མེད་པ་ཁོ་ནའི་རང་བཞིན་ནོ། །དཔེར་ན། རྫས་རྣམས་ཀུན་ལ་ཐོགས་མེད་ནམ་མཁའ་གང་མཐོང་བ། །དེ་ནི་རྣམ་པར་དབྱེར་ཡོད་པར་མི་འགྱུར་རོ། ། མེད་ཕྱིར་གཞན་གྱི་ཕྱོགས་ལ་ལན། །བརྗོད་པ་མིན་པར་གྲགས་ན་ནི། ། གཏན་ཚིགས་ཀྱིས་བཟློག་རང་ཕྱོགས་ཀྱང༌། །ཅི་ཡི་ཕྱིར་ན་སྒྲུབ་མི་འགྱུར། ། ཅུང་ཟད་ཅིག་སྲིད་པ་དེ་ལ་ལན་གདབ་པར་རིགས་ཀྱི། གང་གི་ལྟར་ན་ཐམས་ཅད་དངོས་པོ་མེད་པ་དེ་ལ་ཇི་ལྟར་ལན་གདབ་པར་བྱ་སྙམ་ན། ཐམས་ཅད་མེད་པའི་ཕྱིར་གཞན་གྱི་སྟེ་ངོ་བོ་ཉིད་མེད་པར་སྨྲས་པའི་ཕྱོགས་ལ་ལན། །བརྗོད་པར་བྱ་བ་མིན་པར་གྲགས་ན་ནི། །ཁྱོད་ཀྱི་འཐད་པ་འགའ་ཞིག་གིས་སྟོང་པ་ཉིད་ཀྱི་གཏན་ཚིགས་ཀྱིས་བཟློག་པར་བྱས་པའི་རང་གི་ཕྱོགས་ཀྱང༌། །ཅི་ཡི་ཕྱིར་ན་བསྒྲུབ་པར་མི་འགྱུར་ཏེ་མ་གྲུབ་ན་དེ་ཉིད་ཁས་བླང་བར་བྱའོ། ། སུན་འབྱིན་བྱེད་པའི་གཏན་ཚིགས་རྙེད། །སླ་ཞེས་འཇིག་རྟེན་བརྗོད་ན་ཡང༌། ། གཞན་གྱི་ཕྱོགས་ལ་སྐྱོན་བརྗོད་པ། །ཉིད་དུ་ཅི་ཡི་ཕྱིར་མི་ནུས། ། གང་ཡང་སུན་འབྱིན་པར་བྱེད་པའི་གཏན་ཚིགས་དེ་ནི་རྙེད་པར། །སླ་ཞེས་འཇིག་རྟེན་ན་བརྗོད་པར་བྱེད་ན་ཡང༌། །རྙེད་པར་སླ་བའི་གཏན་ཚིགས་དེས་ཁྱོད་ཀྱིས་གཞན་གྱི་ཕྱོགས་ལ་སྐྱོན་བརྗོད་པ། །ཉིད་དུ་ཅི་ཡི་ཕྱིར་ན་མི་ནུས། །དེ་ལྟར་ནུས་པ་ཡང་མིན་པས་རྙེད་པར་མི་སླའོ། །བཅོམ་ལྡན་འདས་ཀྱིས། ཇི་ལྟར་མི་གཡོ་རི་རབ་ཆེན་པོ་༼༤༣༦༽ནི། །གྲོག་མ་ཀུན་གྱིས་བསྐྱོད་པ་མི་ནུས་ལྟར། །དེ་བཞིན་ཡང་དག་ཚུལ་ལ་ལེགས་བསླབ་པའི། །མཁས་དེ་ལྷ་ཡི་གཟུགས་ཀྱིས་ཀྱང་མི་བསྐྱོད། །ཅེས་པ་ལ་སོགས་པ་རྒྱས་པར་གསུངས་སོ། ། ཡོད་ཅེས་བྱ་བ་ཙམ་ཞིག་གིས། །གལ་ཏེ་དེ་ཉིད་དངོས་ཡོད་ན། ། མེད་ཅེས་བྱ་བ་ཙམ་ཞིག་གིས། །མེད་པར་ཡང་ནི་