དམ་པའི་ཆོས་དྲན་པ་ཉེར་བཞག་པའི་མདོ་ཡི་དོན་སྣང་བར་བྱེད་པའི་བསྟན་བཅོས་བཞུགས།

From Rangjung Yeshe Wiki Texts
Jump to: navigation, search

༄༅། །དམ་པའི་ཆོས་དྲན་པ་ཉེར་བཞག་པའི་མདོ་ཡི་དོན་སྣང་བར་བྱེད་པའི་བསྟན་བཅོས་བཞུགས་སོ། །[1]

༄༅། །དམ་པའི་ཆོས་དྲན་པ་ཉེ་བར་བཞག་པའི་དོན་སྣང་བར་བྱེད་པའི་ཚིག་ལེའུར་བྱས་པ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པ་ཉན་ཐོས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཡེ་ཤེས་སྣང་བའི་དཀྱིལ་འཁོར་རབ་རྒྱས་ཤིང་། །ཤེས་བྱའི་གནས་ལུགས་གསལ་བའི་འོད་འཕྲོ་བ། །གཏི་མུག་མུན་པའི་ཚང་ཚིང་རབ་ཏུ་སེལ། །རྒྱལ་དབང་ཉི་མ་དེ་ལ་ཕྱག་འཚལ་ལོ། །བདག་ཏུ་ལྟ་བའི་མུན་པ་རབ་སེལ་ཅིང་། །འཁོར་བའི་འདམ་རྫབ་རབ་ཏུ་སྐེམས་བྱེད་པ། །དམ་ཆོས་དྲན་པ་ཉེ་བཞག་འོད་ཟེར་ནི། །སྤྲོ་བར་བྱ་ཕྱིར་བསྟན་བཅོས་འདི་བརྩམ་མོ། །ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས། །རྒྱལ་པོའི་ཁབ་ཏུ་བཞུགས་པ་ན། །སེམས་ཅན་རྣམས་ལ་ཕན་བཞེད་པས། །མདོ་འདི་རབ་ཏུ་གསལ་བར་མཛད། །ཁམས་གསུམ་རབ་ཏུ་འཁོར་བ་ཡི། །འགྲོ་འདི་སེམས་ཉིད་མ་རྟོགས་པས། །དོན་དང་སེམས་ཅན་བདག་རྣམ་རིག །སྣང་བའི་རྣམ་པར་ཤེས་པ་ནི། །ཡང་དག་མ་ཡིན་ཀུན་རྟོག་ལས། །བྱུང་སྟེ་གཟུང་དང་འཛིན་པ་ནི། །མེད་བཞིན་བདག་དང་གཞན་དུ་འཁྲུལ། །འདི་ནི་སྲིད་པའི་རྩ་བ་ཡིན། །དོན་འདི་གསལ་བར་བྱེད་པ་གང་། །ཆོས་དང་ཆོས་མིན་ཚུལ་བཞིན་དུ། །ཐོས་བསམ་བསྒོམ་པའི་ཤེས་རབ་ཀྱིས། །མོས་བྱ་རྟོགས་བྱ་མངོན་དུ་བྱ། །དེ་ལ་ཐོག་མར་དྲན་པ་ཡིས། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །རྒྱུ་དང་འབྲས་བུ་རབ་ལྡན་པ། །བརྟག་བྱ་ཟག་བཅས་ཟག་མེད་ཉིད། །འདོད་དང་གཟུགས་དང་གཟུགས་མེད་ནི། །ཉོན་མོངས་ཟག་པ་རགས་པ་དང་། །རགས་པ་བཅོམ་དང་བག་ལ་ཉལ། །བསམ་གཏན་བཅས་པ་གོ་རིམ་བཞིན། །ཟག་མེད་འཇིག་རྟེན་འདས་པ་ཡི། །ཐབས་དང་ཤེས་རབ་ཀྱིས་ཟིན་པའོ། །ཐོག་མར་དགེ་དང་མི་དགེ་ཡི། །ཚུལ་ལ་རབ་ཏུ་བརྟག་པར་བྱ། །སྲོག་གཅོད་མ་བྱིན་ལེན་པ་དང་། །འདོད་ལོག་ལུས་ཀྱི་ལས་གསུམ་སྟེ། །བརྫུན་དང་ཕྲ་མ་ཚིག་རྩུབ་དང་། །ངག་ཀྱལ་ཞེས་བྱ་ངག་ལ་བཞི། །བརྣབ་སེམས་གནོད་སེམས་ལོག་པར་བལྟ། །ཡིད་ཀྱི་གསུམ་མོ་མི་དགེ་བཅུ། །འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི། །བསྐྱེད་པའི་ལས་ནི་བསྡུས་པ་ཡིན། །རྒྱུ་དང་ངོ་བོ་དབྱེ་བ་དང་། །འབྲས་བུ་རྣམ་པ་བཞི་ཤེས་བྱ། །རྒྱུ་ནི་ཐོག་མེད་བག་ཆགས་ཀྱི། །འདུ་བྱེད་ལས་རྣམས་བསགས་པ་ཅན། །བདག་དང་གཞན་དུ་འཛིན་པ་ཡི། །རྐྱེན་གྱིས་ཉོན་མོངས་བདག་ཉིད་དོ། །སྲོག་གཅོད་པ་ཡི་ངོ་བོ་ནི། །མཚོན་ཆ་དུག་དང་སྔགས་སོགས་ཀྱིས། །སྲོག་གི་དབང་པོ་ཕྲལ་བའོ། །དེ་ཡི་དབྱེ་བ་རྣམ་པ་དགུ། །ཕ་མ་དགྲ་བཅོམ་བསོད་ཆེན་པོ། །ལམ་གནས་གསོད་པས་འབྲིང་པོ་སྟེ། །དུད་འགྲོ་གསོད་སོགས་ཆུང་བ་ཡིན། །བྱས་ཟིན་བྱས་དང་བྱེད་འགྱུར་གྱི། །དུས་ཀྱི་དབྱེ་བ་རྣམ་པ་གསུམ། །འདོད་ཆགས་ཞེ་སྡང་གཏི་མུག་གི །ཉོན་མོངས་རྐྱེན་བྱས་རྣམ་པ་གསུམ། །ཕན་པར་འདོད་པས་སྨན་བྱིན་དང་། །ལམ་ཞུགས་མེ་འབར་ཕན་སེམས་ཀྱིས། །བདེགས་དང་མི་འདོད་མཚོན་ལྷུང་བ། །དེ་དག་རྣམས་ནི་སྡིག་མི་འགྱུར། །མ་བྱིན་ལེན་ པའི་ངོ་བོ་ནི། །ཕ་རོལ་བདག་གིར་བྱས་པའི་རྫས། །རྐུ་བའི་སེམས་ཀྱིས་བླངས་པའོ། །དངོས་དང་ཐབས་ཀྱིས་ལེན་པ་དང་། །མ་མཐོང་ལེན་པ་རྣམ་པ་གསུམ། །གཞན་ནི་སྲོག་གཅོད་སྐབས་བཞིན་ནོ། །འདོད་པས་ལོག་པར་གཡེམས་པ་ནི། །བདག་གམ་གཞན་གྱི་ཆུང་མ་ལ། །གནས་མ་ཡིན་པར་སྤྱོད་པའོ། །ཚུལ་ལྡན་ཕལ་པ་ཕྱོགས་མཐུན་བཅས། །དབྱེ་བ་རྣམ་པ་གསུམ་དུ་བརྗོད། །ཉོན་མོངས་དབྱེ་བ་ཅི་རིགས་སྦྱར། །བརྫུན་ནི་བདག་གཞན་སླུ་བྱེད་པའི། །ངག་གི་རྣམ་པ་བརྗོད་པའོ། །བླ་མའི་བརྫུན་དང་ཕལ་པ་དང་། །ཞར་ལས་བརྗོད་པ་གསུམ་དུ་བརྗོད། །ཕྲ་མ་མཐུན་པ་འབྱེད་པའི་ངག །ཡུལ་དང་བསམ་པ་སྦྱོར་བ་ཡི། །དབྱེ་བ་རྣམ་གསུམ་བདག་ཉིད་ཅན། །ཚིག་རྩུབ་བདག་གཞན་གདུང་བ་ཡི། །ངག་སྟེ་དབྱེ་བ་སྔ་མ་བཞིན། །འཁྱལ་བའི་ཚིག་ནི་འབྲེལ་མེད་དུ། །བརྗོད་པའོ་ཡུལ་དང་བསམ་སྦྱོར་གྱི། །ཉོན་མོངས་ཅན་དང་ཉོན་མོངས་ཆུང་། །བདུན་པོ་འདི་རྣམས་སྦྱོར་བ་དང་། །དངོས་རྗེས་རྫོགས་པ་ལྕི་བ་སྟེ། །གཉིས་འབྲིང་གཅིག་ནི་འབྲས་བུ་ཡང་། །བརྣབ་སེམས་གཞན་གྱི་ཕུན་ཚོགས་ལ། །གདུང་པར་བྱེད་པ་ཆགས་པས་བསྐྱེད། །གནོད་སེམས་གཞན་ལ་གདུང་བ་ཡི། །བསམ་པ་ཞེ་སྡང་གིས་བསྐྱེད་པ། །བདག་དང་གང་ཟག་ལྟ་བ་དང་། །རྒྱུ་མེད་རྒྱུ་འབྲས་ཁྱད་གསོད་པ། །ལོག་པར་ལྟ་བ་ཞེས་བརྗོད་དེ། །གཏི་མུག་ལྡན་པ་མ་རིག་པ། །ཆུང་འབྲིང་ཆེན་པོའི་དབྱེ་བ་ཡིས། །ཡུལ་དུས་རྣམས་ལ་ཅི་རིགས་སྦྱར། །བྱས་དང་བྱེད་དུ་བཅུག་པ་དང་། །ཡིད་རང་དབྱེ་བ་ཀུན་ལ་བརྗོད། །རྣམ་པའི་དབྱེ་བ་དཔག་ཏུ་མེད། །འབྲས་བུ་བྱེད་པ་རྒྱུ་མཐུན་ནི། །གང་གང་བྱས་པ་བྱེད་འདོད་པའོ། །མྱོང་བ་རྒྱུ་མཐུན་རྣམ་སྨིན་གྱིས། །འབྲས་བུ་རྒྱ་ཆེར་བཤད་པ་ནི། །རྒྱས་པར་བཤད་པའི་སྐབས་ལས་འབྱུང་། །དབང་འབྲས་ཕྱི་རོལ་ལ་སྣང་སྟེ། །གང་གི་སྟོབས་ཀྱིས་གང་སྐྱེས་པ། །འབྲས་དེ་སྐྱེས་བུའི་བྱེད་ལས་སྐྱེས། །བྲལ་འབྲས་ཞེས་བྱ་དེ་ཟད་པའོ། །རྒྱུ་རྣམས་སྤྱོད་ཅིང་ཡོངས་རྫོགས་པ། །ངེས་པར་སྤྱོད་འགྱུར་ལས་ཡིན་ནོ། །སྤྱོད་ཀྱང་དེ་ལ་མི་དགའ་དང་། །མ་རྫོགས་གཉེན་པོས་བཅོམ་པ་གང་། །བྱས་ཀྱང་མྱོང་འགྱུར་མིན་ཞེས་བརྗོད། །དངོས་སུ་སྤྱོད་པ་མ་ཡིན་ཀྱང་། །འདུན་དང་སྨོན་ཅིང་ཡིད་རང་བར། །བྱེད་པ་མ་བྱས་མྱོང་འགྱུར་ལས། །སྒྱུ་མ་བྱས་ཤིང་མི་མྱོང་པ། །ཞེས་བྱ་མུ་ནི་རྣམ་པ་བཞི། །མི་དགེ་རྒྱུ་དང་འབྲས་བུར་བཅས། །དེ་ལས་བཟློག་པ་དགེ་བཅུ་སྟེ། །འདུན་དང་རང་བཞིན་སྤྱོད་པ་དང་། །ཡང་དག་བླངས་པའི་ཁྱད་པར་གྱིས། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །བདག་ཉིད་བྱེད་དང་གཞན་དག་འགོད། །ཡིད་རང་བྱེད་པས་བླ་ན་མེད། །འབྲས་བུ་ཚེ་རིང་ནད་མེད་དང་། །ཕུན་སུམ་ཚོགས་ལ་དབང་བྱེད་དང་། །བུད་མེད་འགྲན་ཟླ་མེད་ཐོབ་ཅིང་། །ཀུན་གྱིས་བདེན་པའི་བསྔགས་པ་ཐོབ། །མི་ཕྱེད་པ་ཡི་འཁོར་ཐོབ་ཅིང་། །གཉན་ཅིང་བདེན་པས་ཀུན་དུ་སྨྲ། །དོན་དང་ལྡན་པའི་ཚིག་ཐོབ་དང་། །བདག་ཉིད་འབྱོར་ལ་གནོད་གཞན་མེད། །གདུག་ཟླ་མེད་ཅིང་ཀུན་གྱིས་མཆོད། །ཡང་དག་ལྟ་བ་མཆོག་ཐོབ་པ། །སོ་སོའི་རྣམ་སྨིན་འབྲས་བུ་ཡིན། །རྒྱུ་མཐུན་ལ་སོགས་སྔར་བཞིན་བརྗོད། །འདོད་པའི་ཕུན་སུམ་ཚོགས་བདེ་བ། །ཆུང་ངུས་ཆུང་ལ་འབྲིང་གིས་འབྲིང་། །ཆེན་པོས་འཁོར་ལོ་སྒྱུར་བ་དང་། །བརྒྱ་བྱིན་འདོད་པའི་དབང་ཕྱུག་འཐོབ། །རྒྱལ་བ་ཀུན་གྱིས་རབ་བསྔགས་པའི། །ཚུལ་ཁྲིམས་ཟག་མེད་ལྷན་ཅིག་པས། །ཐེག་གསུམ་འབྲས་བུ་ཐོབ་པར་འགྱུར། །དེ་ལྟར་དགེ་དང་མི་དགེ་བ། །འདོད་པའི་ཁམས་ལས་མ་འདས་ཕྱིར། །བློ་ལྡན་འདོད་ལས་ངེས་འབྱུང་ཕྱིར། །མ་ཆགས་སྦྱིན་ལ་བརྩོན་བྱས་ནས། །ཚུལ་ཁྲིམས་ལ་བརྟེན་བག་ཡོད་པར། །དབེན་པར་བསམ་གཏན་འཇིག་རྟེན་པ། །འཐོབ་བྱེད་ཐབས་ལ་སེམས་པར་བྱེད། །དེ་ཡང་ཡུལ་དྲུག་སྣང་བ་དང་། །དབང་པོ་དྲུག་དང་རྣམ་ཤེས་ཀྱི། །ཁྱད་པར་རྟོག་ཅིང་སྤྱོད་པ་ན། །བདེ་དང་སྡུག་བསྔལ་བཏང་སྙོམས་ཀྱི། །རྟོག་པ་བཅོ་བརྒྱད་མཐོང་འགྱུར་ན། །ས་གཞན་ལ་ཡང་འཇུག་པར་འགྱུར། །དེ་ནས་ཚོར་བ་ཐབས་ཅད་ཀྱི། །གནས་ལ་མངོན་བར་རྟོག་པར་བྱེད། །ས་ཆུ་མེ་རླུང་ནམ་མཁའ་དང་། །རྣམ་པར་ཤེས་དང་དྲུག་ཁམས་པོ། །ཕྱི་དང་ནང་དུ་སྣང་བ་དང་། །བྱེད་པོ་མེད་ལ་རང་གི་ཡང་། །མཚན་ཉིད་འཛིན་པར་བྱེད་མཐོང་ནས། །ཀྱེ་མ་འགྲོ་འདི་ཚོར་བ་ནི། །བདེ་ལ་ཆགས་ཤིང་སྡུག་བསྔལ་ལ། །ཞེ་སྡང་བཏང་སྙོམས་མ་རིག་པས། །ཀུན་དུ་འཆིང་བར་བྱེད་པར་འགྱུར། །ཡང་ནི་ས་གཞན་རིམ་འཇུག་འགྱུར། །རེག་པའི་རྐྱེན་གྱི་ཚོར་བ་སྟེ། །ཚོར་བ་རྟག་མིན་བདེན་པ་མིན། །བཏང་སྙོམས་ལ་བརྟེན་རྟོག་པ་དག །རབ་ཏུ་སྦྱངས་ནས་བསམ་གཏན་དང་། །གཟུགས་མེད་བཞིར་བཅས་རབ་ཏུ་རྟོག །དེ་ཡིས་ཁམས་གསུམ་སྲེད་ལེན་དང་། །སྲིད་པ་མངོན་དུ་རྟོགས་པར་བྱེད། །དེར་གནས་སྐྱེ་མཆེད་བཅུ་གཉིས་དང་། །ཕུང་པོ་ལྔ་པོ་སྣང་བ་ཀུན། །འདུ་བྱེད་རྐྱེན་གྱིས་རྣམ་པར་ཤེས། །འདུ་ཤེས་ཚོར་བ་རབ་སྣང་བ། །སྐད་ཅིག་སྐྱེ་འགག་བྱེད་མཐོང་འགྱུར། །དེ་ལྟར་མིང་གཟུགས་བཅས་པ་འདི། །མ་རིག་རྐྱེན་གྱིས་འདུ་བྱེད་ཅེས། །ཁམས་གསུམ་པ་ཀུན་མཐོང་གྱུར་ནས། །དེ་ལ་བརྟེན་ནས་འདུས་བྱས་ཀྱི། །ལས་ཀུན་མངོན་དུ་རྟོགས་འགྱུར་ཏེ། །ཀུན་གཞི་རྐྱེན་གྱི་རྣམ་ཤེས་ཏེ། །ཡིད་ནི་ཉེ་བར་སྤྱོད་པ་ཅན། །དེ་ལས་ཉེར་སྤྱོད་ཚོར་བ་སྟེ། །ཡོངས་གཅོད་འདུ་ཤེས་ཉིད་ཡིན་ནོ། །རྣམ་ཤེས་འཇུག་པའི་རྐྱེན་བྱེད་གང་། །འདུ་བྱེད་སེམས་འབྱུང་བཅས་པ་ཡིན། །ཀུན་གཞི་ལ་གནས་མ་རིག་པས། །ཡང་དག་མཐོང་ལ་སྒྲིབ་པར་བྱེད། །འདུ་བྱེད་ལས་ཀྱི་བག་ཆགས་རྣམས། །འཇོག་བྱེད་དེ་བཞིན་རྣམ་ཤེས་ཀྱིས། །ཁམས་གསུམ་སྐྱེ་བའི་གནས་ཕྱིན་བྱེད། །མིང་གཟུགས་འབྲེལ་པས་ལུས་འཛིན་ནོ། །སྐྱེ་མཆེད་དྲུག་གིས་རྫོགས་བྱེད་དེ། །གསུམ་འདུས་གཅོད་པ་རེག་པའོ། །ཚོར་བས་ཉེ་བར་སྤྱོད་བྱེད་ལ། །སྲིད་པའི་སྲེད་པས་སྡུད་པར་བྱེད། །ལེན་པས་སྐྱེ་བ་སྦྱོར་བ་སྟེ། །མངོན་དུ་ལས་ཀྱི་རྣམ་སྨིན་རྣམས། །ཉེ་བར་བསྒྲུབ་བྱེད་ཤེས་པ་ཡིན། །དེ་ལྟར་ལས་ཆོས་རྣམ་པར་སྨིན། །རྟོགས་པའི་རྣལ་འབྱོར་སྤྱོད་པ་ནི། །ཁམས་གསུམ་སེམས་དང་སེམས་འབྱུང་ཀུན། །དཔེར་ན་རི་མོ་མཁན་བཞིན་དུ། །ཁམས་གསུམ་སྣང་བའི་བྲི་གཞི་ལ། །སེམས་ཉིད་རི་མོ་མཁན་གྱིས་ནི། །འདོད་ལ་དམིགས་ཤིང་ཉེར་ལེན་པས། །འདོད་ཁམས་གཟུགས་ནི་ཉི་ཤུ་འབྲི། །གཟུགས་ཁམས་ལ་དམིགས་བསམ་གཏན་བཞིས། །བཅུ་གཉིས་འབྲིའོ་རྣམ་ལྔ་གཞན། །དེ་བྲལ་སྙོམས་འཇུག་བཞི་ཡི་ནི། །སྲེད་པས་གཟུགས་མེད་སྒྲུབ་པ་ཡིན། །ལུས་སྣང་ཚོན་རྩིའི་སྣོད་བཞིན་ཏེ། །ཡུལ་ནི་ལྔ་པོ་ཚོན་རྩི་བཞིན། །འདུ་བྱེད་བརྩོན་འགྲུས་ལག་པ་ཡིས། །དབང་པོ་དྲུག་གིས་པིར་བཟུང་སྟེ། །དཀར་པོ་དགེ་བའི་ཚོན་གྱི་ནི། །ལྷ་གནས་ཕུན་སུམ་ཚོགས་པ་འབྲི། །དམར་པོ་ཆགས་བཅས་ལྷ་མི་ཡི། །གཟུགས་འབྲི་སེར་པོས་དུད་འགྲོ་སྟེ། །སྔོན་པོས་ཡི་དྭགས་འབྲི་བྱེད་ཅིང་། །ནག་པོས་དམྱལ་བའི་གཟུགས་འབྲིའོ། །གཞན་ཡང་སེམས་ཉིད་རི་མོ་མཁན། །མཉེས་པས་མཐོ་རིས་འབྲི་བྱེད་དེ། །མ་མགུ་ཁྲོས་པས་ངན་སོང་ལ། །བར་མས་འདྲེས་མ་འབྲི་བ་ཡིན། །དགེ་དང་མི་དགེ་དག་གི་ལས། །རང་གིས་བྱས་པའི་ལས་ཀུན་གྱི། །འབྲས་བུ་ངེས་པར་སྤྱོད་འགྱུར་ཏེ། །ལུས་ཅན་རྣམས་དང་འབྲེལ་བ་ཡིན། །ཉོན་མོངས་ས་ནི་དང་པོར་མངར། །རྣམ་པར་སྨིན་པ་ཚ་བ་ཡིན། །དེ་དག་དོན་མེད་བྱེད་པས་ན། །དུག་དང་འདྲ་བར་སྤང་བར་བྱ། །ཉོན་མོངས་དབང་དུ་མི་འགྲོ་ཞིང་། །ཡེ་ཤེས་དབང་དུ་འགྲོ་བྱ་སྟེ། །ཡེ་ཤེས་ལྡན་པ་ཚེ་འདི་དང་། །ཕ་རོལ་དག་ཏུ་བདེ་བ་འཐོབ། །དྲན་བ་ཉེ་བར་བཞག་པའི་དོན་སྣང་བར་བྱེད་པའི་ཚིག་ལེའུར་བྱས་པ་ལས། །རྒྱུ་འབྲས་ཀྱི་མདོར་བསྟན་པ་སྟེ་དང་པོའོ།། ༈ །།ཁམས་གསུམ་སྲིད་པའི་འཁོར་ལོ་ནི། །རྒྱུད་ལྔ་དག་ཏུ་རབ་ཏུ་འཁོར། །དེ་ལ་དམྱལ་བ་ཚ་དང་གྲང་། །ཉེ་ཚེ་ཞེས་བྱ་རྣམ་པ་གསུམ། །ཚ་བ་ཡང་སོས་ཐིག་ནག་དང་། །བསྡུས་འཇོམས་ངུ་འབོད་ངུ་འབོད་ཆེ། །ཚ་དང་རབ་ཏུ་ཚ་བ་དང་། །མནར་མེད་ཅེས་བྱ་བརྒྱད་དུ་བཤད། །ཀུན་ལ་ལྷག་པའི་འཁོར་བཅུ་དྲུག །མི་དགེ་ཆེན་པོར་སྤྱད་པའི་རྒྱུས། །སྲེད་པས་བསླུས་ནས་རབ་ཏུ་སྐྱེ། །དེ་དག་རྣམ་པར་བཤད་པར་བྱ། །ཡང་སོས་གཙོ་བོར་སྐྱེ་བའི་རྒྱུ། །སྲོག་གཅོད་ཉིད་དོ་ཚུལ་ལྡན་མི། །གསོད་ཅིང་འགྱོད་པར་མི་བྱེད་ན། །སྡུག་བསྔལ་མ་ལུས་མྱོང་བར་འགྱུར། །མི་གཙང་འདམ་དང་ལྕགས་ཀྱི་རྒྱུར། །སྣོད་བཙོ་གནོད་པ་མ་ཞི་དང་། །མུན་པ་ཀུན་དུ་མི་དགའ་བ། །ཚོར་བ་འབོད་དང་ནད་ཐམས་ཅད། །མཚོན་འབབ་གནོད་པ་དྲག་པོ་དང་། །ནེ་ལེ་ནག་འདྲ་གཞན་གྱུར་དང་། །སྡུག་བསྔལ་གྱིས་གནོད་པད་མའི་ཕྲེང། །མཚེའུ་དང་གནོད་པ་མཐོ་བ་སྟེ །ཡང་སོས་འཁོར་ནི་བཅུ་དྲུག་ཡིན། །དེ་དག་སོ་སོར་འགྲོ་བའི་རྒྱུ། །བྱ་ཁྲ་བརྒྱ་དང་གདོས་སོགས་ཀྱིས། །སྲོག་ཆགས་གསོད་པར་བྱེད་པ་དང་། །ཉོ་ཚོང་ཕྱིར་ནི་དུད་འགྲོ་གསོད། །ཟས་ཕྱིར་སྲེག་དང་འཚོད་པ་དང་། །འཆིང་དང་བརྡེག་པ་ལ་སོགས་པ། །གནོད་པ་དུ་མས་གསོད་པར་བྱེད། །རུ་སྦལ་ཕྱུགས་དག་མུན་པར་འཇུག །རྔ་སྒྲ་སོགས་སྒྲགས་གསོད་པ་དང་། །གནོད་པས་ཚོར་བ་དུ་མ་བྱེད། །དུག་སྦྱིན་ཤན་པ་བྱེད་པ་དང་། །དམག་དཔོན་བྱེད་དང་གཞན་གནོད་བྱེད། །ཐབས་ཀྱིས་གསོད་དང་སྔགས་ཀྱིས་གསོད། །མཚོན་ཆའི་འཁྲུལ་འཁོར་དེ་བཞིན་བཅུ། །གསོད་པར་བྱེད་པ་སྒྲུབ་པའོ། །ཡང་སོས་གནས་ནི་ལྕགས་ཀྱི་ར་བ་དུ་མ་དུ། །མཚོན་ཆའི་ནགས་ཚལ་རོ་ཉེ་མི་གཙང་འབབ་ཆུ་ལྷན། །དེར་སྐྱེས་ཕན་ཚུན་གསོད་པའི་སེམས་དང་རབ་ལྡན་པས། །གཏུབས་གཤེགས་མི་བཟད་སྡུག་བསྔལ་མྱོང་ནས་ཡང་སོས་འགྱུར། །མི་གཙང་འདམ་དུ་སྲིན་བུས་ཟ་ཞིང་གཉེན་པོས་གསོད། །ལྕགས་ཀྱི་ར་བར་མཚོན་ཆའི་ཆར་གྱི་རབ་ཏུ་བཏུབ། །ལྕགས་ཀྱི་རྫ་ཆེན་མེ་འབར་ནང་དུ་འཚོད་པར་བྱེད། །ལ་ལ་གནོད་པ་དུ་མས་འཚེ་ཞིང་གཞན་དག་ནི། །མུན་ནག་ནང་དུ་མེ་འབར་རི་ཡིས་ཀུན་དུ་བཙིར། །རབ་འཇིགས་སྒྲ་སྒྲོགས་སེམས་ཅན་དག་གིས་ཟ་བར་བྱེད། །བ་ཚ་མེ་དང་མཚོན་གྱི་ཚོར་བ་དུ་མས་ཉེན། །ནད་རྣམས་ཀྱིས་ཉེན་གཞན་དག་མཚོན་ཆས་རབ་ཏུ་དམྱལ། །གཤིན་རྗེ་རྣམས་ཀྱི་གནོད་པ་དུ་མས་བསྣུན་པར་བྱེད། །ནེའུ་ལེ་ནག་ལྟར་མེ་འབར་ལུས་ལ་དུད་པས་ཁྱབ། །བཀྲེས་པས་གཞན་གྱུར་སྡུག་བསྔལ་དུ་མས་རྣམ་པར་གཙེས། །པད་མ་ལྟར་གས་ལུས་ཀུན་ཁ་དང་བྱ་རྒོད་ཟ། །ཟངས་ཞུན་མཚེའུར་རབ་ལྷུང་ཆོ་ངེ་རབ་ཏུ་འདེབས། །མཚོན་ཆའི་ལམ་དུ་ཤ་དང་རུས་པ་དུམ་བུར་བྱེད། །དེ་སོགས་སྡུག་བསྔལ་དུ་མ་རབ་ཏུ་འཁྲུག་པར་མྱོང་། །མཚོན་གྱི་རེག་སོགས་མི་ཡི་ལུས་ལས་བཅུ་འགྱུར་ཡིན། །དེ་ལས་ཐར་ཀྱང་ཚེ་ཐུང་ནད་རྣམས་ཀྱི་གཙེས་ནས། །སྲོག་དང་བྲལ་བྱེད་མི་ཁོམ་གཞན་དང་མཚུངས་པར་འགྱུར། །དེ་ལྟར་དེ་དག་རྣམས་ཀྱི་ཚེ། །རང་གི་ལོ་ནི་ལྔ་བརྒྱ་སྟེ། །མི་ལོ་བྱེ་བ་ཕྲག་འབུམ་དང་། །དྲུག་ཁྲི་ཉིས་སྟོང་རྣམས་ཡིན་ནོ། །རྒྱུ་ནི་རྫོགས་དང་མ་རྫོགས་པས། །དུས་མིན་འཆི་བ་ཡོད་པའོ། །དེ་ནས་གཉིས་པ་ཐིག་ནག་ནི། །སྲོག་གཅོད་མ་བྱིན་ལེན་པ་གཉིས། །སྤྱད་ལ་བྱུང་སྟེ་གཙོ་བོ་ནི། །སྲོག་གཅོད་རྒྱུ་འབྲས་སྔ་མ་བཞིན། །ཁྱད་པར་མ་བྱིན་ལེན་པ་ནི། །དཀོན་མཆོག་བླ་མ་དགེ་འདུན་དང་། །ནད་པ་སྡུག་འཕོངས་རྣམས་ཀྱི་རྫས། །རྐུ་ཞིང་གཞན་ཡང་སྦྱོར་བྱེད་ན། །སྡུག་བསྔལ་མ་ལུས་མྱོང་པར་བྱེད། །དེ་འཁོར་རོ་མྱགས་ཕྱི་སའི་འདམ། །རལ་གྲི་ཚལ་དང་ཤལ་མ་ལི། །ཆུ་རླུང་རབ་མེད་སྤུ་གྲིའི་ཚལ། །རྨོངས་དང་རབ་ཏུ་རྨོངས་པའི་ཚལ། །སྲེད་པ་ཅན་དང་སྲེད་པས་ཉེན། །ཟངས་ཁུ་འཐུང་དང་ཐུ་ལུམ་ཟ། །སྲེག་པ་མི་བཟད་མུན་པ་ཅན། །རབ་ཏུ་མི་བཟད་བྱ་རྒོད་འཇིགས། །དེ་རྣམས་རྒྱུ་ནི་སྲེད་དབང་གིས། །དད་ལྡན་ལོངས་སྤྱོད་འཕྲོག་བྱེད་དང་། །དགེ་འདུན་ལོངས་སྤྱོད་བདག་གིར་བྱེད། །ནོར་ཀུན་འཕྲོག་དང་བུ་སྨད་ཕྱིར། །ཀུན་དུ་སྲེད་པས་རྐུ་བར་བྱེད། །ཆུ་འགྲམ་འཇོམས་དང་ནོར་ཕྱིར་བསྣུན། །ཐབས་ཀྱིས་རྐུ་དང་སྡིགས་ཤིང་འཕྲོག །ཞེ་སྡང་གིས་འཕྲོག་བདག་གིས་བྱེད། །བཟའ་བཏུང་ཁོ་ནའི་ཕྱིར་ལེན་དང་། །ལྟ་ངན་སྟོན་ཅིང་དེས་ཚིམ་བྱེད། །མུན་ཁྲོད་མ་བྱིན་ལེན་པ་དང་། །བག་མེད་དཀོར་ལ་བདག་གིར་བྱེད། །རྒྱལ་ཁམས་དོན་ཕྱིར་བཀྲེས་སྐོམ་གྱིས། །མི་རྣམས་ཉེན་བྱས་གང་ཡིན་པའོ། །ཐིག་ནག་གནས་ན་ལྕགས་ཀྱི་ས་གཞི་མེ་འབར་སྟེང་། །ལས་ཀྱི་གཤེད་པོ་རབ་འཇིགས་རྣམས་ཀྱིས་ཐིག་བཏབ་ནས། །ཤིང་མཁན་ལྟ་བུར་སོག་ལེ་མེ་འབར་གྱིས་འདྲལ་ཞིང་། །སྟ་རེས་བཞོག་ཅིང་གསོར་གྱི་འབུགས་ལ་ཐོ་བས་བརྡུང་། །སྐྲག་ནས་བྲོས་པས་རོ་ཉེའི་ནང་ལྷུང་རུལ་ཅིང་མྱགས། །ཕྱི་སའི་འདམ་དུ་མར་ཀོ་ཏ་ཡིས་འབུགས་ཤིང་ཟ། །ལ་ལ་རལ་གྲིའི་ཚལ་དུ་རྒྱུག་པས་ལུས་ཀུན་བཏུབས། །ཤལ་མ་རི་ལ་སྲེད་པས་ཡན་ལག་ཤ་རྒྱུས་གཅོད། །ནོར་དང་ཟས་མཐོང་རྒྱུགས་པས་ཆུ་བོ་རབ་མེད་དུ། །ལྷུང་ནས་ལུས་མྱགས་དབང་མེད་ཀྱེ་མ་ཀྱི་ཧུད་འབོད། །སྤུ་གྲིས་ལུས་ལ་ཆར་ལྟར་བབས་ནས་ཡི་བློང་བྱེད། །ལྕགས་ལེབ་མེ་འབར་ལུས་ལ་དཀྲིས་ནས་དྲན་པ་ཉམས། །གཤེད་པོས་སྡིགས་ཤིང་དུམ་བུར་བྱས་ཀྱང་འཆི་མི་འགྱུར། །མེ་འབར་ཕུར་པས་ལུས་བརྒྱངས་མཚོན་ཆས་གནད་ཀུན་གཅོད། །མ་རུངས་ཁྱི་རྣམས་ཀྱིས་བཟུང་ཆམ་ཆོམ་ཟ་བ་དང་། །ཐུ་ལུམ་ཟངས་ཁུ་འབར་བ་ཁར་བླུགས་ནང་ཁྲོལ་བསྲེག །ཐག་པས་བཅིངས་ནས་མེ་འབར་མཚོན་ཆའི་ཚལ་དུ་ལྷུང་། །མུན་ནག་ཐིབས་པོ་དུ་བ་ཀུ་བར་འཇུག་པར་བྱེད། །མེ་འབར་མལ་དུ་རོ་ཉེ་འཐུང་དང་དབང་པོ་རྣམས། །མ་ལུས་འབྱིན་དང་དེ་བཞིན་གཤེད་པོས་སྡུག་བསྔལ་བའི། །ཆད་པ་དུ་མ་མྱོང་འགྱུར་འདི་ནི་བཟོད་པ་མེད། །ཡང་སོས་སྡུག་བསྔལ་བཅུ་འགྱུར་ལས་ཀྱང་ལྷག་པར་འགྱུར། །དེ་ལས་ཐར་ཀྱང་ཡི་དྭགས་འཇིག་རྟེན་རབ་སྐྱེ་ཞིང་། །མིར་སྐྱེས་ན་ཡང་ལོངས་སྤྱོད་མེད་ཅིང་ནོར་ཉམས་འགྱུར། །འདི་དག་རང་ལོ་སྟོང་ཐུབ་སྟེ། །མི་ལོ་བྱེ་བ་འབུམ་ཕྲག་ནི། །བཅུ་གཉིས་དང་ཡང་བྱེ་བ་ཕྲག །དགུ་ཁྲི་དྲུག་སྟོང་ཉིད་ཡིན་ནོ། །རྒྱུ་བཞིན་སྡུག་བསྔལ་མྱོང་འགྱུར་ཏེ། །ལོངས་སྤྱོད་སྲེད་པས་བསླུས་པ་ཡིན། །བསྡུས་འཇོམས་ཉིད་དུ་སྐྱེ་བའི་རྒྱུ། །ལུས་ཀྱི་ལས་གསུམ་རྫོགས་པ་སྟེ། །ཁྱད་པར་འདོད་ལོག་ལས་བྱུང་བ། །ཚུལ་ཁྲིམས་འཇིག་སྤྱོད་གཙོ་བོ་སྟེ། །དེ་འཁོར་ཚོར་བ་ཚད་མེད་དང་། །འབྲས་བུ་ཨ་ལ་པུད་ལྟར་གཅོད། །གནད་ནས་གནད་གཅོད་ཆེན་པོ་དང་། །འཁུམས་པ་དང་ནི་འཇིགས་པར་བལྟ། །ཉམ་ང་གནོད་པ་མི་བཟོད་པ། །ཨ་ཚ་ཀྱི་ཧུད་མཆི་རྒྱུན་ཅན། །ཚོར་བ་མཐའ་མེད་ཞེས་བྱ་དང་། །དབང་པོ་འགགས་དང་པད་ལྟར་གས། །པད་མ་ཆེ་དང་མེ་ཐབ་དང་། །ར་བ་མཐོང་སྟེ་བཅུ་དྲུག་གོ །དེར་ནི་གཤིན་རྗེའི་ཚོགས་ཀྱིས་རབ་ཏུ་གཙེས་བྱས་པས། །ལྷན་ཅིག་འདུ་ཚེ་ལྕགས་ཀྱི་དྲ་བས་སྟེང་ནས་གཡོགས། །ཐོ་བ་མཚོན་ཆའི་ཆར་པས་དམྱལ་ཅིང་བརྡུང་བར་བྱེད། །ཁྱད་པར་འདོད་ལོག་རྒྱུ་ཡི་ཤལ་མ་ལི་ལ་ནི། །ལས་ཀྱིས་བྱས་པའི་བུད་མེད་མཐོང་ནས་དེར་འཛེགས་པས། །ལུས་ཀུན་བཏུབས་ཤིང་སྡུག་བསྔལ་དུ་མ་མྱོང་བར་འགྱུར། །དེར་ནི་འགྲོ་བར་བྱེད་པའི་རྒྱུ། །འོས་མིན་བུད་མེད་ལ་གཡེམ་དང་། །ཁ་དང་མི་འདོད་གཞན་དུ་བྱེད། །བྱིས་པ་ངུ་བར་བྱེད་པ་དང་། །ཕྱུགས་ཀྱི་མངལ་དང་སྐྱེས་པ་གཞན། །སྡེ་གཞན་ཐོབ་ནས་གཞན་བྱེད་དང་། །དུད་འགྲོ་གཞན་དང་མ་སྲིང་དང་། །ཚུལ་འཆལ་ལྷན་ཅིག་སྤྱོད་པ་དང་། །བུད་མེད་དྲན་པས་འདོད་སེམས་སྐྱེད། །གནས་གཞན་འདོད་ལ་ཡིད་དབང་འགྲོ། །འདོད་ལ་དམིགས་ཏེ་ཚངས་སྤྱོད་དང་། །སྔོན་གྱི་འདོད་ལ་ཡོངས་སུ་གདུང་། །སྣ་ཚོགས་གཡེང་བས་འདོད་པ་སྟེ། །རྒྱུ་ནི་བཅུ་དྲུག་དེ་རྣམས་སོ། །གཞན་དག་གསལ་ཤིང་མེ་འབར་རོ་སྨད་འབིགས་པར་བྱེད། །ཁར་ནི་ཕུར་བུས་བརྡུང་དང་ལྕགས་ལེབ་འབར་བ་དཀྲིས། །སྡུག་པའི་བུ་ལྟར་སྣང་བས་སེམས་ལ་གདུང་བར་བྱེད། །ཟངས་ཁུ་འབར་བས་ལུས་ཀྱི་སྨད་རྣམས་སྲེག་པར་འགྱུར། །ལས་ཀྱིས་དུད་འགྲོའི་ཁོང་པ་མེ་འབར་ནང་དུ་གནས། །མེ་འབར་འཇིགས་པའི་གཤིན་རྗེས་བཟུང་ནས་སྡུག་བསྔལ་མྱོང་། །དབང་པོའི་སྒོ་ཀུན་བསྲེག་ཅིང་གཅན་ག ཟན་རྣམས་ཀྱིས་ཟ། །ཨ་ཙ་སྲིན་བུས་གཡེངས་ཤིང་ཤ་རུལ་བཞིན་དུ་འགྱུར། །ལྕགས་རི་འབར་བ་ལས་ཀྱིས་ཁྭ་རྣམས་ཀྱི་གཏོར་ཅིང་། །ཕྱི་ནང་མེད་པར་རབ་བསྲེག་ཚོར་བ་དུ་མས་ཉེན། །དབང་པོའི་སྒོ་ཀུན་ཟངས་ཁུ་ས་དང་སྲིན་བུས་གང་། །ཟངས་ཀྱི་སྣོད་བཅུག་གཏུན་ཤིང་འབར་བས་རབ་ཏུ་གཟིར། །པད་མ་འདྲ་བའི་མེ་འབར་ནང་བཅུག་ཀུན་དུ་དམྱལ། །ལུས་ལ་མེ་ལྕེ་གཅིག་གྱུར་ལྕགས་ཀྱི་ར་བ་འབར། །མེ་དང་མཚོན་ཆའི་ཆར་ཀྱིས་རབ་བསྲེགས་སྡུག་བསྔལ་མྱོང་། །དེ་ལས་ཐར་ཀྱང་མ་ནིང་རིགས་ཉམས་རྣམས་སུ་འགྱུར། །དེ་ལྟར་འདི་དག་རྣམས་ཀྱི་ཚེ། །རང་གི་ལོ་ནི་ཉིས་སྟོང་སྟེ། །མི་ལོ་ཕྱེ་བ་ཕྲག་བྱེ་བ། །གཅིག་དང་བྱེ་བ་སུམ་འབུམ་དང་། །དྲུག་ཁྲི་བརྒྱད་སྟོང་རྣམས་ཡིན་ནོ། །སོ་སོ་ལས་ཀྱི་མཐུ་བཞིན་དུ། །བར་མ་དོར་ནི་འཕོ་བ་ཡོད། །དེས་ན་འབད་པ་དུ་མ་ཡིས། །ལུས་ཀྱི་ལས་རྣམས་སྤང་བར་བྱ། །དེ་ལས་གཞན་ཡང་ངུ་འབོད་ཀྱི། །རྒྱུ་ནི་ལུས་ཀྱི་ལས་གསུམ་དང་། །ཆང་འཐུང་པ་ལས་བྱུང་པ་སྟེ། །ངུ་འབོད་གཙོ་བོར་སྐྱེ་བའི་རྒྱུ། །ཆང་གི་སྦྱོར་བ་བརྩོན་བྱེད་ཅིང་། །ཚུལ་ལྡན་མཁས་པ་བསམ་གཏན་པ། །ཆང་གིས་མྱོས་པར་བྱེད་པས་ན། །དེ་ནི་མི་དགེ་གཙོ་བོ་ཡིན། །དེ་འཁོར་སྒྲ་ཆེན་སྒྲ་འབྱིན་དང་། །སྐྲ་ལ་མེ་འབར་མེ་སྲིན་བུ། །ལྕགས་ཀྱི་མེ་འབར་གཏུན་ཤིང་དང་། །རྡོ་མེ་ཆར་ལྟར་འབབ་པ་དང་། །འཆི་མེད་ལྕགས་ཚལ་དགོན་པ་དང་། །དེ་བཞིན་རབ་རིབ་ཀུན་སྩགས་དང་། །གཤིན་རྗེའི་འཚམས་དགོན་ཤལ་མའི་ཚལ། །ཤལ་མའི་ཚལ་ཆེན་དུད་པའི་ཚལ། །མེ་མདག་དུད་པའི་འདྲེས་པའི་ཚལ། །ཀློག་གི་ན་བུན་ཀུན་རྟོག་སྟེ། །དེ་ལྟར་འཁོར་ནི་བཅུ་དྲུག་ཏུ། །སྐྱེ་བའི་རྒྱུ་ནི་མྱོས་བྱེད་འཆང་། །གསོ་སྦྱོང་བླངས་ལ་དུད་པ་དང་། །སྡོམ་པ་བླངས་ལ་དང་པོར་བླུད། །དགེ་བསྙེན་ཆང་འཐུང་ལ་སྦྱར་དང་། །ཆང་འཚོང་གཞན་དག་སླུ་བྱེད་པ། །བྱ་དང་དུད་འགྲོ་གསོད་ཕྱིར་བླུད། །གླང་ཆེན་སྦད་ཕྱིར་བླུད་པ་དང་། །བུད་མེད་བསླུ་དང་དུག་སྦྱར་ཆང་། །དགྲ་ལ་ལྡུད་དང་རིན་སྦྱིན་དང་། །ཆང་ཕྱིར་གོས་སོགས་དེ་བཞིན་སྟེར། །བཅོམ་ཕྱིར་སྣ་ཚོགས་ཆང་བྱེད་པ། །རྨོངས་ཕྱིར་བསླུ་དང་བུད་མེད་རྣམས། །མྱོས་པར་བྱ་ཕྱིར་ཆང་སྟེར་བ། །ཆོམ་ཀུན་སྲོག་དང་ཕྲལ་ཕྱིར་དང་། །ཐབས་ཀྱི་བསླུས་ཕྱིར་བླུད་པ་དང་། །རྔོན་པ་ལ་སོགས་མགྱོགས་ཕྱིར་བླུད། །རྒྱུ་ནི་བཅུ་དྲུག་བརྗོད་པ་ཡིན། །ངུ་འབོད་ཅེས་བྱ་གནས་དེར་ལྕགས་ཀྱི་ས་གཞི་ལ། །གཤིན་རྗེའི་སྐྱེས་བུས་ཟངས་ཁུ་སྐོལ་བ་ཁར་བླུགས་ནས། །ངུ་བའི་སྒྲ་འབྱིན་ནང་ཁྲོལ་སྲེག་ཅིང་དུད་པ་འཐུལ། །ལྐོག་མར་ལྷག་ལྷག་སྒྲ་འབྱིན་སྣོད་པོ་གཞན་ཡང་འབྱུང་། །ལྕགས་ཞུན་འབར་བས་ཚིག་ནས་ཁྲོས་པས་སླར་ཡང་ལྡུད། །གཏུན་ཤིང་གིས་བརྡེགས་སྒྲ་ཆེར་ངུ་ཡང་སླར་ལ་བརྡེག །མེའི་ཆར་བབ་སྐྲ་དང་ལུས་ཀུན་རྩ་བཞིན་བསྲེག །ནད་ཀུན་འཁྲུག་ཅིང་སྲིན་བུས་ལུས་ཀུན་ལྕིག་ལྕིག་ཟ། །ཡན་ལག་མེ་འབར་མཚོན་ཆས་དུམ་བུར་བྱེད་པ་དང་། །མེ་ཡི་གླང་གིས་འཇོམས་ཤིང་རྡོ་རྗེ་ཆར་ལྟར་འབབ། །འབར་བའི་ཁྱི་ཡིས་འབྲས་བུ་འབྱིན་ཅིང་ཤ་རུས་གཏོར། །འཁོར་ལོས་བསྣུན་ཅིང་ཡན་ལག་མཚོན་གྱིས་གཅོད་པར་བྱེད། །ཕྱོགས་ཀུན་མུན་པས་ཁྱབ་ཅིང་གནོད་པ་སྣ་ཚོགས་འབྱུང་། །གཤེད་པོས་ཡན་ལག་ཤ་རྒྱུས་བཅད་ཅིང་གཤོག་པར་བྱེད། །རོ་ཉེའི་ཆུ་བོར་འཚོད་ཅིང་མཚོན་ཆའི་ཚལ་གྱིས་འབིགས། །ཤལ་མ་ལི་ལ་འཇིགས་པས་སྤུ་གྲིས་ཀུན་དུ་བཏུབས། །མེ་འབར་དུད་པ་དྲག་པོར་འགྲེ་ལྡོག་རབ་ཏུ་རྨོངས། །མེ་མདག་སྤུ་གྲིའི་རླུང་ལྡང་ཚོར་བ་དཔག་ཏུ་མེད། །འབར་བས་ལུས་ཀུན་དཀྲིས་ནས་བཏེག་ཅིང་རབ་ཏུ་བཅོམ། །འདོད་པའི་རྟོག་པས་བསླུས་ནས་དེ་བཞིན་རྣམ་པར་འཚེ། །ཀྱི་ཧུད་སྒྲ་འབྱིན་དེ་ལ་གཤིན་རྗེའི་མི་རྣམས་ཀྱིས། །འདི་ལྟར་སྒྲ་སྒྲོགས་ཁྱོད་ཀྱིས་བྱས་པའི་ལས་ཞེས་སྨྲ། །ཆང་ནི་ཉེས་པ་ཀུན་གྱི་གཞི། །རྟག་པར་དོན་ཀུན་མེད་པར་བྱེད། །ངན་སོང་ཀུན་གྱི་ཐེམ་སྐས་ཏེ། །མུན་ནག་གནས་ནི་ཆེན་པོ་ཡིན། །ཆང་གིས་སེམས་ཅན་དམྱལ་བར་འགྲོ། །དེ་བཞིན་ཡི་དྭགས་འཇིག་རྟེན་དང་། །ཆང་གིས་དུད་འགྲོར་འགྲོ་བར་འགྱུར། །དུག་གི་ནང་ནས་དུག་ནི་ཆང་། །དེ་བཞིན་དམྱལ་བའི་ནང་ནས་དམྱལ། །ནད་ཀྱི་ནང་ནས་ནད་མཆོག་ཏུ། །ཆང་ཞེས་མཁས་པ་རྣམས་ཀྱིས་བཤད། །བློ་ངན་དབང་པོ་ཉམས་བྱེད་ལ། །ཆང་གིས་ཆོས་ནི་ཟད་པར་བྱེད། །ཚངས་པར་སྤྱོད་པ་འཇིག་བྱེད་པ། །སྲེད་བྱེད་ཁོ་ན་ཆང་ཡིན་ནོ། །ཁྱེད་ཅག་འདོད་པ་མི་བཟད་པས ། །ཤལ་མ་ལི་ལ་སྤུ་གྲིས་ཀུན་དུ་གཏུབས། །མེ་འབར་དུད་ པ་དྲག་པོར་འགྲེ་ལྡོག་རབ་ཏུ་རྨོངས། །མེ་མདག་སྤུ་གྲི་རླུང་ལྡང་ཚོར་བ་དཔག་ཏུ་མེད། །འབར་བས་ལུས་ཀུན་དཀྲིས་ནས་བཏེག་ཅིང་རབ་ཏུ་བཅོམ། །འདོད་པའི་རྟོག་པས་བསླུས་ནས་དེ་བཞིན་རྣམ་པར་འཚེ། །དྲག་པོ་སེམས་ཅན་དམྱལ་བར་འོངས། །ཁྱེད་ཅག་གིས་ནི་སྡིག་སྤྱོད་ཚེ། །དེ་ཚེ་ཅི་ཕྱིར་ཁྲོ་མི་བྱེད། །དེ་རིང་ཅི་ཞིག་ཡོངས་སུ་གདུང་། །མྱུར་དུ་ལས་འདི་སྤྱད་གྱིས་ལ། །སྡིག་སེམས་སླར་ལ་བཟློག་པར་བགྱིས། །དེ་སྐད་རྗེས་སུ་སྟོན་པར་འགྱུར། །དེ་བས་རྒྱུ་ལས་བཟློག་པ་འབད། །འདི་ལས་ཐར་ནས་མིར་སྐྱེས་ཀྱང་། །རྨོངས་པ་མ་རབས་སྤྱོད་པར་འགྱུར། །འདི་ནི་རང་ལོ་སྟོང་ཕྲག་བཞི། །མི་ལོ་བྱེ་བ་བརྒྱ་ཕྲག་བརྒྱད། །དེ་བཞིན་བྱེ་བ་ས་ཡ་གཉིས། །བྱེ་བ་དགུ་འབུམ་བཞི་ཁྲི་དང་། །བྱེ་བ་ཉིས་སྟོང་རྣམས་ཡིན་ནོ། །དེ་ལས་གཞན་ཡང་དམྱལ་བ་ནི། །ངུ་འབོད་ཆེན་པོ་ཞེས་བྱ་བ། །ལུས་ཀྱི་ལས་གསུམ་དེ་བཞིན་ཆང་། །བརྫུན་སོགས་ཉེས་པའི་རྒྱུ་ལས་བྱུང་། །དེ་ལས་གཙོ་བོར་སྐྱེ་བའི་རྒྱུ། །ཆོས་ཀྱི་ཚུལ་དག་བརྗོད་པ་ལ། །བདེན་ཞིང་མི་བདེན་ཞེས་བརྗོད་ཅིང་། །རྒྱུ་དེས་འཇིག་རྟེན་གནོད་ཆེན་བྱེད། །དེ་འཁོར་ཤིན་དུ་སྒྲ་འབྱིན་དང་། །ཚོར་བ་དཔག་མེད་བཟོད་དཀའ་དང་། །དཔེ་མེད་གནོད་དང་མུན་པ་དང་། །འཇིག་རྟེན་བར་གྱི་དུ་བ་དང་། །ཕྱེ་མ་ལེབ་ལྟར་ལྟུང་བ་དང་། །ཤི་མ་ཐག་འཚོ་གཞན་གྱུར་དང་། །དགའ་མེད་ཕན་ཚུན་གནོད་པ་འཇུག །ནགས་ཚལ་མེས་མཆེད་རྒྱུ་ལྟ་བུ། །ཚོར་བ་རིང་དང་མཐའ་ཡས་དང་། །ཁ་མཆུ་རྡོ་རྗེ་འདྲ་བ་དང་། །ཁྲག་དང་རྐང་ཟ་ཞེས་བྱ་གཞན། །མེ་ལྕེ་བཅུ་གཅིག་ཞེས་བྱ་བ། །ལྷག་པའི་འཁོར་ནི་བཅུ་དྲུག་ཡིན། །དེ་རྣམས་རྒྱུ་འབྲས་ལྷན་ཅིག་བཤད། །ངུ་འབོད་གཙོར་ནི་སྔར་བརྗོད་དམྱལ་བའི་སྡུག་བསྔལ་ཀུན། །འབྱུང་ལ་ཁྱད་པར་རྫུན་གྱི་འབྲས་བུ་རབ་ཚ་བ། །ལྕགས་ཀྱི་ས་གཞི་རབ་འབར་གཞི་ལ་དེའི་ལྕེ། །འབར་བའི་ཕུར་བུས་བརྒྱངས་པས་རྒྱང་གྲགས་ལྷག་གྱུར་ཏེ། །ལྕགས་ཀྱི་ཐོང་གཤོལ་གྱིས་དྲལ་སྲིན་བུ་དུ་མ་དང་། །ཁ་དང་སྦྲུལ་གྱིས་ཟ་ཞིང་འབར་བས་ཀུན་ནས་སྲེག །གཤིན་རྗེ་རྣམས་ཀྱིས་མཚོན་ཆ་དུ་མས་གནོད་པར་བྱེད། །དེ་སོགས་སྡུག་བསྔལ་ངུ་འབོད་ལས་ནི་བཅུ་འགྱུར་འབྱུང་། །རང་གི་ཕྱོགས་ཕྱིར་དུ་མའི་བརྫུན། །བྱས་པས་གཞན་དག་གནོད་བྱེད་པ། །དེ་ལ་གཤིན་རྗེའི་སྐྱེས་བུ་རྣམས། །ལྕེ་ནི་སྤུ་གྲིས་དུམ་བུར་བྱེད། །ཆགས་ཤིང་ཞེན་པས་གཞན་དག་ཀྱང་། །བརྫུན་དུ་སྨྲ་ལ་སྦྱོང་བྱེད་གང་། །དེ་ལ་མེ་དང་བ་ཚ་དུག །མཚོན་སོགས་ཚོར་བ་དཔག་མེད་འབྱུང་། །ཕྱི་རོལ་ཞིང་སོགས་འཕྲོག་པའི་རྫུན། །སྨྲ་བ་དེ་ནི་གཤིན་རྗེ་ཡིས། །འབར་བ་བཅུག་ཅིང་ཐོ་བ་ཡིས། །རབ་ཏུ་བརྡུང་ཡང་ཚེ་མི་འཕོ། །མི་ཚངས་སྤྱོད་ཅིང་མ་བྱས་ཞེས། །བརྫུན་སྨྲ་དེ་ནི་གཤིན་རྗེ་ཡིས། །སྤྱི་བོར་ཕུག་ཅིང་ལྕེ་དྲངས་ནས། །རྣམ་པ་བརྒྱར་ཡང་བཏུབ་པར་བྱེད། །ནོར་རྣམས་འཕྲོག་ཕྱིར་བརྫུན་སྨྲ་ན། །མེ་དང་སྲིན་བུ་རྣམས་ཀྱིས་གནོད། །དགེ་འདུན་ནོར་ལ་སླུ་བ་གང་། །ནང་ཁྲོལ་བཏོལ་ཅིང་མཚོན་ཆས་བརྡེག །ཆོམ་ཀུན་དགེ་སྦྱོང་ལྟར་བཅོས་ནས། །ཚོང་པ་སླུ་བའི་བརྫུན་སྨྲ་ན། །ཐོ་བས་བཅོམ་ནས་སླར་ཡང་འཚོ། །ཨུ་དཔལ་འདྲ་བའི་མེས་སྲེག་འགྱུར། །བདེན་བཅོས་བརྫུན་དུ་སྨྲ་བྱེད་གང་། །ཀུན་ནས་རྒྱུག་པས་ཕྱོགས་སུ་འབྲོས། །ཕུར་བུ་གཅན་གཟན་རྣམས་ཀྱིས་གནོད། །ཕྱིས་ཀྱིས་བསམ་པ་འགྲུབ་མི་འགྱུར། །ནད་བཅས་ཉམས་ཐག་སླུ་བ་གང་། །བཟའ་བཏུང་གནས་ཀྱི་འདུ་ཤེས་ཀྱིས། །རོ་ཉེ་མེ་འབར་ལུས་ཀུན་འཚོད། །སྲིད་གཞན་གསོ་སྨན་མེད་པར་འགྱུར། །བཟོ་དང་ནོར་ཕྱིར་བརྫུན་བྱེད་གང་། །སྦྲུལ་ཆེན་སེང་གེ་རྣམས་ཀྱིས་གནོད། །སྟོབས་འགྱེད་ཉེས་པས་རྫུན་བྱས་ནས། །ལྕགས་ལེབ་འབར་དཀྲིས་སྡུག་བསྔལ་མྱོང་། །ཁས་བླངས་འགལ་བའི་བརྫུན་བྱེད་པ། །འབར་བའི་ཁབ་ཀྱི་ལུས་ཀུན་འབིགས། །དེད་དཔོན་བཅས་པ་འཇོམས་བྱེད་པར། །ལོག་པར་ཁྲིད་པས་ཚད་མེད་པ། །ཆུ་སྲིན་སྲིན་བུ་དུ་མས་ཟ། །དགེ་འདུན་ན་བའི་གསོ་སྨན་རྣམས། །སྦྱིན་ཞེས་སྨྲ་ཞིང་གཞན་དུ་བྱེད། །འབར་བའི་ཁ་རྣམས་ཀུན་གྱིས་ཟ། །ལོག་པའི་དཔྱ་འབེབས་བརྫུན་སྨྲས་ན། །སྤུ་གྲིའི་ཚལ་ན་རབ་ཕྱངས་བས། །རང་གི་ཤ་ཁྲག་ཟ་ཞིང་ངུ་། །ཁྲིམས་གཅོད་ལོག་པར་གཅོད་པ་གང་། །ནང་དང་ཕྱི་རོལ་མེ་ལྕེ་ནི། །བཅུ་གཅིག་གིས་བསྲེག་འོ་དོད་འབོད། །དེ་ལས་ཐར་ནས་མིར་སྐྱེས་ཀྱང་། །ཉམས་ཐག་གཞན་གྱི་སྤྱ་བར་འགྱུར། །དེ་དག་རང་ལོ་བརྒྱད་སྟོང་སྟེ། །མི་ལོ་བྱེ་བ་བྱེ་བ་ཕྲག །དྲུག་བཅུ་དྲུག་དང་ས་ཡ་གསུམ། །ལྔ་འབུམ་ལྔ་ཁྲི་ཉིས་སྟོང་ཡིན། ༈ །ཚ་བའི་དམྱལ་བར་སྐྱེ་བྱེད་པའི། །རྒྱུ་ནི་སྔར་བཤད་ལས་ཀུན་དང་། །ཁྱད་པར་ལོག་པར་ལྟ་བ་ཡིས། །རྒྱུ་འབྲས་ལས་ལ་སྐུར་འདེབས་པའོ། །དེ་འཁོར་རབ་ཏུ་སྲེག་པ་ཆེ། །པད་དཀར་སྦྲུལ་འཁྱིལ་ལྟ་བུ་དང་། །ཟངས་བཞུས་ཉ་འཁྱུག་ལྕགས་བུམ་པ། །ཆུ་དམར་རྐང་སྲིན་ཐམས་ཅད་སྲེག །སར་བྱིང་མཐའ་ཡས་པད་ཆེན་འདྲ། །མཐའ་དྲག་རུས་པ་འབྱུང་ཞིང་འདུ། །ལྕགས་ཀྱི་སྐུད་པས་འདྲལ་ཞིང་གཅོད། །སྲིན་བུ་འཁོད་དོ་མེས་འཇིགས་བསྐྱེད། །ནགས་མེ་འཁྲིགས་དང་བུང་བས་གནོད། །དེ་ལྟར་བཅུ་དྲུག་གསུངས་པ་ཡིན། །འདིར་ནི་སྔ་མའི་དམྱལ་བ་ཀུན་ལས་རབ་དྲག་པའི། །ལས་ཀྱིས་འཆི་ཁར་འཁྲུལ་སྣང་གནད་གཅོད་སྡུག་བསྔལ་ཆེ། །མེ་ལྕེས་སྲེག་ཅིང་ནད་རྣམས་ཐམས་ཅད་དུས་ཅིག་སྨིན། །ངུ་འབོད་སྡུག་བསྔལ་ཐམས་ཅད་བཅུ་འགྱུར་དག་ཏུ་འབྱུང་། །འདི་ཡི་སྡུག་བསྔལ་དཔེར་བྱ་རུང་བ་མ་ཡིན་ཏེ། །ལོག་ལྟ་དྲག་པོས་འཕངས་ཕྱིར་ཚ་ལ་དྲག་པ་ཡིན། །གང་ཞིག་ལྷར་ནི་སྐྱེ་བའི་རྒྱུ། །སྲོག་གཅོད་ཡིན་ཞེས་སྨྲ་བ་གང་། །སྲེག་བྱེད་འབར་བའི་མེ་དེ་ནི། །བཅུ་དྲུག་འགྱུར་གྱིས་ཐལ་བར་རློག །ཟས་བཅད་མཐོ་རིས་ཐོབ་སྟོན་ན། །པད་དཀར་འདྲ་བའི་ཚལ་དུ་སྲེག །ཆང་འཐུང་ལྷག་དང་ཙོག་པུ་ཡི། །ཐར་སྟོན་ཞི་བ་སྨོད་བྱེད་པ། །དེ་ནི་སྦྲུལ་ཆེན་འབར་བ་ཡིས། །རབ་སྲེག་བཀྲེས་པས་ཉམས་ཐག་འགྱུར། །ལས་མེད་དབང་ཕྱུག་རྒྱུར་སྨྲ་ན། །ཟང་ཞུན་ནང་སྐྱེས་ཉ་འདྲས་ཟ། །གསོད་པའི་མཆོད་སྦྱིན་བྱེད་པ་གང་། །བུམ་པ་རོ་ཉེ་སྤུ་གྲི་ཡིས། །གང་བར་བསྲེག་ཅིང་དུམ་བུར་བྱེད། །ཚུལ་ཉམས་ལོག་པའི་བཀའ་ཐུབ་བྱེད། །དེ་ནི་གཤེད་པོས་མཚོན་ཆས་བརྡེག །རོ་ཉེའི་ཆུར་ལྷུང་ངུ་སྒྲ་འབྱིན། །ལོག་ལྟ་སྲིན་བུ་གནོད་པ་དང་། །མེ་ལྔ་བརྟེན་པས་གྲོལ་སྨྲ་བ། །དེ་ནི་འཁོར་ལོ་རི་དང་མེ། །སྲིན་བུ་རྣམས་ཀྱི་རྐང་བམ་འདྲུལ། །ནགས་སྲེག་མེ་ལ་མཆོད་བྱེད་པ། །གཉེན་བཅས་སྲེག་མཐོང་ངུ་སྒྲ་འབྱིན། །སྲོག་ཆགས་བསྲེགས་པས་བདེ་སྨྲ་གང་། །མདག་མར་གཤིན་རྗེ་རྣམས་ཀྱིས་སྲེག དུག་འདྲ་སྦྱར་བའི་མཆོད་སྦྱིན་བྱེད། །པད་མ་འདྲར་འཚེད་ཚེར་མས་འབུགས། །ཆུར་འཆིའི་བརཏལ་ཤུགས་སྤྱོད་བྱེད་གང་། །འབར་བའི་རིག་འཛེག་རོ་ཉེར་ལྟུང་། །རྒྱུ་མེད་སྨྲ་ཞིང་འདོད་རྒྱལ་སྤྱོད། །རུས་པས་ལུས་ཕུགས་གཤིན་རྗེ་དམྱལ། །ལོག་པའི་མཚན་དམིགས་གྲོལ་སྨྲ་བ། །ལྕགས་ཀྱི་སྐུད་པས་དུམ་བུར་བྱེད། །བདག་དང་འཇིག་རྟེན་རྟག་སྨྲ་བ། །དེ་ལ་མཚོན་ཆ་སྲིན་བུ་མེ། །རབ་འབར་སྲེག་བྱེད་མཁུན་སྒྲ་འབྱིན། །རྟག་དང་མི་རྟག་མཐར་འཛིན་སྨྲ། །དེ་ནི་མུན་པ་འདྲ་བའི་མེར། །འཐོར་ཅིང་རླུང་དྲག་སྡུག་བསྔལ་འབྱུང་། །འཁོར་བའི་ཐོག་མ་གང་སྨྲ་བ། །བུང་བ་རྣམས་དང་གཤིན་རྗེ་ཡིས། །ཤ་ཀུན་བ་སྤུ་ཙམ་དུ་བྱེད། །འདི་རྣམས་ལ་ཐར་ཡི་དྭགས་དང་། །དུད་འགྲོ་དེ་དང་དེ་འདྲར་སྐྱེ། །མིར་སྐྱེས་རྒྱུ་མཐུན་དེ་མཚུངས་འགྱུར། །འདིར་ནི་རང་ལོ་ཁྲི་དྲུག་སྟོང་། །མི་ལོ་བྱེ་བའང་བྱེ་བ་ཕྲ། །ལྔ་བརྒྱ་དང་ནི་སུམ་ཅུ་དང་། །ས་ཡ་བརྒྱད་དང་བཞི་འབུམ་དང་། །ཁྲི་དང་དྲུག་སྟོང་དུ་འགྱུར་རོ། །རབ་ཏུ་ཚ་བ་ཆེན་པོ་རུ། །སྐྱེ་བའི་རྒྱུ་ནི་ལུས་ངག་གི །ལས་བདུན་ལོག་ལྟར་བཅས་པའོ། །ཁྱད་པར་དགེ་སློང་མ་རྣམ་དག །ལྟ་ལོག་མི་དགེར་འཇུག་བྱེད་པ། །དེས་ནི་གཙོ་བོའི་སྡུག་བསྔལ་མྱོང་། །དེ་འཁོར་ཕྱོགས་ཀུན་བསྲེག་པ་དང། །ལུས་ཆེན་སྒྲ་འབྱིན་མེ་སྤྱི་གཙུག །མེ་མདག་འབབ་དང་མདག་མ་ཅན། །ཨ་ལ་ཐམས་ཅད་སྡུག་བསྔལ་དང་། །རབ་ཚ་རྟག་ཏུ་མུན་པས་ཁེབས། །གནོད་རྒྱུད་སྲད་པུས་རྒྱུད་དཀྲུགས་དང་། །སྐྲ་ཤད་འཛིང་དང་སྙིང་རྗེའི་སྒྲ །སྙིང་རྗེ་ཆེ་རུང་སྙིང་རྗེ་མེད། །ཤིང་སྐམ་བསྡུས་འདྲ་བཅུ་དྲུག་གོ །འདིར་སྐྱེས་སྡུག་བསྔལ་དཔག་མེད་དེ། །ཁམས་བཞི་འཁྲུགས་པས་གདུང་བྱེད་ཅིང་། །བར་དོར་སྡུག་བསྔལ་ཀྱི་ཧུད་འབྱིན། །གནས་དེར་དཔག་ཚད་སྟོང་ཕྲག་དུ་མ་འཁྲུགས་པའི་མེས། །སྤྱི་ཚུགས་བསྲེགས་ནས་བྱེ་མ་གཏོར་བཞིན་ཞིག་པར་འགྱུར། །སྐམ་པས་འདྲེན་དང་ལྕེ་ལ་ཐོང་གཤོལ་འབར་བས་སྨོད། །གཤིན་རྗེས་གནོད་ཅིང་ཟང་ཁུ་འཐུང་ལ་བྱ་ཁྱིས་གཏོར། །ཤལ་མ་རིར་འཛེག་མར་ཀོ་ཏ་ཡི་ལུས་ཀུན་བཤིགས། །སྔར་བཤད་དམྱལ་བ་ཀུན་ལ་སྡུག་བསྔལ་བཅུ་འགྱུར་ཡིན། །དགེ་བསྙེན་ལོག་ལྟར་ཉམས་བྱེད་གང་། །འབར་བསྲེགས་ཐག་པས་འཆིང་པར་ བྱེད། །དེ་བཞིན་དགེ་ཚུལ་མ་ཉམས་བྱེད། །ལུས་ཆེན་འབར་བའི་སྐམ་པ་ཡིས། །ཤ་རུས་ཟས་བྱེད་ངུ་སྐད་འབྱིན། །གཞོན་ནུ་རྣམས་ལོག་ལྟར་སྦྱོར། །གཙུག་གི་སེམས་ཅན་ནང་ཁྲོལ་སྲེག འབར་ཞིང་དབང་པོ་རྨོངས་པར་འགྱུར། །དགེ་སློབ་སུན་འབྱིན་མེ་མདག་གིས། །ཆུ་འོར་འཚོད་པའི་སྡུག་བསྔལ་མྱོང་། །དགེ་བསྙེན་མ་གང་ལོག་ལྟར་སྦྱོར། །མེ་མདག་རི་ལྔར་རབ་ཏུ་བྱིང་། །འབར་བའི་སོག་ལེས་འདྲལ་བར་བྱེད། །ཁྱིམ་པའི་སླབ་འདྲལ་ལོག་ལྟར་སྦྱོར། །སྤུ་གྲིའི་རླུང་ལྟར་སྲིན་བུས་འཚེ། །གཉིས་ག་བསླབ་ལྡན་འཁྲུལ་བྱེད་གང་། །མཚོན་ཆ་བབ་ཅིང་ལྤགས་བཤུས་ཏེ། །བ་ཚར་འཚོད་ཅིང་རོ་ཉེ་འཐུང་། །ལོག་སྤྱོད་དེ་ལ་རྟག་དགའ་བ། །མེ་སྦྲུལ་མཚོན་གྱིས་རབ་སྡུག་བསྔལ། །ཆག་བྲལ་འཇིག་པར་བྱེད་པ་དེ། །སར་ཀོའི་སྲིན་གྱིས་ལུས་འཇིག་བྱེད། །དགེ་སློང་གནོད་བྱེད་བུད་མེད་གང་། །མེ་ཐབ་གསེར་འདྲར་སྲེག་ཅིང་ངུ་། །ཡུལ་འཇོམས་དགེ་སློང་མ་འཇིག་དགའ། །དྲ་བས་འདྲལ་ཅིང་སྦྲུལ་མེས་བསྲེག །སྲིང་མོ་ལོག་ལྟར་སྦྱོར་བྱེད་བ། །རྔ་བོ་ཆེ་འདྲའི་མེ་ལྕེས་སྲེག །ཆགས་པས་ལྟ་ངན་རབ་ཞུགས་པ། །དེ་ལ་སྡུག་བསྔལ་ཀུན་གྱིས་འཚེ། །གོང་མའི་ཁྱིམ་སུན་འབྱིན་བྱེད་ན། །མཚོན་ཆས་དབང་པོ་ཐམས་ཅད་གཅོད། །སྤྱོད་བཟང་བུད་མེད་ལོག་ལྟར་བྱེད། །གཤིན་རྗེས་འགར་བ་བཞིན་དུ་ལྟུང་། །ལོག་ལྟས་གཞན་གྱི་བུད་མེད་འཕྲོག །ཆུ་བོ་རབ་མེད་འབར་བ་རུ། །ལས་ཀྱི་ཆུ་སྲིན་རྣམས་ཀྱིས་འཚེ། །འདི་རྣམས་སྡུག་བསྔལ་དཔག་ཏུ་མེད། །འདི་ནི་ཚེ་ཚད་རྐང་ཆུང་ཕྱེད། །སྔ་མའི་ཚུལ་གྱིས་བསྒྲེས་པ་ན། །རང་ལོ་སུམ་ཁྲི་ཉིས་སྟོང་སྟེ། །མི་ལོ་བྱེ་བའང་བྱེ་བ་ཕྲག །བཞི་སྟོང་ཉིས་བརྒྱ་བཞི་བཅུ་དྲུག །བྱེ་བའང་ས་ཡ་ཕྲག་བདུན་དང་། །སུམ་འབུམ་ཉི་ཁྲི་བརྒྱད་སྟོང་ངོ་། །དེ་ལས་མི་ཟད་རབ་འབར་བ། །མནར་མེད་ཅེས་ཀྱང་བྱ་བ་དེར། །འཚམས་མེད་ལྔ་ནི་རབ་སྤྱོད་པ། །དེ་ནི་ངེས་པར་འགྲོ་འགྱུར་ཏེ། །ལས་ཀྱིས་སྣང་བ་ལོག་མཐོང་ཞིང་། །ནད་རྣམས་ཀུན་གྱིས་ཡོངས་གདུངས་ནས། །རླུང་ནི་བརྒྱད་བཅུ་འཁྲུག་པ་ཡིས། །ལུས་ཀུན་སྲིན་བུས་འབུགས་པར་བྱེད། །མེ་དང་མུན་པ་གཅན་གཟན་དང་། །གཤིན་རྗེ་རྣམས་ཀྱི་སྣང་བ་ཡིས། །རྨོངས་ནས་སྒྲ་འབྱིན་དབང་པོ་འགྱུར། །གཤང་ཅི་འབྱིན་སོགས་རྟགས་རྣམས་འབྱུང་། །དེ་ཡི་ལུས་ལ་དམྱལ་བའི་མེས། །འདི་ནས་བར་དོར་གདུང་བར་བྱེད། །མེ་དང་མུན་པ་གཅན་གཟན་དང་། །དེ་ནི་འཕོས་མ་ཐག་ཏུ་ཡང་། །གཤིན་རྗེས་ཁྲིད་དེ་རབ་ཏུ་རྨོངས། །དེ་ཚེ་སྨྲེ་སྔགས་རབ་ཏུ་འདོན། །དེ་ལ་གཤིན་རྗེའི་སྐྱེ་བུ་ཡིས། །འདི་ལྟར་སྤྱོ་བ་ཐོས་པར་འགྱུར། །ཀྱེ་མ་ལས་ནི་རབ་སྤྱད་པའི། །ཁྱོད་ལ་འབྲས་བུ་འདིར་འོངས་སོ། །ལས་བྱས་ངེས་པར་འགྲོ་བ་ནི། །མ་ནི་གསོད་པར་བྱེད་པ་དང་། །གང་གིས་ཁྱོད་ནི་སྔོན་བསྐྱེད་པའི། །ཕ་ལ་འཁྲུག་པས་གནོད་པ་བྱས། །གང་གིས་ཁམས་གསུམ་ཁྱད་འཕགས་པ། །དེ་ལ་ཁྱོད་ཀྱི་ངན་སེམས་བསྐྱེད། །ཐར་པའི་སྒོ་ནི་རྣམ་འབྱེད་པ། །ཁྱོད་ཀྱིས་དགེ་འདུན་མཐུན་པ་ཕྱེ། །རྨོངས་པས་དགྲ་བཅོམ་གནོད་བྱས་པས། །དེའི་འབྲས་བུ་འདིར་འོངས་སོ། །ལུས་ངག་ཡིད་ཀྱི་སྡིག་པ་བཅུ། །རབ་སྤྱོད་ཁྱོད་ནི་ངེས་འགྲོ་བ། །དམྱལ་བ་དྲག་པོ་འདི་ཐོབ་སྟེ། །ངེད་ཅག་གིས་ནི་ཡོངས་སྐོར་བ། །གཏི་མུག་ཅི་ཞིག་ཡོངས་སུ་གདུང། །རྒྱ་མཚོའི་ཁྱད་པར་གང་ཡིན་པ། །གང་གི་ཁྱད་པར་ཆུ་ཐིགས་ཙམ། །གང་དག་མི་བཟོད་ཐོབ་པ་ཡིས། །སྡུག་བསྔལ་འདི་ནི་དེ་ཙམ་མོ། །ཞེས་སོགས་དུ་མས་རབ་བསྡིགས་ནས། །མནར་མེད་པར་ཡང་ལྟུང་པར་བྱེད། །དེ་ནི་གྲུ་བཞི་སྒོ་བཞི་ཡོད། །དཔག་མེད་སྦྲུལ་གྱིས་རྣམ་པར་ཕྱེ། །སེམས་ཅན་དམྱལ་བ་དུ་མ་དག །དབང་མེད་དེར་ནི་འཚོད་པར་བྱེད། །དེ་ཡི་སྒྲ་ཐོས་དམྱལ་བ་གཞན་གྱི་སྡུག་བསྔལ་ཀུན། །བརྗེད་ཅིང་བདེ་བར་སྨོན་པ་བཞིན་དུ་འགྱུར་བ་ཡིན། །དེ་ནི་མེ་མཚོན་དུག་དང་རྡོ་རྗེ་འབར་བ་དང་། །སེང་གེ་གླང་ཆེན་བསེ་ཀྱི་བྱ་རྒོད་ཀང་ཁ་དང་། །སྦུལ་ཆེན་ཁྱི་དང་མར་ཀོ་ཏ་སོགས་དུ་མས་གང་། །གཤེད་པོས་གནོད་དང་སྡུག་བསྔལ་དཔག་མེད་ཀྱིས་གཟིར་ནས། །ཨ་ལ་ལ་ཞེས་སྒྲ་ཆེན་བར་འཚམས་མེད་པར་སྒྲོག །ཚོར་བའི་སྡུག་བསྔལ་འཇིག་རྟེན་དཔེ་བྱར་རུང་བ་མེད། །དེ་སོགས་མི་དགེ་སོ་སོ་ཡིས། །འབྲས་བུ་མྱོང་བ་དཔག་མེད་པ། །སུ་ཞིག་གིས་ནི་བརྗོད་པར་ནུས། །དེ་ལུས་གཞོན་ཤ་ཅན་ལ་ནི། །དཔག་ཚད་ཅིག་ནས་ལྔ་ཡི་བར། །འགྲུབ་ཏེ་མནར་མེད་མྱོང་བྱེད་དོ། །དེ་འཁོར་བྱ་རོག་ཁྭ་དང་ནི། །ས་འོག་ཚོར་བ་མཐའ་མེད་དང་། །ཝ་སྐད་འབྱིན་དང་ལྕེ་སྤྱང་ཟད། །ལྟོ་ནག་ལུས་ཞུམ་སྒྲ་འཇིགས་སྟོན། །མེ་ཏོག་ཟླུམ་འདྲ་རི་བརྩེགས་འབབ། །ཆུ་སྒྲ་སྐར་འཕྲེང་སྡུག་བསྔལ་ཉེན། །གོས་དྲི་ལྕགས་ཀྱི་གླེགས་མ་དང་། །འགྲོ་བ་མེས་བསྲེགས་དང་བཅུ་དྲུག །མ་ལ་ངན་སེམས་བསྐྱེད་པ་དང་། །བ་ཚ་འབར་བས་ནང་ཁྲོལ་སྲེག །དགྲ་བཅོམ་མ་ལ་ལོག་བྱེད་ན། །ལྕགས་འབར་དོང་དུ་རབ་བཅུག་སྟེ། །མཚོན་གནོན་ཚོགས་ཀྱིས་དུམ་བུར་བྱེད། །མ་ལ་ལོག་པར་གཡེམ་བྱེད་པ། །འབར་བའི་ཕུར་བུས་ལུས་ཀུན་འཇོམས། །རང་རྒྱལ་དགྲ་བཅོམ་སྨོད་བྱེད་གང་། །སྤུ་གྲིས་ལྕེ་གཅོད་རྨོན་པས་རྨོ། །གཙུག་ལག་ཁང་ལ་མེས་བསྲེགས་ན། །དེ་ལུས་འབར་བས་རབ་འཚེད་ནས། །རྡོ་མེ་ཆར་ལྟར་འབབ་པར་འགྱུར། །འཛེམ་མེད་སངས་རྒྱས་དཀོར་སྤྱོད་གང་། །རང་ཉིད་བཀྲེས་པས་རང་ཤ་ཟ། །སྦྲུལ་ནག་རབ་འབར་གྱིས་འཇོམས་བྱེད། །ཆོས་ནོར་བབ་ཅོལ་ཉམས་བྱས་པས། །འབར་བའི་ཤིང་གཉིས་ཀྱིས་འཐག་ཅིང་། །བྱ་ཡིས་ལུས་ཀུན་ཟ་བར་བྱེད། །དགེ་འདུན་དཀོར་འཇོམས་གནོད་བྱས་པས། །ལྕགས་གཏུན་འབར་བས་བརྡུང་པར་བྱེད། །ནད་པའི་ལོངས་སྤྱོད་འཕྲོག་བྱེད་གང། །ནད་རྣམས་ཀྱིས་གདུང་འབར་བར་བསྲེག །རང་རྒྱལ་བསོད་སྙོམས་འཕྲོག་བྱེད་པ། །རྡོ་རྗེའི་རི་ཡིས་ཐལ་བར་རློག །དགོན་པའི་ཆུ་བཅད་འཚེ་བ་ནི། །འབར་བའི་ཚལ་དུ་སྲེག་ཅིང་འབྲོས། །འཛྷྱམ་པ་ཞེས་བྱས་གནོད་པར་བྱེད། །འགོག་ལས་ལངས་པའི་ཟས་ཕྲོགས་ན། །སྐར་འཕྲང་འདྲ་བའི་ཟངས་སུ་འཚོད། །གླེགས་བམ་ཁྲོ་བས་འཇིགས་བྱེད་པ། །མིག་དང་ཡན་ལག་ཐམས་ཅད་ཀུན། །སྲེགས་ཞུ་བཏུབས་ནས་འོ་དོད་འབོད། །ལོག་ལྟས་དགེ་འདུན་གནས་འཇོམས་ན། །ལྕགས་ཀྱི་དྲ་བ་འབར་བ་བཅུག མདའ་རྣོན་ཆར་བབ་ལུས་ཀུན་འབིགས། །དགེ་འདུན་སླུ་བྱེད་བརྫུན་སྨྲ་ན། །མེ་བཅུས་བསྲེག་ཅིང་ལྕགས་ལེབ་དཀྲི། །བསྟན་ལ་གནོད་པ་བྱེད་པ་ནི། །དེ་ལ་སྡུག་བསྔལ་ཐམས་ཅད་འབྱུང་། །འདི་རྣམས་ཚེ་ནི་བར་སྐལ་ཏེ། །གོང་བཞིན་བསྒྲེས་པས་མི་ལོ་ནི། །བྱེ་བའང་བྱེ་བ་སུམ་ཁྲི་དང་། །སུམ་སྟོང་དགུ་བརྒྱ་བདུན་ཅུ་གསུམ། །བྱེ་བ་ས་ཡ་ཕྲག་བརྒྱ་དང་། །དྲུག་འབུམ་ཉི་ཁྲི་བཞི་སྟོང་ཡིན། །སྡུག་བསྔལ་དཔག་མེད་མྱོང་པར་འགྱུར། །ཆོས་སྤོང་ལས་ནི་ཉེར་བསགས་ནས། །བསྐལ་ཆེན་ཉི་ཤུར་བསྲེག་པར་གསུངས། །དེ་བས་འབད་པ་དུ་མ་ཡིས། །ཉོན་མོངས་རྣམ་པར་འཇོམས་པ་དང་། །མི་དགེ་སྤང་བར་བརྩོན་པར་གྱིས། །ཡང་དག་ལྟ་ལ་རབ་ཏུ་ཞུགས། །དེ་ཚེ་ལྷ་རྣམས་ཀྱིས་བསྔགས་ཤིང་། །ངེས་པར་འབྱུང་བ་ཐོབ་པར་འགྱུར། །དེ་ལས་གཞན་པ་གྲང་དམྱལ་བརྒྱད། །ཆུ་བུར་ཆུ་བུར་རྡོལ་པ་ཅན། །སོ་འཐམས་ཨ་ཆུ་ཀྱི་ཧུད་ཟེར། །པད་མ་ཨུད་དཔལ་ལྟར་གས་དང་། །པད་མ་ཆེན་པོ་ལྟར་གས་པའོ། །དེ་རྒྱུ་གྲང་པས་གཞན་གནོད་བྱེད། །གནས་ནི་ཚ་དམྱལ་བརྒྱད་པོ་ཡི། །བྱང་དུ་གནས་ཏེ་གོ་རིམ་བཞིན། །ཏིལ་སྦྱངས་ནང་ནས་ལོ་བརྒྱ་བཞིན། །ཏིལ་རེ་ཕྱུང་ཟད་ཆུ་བུར་ཅན། །གཞན་གྱི་ཚེ་ནི་ཉི་ཤུར་འགྱུར། །སྲེད་བཅས་གནོད་པའི་དབང་གིས་སྐྱེ། ༈ །ཉི་ཚེ་ཞེས་བྱ་འཛམ་གླིང་གི །ཁྲོད་དེང་མྱུ་ཁྱུད་གླིང་བར་གྱི། །མུན་པ་ལ་སོགས་རྣམས་སུ་གནས། །ལས་ནི་སྔ་མ་དང་མཚུངས་པ། །ཅུང་ཟད་དགེ་དང་འདྲེས་ལས་བྱུང་། །ཉིན་པར་བདེ་ལ་མཚན་མོ་ནི། །གནོད་པས་གཙེས་དང་དེ་བཞིན་གཞན། །ཉིན་པར་གསོད་ཅིང་སྡུག་བསྔལ་ཏེ། །མཚན་མོ་ལྷ་མོ་རྣམས་དང་བརྩེ། །དེ་སོགས་དཔག་ཏུ་མེད་པ་ཡོད། །དྲན་པ་ཉེ་བར་བཞག་པའི་དོན་སྣང་བར་བྱེད་པའི་ཚིག་ལེའུར་བྱས་པ་ལས། །དམྱལ་བའི་ལེའུ་སྟེ་གཉིས་པའོ།། ༈ །།དེ་ནས་ཕྲག་དོག་སེར་སྣ་ཡིས། །ལས་ཀྱིས་མངོན་པར་འདུ་བྱས་ལ། །དེ་ནི་གཉིས་ཏེ་ཁ་འཐོར་དང་། །གནས་ན་གནས་པ་རྣམ་པ་གཉིས། །ས་འོག་དཔག་ཚད་ལྔ་བརྒྱ་ན། །གནས་ཏེ་གཤིན་རྗེའི་རྒྱལ་པོ་ནི། །དྲག་པོའི་ལས་ནི་འདྲེན་མ་ལས། །བྱུང་ཞིང་ལས་ནི་སྒྲོགས་པར་བྱེད། །ཡི་དྭགས་རིགས་ནི་དཔག་མེད་ཀྱང་། །བསྡུས་པས་སུམ་བཅུ་རྩ་དྲུག་གོ །ལས་དང་བཅས་ཏེ་རྣམ་པར་དབྱེ། །སྲོག་གཅོད་ནོར་ནི་སོག་པ་གང། །ལྟོ་གུག་ཞེས་བྱར་སྐྱེ་འགྱུར་ཏེ། །རི་གཉིས་གྱིས་བཙིར་མེ་མདག་ཟ། །ཚལ་ཤིང་བསྲེགས་པ་ལྟ་བུར་འགྱུར། །ནོར་ཕྱིར་གཤེད་མ་བྱེད་པ་དང་། །སེར་སྣས་སྦྱིན་མེད་ཁ་ཁབ་འདྲ། །ཞེས་བྱར་སྐྱེས་སྟེ་མགྲིན་འཕྲ་ལ། །ལྟོ་ཆེན་མེ་མདག་ཟ་བར་འགྱུར། །བཟའ་བ་ལ་ཆགས་ཁྱིམ་ཐབ་ལའང་། །མི་སྟེར་དེ་ནི་སྐུགས་པ་ཟའི། །ཡི་དྭགས་སུ་སྐྱེས་ཉོན་མོངས་ཤིང་། །བཀྲེས་སྐོམ་གདུངས་ཤིང་ཆོ་ངེས་འབྱིན། །སྦྱིན་ལ་སྲེད་པས་ཕུད་ཟ་བ། །གཤང་ཟ་ཞེས་བྱར་སྐྱེ་འགྱུར་ཏེ། །འབུས་གཞིས་མི་གཙང་ཅུང་ཟད་ཙམ། །ཟ་ཞིང་བཀྲེས་པས་ཉོན་མོངས་འགྱུར། །ཟས་གཅོད་སོགས་ལ་གནོད་བྱས་པས། །བསམ་མཚོ་ཞེས་བྱའི་ཡི་དྭགས་འགྱུར། །དེ་ནི་ཟས་མེད་མེ་འབར་བས། །གདུངས་ཀྱང་རྒྱ་མཚོའང་སྐམ་པར་འགྱུར། །ཟས་སྲེད་བདག་ཟ་གཞན་དག་ལ། །དྲི་སྣོམ་བྱེད་པ་དྲི་ཟ་བའི། །ཡི་དྭགས་ཉིད་སྐྱེ་བཀྲེས་གྱུར་ཀྱང་། །ཟས་དང་སྤོས་དྲི་ཙམ་གྱིས་འཚོ། །འཇིག་རྟེན་རྒྱལ་པོའི་བསྟན་ཆོས་སོགས། །འདོད་པས་སྟོན་པ་ཆོས་ཟ་བའི། །ཡི་དྭགས་སྐྱེས་ནས་ལུས་སྐམས་ཤིང་། །གནོད་སྦྱིན་སྙེད་པས་འཚོ་བར་བྱེད། །འདོད་པ་ཆུ་ཆང་བསྲེས་འཚོར་བ། །ཆུ་འཐུང་དུ་སྐྱེ་བཀྲེས་ཤིང་ཉེན། །བརྒལ་བའི་ཆུ་ཐིགས་ཆུ་སྦྱིན་ལས། །མི་མྱོང་གཞན་གྱི་སྲུང་བར་མཐོང་། །ཆགས་པས་ཁེ་བྱེད་སྦྱིན་བྲལ་བས། །ཀུན་སྟོན་ཞེས་འགྱུར་ཉམས་ཐག་ནས། །སྒྲ་འབྱིན་རིད་ཅིང་ཀུན་དུ་འཁྱམ། །མྱ་ངན་བྱ་བའི་གནས་སུ་འགྱུར། །སྲེད་པས་དགེ་འདུན་ལ་སྦྱིན་པ། །ལྷག་མར་བྱེད་ཅིང་མ་བྱས་ཞེས། །སྨྲ་བ་སྡུག་བསྔལ་རབ་གདུངས་པ། །མཆིལ་མ་ཟ་བའི་ཡི་དྭགས་སྐྱེ། །ཕྲེང་བ་སེར་སྣས་ལེན་པ་ན། །གནོད་སྦྱིན་དུ་གྱུར་འཕྲེང་བས་དགའ། །གཙུག་ལག་ཁང་སྲུང་ལས་བྱེད་པ། །ཡི་དྭགས་འཕྲེང་བ་ཟ་ཞེས་བྱ། །ཤ་ཁྲག་ལ་སྲེད་སེར་སྣ་ཅན། །ཁྲག་ཟར་སྐྱེས་ཏེ་གནོད་སྦྱིན་བྱེད། །ཡི་དྭགས་རྫུ་འཕྲུལ་ཆེ་བ་ཞེས། །ལས་ནི་སོ་སོར་འབྲེལ་བར་འགྱུར། །ཤ་འཚོང་ཁེ་བྱེད་ཅུང་ཟད་སྟེར། །ཤ་ཟ་ཞེས་བྱའི་ཡི་དྭགས་འགྱུར། །ངོ་སྲུངས་ཕྱིར་ནི་སྤོས་འབུལ་བ། །སེར་སྣ་ལྡན་ཏེ་བདུག་པ་ཟའོ། །དགེ་སྦྱོང་ལྟར་འཆོས་སྔགས་སྒྲུབ་ཅིང་། །ནོར་འདོད་དྲག་ཤུལ་སྤྱོད་པར་སྐྱེ། །དེ་ནི་མཐུ་ལྡན་གཞན་ལ་འཚེ། །སྲེད་པས་བསླུས་པས་ལས་རྗེས་འབྲེང་། །ཆགས་པས་ནོར་གྱི་གླགས་ལྟ་བ། །གླགས་ལྟར་སྐྱེས་ནས་སྡུག་བསྔལ་ཞིང་། །ལུས་འབར་མི་གཙང་གིས་འཚོ་བ། །ལྷ་དང་བྲལ་རྣམས་འཚེ་བར་བྱེད། །མཚོན་རྣམས་ས་འོག་འཇུག་བྱེད་ཅིང་། །བཀྲེས་བྱེད་ས་འོག་ཡི་དྭགས་སྐྱེ། །མུན་ནག་སྦྲུལ་བཅས་རླུང་དྲག་ལྡང་། །ནོར་འཕྲོག་འཇིག་རྟེན་སྦྱིན་པ་བྱེད། །ཡི་དྭགས་རྫུ་འཕྲུལ་ཆེན་པོར་འགྱུར། །བདག་ཉིད་ཅིག་པུ་བདེ་བ་དང་། །ཉམ་ངའི་ཡི་དྭགས་ཁྲོད་དུ་གནས། །གཉེན་འདབ་གྲོང་ཁྱེར་འཇིག་བྱེད་ཅིང་། །རྒྱལ་པོ་ལ་བརྟེན་མཚན་མོ་ནི། །ལུས་འབར་ཡི་དྭགས་གནས་སྐྱེས་ནས། །འབར་བས་གདུངས་ན་ངུ་སྒྲ་འབྱིན། །ཁྲོ་བས་བྱིས་པ་གསོད་སེམས་དཔའ། །བྱིས་པ་གླགས་ལྟའི་ཡི་དྭགས་སུ། །སྐྱེ་ཞིང་དེ་ཡིས་ཡོངས་སུ་གདུང་། །གང་ཞིག་འདོད་བརྟེན་ནོར་འདོད་ཅིང་། །སྦྱིན་བྱེད་ཡི་དྭགས་འདོད་གཟུགས་ཅན། །གྱུར་ནས་སྣ་ཚོགས་ཚུལ་གྱིས་ནི། །སྒྱུར་ཞིང་ལས་ཀྱི་རྗེས་སུ་འགྲོ། །ནད་པ་བསླུ་དང་ཕྲག་དོག་དང་། །སེར་སྣ་ཅན་དེ་གླིང་བར་གྱི། །ཡི་དྭགས་གྱུར་ནས་ཉི་ཟླས་ཀྱང། །བརྒྱ་འགྱུར་གདུང་ཞིང་ ཟིལ་པས་འཚོད། །རྒྱལ་པོ་ལ་བརྟེན་དྲག་ཤུལ་སྤྱོད། །མི་དེ་གཤིན་རྗེའི་ཆད་པར་སྐྱེ། །རླུང་ཟ་གཤེད་པོ་དུ་མས་འཚེ། །ལོག་པའི་མཆོད་སྦྱིན་ལས་ཀྱི་མཐུས། །བྱི་བ་ཟ་བའི་ཡི་དྭགས་འགྱུར། །བཀྲེས་ཤིང་སྡུག་བསྔལ་རྣམས་ཀྱིས་གནོད། །ངོ་གཉིས་བྱེད་ཅིང་རྐམ་པ་ཅན། །དེ་ནི་མདངས་ཟར་སྐྱེས་ནས་ཀྱང་། །མཚོན་ཆས་ལུས་གཤེགས་བཀྲེས་སྐོམ་ལྡན། །མཆོད་སྦྱིན་ངན་བྱེད་ཁེ་སྤོགས་དང་། །སེར་སྣ་ལྡན་པ་ཚངས་པ་ཡི། །སྲིན་པོར་སྐྱེས་ནས་གཞན་གནོད་བྱེད། །གླགས་ལྟ་དེ་ནི་སྡུག་བསྔལ་ལྡན། །སློབ་དཔོན་ལྟར་འཆོས་དགེ་འདུན་དཀོར། །སྤྱོད་པ་མེ་ཟའི་ཡི་དྭགས་འགྱུར། །སྡུག་བསྔལ་སྒྲ་འབྱིན་མྱ་ངན་བྱེད། །སེར་སྣ་ལ་འཁུམས་ངན་སྤྱོད་པ། །མི་གཙང་ཟ་བའི་ཡི་དྭགས་འགྱུར། །དེ་ཡང་བདེ་བླག་ཐོབ་མི་འགྱུར། །བརྫུན་གྱིས་ཟས་སྟེར་བརྗོད་པ་གང་། །རླུང་ཟར་གྱུར་ནས་ཟས་མཐོང་ནས། །ཕྱོགས་ཀུན་བརྒྱུགས་ཀྱང་མྱོང་མེད་པར། །སླར་ཞིང་སྡུག་བསྔལ་རྣམས་ཀྱིས་འཚེ། །ཁྲིམས་གཅོད་གཞན་དག་བཀྲེས་སྐོམ་གྱིས། །འཚེ་བྱེད་མེ་མདག་ཟ་བ་ཡི། །ཡི་དྭགས་གྱུར་ཅིང་མེ་དེ་ལ། །ཟོས་ནས་ཅུང་ཟད་བདེ་བར་སེམས། །ནོར་ཕྱིར་དུག་ནི་སྟེར་བ་གང་། །ཡི་དྭགས་དུག་ཟར་སྐྱེས་ནས་ཀྱང་། །ཆར་རྣམས་མེར་འགྱུར་དུག་ཟ་ཞིང་། །བྱ་ཅན་རྣམས་ཀྱིས་ཟ་བར་བྱེད། །འབྲོག་དགོན་སེར་སྣས་གཞན་ལ་འཚེ། །དགོན་པར་གནས་པའི་ཡི་དྭགས་འགྱུར། །བཀྲེས་སྐོམ་ཀྱིས་ཉམས་འོ་དོད་འབོད། །འགྱེལ་ཅིང་བྱ་དང་སྲིན་བུས་འཚེ། །རྒྱལ་བའི་མེ་ཏོག་ཕྲེང་བ་ནི། །ལོངས་སྤྱོད་ཕྱིར་རྐུ་དུར་ཁྲོད་ཀྱི། །ཡི་དྭགས་གྱུར་ནས་དེ་ཡི་མགོ །ལྕགས་འབར་གྱིས་བཅིངས་སྲིན་པོས་གནོད། །སྐྱེད་ཚལ་ཤིང་ལ་རྐམ་པས་རྐུ། །ཤིང་ལ་གནས་པའི་ཡི་དྭགས་སྐྱེ། །བཀྲེས་ཤིང་སྲིན་བུས་རབ་ཏུ་ཟ། །གཏོར་མ་ཙམ་གྱིས་སྲོག་འཚོ་བྱེད། །རྐུན་པོ་ཟས་ནོར་སྣ་ཚོགས་བྱེད་པ། །བཞི་མདོར་གནས་པའི་ཡི་དྭགས་སྐྱེ། །སོག་ལེས་གཏུབ་པའི་སྡུག་བསྔལ་མྱོང་། །དེ་ཡང་གཏོར་མས་སྲོག་འཚོའོ། །གང་ཞིག་ལྟ་ངན་གཞན་གནོད་པ། །བདུད་རིགས་ཡི་དྭགས་རྣམས་སུ་འགྱུར། །བསམ་གཏན་པ་ལ་འཚེ་བྱེད་ཅིང་། །ཐུ་ལུམ་འབར་ཟ་ངན་གྲོར་འཁོད། །དེ་སོགས་འབུམ་ཕྲག་དུ་མ་ཡི། །ཡི་དྭགས་དཔག་མེད་སྡུག་བསྔལ་ཅན། །རྫུས་སྐྱེས་ཤས་ཆེ་སྐྱེ་གནས་བཞི། །ཕལ་ཆེར་ཡི་དྭགས་མོ་རྣམས་སུ། །སྐྱེ་ཏེ་ལས་དང་རྗེ་མཐུན་འགྱུར། །དེ་ལས་ཐར་ཀྱང་དུད་འགྲོར་སྐྱེས། །གལ་ཏེ་མི་ཡི་རིགས་སྐྱེས་ཀྱང་། །བཀྲེས་སྐོམ་ཉོན་མོངས་རིགས་ཉམས་དང་། །དབང་པོ་མ་ཚང་རྣམས་སུ་འགྱུར། །སེམས་ནི་སྤྲེའུ་ལྟ་བུ་ཡིས། །ཡུལ་གྱི་ཤིང་ཐོག་ལ་སྲེད་ནས། །འདུ་བྱེད་ལག་པ་གཡོ་བ་ཡིས། །སྲིད་པས་ངན་འགྲོའི་ཅོང་རོང་ལྷུང་། །དེ་བས་ཡུལ་གྱི་སྲེད་པ་རྣམས། །སྤོང་བྱེད་སྐྱེས་བུ་རྒྱལ་བས་བསྔགས། །དྲན་པ་ཉེ་བར་བཞག་པའི་དོན་སྣང་བར་བྱེད་པའི་ཚིག་ལེའུར་བྱས་པ་ལས། །ཡི་དྭགས་ཀྱི་ལེའུ་སྟེ་གསུམ་པའོ།། ༈ །།དེ་ལས་གཞན་ཡང་དུད་འགྲོ་ཡི། །རྣམ་པ་སེམས་ཀྱི་རབ་བསྒྲུབ་པ། །ཕལ་ཆེར་མི་དགེས་བསྐྱེད་པ་དང་། །འདྲེས་མ་དགེ་བ་གང་བྱས་པ། །གཏི་མུག་ཤས་ཆེར་གྱུར་པ་ནི། །བྱེ་བ་སུམ་ཅུ་རྩ་བཞི་ཡོད། །བསྡུས་ན་གསུམ་སྟེ་ཁ་འཐོར་དང་། །ཀླུ་དང་ལྷ་མིན་གནས་ན་གནས། །ཁ་འཐོར་འགྲོ་བ་བཞིར་ཁྱབ་སྟེ། །དམྱལ་བར་གནས་པའི་དུད་འགྲོ་ཡང་། །སེམས་རྒྱུད་ཅན་དང་སེམས་རྒྱུད་མེད། །སེམས་རྒྱུད་ལྡན་པ་དམྱལ་བ་གང་། །དེ་ལ་སྨོན་པས་སྐྱེ་འགྱུར་ཀྱང་། །སྡུག་བསྔལ་དམྱལ་བ་ཉིད་མཚུངས་སྤྱོད། །སེམས་མེད་རྨི་ལམ་སྐྱེས་བུ་བཞིན། །དམྱལ་བ་དེ་དག་ལ་སྣང་བའོ། །དུད་འགྲོ་ལྷ་ཡི་ནང་སྐྱེས་པ། །བདེ་བ་ལྷ་དང་མཚུངས་པ་རྣམས། །དེ་དང་དེ་འདྲས་ལས་སུ་འབྲེལ། །ཁྱད་པར་གླང་པོ་ས་སྲུང་བུ། །འཁོར་ལོ་སྒྱུར་བ་ལེགས་མཐོང་གི །བྲམ་ཟེ་འདུན་ན་འདོན་འགྱུར་བ། །བདེ་ལ་སྲེད་ཅིང་སྨོན་པས་གྲུབ། །དུད་འགྲོ་ཀུན་གྱི་མཆོག་ཡིན་ཀྱང་། །གང་གིས་བརྒྱ་བྱིན་ཉིད་འགྲུབ་པ། །དགེ་ལྡན་གླང་ལ་སྨོན་བྱེད་པ། །གཏི་མུག་གི་འཕངས་ཡིན་ནམ་ཅི། །དེ་བཞིན་ཡིད་དྭགས་མི་རྣམས་ཀྱི། །གནས་ན་མཚུངས་སྤྱོད་འདྲེས་མས་སྐྱེ། །མཁའ་ལྡིང་ལ་སོགས་བྱ་རྣམས་ཀུན། །ཕལ་ཆེར་སྒོང་སྐྱེས་མཁའ་ལྡིང་བཞི། །འབུ་སྲིན་ལ་སོགས་དྲོད་གཤེར་སྐྱེས། །རྟ་གླང་ར་ལུག་མངལ་སྐྱེས་ཏེ། །བརྫུས་སྐྱེས་ལྷ་དང་དམྱལ་བར་གནས། །བྱ་རོག་འུག་པ་ལྟ་བུ་ཡི། །ཞེ་སྡང་གིས་བསྐྱེད་མི་མཐུན་འགྱུར། །ཆགས་དང་ལྡན་པ་ངང་ངུར་བཞིན། །བརྣབ་སེམས་ཀྱིས་བསྐྱེད་ཁྱི་དང་ཝ། །སྐྲག་པས་བསྐྱེད་པ་རི་དྭགས་རྣམས། །ཆུ་ལ་སྲེད་སྐྱེས་ཉ་ལ་སོགས། །དཔག་མེད་གཏི་མུག་གིས་སྐྱེད་པ། །ལས་ནི་སྣ་ཚོགས་གསུངས་པ་ཡིན། །དེ་རྣམས་ཟས་ནི་རྣམ་པ་བཞི། །ཁ་དང་ཡིད་ལ་སེམས་པ་དང་། །རེག་པ་དགའ་བ་ཟ་ཞེས་བྱ། །དང་པོ་སྦྱིན་པ་དམན་པ་སྟེ། །ཡིད་ཀྱིས་བྱིན་དང་ཁས་བླངས་དགའ། །གནོད་བཅས་དགའ་བ་དུད་འགྲོ་རྣམས། །བསམ་གཏན་དགའ་བས་འཚོ་བ་གཞན། །མདོར་ན་དུད་འགྲོ་ཐམས་ཅད་ནི། །མཐུན་དང་མཐུན་མིན་སྡང་མི་སྡང་། །བཤེས་དང་བཤེས་མིན་ལྷན་ཅིག་སྤྱོད། །ལྷན་ཅིག་སྤྱོད་མིན་དུ་མ་རྣམས། །ཁྲ་གླག་ལ་སོགས་སྲོག་གཅོད་ལྡན། །ཁ་སོགས་མ་བྱིན་སྐམ་པ་དང་། །སྦལ་པ་ལ་སོགས་ལོག་གཡེམ་ལྡན། །དོན་མེད་སྒྲ་འབྱིན་ཐིང་རིལ་སོགས། །མི་མཐུན་སྨྲ་བ་བྷི་རུན་དྷ། །ཚིག་རྩུབ་བརྫུན་ལྡན་གཅན་གཟན་རྣམས། །ཝ་སོགས་གནོད་སེམས་ལྡན་པ་སྟེ། །སྦྲུལ་སྡུག་ལྟ་བུ་གནོད་སེམས་ལྡན། །ལོག་ལྟས་བསྐྱེད་པ་དམྱལ་བའི་བྱ། །དེ་རྣམས་ལས་ཀྱི་རྗེས་འབྲང་བ། །ཡང་ཡང་སྡུག་བསྔལ་མྱོང་བར་བྱེད། །དེ་ནས་སྦྱིན་དང་ཚུལ་ཁྲིམས་ཀྱི། །ཆ་ཤས་གཏི་མུག་གིས་བསྐྱེད་པ། །དེ་ཡང་གཉིས་ཏེ་ཕྱི་མ་ཡི། །རྒྱ་མཚོར་ལྡན་རྣམས་ཆགས་པས་བསྐྱེད། །ནང་མ་ཞེ་སྡང་སྤྱོད་པ་ཡིན། །དེ་རྣམས་གཙོ་བོ་རྒྱལ་པོ་ནི། །མགོ་བདུན་གླང་གདོང་ནོར་རྒྱས་བུ། །འཇོག་པོ་བཟང་ལྡན་བསྐྱེད་པ་དང་། །མི་འཇོམས་སྤྲིན་འཕྲེང་འཁྱིལ་པ་དང་། །ཀུན་འགྲོ་རབ་སྤྲོ་ཆོས་དང་ལྡན། །འདི་རྣམས་མི་ཀུན་བདེ་བར་སྐྱོང་། །རབ་འཇོམས་བསྒྱིངས་པ་ནག་པོ་དང་། །ཧུ་ལུ་ཧུ་ལུ་ནག་པོའི་ཀླུ། །ཐམས་ཅད་གནས་ནི་ལོངས་སྤྱོད་ལྡན། །དཔག་ཚད་སུམ་སྟོང་རིན་ཆེན་དང་། །མེ་ཏོག་སྣ་ཚོགས་བདུད་རྩི་ཟ། །ཅུང་ཟད་བདེ་བར་གནས་པ་ཡིན། །ནག་པོའི་སྟོབས་ཀྱིས་སྐྱེས་པ་རྣམས། །བྱེ་མའི་རྡུལ་འབབ་སྲེག་པར་འགྱུར། །བྱེ་ཚན་སྦལ་པ་རླུང་ཟ་བྱེད། །སྡུག་བསྔལ་རྣམས་ཀྱི་གདུངས་པ་ཡིན། །མི་རྣམས་ལ་ཡང་འཚེ་བར་བྱེད། །རྒྱ་མཚོ་ཆུ་ལག་དང་བཅས་པར། །ཆོས་དང་ལྡན་པའི་ཀླུ་དག་ནི། །བྱེ་བ་ལྔ་བཅུ་རྩ་བདུན་ཏེ། །ཆོས་མི་ལྡན་པ་བགྲང་དུ་མེད། །མ་དྲོས་པ་ལ་སོགས་པ་ཡི། །གླིང་བཞི་རོལ་མཚོ་ལ་གནས་པ། །དེ་དག་ཀླུ་ནི་དུ་མ་རྣམས། །རིགས་བཞི་སྣ་ཚོགས་ལས་བསྐྱེད་པའོ། །ཀླུ་མཆོག་ཚེ་ནི་སྐལ་པ་སྟེ། །གཞན་ནི་ངེས་མེད་དུ་མའོ། །ལྷ་མིན་རིགས་ནི་གཉིས་ཡིན་ཏེ། །བདུད་རིགས་ཡི་དྭགས་རྫུ་འཕྲུལ་ཆེ། །སྔར་བཤད་དུད་འགྲོར་བགྲངས་བ་གང་། །རྒྱ་མཚོར་ནུབ་པའི་རི་རབ་ནི། །བརྒྱད་ཁྲི་བཞི་སྟོང་ལ་གནས་པ། །སྣང་ལྡན་ཟླ་འཕྲེང་གནས་བཟང་པོ། །མི་གཡོ་ཞེས་བྱ་རྣམ་པ་བཞི། །ཀུན་ཀྱང་ཁྲི་ཕྲག་གཉིས་དང་པོ། །རིམ་བཞིན་གནས་དེ་དང་པོ་ནི། །སྒྲ་གཅན་གནས་ཏེ་གྲོང་ཁྱེར་དེ། །དཔག་ཚད་བརྒྱད་སྟོང་རིན་ཆེན་གྱི། །རང་བཞིན་ལོངས་སྤྱོད་སྣ་ཚོགས་ལྡན། །ཕྱོགས་བཞིར་རྩེད་མོ་ཅན་ཚལ་དང་། །བརྒྱགས་པ་ངང་པ་ཁུ་བྱུག་ཅན། །ཐམས་ཅད་དཔག་ཚད་བརྒྱ་པའོ། །སྣ་ཚོགས་ལྗོན་པ་སྟེང་ཁ་དང་། །མེ་ཏོག་སྣ་ཚོགས་འབབ་ཆུས་བརྒྱན། །བྱ་དང་བུང་བ་དུ་མས་གང་། །དེ་ན་སྒྲ་གཅན་ཆུང་མར་བཅས། །ཁྲ་ཁྲིག་བཅུ་གཉིས་བཅས་པ་ཡོད། །འདི་ནི་སྔོན་ཚེ་བྲམ་ཟེར་གྱུར། །སྦྱིན་ལ་བརྩོན་ཅིང་རིགས་བྱེད་མཁས། །རྒྱལ་བའི་མཆོད་རྟེན་མེ་ཤོར་བར། །མཐོང་ནས་ཤིང་རྟ་སྟོང་ཕྲག་བཞིས། །ཆུ་བསྐྱས་མཆོད་རྟེན་མ་ཚིག་བྱས། །དད་པ་མེད་ཀྱང་འདི་སྐད་སྨྲས། །འདི་ལ་བསོད་ནམས་ཡོད་གྲང་ན། །འདོད་ཁམས་བདག་ལུས་མཆོག་ཏུ་ཤོག །དེ་བརྗོད་ལྷ་མིན་དབང་པོར་གྱུར། །དེ་འཁོར་སྐྱེས་པའི་ལྷ་མིན་རྣམས། །གྲགས་པ་འདོད་དང་རྒྱལ་པོའི་བཀའ། །རང་རིགས་བསྲུང་ཕྱིར་རི་དྭགས་ཉ། །དེ་སོགས་སེམས་ཅན་སྲུང་བྱེད་ཅིང་། །སྦྱིན་བཅས་མི་དགེ་གཞན་སྤྱོད་པ། །ལས་དེས་དེར་སྐྱེས་སྣ་ཚོགས་ལུས། །འདྲེས་མའི་བདེ་མྱོངས་ང་རྒྱལ་བཅས། །མི་ལོ་ལྔ་བརྒྱ་ཞག་གཅིག་སྟེ། །དེས་བསྒྲེས་རང་ལོ་ལྔ་སྟོང་ཡིན། །བར་མ་དོར་ནི་འཆི་བ་ཡོད། །ད་ལྟར་ལྷ་མིན་དབང་པོ་དེ། །ལྷ་གནས་ལྟ་དང་ཟླ་བ་དང་། །རེག་འདོད་གཡུལ་འགྱེད་དེ་ཡི་ཚེ། །རྫུ་འཕྲུལ་ལུས་ཀྱི་ཉི་ཟླ་ སྒྲིབ། །དེ་སྒྲ་གནམ་གྲུབ་ཞེས་ཀྱང་སྨྲ། །གཉིས་པ་ལྷ་མིན་འགུལ་འཕྲེང་སྟེ། །སྔ་མ་ལས་ལྷག་གྲོང་ཁྱེར་ནི། །གཉིས་བརྩེགས་དཔག་ཚད་བརྒྱད་སྟོང་ཡོད། །ཕྱོགས་བཞིར་དགའ་བྱེད་ལྷང་ཚེར་དང་། །མི་སྣང་ཡིད་འོང་གསེར་རི་བཞི། །སྐྱེད་ཚལ་བདུན་དང་བཅས་པ་ཡོད། །སྣ་ཚོགས་ལྗོན་པ་འབབ་ཆུར་བཅས། །གྲོང་ཁྱེར་དབུས་ན་ཀུན་སྣང་མཚོ། །ལས་རྣམས་མཐོང་སྟེ་མེ་ལོང་བཞིན། །དེ་ན་རྒྱལ་བོ་བརྟན་པ་ནི། །ལྷ་མིན་བུ་མོ་དུ་མ་དང་། །ལས་མཐུན་བདེ་ལ་སྤྱོད་པར་བྱེད། །སྔོན་ཚེ་ཕྱི་རོལ་ཆགས་པ་ལ། །སྦྱིན་པ་བཏང་པའི་འབྲས་བུས་བསྐྱེད། །སྡིག་བཅས་མཆོད་སྦྱིན་གང་བྱེད་པ། །འཇིག་རྟེན་འབྲས་འདོད་དེར་སྐྱེ་འགྱུར། །ཚེ་ནི་མི་ལོ་དྲུག་བརྒྱ་ལ། །ཞག་ཅིག་ཡིན་དེ་རང་ལོ་ནི། །དྲུག་སྟོང་བར་དུ་འཚོ་བ་ཡིན། །དེ་ནས་གསུམ་པ་རྩེར་གནས་པའི། །གྲོང་ཁྱེར་ཟབ་པ་བརྒྱད་སྟོང་པ། །གཡེར་ཁའི་ཕྲེང་དང་གསེར་འཕྲེང་ཚལ། །མེ་འཕྲེང་འདྲེས་ཚལ་བཞི་ཡིས་བརྒྱན། །གོང་མ་གཉིས་ག་ལས་མཛེས་པའོ། །དེ་ན་རྒྱལ་པོ་མེ་ཏོག་འཕྲེང་། །ཁང་བཟང་བསྐྱེད་ཚལ་དུ་མ་ན། །ལྷ་མིན་བུ་མོ་རྣམས་ཀྱིས་མཆོད། །སྟོབས་ལྡན་ལོངས་སྤྱོད་དུ་མས་དགའ། །སྔོན་ཚེ་ཚུལ་འཆལ་མཆོད་པའི་མཐུས། །ཐོབ་པར་གྱུར་ཅེས་འདྲེན་པས་གསུངས། །གཞན་དག་དེར་ནི་སྐྱེ་བའི་རྒྱུ། །དུས་སྟོན་གྱད་དང་སིལ་ཁྲོལ་དང་། །དགའ་འདྲོན་དེ་བཞིན་ཕལ་པ་ཡི། །སྦྱིན་ལྡན་གནས་དེར་སྐྱེ་བ་ཡིན། །མི་ལོ་བདུན་བརྒྱ་ཞག་གཅིག་གིས། །བསྒྲེས་པ་རང་ལོ་བདུན་སྟོང་ཡིན། །དེ་ལས་བཞི་པ་རབ་སྤྲོའི་གནས། །གྲོང་ཁྱེར་མཛེས་པ་ཞེས་བྱ་བ། །གསེར་གྱི་ས་གཞིའི་སྟེང་ན་གནས། །དཔག་ཚད་བརྒྱད་སྟོང་རིན་ཆེན་གྱི། །རང་བཞིན་བཀྲ་ཞིང་རབ་མཛེས་པ། །ལྗོན་པ་སྐྱེད་ཚལ་དུ་མ་དང་། །བྱ་དང་བུང་བ་མྱོས་པས་གང་། །གྲོང་བརྡལ་ལྟེང་ཁ་འབབ་ཆུར་བཅས། །ལྷ་མིན་བུ་མོ་རབ་མཛེས་རྣམས། །རིན་ཆེན་རྒྱན་གྱི་རྣམ་པར་ཀླུབས། །དེ་དག་བདག་པོ་ཐགས་བཟང་རིས། །བརྩོན་པ་ཆེ་ཞིང་སྟོབས་དང་ལྡན། །རྫུ་འཕྲུལ་དང་ལྡན་འཇིགས་པ་མེད། །བདེ་ལྡན་གཞན་ཡང་རབ་དགོད་ཅེས། །བྱ་བ་སྟོབས་སྙེམས་ལྷག་པར་ཡང་། །ང་རྒྱལ་ལྡན་པ་དེ་ཡང་གནས། །ལྷ་མིན་གཞན་ལས་ལྷག་པ་ཡིན། །དེ་འཁོར་ཀུན་སྤྲོ་དེ་རྣམས་ཀྱང་། །སྟོབས་ཆེ་ལོངས་སྤྱོད་ལྡན་བག་མེད། །རང་གི་ལས་ཀྱི་འབྲས་བུ་སྤྱོད། །རྒྱལ་པོ་དེ་ཡི་ལས་སྤྱད་པ། །ཡང་དག་ལྟ་བ་མི་ལྡན་ཀྱང་། །ཚུལ་ལྡན་བསོད་སྙོམས་བྱིན་པ་དང་། །འཇིག་རྟེན་དགེ་སྤྱོད་ལྡན་པས་གྲུབ། །གཞན་དག་སྲེད་པས་ཚལ་དུ་ནི། །སེམས་ཅན་གནོད་མེད་སྡུད་པ་དང་། །སེམས་བརྩེ་སྦྱིན་པ་སྨན་པས་འགྲུབ། །དེ་ཕྱིར་བདེ་བའི་འབྲས་བུ་ཐོབ། །ཚེ་ནི་མི་ལོ་བརྒྱད་སྟོང་ལ། །ཞག་ཡིན་རང་ལོ་སྟོང་ཕྲག་བརྒྱད། །དེ་ལྟར་དུད་འགྲོ་རྣམས་ལས་ནི། །འཕོས་ཏེ་ལྷ་དང་མིར་སྐྱེས་ཀྱང་། །རང་རང་རྒྱུ་མཐུན་འབྲས་བུ་འབྱུང་། །དེ་ཕྱིར་རྟག་ཏུ་མི་དགེ་སྤོངས། །བག་ཡོད་དགེ་བ་བསྟེན་པར་གྱིས། །དེ་ནས་ལྷ་དང་ལྷ་མ་ཡིན། །གཡུལ་དུ་འཇུག་པ་བཤད་པར་བྱ། །མི་རྣམས་དགེ་སྤྱོད་གྱུར་པ་ན། །ལྷ་འཕེལ་རྒྱུ་དེས་ལྷ་མིན་དང་། །ནག་པོའི་ཀླུ་རྣམས་ཡི་མུག་ཅིང་། །ལྷ་མིན་གནོད་བྱེད་གཡུལ་འགྱེད་ཀྱང་། །དཀར་པོའི་ཀླུ་ཡིས་བཟློག་པར་ནུས། །འདྲེས་སྤྱོད་དེ་ཚེ་འཕྲེང་ཐོགས་སོགས། །རྒྱལ་ཆེན་བཞི་པས་བཟློག་པར་བྱེད། །གང་ཚེ་མི་རྣམས་ཆོས་མིན་སྤྱོད། །ཕ་མ་དགེ་སྦྱོང་མི་འཛིན་པ། །དེ་ཚེ་ལྷ་མིན་དཔུང་སྐྱེས་ཤིང་། །ནག་པོའི་ཀླུ་ཡིས་མི་རྣམས་ལ། །ལོ་ཉེས་གློག་དང་ཆུ་རྙོག་དང་། །སྤྲིན་ནག་གཏོང་བས་གླིང་བཞིར་འཚེ། །དེ་ཚེ་ནོར་རྒྱས་བུ་ལ་སོགས། །ནག་ཕྱོགས་རྣམས་ནི་བཟློག་པའི་ཕྱིར། །གཡུལ་འགྱེད་དེ་ལ་ལྷ་མིན་ནི། །གཉིས་བརྩེ་རྣམས་ཀྱིས་གོ་བགོས་ཤིང་། །ནག་པོའི་ཀླུ་ཡི་ཕྱོགས་བྱེད་འགྱུར། །དེ་དག་ཕམ་པས་སྒྲ་གཅན་ནི། །ཁྲོ་བས་གཡུལ་དུ་འོང་བར་བྱེད། །རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི། །ཕམ་བྱས་དེ་ཚེ་གནས་གཉིས་པར། །བརྟན་པ་འགུལ་འཕྲེང་བཅས་པ་ལ། །སྦྲན་དེ་ཁྲོ་བས་དེ་དག་དང་། །མི་བཟད་གཡུལ་འགྱེད་ཕམ་གྱུར་ཚེ། །གསུམ་པ་མེ་ཏོག་འཕྲེང་བཅས་པའི། །ལྷ་མིན་རྣམས་དང་གཡུལ་འགྱེད་འགྱུར། །དེ་རྣམས་ལུས་ངན་ལ་སོགས་པའི། །འཇིག་རྟེན་སྐྱོང་བས་ཕམ་བྱས་ཚེ། །དེ་ཐོས་རབ་དགོད་ཐགས་བཟང་རིས། །ཁྲོས་ཏེ་ཀྱེ་མ་ལྷ་མིན་གྱི། །རྒྱལ་པོ་རྣམས་ནི་སྟོབས་མེད་དམ། །ལྷ་མིན་བུ་མོ་མཛེས་མ་ཀུན། །ལྷ་རྣམས་མྱུག་པར་འདོད་དམ་ཅི། །ནོར་རྒྱས་ཀླུ་དང་དབང་པོར་བཅས། །ཚར་གཅད་བྱ་ཕྱིར་འདོང་ངོ་ཞེས། །སྨྲ་ཏེ་ལྷ་མིན་རྣམས་ལ་བསྒོ། །དེ་ཡི་ཤིང་རྟ་རྩིབས་འབུམ་པ། །འདོད་བཅས་ལྷ་མིན་བྱེ་བ་ཕྲག །དུ་མ་སྣ་ཚོགས་གོ་བགོས་ཤིང་། །མཚོན་ཆ་དུ་མ་དང་བཅས་པ། །རྔ་སྒྲ་ལྷ་མིན་སྒྲ་རྣམས་ཀྱིས། །རི་དང་ནགས་ཚལ་གཡོ་བར་བྱེད། །རྒྱུ་དེས་བརྒྱ་བྱིན་གཏན་གཡོས་འགྱུར། །དེ་ཚེ་ལྷ་དབང་ལྷ་རྣམས་ལ། །བཀའ་རྩོལ་ལྷ་རྣམས་ཐམས་ཅད་ཀུན། །ཤིང་རྟ་སྣ་ཚོགས་ཚལ་དུ་ནི། །གོ་ཆའི་དོན་དུ་རྒྱུག་པར་བྱེད། །དེ་སྒྲ་རྒྱ་མཚོ་འབྲུག་པ་འདྲ། །དེ་ནས་གླང་པོ་ས་སྲུངས་བུ། །ལུས་ནི་དཔག་ཚད་སྟོང་ཡོད་པ། །དེ་ནི་གཡུལ་ཕྱིར་སྤྲུལ་པར་བྱེད། །མགོ་བརྒྱ་རེ་རེ་མཆེ་བ་བཅུ། །དེ་ལ་རྫིང་བཅུ་པད་མ་སྟོང་། །པད་མ་རེ་ལ་རི་བོ་བཅུ། །རེ་རེའང་རི་ཆུང་བརྒྱ་བརྒྱ་སྟེ། །ལྷ་མོ་བརྒྱ་སྤྲུལ་རོལ་མོ་འབྱིན། །ལྷ་རྣམས་རིན་ཆེན་སྣ་ཚོགས་ཀྱི། །ཤིང་རྟ་བརྒྱན་པ་རྣམས་ལ་ཞོན། །མཚོན་ཆ་འབར་བ་དུ་མ་དང་། །བཅས་ཏེ་དཔག་ཚད་ཉི་ཁྲིར་ཁེངས། །སྒྲ་ཆེན་སྒྲོགས་ཤིང་དོང་པར་བྱེད། །དེ་ལྟར་གཡུལ་ཆེན་རབ་བཤམས་དེ་ཚེ་ལྷ་རྣམས་དང་། །ལྷ་མིན་དཔའ་བོ་སྟོབས་ལྡན་མ་རྟོགས་ཐམས་ཅད་ཀུན། །སྤུ་ཟིང་བྱེད་ཅིང་གསེར་གྱི་རི་བོ་དྲུག་ཁྲི་གཡོ། །རྔ་སྒྲའི་བྲག་ཆས་ནམ་མཁའ་རྒོད་ཅིང་རྒྱ་མཚོ་འགུལ། །ཀླུ་རྣམས་རྒྱུག་པས་ས་ཀུན་ཆུར་བཅས་གཡོ་བར་བྱེད། །གནོད་སྦྱིན་ལྷ་གནས་ཀུན་དུ་རྒྱུག་པའི་ཁ་རླངས་ཀྱིས། །འཇུག་རིངས་འཆར་ཞིང་མི་ཡུལ་འགྲོ་བས་སྐར་མདའ་ལྟུང་། །འཇིག་རྟེན་སྐྱོང་རྣམས་གླིང་བཞི་ཀུན་ལ་རྟོག་པར་བྱེད། །དེ་ནས་ཐོག་མར་ཀླུ་རྣམས་ཀུན། །གཡུལ་འགྱེད་མེ་དང་དུག་གི་ཆར། །གློག་གི་འཕྲེང་བས་འགྱེད་པར་བྱེད། །དེ་ཚེ་དང་པོའི་ལྷ་མ་ཡིན། །ཧ་ཧའི་སྒྲ་འབྱིན་རྒྱུག་པ་ན། །ཀུན་དུ་རྒྱུ་བའི་ལྷ་རྣམས་དང་། །འཕྲེང་ཐོགས་བཅས་པས་གཡུལ་འགྱེད་འགྱུར། །དེ་ལ་སྒྲ་གཅན་ཁྲོ་བ་ཡིས། །དཔག་ཚད་བཅུ་པའི་རི་འཕེན་ཀྱང་། །མདའ་དང་གློག་གིས་སྲེག་ཅིང་གཏོར། །རབ་ཏུ་མི་བཟད་གཡུལ་བཀྱེ་བས། །ལྷ་མིན་བརྟན་པ་འཁོར་བཅས་ཀུན། །མཚོན་ཆར་བཅས་ཏེ་རྒྱུག་པར་བྱེད། །དེ་མཐོང་ཡོལ་ཐོགས་ལྷ་རྣམས་ཀུན། །གོ་བགོས་མཚོན་ཆའི་ཆར་འབེབས་ཤིང་། །རྒྱ་མཚོ་འཁྲུག་པར་བྱེད་པ་འགྱུར། །ལྷ་མིན་བརྟན་པ་ཁྲོས་པ་ཡིས། །དཔག་ཚད་ཙམ་ཀྱི་དབྱིག་པ་ཐོགས། །ལྷ་རྣམས་ཀུན་ལ་རྒོལ་བ་ན། །གནམ་ལྕགས་འདྲ་བའི་མདའ་ཆར་གྱིས། །དབྱུག་པ་གཅོད་ཅིང་དེ་ཡི་ལུས། །བར་མཚམས་མེད་པ་འབེབས་པར་བྱེད། །དེ་མཐོང་ལྷ་མིན་མེ་ཏོག་འཕྲེང་། །མི་བཟད་དཔུང་བཅས་རྒྱུག་པ་ན། །རྟག་མྱོས་རྒྱལ་ཆེན་བཞིར་བཅས་པ། །གཡུལ་འགྱེད་རྒྱུག་ཅིང་མཚོན་ཆ་འབེབས། །དེ་མཐོང་ལྷ་མིན་དབང་པོ་དེ། །མཚོན་ཆ་ཀུན་འཇོམས་དཔག་ཚད་ཙམ། །ཐོགས་ཏེ་ལྷ་རྣམས་བརྡེག་པ་ན། །ལུས་ངན་འཇིག་རྟེན་སྐྱོང་བ་ཡིས། །ལག་མཐུས་འཐོག་སྟེ་བསླར་བརྡེག་པས། །ཉམས་ཏེ་དེ་ནས་འབྲོས་པར་འགྱུར། །དེ་ཚེ་རབ་དགོད་ཐགས་བཟང་རིས། །ཁྲོ་བས་དེ་ནི་ལྷ་རྣམས་འཇོམས། །དེ་ཚེ་སུམ་བཅུ་རྩ་གསུམ་གྱི། །ལྷ་རྣམས་ཀུན་དང་གཡུལ་ཆེན་འགྱེད། །དེ་ཚེ་མཚོན་ཆ་སྣ་ཚོགས་སེར་བ་དྲག་པོ་འབབ་པ་བཞིན། །རི་དང་ལྗོན་པ་གློག་དང་ཆུ་དག་ཕན་ཚུན་འབེབས་པ་ཡི། །སྒྲ་ཆེན་རྣམས་ཀྱིས་རྒྱ་མཚོར་གནས་པའི་ཆུ་སྲིན་སྲིན་པོ་སོགས། །སྙིང་འགས་བྱེད་ཅིང་དཔག་ཚད་དུ་མར་མུན་པ་བཞིན་དུ་འགྱུར། །གླང་ཆེན་རྟ་མཆོག་ཤིང་རྟ་འཁྲོལ་བའི་སྒྲ་རྣམས་ཕྱོགས་ཀུན་ཁྱབ། །སྡར་མ་སྐྲག་བྱེད་རྔ་སྒྲས་ནམ་མཁའ་འདྲལ་བར་བྱེད་པ་བཞིན། །ཕན་ཚུན་དམྱལ་སློར་འགྱུར་བྱེད་མི་བཟད་གཡུལ་ཆེན་འདྲེས་པར་འགྱུར། །དེ་ཐོས་པས་ཀྱང་སྤུ་ལོང་བྱེད་འགྱུར་མཐོང་ན་ཅི་ཞིག་སྨོས། །གལ་ཏེ་ལྷ་རྣམས་སྟོབས་ཆུང་ན། །དེ་ཚེ་བརྒྱ་བྱིན་དེ་ཉིད་དང་། །རབ་དགོད་གཡུལ་དེར་འགྱེད་པར་བྱེད། །རབ་དགོད་ཀྱི་ནི་བརྒྱ་བྱིན་ལ། །རི་བོ་དཔག་ཚད་ལྔ་པ་འཕེན། །དེ་མཐོང་གླང་པོ་ས་སྲུངས་བུས། །སྣ་ཡི་དབུགས་ཀྱི་ཕྱེ་མར་བྱེད། །དེ་མཐོང་རྡོ་རྗེའི་རི་འཕེན་པ། །ས་སྲུངས་བུས་བཟུང་དེ་ཉིད་ཀྱི། །བྲང་དུ་བརྒྱབ་པས་ལྷ་མིན་རྨོངས། །ཀྱེ་མ་ཞེས་བརྗོད་འགྱེལ་བར་འགྱུར། །ལྷ་དབང་གིས་སྤྲུལ་དབང་པོ་ཡི། །ནམ་མཁའ་བར་མཚམས་མེད་གང་ནས། །རྡོ་རྗེའི་ཆར་ཆེན་འབེབས་པར་བྱེད། །དེ་ལ་ལྷ་མིན་ཀུན་སྐྲག་ནས། །ས་འོག་སྒོ་དེར་འབྲོས་བྱེད་འགྱུར། །དེར་ནི་སྤྲུལ་པས་འགྱེད་པ་དང་། །དེ་བཞིན་མེ་དང་ག་ནམ་ལྕགས་འབར། །དུག་དང་རལ་གྲི་རྡོ་རྗེ་དང་། །རྩེ་གསུམ་ཤག་ཏི་དྲི་མེད་མཚོན། །འཁོར་ལོ་མདའ་དང་ཐོང་གཤོལ་དང་། །རྡོ་དང་རི་བོ་ལྗོན་པ་སོགས། །ཐམས་ཅད་ཆར་བཞིན་འབེབས་པར་བྱེད། །སྤྲིན་ཆེན་རླུང་གིས་གཏོར་བ་བཞིན། །ལྷ་དང་ལྷ་མིན་དཔའ་བོ་རྣམས། །ཧ་ཧ་སྒྲ་འབྱིན་ཐོབ་ཅིག་ཅེས། །བར་འཚམས་མེད་པར་སྒྲོགས་པར་བྱེད། །དེ་ཚེ་ལྷ་མིན་དབང་པོ་ཡི། །ཤིང་རྟ་གླང་བོ་ས་སྲུངས་གིས། །བུ་ཡིས་རྩ་བཞིན་ཕྱེ་མར་བྱས། །དེ་ལྟར་གཡུལ་ཆེན་འགྱེད་པའི་ཚེ། །ལྷ་རྣམས་ཡན་ལག་བཅད་པ་དང་། །རྨ་བྱུང་དེ་མ་ཐག་ཏུ་འཚོ། །ལྷ་མིན་རྣམས་ནི་མི་དང་མཚུངས། །རྒྱུ་དེས་ལྷ་རྣམས་ཟད་མི་འགྱུར། །སྔོན་ནི་སྲོག་གཅོད་སྤངས་པ་ཡི། །རྣམ་སྨིན་མཆོག་སྨིན་ཁྱད་པར་ཡིན། །འདི་ལྟར་གྱུར་ཀྱང་ལྷ་དབང་ནི། །ལྷ་མིན་སྲོག་ལ་གནོད་མི་བྱེད། །རང་ཕྱོགས་བསྐྱབ་དང་རྒྱལ་ཕྱིར་རོ། །དེ་ནས་ལྷ་མིན་རང་གི་གནས། །སྡུག་བསྔལ་ཞུམ་ཞིང་སོང་ནས་ཀྱང་། །ལྷ་མིན་མོ་རྣམས་མྱ་ངན་བྱེད། །ལྷ་དབང་རྩ་གསུམ་དེར་འགྲོ་ཞིང་། །ལྷ་རྣམས་དགའ་བའི་ལས་ལ་སྤྱོད། །ཀྱེ་མ་འཁོར་བ་སྙིང་པོ་མེད། །དེ་ཕྱིར་འཐབ་རྩོད་སྤང་བར་བྱ། །དྲན་པ་ཉེ་བར་བཞག་པའི་དོན་སྣང་བར་བྱེད་པའི་ཚིག་ལེའུར་བྱས་པ་ལས། །དུད་འགྲོའི་ལེའུ་སྟེ་བཞི་པའོ།། ༈ །།དེ་ནས་གཞན་ཡང་དགེ་བ་ཡི། །རྒྱུ་ལས་གྲུབ་པ་མི་རྣམས་ནི། །མཆོག་ནི་འཁོར་ལོས་བསྒྱུར་བ་དང་། །སྐལ་པ་དང་པོ་སྒྲ་མི་གཉན། །གླིང་གཉིས་བར་མ་འབྲིང་ཡིན་ཏེ། །ཐ་མ་ཚེ་ལོ་བཅུ་པའོ། །དེ་རྣམས་གནས་ནི་གླིང་བཅུ་གཉིས། །གླིང་གསུམ་ལོངས་སྤྱོད་ལྡན་པ་སྟེ། །འཛམ་གླིང་ལས་ཀྱི་ས་པར་གྲགས། །ཁྲུ་བརྒྱད་བཅུ་དྲུག་སུམ་ཅུ་གཉིས། །ཤར་ནུབ་བྱང་གི་ལུས་ཀྱི་ཚད། །ཚེ་ནི་བརྒྱ་ཕྲག་ཕྱེ་དང་གསུམ། །ཤར་ཡིན་ནུབ་བྱང་ཕྱེད་འཕགས་སོ། །འདིར་ནི་དཔག་མེད་ནས་ལོ་བཅུ། །ལུས་ཀྱང་དེ་བཞིན་མཚུངས་གྱུར་ཏེ། །ཕྱེད་དང་བཞི་དང་ཁྲུ་བཞིར་གྲགས། །ལོངས་སྤྱོད་ཐོག་མར་གཟུགས་ཁམས་བཞིན། །རིམ་གྱིས་ས་ཞག་མྱུ་གུའི་ཚལ། །ས་ལུ་རྣམས་ཀྱི་རོ་ལ་ཆགས། །སྲེད་པས་ཉོན་མོངས་རབ་སྐྱེས་ནས། །རྩོད་དང་ཆགས་གྱུར་མི་དགེ་སྤྱད། །མང་པོས་བཀུར་སོགས་རྒྱལ་རིགས་བྱུང་། །འདོད་ཉུང་ནགས་གནས་བྲམ་ཟེར་གྲགས། །བར་མ་རྗེ་རིགས་ཐ་མ་རྨངས། །མཐར་ནི་མི་དགེ་རྫོགས་བྱེད་པས། །མུ་གེ་ནད་དང་མཚོན་སྐལ་པ། །ལོ་ཟླ་ཞག་བདུན་གོ་རིམ་བཞིན། །དེ་རྣམས་ངན་འགྲོར་མཚུངས་པ་ཡིན། །གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། །གླིང་བཞི་ནས་ནི་གཅིག་གི་བར། །དབང་བྱེད་འཁོར་ལོ་ནོར་བུ་དང་། །གླང་རྟ་བུད་མེད་བློན་པོ་དང་། །དམག་དཔོན་བདུན་སྟེ་ཉེ་བ་ཡང་། །རལ་གྲི་ལྤགས་པ་ཁྱིམ་དང་ནི། །ཚལ་དང་གོས་ལྷམ་མལ་ཆ་བདུན། །སྦྱིན་དང་ཚུལ་ཁྲིམས་མཐུ་ལས་གྲུབ། །བདེ་སྡུག་དགེ་དང་མི་དགེ་བའི། །རྣམ་སྨིན་གྱིས་བསྐྱེད་དབང་འབྲས་ནི། །ཡུལ་སྣང་ཐུན་མོང་ཐུན་མོང་མིན། །གང་གི་སྟོབས་བྱས་སྐྱེས་བུས་བྱས། །དེ་བཞིན་སོ་སོར་ཉམས་སུ་ལོང་། །སྐྱེ་རྒ་ན་དང་འཆི་བ་ཡིས། །རྟག་ཏུ་སྡུག་བསྔལ་གནོད་པར་བྱེད། །དྲག་པོ་འོད་དཀར་ཁྲུང་ཁྲུང་དང་། །ཟླ་བ་ལྷ་མིན་མི་འམ་ཅི། །གསུངས་པ་གླིང་ནི་དུ་མ་རྣམས། །སྣ་ཚོགས་ལས་ཀྱིས་བསྐྱེད་པའོ། །ཐམས་ཅད་སེམས་ཀྱིས་བཟོས་པའོ། །མ་རྟོགས་འཁོར་བར་རབ་ཏུ་འཁོར། །དྲན་པ་ཉེ་བར་བཞག་པའི་དོན་སྣང་བར་བྱེད་པའི་ཚིག་ལེའུར་བྱས་པ་ལས། །མི་ཡི་ལེའུ་སྟེ་ལྔ་པའོ།། ༈ །།དེ་ནས་དགེ་བའི་ལས་སྤྱོད་པས། །གྲུབ་པ་ལྷ་ནི་རྣམ་པ་གསུམ། །འདོད་དང་གཟུགས་དང་གཟུགས་མེད་དོ། །འདོད་པ་དྲུག་སྟེ་དེ་རྣམས་ནི། །ཚུལ་ཁྲིམས་རྣམ་པ་བདུན་འབྲས་བུ། །དམན་དང་འབྲིང་དང་གྱ་ནོམ་ལས། །བདེ་བ་ཆུང་འབྲིང་ཆེན་པོ་གྲུབ། །དེ་གནས་གཉིས་ནི་རི་རབ་བརྟེན། །བཞི་ནི་སྤྲིན་སྤུང་ལྟ་བུར་གནས། །རི་རབ་གསེར་གྱི་ས་གཞི་ནས། །འབུམ་དང་དྲུག་ཁྲི་བརྒྱད་སྟོང་སྟེ། །ཕྱེད་ནི་ལྷ་མིན་སྔར་བརྟན་བཞིན། །སྟེང་དུ་བང་རིམ་བཞི་པ་སྟེ། །རིན་ཆེན་བཞི་ལས་གྲུབ་པ་ཡིན། །རི་བོ་ཁྲི་ཕྲག་དྲུག་བཅུས་མཛེས། །ཕྱི་རོལ་རི་བོ་གཉའ་ཤིང་འཛིན། །ལྷུན་པོའི་ཕྱེད་འཕགས་གཤོལ་མདའ་འཛིན། །སེང་ལྡེང་ཅན་དང་ལྟ་ན་སྡུག །ལྟ་ན་རྣམ་འདུད་མུ་ཁྱུད་རི། །ཕྱེད་ཕྱེད་གྱིས་དམའ་བར་ན་འཚོ། །དང་པོ་སྟོང་ཕྲག་བརྒྱད་ཅུ་སྟེ། །རོལ་མཚོ་གཞན་ནི་ཕྱེད་ཕྱེད་བྲི། །དེ་ལ་རྒྱལ་ཆེན་བཞི་རྣམས་ཀྱི། །གནས་གཞན་བཞི་ལ་བཅུ་བཅུ་སྟེ། །ཕྲེང་ཐོགས་ཡོལ་ཐོགས་རྟག་མྱོས་དང་། །པི་ཝང་གསུམ་པ་རིམ་ཅི་བཞིན། །སྲོག་གཅོད་སྤང་ཞིང་སྦྱིན་ལྡན་པའི། །ལས་བསྐྱེད་རིམ་པས་གསལ་བརྗོད་བྱ། །དང་པོ་ས་ཡི་ཆར་གནས་པ། །འདི་ཡི་ཕྱོགས་ལྟ་ཟུར་གནས་ཞེས། །གཞན་དག་གཡས་སྐོར་རིམ་པས་གནས། །གང་ཞིག་འཆི་ཚེ་དད་ལྡན་པས། །སྐྱབས་སོ་འདིར་ནི་ངེས་པར་སྐྱེ། །མཐའ་ལ་གནས་དེར་སྐྱེ་བའི་རྒྱུ། །ཚུལ་ལྡན་གྲུ་ཟམ་བྱིན་ལས་གྱུར། །འབྲས་བུ་ཉེར་འཚོའི་གནས་སུ་ནི། །བརྩེ་བས་འབྲས་བུ་སྦྱིན་པས་སྐྱེ། །ཡོན་ཏན་དཀར་པོ་སྤྱོད་པ་རུ། །མེ་ཏོག་མཆོད་རྟེན་ལ་ཕུལ་སྐྱེ། །ཐམས་ཅད་དགར་གནས་དེར་སྐྱེ་བ། །ཚུལ་ལྡན་རྒྱལ་ལ་མེ་ཏོག་མཆོད། །ནགས་ཚུལ་མཆེད་པས་ཉེན་པ་རྣམས། །ཐར་བྱེད་འགྲོ་མགྱོགས་གནས་སུ་སྐྱེ། །ཚུལ་ལྡན་ག ཞན་དག་སྡུམ་བྱེད་པ། །ཡུལ་ལ་ཆགས་པའི་ལྷ་གནས་སྐྱེ། །འདོད་ལ་ཆགས་པའི་གནས་སྐྱེ་བ། །དད་པས་ཆོས་མཉན་རྒྱུ་ལས་བྱུང་། །ཡིད་གཡོའི་གནས་དེར་དཀོན་མཆོག་ལ། །གུས་པས་ཕྱགས་དར་བྱས་པས་སྐྱེ། །ཆོས་གོས་ཕྱིར་ནི་ཅུང་ཟད་ཕུལ། །ཉེ་བའི་ཚལ་ཀྱི་གནས་སུ་འགྲོ། །དེ་རྣམས་ལས་ཀྱིས་བདེ་སྤྱོད་པ། །འཁོར་ལོ་བསྒྱུར་བས་དཔེ་བྱ་མིན། །དེ་ན་རིན་ཆེན་སྣ་ཚོགས་ཀྱི། །ཚལ་དང་མེ་ཏོག་དུ་མས་མཛེས། །ཆུ་གཙང་སྦྲང་ཆང་རྒུ་འབྲུམ་གྱི། །འབབ་ཆུ་སྣ་ ཚོགས་རབ་ཏུ་འབབ། །སྒྲ་སྙན་བྱ་དང་བུང་བས་ཁེངས། །རྒྱན་དང་གོས་དང་བཟའ་བཏུང་རྣམས། །བསམས་པ་ཙམ་གྱིས་འབྱུང་འགྱུར་ཞིང་། །མཛེས་པའི་ལྷ་མོ་བརྒྱ་ཕྲག་གིས། །སྣ་ཚོགས་མཆོད་པའི་སིལ་སྙན་སྒྲོགས། །མེ་ལོང་ཚལ་དུ་སྔོན་གྱི་ལས། །སྣང་འགྱུར་བདེ་བ་དཔག་ཏུ་མེད། །རླུང་ལྟར་གར་འདོད་གནས་སུ་རྒྱུ། །གནས་འདིར་ལུས་ཀྱི་རྩིབས་ལོགས་ནས། །ཞག་བདུན་ན་སྐྱེ་བདེ་ལྡན་འགྱུར། །གཉིས་པ་ལག་ན་ཡོལ་ཐོགས་ཀྱི། །གནས་ནི་པད་མའི་ནང་རྒྱུ་དང་། །བུང་བ་སྒྲ་གཉན་སྒྲ་ལ་ཆགས། །དྲིས་དྲེགས་དགའ་དང་རླུང་ལ་སྤྱོད། །མེ་ཏོག་ཕྲེང་དགའ་ཀུན་དུ་ལྟ། །རྟག་ཏུ་དགའ་དང་དྲི་ལ་ཆགས། །སྤྱི་གཙུག་ཐར་ཏེ་རྣམ་པ་བཅུ། །དེར་སྐྱེ་རྒྱུ་ནི་སྲོག་གཅོད་སྤངས། །སྡོམ་ལྡན་ཁྱད་པར་བྱེ་བྲག་ནི། །དཀོན་མཆོག་དད་པས་ཕྱག་བྱེད་དང་། །སྙིང་རྗེའི་སེམས་ལྡན་མཆོད་རྟེན་མཆོད། །དད་པས་རྒྱལ་ལ་གདུགས་ཕུལ་དང་། །མཆོད་རྟེན་ལ་ནི་དྲི་ཆབ་ཕུལ། །ཚད་དུས་དགེ་སློང་རླུང་ཡབ་བྱིན། །སྐོམ་དང་ངལ་ལ་ཆུ་ཕུལ་དང་། །ནད་པའི་རིམ་འགྲོ་བྱས་པ་དང་། །བཙོན་རར་གནས་པ་ཐར་པར་བྱེད། །དཀོན་མཆོག་ལ་ནི་གོས་མཆོག་འབུལ། །གཙུག་ནས་བཅིངས་པ་ཐར་བྱེད་པའོ། །འདི་རྣམ་བདེ་བ་སྔ་མ་ལས། །ཤིན་ཏུ་ལྷག་ཏེ་བརྫུས་སྐྱེས་ལྡན། །སྣ་ཚོགས་རི་བོ་ལྗོན་པ་དང་། །རིན་ཆེན་ལས་གྲུབ་འོད་སྟོང་འཕྲོ། །རོལ་མོ་སྒྲ་སྙན་བྱ་རྣམས་ཀུན། །ཐོས་པས་ཡིད་འཕྲོག་ངོམས་པ་མེད། །བཏུང་བ་སྣ་ཚོགས་འབབ་ཆུ་རྣམས། །དེ་བཞིན་བཟའ་བ་དཔག་ཏུ་མེད། །ཁ་དོག་སྣ་ཚོགས་གོས་རྣམས་ཀུན། །ཡང་ཞིང་རེག་ན་བདེ་བ་ཡིན། །སྣ་ཚོགས་སྤོས་ཀྱི་ངད་ལྡང་ཞིང་། །གང་འདོད་རླུང་ནི་ཀུན་དུ་ལྡང་། །གཟུགས་མཆོག་རྒྱན་རྣམས་ཀྱིས་མཛེས་པ། །ལྷ་མོ་རྣམས་དང་ལྷན་ཅིག་བརྩེ། །ཡུལ་ལྔ་བདེ་བ་དཔག་ཏུ་མེད། །ཕྱིར་ཞིང་སྲེད་པ་འཕེལ་བྱེད་པས། །མ་ཚིམ་སྲིད་པ་གཞན་ཏུ་འཕོ། །དེ་ནས་གསུམ་པ་རྟག་མྱོས་ཀྱི། །གནས་ནི་བཅུ་སྟེ་དང་པོ་ནི། །ལྷག་དགའ་ཞེས་བྱ་དེར་སྐྱེའི་རྒྱུ། །ལྷ་དང་གནོད་སྦྱིན་གནས་པ་ཡི། །ལྗོན་པ་མི་གཅོད་ཚུལ་ལྡན་པའོ། །གང་གིས་ཨུཏྤལ་བསྐྱེད་བྱས་ནས། །དད་པས་ཕུལ་གང་ཨུཏྤལ་མདོག