དཔལ་ལྷ་མོའི་མེ་ལྕེ་འབར་བའི་གླེང་གཞིའི་རྒྱུད་ཀྱི་བསྡུས་དོན་བཞུགས།

From Rangjung Yeshe Wiki Texts
Jump to navigation Jump to search
{{{1}}}

༄༅། །དཔལ་ལྷ་མོའི་མེ་ལྕེ་འབར་བའི་གླེང་གཞིའི་རྒྱུད་ཀྱི་བསྡུས་དོན་བཞུགས་སོ། །[1]

༄༅། །དཔལ་ལྡན་རྣལ་འབྱོར་མ་དཔལ་རྒྱུད། །ཌ་ཀི་མེ་ལྕེ་ཕྲེང་འདྲ་བའི། །འབར་བ་གསལ་བྱེད་རྒྱུད་འདི་ཡི། །བསྡུས་དོན་འདི་ནི་གསལ་བར་དགོད། །དཔལ་མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་འདི་ལ་གསུམ་སྟེ། དེ་ལ་ཀླད་དོན་མཚན་ཕུན་སུམ་འཚོགས་པ་དང་། གཞུང་དོན་དགོས་འབྲེལ་གྱི་དོན་བསྟན་པ་དང་། འཇུག་ཡོངས་སུ་རྫོགས་པའི་བྱ་བའོ། །ཀླད་དོན་ལ་གཉིས་མཚན་དངོས་དང་། མཆོད་པར་བརྗོད་པའོ། །གཞུང་དོན་ལ་སྤྱིར་ལེའུ་ཉི་ཤུ་རྩ་ཉིས་གནས་པ་ལ། ལེའུ་དང་པོ་བརྗོད་བྱ་བརྗོད་བྱེད་རྣམས་ཀྱི་དོན་བསྡུས་པ། གླེང་བཞི་རྒྱས་པར་བཤད་པ། ལེའུ་བཅོ་བརྒྱད་དུ་རྒྱུད་ཀྱི་དོན་ལས་ཕྲན་དང་བཅས་པ་རྒྱས་པར་བཤད་པ་དང་། འོག་མ་གསུམ་གྱི་རྗེས་སུ་ཡིད་རང་པ་དང་བཅས་པས་བསྟོད་པ་དང་། ཡོངས་སུ་གཏད་ཅིང་། རྗེས་སུ་ལུང་བསྟན་པའོ། །དང་པོ་ལ་གསུམ་ལས། ཕུན་སུམ་ཚོགས་པ་ལྔར་བསྡུས་སྟེ་བསྟན་པ། དེས་འཚམས་སྦྱར་བ་དང་། དངོས་དང་། མཇུག་ལེའུ་ཡི་མཚན་ནོ། །དང་པོ་ལ་ལྔ་ལས། དུས་དང་གནས་བསྟན་པ་དང་། སྟོན་པའི་མཚན་ཉིད་ཆེ་བའི་ཡོན་ཏན་དང་བཅས་པ་དང་། འཁོར་གྱི་ནི་མཚན་ཉིད་ཀྱི་ཁྱད་པར་དང་། ཆོས་སོ། །འདི་ལ་དང་པོར་གླེང་སླང་བ་བྱེད་པ་ལ་གཉིས། ཞུས་པ་དང་ལན་གྱིས་ལེའུ་ཐམས་ཅད་ཀྱི་མདོར་བསྟན་དང་། གླེང་གཞིའི་དོན་བསྟན་པའོ། །གོང་མ་ལ་གསུམ། ཞུ་བ་པོའི་ཁྱད་པར། སྟོན་པའི་ཁྱད་པར། སོ་སོའི་མདོར་བསྟན་ནོ། །ཞུ་བ་པོའི་ཁྱད་པར་ལ་གསུམ། ཉིད་ཀྱི་ཡོན་ཏན་དང་། སྟོན་པ་ལ་མཆོད་པ་དང་། ཚིགས་སུ་བཅད་དེ་ཞུས་པའོ། །སྟོན་པའི་ཁྱད་པར་ལ་གསུམ། ཏིང་ངེ་འཛིན་ལ་ཞུགས་པ་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་པ་དང་། ཚིགས་སུ་བཅད་དེ་བཀའ་སྩལ་པའོ། །སོ་སོའི་མདོར་བསྟན་པ་ལ་གཉིས། མདོར་བསྟན་ཞུ་བའི་ཚེ་མཆོད་པ་དང་། ཞུ་བ་དངོས་སོ། །གླེང་བཞིའི་དོན་བསྟན་པ་ལ་དགུ་སྟེ། ལྷ་མོ་འདི་དང་པོ་འབྱུང་པའི་རྒྱུ་བསྟན་པ་དང་། ཕྱག་ན་རྡོ་རྗེས་ཇི་ལྟར་སྤྲུལ་པ་དང་། སྲིན་གྱི་ཆུང་མར་ཇི་ལྟར་སོང་བའི་རྒྱུ་དང་། མའི་དམོད་པ་བོར་བ་དང་། །སྲིན་གྱི་བྱ་བ་ཇི་ལྟར་བྱས་ཤིང་རྫོགས་པ་དང་། ལས་ཀྱི་དབང་གི་ཇི་ལྟར་སྐྱེ་བ་བླངས་པ་དང་། རྫུ་འཕྲུལ་ཅན་དུ་ཇི་ལྟར་གྱུར་པ་དང་། །སངས་རྒྱས་རྣམས་དང་ཇི་ལྟར་མཇལ་ཞིང་བཏུལ་ཏེ་མཐུ་རྩལ་ཅན་དུ་གྱུར་པ་དང་། ཇི་ལྟར་གྱུར་བའི་གཏན་ཚིགས་སོ། །དང་པོ་ལ་བརྒྱད་དེ། ལན་མདོར་བསྟན་ཏེ་གསུངས་པ་དང་། རྒྱས་པར་བཤད་དེ་དཔག་བསམ་གྱི་ཤིང་གི་མཚན་ཉིད། ལྷ་དང་ལྷ་མིན་གྱི་ཚོགས་དང་། ལྷ་མིན་རྣམས་ཀྱི་ཇི་ལྟར་སྨྲས་པ་དང་། ལྷས་ལན་སྨྲས་པ་དང་། ལྷ་མིན་གྱིས་སྐྱར་ཏེ་སྨྲས་ནས་ཇི་ལྟར་དམག་དྲང་པ་དང་། ལྷ་རྣམས་ཀྱིས་ཇི་ལྟར་འཐབ་པར་བརྩམས་པ་དང་། ཇི་ལྟར་གཡུལ་བཀྱེ་བའོ། །གཉིས་པ་ལ་བཅུ་སྟེ། ཕྱག་ན་རྡོ་རྗེས་དབུ་མ་ཇི་ལྟར་སྤྲུལ་པ། དབང་ཕྱུག་ལ་བྱིན་པ་དང་། དེའི་དབང་གིས་མ་ཧ་ཀ་ལ་དང་ལྷ་མོ་བྱུང་བ། མིང་སྲིང་གཉིས་ལ་དབང་བསྐུར་ཏེ་མངའ་གསོལ་པ། གཡུལ་བཀྱེ་པས་ལྷ་དམག་ཇི་ལྟར་རྒྱལ་བར་བྱས་པ། ལྷ་མོ་དེ་རི་ཁྲོད་མ་ཅན་དུ་ཇི་ལྟར་གྱུར་པ། དུང་སྐྱོང་མར་ཇི་ལྟར་གྱུར་པ། དེའི་རྣམ་པར་ལས་ཀྱིས་དབང་གི་ལྷ་སྲིན་མོ་མེད་པར་བྱས་པ། དྷ་ཤ་གྷྲི་བས་མ་ཧཱ་དེ་བ་ལ་རྣ་ལ་རྩེར་ཕུལ་བས། རེ་མ་ཏིས་ཇི་ལྟར་བྱུང་པའོ། གསུམ་པ་ལ་བདུན་ཏེ། སྲིན་པོ་དང་སྲིན་མོ་དང་ལྷ་མོ་གསུམ་གྱིས་དུང་སྐྱོང་མ་བསླུ་བར་བྱས་པ་དང་། སླུ་བའི་ཕྱིར་རེ་མ་ཏི་གཡོག་དུ་ཕུལ་བ་དང་། བསྟོད་དེ་ཇི་ལྟར་དགྱེས་པ་དང་། ཡུལ་ལང་ཀ་པུ་རངས་སུ་ལྷ་རྣམས་འགྲོ་བས་མས་མ་