དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་ས་བཅད་བཞུགས།

From Rangjung Yeshe Wiki Texts
Jump to navigation Jump to search
{{{1}}}

༄༅། །དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་ས་བཅད་བཞུགས་སོ། །[1]

༄༅། །ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་འདི་ལ་ལྔ་སྟེ། མཚན་བསྟན་པ། ཕྱག་འཚལ་བ་དང་། ལུང་གི་མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། རྙེད་ཚུལ་གྱིས་མཇུག་བསྡུ་བའོ། །གསུམ་པ་ལ་གཉིས་སྟེ། མངོན་པའི་མདོ་ལས་བྱུང་བ་དང་། ཧེ་བཛྭ་ལས་བྱུང་བའོ། །རྒྱས་བཤད་ལ་ལྔ་སྟེ། བཤད་པ་དངོས་དང་། ཡང་དག་པ་མ་ཡིན་པ་དང་ཡང་དག་གི་ཀུན་རྟོག་བཤད་པ་དང་། སངས་རྒྱས་ཀྱི་སྙིང་པོ་ཉིད་བཤད་པ་དང་། བརྒལ་ལན་གྱིས་གཏན་ལ་དབབ་པ་དང་། ལུང་གིས་ངོ་བོ་ཉིད་བཤད་པ་ལ་ངེས་པ་བསྐྱེད་པའོ། །དང་པོ་ལ་དྲུག །ཐོག་མེད་ཀྱི་དུས་ཀྱི་ཚུལ། ཁམས་ཀྱི་དོན་དང་དེ་ལ་གནས་པའི་ཆོས་དང་། གནས་ཉིད་དང་། དེ་ལྟར་ཡོད་པའི་ཚུལ་དང་། ཐ་མའི་དོན་བཤད་པའོ། །གཉིས་པ་ལ་གསུམ་སྟེ། ཡང་དག་པ་མ་ཡིན་པའི་ཀུན་རྟོག་ལ་རྟེན་ནས་འཁོར་བའི་ཚུལ་དང་། འཁྲུལ་པའི་རྩ་བ་བླང་དོར་གྱིས་བྱུང་བ་དང་། གཉེན་པོའི་རྟོག་པའི་དོན་ནོ། །གསུམ་པ་སངས་རྒྱས་ཀྱི་སྙིང་པོ་ཉིད་བཤད་པ་ལ་གསུམ། རང་གི་ངོ་བོ་བསྟན་པ་དང་། ཡོན་ཏན་བཤད་པ་དང་། དེའི་དཔེས་དོན་བཤད་པ་དང་སྦྱར་བའོ། །གཉིས་པ་ལ་གཉིས་ཏེ། དེའི་མདོར་བསྟན་དང་། རྒྱས་བཤད་དོ། །དེ་ལ་གཉིས་ཏེ། སྟོབས་བཅུ་དང་། མི་འཇིགས་པ་བཞི། མ་འདྲེས་པའི་ཆོས་བཅོ་བརྒྱད་ད་ལྟར་ཡོད་ཀྱང་མི་སྣང་བའི་ཚུལ། རྟོགས་པར་བྱ་བའི་ཚུལ་ལུང་དང་བཅས་པ་དང་། ལྔ་ཡིས་ཆོས་སྐུའི་ཡོན་ཏན་དང་། ངོ་བོ་དང་། དེ་ལ་ལུས་ལ་གནས་པའི་བཤད་པ་དང་། དག་མ་དག་གི་ཚུལ་གསུམ་གྱི་གཟུགས་སྐུའི་ཡོན་ཏན་བཤད་པའོ། །དེའི་སྦྱར་བཤད་ལ་བཞི་སྟེ། དཔེ་དངོས་དང་། དོན་དང་སྦྱར་བ་དང་། ཀུན་རྟོག་གཉིས་ཀྱིས་བཅོམ་པའི་ཚུལ་གོ་རིམ་དང་བཅས་པ་དང་། མི་འགྱུར་ཡང་ཐོབ་པའི་ཚུལ་ལུང་དང་བཅས་པའོ། །བཞི་པ་བརྒལ་ལན་གྱིས་གཏན་ལ་དབབ་པ་ལ་བདུན་ཏེ། རྒྱུ་མེད་པ་དང་། རྒྱུ་ཕྱི་རོལ་དུ་མི་འཐད་པའི་མདོར་བསྟན་དང་། ཡིད་དག་པ་དང་མ་དག་པའི་ངེས་པ་བསྟན་པ། སྒོ་ལྔའི་ཡུལ་ཡུལ་ཅན་གྱི་སྣང་ཚུལ། ཁྱད་པར་གཏན་ཚིགས་དང་གསུམ་གྱིས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་དང་། དཔེ་བཤད་པའི་དོན་དགོས་པ། གཞན་རྒྱུད་ཁོ་ནར་འདོད་པའི་སྐྱོན་བརྗོད་པ། སྣང་བ་ལ་འཁྲུལ་པས་མ་ཁྱབ་པའི་དཔེ་བཀོད་ནས་མ་ངེས་པ་བརྗོད་པ། ཇི་སྙེད་པའི་ཡེ་ཤེས་འཁྲུལ་པ་མ་ཡིན་པའི་དོན་བཤད་པ། ཕྲིན་ལས་དང་འབྲེལ་བའི་དོན་དང་ལྔས་བྱ་བ་གྲུབ་པའི་ཕྲིན་ལས་བཤད་པ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དོན་བརྗོད་པ་དང་། རྟག་པའི་ཚུལ་གསུམ་གྱི་དོན། མི་རྟག་པ་གསུམ་གྱི་དོན། དེ་ཡེ་ཤེས་དང་དྲི་མར་བཤད་པ་དང་གསུམ་གྱིས་སྐུ་གསུམ་རྟག་པའི་ཚུལ་བཤད་པ་དང་། མ་ངེས་པ་སྤང་བའོ། །དེ་ལ་དྲུག་སྟེ། མུ་སྟེགས་ཀྱི་བདག་དང་མི་མཐུན་པའི་དོན་དང་། ཉན་རང་གི་ཞི་བ་དང་མི་མཚུངས་པའི་དོན་དང་། སེམས་ཅན་དང་མི་མཚུངས་པའི་དོན་དང་། ཕྱིར་མི་ལྡོག་པའི་དོན་དང་། དྲི་མ་གཏན་མི་ལྡང་བའི་དོན་དང་། དོན་བསྡུ་བའོ། །ལྔ་པ། ལུང་གི་ངོ་བོ་ཉིད་བཤད་པ་ལ་ངེས་པ་བསྐྱེད་པ་ལ་བཞི་སྟེ། མདོ་སྡེ་རྒྱན་གྱི་ལུང་དང་། འཕགས་པ་ཀླུ་སྒྲུབ་ཀྱི་ཐེག་པ་ཆེན་པོ་ཉི་ཤུ་པའི་ལུང་དང་། རྒྱུད་བླ་མའི་ལུང་དང་། མདོ་རྒྱུད་ལས་གསུངས་པ་དོན་བསྡུས་བའོ། །སྙེད་ཚུལ་གྱིས་འཇུག་བསྡུ་བ་ལ་གཉིས་སྟེ། སངས་རྒྱས་ཀྱི་སྙིང་པོ་ཤེས་རབ་དང་། བྱམས་སྙིང་རྗེ་ལས་སྙེད་པའི་ཚུལ་དང་། སྨོན་ལམ་མོ། །སངས་རྒྱས་ཀྱི་སྙིང་པོ་གཏན་ལ་དབབ་པའི་བསྡུས་དོན་རང་བྱུང་རྡོ་རྗེ་ཡིས་བྲིས་པའོ། །དེ་བཞིན་གཤེགས་པའི་སྙིང་པོ་དྲི་མ་མེད་པ་སེམས་ཅན་ཐམས་ཅད་ཀྱིས་རྟོགས་པར་གྱུར་ཅིག །

Notes[edit]

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net