ཅིས་མི་འགྱུར། ། ཅི་སྟེ་འཐད་པ་མེད་པར་ཡང་ཁྱོད་ཀྱིས། ཡོད་ཅེས་བྱ་བ་དམ་བཅས་པ་ཙམ་ཞིག་གིས། །གལ་ཏེ་དེ་ཉིད་དངོས་པོའི་རང་བཞིན་དུ་ཡོད་པར་གྱུར་ན། །ཁོ་བོས་མེད་ཅེས་བྱ་བ་དམ་བཅས་པ་ཙམ་ཞིག་གིས། །དོན་དམ་པ་དངོས་པོ་མེད་པར་ཡང་ནི་རྒྱུ་ཅི་ཞིག་གིས་འགྲུབ་པར་མི་འགྱུར། །དེའི་ཕྱིར་ཡུ་བུ་ཅག་གཉིས་སུ་སྨྲ་བ་བསལ་ནས་གཉིས་མེད་དུ་སྨྲ་བ་སྤྲོས་པ་ཐམས་ཅད་བཅོམ་པ་འདི་གཞུང་ལུགས་བཙུགས་པར་འགྱུར་རོ། ། གང་ཕྱིར་ཡོད་བདོག་ཅེས་མིང་བཏགས། །དེ་ཕྱིར་མེད་པར་མི་འགྱུར་ན། ། གང་ཕྱིར་ཡོད་ཅེས་མིང་བྱས་པ། །དེ་ཕྱིར་ཡོད་པར་མི་འགྱུར་རོ། ། སྨྲས་པ། དོན་དམ་པར་དངོས་པོ་མེད་ན་ནི་དེའི་ཚེ་མེད་པ་ལ་ཡོད་དོ་ཞེས་པའི་མིང་འདི་ཡོད་པར་མི་འགྱུར་རོ། །དེ་ལ་བཤད་པ། གང་གི་ཕྱིར་ཡོད་པ་དང་བདོག་པ་ཉིད་ཅེས་པའི་མིང་བཏགས་པས། །དེ་ཡི་ཕྱིར་དངོས་པོ་རྣམས་མེད་པར་མི་འགྱུར་ན། །གང་གི་ཕྱིར་མིག་ལེགས་པ་ལ་ཞར་བ་དང༌། ཚེ་ཐུང་བ་ལ་ཚེ་རིང་སོགས་དོན་དང་འགལ་བའི་མིང་མང་བས་ཡོད་ཅེས་པའི་མིང་བྱས་པ་ཙམ་ཞིག་གིས། །དེའི་ཕྱིར་ན་ཡོད་པར་མི་འགྱུར་རོ། །རྣམ་པ་གཅིག་ཏུ་ན་འདི་འདོན་པ་གཞན་ཡིན་ཏེ། གང་ཕྱིར་མེད་མི་བདོག་ཅེས་མིང༌། །བཏགས་པ་དེ་ཕྱིར་ཡོད་འགྱུར་མིན། །གལ་ཏེ་ཡོད་པ་ལ་ཡོད་པ་ཉིད་དུ་མིང་བཏགས་པས་དངོས་པོ་རང་གི་ངོ་བོས་ཡོད་པར་གྱུར་ན་རིགས་པས་རྣམ་པར་དཔྱད་༼༤༣༧༽པ་ན་ཡོད་པ་མ་ཡིན་པ་ཉིད་ཀྱིས་མེད་དོ་ཞེས་མིང་བཏགས་པ་ལས་ཡོད་པ་ལས་ཡོད་པ་ཉིད་དགག་པ་ཅིའི་ཕྱིར་མི་ངེས། དོན་ལ་ཡོད་པ་ཉིད་དུ་རྟོག་པ་ལྟར་མེད་པ་ཉིད་དུ་ཡང་བཏགས་པར་མི་རིགས་སོ། ། གལ་ཏེ་ཐམས་ཅད་འཇིག་རྟེན་པས། །བརྗོད་པས་འཇིག་རྟེན་པ་ཡོད་ན། ། དངོས་གང་དེ་ཉིད་དུ་ཡོད་པ། །དེ་ནི་འཇིག་རྟེན་པར་ཅེས་འགྱུར། ། གལ་ཏེ་དངོས་པོ་ཐམས་ཅད་འཇིག་རྟེན་པས། །བརྗོད་པས་དེའི་རང་གི་ངོ་བོ་འཇིག་རྟེན་པ་ལ་ཡོད་ན། །དངོས་པོ་གང་བདེན་པར་ཡོད་ན་དེ་ཉིད་དུ་ཡོད་པར་འགྱུར་བས། །དེ་ནི་འཇིག་རྟེན་པར་རྒྱུ་ཅི་ཞིག་གིས་འགྱུར། ། གལ་ཏེ་དངོས་ཀུན་མེད་པའི་ཕྱིར། །མེད་པ་ཉིད་དུ་འགྱུར་ན་ནི། ། དེ་ལྟ་ཡིན་དང་ཕྱོགས་རྣམས་ཀུན། །དངོས་པོ་མེད་པར་མི་རིགས་སོ། ། ཁྱོད་ཀྱིས་ཐུན་མོང་དུ་སྨྲ་མོད་ཀྱི། དེ་ལྟར་ན་ཡང་དངོས་པོ་བསལ་བས་ཁྱེད་ལ་དངོས་པོ་རྣམས་མེད་པ་ཉིད་དུ་འགྱུར་རོ་སྙམ་ན། དེ་ནི་མ་ཡིན་ནོ་ཞེས་བཤད་པ། གལ་ཏེ་དངོས་པོ་ཀུན་ལ་རང་བཞིན་མེད་པའི་ཕྱིར། །མེད་པ་ཉིད་དུ་ཁས་ལེན་པར་འགྱུར་ན་ནི། །དེ་ལྟར་ཡིན་པ་དང་ཡོད་པ་དང་མེད་པ་ལ་སོགས་པའི་ཕྱོགས་རྣམས་ཀུན། །དངོས་པོ་མེད་པར་ཡང་མི་རིགས་སོ། ། དངོས་པོ་མེད་ཕྱིར་དངོས་མེད་ལ། །སྲིད་པ་ཡོད་པར་མི་འགྱུར་རོ། ། དངོས་པོ་མེད་པར་དངོས་པོ་ནི། །མེད་པར་གང་ལས་འགྲུབ་པར་འགྱུར། ། དེ་ཡང་དངོས་པོ་ཡོད་ན་ནི་དེ་བཀག་པས་དངོས་པོ་མེད་པར་སྨྲ་བར་འགྱུར་ན་དངོས་པོ་མེད་པའི་ཕྱིར་དངོས་པོ་མེད་པ་ལ་ཡང་། །རང་གི་ངོ་བོ་སྲིད་པ་ཡོད་པར་མི་འགྱུར་རོ། །ཅིའི་ཕྱིར་དངོས་པོ་མེད་ཅེ་ན། དངོས་པོ་མེད་པ་མེད་པའི་ཕྱིར་རོ། །དེ་ཡང་འདི་ལྟར་དངོས་པོ་རྣམ་པར་དཔྱད་དེ་མེད་པར་གྲུབ་ན་དེ་ལ་མ་བལྟོས་པའི་དངོས་པོ་ནི། །མེད་པ་དེ་ཡང་གང་ཞིག་ལས་ནི་འགྲུབ་པར་འགྱུར། ། སྟོང་པ་གཏན་ཚིགས་ལས་འགྱུར་བ། །དེ་ཕྱིར་སྟོང་པར་མི་འགྱུར་ན། ། དམ་བཅའ་གཏན་ཚིགས་ལས་གཞན་ནི། །མ་ཡིན་དེས་ན་གཏན་ཚིགས་མེད། ། སྨྲས་པ། ཁྱོད་ཀྱིས་གདོན་མི་ཟ་བར་སྟོང་པ་ཉིད་བསྒྲུབ་པ་ལ་༼༤༣༨༽གཏན་ཚིགས་བསྟན་པར