བལྟ་བར་བསྒོ་བ་དང་། ཁོལ་མོས་སྲིན་མོ་སྦྲན་ཅིང་སླུ་བའི་ཐབས་བྱས་པ་དང་ཁོལ་མོས་ཞུས་པ་དང་། ལན་ཞལ་གྱིས་བཞེས་པས་ཆུང་མར་སོང་བའོ། །བཞི་པ་ལ་གཉིས་ཏེ། བུ་མོ་ལ་དམོད་པ་བོར་བ་དང་། རེ་མ་ཏི་ལ་དམོད་པ་བོར་བའོ། །ལྔ་པ་ལྔ་དྲུག་སྟེ། དམོད་པའི་དབང་གི་སྲིན་དུ་གྱུར་པ། སེང་གེ་ཟླ་བ་ལ་སོགས་བྱུང་བ། གཡོག་མོ་ལ་དམོད་པ་བསྡིགས་པ། དཔོན་གཡོག་གཉིས་ཇི་ལྟར་བྲོས་པ། རྫས་ཀྱི་གཏན་ཚིགས། རྒྱ་མཚོའི་འགྲམ་དུ་གཤིན་རྗེ་བསྒྲུབས་ཏེ་དམོད་བོར་ཏེ་ཇི་ལྟར་ཤི་བའོ། །དྲུག་པ་ལ་གཉིས་ཏེ། རྗེ་མོ་ཇི་ལྟར་སྐྱེ་བ་བླངས་པ་དང་། ཁོལ་མོས་སྐྱེ་བ་བླངས་ཤིང་ལས་ཇི་ལྟར་བྱ་བའོ། །དེ་ལ་བརྒྱད། སྐྱེས་མ་ཆུ་སྲིན་གྱི་མགོ་ཅན་དུ་གྱུར་པ་དང་། རེ་ལྡེ་མགོ་ཉག་གི་བུ་མོར་གྱུར་པ་དང་། སྔོན་གྱི་ལས་ཀྱིས་རྗེ་མོ་དྲན་ཅིང་ཇི་ལྟར་བྲོས་པ་དང་། དམངས་རིགས་མོ་བསད་དེ་གོས་སྣོད་དུས་བྱས་པ་དང་། ནད་ཀྱི་རྐྱལ་པ་ཇི་ལྟར་བྱུང་བ་དང་། ཤོ་དྷེའུ་བྱུང་པ་དང་། རིམས་ནད་གཅད་པ་དང་། དེ་ནས་དཔོན་གཡོག་ཕྲད་དེ་མཐུ་རྩལ་ཅན་དུ་གྱུར་པའོ། །བདུན་པ་ལ་གཉིས། མཁའ་འགྲོ་འདུས་པ་དང་། ཁྱོ་དང་སྦྱོར་བའོ། །བརྒྱད་པ་ལ་བརྒྱད། ཐུབ་པའི་དྲུང་དུ་སྲོག་སྙིང་ཕུལ་བ་དང། ཨེ་ཀ་ཙ་ཏི་དང་། སའི་ལྷ་མོས་མཆོད་པ་ཕུལ་ཏེ་སྲིན་བཏུལ་བ་དང་། དཔལ་རྟ་མགྲིན་གྱི་དྲུང་དུ་དམ་བཅས་པ་དང་། སྔོན་གྱི་ལས་དམ་ལ་བཏགས་པ་དང་། འཁོར་ལོས་བསྒྱུར་བའི་རྒྱལ་པོས་མཆོད་པ་དང་། དཔལ་ཕྱག་ན་རྡོ་རྗེས་དབང་བསྐུར་ཞིང་མངའ་གསོལ་བ་དང་། ལྷ་སྲིན་རྣམས་ཀྱིས་བརྒྱན་ཕུལ་བའོ། །དགུ་པ་ལ་གསུམ། ཇི་ལྟར་འགྱུར་བའི་རྒྱུ་མཚན་ཞུས་པ། དེ་བཤད་པ་དངོས། གཏན་ཚིགས་བསྟན་པའོ། །དེ་བཤད་པ་ལ་གསུམ། དགེ་བ་སྤྱད་པ། ཞེ་སྡང་ནས་སྤྱད་པ། དམོད་བོར་བའོ། ལེའུ་གཉིས་པ་ལ་གསུམ་ལས། འཚམས་སྦྱར་བའི་ཚུལ་གྱིས་ཞུས་པ་དང་། ལན་དང་། དོན་དངོས་དང་། མཇུག་ལེའུ་ཡི་དཔལ་མཚན་ནོ། །དོན་དངོས་ལ་གཉིས། སློབ་དཔོན་གྱི་མཚན་ཉིད་དང་། སློབ་མའི་འོ། །ལེའུ་གསུམ་པ་ལ་ཡང་གསུམ་སྟེ། འཚམས་སྦྱར་བའི་ཚུལ་གྱི་ཞུས་པ་དང་། ལན་དང་དོན་དངོས་དང་། འཇུག་ལེའུ་ཡི་མཚན་ནོ། དོན་དངོས་ལ་གཉིས། དོན་དམ་པར་རང་བཞིན་མེད་པར་བསྟན་པ་དང་། སྤྲུལ་པའི་སྐུ་སྒྱུ་མ་ལྟ་བུར་བལྟ་བའོ། ལེའུ་བཞི་པ་འདི་ལ་ཡང་གསུམ་སྟེ། དྲིས་པའི་ཚུལ་གྱིས་འཚམས་སྦྱར་བ། གཞུང་དངོས། འཇུག་ལེའུ་ཡི་མཚན་ནོ། གཞུང་དངོས་ལ་དྲུག་ལས། དཀྱིལ་འཁོར་རྣམ་གསུམ་པ་བཤད་ཞལ་གྱིས་བཞེས་པ། རང་བཞིན་གྱི་དཀྱིལ་འཁོར། ཏིང་ངེ་འཛིན་གྱི་དཀྱིལ་འཁོར། གཟུགས་སྙན་གྱི་དཀྱིལ་འཁོར། ཚོན་རྩི། ལྷ་བཀོད་ཅིང་བྲི་བའི་ཐབས་སོ། །ལེའུ་ལྔ་པ་འདི་ལ་ཡང་གསུམ་སྟེ། ཞུས་པའི་ཚིག་གིས་འཚམས་སྦྱར་བ། གཞུང་དོན་དངོས་བསྟན་པ། མཇུག་ལེའུ་ཡི་མཚན་ནོ། །རྫས་དངོས་བསྟན་པ་ལ་གསུམ། རྫས་མེད་ན་མི་འགྲུབ་པ་དང་། རྫས་མདོར་བསྟན་དང་། རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། ཕྱག་ན་རྡོ་རྗེ་དང་། རྗེ་མོ་དང་། རེ་མ་ཏིའི་མོ། གོང་མ་ལ་བདུན། བོད་པ་དངོས་དང་། བརྟེན་པ་དང་། མཆོད་པ་དང་། དམ་ཚིག་བསྲེ་བ་དང་། བསྐུལ་བ་དང་། མཚན་མ་དབབ་པ་དང་། གནད་ལ་འབེབས་ཤིང་བཟློག་པའི་རྫས་སོ། །གཞན་གཉིས་ཀྱང་གོ་བདུན་པོ་ཡིས་འདྲེ། རྫས་ཚང་བའི་ཡོན་ཏན་ནོ། །ལེའུ་དྲུག་པ་འདི་ལ་ཡང་གསུམ་ལས། ཞུས་པའི་ཚུལ་གྱིས་འཚམས་སྦྱར་བ། བྲི་ཐབས་དངོས། མཇུག་ལེའུ་མཚན་ནོ། །བྲིས་ཐབས་དངོས་ལ། བཀའ་སྩལ་པའི་ཚུལ་གྱིས་དང་པོའི་བྱ་བ་དང་། རས་ཚོན་བྱིན་གྱི་རླབས་པ་བྲི་ཐབས་དངོས། སྤྱན་ཕྱེ་སྟེ་སྙིང་པོ་བཀོད་པ། ལུགས་མ་ལ་ཡང་དེ་བཞིན་དུ་བསྟན་པའོ། །ལེའུ་བདུན་པ་ལ་ཡང་གསུམ། ཞུས་པའི་ཚུལ་གྱིས་འཚམས་སྦྱར་བ། ཏིང་ངེ་འཛིན་གྱི་རིམ་པ། མཇུག་ལེའུ་ཡི་མཚན་ནོ། །ཏིང་ངེ་འཛིན་གྱི་རིམ་པ་ལ་བཞི་སྟེ། གཙོ་བོ་བསྐྱེད་པ་དང་། རྗེ་མོ་བསྐྱེད་པ་དང་། རེ་མ་ཏི་སྐྱེད