ཚུལ་ལྡན་པད་ཚལ་རབ་འབུལ་གང་། །པད་དཀར་སྤྱོད་པའི་གནས་དེར་སྐྱེ། །ཆོས་གོས་དམར་པོ་དད་པས་འབུལ། །དམར་པོ་སྤྱོད་པའི་ལྷ་གནས་སྐྱེ། །ཚུལ་ལྡན་བཟའ་བཏུང་སྦྱིན་བྱེད་གང་། །སྣ་ཚོགས་གནས་སྐྱེ་བདེ་མཆོག་ལྡན། །ཚ་གྲང་སྐྱོབ་པའི་གནས་སྦྱིན་པ། །དེ་ནི་མཐོ་བར་གནས་སུ་སྐྱེ། །ཚིམ་བྱེད་བཟའ་བཏུང་གཏེར་བ་ནི། །རྒུན་ཆང་རྟག་མྱོས་དེར་སྐྱེས་འགྱུར། །ཡོ་བྱད་བྱིན་ཏེ་ནད་སོས་པས། །དགའ་དེ་ཡུལ་ལ་འདོད་དུ་སྐྱེ། །སྙིང་རྗེས་འཆི་ཁར་སྐོམ་བླུད་པས། །ཆུ་བསིལ་གནས་སྐྱེ་བདེ་བར་སྤྱོད། །བསྟན་དགར་སྐྱེ་བར་བྱེད་པའི་རྒྱུ། །དགེ་སློང་ངེས་འབྱུང་རྐྱེན་བྱས་པའོ། །གནས་འདི་རྣམས་ནི་ཐམས་ཅད་ཏུ། །གོང་མ་གཉིས་ལས་བཅུ་འགྱུར་གྱི། །བདེ་ལྡན་ལོངས་སྤྱོད་ལྡན་པ་ཡིན། །མཛེས་མའི་ལྷ་མོ་མྱོས་མ་དང་། །བྱ་དང་བུང་བ་མྱོས་པ་རྣམས། །གླུ་དང་གར་བྱེད་འབྲེལ་བ་བཞིན། །མ་དྷ་ར་དང་རིན་ཆེན་བརྒྱན། །བསམ་གྱིས་མི་ཁྱབ་སིལ་སིལ་སྒྲོགས། །འདོད་པའི་ཡོན་ཏན་དྲུག་པོ་ཡི། །ཁྱད་པར་དགའ་བ་རྟག་ཏུ་འཕེལ། །ཁང་བཟང་བསྐྱེད་ཚལ་མེ་ཏོག་ཚོགས། །ཉི་མ་བཞིན་དུ་རབ་ཏུ་འབར། །ཡུལ་གྱི་ཁྱད་པར་མཛེས་པ་རྣམས། །བསམ་མི་ཁྱབ་པས་མྱོས་པ་ཡིན། །དེ་ནས་བཞི་པ་རྒྱལ་པོ་བཞི། །གནས་པ་པི་ཝང་གསུམ་པའི་གནས། །དཔག་མེད་ལོངས་སྤྱོད་གཉིས་སྲེད་པས། །དེར་སྐྱེའི་རྒྱུ་འབྲས་ལྷན་ཅིག་བཤད། །དང་པོ་དྲི་དགའ་ཞེས་བྱ་བར། །སྐྱེ་བའི་རྒྱུ་ནི་དགེ་འདུན་ལ། །ཀུན་དགའ་ར་བ་བསྐྱེད་ཚལ་ཕུལ། །དེ་འབྲས་སྐྱེད་ཚལ་མཚུངས་མེད་ལྡན། །སྙིང་རྗེས་འཆི་ཁར་སྐོམ་བླུད་པས། །ལོག་ལྟ་བཟློག་ཕྱིར་ཆོས་སྟོན་པ། །སྒྲ་སྙན་གནས་སྐྱེ་ཁྱད་པར་དུ། །གནས་དེར་ལྷ་མོ་སྒྲ་ཉན་ཅིང་། །བྱ་དང་བུང་བ་མཛེས་པ་ཡིན། །སྐོམ་སྦྱིན་འགྲོན་པོ་བདེ་བྱེད་གང་། །དེ་ལ་ཆགས་སྐྱེ་གནས་དེ་ནི། །མཚུངས་མེད་ལྗོན་པ་བྱ་རྣམས་དང་། །རི་བོ་རྣམས་ཀྱིས་བརྒྱན་པ་ཡིན། །སྙིང་རྗེ་ཆེ་ལྡན་འཆི་བ་ལ། །སྨན་དང་ཆུ་སྟེར་སྐྱོར་ཆུ་སྐྱེས། །གནས་སྐྱེ་ལོངས་སྤྱོད་དཔག་མེད་ཅིང་། །ཁྱད་པར་དུས་དྲན་བྱ་རྣམས་ཡོད། །ལྷ་ཁང་མཆོད་རྟེན་སྐྱང་ནུལ་བྱེད། །ལུས་དཀར་དུ་སྐྱེས་གནས་དེ་ནི། །ཚལ་རྣམས་ཁ་དོག་སོ་སོ་སྟེ། །རང་ལུས་དེ་ཡི་ཁ་དོག་འགྱུར། །ཕན་ཚུན་དགའ་ལྡན་ཚུལ་ཁྲིམས་གཅོད། །སྦྱིན་ལས་བྱུང་སྟེ་དེར་སྐྱེས་པས། །སྣ་ཚོས་འདྲེས་པའི་ཚལ་ལྡན་པས། །ལྷག་པར་འདོད་པས་མྱོས་པ་ཡིན། །ཡང་དག་ཆགས་སྤྱོད་དེར་སྐྱེ་བ། །ལས་བྱེད་ཁྱིམ་པ་གཟེངས་བསྟོད་ནས། །དགེ་ལ་སྦྱར་བྱས་ལྷ་མོས་བཏུད། །འདིར་ནི་འཕགས་སྐྱེས་གནས་པ་ཡིན། །ཆོས་ལྡན་སྦྱིན་ལ་དད་བྱེད་པས། །འཁོར་དང་རྣམ་སྤྱོད་གནས་སུ་སྐྱེ། །དེར་ནི་རྣམ་པ་དུ་མ་ཡིས། །ཡུལ་དྲུག་མྱོས་པར་བྱེད་པ་ཡོད། །དཀྱིལ་ཀྲུངས་བཅས་སྐྱེར་མུ་གེའི་དུས། །སྦྱིན་དང་ཆུར་སྐྱེས་བྱིན་པས་སྐྱེས། །འཛམ་བུའི་ཚལ་སོགས་རབ་དགའ་བར། །འབོད་པ་ཞེས་བྱ་བྱ་རྣམས་ཡོད། །སྤྱོད་ལྡན་གནས་སུ་སྐྱེ་བའི་རྒྱུ། །འཐབ་འཁྲོལ་གནོད་པ་ཐར་བྱེད་པའོ། །གཟུགས་ཀྱིས་ལྷག་མྱོས་མེ་ལོང་ཚལ། །རྒྱལ་ཆེན་མིག་མི་བཟང་གནས་སོ། །ཡུལ་འཁོར་སྐྱོང་ནི་ཤར་ཕྱོགས་ཏེ། །ལུས་ངན་བྱང་ཕྱོགས་ལྕང་ལོ་ཅན། །གཞན་ཡང་ཡུལ་པ་འཕགས་པར་སྐྱེས། །སྣ་ཚོགས་གཟུགས་དང་ལྕང་ལོ་ཅན། །ངོས་ལ་ཉིས་བརྒྱ་ལྔ་ཅུ་པ། །གཉའ་ཤིང་འཛིན་སྟེང་གནས་པ་སྟེ། །དཔག་མེད་བཀོད་པ་ལོངས་སྤྱོད་ལྡན། །དེ་འཁོར་ཀུན་དུ་རྒྱུ་བའི་ལྷ། །བྱེ་བ་ཕྲག་ནི་སུམ་ཅུ་དྲུག །དེ་རྣམས་གནས་པའི་གཞལ་ཡས་ཁང་། །གཟའ་སྐར་ཞེས་ཀྱང་འཇིག་རྟེན་གྲགས། །ཉི་ཟླ་གཉིས་ནི་ལྷ་གནས་ཏེ། །དཔག་ཚད་ལྔ་ཅུ་གཅིག་དང་བཅས། །གྱེན་འཐུར་འཕང་བའི་མདའ་ཡབ་དང་། །ནང་ན་སྐྱེད་ ཚལ་གྲོང་ཁྱེར་དང་། །ལྟེང་ཁས་བརྒྱན་ཅིང་ལོངས་སྤྱོད་ལྡན། །འཁོར་ལོའི་རླུང་གིས་འདྲེན་པ་ཡིན། །ནམ་ཕྱེད་ཉི་མ་ནུབ་པ་དང་། །ཉི་མ་ཕྱེད་དང་འཆར་དུས་ཅིག །ཉི་མའི་འོད་དང་རང་གྲིབ་ལ། །བརྟེན་ནས་ཟླ་བ་འཕེལ་འགྲིབ་བྱེད། །འདིར་ནི་ཚུལ་ལྡན་བརྩེ་བ་ཅན། །ཁྱད་པར་སྒྲོན་མེ་བྱིན་པའི་མཐུ། །འཇིག་རྟེན་སྐྱོང་བ་བཞི་པོ་ནི། །ཚུལ་ཁྲིམས་བསོད་ནམས་གཞན་པས་ལྷག །སྣ་ཚོགས་ལོངས་སྤྱོད་བསམ་མི་ཁྱབ། །སེམས་ཀྱི་ཀུན་རྟོག་དགེ་བ་ཡིན། །གྲངས་བཞིན་ཡུལ་ཀྱང་དེ་འདྲར་སྣང་། །འདི་ལྟར་ལྷ་གནས་བཞི་བཅུ་རུ། །སྐྱེས་ནས་བདེ་བ་མང་སྤྱད་ཀྱང་། །དེ་ཟད་ངན་འགྲོར་ལྟུང་བར་བྱེད། །འདི་རྣམས་ཚེ་ནི་མི་རྣམས་ཀྱི། །ལྔ་བཅུའི་ལོ་ལ་ཞག་གཅིག་སྟེ། །རང་ལོ་ལྔ་བརྒྱ་མི་ལོ་ནི། །ས་ཡ་གཅིག་དང་འབུམ་ཕྲག་བརྒྱད། །མིར་སྐྱེས་ན་ནི་རྒྱུ་མཐུན་གྱིས། །ཕྱུག་ཅིང་སྐལ་བཟང་འཁོར་མང་ལྡན། །རྟག་ཏུ་ཆོས་ལ་དགའ་བར་འགྱུར། །དེ་ནས་སུམ་ཅུ་རྩ་གསུམ་དུ། །སྐྱེ་འགྱུར་རྒྱུ་འབྲས་རྣམ་པར་དབྱེ། །གང་གིས་ཚུལ་ཁྲིམས་རྣམ་པ་བདུན། །མ་རལ་སྐྱོན་མེད་སྲུང་བ་དང་། །དགྲ་བཅོམ་ཕ་མ་བསམ་གཏན་པ། །མཆོད་བཅས་སྲོག་སྦྱིན་སྟོང་ཕྲག་གིས། །མིག་སྟོང་འདྲེན་པར་སྐྱེ་བར་འགྱུར། །དེ་ནི་ལྷ་ཡི་དབང་ཕྱུག་སྟེ། །བྱེ་བ་དགུ་བཅུ་རྩ་དགུ་ཡི། །ལྷ་མོ་མཛེས་མ་རྣམས་ཀྱིས་མཆོད། །དེ་རྣམས་མཆོག་ནི་བདེ་སོགས་ཏེ། །དེ་སོགས་ལྷ་ཡི་རིན་ཆེན་རྣམས། །བླ་ན་མེད་ལ་དབང་ཕྱེད་ཡིན། །ལྷུན་པོའི་རྩེ་ལ་བརྒྱད་ཁྲི་སྟེ། །ལྟ་ན་སྡུག་དབུས་ཆོས་བཟང་གནས། །དཔག་ཚད་ལྔ་བརྒྱ་རིན་ཆེན་གྱི། །རང་བཞིན་སྐྱེད་ཚལ་བཞི་དང་ལྡན། །བུད་མེད་དགའ་ཚལ་ཀུན་དགའི་ཚལ། །དཔེ་མེད་ཐམས་ཅད་འབྱོར་པ་བཞི། །དེ་སོགས་ཉེ་བའི་ཚལ་དང་བཅས། །ཐམས་ཅད་སྣ་ཚོགས་ལྗོན་པ་ནི། །དཔག་མེད་རྫིང་བུ་དུ་མས་བརྒྱན། །ཟླ་བཟང་པད་ཆེན་མ་དྷ་ར། །རིན་ཆེན་མེ་ཏོག་དུ་མར་ལྡན། །སྒྲ་སྙན་ལེགས་སྦྱར་སྨྲ་བ་ཡི། །བུང་བ་བྱ་རྣམས་དུ་མས་གང་། །དུས་དང་དུས་མེད་ཚལ་རྣམས་ན། །ལྷ་ཡི་གོས་དང་རྒྱན་དང་ཟས། །ཁ་དོག་བཞི་ལྡན་ཡིད་བཞིན་འབྱུང་། །ཁང་བརྩེགས་མཛེས་པ་དཔག་མེད་དང་། །རིན་ཆེན་བྱེ་མ་བརྡལ་བ་དང་། །མཉེན་བཀྲ་ཆེད་དུ་བཤམས་པ་བཞིན། །ཉི་ཟླ་ལས་ལྷག་འོད་ལྡན་པ། །སྣ་ཚོགས་གཞོན་པ་དུ་མ་དང་། །དུས་འབྲང་ཙན་དན་སྣ་ཚོགས་དྲི། །དཔེ་བྱར་མེད་པ་རྣམས་དང་ལྡན། །མངའ་བདག་ཀོའུ་ཤི་ཀའི་ཡིས། །ལྷ་རྣམས་ལེགས་སྟོན་ཕ་དང་འདྲ། །སྣ་ཚོགས་བདེ་བ་མྱོང་བར་བྱེད། །དེ་སྲས་ཆོས་བཟངས་ལྷ་ཀུན་ཀྱང་། །ལྷ་རྣམས་བདེ་བ་དཔེ་མེད་ལྡན། །སྲོག་གཅོད་མ་བྱིན་ལེན་སྤང་ཤིང་། །སྦྱིན་དང་གུས་པས་བསྐྱེད་པ་ཡིན་། །དེ་ན་གཉིས་པ་མཐོར་གནས་སུ། །སྐྱེ་བའི་རྒྱུ་ནི་གཞན་གང་དག །སྲོག་གཅོད་མ་བྱིན་ལེན་བྱེད་པ། །སྤོང་ལ་སྦྱར་བའི་གནས་དེ་ནི། །བཟའ་བཏུང་ཆུ་བོ་དུ་མ་དང་། །ལྗོན་ཚལ་གྱིས་བསྟེན་བདེ་ལྡན་ཡིན། །གསུམ་པ་ རི་རྩེར་གནས་ཞེས་བྱ། །གསོད་དང་བུར་ཤིང་སོགས་རྐུ་བ། །སྤངས་ཤིང་གཞན་ཡང་དེར་སྦྱོར་བའོ། །དེ་ན་སྐྱེད་ཚལ་དྲུག་ཡོད་དེ། །ཡུལ་ལྔ་ལྷ་མོ་དུ་མ་དང་། །རབ་མྱོས་བདེ་བ་དཔག་ཏུ་མེད། །བཞི་པ་ལྟ་ན་སྡུག་གནས་པའི། །ལྷ་རྣམས་མཚོན་དང་ཆུ་ལས་ནི། །སྲོག་འདོན་བྱེད་དང་ཉམ་ང་བའི། །མ་བྱིན་ལེན་པ་སྤངས་པས་སྐྱེ། །དཔག་ཚད་ཁྲི་པ་གསེར་རང་བཞིན། །དགུ་བརྒྱ་དགུ་བཅུ་གོ་དགུའི་སྒོ། །གནོད་སྦྱིན་ཀྱིས་བསྲུངས་སྲང་མཉམ་ཞིང་། །རྫིང་བུ་བསྐྱེད་ཚལ་བཞི་མདོ་རྣམས། །ལྷ་མོས་མཛེས་བྱས་སིལ་སྙན་རྡུང་། །གཡེར་ཀ་མུ་ཏིག་ཕྲེང་བས་མཛེས། །རིན་ཆེན་ཤིང་རྟར་བཞོན་ཅིར་འགྲོ །ཕུན་ཚོགས་བདེ་བར་ལྡན་པ་ཡིན། །ལྔ་པ་ཕྱོགས་ཅིག་གནས་སྐྱེ་བའི། །རྒྱུ་ནི་དབུལ་ཡང་སྦྱིན་བྱེད་དང་། །ལོག་གཡེམ་བཟུང་བ་མཐར་བྱེད་པའོ། །དེ་ནི་འོད་དང་རྒྱན་རྣམས་ཀུན། །གཞན་པས་ལྷག་འགྱུར་ལྷ་མོ་རྣམས། །མཆོད་བྱེད་བདེ་ལྡན་སྨད་དུ་བྱུང་། །དྲུག་པ་ཤིང་བསེབ་གནས་པའི་ལྷ། །དེར་སྐྱེ་བྱེད་རྒྱུ་ཕ་མ་དང་། །རྒྱལ་ལ་དད་བྱེད་རྐུན་པོ་རྣམས། །ཐར་བྱེད་གཞན་ཕན་ལྡན་ཅིང་དྲང་། །དེར་ནི་ལྗོན་ཚོགས་ཁང་བཟང་དང་། །རྫིང་བུ་བྱ་བཞིན་རྗེས་འབྲེང་ཞིང་། །ལྷ་མོ་རྣམས་དང་བཅས་པ་རྣམས། །བདེ་བ་དུ་མ་དཔེ་ལས་འདས། །བདུན་པ་ཤིང་རྟ་སྣ་ཚོགས་སུ། །སྐུ་གཟུགས་མཆོད་རྟེན་ལོངས་སྤྱོད་རྣམས། །འཕྲོག་པ་ཚིག་འཇམ་བཟློག་པས་སྐྱེ། །གནས་དེར་རིན་ཆེན་ཤིང་རྟ་རྣམས། །རྫིང་བཅས་བཀྲ་བའི་མེ་ཏོག་ལྡན། །རིན་ཆེན་སྤེལ་མའི་ལྗོན་པར་ལྡན། །གང་ཚེ་གཡུལ་འགྱེད་བྱེད་པ་ན། །ཚལ་དེར་ལོངས་སྤྱོད་ལེན་པ་ཡིན། །བརྒྱད་པ་དགའ་ནས་དེར་སྐྱེ་བ། །བྱ་རྣམས་བསོད་སྤངས་ལོངས་སྤྱོད་དག །མ་བྱིན་མི་ལེན་ཆོས་སྟོན་པའོ། །དཔག་ཚད་སུམ་སྟོང་རིན་ཆེན་གྱི། །ལྗོན་པས་གང་ཞིང་དེ་རྣམས་ལས། །ཁང་ཁྱིམ་བཟའ་བཏུང་ལོངས་སྤྱོད་ཚོགས། །ཐམས་ཅད་བསམ་པ་ཙམ་གྱིས་འབྱུང་། །དེར་ནི་ལྷའི་དབང་པོ་ཡང་། །གླང་པོ་ས་སྲུངས་སྤྲུལ་བྱེད་ཅིང་། །དགའ་སྤྱོད་བྱེད་ཅིང་འགྲོ་བ་ཡིན། །དགུ་པ་རྣམ་མཛེས་ཞེས་བྱའི་གནས། །དེར་ནི་སྲོག་ཆགས་ཕྲ་མོ་རྣམས། །མི་གསོད་རྫ་མཁན་སོགས་ཀྱི་རྫས། །མ་བྱིན་ལེན་པ་སྤངས་པས་སྐྱེ། །གསེར་ཚལ་རིན་ཆེན་དྲ་བས་དཀབ། །བཻ་ཌཱུརྻ་ཡི་གཡེར་ཀ་ལས། །ཆོས་སྒྲ་ཚིག་བཅད་སྙན་པ་འབྱིན། །ཚལ་འདིར་གཡུལ་འགྱེད་སྔོན་འགྲོ་སྟེ། །ཕམ་རྒྱལ་གནོད་པ་སྣང་བར་མཐོང་། །དེ་ཕྱིར་ཚལ་འདི་འཕགས་པ་ཡིན། །བཅུ་པ་ཡོང་འདུར་སྐྱེ་བའི་རྒྱུ། །ཕ་ལ་བཀུར་བྱེད་སྡོམ་ལྡན་པས། །ཁ་ན་མ་ཐོ་ཕྲ་མོ་འཛེམ། །དེ་ཡི་ལྗོན་པ་ཁྱད་འཕགས་ཏེ། །མི་རྣམས་ཆོས་ཚུལ་ལྡན་མི་ལྡན། །ཤེས་ཏེ་བདེ་བ་དུ་མ་ཡོད། །དེར་ནི་ལྷ་ཀུན་རྒྱལ་ལ་མཆོད། །དབྱར་གྱི་ཀུན་དགའ་སྤྱོད་པ་ཡིན། །བཅུ་གཅིག་འདྲེས་པའི་འགྲམ་གནས་པ། །སྲོག་ཆགས་ཕྲ་མོ་གསོད་རྒྱུ་སྤོང་། །ཤིང་ཡང་མ་བྱིན་མི་ལེན་པའོ། །དེར་སྐྱེས་བདེ་བ་མྱོང་འགྱུར་ཏེ། །སྣ་ཚོགས་ གཞི་བཀྲ་མཉེན་པའི་ཚལ། །དུ་མར་ལྷ་མོ་རྣམས་དང་བརྩེ། །བཅུ་གཉིས་ཚང་ཚིང་འགྲམ་གནས་ཏེ། །ཁྲིམས་ལྡན་གཞན་ཡང་བསམ་གཏན་པ། །སྦྱིན་བྱེད་གནས་དེར་སྐྱེ་བ་སྟེ། །དུས་ཀྱི་ཚལ་དུ་བདེ་སྤྱོད་ཅིང་། །སྣ་ཚོགས་བྱ་ཡི་བཞོན་པ་དང་། །བཅས་ཏེ་འབབ་སྟེགས་ལྟ་བུར་བདེ། །བཅུ་གསུམ་ནོར་བུའི་སྙིང་པོ་སྟེ། །སྦྲང་རྩིར་གནས་ལ་མི་འཚེ་ཞིང་། །མར་མེ་འོད་ཀྱང་འཛེམ་སྤྱོད་པ། །གཞན་ཡང་མི་དགེ་ལོག་པས་སྐྱེ། །གནས་དེ་ཉི་མ་བརྒྱ་ཡི་འོད། །འཕྲོག་བྱེད་ཚལ་དང་ལྷ་མོར་ལྡན། །བཅུ་བཞི་ཀུན་དུ་གསལ་སྤྱོད་དུ། །ཆུ་དང་ལོ་མར་གནས་པ་ཡི། །སྲོག་མི་འཚེ་ཞིང་ཤིང་ཐོག་སོགས། །མ་བྱིན་ལེན་སྤོང་སྨན་སྦྱིན་པ། །མེ་ཏོག་ཁྱིམ་དང་བྱ་རྣམས་ཀྱིས། །ཕྱེ་བའི་ཚལ་དུ་ལྷ་མོས་དགའ། །བཅོ་ལྔ་བ་ནི་གསེར་ཕུག་གི །ཁང་པ་ཡིན་ཏེ་དེར་སྐྱེའི་རྒྱུ། །དགྲ་ཡང་སྐྱོབ་བྱེད་སྡོམ་ལྡན་ཞིང་། །སྲོག་ཀྱང་བཏང་སྟེ་གཞན་ཕན་བརྩོན། །རང་གི་ཟས་ཀྱང་སྦྱིན་པའོ། །བརྒྱ་བྱིན་དགའ་བའི་གསེར་གནས་དེར། །དགའ་ཚལ་ཀུན་ལས་ཁྱད་འཕགས་ཡོད། །སྔོན་ནི་ང་ལས་ནུ་ཡི ས་སྤྱད། །འཕྲེང་བའི་གྲིབ་མ་བཅུ་དྲུག་པ། །དུང་དང་ཆུ་སྲིན་ཉ་རྣམས་ཀྱི། །སྲོག་མི་གཅོད་ཅིང་དཀོན་མཆོག་གི །སྤོས་ཀྱང་བདག་གིར་མི་བྱེད་པའོ། །དེར་ནི་རིན་ཆེན་གྲིབ་ཤིང་ཀུན། །མཆོག་ཏུ་བཟང་ལྡན་གཞལ་མེད་དང་། །རྫིང་བུ་དུ་མ་མེ་ཏོག་བཀྲ། །རིན་ཆེན་བྱ་དང་བུང་བས་གང་། །དེ་ལས་གཞན་ཡང་བཅུ་བདུན་པ། །མཐོ་དམན་རྒྱུ་ཞེས་བྱ་བ་དེར། །སྐྱེ་བའི་རྒྱུ་ནི་སྦྲུལ་ལ་སོགས། །མི་གསོད་མ་བྱིན་ལེན་སྤངས་མཐུས། །ལྷ་མོ་རྣམས་དང་བྱ་ཚོགས་དང་། །བུང་བ་དང་བཅས་རི་དང་ཚལ། །ཀུན་དུ་འདོད་པའི་ཡོན་ཏན་ལྡན། །སྤྱོད་ཀྱང་ཚིམ་པ་མེད་པ་ཡིན། །སྣ་ཚོགས་བཀྲ་བས་ཕྱེ་བ་ཡིན། །བཅོ་བརྒྱད་པ་སྟེ་དེར་སྐྱེ་བ། །སྲོག་སྐྱོབ་དྲང་ཞིང་གཡོ་སྒྱུ་བྲལ། །གཞན་ཕན་བྱེད་ལྡན་ཡིད་རང་བའོ། །དེ་ནི་ཡུལ་ལྔ་མཚུངས་མེད་པ། །ཐོབ་ནས་ཆགས་འགྱུར་ལྷ་མོ་དང་། །ལྷན་ཅིག་ཡིད་འོང་ཚལ་དུ་བརྩེ། །བག་མེད་གྱིས་བཅོམ་སྲིད་གཞན་འགྲོ། །སྦྱོར་བ་འཇུག་པ་ཞེས་བྱའི་གནས། །བཅུ་དགུ་པའོ་དེར་སྐྱེའི་རྒྱུ། །སྲོག་གཅོད་མ་བྱིན་ལེན་པ་ཡི། །རྣམ་པ་ཀུན་སྤོང་སྦྱིན་ལྡན་པའོ། །ཀ་ར་བི་རའི་ཚལ་མཛེས་ཡོད། །གནས་ཀུན་ལྟ་བྱེད་ལོངས་སྤྱོད་རྣམས། །ཐོབ་ཅིང་བདེ་བས་ཚིམ་པ་མེད། །ཉི་ཟླའི་གནས་ཀྱང་ལྟ་བར་བྱེད། །ཉི་ཤུ་པ་ནི་ཞིབ་སྤྱོད་དེ། །དེར་ནི་དྲང་ཞིང་བཟང་པོར་སྤྱོད། །ཕྲ་མོའི་སྲོག་ལའང་མི་འཚེ་དང་། །ཁེ་དང་གཞན་གནོད་སྤངས་པས་སྐྱེ། །དཔག་ཚད་ཉི་ཤུ་ཕྱེད་བཅས་པའི། །སྣ་ཚོགས་ཚལ་དང་སྤོས་བརྩེགས་རི། །མུ་ཏིག་འཕྲེང་ལྡན་འབབ་ཆུར་ལྡན། །དེར་གནས་ལྷའི་དབང་པོ་དགྱེས། །གླུ་སྒྲ་ཤིན་དུ་ཆགས་པའི་གནས། །ཉི་ཤུ་གཅིག་པའི་དེར་སྐྱེ་བ། །འབྲུ་གནས་སེམས་ཅན་སྲོག་མི་གཅོད། །དུད་འགྲོ་ཀུན་ལ་ཕན་པ་དང་། །ཆོས་དང་སྲོག་སྦྱིན་བྱས་པས་སོ། །འདི་ན་ཁྱད་ འཕགས་མྱོས་འགྲོ་འདུལ། །ཞེས་བྱའི་ཁང་བཟང་ཕུལ་བྱུང་བ། །བཅོམ་ལྡན་འཁོར་བ་འཇིག་བཞུགས་ཡོད། །དེ་ན་བྱ་རྣམས་སྒྲ་འབྱིན་པ། །ཇི་ལྟར་པད་མའི་ཚལ་ནང་དུ། །རྗེན་ཟ་བྱ་རྒོད་མཛེས་མ་ཡིན། །དེ་བཞིན་ཞི་བའི་དགོན་པ་རུ། །མི་དགེ་སྤྱོད་པ་མི་མཛེས་སོ། །ཇི་ལྟར་ཉི་མའི་འོད་གྲང་ན། །ལོག་པར་གྱུར་ཏེ་མི་མཐུན་ལྟར། །བག་མེད་ལྷ་རྣམས་ག་ལ་ཞིག །ཞི་བའི་ཚལ་དུ་ག་ལ་དགའ། །སྲེད་དང་བྲལ་བའི་བདེ་བ་དང་། །སྡུག་བསྔལ་གྲོལ་བའི་སྐྱོབ་པ་གང་། །བདེ་བ་དེ་ཡི་ཁྱད་པར་ལས། །བདེ་འདི་གྲངས་སུ་མི་བརྩིའོ། །རབ་ཏུ་མྱོས་མེད་བསམ་གཏན་པ། །ཀུན་དུ་ཞགས་ལས་གྲོལ་བ་ཡི། །བདེ་བ་དེ་ནི་བདེ་མཆོག་སྟེ། །སྲེད་པས་བསླུས་པ་འདི་མ་ཡིན། །ཚལ་འདི་ཐུབ་པས་བརྟེན་པ་སྟེ། །ཤིན་དུ་བསྒོམ་པ་རྣམས་ཀྱིས་བརྟེན། །ལྷ་མཆོག་འདོད་ཆགས་ཡིད་བྱེད་ཀྱེ། །བསྟེན་པར་འོས་པ་མ་ཡིན་ནོ། །ཞེས་སོགས་དུ་མ་སྒྲོགས་པ་ཡོད། །གཞལ་མེད་ཁང་ཆེན་མཛེས་པ་དེའི། །ལོགས་ལ་རྒྱལ་བས་ཚིགས་བཅད་བྲིས། །གཡང་སར་ལྷུང་བའི་གང་ཟག་ནི། །གལ་ཏེ་འཚོ་བར་འགྱུར་ཡང་སྲིད། །བག་མེད་པར་ནི་ལྟུང་བ་དག །ནམ་ཀྱང་བདེ་བ་མི་འཐོབ་བོ། །གལ་ཏེ་ལས་རྣམས་ཐམས་ཅད་ལ། །གང་ཟག་ཤིན་དུ་བག་མེད་པ། །དེ་ནི་ཉིན་དང་མཚན་དག་ཏུ། །ནམ་ཀྱང་དགེ་བར་མི་འགྱུར་རོ། །འཇིག་རྟེན་ཅུང་ཟད་བདེ་གང་དང་། །འཇིག་རྟེན་འདས་པའི་བདེ་བ་གང་། །དེ་དག་བག་མེད་པ་ཡིས་འཇིག །དེ་བས་དེ་ནི་ཡོངས་སུ་སྤོངས། །ཞེས་སོགས་ལྷ་ཀུན་དོན་མཛད་དོ། །འདི་ནི་དེ་བས་རྨད་དུ་བྱུང་། །ཉི་ཤུ་གཉིས་པ་གཟི་བརྗིད་འབར། །དེར་ནི་སྔོན་བཞིན་སྡོམ་ལྡན་ཞིང་། །ཕ་མ་དཀོན་མཆོག་མཆོད་པས་སྐྱེ། །གསེར་རི་ཆུ་རྣམས་ལྷུང་ལྷུང་སྒྲོགས། །ལྷ་མོ་གར་བྱེད་ཡིད་གཡོ་བ། །པད་ཚལ་དཔག་ཚད་ལྔ་བརྒྱ་པ། །བྱ་རྣམས་ཆོས་སྒྲ་སྒྲོགས་པ་ཡོད། །བདེ་བ་དུ་མ་རྗེས་སུ་མྱོང་། །ཟླ་བའི་གནས་ལྟར་རྒྱུ་བ་ནི། །ཉི་ཤུ་གསུམ་པའོ་དེར་འགྲོ་བ། །སྐུ་གཟུགས་བཞེངས་དང་སྡོམ་ལྡན་པའོ། །ཟླ་བ་ལ་ནི་བཅུ་འགྱུར་དུའོ། །འོད་གསལ་ཡུལ་ལྔ་ལྷག་པར་བདེ། །རང་གིས་བྱས་པའི་ལས་འབྲས་ལྡན། །ས་ལ་ཟུང་ནི་ཉེར་བཞི་པ། །དེར་ནི་སྡོམ་ལྡན་རྒྱལ་ལ་གུས། །ཆུ་དང་ཐང་གནས་གཞན་ཕན་བྱེད། །ངན་སྤྱོད་འགྲོགས་པ་སྤངས་པས་སྐྱེ། །གནས་འདི་ཀུན་ནས་ལྷག་པ་སྟེ། །ས་ལའི་སྟེང་མ་རྫིང་ན་རྫིང་མཆོག་ཡོད། །ལྷ་ཀུན་བག་མེད་བཟློག་པའི་ཕྱིར། །སྔོན་ནི་རྒྱལ་བ་འོད་སྲུང་གིས། །གཅིག་ཏུ་ལས་ཀྱི་མེ་ལོང་སྤྲུལ། །ལྷ་རྣམས་མཆོག་དང་བར་མཐའ་ཡི། །ལས་ཀུན་མཐོང་བར་བྱིན་གྱིས་བསླབས། །གཅིག་ན་ཁང་བཟང་མཆོག་སྤྲུལ་སྟེ། །དེར་ནི་ཉིད་ཀྱི་སྐུ་དང་ནི། །བཻ་ཌཱུར་དྲི་མེད་རྩིག་ངོས་ལ། །རིགས་དྲུག་སྐྱེ་དང་འཆི་བ་ཡི། །ལུས་ཀུན་སྤྲུལ་པ་སྣང་མཛད་དེ། །ད་དུང་དུ་ཡང་དུས་དུས་སུ། །ལྷ་ཡི་དབང་པོས་དེ་ཕྱེ་ནས། །ལྷ་རྣམས་ཡོངས་སུ་སྨིན་པར་མཛད། །དེས་ནི་འདུས་བྱས་ཚུལ་ཤེས་ནས། །མི་རྟག་སྡུག་བསྔལ་བདག་མེད་པ། །རྟོགས་འགྱུར་གནས་འདི་དཔེ་བྱར་མེད། །མིག་ཕྱེ་བཙུམས་པས་འགྲོ་བའི་གནས། །ཉེར་ལྔ་པའོ་དེར་སྐྱེ་བ། །ཚུལ་ལྡན་གྲུ་སྟེགས་སྦྱིན་པ་དང་། །མི་འཚེ་སེམས་ཅན་ལ་ཕན་པའོ། །གཞལ་མེད་ཚལ་འཕྲེང་དཀྲིགས་པ་དང་། །རི་བོ་ཚང་ཚིང་བརྒྱན་པ་ཡོད། །མིག་ནི་ཕྱེ་བཙུམ་ཙམ་གྱིས་ནི། །རི་རབ་སྟེང་འོག་འགྲོ་བར་བྱེད། །རང་གི་བདེ་བ་དཔག་ཏུ་མེད། །མྱོང་ཕྱེད་སྲེད་པ་འཕེལ་བ་ཡིན། །ལུས་མདོག་བཟང་ཞིང་ཆེ་བའི་གནས། །ཉེར་དྲུག་པ་དེ་དེར་སྐྱེའི་རྒྱུ། །སྡོམ་ལྡན་ནོར་ལ་མི་རྐམ་ཞིང་། །གྲིབ་གནོན་གདོན་ལ་གནོད་མི་བྱེད། །དེ་ན་སྣ་ཚོགས་ཚལ་རབ་དང་། །བདེ་བའི་ལོངས་སྤྱོད་དུ་མ་ཡོད། །རེས་འགའ་མཛེས་པའི་རྨ་བྱ་དང་། །སྣ་ཚོགས་ཞོན་ཅིང་ལྷ་ཡུལ་དང་། །འཛམ་གླིང་རྣམས་སུ་ལྟ་བར་བྱེད། །དེ་མཐོང་བྲམ་ཟེ་ལ་སོགས་པ། །ཚངས་དང་སྲེད་མེད་དབང་ཕྱུག་དང་། །གཞོན་ནུ་ཡིན་ཞེས་འཁྲུལ་པ་བསྐྱེད། །འོད་ཀྱི་དྲ་བ་མེར་འཁྲུལ་ཅིང་། །རི་བོར་འགྲོ་བ་ལྷུང་མཐོང་ནས། །སྟན་ཆོས་ངན་པ་སྨྲ་བྱེད་པས། །གནོད་པར་གྱུར་ཅེས་འདྲེན་པས་གསུང་། །ནོར་བུ་འཆང་གནས་ཉེར་བདུན་པས། །དེར་ནི་དགེ་ལྡན་བརཏལ་ཞུགས་འཛིན། །ཀློག་ཕྱིར་མར་མེ་སྦྱིན་པ་དང་། །བསིལ་བྱེད་སྡིག་གྲོགས་སྤངས་པས་སྐྱེ། །དེར་སྐྱེས་མཚུངས་མེད་ལྷ་མོ་རྣམས། །མེ་ཏོག་ཆར་འབེབས་བདེ་མྱོང་ནས། །སྣ་ཚོགས་ཚལ་དུ་རབ་རྒྱུ་ཞིང་། །ཡུལ་ཀྱི་སྲེད་པ་འཕེལ་བར་བྱེད། །ཉེར་བརྒྱད་རིས་མཐུན་པ་ཞེས་བྱ། །དེར་ནི་ཚུལ་ལྡན་རྒྱུ་མེད་དང་། །ཆོས་ཉན་འདོད་ལོག་ཉེས་སྤྱོད་པ། །ཐར་བྱེད་དགེ་འདུན་མཆོད་པས་སྐྱེ། །དེར་ནི་ཚེ་རབས་དྲན་འགྱུར་ཞིང་། །གསལ་ཀྱང་སྲེད་པས་དམ་བཟུང་ནས། །སྣ་ཚོགས་གནས་སུ་ལྷ་མོ་དང་། །དགའ་སྤྱོད་བག་མེད་དབང་དུ་འགྱུར། །དེ་རྣམས་ཤིན་དུ་མྱོས་པ་ལས། །བཟློག་ཕྱིར་ལྷ་དབང་སྤྲུལ་པ་བྱས། །གཤིན་རྗེའི་སྐྱེས་བུས་བཟུང་བ་རྣམས། །མཐོང་ནས་འཇིགས་པ་དེ་རྣམས་ལ། །ལྷ་དབང་ཆོས་ནི་སྟོན་བྱེད་པས། །ཡང་དག་ལམ་ལ་བརྟེན་པར་འགྱུར། །ཉེར་དགུ་པ་ནི་འཁོར་ན་གནས། །དེར་ནི་དྲང་ཞིང་ལས་ལ་ལྟ། །ནེ་ཙོ་བྱ་གག་སོགས་ཐར་བྱེད། །དགེ་འདུན་མཆོད་ཅིང་བརྟེན་པས་སྐྱེ། །དེ་ན་ཁྱད་པར་རི་མཆོག་ཡོད། །དེར་ནི་མཐའ་བྲལ་ལྷ་ཡི་བུ། །ལྷུང་བའི་འོད་ཀྱང་མཐོང་ཞེས་གྲག །སྣ་ཚོགས་བདེ་སྤྱོད་གནས་ཡིན་ནོ། །སུམ་བཅུ་པ་ནི་མཐོང་སྤྱོད་དེ། །དབང་བྱེད་ཡིན་ཀྱང་ནོར་མི་འཕྲོག །ཉེས་བྱེད་སྲོག་ཐར་བཙོན་པ་དང་། །ཡང་དག་ལྟ་ལྡན་གནས་དེར་སྐྱེ། །དགའ་ཚལ་བརྩེ་བའི་རི་ཡོད་དེ། །རི་དྭགས་བྱ་ཚོགས་འཁྲུགས་པས་མཛེས། །ལྕང་ལོའི་གནས་བཟང་ཚལ་དེར་ནི། །ལྷ་མོ་སྟོང་རྙེད་མཆོད་པར་འགྱུར། །གཟི་བརྗིད་མཆོག་ཅེས་བྱ་བའི་གནས། །སོ་གཅིག་པའོ་དེར་སྐྱེའི་རྒྱུ། །གཡུལ་དུའང་སྲོག་གཅོད་ མི་བྱེད་ཅིང་། །ཉེན་ཀྱང་མ་བྱིན་ལེན་སྤོང་པའོ། །དེར་ནི་གཟུགས་མཆོག་ལྷག་འགྱུར་ཏེ། །མེ་ལོང་ལྟ་བུ་གསལ་བ་ཡི། །གནས་སུ་མཐོང་ནས་ལྷག་པར་མྱོས། །སྣ་ཚོགས་བཏུང་བ་འཐུང་བར་བྱེད། །སོ་གཉིས་པ་ནི་གཟི་འཕྲེང་འབར། །དེར་ནི་ལྷ་ཁང་མཆོད་རྟེན་ལ། །ཞིག་གསོ་ལོངས་སྤྱོད་ལམ་སྙེད་ཀྱང་། །སྟོན་ཅིང་དགེ་འདུན་འབུམ་པ་དང་། །སྲིན་བུ་ཙམ་ཡང་གསོད་སྤངས་སྐྱེ། །དེ་ནི་བརྒྱ་བྱིན་གཉིས་པ་བཞིན། །ལྷ་མོ་འབུམ་གྱིས་མཆོད་བྱེད་ཅིང་། །བདེ་བ་དུ་མ་མྱོང་བར་འགྱུར། །མ་འདྲེས་ཞེས་བྱ་སུམ་ཅུ་གསུམ། །རྒྱུ་འབྲས་རྟོགས་ཤིང་ལས་བདུན་བསྲུང་། །དད་ལྡན་དགེ་བ་སྤྱོད་པའོ། །ཉི་མ་ལས་ལྷག་འོད་འབར་ཞིང་། །རིན་ཆེན་བདུན་གྱི་ཚལ་མཆོག་དུ། །ཡུལ་ལྔའི་བདེ་བ་དཔག་ཏུ་མེད། །དེ་ལྟར་གནས་ནི་དེ་རྣམས་ཀྱི། །ཤར་ཕྱོགས་ཤིང་རྟ་སྣ་ཚོགས་ཏེ། །རྩུབ་འགྱུར་འདྲེས་ཚལ་དགའ་བས་བརྒྱན། །ལྷོ་ནུབ་བྱང་རྣམས་རིམ་ཇི་བཞིན། །ཡོང་འདུ་བྱང་ཤར་འཚམས་ན་སྟེ། །གཞན་རྣམས་ཕྱོགས་ཀུན་བསྐོར་བར་གནས། །ཕྱོགས་འཚམས་བརྩེགས་པ་བཞི་ལ་ནི། །ལག་ན་རྡོ་རྗེ་འཆང་བ་གནས། །ཁྱད་པར་སུམ་ཅུ་རྩ་གསུམ་ན། །བག་མེད་མྱོས་དང་ལྷ་མིན་གྱིས། །གནོད་པ་བཟློག་པ་རྔ་བོ་ཆེ། །གཟུགས་མེད་ཆོས་སྒྲ་འབྱིན་པ་འདི། །རྒྱལ་བའི་འཕྲིན་ལས་ཁྱད་པར་ཡིན། །ཐམས་ཅད་རིན་ཆེན་ས་གཞི་ལ། །ཁང་བཟང་མཛེས་པ་བསྐྱེད་ཚལ་དང་། །རྫིང་བུ་རིན་ཆེན་ཐེམ་སྐས་ཅན། །མེ་ཏོག་ཚོགས་ཀྱིས་རབ་བཀྲ་བ། །འོད་འབར་ལྟ་ན་སྡུག་པ་དང་། །སྣ་ཚོགས་སྤོས་ཀྱི་ངད་ལྡང་ཞིང་། །བཟའ་བཏུང་རིན་ཆེན་སྣོད་རྣམས་དང་། །བཏུང་བ་དུ་མ་འབབ་ཆུར་བཅས། །ཡང་ཞིང་བཀྲ་བའི་གོས་རྣམས་དང་། །རྒྱན་ཀུན་བསམས་པ་ཙམ་གྱིས་འབྱུང་། །ཁྱད་པར་བྱ་ཀུན་ཆོས་སྒྲ་སྒྲོགས། །དེ་རྒྱུ་སྔོན་ནི་བཟའ་བཏུང་ཕྱིར། །ཆོས་འཆད་ཟློས་གར་བྱེད་པ་རྣམས། །སྐྱེ་བོ་དགའ་བྱས་རྒྱུ་ཡིས་སྐྱེས། །ལྷ་རྣམས་ཐོག་མར་སྐྱེས་པ་ན། །སྔར་མ་མཐོང་པའི་ཡུལ་མཐོང་ཞིང་། །ཀྱེ་མ་ངོ་མཚར་ཡིད་གཡོ་འགྱུར། །དེ་ཚེ་སྔོན་བྱས་དགེ་བ་ལ། །དགའ་ཞིང་ཡིད་རང་བག་དང་ལྡན། །དེ་ནས་ལྷ་མོ་མཛེས་མ་རྣམས། །དྲུང་དུ་འོང་ཞིང་གླུ་དབྱངས་ལེན། །སིལ་སྙན་རྒྱན་གྱི་སྒྲ་བསྙན་དང་། །མེ་ཏོག་ཆར་འབེབས་དེ་ཡི་ཚེ། །ཐོག་མེད་སྲིད་པའི་བག་ཆགས་ཀྱིས། །དགའ་ཞིང་དེ་རྣམས་ཕྱི་བཞིན་བརྩེ། །ཡུལ་ལྔ་མྱོང་བས་ལྷག་པར་སྲེད། །མཆིལ་བས་བཟུང་བའི་ཉ་བཞིན་འགྱུར། །ལྷ་ཡི་གནས་ན་ཁང་བཟང་རིན་ཆེན་རྣམ་པར་སྤེལ་བའི་འོད་འབར་བ། །ཉིན་མོར་བྱེད་ལྟར་རབ་འབར་གཡེར་ཁའི་ཕྲེང་ལྡན་བ་དན་གཡོ་བས་བརྒྱན། །རིན་ཆེན་ལྗོན་པ་དཀྲིགས་པའི་སྐྱེད་ཚལ་དུས་དང་དུས་མེད་འབྲས་བུར་ལྡན། །ཡུར་ཞིང་དུད་པ་གོས་དང་རྒྱན་མཆོག་ལྷའི་ཡིད་དང་འབྲེལ་པ་འདྲ། །ཡན་ལག་བརྒྱད་ལྡན་རྫིང་བུ་པད་མའི་གེ་སར་བཀྲ་བ་ཕྱེ་བ་རྣམས། །རིན་ཆེན་བྱ་དང་བུང་བ་གར་ བྱེད་ལྷ་མོའི་གླུ་དབྱངས་ཟིལ་གྱིས་གནོན། །རྒུན་ཆང་སྦྲང་ཆང་མ་དྷའི་བཏུང་བ་མྱོས་པའི་སྐྱོན་བྲལ་རོ་མྱོང་བྱེད། །ཟླ་བ་རྒྱས་འདྲའི་བཞིན་ལྡན་ཡན་ལག་རིན་ཆེན་རྒྱན་མཆོག་རྣམས་སྤྲས་པ། །དྲི་མཆོག་དང་ལྡན་ལྷ་ཡི་གོས་འཆང་རེག་ན་བདེ་བར་བྱེད་པ་རྣམས། །ཡིད་དང་འབྲེལ་བཞིན་གླུ་གར་གླིང་བུ་སྣ་ཚོགས་རྩེད་མོས་དུས་འདའ་བ། །ཤིང་རྟ་རྨ་བྱ་ངང་པ་གླང་པོ་རྟ་མཆོག་བཞོན་པ་ལང་ལོང་དུ། །དགའ་བའི་ཚལ་རྒྱུ་སྲེད་མེ་འབར་བས་ཡུལ་གྱི་བུད་ཤིང་སྲེག་པར་བྱེད། །དེ་འདྲའི་བདེ་བ་དཔག་མེད་ཀྱང་། །ཚུལ་ཁྲིམས་གྱིས་ནི་གཟུགས་མཆོག་དང་། །བར་མ་ཐ་མར་གྱུར་བར་སྣང་། །གང་གང་སྦྱིན་པ་དེ་འབྲས་ཀྱིས། །བཟའ་བཏུང་གོས་སོགས་ཐམས་ཅད་ཀྱི། །རེ་ཞིག་བདེ་བ་ཕུན་ཚོགས་ཀྱང་། །གང་ཚེ་དེ་འབྲས་ཟད་གྱུར་ཚེ། །སྣུམ་ཟད་མར་མེ་བཞིན་དུ་འགྱུར། །སྲིད་གཞན་སྲོག་གཅོད་གང་བྱས་པ། །ཚེ་ཐུང་ལྷ་མིན་གཡུལ་དུ་འཆི། །མ་བྱིན་བླངས་ན་རྒྱན་ཀུན་ཀྱང་། །གང་ཚེ་འཆི་རྟགས་བྱུང་བ་ན། །ལྷ་མོས་གཞན་དུས་ཁྱེར་བ་སྣང་། །འདོད་ལོག་རྒྱུས་ནི་ལྷ་མོ་རྣམས། །མཐོང་བཞིན་གཞན་འགྲོ་འདོར་བར་འགྱུར། །ངག་ལས་ལྡན་ན་དེ་ཡི་ཚེ། །ཀྱི་ཧུད་སྒྲ་འབྱིན་ལྷ་མོ་རྣམས། །ཚིག་ནི་བརླང་པོས་སྤྱོ་བར་བྱེད། །ལུས་ནི་དྲི་མར་བཅས་འགྱུར་ཞིང་། །གང་གི་རྒྱུས་ནི་རྨོངས་པར་བྱེད། །དེ་ལ་སྡུག་བསྔལ་རབ་འབར་བ། །དམྱལ་བའི་མེ་ཡིས་དཔེ་བྱར་མིན། །དེ་ཚེ་འགྲེ་ལྡོག་ཡིད་མུག་ཅིང་། །ཞག་བདུན་སྡུག་བསྔལ་མྱོང་བར་འགྱུར། །ཚུལ་ཁྲིམས་ལྔ་པོ་སྲིད་གཞན་དུ། །བསྲུངས་ཏེ་སྐྱོན་རྣམས་མི་འབྱུང་ངོ་། །ལས་དང་རྗེས་འཐུན་སྲིད་གཞན་འགྲོ། །འདི་མཐོང་མཁས་རྣམས་ལྷ་ཡུལ་གྱི། །བདེ་ལ་སུ་ཞིག་སྨོན་པར་བྱེད། །བག་ལྡན་ཤེས་རབ་གོམས་བྱེད་ན། །གོང་ནས་གོང་དུ་འགྲོ་འགྱུར་ཞིང་། །མིར་སྐྱེས་ན་ཡང་རྒྱུ་འཐུན་གྱིས། །ཕྱུག་ཅིང་སྐལ་བཟང་ཕུན་སུམ་འཚོགས། །རིགས་མཐོ་ཡུལ་འཁོར་འབྱོར་བ་དང་། །ཆོས་ལྡན་མཐོང་ན་དག་པར་འགྱུར། །འདིར་ནི་མི་ལོ་བརྒྱ་ཕྲག་གཅིག །ཞག་ཡིན་དེས་བསྒྲེས་རང་ལོ་སྟོང་། །མི་ལོ་བྱེ་བ་ཕྲག་གསུམ་དང་། །ས་ཡ་དྲུག་ཏུ་བརྗོད་པ་ཡིན། །དེ་ལྟར་རི་རབ་སྟེང་གི་ཆ། །བརྒྱ་བྱིན་དབང་བྱེད་གནས་སུ་གསུངས། །དེ་ནས་གཞན་ཡང་མཐའ་བྲལ་གྱི། །གནས་དང་རྒྱུ་འབྲས་བཤད་པར་བྱ། །དེ་རྣམས་མངའ་བདག་རྒྱལ་པོ་ནི། །མུ་སུ་ལུན་དྷ་ཞེས་བྱ་སྟེ། །ཚུལ་ཁྲིམས་རྣམ་བདུན་སྐྱོན་མེད་པ། །ལྷག་པའི་སྦྱིན་ལ་བརྩོན་པས་གྲུབ། །བརྒྱ་བྱིན་ལས་ནི་བརྒྱ་ཕྲག་དག །དུ་མས་འཕགས་པའི་ལས་ལས་བྱུང་། །འོད་དང་གཟི་བརྗིད་གཟུགས་བརྩོན་འགྲུས། །བདེ་དང་སྤྲོ་བས་ལྷག་པ་ཡིན། །དེར་གནས་ལྷ་རྣམས་ཐམས་ཅད་ཀྱང་། །སྲོག་གཅོད་མ་བྱིན་ལེན་སྤོང་བ། །སྔ་མ་བཞིན་ཏེ་ཁྱད་པར་དུ། །འདོད་ལོག་སྤོང་བའི་ཚུལ་ཁྲིམས་ནི། །རྣམ་པར་དག་པའི་རྒྱུ་ལས་བྱུང་། །གཞན་གྱི་དབང་བྱས་དེ་བཞིན་དུ། །ཕ་མ་གཉེན་གྱིས་བསྲུངས་བ་དང་། །ལྟ་དང་རྒོད་དང་འཁྱུད་པ་དང་། །ཚུལ་བཞིན་མ་ཡིན་ཡིད་བྱེད་དང་། །རྒྱན་དང་གླུས་སྒྲ་སྔར་བརྩེ་བའི། །འདོད་བདེ་རོ་མྱང་སྤངས་པ་ཡིན། །ཐོས་ཕྱུག་མཁས་པ་བསམ་གཏན་པ། །ཕ་མ་སྡུག་འཕོངས་ནད་པ་ལ། །ལོངས་སྤྱོད་སྦྱིན་དང་ཆོས་ཀྱི་དོན། །སྦྱོར་བྱེད་སྲོག་གི་སྦྱིན་པ་རྣམས། །སྔོན་བཤད་རྣམས་དང་ལྡན་བ་ཡིན། །གནས་དེ་ཁྱད་པར་འཕགས་པ་སྟེ། །རི་རབ་གནས་ནི་འབུམ་དྲུག་ཁྲི། །བརྒྱད་སྟོང་སྟེང་གི་ནམ་མཁའ་ལ། །རླུང་གི་སྤྲིན་ཕུང་ལྟར་བཏེག་གོ །དེ་གནས་ཉི་ཤུ་བདུན་ཡོད་དོ། །རབ་ཀྱི་ཤུགས་བདག་རྒྱུན་གནས་ཏེ། །བརྩེགས་པ་རྒྱུ་དང་ཡིད་ཀྱི་བརྒྱན། །རབ་ཏུ་རྣམ་འདྲེས་འཁོར་ཡུག་ཏུ། །རླུང་རྒྱུ་རབ་ཏུ་མཐོ་བ་དང་། །འབྲས་བུ་དང་ལྡན་ཅིག་ཏུ་དགའ། །ཀུན་དུ་འགྲོ་དང་ཡང་དག་ལྡན། །འོད་ཟེར་བརྒྱ་འཕྲོ་བསྡམས་པར་རྒྱུ། །རྟག་ཏུ་བདེ་བ་རབ་འཕེལ་ལྡན། །རི་ཚོགས་རྒྱུ་དང་རྣམ་པར་བཀྲ། །ཟླ་བ་དེ་བཞིན་མཐོ་བར་འདོད། །བསམ་གཏན་སྒྲ་དབེན་ང་རྒྱལ་ལྡོག །འཇུག་སྤྱོད་ཚོགས་ན་རྣམ་པར་རྒྱུ། །རང་ཡུལ་རྣམ་རྒྱུ་ལུས་བརྒྱགས་དང་། །རྟགས་ཀྱི་གཟི་བརྗིད་ཚལ་མཆོག་དང་། །ནགས་ཚལ་འོད་ཟེར་ཞེས་བྱའོ། །ཐམས་ཅད་རིན་ཆེན་རིགས་མཆོག་དང་། །ནགས་ཚལ་རིགས་མཆོག་འབབ་ཆུ་མཛེས་པ་དང་། །པད་མ་ཨུད་དཔལ་མཚོ་རྣམས་དང་། །དེ་སོགས་སུམ་ཅུ་རྩ་གསུམ་བཞིན། །ཁྱད་པར་དགེ་བའི་ལས་ཀྱི་མཐུས། །འོད་དང་ནུས་པ་བདེ་བ་ཡི། །རྣམ་པ་ཁྱད་པར་འཕགས་པ་ཡིན། །དེར་གནས་རི་བོ་དེ་དག་ཀྱང་། །ཁ་ཅིག་གསེར་དང་དེ་བཞིན་དངུལ། །ཁ་གཅིག་རིན་ཆེན་བཻ་ཌཱུརྻ། །ཤེལ་དང་བྱུ་རུ་ལ་སོགས་པ། །ལ་ལ་ཐམས་ཅད་རང་བཞིན་ཏེ། །མཐོ་ཁྱད་དཔག་ཚད་སྟོང་ཕྲག་བཅུ། །དེ་དག་རྩེ་ལ་རིན་ཆེན་ནི། །དྲི་མེད་གནས་ཏེ་ལས་འབྲས་ཀྱི། །གཟུགས་རྣམས་སྣང་བར་འགྱུར་བ་ཡིན། །དེས་ནི་བག་དང་ལྡན་སྐུལ་བྱེད། །རིན་ཆེན་ལྗོན་པ་བཀྲ་བ་ལས། །བཟའ་བཏུང་གོས་དང་རྒྱན་རྣམས་དང་། །བསམས་པ་ཙམ་གྱིས་འབྱུང་འགྱུར་ཏེ། །མེ་ཏོག་དུ་མའི་ཚལ་གནས་པ། །ཁ་གཅིག་གསེར་ལ་དེ་བཞིན་ཤེལ། །སྤུག་དང་མར་གད་མཐོན་ཁ་ཆེ། །དཔག་ཚད་དུ་མའི་ང་ད་ལྡང་ཞིང་། །འོད་ཟེར་གསལ་བ་དུ་མས་མཛེས། །བྱ་རྣམས་སྣ་ཚོགས་སྒྲ་སྙན་འབྱིན། །འབབ་ཆུ་བདེ་བ་རོལ་མོའི་སྒྲ། །རླབས་ཀྱི་ཕྲེང་བས་རབ་བསྐྱོད་པ། །རོ་མཆོག་དང་ལྡན་དེ་བཞིན་དུ། །ཁ་དོག་རྣམ་པ་དུ་མར་ལྡན། །མདོར་ན་མང་དུ་སྨོས་ཅི་དགོས། །རྩ་གསུམ་གནས་ལས་བཅུ་དྲུག་འགྱུར། །ཁྱད་པར་ཕུལ་དུ་ཕྱིན་པ་ཡིན། །དེར་སྐྱེས་ལྷ་དང་ལྷ་མོ་ཀུན། །ཐོག་མར་དྲན་དང་ལྡན་འགྱུར་ཏེ། །གང་ཞིག་གིས་སྐྱེས་གནས་འདི་ཅི། །སྙམ་སེམས་དེ་ལ་ལྷ་གཞན་གྱིས། །ཉེར་བསྟན་དགའ་བའི་ཁྱད་པར་སྐྱེ། །དེ་ནས་གོས་དང་རྒྱན་ཐོབ་ཅིང་། །སྣ་ཚོགས་ལྷ་གནས་ལྟ་བར་བྱེད། །དེ་ནས་མཐའ་བྲལ་བདག་པོའི་དྲུང་། །འགྲོ་བྱེད་དགའ་བའི་ཁྱད་པར་ཐོབ། །དེ་ནས་སྣ་ཚོགས་དགེ་བའི་མཐུས། །བསྒྲུབས་པའི་བདེ་བ་དུ་མ་དང་། །ཡུལ་ལ་སྲེད་པའི་ཀུན་རྟོག་གིས། །བག་མེད་བདེ་ལ་རྒྱུག་པར་བྱེད། །དེ་ན་ལྷ་བུ་རེ་རེ་ཡང་། །ལྷ་མོ་སྟོང་དང་དེ་བཞིན་ཁྲི། །དཔག་མེད་ཀྱིས་བསྐོར་མཛེས་པ་ཡིས། །འགྲོས་བཟང་འགྱིང་ཞིང་ཆས་པ་དང་། །དེ་བཞིན་འཛིན་ལ་མཁས་པའི་གར། །གླུ་སྒྲ་སྙན་པ་རབ་སྒྲོགས་པ། །འཁྱུད་པས་ཚིམ་པར་བྱེད་པ་ཡིན། །ཡན་ལག་ལྔ་ལྡན་རྔ་སྒྲ་དང་། །སིལ་སྙན་དུ་མས་ལྡན་པའི་སྒྲ། །སྤོས་མཆོག་རྣམས་ཀྱི་ངད་ལྡང་ཞིང་། །བདེ་བ་དཔག་མེད་རྗེས་སུ་མྱོང་། །འགའ་ཞིག་རིན་ཆེན་གྲུ་མཛེས་ལ། །ཞོན་ཅིང་ཆུ་ཀླུང་རྣམས་ན་རྒྱུ། །གཞན་དག་ཚལ་ན་མེ་ཏོག་གི །ཕྲེང་མཛེས་ཆར་བཞིན་འབེབས་པར་བྱེད། །ལ་ལ་རྨ་བྱ་ངང་པ་དང་། །ཤིང་རྟ་སྣ་ཚོགས་བཞོན་པ་ཡིས། །ནམ་མཁའ་རི་བོའི་ངོས་ལ་འགྲོ། །དེ་སོགས་ལོངས་སྤྱོད་ཀྱི་གཡེངས་ལ། །བྱ་རྣམས་ཆོས་ཀྱི་ཚིག་སྨྲ་ཞིང་། །བསྐུལ་ཀྱང་སྲེད་པའི་དབང་དུ་འགྲོ། །ཇི་ལྟར་ཡུན་རིང་ཀུན་དགའ་ཡང་། །ལུས་ཅན་རྣམས་ལ་རྟག་པ་མེད། །མི་རྟག་པའི་བདེ་དེ་ཡང་། །ལྷ་རྣམས་ཀྱིས་ཀྱང་རྟོགས་པ་མིན། །བདེ་བ་ཡི་ནི་ལམ་འདི་ཡང་། །རྣམ་པར་འཇིག་པར་འགྱུར་བ་ཡིན། །འདོད་པ་ཡིས་ནི་སེམས་བསླུས་པས། །རྣམ་པར་འཇིག་པ་རྟོགས་མ་ཡིན། །སྡུག་བསྔལ་གྱིས་འདྲེས་བདེ་རིག་པ། །རབ་ཏུ་གཡོགས་པ་མཐོང་མ་ཡིན། །པད་མའི་ཕྲེང་བས་ཡོངས་བཀབ་པའི། །དུག་གིས་གང་བཞིན་འདོད་ཆགས་ཡིན། །འབྲས་ཆན་དུག་གིས་ལེགས་བསྲེས་པ། །ཇི་བཞིན་དེ་ནི་འཆི་བའི་མཐའ། །དེ་བཞིན་བདེ་བ་འདི་དག་ཀུན། །མཐར་ནི་དམྱལ་བར་འགྱུར་བ་ཡིན། །ཡུལ་གྱི་ལྷ་རྣམས་ཐམས་ཅད་ཀྱང་། །དེ་ཕྱིར་འདོད་པ་ཞི་ཉིད་མིན། །བདེ་བ་ཡི་ཡང་རྩ་བའི་མཆོག །ཞི་བ་ཅིག་པུར་རབ་ཏུ་གྲགས། །གང་གི་སྙིང་ལ་དེ་མེད་པ། །དེ་ནི་སྡུག་བསྔལ་རབ་ཏུ་གྲགས། །ཞེས་སོགས་དུ་མ་སྨྲས་ནས་ཀྱང་། །ཡུད་ཙམ་བག་ཡོད་དབང་དུ་འགྱུར། །གཞན་ཡང་ལྷ་དབང་གནས་དེ་ན། །རིན་ཆེན་ཁང་བརྩེགས་མཛེས་པ་ནི། །བསམ་གྱི་མི་ཁྱབ་ཚལ་བཅས་ཡོད། །དེ་ན་འགྲོ་ལ་ཕན་གཟིགས་པ། །རྣམ་པར་གཟིགས་དང་གཙུག་ཏོར་ཅན། །འཁོར་བ་འཇིག་དང་གསེར་ཐུབ་དང་། །འོད་སྲུང་ཞེས་བྱ་རྒྱལ་བ་དེའི། །མཆོད་རྟེན་རིན་ཆེན་ལས་བྱས་ཡོད། །དེ་ན་ལྷ་རྣམས་ཕན་བྱེད་པའི། །མདོ་རྣམས་རིན་ཆེན་གྱིས་བྲིས་པ། །ལྷ་དབང་དེ་ཡིས་སྟོན་པར་བྱེད། །དེས་ནི་ལྷ་ཀུན་དོན་བྱས་ནས། །བག་ཡོད་ཆོས་ལ་བརྩོན་གྱུར་ན། །གོང་ནས་གོང་དུ་འཕགས་པར་འགྱུར། །ལྷ་རྣམས་བག་མེད་དབང་གིས་སུ། །སྔོན་གྱི་བདེ་བ་ཟད་ནས་ཀྱང་། །གང་ཚེ་དུས་ལ་བབ་པ་ན། །ངལ་ཅིང་ལོངས་སྤྱོད་ཉམས་པ་དང་། །དབུགས་འབྱིན་རྡུལ་གྱིས་གཡོ་བར་བྱེད། །ཡུལ་རྣམས་འགག་ཅིང་ཡི་ཆད་སྟེ། །ལྷ་རྣམས་ཀུན་གིས་ཡོངས་སྤངས་ནས། །སྨིགས་སྒྱུ་ལྟར་གཡོ་དེ་ནས་ནི། །ངན་འགྲོ་རྣམས་སུ་ལྟུང་བར་འགྱུར། །ལུས་ཀྱང་རླུང་གིས་བཏེག་ནས་ནི། །ནམ་མཁར་འཕངས་ནས་འཐོར་བར་འགྱུར། །གང་ཚེ་འོག་ཏུ་འགྲོ་བ་ཡི། །ལྟས་བྱུང་ཞག་བདུན་ཡིན་མོད་ཀྱང་། །མི་ལོ་སྟོང་དང་བཞི་བརྒྱ་སྟེ། །དེ་རྙེད་སྡུག་བསྔལ་དམྱལ་དང་མཚུངས། །དེས་ན་མཁས་པ་བསམ་གཏན་པ། །བག་མེད་གནས་ལ་སྨོད་བྱེད་ཅིང་། །ལྷ་ཡི་བདེ་ལ་ཆགས་མི་བྱ། །ཡང་དག་རྒྱལ་བས་དེ་བསྟན་ཏོ། །མི་ལོ་ཉིས་བརྒྱ་ཞག་གཅིག་སྟེ། །དེས་བསྒྲེས་རང་ལོ་ཉིས་སྟོང་ཡིན། །བྱེ་བ་བཅུ་བཞི་ས་ཡ་བཞི། །མི་རྣམས་ལོ་གྲངས་ཡིན་པར་བརྗོད། །དེ་ནི་མཚེ་མ་ཞེས་བྱ་བའི། །ལྷ་ཡི་གནས་གཞན་ཡིན་པར་བརྗོད། །དེ་ནས་གཞན་ཡང་དགའ་ལྡན་གྱི། །ཕྱོགས་ཙམ་རབ་ཏུ་དབྱེ་བར་བྱ། །སྔ་མའི་གནས་གཞན་ཇི་རྙེད་པ། །དེ་སྟེང་བྱང་ཆུབ་སེམས་དཔའ་ནི། །འགྲོ་བ་ཀུན་ལ་ཕན་མཛད་པ། །བྱམས་པ་བདག་ཉིད་ཆེན་པོ་བཞུགས། །དེར་གནས་ལྷ་ནི་རྣམ་གཉིས་ཏེ། །འཕགས་པ་དང་ནི་ཕལ་པའོ། །ཕལ་པ་དེ་རྣམས་སྔོན་གྱི་ལས། །ཁྲིམས་ལྔ་རྣམ་པར་དག་པ་ནི། །བླ་ན་མེད་པ་སྲུང་བ་དང་། །དྲང་པོའི་ལྟ་ལྡན་འཕགས་རྣམས་དང་། །ཕ་མ་ནད་པ་དབུལ་པོ་ལ། །སྔ་མ་རྣམས་ལས་ལྷག་པ་དང་། །སྦྱོར་དངོས་རྗེས་གསུམ་དག་པ་བྱིན། །དེར་སྐྱེས་ཚེ་རབས་དྲན་པ་འབྱུང་། །ལུས་དང་གཟི་བརྗིད་འོད་དང་ནི། །སྤྲོ་བ་སྔ་མ་མཐའ་བྲལ་ལས། །ཁྱད་པར་དུ་མས་འཕགས་པར་འགྱུར། །དེ་རྣམས་གནས་ནི་དགའ་ལྡན་པ། །དྲི་མེད་རིན་ཆེན་ས་གཞི་ལ། །སྣ་ཚོགས་འོད་ཀྱི་ཕྲེང་བ་དཀྲིགས། །ནེམ་ཞིང་འཕར་བས་སྣང་བ་སྟེ། །དེ་ན་སྣ་ཚོགས་འབབ་ཆུ་རྣམས། །གསལ་དང་ཡན་ལག་བརྒྱད་ལྡན་པ། །ངོགས་རྣམས་རིན་ཆེན་ཤིང་མཆོག་བརྒྱན། །ལ་ལ་ཁ་དོག་ཐ་དད་པ། །རོ་མཆོག་དཔག་ཏུ་མེད་པ་ཡོད། །ཆུ་ལ་གནས་པའི་བྱ་རྣམས་ནི། །འདོད་རྒུར་འགྱུར་བའི་གཟུགས་ཅན་ཡོད། །ལ་ལར་རིན་ཆེན་ལྷུན་པོ་ལ། །འོད་ཟེར་འབར་ལྡན་རི་སུལ་དང་། །སྨན་ལྗོངས་བབ་ཆུའི་སྒྲ་བརྙན་སྒྲོགས། །བཻ་ཌཱུརྻ་དང་རིན་ཆེན་གསེར། །ཤེལ་དང་དངུལ་གྱི་ལྗོན་པའི་ཚལ། །དབྱིབས་ལེགས་ལྟ་ན་སྡུག་པ་རྣམས། །ཉི་མ་ལས་ལྷག་འོད་འབྱིན་པ། །གཡེར་ཀའི་དྲ་བ་སྒྲ་སྙན་འབྱིན། །སྣ་ཚོགས་སྤོས་ཀྱི་ངད་ལྡང་བ། །དཔག་བསམས་གོས་མཆོག་དུ་མ་དང་། །རྣ་རྒྱན་འགུལ་རྒྱན་སྣང་བྱེད་བརྒྱན། །གདུ་བུ་དྲི་མེད་མུ་ཏིག་འཕྲེང་། །རྔ་དང་སིལ་ཁྲོལ་གླིང་བུ་དང་། །པི་ཝང་ལ་སོགས་དུ་མ་རྣམས། །གཞན་ཡང་བཟའ་བཏུང་སྣ་ཚོགས་ཀུན། །བསམས་པ་ཙམ་ཀྱི་འབྱུང་བ་ཡོད། །དེ་ན་རྫིང་བུ་དུ་མ་རྣམས། །ངོས་གཅིག་གསེར་ལ་གཉིས་པ་དངུལ། །པད་མ་ར་ག་བཻ་ཌཱུརྻ། །གཉིས་པ་བཞི་པ་རིམ་བཞིན་ལྡན། །ཐེམ་སྐས་རྣམ་པ་དུ་མ་ལ། །ངོས་གཉིས་རིན་ཆེན་ལྗོན་པ་མཛེས། །ཟླ་བ་ཟླ་བཟང་པད་མ་དང་། །ཨུད་དཔལ་དེ་བཞིན་ཀུ་མུ་ར། །རིན་ཆེན་མེ་ཏོག་དུ་མ་རྣམས། །གཅིག་དང་གཉིས་གསུམ་བཞི་ལྔ་དང་། །ཐམས་ཅད་སྤེལ་ཅིང་བཀྲ་བ་རྣམས། །སྤེལ་ ལེགས་མཁས་པས་བཀོད་པ་བཞིན་། །རིན་ཆེན་བུང་བ་མྱོས་པ་དང་། །ཆུ་དང་ཐང་ལ་གནས་པའི་བྱ། །སྣ་ཚོགས་ཆོས་ཀྱི་སྒྲ་གཉན་འབྱིན། །ས་ཀུན་དུས་འབྲང་ཙན་དན་དྲི། །སྣ་ཚོགས་སྤོས་ཀྱིས་ངད་ལྡང་བ། །ཕྱོགས་ཀུན་ཁྱབ་པར་བྱེད་པ་འདྲ། །དེ་ན་ཁང་བཟང་དུ་མ་རྣམས། །ཀ་བ་སྟོང་ཕྲག་དུ་མས་བརྒྱན། །རིན་ཆེན་དུ་མ་སྤེལ་བས་མཛེས། །རྟ་བབས་རྐར་ཁུང་མུ་ཁྱུད་དང་། །ལན་ཀན་རིན་ཆེན་དུ་མ་ཡི། །བཀོད་པ་བསམ་ལས་འདས་པ་ཡིན། །ཁྱད་པར་བདག་ཉིད་ཆེན་པོ་དེའི། །གནས་དེར་རོལ་མོ་ཐམས་ཅད་ཀྱང་། །ཐེག་མཆོག་སྒྲ་དབྱངས་འབྱུང་བ་ཡིན། །དེ་ལ་སོགས་པའི་ལོངས་སྤྱོད་རྣམས། །སུ་ཞིག་གིས་ནི་བརྗོད་པར་ནུས། །དེ་ན་ལྟ་བུ་རེ་རེ་ཡང་། །ཟླ་ལྟར་ཡིད་གཡོ་མཛེས་པ་ཡི། །བདེ་སོགས་བརྒྱ་འགྱུར་གྱིས་འཕགས་པ། །ལྷ་མོ་སྟོང་ཕྲག་བརྒྱ་རྣམས་ཀྱི། །གར་དང་རོལ་མོ་སྒྲ་དབྱངས་ཀྱིས། །མཆོད་བྱེད་བདེ་བ་དཔག་ཏུ་མེད། །ལུས་སེམས་ཀུན་ནས་མྱོས་པ་ཡང་། །རེག་པ་ཙམ་གྱིས་ཚིམ་པར་བྱེད། །རིན་ཆེན་མཛེས་པའི་ཤིང་རྟ་དང་། །སྣ་ཚོགས་བཞོན་པ་དུ་མ་ཡང་། །གློག་འགྱུ་ཙམ་གྱིས་གར་འདོད་དུ། །ཕྱིན་བྱེད་དཔལ་དང་ལྡན་པ་ཡིན། །གནས་དེར་རྒྱལ་སྲས་དུ་མ་ཡིས། །རྣམ་དག་སྤྱོད་ཚུལ་དཔག་ཏུ་མེད། །ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ནས། །སྙན་པའི་འཕྲིན་ལས་ཀྱིས་འདུ་བ། །འདི་ནི་སུ་ཞིག་གིས་བརྗོད་ནུས། །ཕལ་པའི་ལྷ་རྣམས་ཐམས་ཅད་ཀྱང་། །གང་ཚེ་བག་མེད་བདེ་བ་ལ། །རྣམ་པར་གཡེང་བར་བྱེད་པ་ན། །བྱམས་པ་བདག་ཉིད་ཆེ་དེ་ཡིས། །ཡོངས་སུ་སྐུལ་བར་མཛད་པ་ཡིན། །དེས་ན་ལྷ་གནས་ཐམས་ཅད་ལས། །གནས་འདི་ཁྱད་པར་འཕགས་པ་སྙམ། །ཐོས་པ་མང་དང་ཆོས་འཛིན་དང་། །ཤེས་རབ་ལྡན་ཞིང་ཐར་པ་འདོད། །ཡོན་གནས་རྣམས་ལ་དགའ་བ་ཡི། །མི་དེ་དགའ་ལྡན་ཉེ་བར་འགྲོ། །ཐར་པའི་ལམ་ལ་རྣམ་གྲངས་དུ་མས་ལ་ལ་འབད་པ་ཆེར་བྱས་ཀྱང་། །སྣ་ཚོགས་བདེ་ལྡན་དེ་ལ་ཞེན་པས་བདེ་ལྡན་བག་མེད་ཀྱིས་བཅོམ་ནས། །རྣམ་པར་སེམས་གཡེང་རོ་མྱོང་འཛིན་པས་སེམས་གཡེངས་དུས་མཐར་བབ་པ་ན། །གནམ་ལྕགས་ཉམ་ངའི་གནས་སུ་ལྷུང་བ་དེ་ཚེ་རྨོངས་པར་འགྱུར། །དེ་བས་འབད་པ་དུ་མ་ཡིས། །མཁས་པས་བག་མེད་བཟློག་པར་བྱ། །གང་ཚེ་བག་མེད་ཀྱིས་བཅོམ་ན། །དགའ་ལྡན་སྐྱེས་པའི་ལྷ་དེ་ཡང་། །རྟགས་ལྔ་མཐོང་བས་སེམས་རྨོངས་ཤིང་། །ངན་འགྲོ་རྣམས་སུ་ལྟུང་བར་འགྱུར། །མིར་སྐྱེས་ན་ནི་དབང་ཕྱུག་དང་། །སྐལ་བཟང་ཆོས་ཀྱི་སྣོད་དུ་འགྱུར། །མི་རྣམས་ལོ་ནི་བཞི་བརྒྱ་ལ། །ཞག་ཡིན་དེས་བསྒྲེས་རང་ལོ་ནི། །སྟོང་ཕྲག་བཞི་ཡི་མི་ལོ་ནི། །བྱེ་བ་ལྔ་བཅུ་རྩ་བདུན་དང་། །ས་ཡ་དྲུག་གི་ཚད་དུ་འདོད། །དགའ་བ་དུ་མས་བརྒྱན་པ་ཡིས། །གནས་གཞན་མདོར་བསྡུས་བརྗོད་པ་ཡིན། །དེ་ནས་གཞན་ཡང་འཕྲུལ་དགའ་ནི། །རང་གིས་འཕྲུལ་བའི་བདེ་བ་ལ། །སྤྱོད་བྱེད་གནས་ཏེ་དེར་སྐྱེ་བའི། །རྒྱུ་ནི་ཚུལ་ཁྲིམས་དག་པ་སྟེ། །སྦྱིན་སོགས་དགེ་བ་དེ་དག་ཀུན། །སྔ་མ་ལས་ནི་ཕུལ་བྱུང་པའོ། །གང་གིས་འཕྲུལ་དགའི་བདག་པོ་ནི། །དེ་དག་ཀུན་ལས་ཕུལ་བྱུང་བའི། །བསོད་ནམས་མཐུ་ཡིས་ཐོབ་པ་ཡིན། །ལུས་དང་འོད་དང་སྟོབས་རྣམས་ནི། །བརྒྱ་བྱིན་འབུམ་ལས་ལྷག་པ་ཡིན། །གནས་དེ་ལོངས་སྤྱོད་དཔག་མེད་དེ། །རང་གི་ཡིད་ཀྱིས་གང་སྤྲུལ་པ། །དེ་དང་དེ་འདྲ་དབང་བྱེད་འགྱུར། །རིན་ཆེན་སྣ་ཚོགས་ལས་གྲུབ་པ། །ས་གཞི་རི་དང་ལྗོན་པའི་ཚལ། །མེ་ཏོག་སྣ་ཚོགས་ཡུར་གྱིས་འདུད། །ལྷ་ཡི་གཞལ་མེད་ཁང་བརྩེགས་དང་། །སྣ་ཚོགས་རོལ་མོ་དུ་མ་དང་། །དྲི་མཆོག་རྣམ་དག་དུ་མ་དང་། །རིན་ཆེན་སྣོད་དུ་ཟས་མཆོག་ཀུན། །དཔག་མེད་འདོད་ཡོན་ལྡན་པ་ཡིན། །དེ་ན་ལྷ་མོ་དཔག་མེད་པ། །འབུམ་ཕྲག་བཅུར་བཅས་མཛེས་པ་རྣམས། །སྤྲིན་ལས་བྱུང་བའི་གློག་ལྟར་བརྗིད། །རྒོད་ཅིང་རེག་པས་ཡིད་ཚིམ་བྱེད། །མདོར་ན་དགའ་ལྡན་གནས་དེ་བས། །བཅུ་དྲུག་འགྱུར་གྱིས་ཁྱད་པར་འཕགས། །དེར་གནས་ལྷ་རྣམས་བག་མེད་ལས། །འཕྲུལ་དགའི་བདག་པོས་བཟློག་པར་བྱེད། །བྱ་དང་བུང་བ་དུ་མ་ཡང་། །སྔོན་བཞིན་ལེགས་སྦྱར་སྒྲ་གཉན་འབྱིན། །སྦྱིན་དང་ཚུལ་ཁྲིམས་རྣམ་དག་གིས། །ཁྱད་པར་སྣང་བས་དམན་པ་ཀུན། །ངོ་ཚ་ཞུམ་པར་བྱེད་པ་ཡིན། །དེ་ནས་བདེ་བ་དཔག་མེད་ཀྱང་། །འཕགས་པ་མ་གཏོགས་ལྷ་དེ་རྣམས། །རིང་དང་ཉེ་བའི་འཆི་ལྟས་བཅུ། །བྱུང་ཚེ་སྡུག་བསྔལ་གྱིས་གདུངས་ནས། །ངན་སོང་ནང་དུ་ལྟུང་བ་ཡིན། །གང་ཚེ་མིར་སྐྱེས་རྒྱུ་མཐུན་གྱིས། །བདེ་དང་ལོངས་སྤྱོད་ལྡན་པ་དང་། །ཆོས་ཀྱི་རྗེས་སུ་མཐུན་པར་འགྱུར། །འདིར་ནི་མི་ལོ་བརྒྱད་བརྒྱ་ལ། །ཞག་ཡིན་དེས་བསྒྲེས་རང་ལོ་ནི། །སྟོང་ཕྲག་བརྒྱད་ཡིན་མི་ལོའི་གྲངས། །བྱེ་བ་ཉིས་བརྒྱ་སུམ་ཅུ་དང་། །ས་ཡ་ཕྲག་བཞི་ངེས་པ་ཡིན། །དེ་ལས་གཞན་འཕྲུལ་དབང་ཕྱེད་ཀྱི། །ཕྱོགས་ཙམ་མདོར་བསྡུས་བརྗོད་པར་བྱ། །དེར་སྐྱེའི་རྒྱུ་ནི་ཚུལ་ཁྲིམས་བདུན། །མ་རལ་སྐྱོན་མེད་སྲུང་བ་སྟེ། །རྨི་ལམ་ན་ཡང་མི་ཉམས་པའོ། །དེ་བཞིན་རྣམ་དག་སྦྱིན་པ་ནི། །ཡུལ་ལྔ་མཆོག་ཏུ་གྱུར་པ་ལ། །གུས་བཅས་སྦྱོར་དངོས་རྗེས་གསུམ་ལྡན། །འོན་ཀྱང་དེ་ན་རིགས་གཉིས་ཏེ། །བདུད་རིགས་གཏོགས་དང་གཞན་མའོ། །དེ་ཡང་ཕལ་དང་འཕགས་རིགས་གཉིས། །དང་པོ་སྔོན་ནི་ལོག་ལྟ་དང་། །འབྲེལ་པའི་སྨོན་ལམ་གྱིས་འབྱུང་སྟེ། །དཔེར་ན་ཤོར་བ་གཞོན་ནུ་ཡིས། །རྒྱ་བ་འོད་ཞི་སྤོས་སྣང་གིས། །བསྟན་ལ་མ་དད་གང་བྱས་པ། །དགེ་སྦྱོང་ཆེན་པོ་ཨུད་དཔལ་གདོང་། །སྙིང་རྗེས་བསྐུལ་བས་དོན་བྱས་པའི། །མཐུ་ཡིས་འདི་ན་བདུད་ཅེས་གྲགས། །འོན་ཀྱང་རྒྱུ་འདི་བསྟན་མེད་པ། །མཆོད་སྦྱིན་གྱིས་བསྒྲུབས་འབྲས་བུས་ཡིན། །ལོག་ལྟས་མནར་མེད་འཁྲིད་པ་ཡིན། །དེ་བས་རྒྱུ་འབྲས་སོ་སོར་སྨིན། །གཞན་དག་ཡང་དག་ལྟ་དང་ལྡན། །ལོག་ལྟ་རིང་དུ་སྤངས་པ་ཡིན། །གནས་འདི་འདོད་པའི་ལྷ་མི་རྣམས། །ཀུན་གྱི་གནས་ལ་ཁྱད་འཕགས་ཏེ། །གཞན་གྱིས་འཕྲུལ་ལ་དབང་བྱེད་ཕྱིར། །ཉི་མ་དང་ནི་མེ་ཁྱེར་བཞིན། །ཕྱོགས་ཅིག་ཉེ་བར་བརྗོད་པ་ན། །དབང་སྒྱུར་ལྷ་ཡི་གཞལ་མེད་ཁང་། །དཔག་ཚད་བརྒྱ་སྟོང་དུ་མར་ལྡན། །གྲུ་བཞི་རིན་ཆེན་བཞི་རང་བཞིན། །གཞི་ནི་རིན་ཆེན་བཻ་ཌཱུརྻ། །སྣ་ཚོགས་སྒོ་དང་སྒོ་ཁྱུད་དང་། །སྐར་ཁུང་རྟ་བབས་དུ་མ་རྣམས། །རིན་ཆེན་དུ་མ་སྤེལ་བ་ལ། །འོད་ཟེར་ཉི་མ་ལས་ལྷག་འཕྲོ། །ཀ་བ་སྟོང་ཕྲག་དུ་མ་རྣམས། །ཅིག་ནི་གསེར་ལ་དེ་བཞིན་དངུལ། །བཻ་ཌཱུརྻ་དང་ཤེལ་དང་ནི། །མར་གད་པད་མ་ར་ག་དང་། །སྤུག་དང་རྡོ་ཡི་སྙིང་པོ་དང་། །རེ་རེའང་བསམ་གྱིས་མི་ཁྱབ་བོ། །འདོད་ན་མཁའ་ལ་བྱ་བཞིན་འགྲོ། །འདི་ན་སྐྱེད་མོ་ཚལ་མཆོག་རྣམས། །རེ་རེ་ངག་གིས་བརྗོད་མི་ནུས། །གཟུགས་སྒྲ་དྲི་རོ་རེག་བྱ་ཡི། །མདའ་ལྔ་ཡུལ་ལ་དབང་བྱེད་ཅིང་། །གནས་འདིར་སྲེད་པ་བསྐྱེད་བྱེད་ན། །སུ་ཞིག་མྱ་ངན་འདའ་བར་ནུས། །དེ་ཕྱིར་དབང་བསྒྱུར་བདུད་ཀྱི་ཡུལ། །འདོད་ཁམས་ཀུན་ལས་ཕུལ་བྱུང་ཡིན། །དགའ་བཟང་ལ་སོགས་ལྷ་མོ་རྣམས། །བྱེ་བ་བརྒྱ་ཕྲག་དུ་མས་གང་། །གཅིག་གི་འོད་དང་གཟུགས་དང་བརྒྱན། །སྣ་ཚོགས་གོས་ལྡན་སྒྲིབ་མེད་པ། །མཛེས་པ་སྤྱོད་ཚུལ་སྒྱུ་མ་བཞིན། །བསམས་ཀྱང་ཤེས་པར་མི་འགྱུར་བ། །ཆགས་བྲལ་མ་རྟོགས་འཇིག་རྟེན་འདིར། །གཡོ་བར་མི་འགྱུར་སུ་ཞིག་ཡོད། །མཐོང་བ་ཙམ་གྱིས་ཚིམ་བྱེད་འགྱུར། །གནས་དེ་རོལ་མོ་གཅིག་གིས་བརྒྱན། །ལྷ་གནས་སྒྲ་ཀུན་ཟིལ་གནོན་ན། །མི་རྣམས་རོལ་མོ་སྨོས་ཅི་དགོས། །དེ་ཡི་བདུད་རྩི་རོ་མྱོངས་ན། །གཞན་དག་ལྷ་ཡི་ཞལ་ཟས་ཀུན། །བོང་པའི་རོ་དང་མཚུངས་པར་འགྱུར། །ཡང་དང་ཚ་གྲང་རེག་པ་ཡིས། །མ་གདུང་ལུས་ཀུན་ཚིམ་བྱེད་པ། །སྒྲིབ་མེད་གོས་མཆོག་ཕུལ་དུ་བྱུང་། །དེ་ཡི་དྲི་བསུང་ཅིག་གིས་ཀྱང་། །ཕྱོགས་ཀུན་དང་བར་བྱེད་པར་འགྱུར། །ལྷ་མིའི་བདུག་སྤོས་ཟིལ་གནོན་བྱེད། །དེ་ལྟར་བརྗོད་ཀྱིས་མི་ལང་བའི། །ཁྱད་པར་བསམ་པར་ནུས་པ་ནི། །དེ་ན་མེ་ཏོག་རེ་རེ་ཡང་། །དཔག་ཚད་དུ་མའི་ཁྱོན་ལྡན་པ། །འདབ་མ་སྟོང་ཕྲག་དུ་མས་མཛེས། །དབང་པོའི་གཞུ་ལ་ཕུལ་བྱུང་བའི། །འོད་ཀྱི་དྲ་བ་མཛེས་པ་ཡིན། །ཁོར་ཡུག་མཚུངས་མེད་དྲི་ལྡང་བ། །རོ་བརྒྱ་ལྡན་པའི་བཏུང་བ་དང་། །ལྡན་པ་དེ་ལ་འདུག་བྱེད་ན། །འདོད་ན་མཁའ་ལ་འགྲོ་བར་བྱེད། །འདོད་ན་སྣ་ཚོགས་གཡེར་ཁ་ཡི། །སྒྲ་དང་མུ་ཏིག་རྒྱན་འཕྲེང་རྣམས། །ཀུན་དུ་ཁྱབ་བྱེད་སྤྲིན་ཕུང་འདྲ། །དེ་སོགས་མཐུ་ནི་དཔག་མེད་ལྡན། །ལྗོན་པ་རི་དང་འབབ་ཆུ་དང་། །ས་ཕྱོགས་དགའ་ཚལ་ཁྱད་པར་རྣམས། །འཕགས་མིན་སྐྱེ་བོས་བརྗོད་མི་ལང་། །མདོར་ན་སེམས་ཀྱི་ཀུན་རྟོག་ལ། །སྣང་བའི་འདོད་ལྡན་གྱིས་བསྒྲུབས་པ། །གནས་འདི་ལས་ནི་ལྷག་ཡོད་མིན། །དེ་འདྲའི་འབྲས་བུ་ཕུལ་བྱུང་ལ། །སྤྱོད་པ་གང་དེ་བདུད་ཅེས་པ། །བྱིས་པའི་སྐྱེ་བོ་འཁྲུལ་པ་རྣམས། །མི་རྣམས་ལོངས་སྤྱོད་ཅུང་ཟད་ཙམ། །མྱོང་ཡང་སྲེད་པས་རོ་མྱོང་ཞིང་། །བག་མེད་བརྒྱགས་པས་རབ་མྱོས་ན། །དེ་ལ་མྱོས་ནས་ཞི་བ་ཡི། །བདེ་བ་ལས་ནི་ཕྱིར་ཕྱོགས་འགྱུར། །གང་ཚེ་བག་མེད་ལ་བརྟེན་ནས། །སྲེད་དང་མྱོས་དང་འཐབ་པ་དང་། །ཡིད་འཁྲུག་འགྱུར་བ་སྨོས་ཅི་དགོས། །དེ་ནི་བདུད་ཀྱི་ཕོ་ཉ་བཞི། །དེ་རྣམས་དབང་བསྒྱུར་མི་དགེ་སྤྱོད། །འབྲས་བུ་སྔོན་བཤད་ངན་འགྲོར་ལྟུང་། །དེས་ན་བདུད་ཀྱི་ལྷ་ཞེས་སྤྱོད། །དེ་ལྟར་སྣང་བའི་ལོངས་སྤྱོད་ཀྱང་། །རྨི་ལམ་ལྟར་ཤེས་བག་ཡོད་ཅིང་། །འདོད་ཁམས་དབང་བྱེད་ང་རྒྱལ་དང་། །རློམ་པས་སྒྲིབ་པར་མི་ནུས་པར། །མ་ཆགས་བསམ་གཏན་སྤྱོད་པ་གང་། །འདོད་པའི་ཁམས་ལས་འདའ་བས་ན། །བདུད་དབང་མ་གྱུར་ལྷ་ཞེས་བྱ། །དེ་ཕྱིར་བསྟན་ལ་ཞུགས་པ་རྣམས། །སྦྱིན་དང་ཚུལ་ཁྲིམས་དག་པ་ལ། །སྤྱད་ཅིང་མ་ཆགས་སྤྱོད་པ་དང་། །རང་གི་དོན་ཙམ་མི་སེམས་པར། །བཟོད་དང་བརྩོན་འགྲུས་རབ་ལྡན་པས། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །བསམ་གཏན་གནས་ལ་འདུན་པར་བྱ། །འདིར་ནི་མི་ལོ་སྟོང་དྲུག་བརྒྱ། །ཞག་ཅིག་ཡིན་ཏེ་དེས་བསྒྲེས་པ། །ཁྲི་དང་དྲུག་སྟོང་རང་ལོ་ཐུབ། །མི་ལྟར་བརྩིས་ན་བྱེ་བ་ནི། །དགུ་བརྒྱ་ཉི་ཤུ་རྩ་གཅིག་ནི། །ས་ཡ་དྲུག་སྟེ་འདི་དག་རྣམས། །ཀུན་ལ་དུས་མིན་འཆི་བ་ཡོད། །དེ་ལྟར་འདོད་ལ་རིགས་དྲུག་གི །ཉིན་མཚན་མེ་ཏོག་བྱེ་ཟུམ་དང་། །གཉིད་དང་བྱ་སྐད་འབྱིན་མི་འབྱིན། །ཡིན་ཏེ་མུན་པ་ཡོད་མ་ཡིན། །ལུས་ཚད་རྒྱང་གྲགས་བཞི་ཆ་ནས། །ཕྱེད་དང་གཉིས་ཀྱི་བར་དུ་ཡིན། །མདོར་ན་འདོད་པའི་ཁམས་འདི་ན། །སྲོག་གཅོད་སྤངས་པ་ཚེ་རིང་ལ། །བཟོད་བྱས་གཟུགས་མཆོག་ཕུན་སུམ་ཚོགས། །མ་བྱིན་ལེན་སྤངས་བདག་ཉིད་ཀྱི། །ལོངས་སྤྱོད་སྲུངས་པའི་མཆོག་ཡིན་ནོ། །གཞན་གནོད་འདོད་སྤྱོད་རབ་སྤངས་པས། །མཚུངས་མེད་ཁྱིམ་ཐབ་ལྷ་མོ་ལྡན། །བརྫུན་སྤངས་བདེན་པ་ཐོབ་འགྱུར་ཏེ། །ཕྲ་མ་སྤངས་པ་མི་ཕྱེད་འཐོབ། །ངག་འཁྱལ་སྤངས་པས་ངག་བཙུན་འགྱུར། །ཚིག་རྩུབ་སྤངས་ན་སྙན་སྨྲ་ལ། །སྲོག་བྱིན་གཞན་གྱིས་འཚེ་བ་མེད། །ནོར་བྱིན་ལོངས་སྤྱོད་དུ་མ་འབྱུང་། །སྨན་བྱིན་ནད་མེད་ཐོབ་པ་སྟེ། །བཟའ་བཏུང་སྦྱིན་པས་བཀྲེས་སྐོམ་མེད། །བཞོན་པ་ལྷམ་སྦྱིན་དེ་ཉིད་དང་། །ངལ་བ་མེད་དང་མགྱོགས་པར་འགྱུར། །སིལ་སྙན་བྱིན་པས་སྒྲ་སྙན་འགྱུར། །སྒྲོན་མེ་བྱིན་པས་འོད་ཐོབ་འགྱུར། །རྒྱན་དང་མེ་ཏོག་འཕྲེང་མཛེས་བྱིན། །དེ་ཉིད་དང་ནི་མཛེས་པ་ཐོབ། །གྲུ་ཟམ་གྱིས་ནི་བདེ་བརླག་འགྲོ། །ངལ་སྟེགས་བྱས་པ་ངལ་མེད་འགྱུར། །ཁང་པ་བྱིན་པས་རིན་ཆེན་གྱིས། །བརྒྱན་པའི་ཁང་བཟང་ཐོབ་པར་འགྱུར། །སྐྱེད་ཚལ་ས་གཞི་བྱིན་པ་ལས། །ཐམས་ཅད་པ་ཡི་བདག་པོར་འགྱུར། །བྲན་དང་འཁོར་བྱིན་དེ་ཉིད་དང་། །གང་གང་བྱིན་པའི་འབྲས་བུར་ལྡན། །རྒྱལ་དང་དམ་ཆོས་དགེ་འདུན་དང་། །ཕ་མ་ནད་པ་དབུལ་པོ་དང་། །མ་རྙེད་འདོད་པ་རིམ་ཅི་བཞིན། །སྦྱིན་ཞིང་མཆོག་དང་སྨན་པ་ཡིན། །དབང་མེད་ཁྱིམ་སོགས་ཆེད་དུ་ནི། །མ་དག་འབྱུང་བ་རྣམས་ལ་ནི། །བསྲེག་དང་ཆུ་སོགས་འབྲས་བཟའ་མིན། །དངོས་པོ་ཁྱད་པར་དེ་བཞིན་ཏེ། །སྡིག་དང་མ་འདྲེས་མཆོག་ཏུ་འགྱུར། །དུག་མཚོན་ཆུ་སོགས་མ་དག་ཡིན། །འདི་དང་ཕྱི་མ་རང་གཞན་གྱི། །དོན་སེམས་དམན་དང་འབྲིང་པོ་སྟེ། །མྱ་ངན་འདས་ཐོབ་འདོད་པ་གང་། །བླ་མེད་དེ་ཡང་མཆོག་དམན་གཉིས། །མདོར་ན་སྦྱིན་དང་ཚུལ་ཁྲིམས་ཀྱི། །གནས་ལ་བཟོད་བརྩོན་བསོད་ནམས་ཚོགས། །རྒྱུ་འདི་སྤངས་ནས་གཏི་མུག་གི །འཕངས་ཏེ་ཆགས་དང་ཞེ་སྡང་པས། །སྡུག་བསྔལ་ཉམས་སུ་མྱོང་བར་བྱེད། །དེ་ཕྱིར་བདེ་བ་འདོད་གང་སྟེ། །སྒྲིམས་ཏེ་རྒྱུ་འབྲས་བརྟག་པར་བྱ། །དྲན་པ་ཉེ་བར་བཞག་པའི་དོན་སྣང་བར་བྱེད་པའི་ཚིག་ལེའུར་བྱས་པ་ལས་འདོད་པའི་ཁམས་ཀྱི་ལྷ་རྣམས་ཀྱི་ལེའུ་སྟེ་དྲུག་པའོ།། ༈ །།དེ་ནས་གཟུགས་ཁམས་བཤད་པར་བྱ། །དུག་གསུམ་ཀུན་ལྡང་དྲག་པོ་ཡི། །ཆགས་བྲལ་དེ་ལས་གོང་མར་བརྗོད། །དེ་ཡང་རྣམ་གཉིས་འཇིག་རྟེན་དང་། །འཇིག་རྟེན་འདས་འབྲེལ་རྣམ་པ་ཅན། །དེའང་བསམ་གཏན་ཉེར་སྡོགས་ལས། །བྱུང་བ་གནས་གཞན་བཅུ་གཉིས་ཏེ། །ཚངས་རིགས་ཚངས་པ་འདུ་ན་འདོན། །ཚངས་ཆེན་འོད་ཆུང་ཚད་མེད་འོད། །འོད་གསལ་དགེ་ཆུང་ཚད་མེད་དགེ །དགེ་རྒྱས་སྤྲིན་མེད་བསོད་ནམས་སྐྱེས། །འབྲས་བུ་ཆེ་སྟེ་གཞན་མ་ལྔ། །མི་ཆེ་མི་གདུང་གྱ་ནོམ་སྣང་། །ཤིན་དུ་མཐོང་དང་འོག་མིན་པ། །དེ་རྣམས་འཕགས་པའི་ལྷ་ཡིན་ནོ། །གང་གིས་བསམ་གཏན་དང་པོ་ནི། །སྒོམ་བྱེད་སྦྱིན་དང་ཚུལ་ཁྲིམས་ནི། །སྔར་ལྟར་དག་པ་ལེགས་སྤྱོད་པ། །དེ་ཚེ་འདོད་པའི་བདེ་བ་ཉམས། །ཆགས་ཞེན་སྲེད་པའི་རྒྱུར་མཐོང་ནས། །དེ་སྤོང་བྱེད་དེ་བསམ་གཏན་ལ། །སྲེད་ཅིང་ལེན་པས་མཚམས་སྦྱར་ཏེ། །ཚངས་རིས་ཉིད་སྐྱེ་དེ་བས་ཀྱང་། །མི་ལྕོགས་མེད་བསྒོམ་གཉིས་པ་སྟེ། །དག་པ་བྱམས་དང་འབྲེལ་བསྒོམ་པ། །ཚངས་ཆེན་དུ་སྐྱེ་དེ་དག་ཀྱང་། །ཕལ་པ་བསྒོམ་པ་ཉོན་མོངས་ལྡན། །དོན་རབ་འབྱེད་ལྡན་དེ་གཅོད་པས། །ཁྱད་འཕགས་ཡང་དག་ལམ་དུ་འགྲོ། །དེ་རྣམས་གནས་ནི་བསོད་ནམས་མཐུས། །ཡུལ་དུ་སྣང་བ་ཁྱད་འཕགས་ཏེ། །སྣ་ཚོགས་རིན་ཆེན་ཞིང་དུ་སྣང་། །མཐོན་དམན་སྡོང་དུམ་ཡོད་མིན་ཏེ། །མཉམ་ཞིང་ཡིད་བཞིན་ལྡན་པ་ཡིན། །ཚངས་པའི་གཞལ་མེད་གྲུབ་པ་གང། །འདོད་ཁམས་རིན་ཆེན་ཀུན་གྱིས་ཀྱང་། །དེ་ཡི་ཆ་ཤས་རི་བ་མིན། །དེ་ཡི་འོད་ཟེར་ཆ་ཅིག་ཀྱང་། །དབང་བསྒྱུར་འོད་ཀྱང་མོག་མོག་བྱེད། །ཚངས་གནས་སིལ་སྙན་གཅིག་གི་སྒྲ། །ཐོས་ན་འདོད་ཁམས་སེམས་ཅན་སྒྲ། །ཟིལ་གནོན་དུས་བྱེད་འགྱུར་ཞེས་གྲག །དེ་སོགས་ཡུལ་གྱི་ལོངས་སྤྱོད་རྣམས། །དཔག་ཏུ་མེད་ཀྱང་འདོད་པ་མེད། །དེ་ན་ཕོ་མོ་མེད་པ་སྟེ། །གནས་འདི་ནས་ནི་འོག་མིན་པར། །གང་ཚེ་སྐྱེས་པ་དེ་ཡི་ཚེ། །ཀུན་རྫོགས་གོས་དང་བཅས་པ་ཉིད། །གཉིད་དང་ཉིན་མཚན་ མེད་པ་སྟེ། །བསམ་གཏན་ཟས་མཆོག་དགའ་དང་ལྡན། །རང་རང་རྫུ་འཕྲུལ་ལྡན་པ་སྟེ། །འདོད་ཁམས་སྙིང་རྗེའི་གནས་སུ་མཐོང་། །ཚུལ་འདི་རྣམས་ནི་བཅུ་དྲུག་འགྱུར། །གོང་མ་གོང་མ་འཕགས་ཞེས་གྲག །དེ་རྣམས་མཆོག་ནི་མི་མཆེད་ཀྱི། །ཚངས་པ་ཆེན་པོ་ཞེས་གྲགས་ཏེ། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །དམ་ཆོས་བསྐུལ་འདི་འཕགས་པ་ཡིན། །གཞན་དག་ལོག་ལྟའི་གཞིར་གྱུར་པ། །བློ་ཉམས་རྣམས་ཀྱིས་སྨྲ་བར་བྱེད། །དེ་ལྟར་བསམ་གཏན་དང་པོ་ལས། །གྲུབ་པ་གསུམ་ཡིན་དེ་ལས་གཞན། །གཉིས་པ་རྟོག་མེད་བསྒོམས་པ་ལས། །འོད་ཆུང་དུ་སྐྱེ་སྔར་བས་ལྷག །དེ་ཉིད་མི་ལྕོགས་མེད་བསྒོམ་པ། །ཚད་མེད་འོད་སྐྱེ་དེ་ལས་གཞན། །ཕུལ་དུ་བྱུང་བ་འོད་གསལ་ཡིན། །འདི་རྣམས་གནས་ནི་ཚངས་ཆེན་ལས། །གོང་མ་གོང་མའི་ཁྱད་པར་དུ། །འཕགས་པའི་སྣང་ལྡན་ཞི་བ་ཡིན། །ཤིན་དུ་དགའ་དང་བདེ་བ་ཡི། །ལུས་སེམས་ཚིམ་བྱེད་བླ་ན་མེད། །དེ་ནས་དགའ་བདེ་དང་བྲལ་ཞིང་། །དྲན་རིག་གཡོ་བ་རླུང་རྒྱུ་བ། །ཙམ་ལྡན་བསམ་གཏན་གསུམ་པ་ནི། །བསྒོམས་ལས་དགེ་ཆུང་དུ་སྐྱེ་ལ། །བསྟན་བྱས་ཚད་མེད་དགེ་ཡིན་ཏེ། །ཤིན་དུ་བསྟན་པས་དགེ་རྒྱས་ཞེས། །དགེ་བས་གང་བས་གྲུབ་པར་འགྱུར། །རང་སྣང་འོད་ཀྱི་གཞལ་ཡས་ཁང་། །མཚུངས་མེད་རབ་ཏུ་ཞི་བར་སྣང་། །ཞིང་དང་བདེ་བ་ཅི་སྙེད་པ། །འཇིག་རྟེན་དཔེ་བྱར་གང་ཡང་མེད། །འོན་ཀྱང་རང་རང་བསམ་གཏན་མཐུས། །གོང་མ་གོང་མ་རིམ་པས་འཕགས། །གཞན་ཡང་བསམ་གཏན་བཞི་པ་ནི། །གཡོ་མེད་ཞེས་བྱ་དེ་བསྒོམས་པས། །སྤྲིན་མེད་ཞེས་བྱ་དེ་འགྲོ་སྟེ། །དེ་གོམས་བསོད་ནམས་སྐྱེས་སུ་སྐྱེས། །མཐར་ཐུག་གྱུར་པ་འབྲས་བུ་ཆེ། །དེ་རྣམས་རབ་ཏུ་ཞི་བའི་ལྷ། །ཁྱད་པར་འཕགས་པར་བཤད་པ་ཡིན། །དེར་ནི་ཟག་བཅས་མཐུས་བསྐྱེད་ཕྱིར། །རེ་ཞིག་ཉོན་མོངས་ཞིར་སྣང་ཡང་། །འཇིག་རྟེན་སེམས་ཅན་ཀུན་རྟོག་འདི། །རོ་མྱང་འཛིན་དང་རབ་འབྲེལ་པས། །ཐལ་བ་བཀབ་པའི་མེ་བཞིན་དུ། །ཡུན་རིང་ལོན་ཀྱང་ཚུལ་མིན་ཀྱི། །ཡིད་བྱེད་ཀྱིས་བསྐྱེད་ལས་ཉོན་མོངས། །ཤིང་དང་ཕྲད་ནས་འབར་བར་འགྱུར། །དེ་བས་དོན་རབ་འབྱེད་པ་ཡི། །ཤེས་རབ་ཀྱིས་བཟུང་བསམ་གཏན་ནི། །འཕགས་པའི་ལམ་འབྲེལ་བསྒོམ་པར་བྱ། །དེ་གཉིས་ཁྱད་པར་བཤད་བྱ་བ། །སྔ་མ་ཆོས་ཀུན་མ་རྟོགས་ཀྱང་། །སེམས་གནས་ཁྱད་པར་ལས་བྱུང་ངོ་། །ཕྱི་མ་ཆོས་ཀུན་རྟེན་འབྲེལ་ཀྱི། །ཚུལ་ཤེས་སེམས་དང་སེམས་འབྱུང་གི །རྣམ་པ་རྒྱུ་དང་འབྲས་མཐོང་ནས། །རྟོག་དང་སྤྱོད་པ་གཉིས་པོ་སྟེ། །དེ་ལ་རྩེ་གཅིག་བརྩོན་བྱས་པས། །དགའ་བདེ་འབྲས་བུ་རབ་ཏུ་སྐྱེ། །དེ་ནི་བསམ་གཏན་དང་པོ་ཡིན། །རྟོགས་སྤྱོད་དང་བྲལ་རྩེ་ཅིག་པར། །ནང་དུ་རབ་ཏུ་དང་བ་ཡི། །དགའ་བདེ་ལྡན་པ་གཉིས་པ་ཡིན། །རྟོགས་སྤྱོད་བདེ་སྡུག་དང་བྲལ་ཞིང་། །དྲན་དང་ཤེས་བཞིན་ལྡན་རྩེ་ཅིག །བསམ་གཏན་གསུམ་པ་ཞེས་བྱར་བཤད། །རྟོགས་ སྤྱོད་བདེ་དང་སྡུག་བསྔལ་དང་། །ཡིད་བདེ་མི་བདེ་དབྱུགས་དབྱུང་རྔུབ། །སྐྱོན་བརྒྱད་མེད་ཅིང་མི་གཡོ་བ། །བཏང་སྙོམས་དྲན་པ་དག་པ་ནི། །བསམ་གཏན་བཞི་པ་ཞེས་བྱའོ། །ཚུལ་འདི་དེ་བཞིན་ཉིད་འབྲེལ་པས། །འཕགས་པའི་བསམ་གཏན་ཞེས་བརྗོད་དོ། །ཉོན་མོངས་ཅན་ལ་དགའ་བདེ་དང་། །རབ་དང་ཤེས་བཞིན་དྲན་པ་དང་། །བཏང་སྙོམས་དྲན་པ་དག་མེད་དེ། །ཉོན་མོངས་དབེན་པ་མིན་ཕྱིར་དང་། །ཉོན་མོངས་སྙོག་པས་དང་མིན་དང་། །ཉོན་མོངས་ཅན་དེ་དྲན་ཤེས་མེད། །དྲན་དག་མིན་ཏེ་དྲིར་བཅས་ཕྱིར། །འདི་དག་ལྡོག་པའི་བསམ་གཏན་ཡིན། །འདི་ཡི་བསམ་གཏན་བཞི་པ་ལས། །འདུ་ཤེས་བཀག་ནས་དེ་ཙམ་གྱིས། །མྱ་ངན་འདས་པར་རྟོག་བྱེད་པ། །འདུ་ཤེས་མེད་པའི་ལྷ་ཞེས་པ། །གྲོང་ལས་དགོན་པའི་ཚུལ་སྐྱེས་ཡོད། །དེ་ནི་ཕྱིར་ཞིང་ལོག་ལྟ་ཡིས། །འཚམས་སྦྱར་མནར་མེད་ལྷུང་བྱེད་པས། །མི་ཁོམ་གནས་ཡིན་ཚེ་རིང་ལྷ། །དེ་ཕྱིར་ཚུལ་ལྡན་བསམ་གཏན་པ། །ཤེས་རབ་རྣམ་པར་སྦྱང་བར་བྱ། །མི་ཆེ་ལ་སོགས་ལྔ་རྣམས་ནི། །བསམ་གཏན་ཤེས་རབ་དང་འབྲེལ་པས། །ཉོན་མོངས་ཆེ་མིན་དེས་མི་གདུང་། །ཉོན་མོངས་བྲལ་བའི་ཡོན་ཏན་ནི། །གྱ་ནོམ་སྣང་དང་འོག་མིན་འགྲོ། །རྒྱུ་དེས་འཕགས་པ་ཞེས་བྱའི་ལྷ། །དག་པའི་ཞིང་བཞིན་རང་སྣང་ངོ་། །དེ་རྣམས་གཙོ་བོ་ལྷ་ཡི་བུ། །དབང་ཕྱུག་ཆེན་པོ་ཞེས་བྱའོ། །དེ་ལྟར་གཟུགས་ཁམས་བཅུ་བདུན་ནི། །སྦྱིན་སོགས་ཀྱིས་བསྐྱེད་ལྷ་ཡིན་ཏེ། །ཟག་བཅས་ཟག་པ་བྲལ་བ་ལས། །འདུས་བྱས་མངོན་པར་གྲུབ་པར་བཤད། །དེ་རྣམས་ལུས་ཀྱི་ཚད་བཤད་པ། །ཚངས་རིས་དཔག་ཚད་ཕྱེད་ཡིན་ཏེ། །གཅིག་དང་ཕྱེད་དང་གཉིས་རིམ་བཞིན། །དེ་ཡི་གོང་མའོ་འོད་ཆུང་གཉིས། །ཚད་མེད་འོད་དང་འོད་གསལ་ནི། །དཔག་ཚད་བཞི་དང་བརྒྱད་ཡིན་ནོ། །དགེ་ཆུང་སོགས་གསུམ་བཅུ་དྲུག་དང་། །སོ་གཉིས་རེ་བཞི་རིམ་པ་བཞིན། །སྤྲིན་མེད་བརྒྱད་དང་ཉེར་ལྔའོ། །བསོད་ནམས་སྐྱེས་ནས་འོག་མིན་བར། །ཕྱེད་དང་སུམ་བརྒྱ་ལྔ་བརྒྱ་དང་། །སྟོང་དང་གཉིས་སྟོང་སྟོང་ཕྲག་བཞི། །བརྒྱད་སྟོང་དེ་བཞིན་ཁྲི་དྲུག་སྟོང་། །ཚད་ཚེ་ཚངས་རིས་སྐལ་ཆུང་ནི། །ཉི་ཤུ་དེ་བཞིན་བཞི་བཅུ་སྟེ། །ཚངས་ཆེན་ལྔ་བཅུ་ང་བརྒྱད་འདོད། །འོད་ཆུང་ནས་བཟུང་བསྐལ་ཆེན་གཉིས། །གཞན་ནི་དཔག་ཚད་གྲངས་དང་མཉམ། །ལྷ་གནས་རྣམས་ཀྱི་ཐ་གྲུའི་ཚད། །གླིང་བཞི་དེ་བཞིན་སྤྱི་ཕུད་དང་། །སྟོང་གཉིས་གསུམ་པ་རིམ་ཅི་བཞིན། །འདོད་གཟུགས་གཙང་མ་མན་ཆད་ཡིན། །དེ་ལྟར་གནས་དང་གཞན་སྣང་བ། །ལུས་ཅན་བསམ་པ་ཅི་ལྟར་བཞིན། །དྲན་པ་ཉེ་བར་བཞག་པའི་དོན་སྣང་བར་བྱེད་པའི་ཚིག་ལེའུར་བྱས་པ་ལས། །གཟུགས་ཀྱི་ཁམས་ཀྱི་ལེའུ་སྟེ་བདུན་པའོ།། ༈ །།དེ་ལས་གཞན་པ་གཟུགས་མེད་ནི། །རྒྱུ་དང་ངོ་བོ་ཚེ་ཚད་རྣམས། །རིམ་བཞིན་གསལ་བར་བཤད་པར་བྱ། །གང་ཞིག་སྐྱེ་འཕགས་གང་ཡིན་ཀྱང་། །བསམ་གཏན་བཞི་ པ་ལ་བརྟེན་ནས། །གཟུགས་ནི་རགས་བཅས་མ་ཞི་བར། །མཐོང་ནས་གཟུགས་ཀྱི་འདུ་ཤེས་ཏེ། །དགག་ཕྱིར་མཁའ་ལྟར་དམིགས་པ་གང་། །ནམ་མཁའ་མཐའ་ཡས་ཞེས་བྱ་སྟེ། །རྣམ་པར་ཤེས་དང་འདུ་བྱེད་ཀྱི། །ཁྱད་པར་མ་བརྟེན་དེ་འཐོབ་པོ། །དང་པོ་གཟུགས་སྒྲ་རེག་བྱ་ཆོས། །ཉེར་རྟོགས་ཡིན་སྟེ་གཞན་མར་གསུམ། །ཆོས་ལ་དམིགས་པ་ཁོ་ནས་བསྐྱེད། །རྣམ་ཤེས་མཐའ་ཡས་ཉིད་བསྒོམ་པ། །གོང་མ་ལས་ཀྱང་ཞི་བར་འདོད། །རྣམ་ཤེས་ཉིད་ཀྱང་རགས་མཐོང་ནས། །རྟོག་དེ་བཤིག་པ་ཅི་ཡང་མེད། །ཡུལ་ལ་མཚན་མ་འཛིན་པ་ཡི། །ཅི་ཡང་མེད་རྟོག་ཡིན་མཐོང་ནས། །དེ་བཤིག་ཡོད་མིན་མེད་མིན་ཏེ། །བསྟན་པའི་རྣམ་པར་ཤེས་པ་དང་། །ཉོན་མོངས་ཅན་ཡིད་གནས་པ་ཉིད། །གང་གང་གོམས་པ་ལ་བརྟེན་ནས། །གང་དུ་ཤི་བ་དེར་དེ་འཐོབ། །ངོ་བོ་རྣམ་ཤེས་དེ་ཉིད་དུ། །ཉེར་དམིགས་ཞི་བའི་ང་རྒྱལ་ཙམ། །དེར་ནི་བསྐལ་པ་ཉི་ཁྲི་དང་། །བཞི་ཁྲི་དྲུག་ཁྲི་བརྒྱད་ཁྲི་རྣམས། །ཚེའི་ཚད་དོ་འདི་དག་རྣམས། །འདོད་གཟུགས་འདས་པས་ཞི་ཡིན་ཀྱང་། །ཤེས་རབ་བྲལ་ནས་འོག་ཏུ་ལྟུང་། །དེ་བས་མཁས་པ་བསམ་གཏན་པ། །ཁམས་གསུམ་ལ་སྲེད་སུ་ཞིག་བྱེད། །ཐེག་མཆོག་ཞུགས་པའི་སྙིང་རྗེ་ཅན། །འདི་དག་ཏིང་འཛིན་ཐོབ་ནས་ཀྱང་། །རོ་མྱང་མ་ཡིན་དེར་མི་སྐྱེ། །འདོད་དང་གཟུགས་ཀྱི་ཆགས་བྲལ་ཀྱང་། །བསམས་བཞིན་གཞན་ལ་ཕན་པར་བྱེད། །གང་གིས་སེམས་ཀྱིས་དྲི་མ་དང་། །འདུ་བྱེད་ལས་དང་ཉོན་མོངས་རྣམས། །མ་རྟོགས་དགེ་དང་མི་དགེ་བ། །ཐོག་མེད་དུས་ནས་རྗེས་ཞུགས་པས། །ཟོ་ཆུ་བཞིན་དུ་ཁམས་གསུམ་འཁོར། །དེ་མཐོང་ཁམས་གསུམ་སྲིད་བདེ་ལ། །མ་ཞེན་ཞེན་པར་འགྱུར་རྣམས་ལ། །ཚད་མེད་རྣམ་བཞི་བསྐྱེད་པར་བྱ། །དྲན་པ་ཉེ་བར་བཞག་པའི་དོན་སྣང་བར་བྱེད་པའི་ཚིག་ལེའུར་བྱས་པ་ལས། །གཟུགས་མེད་པའི་ཁམས་ཀྱི་ལེའུ་སྟེ་བརྒྱད་པའོ།། ༈ །།དེ་ལྟར་ཁམས་གསུམ་སེམས་ཅན་གྱི། །ཡུལ་དུ་སྣང་བའི་རྣམ་ཤེས་ལ། །ཐུན་མོང་ཐུན་མོང་མ་ཡིན་པའི། །གནས་སུ་སྣང་བ་བཤད་པར་བྱ། །འོག་ཏུ་རླུང་གི་དཀྱིལ་འཁོར་ནི། །རྔམས་སུ་ས་ཡ་དྲུག་འབུམ་སྟེ། །རྒྱར་ནི་གྲངས་སུ་མ་བརྗོད་པ། །བརྟན་པར་ཆགས་ཤིང་དེ་ཡི་སྟེང་། །ཆུ་རྔམས་འབུམ་ཕྲག་བཅུ་གཅིག་དང་། །སྟོང་ཕྲག་ཉི་ཤུ་དེ་ལས་ཕྱིས། །འབུམ་ཕྲག་བརྒྱད་དེ་ལྷག་མ་ནི། །སུམ་འབུམ་ཉི་ཁྲི་གསེར་ཡིན་ནོ། །ཐད་ཀར་འབུམ་ཕྲག་བཅུ་གཉིས་དང་། །སུམ་སྟོང་ཕྱེད་དང་ལྔ་བརྒྱའོ། །ཁོར་ཡུག་ཏུ་ནི་སུམ་འགྱུར་ཡིན། །སྟེང་དུ་ཚངས་གནས་སྤྲིན་ལས་ནི། །ཆར་རྒྱུན་ལས་ཆུ་དེ་ལ་ནི། །རླུང་གིས་བསྲུབས་པས་ཚངས་གནས་ནས། །རི་གླིང་བར་དུ་རིམ་པས་བྱུང་། །ལྷག་མ་རོལ་མཚོ་བ་ཚ་ཅན། །ནང་གི་མཚོར་གྱུར་དེ་རྣམས་ཀྱང་། །གླིང་རྣམས་རྔམས་སུ་བརྒྱད་ཁྲི་དང་། །བཞི་སྟོང་ལྷུན་པོ་གཉིས་འགྱུར་རོ། །ས་ནས་རི་བདུན་ཁོར་ཡུག་བཅས། །ལྷུན་པོ་ནས་ནི་རིམ་པ་བཞིན། །ཕྱེད་ཕྱེད་ཀྱིས་དམའ་རྔམས་ཀྱང་མཉམ། །རོལ་མཚོ་ནང་མ་བརྒྱད་ཁྲིའི་ཞེང་། །གཞན་རྣམས་ཕྱེད་ཕྱེད་ཀྱིས་ཕྲིའོ། །བ་ཚའི་རྒྱ་མཚོ་ཁོར་ཡུག་བར། །སུམ་འབུམ་ཉིས་ཁྲི་ཉིས་སྟོང་ཡིན། །འཛམ་གླིང་ངོས་གསུམ་ཉིས་སྟོང་སྟེ། །གཅིག་ལ་དཔག་ཚད་ཕྱེད་དང་བཞི། །ལུས་འཕགས་སུམ་བརྒྱ་ལྔ་བཅུ་སྟེ། །ནུབ་ཕྱོགས་སྟོང་ཕྲག་ཕྱེད་དང་བརྒྱ། །སྒྲ་མི་སྙན་ནི་སྟོང་ཕྲག་བརྒྱད། །ཟུར་གསུམ་ཟླ་གམ་ཟླུམ་པོ་དང་། །གྲུ་བཞིའི་དབྱིབས་སུ་གནས་པ་ཡིན། །དེ་ལྟར་བསྐལ་ཆུང་གཅིག་ཏུ་ཆགས། །འཛམ་གླིང་མ་དྲོས་མཚོ་ཡི་འོག །དཔག་ཚད་སྟོང་ཕྲག་ཉི་ཤུ་ན། །མནར་མེད་དེ་དག་དམྱལ་བ་བདུན། །གནས་ཞེས་འདིར་བཤད་གཞན་དག་ནས། །རླུང་ནས་གསེར་གྱི་བར་དུ་བཤད། །གཞན་ནི་སྔར་བཤད་རིམ་པ་ལྟར། །རང་རང་རྟོག་པའི་དབང་གིས་བྱུང་། །ལྷུན་པོ་རིན་ཆེན་བཞི་རང་བཞིན། །རི་བདུན་གསེར་ཡིན་ཁོར་ཡུག་ལྕགས། །གླིང་བཞི་ཕྲན་བཅས་ས་ཡིན་ཏེ། །སྣ་ཚོགས་བསྟན་པ་ལྟར་སྣང་དང་། །དེ་བརྟན་བསྟན་མིན་མེ་དང་རླུང་། །ཆར་སྤྲིན་རྩ་ཤིང་མེ་ཏོག་སོགས། །སྣ་ཚོགས་འབྱུང་བ་རྣམ་བཞི་དང་། །དུས་ཀྱིས་རྐྱེན་སྣང་ནམ་མཁའ་ཡིས། །གོ་ཕྱེ་སྐྱེ་འགག་ལྟར་སྣང་བ། །ས་ཆུས་འཕེལ་བྱེད་རླུང་གིས་བསྒྲུབས། །མེས་ནི་སྨིན་བྱས་རྡུལ་ཕྲན་ཚུལ། །ཁ་དོག་དབྱིབས་སུ་སྣང་བ་ཡང་། །དཀར་པོ་ཆུ་ལ་དམར་པོ་མེ། །སེར་པོ་ས་ལ་སྔོ་བ་རླུང་། །ཀུན་འདུས་ཡེ་ཤེས་རང་བཞིན་ཅན། །ཟླུམ་པོ་ཟུར་གསུམ་གྲུ་བཞི་དང་། །ཟླ་ཕྱེད་ཐམས་ཅད་མཐུན་པར་སྣང་། །རྩོལ་བཅས་རྩོལ་བ་མེད་སྣང་བ། །མིག་དབང་སྤྱོད་ཡུལ་གྱུར་པ་རྣམས། །དེ་བཞིན་སྒྲ་ཡི་ཁྱད་པར་ཡང་། །འཇམ་དང་དྲག་པོ་བརྟན་སྒྲ་དང་། །གཡོ་ཞིང་འུར་བཅས་ཁམས་བཞི་སྟེ། །གསལ་དག་འབྱེད་པ་ནམ་མཁའི་དངོས། །དྲི་དང་རོ་རྣམས་རིམ་ཇི་བཞིན། །ས་ཆུ་མེ་རླུང་སྟོང་པ་ལས། །ལན་ཚ་མངར་དང་ཚ་ཁ་སྐ། །སྐྱུར་བ་མཁའ་སྟེ་ཡེ་ཤེས་བརྗོད། །རེག་བྱ་སྲ་འཇམ་རྩུབ་དང་ཡང་། །ཁམས་བཞི་གསལ་བྱེད་མཁའི་རང་བཞིན། །མཐུན་སྣང་ཐུན་མོང་རིག་བྱེད་ཡིན། །ཆུ་ལ་ལྷ་རྣམས་བདུད་རྩི་དང་། །ཡི་དྭགས་ཁྲག་དང་དམྱལ་བ་རྣམས། །ཟངས་ཞུན་སོགས་སྣང་དེས་མཐུན་སོགས། །རྨི་ལམ་ཡུལ་བཞིན་ཐ་དད་དུ། །ཐུན་མོང་མ་ཡིན་རིག་བྱེད་འདོད། །མདོར་ན་ཡུལ་དུ་སྣང་བ་ཡི། །རིག་པ་ལས་ནི་གཞན་མ་ཡིན། །དེ་བཞིན་མིང་གཞི་ལ་བརྟེན་པ། །རབ་ཏུ་བྱེད་པར་བཤད་པ་བཞིན། །དེ་དག་བསྐལ་ཆུང་ཉི་ཤུའི་བར། །ཆགས་པར་སྣང་ཞིང་གང་གི་ཚེ། །མནར་མེད་གྲུབ་ནས་གནས་པ་སྟེ། །མི་ཚེ་དཔག་མེད་དུས་ནས་ནི། །ཚེ་ལོ་བཅུ་ཡི་མཐར་ཐུག་བར། །ཡ་ཐོག་ཞེས་བྱ་དེ་ནས་ནི། །བརྒྱད་ཁྲིའི་བར་དུ་འཕེལ་འགྲིབ་པ། །བར་གྱི་བསྐལ་པ་བཅོ་བརྒྱད་དང་། །མཐར་ནི་འཕེལ་ནས་མ་ཐོ་ཅིག །དེ་རྣམས་ཉི་ཤུར་གནས་པ་སྟེ། །བརྒྱ་བརྒྱར་འཕེལ་དང་འགྲིབ་ཅེས་གྲགས། །ཡང་ནི་བཅུད་རྣམས་རིམ་པ་ལྟར། །འཇིག་རྟེན་དམྱལ་ནས་རིམ་པ་བཞིན། །གོང་དུ་འཕོ་དང་འཇིག་རྟེན་གཞན། །འཕོ་བྱེད་མི་དང་ལྷ་རྣམས་ནི། །བསམ་གཏན་རང་མཚན་ཉིད་བརྟེན་ནས། །སེམས་ཅན་མེད་ནས་བཅུད་ཟད་དོ། །དེ་ནས་ཉི་མ་རབ་ཚ་བས། །རྩ་ཤིང་འབབ་ཆུ་ཆུ་བོ་བཞི། །མ་དྲོས་རྒྱས་མཚོ་བ་ཚ་ཅན། །ལྷུན་པོ་རིར་བཅས་བདུན་པ་ཡིས། །འབར་བྱས་ཚངས་གནས་བར་དུ་བསྲེག དེ་ལྟར་མེ་ཡིས་བསྲེགས་པ་ནས། །བསྐལ་ཆུང་ཅིག་སྟེ་ཉི་ཤུར་འཇིག །ཞིག་ནས་སྟོངས་པར་དེ་སྙེད་འདུག །དེ་ནི་བསྐལ་པ་ཆེན་པོ་ཡིན། །མེ་ཡིས་བདུན་སྟེ་ཆུ་ཡིས་ཅིག །དེ་ལྟར་ཆུ་བདུན་ཐལ་ནས་ཀྱང་། །འཇུག་ཏུ་རླུང་གིས་འཇིག་པ་ཡིན། །བསམ་གཏན་གཉིས་དང་གསུམ་པའི་བར། །རྟོགས་སྤྱོད་དགའ་བདེ་རླུང་རྒྱུ་བའི། །སྐྱོན་དང་མཐུན་ཅིང་རིམ་ཅི་བཞིན། །གཞན་ནས་སེམས་ཅན་སྐྱོ་སྐྱེད་དང་། །དྲང་ཕྱིར་རྒྱལ་སྲས་མཐུ་རུ་བཞེད། །དེ་བཞིན་བསམ་གཏན་བཞི་པ་ནས། །གཡོ་བ་མེད་ཀྱང་སེམས་ཅན་དེ། །འབྱུང་དང་འཇིག་བཞིན་ཞི་ཡང་སྣང་། །དེ་བཞིན་ཞིང་འདིར་འདོད་ཁམས་སུ། །སྐྱེ་དང་འགག་པར་ཅིག་མོད་ཀྱང་། །ཞེན་པའི་དབང་གིས་དེ་ལྟར་གསུངས། །དོན་ལས་ཕྱི་རོལ་དོན་བདེན་པ། །རྡུལ་ཕྲན་ཙམ་ཡང་ཡོད་མ་མིན། །སེམས་ཀྱི་རྣམ་པར་འཕྲུལ་པའི་ཕྱིར། །སྟོང་གསུམ་ཐུན་མོང་རྒྱལ་བའི་ཞིང་། །དེ་འདྲ་དཔག་མེད་མཁའ་ཁྱབ་པར། །ཆགས་འཇིག་བཀོད་པ་དུ་མ་རྣམས། །དག་དང་མ་དག་སྣང་བ་ལས། །ཞིང་ཁམས་དཔག་ཏུ་མེད་པ་ཡིན། །དག་པ་རྒྱལ་བའི་མཛད་སྤྲུལ་པ། །དོན་བཅས་འཛིན་པ་གནས་གྱུར་པས། །ཅི་ལྟར་འདོད་བཞིན་ལོངས་སྤྱོད་དག །བསྟན་ཅིང་ཞིང་ནི་དག་པ་ལ། །དབང་འབྱོར་དེ་ཡང་དག་པ་ཡི། །སེམས་ཅན་མཐུན་སྣང་འཇུག་བྱེད་ཡིན། །དཔལ་ལྡན་ཐུགས་རྗེ་ཆེ་མངའ་ཐུབ་པའི་དབང་པོ་ཡིས། །སེམས་ཅན་མ་རིག་མུན་འཐོམས་ཡེ་ཤེས་མིག་བྲལ་བ། །ཡང་དག་ལམ་ལ་དཀྲི་ཕྱིར་ཆོས་ཀྱི་སྒྲོན་མེ་བལྟམ། །བསྐལ་ཉམས་དབང་གིས་འཛིན་པའི་བརྩོན་འགྲུས་ཉམས་པ་རྣམས། །དཀྲིས་ཕྱིར་རྒྱལ་སྲས་ཐུགས་རྗེ་ཆེ་དང་ལྡན་རྣམས་ཀྱིས། །ཡང་ནས་ཡང་བསྡུས་བློ་གྲོས་རྨད་བྱུང་བདག་ཉིད་ཆེ། །ཐོག་མེད་དང་ནི་དབྱིག་གཉེན་ཞེས་བྱས་ཤེས་བྱ་ཡིས། །གནས་རྣམས་ལེགས་བསྡུས་འབད་པས་བལྟ་ལ་བརྩོན་པར་གྱིས། །དྲན་པ་ཉེ་བར་བཞག་པའི་དོན་སྣང་བར་བྱེད་པའི་ཚིག་ལེའུ་བྱས་པ་ལས་འཇིག་རྟེན་གྱི་ཁམས་བསྡུས་པའི་ལེའུ་སྟེ་དགུའོ།། ༈ །།དེ་ནས་རྣལ་འབྱོར་སྤྱོད་པ་གང་། །ཡུལ་ལ་བདེན་པ་མེད་རིག་ནས། །ནང་དུ་ལུས་ལ་རྟོག་པར་བྱེད། །དེ་ལ་ཁམས་གསུམ་སྣ་ཚོགས་ཀྱང་། །ཀུན་རྟོག་ཆགས་དང་གཟུགས་ལྡན་པ། །དེ་མེད་ལས་གསུམ་འདུ་བྱེད་པས། །སྐྱེ་འཆི་ཟོ་ཆུ་ལྟར་འཁོར་བྱེད། །སྐྱེ་གང་དབང་པོ་གསར་ཐོབ་པའོ། །རྒ་བས་ཞུམ་ཞིང་འགྱུར་བྱས་ནས། །ཚེ་དང་སྲོག་དང་དྲོད་འགག་པ། །འཆི་བ་ཞེས་བྱར་ཐ་སྙད་བྱས། །ལས་དང་ བསོད་ནམས་ཀུན་ཟད་དང་། །ལས་ཟད་བསོད་ནམས་མ་ཟད་དང་། །བསོད་ནམས་ཟད་ཀྱང་ལས་མ་ཟད། །གཉིས་ག་མ་ཟད་འཆི་བའང་ཡོད། །རྒས་ཤིང་འཚོ་རྐྱེན་ཟད་པ་དང་། །འཚོ་རྐྱེན་ཡོད་ཀྱང་རྒས་འཆི་དང་། །འཚོ་རྐྱེན་མེད་པས་གཞོན་ཀྱང་འཆི། །ལས་ཀྱི་འཆི་སོགས་རིམ་པ་བཞིན། །དེ་ལྟར་རྟེན་ཅིང་འབྲེལ་འབྱུང་པའི། །འགྲོ་བ་ལྔ་རུ་གང་འཕོ་བ། །སྐྱེ་གནས་བཞིས་བསྡུས་དེ་དག་དང་། །བར་དོའི་ཁམས་རྣམས་ཐམས་ཅད་ཀུན། །བྱེད་པོ་མེད་ལ་རང་ཉིད་ཀྱི། །མཚན་ཉིད་འཛིན་བྱེད་ཁམས་དེ་ནི། །མ་བསྒྲིབས་ལུང་དུ་མ་བསྟན་པའོ། །དེ་ལས་སེམས་ཅན་གནས་པ་བདུན། །འདོད་དང་ཚངས་བཅས་ཁ་ཅིག་ནི། །ལུས་དང་འདུ་ཤེས་ཐ་དད་པོ། །དང་པོའི་ཚངས་རིས་ལྷ་དེ་དག །ཐ་དད་ལུས་ལ་འདུ་ཤེས་ཅིག །ལུས་འདྲ་འདུ་ཤེས་ཐ་དད་པ། །བསམ་གཏན་གཉིས་པའི་ལྷ་རྣམས་ཡིན། །ལུས་འདྲ་འདུ་ཤེས་གཅིག་པ་ཡང་། །བསམ་གཏན་གསུམ་པ་རྣམས་ཡིན་ནོ། །གཟུགས་མེད་གསུམ་བཅས་དེ་རྣམས་ཡིན། །བསམ་གཏན་བཞི་པ་དང་སྲིད་རྩེ། །འགོག་པར་ལྡན་ནོ་འདི་རྣམས་ནི། །གཟུགས་དང་ཚོར་དང་འདུ་ཤེས་དང་། །འདུ་བྱེད་དུ་འགྲོ་གནས་བཞིར་བཤད། །དེ་ཡང་མུ་བཞིར་ངེས་པ་ཡིན། །དེ་རྣམས་ཡུལ་དུ་སྣང་བ་སྟེ། །རྣམ་ཤེས་དྲུག་ནི་ཡུལ་ཅན་ཡིན། །དེ་ལྟར་སྣང་སྟེ་འཕོ་བ་ན། །གང་གང་སྲེད་པ་དེས་འགྲོ་སྟེ། །བར་དོ་མངོན་དུ་བྱེད་པ་ཡིན། །དེ་ནི་སྲིད་པ་གར་ལེན་པའི། །གཟུགས་དང་འབྲེལ་པར་སྣང་བ་སྟེ། །དབང་པོ་ཀུན་ཚང་ཐོགས་མེད་ཅིང་། །ལས་ཀྱི་རྫུ་འཕྲུལ་སྟོབས་དང་ལྡན། །སྣང་དང་སྲེད་པ་འདྲེན་དེ་ཡང་། །དམྱལ་བ་ཕལ་ཆེར་ཚོར་བ་སྟེ། །རོ་དང་དྲིས་ནི་ཡི་དྭགས་དང་། །དུད་འགྲོ་ཕལ་ཆེ་འཁྲིགས་པ་སྟེ། །ཕོ་དང་མོར་སྣང་རེག་བདེ་ཡིས། །འདོད་ཁམས་མི་དང་ལྷ་ཕལ་ཆེར། །ཀུན་ལ་གཟུགས་དང་འབྲེལ་པ་སྟེ། །བསམ་གཏན་བདེ་སྲེད་དེ་ནུབ་པ། །གཟུགས་མེད་དུ་འདྲེན་ལྕགས་ཀྱུ་བཞིན། །དཀར་དང་དམར་སེར་སྔོ་བ་དང་། །ནག་པོའི་ཁ་དོག་ལྡན་པ་ནི། །ལྷ་མི་དུད་འགྲོ་ཡི་དྭགས་དང་། །དམྱལ་བ་རྣམས་ཉིད་རིམ་ཇི་བཞིན། །ཆུ་ནང་ཟླ་བ་ལྟ་བུ་སྟེ། །བྱིས་པ་ལོ་ལྔ་ལོན་པ་བཞིན། །དང་ཞིང་རིགས་མཐུན་ལྷ་ཡི་མིག །རྣམ་དག་མིན་པས་མཐོང་མི་འགྱུར། །ཕལ་ཆེར་ཞག་བདུན་སྲིད་པ་སྟེ། །རིང་པ་བདུན་ཕྲག་བདུན་ཡིན་ལ། །རྐྱེན་ཚོགས་མྱུར་ལ་གཟུགས་མེད་དང་། །མནར་མེད་ཤིན་དུ་མྱུར་བ་ཡིན། །ལྷར་འགྲོ་སྟེང་དུ་ལྟ་བ་སྟེ། །གཡས་མི་གཡོན་ཕྱོགས་ལྷ་མ་ཡིན། །དུད་འགྲོ་དམན་དང་ཡི་དྭགས་ནི། །ཅུང་ཟད་ཐུར་དུ་གཡས་གཡོན་ལ། །དམྱལ་བ་གང་དེ་སྤྱི་ཚུགས་ལྷུང་། །འདོད་ཁམས་སུ་སྐྱེ་དྲི་ཟ་སྟེ། །གོས་མེད་ངོ་ཚ་མེད་པའི་ཕྱིར། །གཟུགས་དང་འཕགས་རིགས་གོས་བཅས་སྣང་། །དེ་ལྟར་བར་དོའི་སེམས་ཅན་རྣམས། །རིགས་དྲུག་གང་དུ་སྲེད་སྤངས་པ། །དེ་རིགས་ཡིན་ཀྱང་རྐྱེན་མ་ཚང་། །དེ་ཕྱིར་བར་དོའི་སྲིད་པར་བརྗོད། །དེ་ནས་རྐྱེན་སྦྱོར་བྱེད་པ་ན། །མངལ་དང་སྒོ་ང་ལས་སྐྱེ་བ། །ཕལ་ཆེར་ཕ་མའི་སྦྱོར་མཐོང་ནས། །ཆགས་དང་ཁོང་ཁྲོ་བསྐྱེད་ཅིང་འཇུག །མི་དང་རྟ་དང་ཁྱུ་མཆོག་དང་། །ཚལ་བཅས་གླིང་བཞི་མིའི་སྣང་བ། །འདོད་ཁམས་ལྷ་རྣམས་དེ་ཉིད་སྣང་། །དུད་འགྲོ་ཁ་ཅིག་དེ་འདྲར་བཤད། །མཐོང་ནས་དགའ་དང་བཅས་པ་ཡིས། །མྱུར་སོང་སྐྱེ་གནས་སུ་འཇུག་སྟེ། །ཞུགས་པ་དེ་ཚེ་སྣང་བ་ཡང་། །བསོད་ནམས་ལྡན་གཞལ་ཡས་དང་། །དམན་ལ་དམན་པའི་སྣང་བ་འབྱུང་། །དུད་འགྲོ་ཡི་དྭགས་དྲོད་གཤེར་སྐྱེ། །ཕལ་ཆེར་དྲི་དང་རོ་ལ་ཆགས། །དེར་ཞེན་སྐྱེ་བ་འགྲུབ་པ་ཡིན། །དེ་ཡང་ཆར་རླུང་ཚ་གྲང་གིས། །བདས་ནས་ཚང་ཚིང་ལ་སོགས་སུ། །སྐྱབས་ཚོལ་སྣང་བ་འབྱུང་བར་གསུངས། །ལྷ་དང་དམྱལ་སོགས་བརྫུས་སྐྱེས་ཕལ། །གནས་འདོད་ཡུལ་ལ་ཆགས་པ་ཡིན། །དེ་ཡང་དམྱལ་བ་མི་འདོད་ཀྱང་། །བར་དོར་ཚ་གྲང་གིས་ཉེན་དང་། །གཤེད་པོས་འཚེ་བའི་སྣང་བ་འབྱུང་། །སྔར་གོམས་ཤ་ཁྲག་ལ་སོགས་མཐོང་། །ཆགས་སྡང་འཚམས་སྦྱར་སྐྱེ་བ་འགྲུབ། །འཇུག་དང་གནས་དང་སྐྱེ་བ་ན། །ཕལ་ཆེར་མི་ཤེས་བཞིན་དུ་ཡིན། །འཁོར་བསྒྱུར་སྦྱངས་ལྡན་ཚོགས་གཉིས་རྫོགས། །འཇུག་གནས་སྐྱེ་བཅས་རིམ་པ་བཞིན། །དང་པོ་བར་མཐར་ཤེས་བཞིན་དྲན། །བརྫུས་སྐྱེས་དྲན་ལྡན་ཕལ་ཆེར་ཡིན། །སྲོག་འགགས་པ་ནས་རིགས་དྲུག་གི །ཉིང་མཚམས་ལ་སྦྱར་དེ་བར་དོ། །དེ་ནས་སྐྱེ་བར་འགྲུབ་པ་སྟེ། །མ་རིག་དབང་གིས་འདུ་བྱས་ནས། །རྣམ་ཤེས་དེ་ལྟར་འཚམས་སྦྱོར་ཞིང་། །དེ་ལས་མིང་གཟུགས་སྐྱེ་མཆེད་དྲུག །རེག་དང་ཚོར་བ་སྲེད་ལེན་དང་། །སྲིད་པ་འགྲུབ་བྱེད་མངལ་དུ་བརྒྱད། །སྐྱེ་དང་རྒ་དང་འཆི་བ་ཡིས། །ཡང་ནི་མ་རིག་རྫོགས་བྱེད་དེ། །དེ་ལྟར་ཁམས་གསུམ་བར་དོར་བཅས། །རྟོགས་ནས་རྒྱུ་འབྲས་ཡིད་ཆེས་ཤིང་། །རྟེན་ཅིང་འབྲེལ་པར་འབྱུང་མཐོང་ནས། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ཡང་དག་ཤེས་རབ་ཀྱིས་རྟོགས་བྱས། །བདག་ལྟ་རིང་དུ་སྤངས་གྱུར་ཏེ། །སྡུག་བསྔལ་ཀུན་འབྱུང་ཚུལ་ཤེས་པས། །དེ་འགོག་ཞི་བ་བདེ་རིག་ནས། །བྱང་ཆུབ་ཕྱོགས་ལྡན་ལམ་རྣམས་ཀུན། །མངོན་བྱེད་སྒྲུབ་ལ་བརྩོན་པར་འགྱུར། །སྦྱིན་དང་ཚུལ་ཁྲིམས་རབ་སྦྱངས་ནས། །ལུས་སེམས་ཚོར་བ་བཟོད་བྱེད་ཅིང་། །འཁོར་བདེ་བརྩོན་པས་གྲོགས་བྱས་ནས། །བསམ་གཏན་གྱིས་ནི་མ་ཞི་བའི། །སྡུག་བསྔལ་བཅོམ་ཞིང་རང་སེམས་ལ། །དབང་ཐོབ་ཆོས་ཀུན་རྣམ་འབྱེད་ཀྱི། །ཤེས་རབ་ཀྱིས་ཟིན་རང་གཞན་དོན། །འགྲུབ་བྱེད་སྙིང་རྗེ་ཆེན་པོ་ཡིས། །ཀྱེ་མ་ཁམས་གསུམ་སེམས་ཅན་རྣམས། །ང་མེད་ང་རུ་རྟོག་པ་དང་། །གཞན་མེད་ཡུལ་དུ་འཛིན་པ་གང་། །ཡང་དག་མ་ཡིན་ཀུན་རྟོག་ལས། །བྱུང་བ་རྟོགས་པར་མ་གྱུར་ཏོ། །བདག་གིས་འདི་ཀུན་དོན་བྱ་ཞེས། །བྱང་ཆུབ་སྤྱོད་ལ་འཇུག་པར་བྱ། །ཐབས་མཁས་སྨོན་ལམ་ལྡན་པ་ཡིས། །སྲིད་ཞི་མཉམ་པ་ཉིད་སྦྱངས་ནས། །སྟོབས་ བཅུ་མཐར་ཕྱིན་ཡེ་ཤེས་ཀྱིས། །ཇི་ལྟ་ཇི་སྙེད་ཐམས་ཅད་ཀྱང་། །དྲིར་བཅས་དྲི་མ་མེད་པའི་དོན། །ཆོས་དབྱིངས་ཤིན་དུ་དྲི་མེད་དང་། །དེ་ཡི་རྒྱུ་མཐུན་ཟབ་པ་རྣམས། །རང་གི་སེམས་ལ་བྱུང་རྟོགས་ཏེ། །རྣམ་པ་ཐམས་ཅད་མཁྱེན་པ་ཡི། །གོ་འཕང་བླ་ན་མེད་ཐོབ་བྱ། །དྲན་པ་ཉེ་བར་བཞག་པའི་དོན་སྣང་བར་བྱེད་པའི་ཚིག་ལེའུར་བྱས་པ་ལ་ནང་གི་ལུས་དང་ལམ་བསྟན་པའི་ལེའུ་སྟེ་བཅུ་པའོ།། ༈ །།དཔལ་ལྡན་ཐུགས་རྗེའི་མངའ་བདག་ཐུབ་པ་ཡིས། །རྒྱལ་སྲས་གཞན་པས་ལྷག་པའི་ཐུགས་བསྐྱེད་ནས། །སྙིགས་དུས་ཉོན་མོངས་ལས་ཀྱིས་དཀྲུགས་རྣམས་ལ། །བླ་མེད་རྒྱལ་བའི་སྐུར་བསྟན་ཐེག་པའི་ཚུལ། །དུ་མ་གསུངས་ཤིང་འཇིག་ཚོགས་ལྟ་བ་དང་། །བདག་འཛིན་གཞོམ་དང་ཡེ་ཤེས་སྣང་བ་བསྟན། །རྣམ་གྲོལ་ལམ་གྱི་རིམ་པ་གསལ་མཛད་པ། །ཐུགས་རྗེ་དཔག་མེད་ཁྱེད་ནི་རྨད་དུ་བྱུང་། །འོན་ཀྱང་རྒྱལ་སྲས་རྣམས་ཀྱང་གཞན་དུ་གཤེགས། །སྐྱེ་བོ་ཡང་དག་ལམ་ལ་དད་པ་ཉུང་། །རྒྱུ་འབྲས་ཐོས་ཀྱང་ཁྱད་དུ་གསོད་པ་མང་། །ཀྱེ་མ་དིང་སང་སྐྱེ་བོ་སྐལ་བ་དམན། །འདི་བསྡུས་འབད་པ་དོན་མེད་མི་འགྱུར་གྲང་། །འོན་ཀྱང་ཆོས་ལ་ངེས་ཤེས་རྒྱལ་ལ་དད། །ལས་འབྲས་སེམས་ཤིང་ཤེས་པར་འདོད་རྣམས་ལ། །ཚུལ་འདིས་བློ་གྲོས་སྣང་བ་བྱེད་གྱུར་ཅིག །དགེ་བས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང་། །ཡང་དག་ཡེ་ཤེས་ཤེས་རབ་སྐྱེ་བར་ཤོག །དྲན་བ་ཉེ་བར་བཞག་པའི་མདོ་ཆེན་པོ་ལས། སྔོན་གྱི་ལོ་པཎ་རྣམས་ཀྱི་སུམ་ཅུ་རྩ་གསུམ་གྱི་གནས་བར་དུ་བསྒྱུར། དུས་ཕྱི་པ་ཚབ་ལོ་ཙ་བས་མཐའ་བྲལ་བར་བསྒྱུར་ཞིང་གཞན་རྒྱ་དཔེ་ལ་ཆད་ནས་མི་བཞུགས་ཀྱང་། འཕགས་པ་རྣམས་ཀྱི་བསྡུས་པའི་བསྟན་བཅོས་དང་། མདོ་སྡེ་རྣམས་ལས་གུས་པས་རྣམ་དཔྱོད་ལྡན་པར་བལྟས་ཏེ། རང་བཟོ་མེད་པར་གོ་བདེ་བའི་ངག་དུ་རང་བྱུང་རྡོ་རྗེས་བསྡུས་པ་དྲན་པ་ཉེ་བར་བཞག་པའི་ཚིག་ལེའུར་བྱས་པ་ཅི་སྙེད་པ་རྫོགས་སོ།། །།བདག་གིས་སྙན་ངག་སྡེབ་སྦྱོར་ནི། །བྱས་ན་ཕལ་ཀྱིས་གོ་བར་དཀའ། །མང་ན་ལོངས་སྤྱོད་ཆུང་རྣམས་ཀྱིས། །བྲི་བར་དཀའ་བས་དེ་དོར་ནས། །བྲིས་ལ་མཁན་རྣམས་བཟོད་པ་མཛོད། །རྒྱལ་བའི་བཀའ་བཞིན་སྤྱི་བོས་ལོང་། །སྤྲེའུའི་ལོ་ཟླ་བ་ལྔ་པ་ལ་བདེ་ཆེན་སྟེང་གི་རི་ཁྲོད་ཏུ་སྦྱར་བའོ།། །།

Notes

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net