་བྱ་དགོས་ལ། གཏན་ཚིགས་ཡོད་པས་དངོས་པོ་ཐམས་ཅད་སྟོང་པ་ཉིད་མ་ཡིན་ཏེ། གཏན་ཚིགས་ལྟར་གཞན་ཡང་ཡོད་པའི་ཕྱིར་རོ། །བཤད་པ། སྟོང་པ་ཉིད་གཏན་ཚིགས་ལས་གྲུབ་པར་འགྱུར་བ། །དེའི་ཕྱིར་སྟོང་པར་མི་འགྱུར་ན། །དམ་བཅའ་དེ་གཏན་ཚིགས་ལས་གཞན་དུ་གྲུབ་པ་ནི། །མ་ཡིན་པས་དེས་ན་གཏན་ཚིགས་དེ་ཡང་རང་བཞིན་མེད་པ་ཡིན་ནོ། ། གང་ཕྱིར་སྟོང་པའི་དཔེ་ཡོད་པ། །དེས་ན་སྟོང་པར་མི་འགྱུར་ན། ། བྱ་རོག་ཇི་ལྟ་དེ་བཞིན་དུ། །བདག་ཀྱང་ནག་ཅེས་བརྗོད་ནུས་སམ། ། སྨྲས་པ། རེ་ཞིག་ཁྱོད་ལ་སྟོང་པ་ཉིད་ཀྱི་དཔེ་ཡོད་ལ། དེ་ཡོད་པས་དེ་དང་འདྲ་བར་དངོས་པོ་གཞན་ཡོད་པ་ཡིན་ནོ། །བཤད་པ། གང་གི་ཕྱིར་སྟོང་པའི་དཔེ་སྒྱུ་མ་ལ་སོགས་པ་ཡོད་པ། །དེས་ན་ཆོས་ཐམས་ཅད་སྟོང་པར་མི་འགྱུར་ན། །འབྲེལ་བ་ཅན་གྱི་དཔེ་ནི་སྔར་གྱི་གཏན་ཚིགས་དང་མཚུངས་ལ། མ་འབྲེལ་པའི་དཔེ་ལས་དོན་གྲུབ་ན་བྱ་རོག་ཇི་ལྟ་བ་དེ་བཞིན་དུ། །བདག་ཀྱང་ཁ་དོག་ནག་ཅེས་བརྗོད་པར་ནུས་སམ་ཅི། ། གལ་ཏེ་རང་བཞིན་གྱིས་དངོས་ཡོད། །སྟོང་མཐོང་ཡོན་ཏན་ཅི་ཞིག་ཡོད། ། རྟོག་པས་མཐོང་བ་འཆིང་བ་སྟེ། །དེ་ནི་འདི་རུ་དགག་པར་བྱ། ། གལ་ཏེ་གཏན་ཚིགས་ཀྱང་མེད་ལ་དཔེ་ཡང་མེད་ཅིང་དངོས་པོ་ཐམས་ཅད་ཀྱང་མེད་ན་ཁྱོད་ཀྱི་བསྟན་བཅོས་འདི་དོན་གང་གི་ཕྱིར་ཡིན་ཅེ་ན། བཤད་པ། གལ་ཏེ་རང་བཞིན་གྱིས་དངོས་པོ་ཡོད་པ་ཡིན་ན། །སྟོང་པར་མཐོང་བ་ལ་ཡོན་ཏན་ཅི་ཞིག་ཡོད། །དེ་བས་ན་རྟོག་པས་མེད་པ་ལ་ཡོད་པར་མཐོང་བ་ནི་འཆིང་བ་སྟེ། །རྟོག་པ་དེ་ནི་དབུ་མའི་ལམ་འདི་རུ་དགག་པར་བྱ་བ་ཡིན་ནོ། ། གཅིག་ཡོད་གཅིག་མེད་ཅེས་བྱ་བ། །དེ་མིན་འཇིག་རྟེན་པ་ཡང་མིན། ། དེས་ན་འདི་ཡོད་འདི་མེད་ཅེས། །བརྗོད་པ་ཉིད་དུ་ནུས་མ་ཡིན། ། གང་རུང་གཅིག་ཡོད་པ་དང་གཅིག་མེད་ཅེས་བྱ་༼༤༣༩༽བ་ནི། །དེ་ཁོ་ན་ཉིད་མིན་ཞིང་འཇིག་རྟེན་པ་ཡང་མིན་ནོ། །དེས་ན་སེམས་དང་སེམས་བྱུང་འདི་ཡོད་བུམ་པ་ལ་སོགས་པ་འདི་མེད་ཅེས། །བརྗོད་པ་ཉིད་དུ་ནུས་པ་མ་ཡིན་ནོ། ། ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། ། དེ་ལ་ཡུན་ནི་རིང་པོ་ནའང༌། །གླན་ཀ་བརྗོད་པར་ནུས་མ་ཡིན། ། འདིར་སྨྲས་པ། བདག་གིས་ཁྱོད་ལ་ལན་གདབ་པར་མི་ནུས་མོད་ཀྱི། དེ་ལྟར་ན་ཡང་གང་དག་ཁྱོད་ལ་ལན་འདེབས་པར་འགྱུར་བ་དེ་བཞིན་གཤེགས་པའི་བསྟན་པ་ལ་མངོན་པར་བརྩོན་པ་དག་འབྱུང་བར་འགྱུར་རོ། །བཤད་པ། ཡོད་པ་དང་མེད་པ་དང་ཡོད་མེད་ཅེས། །མཁས་པ་དབུ་མ་པ་གང་ལ་ཕྱོགས་གསུམ་ཀ་ཡང་ནི་ཡོད་པ་མིན་པ། །དེ་ལ་ཡུན་ནི་རིང་པོ་ལོན་ནའང༌། །སུས་ཀྱང་གླན་ཀ་བརྗོད་པར་ནུས་པ་མ་ཡིན་ནོ། །དཔེར་ན་ནམ་མཁའ་ཉི་མའི་འོད་ཟེར་གྱི་ཚོགས་ཀྱིས་གསལ་ཞིང་ཞིག་པར་འགྱུར་བའི་མུན་པ་རྣམས་ཀྱིས་དུས་ཡུན་རིང་པོས་ཀྱང་ཉི་མའི་འོད་ཟེར་གྱི་ཚོགས་གསལ་བ་མོག་མོག་པོ་བྱ་བར་མི་ནུས་པ་དེ་བཞིན་དུ་ཟབ་ཅིང་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམས་པས་རྟོགས་པའི་ཉི་མའི་འོད་ཟེར་གྱིས་རྒོལ་བ་མཐའ་དག་གི་གཞུང་ལུགས་ཀྱི་མུན་པ་རྣམས་བསལ་བ་ཡང་ཡིན་ནོ་ཞེས་བྱ་བ་ཁོང་དུ་ཆུད་པར་བྱའོ། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། སློབ་དཔོན་དང་སློབ་མ་རྣམ་པར་གཏན་ལ་དབབ་པ་བསྟན་པ་སྟེ་རབ་ཏུ་བྱེད་པ་བཅུ་དྲུག་པའོ།། །།སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་མཛད་པ། བྱང་༼༤༤༠༽ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་ཚིག་ལེའུར་བྱས་པ་རྫོགས་སོ།། །། གཞུང་འདི་བསྟན་པ་སྔ་དར་གྱི་དུས་སུ་སྤྲུལ་པའི་ལོ་པཎ་རྣམས་ཀྱིས་བསྒྱུར་བ་སྔོན་གྱི་བཀའ་ཐེམས་ལས་བཤད་ཅིང༌། ཕྱིས་སུ་ཡང་ཁ་ཆེའི་གྲོང་ཁྱེར་དཔེ་མེད་ཀྱི་དཔུང་རིན་ཆེན་སྦས་པའི་ཀུན་དགའ་ར་བར། །རྒྱ་གར་གྱི་མཁན་པོ་སུ་སྨྲ་ར་ཛཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།སྔོན་གྱི་ལོ་པཎ་ཐུགས་རྗེ་ཆེན་པོའི་ཁུར་བསྣམས་པ་དག་གིས་ནི་དཀའ་བ་དུ་མའི་སྒོ་ནས་འཕགས་ཡུལ་གྱི་བཀའ་དང་བསྟན་བཅོས་མང་པོ་བོད་དུ་བསྒྱུར་ནས་བསྟན་པ་མཐའ་རྒྱས་སུ་དགོངས་ནའང༌། ད་ལྟའི་སྐྱེ་བོ་རྣམས་ནི་ལེགས་བཤད་ཀྱིས་ཆོག་ཤེས་པ་ལས་དོན་དུ་གཉེར་བ་དཀོན་པ་དང༌། ཁྱད་པར་དུ་དབུ་མ་ལ་ཡང་རྩ་འཇུག་བཞི་གསུམ་གྱི་བཤད་པ་མ་ཚང་ན་གྲུབ་མཐའ་རྐང་ཚུགས་པ་ཞིག་གཏན་ནས་མི་འོང་མོད་ཀྱང༌། དེ་འདྲ་ཐུགས་ཉམས་སུ་བཞེས་པའང་སྲིད་མཐའ་ཙམ་ལས་མ་མཐོང་བས། ད་ལྟ་སྙིགས་མའི་དུས་འདིར་གཞུང་ལུགས་དྲི་མ་མེད་པའི་ཐོས་བསམ་གྱི་བྱ་བ་ལྷུར་ལེན་པ་ནི་འགའ་དང་འགའ་ཡི་སྤྱོད་ཡུལ་ཙམ་དུ་བས་སོ། །མཆན་འདི་ནི་འཛམ་གླིང་ན་ཉི་ཟླ་ལྟར་གྲགས་པའི་མཁས་པ་ཆེན་པོ་ཙནྡྲ་ཀཱིརྟིའི་རྗེས་སུ་འབྲངས་ནས་མདོ་ཁམས་རྫོགས་ཆེན་པ་ཡབ་སྲས་ཀྱི་བཀའ་འབངས་སུ་གཏོགས་པའི་བཙུན་ཆུང་གཞན་ཕན་སྣང་བས་བཏབ་པ་དགེ་ལེགས་སུ་གྱུར་ཅིག། ༈ །།འཁོས་ཆུང་༼༤༤༡༽དགེ་སློང་དཀོན་མཆོག་ཚུལ་ཁྲིམས་པས། །དངོས་པོའི་བདོག་དགུ་ཇི་སྙེད་སྤྲུགས་ནས་སུ། །གསུང་མཆོག་ཡིད་བཞིན་ནོར་བུ་སྤར་དུ་བསྒྲུབས། །དགེ་བས་སེམས་ཅན་སངས་རྒྱས་ཐོབ་པར་ཤོག །ཅེས་བདེ་གླིང་རི་ཁྲོད་གཟིམ་འགགས་དགེ་སློང་ཚུལ་ཁྲིམས་ནས་སྤར་དུ་བསྐྲུན་སྐབས་རོང་མདོ་མཁན་པོས་སྨྲས་པ་དགེ། །།

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net