་པ་དང་། འཁོར་ནག་མོ་འབུམ་སྐྱེད་པའོ། །རྗེ་མོ་སྐྱེད་པ་ལ་བདུན་ཏེ། རླུང་ནག་དང་། མེ་དང་། ཐོད་པའི་གཞལ་ཡས་ཁང་དང་། དྲིའུ་དང་ཞིང་དང་། ཉི་ཟླ་ཡི་གདན་དང་། སྐུ་དངོས་སོ། །རི་མ་ཏི་བསྐྱེད་པ་ལ་བདུན་ཏེ། རླུང་ནག་འཚུབ་མ་དང་། གཞལ་ཡས་ཁང་དང་། ཐོད་པ་དང་། ལྡིང་ཁང་དང་། ཁང་པ་བདུན་དང་། དྲིའུ་བསེའི་གདན་དང་བཅས་པ་དང་། དངོས་སྐྱེད་པའོ། །ལེའུ་བརྒྱད་པ་ལ་གསུམ་སྟེ། ཞུས་པའི་ཚུལ་གྱི་འཚམས་སྦྱར་བ་དང་། སྔགས་ཀྱི་དོན་དངོས་དང་། ལེའུ་ཡི་མཚན་ནོ། །སྔགས་ཀྱི་དོན་དངོས་ལ་གསུམ་དེའི་ནང་སྟེ། སྔགས་ཀྱི་ཡོན་ཏན། གཙོ་བོའི་སྔགས། དཔོན་གཡོག་གི་སྔགས་བཤད་པའོ། །གཙོ་བོ་གཉིས་སྟེ། ཏིང་ངེ་འཛིན་ལ་བཞུགས་ཏེ་གསང་སྔགས་གསུངས་པ། ཇི་ལྟར་བྱ་བའི་ཐབས་སོ། །དཔོན་གྱི་སྔགས་བཤད་པ་ལ་གཉིས་ཏེ། སྔགས་མདོར་བསྡུས་ཏེ་བཤད་པར་ཞལ་གྱི་བཞེས་པ། རྡོ་རྗེའི་གསང་སྔགས་དངོས། འདི་ལ་གཉིས་ཏེ། གསང་སྔགས་བཅུ་གཅིག་གི་དོན་བསྟན་པ་དང་། རྔའི་སྒྲའོ། །དང་པོ་ལ་བཅུ་གཅིག་སྟེ། སྲོག་སྙིང་དང་། མ་མོ་འབུམ་གྱི་སྙིང་པོ་དང་། སྤྱན་དྲང་པ་དང་། གདན་བཏིང་པ་དང་། གཏོར་མ་དང་། དམ་ཚིག་བསྟན་པ་དང་། ལས་ལ་བསྐུལ་བ་དང་། གནད་ནས་བསྐུལ་བ་དང་། དངོས་གྲུབ་བླང་པ་དང་། དབང་བསྐུར་བ་དང་། མཚན་མ་ངན་པ་བཟློག་པའོ། །དང་པོ་ལ་གཉིས་ཏེ། རྗེ་མོ་དང་། ཁོལ་མོའོ། །རྔའི་སྒྲ་ལ་དྲུག་སྟེ། གཅིག་བརྡུངས་རིང་པོ་དང་ཐུང་ངུ་དང་། གཉིས་བརྡུངས་ཐུང་བ་དང་། རིང་དང་དེ་ནས། གཉིས་བརྡུངས་བཞི་བརྡུངས་སུ་འགྱུར་བའི་སྒྲ་དང་། གསུམ་བརྡུངས་ཀྱིས་དྲུག་བརྡུངས་སུ་འགྱུར་བའོ། །ལེའུ་དགུ་པ་ལ་གསུམ་སྟེ། འཚམས་སྦྱར་བ་དང་། ཕྱག་རྒྱ་དངོས་ལེའུ་ཡི་མཚན་ནོ། །དང་པོ་ལ་གཉིས་སྟེ། ཞུས་པ་དང་། ལན་ནོ། །དངོས་ལ་གཉིས། སྤྱིར་དང་པོ་བསྟན་པ་དང་། བྱེ་བྲག་ཏུའོ། །འདི་ལ་གསུམ། གཙོ་མོ་དང་། རྗེ་མོ་དང་། རེ་མ་ཏིའོ། །རྗེ་མོ་ལ་གསུམ། རླུང་ནག་ནི་ཕྱག་རྒྱ་དང་པོ་ལ་རླུང་། མེ་རིའི་ཕྱག་རྒྱ་དང་། ཕྱག་མཚན་ནོ། །རེ་མ་ཏི་ལ་ཁོལ་མོ་བདུན། ཁྲམ་བམ་དང་། མ་མོ་ལྕག་ཀྱུ་དང་། ཁྱུང་གཤོག་དང་། ཐོད་འཕྲེང་དང་། ཐོད་རློན་དང་། བདུད་རྩི་བུམ་པའི་ཕྱག་རྒྱ་དང་ཏྲི་ཤཱུ་ལའོ། ལེའུ་བཅུ་པ་ལ་གསུམ། འཚམས་སྦྱར་བ་དང་། ལེའུ་ཡི་གཞུང་དང་། ལེའུ་ཡི་མཚན་ནོ། །དང་པོ་ལ་གཉིས། ཞུས་པ་དང་། ལན་ནོ། །གཉིས་པ་ལ་གཉིས་ཏེ། མཆོད་པ་གསུམ་པ་སྤྱིར་བསྟན་པ་དང་། རྒྱས་པར་བཤད་པའོ། །དེ་ལ་གསུམ། གཏོར་མའི་མཆོད་པ་དང་། སྦྱིན་སྲེག་གི་མཆོད་པ་དང་། གསང་བའི་མཆོད་པའོ། །དང་པོ་ལ་གཉིས་ཏེ། བཅའ་ཐབས་དང་། སྔགས་བསྟན་པའོ། །གཉིས་པ་ལ་ལྔ། མེ་ཐབ་བཅའ་ཞིང་། བསྲེག་རྫས་བསག་པ་དང་། བསྐྱེད་ཐབས་དང་། དབུལ་བའི་རིམ་པ་དང་། སྔགས་དང་རྗེས་ཀྱི་བྱ་བའོ། །གསུམ་པ་ལ་གཉིས་ཏེ། མཆོད་པ་དངོས་དང་། དངོས་གྲུབ་དམ་པ་ཡིན་པར་སྟོན་པའོ། །ལེའུ་བཅུ་གཅིག་པ་དམ་ཚིག་གི་ལེའུ་ལ་གསུམ། ཞུས་པའི་ཚུལ་གྱིས་འཚམས་སྦྱར་བ་དང་། དངོས་དང་ལེའུ་ཡི་མཚན་ནོ། །དངོས་བཞི་དང་། ལན་བཀའ་སྩལ་པའི་ཚུལ་གྱིས་བཤད་པར་ཞལ་བཞེས་པ་དང་། དམ་ཚིག་དངོས་དང་། དམ་ཚིག་མ་བསྲུངས་པའི་སྐྱོན། བསྲུངས་པའི་ཡོན་ཏན་ནོ། །གཉིས་པ་ལ་གསུམ། གཙོ་བོ་དང་། རྗེ་མོ་དང་ཁོལ་མོའོ། །གཙོ་བོ་ལ་གསུམ། སྐུ་དང་གཙོ་བོ། གསུང་གཙོ་བོ་དང་། ཐུགས་སོ། །གཉིས་པ་ལ་གསུམ། སྐུ་དང་། གསུང་དང་། ཐུགས་སོ། །ཁོལ་མོ་ལ་གསུམ། སྐུ་དང་། གསུང་དང་། ཐུགས་སོ། དམ་ཚིག་མ་བསྲུངས་པའི་སྐྱོན་ལ་གསུམ། གཙོ་བོའི་དང་། རྗེ་མོའི་དང་། གཡོག་མོའི་འོ། དང་པོ་གསུམ། ཞུས་པའི་དང་། བཤད་པར་ཞལ་གྱིས་བཞེས་པ་དང་། བཤད་པ་དངོས། དངོས་གསུམ་ཀ་ལ་སྐུ་གསུངས་ཐུགས་གསུམ་གསུམ་དུ་ཤེས་པར་བྱའོ། །ཡོན་ཏན་ལ་གསུམ། གཙོ་མོ་དང་། རྗེ་མོ་དང་། གཡོག་མོའོ། དེ་དག་ལའང་སྐུ་གསུང་ཐུགས་གསུམ་གསུམ་དུ་ཤེས་པར་བྱའོ། །བཅུ་གཉིས་པ་དྲོད་ཚད་ཀྱི་ལེའུ་ལ་གསུམ། ཞུས་པའི་ཚུལ་གྱི་འཚམས་སྦྱར་བ་དང་། གཞུང་དངོས་དང་། ལེའུ་ཡི་མཚན་ནོ། །གཞུང་ལ་གཉིས། བཤད་པར་ཞལ་གྱིས་བཞེས་པ་དང་། བཤད་པ་དངོས་སོ། དེ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །འདི་ལའང་བཞི་སྟེ། ནང་དང་། གསང་བ་དང་། ཕྱི་དང་གཞན་དག་གི་བལྟས་བསྟན་པའོ། །ནང་ལ་དྲུག་སྟེ། མིག །རྣ་བ། སྣ། ལྕེ། ལུས། སྙིང་གི་རྟགས་སོ། །ཕྱི་ལ་གསུམ་སྟེ། རབ། འབྲིང་། ཐ་མའོ། །རབ་ལ་ལྔ་སྟེ། སྤྱིར་བཤད་པ་ཞི་བའི་རྟགས། དྲག་པོའི་རྟགས། དབང་གི་རྟགས། རྒྱས་པའི་རྟགས་སོ། །གཞན་དག་གི་བལྟས་བསྟན་པ་ལ་དྲུག་ཏེ། མ་མོ་གྲུབ་ནས་དབང་དུ་འདུས་པ། མ་འདུས་པ། མ་མོ་འཁྲུགས་པའི་རྟགས། བར་ཆོད་ཀྱི་རྟགས། ལྟས་སྣ་ཚོགས་པ། གང་ལ་ཆགས་ཀྱི་མཚན་ཉིད་དང་བཅས་པའོ། །འདི་ལ་ལྔ་ཏེ། གང་ལ་འཁོར་བར་བསྟན་པ་དངོས་དང་། འཕྲལ་གྱི་ལྟས་དངོས་གྲུབ་བླང་བ་དང་། ལྟས་ངན་པ་བཟློག་པ་དང་། དོན་གྲུབ་མི་གྲུབ་ཀྱི་བལྟས་སོ། །ལེའུ་བཅུ་གསུམ་པ་ལ་གསུམ་ཏེ། ཞུས་པའི་ཚུལ་གྱིས་འཚམས་སྦྱར་བ་དང་། གཞུང་དངོས་དང་། ལེའུ་ཡི་མཚན་ནོ། །གཞུང་དངོས་ལ་གསུམ་སྟེ། ལན་བཀའ་སྩལ་བའི་ཚུལ་གྱིས་ཅིས་ཀྱང་འགྲུབ་པར་བསྟན་པ་དང་། འོན་ཀྱང་མི་འགྲུབ་པར་བསྟན་པ་དང་། དེ་བཅོས་པའི་ཐབས་སོ། །འོན་ཀྱང་མི་འགྲུབ་པར་བསྟན་པ་ལའང་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །འདི་ལ་བཞི་སྟེ། ལས་འཕྲོས་མ་འབྲེལ་བ་དང་། བཟླས་བརྗོད་ཉུང་བ་དང་། བགེགས་ཀྱི་བར་ཆོད་དང་། དམ་ཚིག་ཉམས་པའོ། །བཅོས་པའི་ཐབས་ལའང་ལྔ་སྟེ། ལས་འཕྲོ་ལ་འབྲེལ་པ་བཅོས་པ། དེས་ཐེ་ཚོམ་མེད་པར་འགྲུབ་པར་བསྟན། བསྙེན་པ་གྲངས་ཉུང་པ་བཅོས་པའི་ཐབས། བགེགས་ཀྱི་བར་དུ་གཅོད་པ་བཅོས་པའོ། །དམ་ཚིག་ཉམས་པ་བཅས་པའོ། །དང་པོ་ལ་གསུམ་སྟེ། བཅའ་བཞི། དམིགས་པ། སླར་བཟོད་གསོལ་ལོ། ལྔ་པ་ལ་བཞི་སྟེ། དམ་ཚིག་ཉམས་པའི་སྐྱོན། ཉམས་པ་ཆེན་པོའི་བསྐང་བ། འབྲིང་པོའི་བསྐང་བ། ཐ་མ་བསྐང་བའོ། ལེའུ་བཅུ་བཞི་པ་ལ་གསུམ་སྟེ། ཞུས་པའི་ཚུལ་གྱིས་འཚམས་སྦྱར་བ་དང་། གཞུང་དངོས་དང་། ལེའུ་ཡི་མཚན་ནོ། །གཞུང་དངོས་ལ་ལྔ་སྟེ། བཀའ་སྩལ་པའི་ཚུལ་གྱི་དཔོན་མོའི་རྟེན་རྫས། ཁོལ་མོའི་རྟེན་རྫས། ནང་རྟེན་གྱི་མཚན་ཉིད། གསང་པའི་རྟེན། གྲུབ་ནས་ཇི་ལྟར་བྱ་བའི་ཐབས་སོ། །ལེའུ་བཅོ་ལྔ་པ་ལ་གསུམ། ཞུས་པའི་ཚུལ་གྱི་འཚམས་སྦྱར་བ་དང་། གཞུང་དངོས་དང་། ལེའུ་ཡི་མཚན་ནོ། །གཞུང་དངོས་ལ་གཉིས་ཏེ། བདག་སྒྲུབ་པ་དང་། དབང་བསྐུར་བའོ། །དེ་ལ་གཉིས་ཏེ། སྔོན་འགྲོ་དང་། དངོས་བཞིའོ། །དེ་ལ་ལྔ་སྟེ། དང་པོར་ཕྱག་ན་རྡོ་རྗེའི་དབང་བཞི། རྗེ་མོའི་དབང་བཞི། རེ་མ་ཏིའི་དབང་བཞི་བཅུ་གཉིས་ཀྱིས་དམ་ཚིག་དབོག་པ། མ་མོ་དབབ་ཅིང་ནང་གི་དབང་སྦྱིན་པའོ། །འདི་ལ་ལྔ་སྟེ། རིགས་བརྟག་ཅིང་ལས་ཀྱི་བྱ་བ། དཀྱིལ་འཁོར་དང་ཏིང་ངེ་འཛིན་གྱི་ཁྱད་པར་གྱིས་དབབ་པ། མཆོད་ཅིང་དམ་ཚིག་བསྲེ་བ། སློབ་མ་ལ་ཡོངས་སུ་རྫོགས་པར་སྦྱིན་པ། དབང་མ་ཐོབ་པ་ཡོངས་སུ་གསང་བར་བསྟན་པའོ། །བཅུ་དྲུག་པ་ལ་གསུམ་སྟེ། ཞུས་པའི་ཚུལ་གྱི་འཚམས་སྦྱར་བ། །གཞུང་དངོས་དང་། ལེའུ་ཡི་མཚན་ནོ། །གཞུང་ལ་གཉིས་ཏེ། དཔོན་མོའི་ལས་དང་། གཡོག་མོའི་ལས་སོ། །དང་པོ་ལ་གཉིས་ཏེ། སྦྱིན་བསྲེག་དང་། ལས་གཞན་དག་གོ །སྦྱིན་སྲེག་ལ་ལྔ་སྟེ། ལྷ་མོ་གྲུབ་པས་གཞན་གྲུབ་པར་བསྟན་པ། ཞི་བ་དང་རྒྱས་པ་དང་། དབང་དང་། དྲག་པོས་བསྲེག་པའི་ལས་སོ། །ལས་གཞན་དག་ལ་དྲུག་སྟེ། དབྱེ་བའི་ལས་དང་། དགུག་པ། ལྐུགས་པར་བྱེད་པ། སྨྱོ་བར་བྱེད་པ། རེངས་པར་བྱེད་པ་དང་། མི་སྣང་བར་བྱ་བའོ། གཡོག་མོའི་ལས་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །འདི་ལ་ལྔ་སྟེ། ཁྲག་ནད་ཀྱིས་བསད་པ་དང་། རིམས་ནད་དབབ་པ། ཚད་ནད་དབབ་པ། སྙིང་རླུང་གིས་བསད་པ། ཐུན་དྲུག་གིས་བསད་པའོ། །འདི་ལ་ཡང་གཉིས་ཏེ། མདོར་བསྟན་པ་དང་། །རྒྱས་བཤད་དོ། རྒྱས་བཤད་ལ་བརྒྱད་དོ། །ཐོད་པའི་ཐུན། མདའ་ཡི་ཐུན། རག་ཏའི་ཐུན། སྒོང་ངའི་ཐུན། དུག་གི་ཐུན། ཙི་ཏའི་ཐུན། ཐུན་དྲུག་གི་ཕན་ནོ། ལྟས་ངན་པ་དབབ་པའོ། །དང་པོ་ལ་གཉིས་ཏེ། བཅུ་བཞི་འཁོར་ལོ་འགོད་པ་དང་། ལས་སྦྱོར་རོ། །མདའ་ཐུན་ལ་གཉིས་ཏེ། བཅའ་བཞི་དང་། ཐུན་སྔགས་ཀྱི་ལས་སྦྱོར་རོ། །ལྟས་ངན་དབབ་པ་ལ་གཉིས་ཏེ། མཁའ་འགྲོ་དབབ་པ་དང་། གསང་སྔགས་ཀྱིས་བཏང་པའོ། །ལེའུ་བཅུ་བདུན་པ་ལ་གསུམ་ཏེ། ཞུས་པའི་ཚུལ་གྱིས་འཚམས་སྦྱར་བ་དང་། །གཞུང་དངོས་དང་། ལེའུ་ཡི་མ ཚན་ནོ། །གཞུང་ལ་གསུམ་ཏེ། སྔོན་འགྲོ་དང་། དངོས་གཞི། རྗེས་སོ། །དངོས་བཞི་ལ་བཞི་སྟེ། ལིང་གའི་རྒྱུ་བསྟན་པ་དང་། བདུད་རྩི་དྲངས་པ་དང་། མར་མེ་བསད་པ་དང་། སྔགས་བསྟན་པའོ། །ལེའུ་བཅོ་བརྒྱད་པ་ལ་གསུམ་སྟེ། ཞུས་པའི་ཚུལ་གྱི་འཚམས་སྦྱར་བ་དང་། གཞུང་དངོས་དང་། ལེའུ་ཡི་མཚན་ནོ། །གཞུང་དངོས་ལ་གསུམ་སྟེ། ལན་བཀའ་བསྩལ་པའི་ཚུལ་གྱི་འོད་ཟེར་བཀྱེ་བ། ཐིག་ལེ་ཡེ་ཤེས་དོན་དམ་དང་། ཀུན་རྫོབ་ཏུ་བཤད་པ། ཀུན་རྫོབ་ཀྱི་དོན་རྒྱས་པར་དགྲོལ་བའོ། ལེའུ་བཅུ་དགུ་པ་ལ་གསུམ་སྟེ། ཞུས་པའི་ཚུལ་གྱིས་འཚམས་སྦྱར་བ་དང་། །གཞུང་དངོས་དང་། ལེའུ་ཡི་མཚན་ནོ། །གཞུང་དངོས་ལ་གཉིས་ཏེ། ལན་བཀའ་བསྩལ་པའི་ཚུལ་གྱིས་སྤྲོས་པ་བསྐྱེད་པ་དང་། རྫུ་འཕྲུལ་བཅུ་དྲུག་བསྟན་པ་དང་། དེ་ལ་གསུམ། རྫས་བསག་པ་དང་། སྤྱིར་སྒྲུབ་པ་དང་། སོ་སོའི་ཁ་བསྒྱུར་རོ། །འདི་ལ་བཅུ་དྲུག་སྟེ། དུག་གིས་མ་ཚུགས་པར་བྱ་བ་དང་། ཆུ་ལ་མ་འབྱིང་པ་སྒྲུབ་པ། མཁའ་སྤྱོད་བསྒྲུབ་པ། མངོན་ཤེས་བསྒྲུབ་པ། དགུག་པའི་སྦྱོར་བ། མིག་སྨིན་སྒྲུབ་པ། རྐང་མགྱོགས་སྒྲུབ་པ། མི་སྣང་བ་སྒྲུབ་པ། ཚེ་སྒྲུབ་པ། ནོར་གྱི་གཏེར་སྒྲུབ་པ། རོ་ལངས་སྒྲུབ་པ། ནད་གསོ་བ། བཅུད་ཀྱིས་ལེན་པ། ཐོག་སེར་དབབ་པ། འབྱུང་བའི་དགྲས་མི་ཚུགས་པ་བསྟན་པ། བྱད་སྟེམས་བཟློག་པའོ། །ལེའུ་ཉི་ཤུ་པ་ལ་གསུམ་ཏེ། དཔལ་ཕྱག་ན་རྡོ་རྗེ་ལ་བརྒྱ་བྱིན་གྱིས་བསྟོད་པ་དང་། མ་མོ་དཔོན་གཡོག་ལ་འཁོར་རྣམས་ཀྱིས་བསྟོད་པ་དང་། །ལེའུ་ཡི་མཚན་ནོ། ལེའུ་ཉི་ཤུ་རྩ་གཅིག་པ་ལ་གསུམ་སྟེ། འཚམས་སྦྱར་བའི་ཚུལ་གྱིས་ཕྱག་ན་རྡོ་རྗེས་བཀའ་བསྩལ་པ་དང་། ཇི་ལྟར་ཡོངས་སུ་གཏད་པ་དང་། བརྒྱ་བྱིན་གྱིས་ཇི་ལྟར་ཡོངས་སུ་བླངས་པའོ། །བར་མ་ལ་ལྔ་སྟེ། འཁོར་རྣམས་ལ་བསྐུལ་བ་དང་། ཉིད་ཀྱི་ཡོན་ཏན་དང་། བརྒྱ་བྱིན་ལ་གཏད་པ་དང་། འདི་བཟུང་བའི་ཡོན་ཏན་དང་། གསང་བའི་གནས་བསྟན་པའོ། །ལེའུ་ཉི་ཤུ་རྩ་གཉིས་པ་འདི་ལ་གསུམ་སྟེ། བརྒྱ་བྱིན་གྱིས་ཞུས་པའི་ཚུལ་གྱིས་འཚམས་སྦྱར་བ་དང་། ལུང་བསྟན་པ་དངོས་དང་། ལེའུ་ཡི་མཚན་ནོ། །མཁའ་འགྲོ་མ་མེ་ལྕེ་འབར་བའི་བསྡུས་དོན་གསལ་བའི་མེ་ལོང་རྫོགས་སོ།། །། ༈ དཔལ་ལྷ་མོ་ནག་མོའི་ཕྱག་རྒྱ་གར་མཆོད་བཞུགས་སོ། །དཔལ་ལྷ་མོ་རང་བྱུང་གི་རྒྱལ་མོ་ལ་ཕྱག་འཚལ་ལོ། །དཔལ་ཆེན་བཀའ་སྡོད་མཁའ་འགྲོའི་ཚོགས་བཅས་ཀྱི། །གསང་བའི་ཕྱག་རྒྱ་དམ་ཚིག་གཉན་པོ་དང་། །ཕོ་ཉ་མ་ལུས་ཀུན་གྱི་ཕྱག་རྒྱ་རྣམས། །མ་ལུས་བདག་གིས་འདི་རུ་བརྗོད་པར་བྱ། །དེ་ལ་དཔལ་ལྡན་འདི་ཡི་ཕྱག་རྒྱ་གར་མཆོད་ལ་གཉིས་ལས། རྒྱུད་ཀྱི་ཚིག་ཉེ་བསྟན་པ་དང་། དངོས་སོ། །དེ་ལ་དང་པོ་འདི་བྱེད་པའི་དུས་སུ། གཏོར་མ་ཚུལ་བཞིན་དུ་བཤམས་སྟེ། འབྱུང་པོ་ལ་གཏོར་མ་བྱིན་ལ། བཀའ་བསྒོ་བ་ནི། འབྱུང་པོ་གང་དག་ས་ལ་གནས་པ་དང་། མཁའ་ལ་གནས་དང་འབྱུང་བ་ལ་གནས་དང་། ལྷ་ཀླུ་དྲི་ཟ་མི་དང་མི་མ་ཡིན། དེ་དག་ཐམས་ཅད་གཏོར་མ་འདི་ལོང་ལ། སོ་སོ་རང་རང་གནས་སུ་དེངས་པར་གྱིས། ཨོཾ་སུམ་བྷ་ནི་སུམ་བྷ་ཧཱུྃ་ཧཱུྃ་ཕཊ། གྷྲི་་གྷྲི་་ཧཱུཾ་ཧཱུཾ་ཕཊ། གྷྲི་་པ་ཡ་གྷྲི་་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨ་ན་ཡ་ཧོ། བྷ་ག་ཝན། བྷིརྻ་ར་ཙ་ཡ་ཧཱུཾ་ཧཱུཾ་ཕཊ། ཞེས་པ་ལྷ་གསུམ་གང་རུང་གི་ང་རྒྱལ་དང་ལྡན་པར་བྱའོ། །དེ་ནས་ཏིང་ངེ་འཛིན་གྱི་ལྷ་ཚོགས་སྤྱན་དྲངས་ལ་བཞུགས་སུ་གསོལ། མཆོད་པ་ཕུལ་ཏེ། ཕྱག་རྒྱ་བྱ་སྟེ། དེ་ཡང་ཕྱག་རྒྱའི་དོན་ནི་མཁའ་འགྲོ་མའི་ཚོགས་མཉེས་པར་བྱ་བ་དང་། འབྱུང་པོ་འདུལ་བ་དང་། དེ་ལ་སོགས་པ་དུ་མ་ཡོད་དོ། །དེ་ལ་རྔའི་སྒྲ་མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་ཧཱུཾ་ཧཱུཾ་ཞེས་རྔ་གཅིག་བརྡུངས་རིང་པའི་སྒྲས་ས་འདུལ་ཏེ། རྡོ་རྗེ་གཤོག་པ་གདེངས་ཚུལ་དུ་འཆམ་ཞིང་ལག་བསྐོར་དང་བཅས་པས། གཡས་གཡོན་གསུམ་གསུམ་བསྐོར་བྱ་ཞིང་། ཐམས་ཅད་དབང་བསྡུད་ཕྱག་རྒྱ་དང་། ཐམས་ཅད་ཟིལ་གྱིས་གནོན་པ་དང་། དམ་ལས་མ་འདའི་ཕྱག་རྒྱ་དང་། རྡོ་རྗེ་སྦྲུལ་ནག་རླུང་འགྲོས་གྱིས། སིལ་དལ་འདུལ་བར་བྱའོ། །དེ་ནས་དངོས་གཞི་ལ། ཡང་རྡོ་རྗེ་ལང་ཀ་ནག་མོའི་རྒྱུད་ལས། འདུལ་བར་བྱེད་པ་ལྷག་བཞི་བཤད་དེ། དེ་ཡང་རྔའི་སྒྲ་ནི་རྒྱུད་ལས་གཅིག་བརྡུངས་ཐུང་ངུའི་སྒྲས། ཧྲིཾ་ཧྲིཾ་ཞེས་པས་སོ། །ཡང་རྒྱུད་ལས། ཟིལ་གྱིས་མནོན་པ་རྟ་མཆོག་དཔལ། །ཞེས་བཤད་པས། ཞལ་ཕྱག་དྲུག་སྐུ་མདོག་དམར། གཡས་དཀར་གཡོན་དམར་དབུས་སྨུག་ཞལ། སྤྱི་གཙུག་རྟ་མགོ་ལྗང་ཁུ་སྟེ། གཡས་གསུམ་རྡོ་རྗེ་ཐོ་བ་འཛིན། གཡོན་གསུམ་རྡོ་རྗེ་མེ་ཆེན་པོ། དེ་ནི་མགྲིན་ནོ། །ཡང་བརྒྱུད་ལས། ཐམས་ཅད་འདུལ་བའི་རྡོ་རྗེ་འཛིན། །ཞེས་པས། དཔལ་ལྡན་རྡོ་རྗེ་གཏུམ་པོ་ནི། ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། གཡས་པ་རྡོ་རྗེ་གཡོན་སྡིག་འཛུབ། དེ་ནི་རྡོ་རྗེ་གཏུམ་པའོ། ཡང་རྒྱུད་ལས། འཕྲིན་ལས་མངའ་བདག་གཤིན་རྗེ་གཤེད། ཞལ་གསུམ་ཕྱག་དྲུག་ཞབས་དྲུག་པ། གཡས་དཀར་གཡོན་དམར་དབུས་མཐིང་ཞལ། ཞིང་དབང་ཕྱུག་དགྲ་སྟ་གཡས། སྡིག་འཛུབ་སྒྱུ་ཞགས་བན་དམར་གཡོན། གཤིན་རྗེ་གཤེད་དོ། །བསྒྲུབ་མཆོག་ཨེ་ཀ་ཙ་ཏི་ནི། ཞེས་བཤད་པས། མཁའ་འགྲོ་ཨེ་ཀ་ཙ་ཏི་ནི། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། གཡས་ན་ཞིང་ཆེན་རྒྱལ་མཚན་བསྣམས། གཡོན་ན་ཐོད་པ་ཁྲག་བཀང་འཛིན། དེ་ལྟར་ལྷག་པའི་ལྷ་བཞིའོ། །དེ་ནས་བསྟོད་པ་བྱ་སྟེ། ཧཱུཾ་ཧཱུཾ་ཧཱུཾ་གིས་སྐུར་གསལ་ཞིང་། ཕཊ་ཕཊ་ཕཊ་ཀྱིས་འཁྲོས་པར་བསྐུལ། ཨོཾ་ཡང་དག་གསང་བའི་དཀྱིལ་འཁོར་འདིར། །དཔལ་གྱི་སྐུ་ཆེན་བྱུང་བ་ནི། །དཔལ་ཆེན་ཧ་ཡ་གྷྲི་བའི་སྐུ། །ཞལ་ག སུམ་ཕྱག་དྲུག་ཞབས་བཞི་པ། །གཡས་དཀར་གཡོན་དམར་དབུས་སྨུག་ཞལ། །སྒེག་པ་དཔའ་བོ་འཇིགས་པ་དང་། །རྒོད་དང་གཤེད་དང་འཇིགས་པར་བྱེད། །སྙིང་རྗེ་ངོ་མཚར་བདག་ཉིད་ཅན། །སྤྱི་གཙུག་རྟ་མགོ་ལྗང་ཁུ་ནི། །རྔོག་མ་ལེབ་རྒན་མེ་ལྟར་འབར། །གཡས་གསུམ་རྡོ་རྗེ་ཐོ་བ་ཡིས། །དགྲ་བགེགས་སྤྱི་ནས་འཇོམས་པར་བྱེད། གཡོན་གསུམ་རྡོ་རྗེ་མེ་ཆེན་གྱིས། འབྱུང་པོ་མ་ལུས་འདུལ་བར་བྱེད། །ཞབས་བརྡབས་སྲིད་པ་གསུམ་ཀྱང་གཡོ། །དཔལ་ཆེན་རྟ་མཆོག་དཔལ་ལ་བསྟོད། །སྲིད་གསུམ་འཇིགས་བྱེད་དྲག་པོ་རྡོ་རྗེའི་སྐུ། །བདག་དང་གཞན་གྱི་དཔལ་གྱུར་སྙིང་རྗེ་ཅན། །བདུད་ལས་རྣམ་རྒྱལ་ཡེ་ཤེས་ལྔ་ལྡན་པ། །དཔལ་ལྡན་ཕྱག་ན་རྡོ་རྗེ་ཕྱག་འཚལ་ལོ། །ཐུགས་ཀྱི་ལྷ་མཆོག་ཁྲོ་རྒྱལ་ཆེན་པོ་ནི། །ཞལ་གཅིག་ཕྱག་གཉིས་མཐིང་ནག་རལ་པ་ཅན། །ཞལ་གྱི་མཆེ་བ་རྡོ་རྗེ་ཟླ་ཚེས་འདྲ། །རིན་ཆེན་མར་གད་རིགས་ལྔའི་དབུ་ལ་བརྒྱན། །ཁྲོ་རྒྱལ་གཏུམ་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཧཱུཾ་ཡབ་གཅིག་འཕགས་པའི་རྒྱལ་པོ་འཇམ་དཔལ་གཤིན་རྗེ་གཤེད། །སྐུ་མདོག་མཐིང་ནག་དུག་འཚོ་འཁྱིལ་པ་འདྲ། །ཞལ་གསུམ་ཕྱག་དྲུག་ཞབས་དྲུག་བརྐྱང་བསྐུམ་བཞུགས། །གཡས་དཀར་གཡོན་དམར་བརྗིད་པ་དབུས་མཐིང་ཞལ། །ཞིང་དབང་ཕྱུག་དགྲ་སྟ་རལ་གྲི་གཡས་ན་བསྣམས། །སྡིག་འཛུབ་སྒྱུ་ཞགས་བན་དམར་མདུང་ཐུང་གཡོན། །གླང་ཆེན་ཀོ་རློན་དུར་ཁྲོད་ཆས་ཀྱིས་བརྒྱན། འགྲོ་བའི་དོན་མཛད་ཁྲོ་རྒྱལ་ཕྱག་འཚལ་བསྟོད། །དུས་སུམ་སངས་རྒྱས་སྐྱེད་པའི་ཡུམ་གཅིག་མ། །ཨེ་ཀ་ཙ་ཏི་གྷུ་ཧ་རལ་གཅིག་མ། །དབུ་ལ་གཅིག་སྲིད་གསུམ་ཟིལ་གྱིས་མནོན། དཔྲལ་ན་མིག་གཅིག་ཐམས་ཅད་ས་ལེ་གཟིགས། །ཞལ་ནས་སོ་གཅིག་སྐྱེ་ཤི་རྩད་ནས་གཅོད། །བྲང་ན་ནུ་གཅིག་རྣལ་འབྱོར་སྲིའུ་བསོ། །ལག་ན་ཕུར་གཅིག་དགྲ་སྙིང་ཕུར་གྱིས་འདེབས། །དབང་ཕྱུག་ཆེན་མོ་འཇིག་རྟེན་འདུལ་བའི་གཙོ། །རྣལ་འབྱོར་དབང་ཕྱུག་རལ་གཅིག་མ་བསྟོད། ད་ནི་དཔལ་ལྡན་ལྷ་མོ་ཆེན་མོ་ལ། དེ་ཡང་མཁའ་འགྲོ་མེ་ལྕེ་འབར་བའི་རྒྱུད་ལས། རྔའི་སྒྲ་བཤད་པ་ནི། ཌ་ཀི་ཌ་ཀི་ཞེས་བཤད་པས་དེ་གཉིས་གར་བརྡུངས་སྟེ། ཕྱག་རྒྱ་ཡང་རྒྱུད་དེ་ཉིད་ལས་བཤད་པས། བྱང་ཤར་འཚམས་ནས་སྤྱན་དྲང་ཞིང་། །གཉིས་མེད་བཞུགས་སུ་གསོལ་བ་ཉིད། །གསུམ་པ་ཕྱག་འཚལ་དེ་ནས་ནི། །དང་པོ་རླུང་ནག་འཚུབ་མ་ཉིད། །མེ་རླུང་སྨུག་ནག་འཚུབ་མ་ཉིད། །དེ་ནས་གཙོ་མོའི་ཕྱག་རྒྱ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །གཡས་ན་རལ་དྲི་གཡོན་ཐོད་ཁྲག། ས་བཅུའི་དབང་ཕྱུག་ཉིད་ཀྱིའོ། །དེ་ན་དཔལ་ལྡན་རེ་མ་ཏི། ཞལ་གཅིག་ཕྱག་བཞི་སྐུ་མདོག་མཐིང་། ཁ་ཊྶཾ་ཁ་དང་ཕུར་པ་གཡས། །འཕྲུལ་གྱི་མེ་ལོང་ས་སྦྲུལ་ཞགས་གཡོན། དེ་ནི་ས་གསུམ་དབང་ཕྱུག་གོ །བློན་མོ་བ་ལམ་འདྲེ་སྣ་མ། །མཐིང་ཁ་རྒྱལ་མཚན་ཐོད་པ་འཛིན། །ཁྲི་སྨན་ལྡེམས་དྲུག་མ་མོ་ནི། མཐིང་ཁ་ཞིང་དབང་ཕྱུག་ཐོད་ཁྲག་བསྣམས། །དེ་ནི་བློན་མོ་རྣམ་གཉིས་སོ། །བྷྱོ་རླུང་ནག་འཚུབ་མ་དགུ་ཀློང་འཁྱིལ་པའི་དབུས། ཕོ་བྲང་གཞལ་ཡས་ཐོད་པའི་སྐུ་ཁང་ནས། །མ་གཅིག་དཔལ་ལྡན་ལྷ་མོ་ཆེན་མོ་ནི། །སྲིན་པོ་ནག་པོའི་ཆུང་མ་རལ་པ་ཅན། །གསང་བའི་ལྷ་མོ་བོང་ཞོན་དབང་ཕྱུག་མ། །ཞལ་ནས་ཟླ་བ་བཞེད་པས་མུན་པ་སེལ། །རྔམ་པའི་ཚུལ་གྱིས་ཐོད་ཁྲག་དམར་ལ་རོལ། །སྐྱེ་བ་རྣམས་བཞི་སྒྲོལ་བའི་དོན་སྟོན་མ། །ཁྱོད་ནི་ནག་མོ་འབུམ་གྱི་དབུས་ན་བཞུགས། །དབང་ཕྱུག་ཀུན་གྱི་གཙོ་མོ་འབར་མ་སྟེ། །ཁྱོད་ནི་ཁྲོ་མོ་ཀུན་གྱི་སྤྲུལ་པ་ཡིན། །ངེས་པར་བདག་གི་དོན་རྣམས་གྲུབ་པར་མཛོད། །དབང་ཕྱུག་དཔལ་ལྡན་གཉན་གྱི་རེ་མ་ཏི། །ཡ་མཚན་ལུས་ལ་ཏིལ་མར་སྔོན་པོས་བྱུགས། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ་གཅིག་མ། །རྡོ་རྗེ་དབང་ཕྱུག་ལྷ་མོ་ཁྱོད་ལ་བསྟོད། །གཞན་ཡང་དཔལ་ལྡན་བཀའ་སྡོད་བློན་མོ་ནི། །བ་ལམ་གྲེ་སྣ་ཁྲི་སྨན་སོ་བྱ་ཞོན། །གདུག་པ་འདུལ་ཕྱིར་དྲག་པོའི་ཆ་ལུགས་རྫོགས། །བྱང་ཆུབ་སེམས་མ་གཏུམ་མོ་མ་མོ་ལ། །གདུང་པའི་ཡིད་ཀྱིས་གུས་པས་ཕྱག་འཚལ་བསྟོད། དེ་ནས་སྐུ་གསུང་ཐུགས་གྱི་སྤྲུལ་པ་གསུམ་གྱི་ཕྱག་རྒྱ་ནི། རྡོ་རྗེ་ལང་ཀ་ནག་མོའི་རྒྱུད་ལས། རེ་མ་ཏི། རེ་མ་ཛ། རེ་མ་ཛུ། རེ་མ་ཛ་རེ་མ་ཛུ་གསུམ་གཤེགས། རྔ་ནི། མེ་ལྕེ་འབར་བའི་ལས། བྷྲུཾ་ཧཱུཾ་གེཾ། བྷྲུཾ་ཧཱུཾ་གེཾ། བྷྲུཾ་ཧཱུཾ་གེཾ། ཞེས་བཤད་པས་གསུམ་བརྡུངས་སོ། །ཕྱག་རྒྱ་ནི། ཐུག་གྱི་སྤྲུལ་པ་རེ་མ་ཏི། སྐུ་མདོག་མཐིང་ནག་ཞལ་གསུམ་པ། གཡས་དཀར། གཡོན་དམར་དབུས་མཐིང་ལས། །རལ་དྲི་གྲི་གུག་ཞགས་པ་གཡས། །རྩེ་གསུམ་ཁ་ཊཾ་ཞགས་པ་གཡོན། །དེ་ནས་བདུད་མོ་རེ་མ་ཛུ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །གཡས་པ་གྲི་གུག་གཡོན་ཐོད་ཁྲག །དེ་ནས་སྲིན་མོ་རེ་མ་ཛ། །ཞལ་གཅིག་གཉིས་སྐུ་མདོག་དམར། །ཟངས་རལ་ཐོད་པ་ཁྲག་བཀང་འཛིན། །དེ་རྣམས་ནི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་རྣམས་གསུམ་མོ། །དེ་ལ་ཐོད་པ་ནག་པོའི་རྒྱུད་ལས། གྲུལ་བུམ་གྱི་རྒྱལ་པོས་བསྟོད་པ་ནི། དོན་དམ་གཉིས་མེད་བྱང་ཆུབ་སེམས་ཡིན་ཀྱང་། །སྲིད་གསུམ་འདུལ་ཕྱིར་རྟགས་ཀྱི་ཕྱག་རྒྱ་ནི། །རང་སེམས་རྣམ་དག་དྲག་པོའི་གཞལ་ཡས་ཁང་། རག་ཏ་ཁྲག་གི་རྦ་ཀློང་འཁྱིལ་པ་ལ། །ཀེང་རུས་ཐོད་འཕྲེང་ཞིང་གི་བརྒྱན་གྱིས་རྒྱན། །སྐུ་མདོག་མཐིང་ནག་རབ་འཇིགས་ཁྲོ་མོའི་རྒྱལ། །སྲིན་པོ་རལ་པ་རྫིངས་པའི་སྤྲུལ་པ་འགྱེད། །སྐུ་ཡི་སྤྲུལ་པ་དཔལ་ལྡན་རེ་མ་ཛུ། །གྲུ་གསུམ་སེར་ནག་ཞལ་གྱི་དབྱིངས་ནས་བཞེངས། །ཡོན་ཏན་རྒྱས་མཛད་སེར་མོ་ཁ་ལ་བཞད། །འཕྲིན་ལས་རྒྱས་པ་ཐམས་ཅད་ཉེ་མཛོད། །གསུང་གི་སྤྲུལ་པ་དཔལ་ལྡན་རེ་མ་ཏི། །གྲུ་གསུམ་དམར་ནག་ཞལ་གྱི་དབྱིངས་ནས་བཞེངས། དམར་མོ་ཆེན་མོ་དམར་ཆེན་གཏུམ་མོ་སྟེ། །དབང་གི་འཕྲིན་ལས་ཐམས་ཅད་གྲུབ་པར་མཛོད། །ཐུགས་ཀྱི་སྤྲུལ་པ་དཔལ་ལྡན་རེ་མ་ཛཱ། །གྲུ་གསུམ་སྔོ་སྐྱ་ཞལ་གྱི་དབྱིངས་ནས་བཞེངས། །དཀར་མོ་ཆེན་མོ་ཞི་བ་ཕོ་ཉ་སྟེ། ཞི་བའི་འཕྲིན་ལས་ཐམས་ཅད་གྲུབ་མཛོད། །སྐུ་གསུང་ཐུགས་ལྡན་སྤྲུལ་པ་རྒྱ་མཚོ་མ། དྲེགས་པ་འཇོམས་མཛད་བདུད་དཔུང་ཟིལ་གྱིས་མནོན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་ནས་ཀྱང་། །འགྲོ་དྲུག་སྒྲོལ་མཛད་སེམས་ཅན་ཀུན་གྱི་མ། །དུས་གསུམ་རྒྱལ་བའི་བསྟན་པ་རྒྱས་མཛད་མ། །བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་བརློབས། །ཅེས་བསྟོད་དོ། །དེ་ཡན་ཆད་ཀྱིས་ལྷག་པའི་ལྷ་བཞི། དཔལ་མཁའ་འགྲོ་མ་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་དང་བཅས་པའོ། །འདི་མན་ཆད་དུ་ཧེ་རུ་ཀའི་གལ་པོ་དང་། འཇིགས་ལས་འདས་པའི་མདོ་ཚིག་གོ །ད་ནི་མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་བཤད་པ། དབང་ཕྱུག་མ་ལ། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་དུས་སུ། དབུ་རྒྱན་ལ་ཀེ་རི་མ་ཆེན་མོ་བརྒྱད་བཞག་པའི་ཕྱག་རྒྱ་ནི། །ཀེ་རི་བན་དམར་ཞི་དབང་ཕྱུག་སྔོ། །ཙོ་རི་མདའ་གཞུ་འགེངས་མ་སེར། །པྲ་མོ་ཆུ་སྲིན་རྒྱལ་མཚན་དམར། །བེ་ཏ་བྱིས་ཟ་རྡོ་འཆང་ནག །པུ་ཀ་དམར་སེར་ཞིང་རྒྱུ་འདྲེན། །ཀསྨ་དུང་དམར་དཀྲུགས་མཐུང་ལྗང་། །རྨང་ཤ་མཐིང་ནག་བྱིས་སྙིང་ཟ། །ཙན་དན་སེར་སྐྱ་མཆོག་ལུས་འབྲེལ། །གཞན་ཡང་དབང་བསྐུར་བའི་དུས་སུ། སྐྱ་སྟོད་ཀྱི་བརྒྱན་དུ་སིང་དང་མ་བརྒྱད་ཕུལ་བ་ནི་འདིའི། སིང་ང་ཁ་རོ་སྣོལ་སེར་སེང་། །ཁྲི་རྣལ་མ་བལྟ་བསྣོལ་མོར་སྟག །སྲིག་ལྡག་ནག་མོ་བྱིས་ལྡག་ཝ། ཤོ་ན་དྲལ་ལྟ་མཐིང་ཁ་སྤྱང་། །ཀྲི་ཏ་གྲི་དམར་རྒྱུ་མགོ་རྒོད། །ཀང་ཀ་རྐང་ཕྲག་སྣར་མགོ་རིང་། ཁ་ཁ་ཁ་རོ་བན་གྲི་ནག །ཧུ་ལུ་ལྕགས་ཀྱུ་མཐིང་ཚོགས་འུག ཞེས་བྱ་བ་ནི་སིང་ང་བརྒྱད་ཀྱིའོ། །བཅུ་དྲུག་པོ་འདིའི་རྔ་སྐད་ནི། མེ་ལྕེ་འབར་བའི་རྒྱུད་ལས། ཧཱུཾ་དྲུཾ། ཧཱུཾ་དྲུཾ། ཧཱུཾ་དྲུཾ། ཧཱུཾ་དྲུཾ། ཞེས་བཤད་པས་བཞི་བརྡུངས་སུ་ཤེས་པར་བྱའོ། །དེ་ནས་དབང་ཕྱུག་ཆེན་མོའི་འཁོར། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་ཕྱག་རྒྱ་ནི་འདི་ལྟ་སྟེ། ཤར་གྱི་དབང་ཕྱུག་མ་བདུན། སྲིན་མོ་ནག་ཐོད་རློན་འཆང་། །ཚངས་པ་དམར་སེར་པདྨ་བསྣམས། །ལྷ་ཆེན་དཀར་ལྗང་ཏྲི་ཤུ་ལ། །རྟོགས་འདོད་སྔོན་མོ་འཁོར་ལོ་འཆང་། །གཞོན་ནུ་དམར་མོ་མདུང་ཐུང་འཕེན། །བརྒྱ་བྱིན་དཀར་མོ་ཨིན་ཏྲ་གདེངས། །རྡོ་རྗེ་ནག་མོ་ལྕགས་ཀྱུ་འཛིན། །ལྷའི་དབང་ཕྱུག་མ་བདུན་ནི། །རྡོ་རྗེ་སེར་མོ་ཙན་དན་འཐུང་། །བདུད་རྩི་དམར་མོ་པད་མ་བསྣམས། །ཟླ་བ་དཀར་མོ་པུན་དྷ་རི། །བེ་ཅོན་ལྗང་ནག་དབྱུག་ཏོ་འཕྱར། །སྲིན་མོ་དམར་མོ་དུང་ཁྲག་འཐུང་། །ཟ་བ་ལྗང་ནག་བ་སུ་འདྲེན། །རྡོ་རྗེ་སེ་མོ་ར་མགོ་ཞགས། །ནུབ་ཀྱི་དབང་ཕྱུག་མ་བདུན་ནི། །དགའ་བ་དམར་མོ་ཀེ་ཏར་འཆང་། །སྟོབས་ཆེན་དཀར་མོ་བཤོལ་འཛིན་མ། །རྡོ་རྗེ་སེར་མོ་སྤུ་གྲི་གཅོད། །འདོད་པ་དམར་མོ་མདའ་གཞུ་འགེངས། །ནོར་བསྲུངས་དཀར་མོ་བུམ་པ་འཛིན། །རླུང་ལྷ་སྔོན་མོ་བ་དན་འཆར། །རྡོ་རྗེ་དམར་མོ་ལྕགས་སྒྲོག་སྡོམ། །བྱང་གི་དབང་ཕྱུག་མ་བདུན་ནི། །བསོད་བྱེད་དམར་མོ་རལ་གྲི་སོ། །མི་མོ་དམར་མོ་གསལ་ཤིང་འཆང་། །ཕག་མོ་ནག་མོ་མཆེ་ཞགས་ཅན། །དགའ་བྱེད་དམར་མོ་ཞིང་ཆུང་ཟ། །རྣ་ཆ་དཀར་མོ་ཐོད་ཁྲག་འཐུང་། །ཆུ་ལྷ་སྔོན་མོ་སྦྲུལ་ཞགས་འཛིན། །རྡོ་རྗེ་ལྗང་ནག་དྲིལ་འཁྲོལ་དགྱེས། འདི་རྣམས་ནི་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་ཕྱག་རྒྱ་སྟེ། རྔ་སྐད་ནི་མཁའ་འགྲོ་མེ་ལྕེ་འབར་བའི་རྒྱུད་ལས་གསུམ་བརྡུངས་དྲུག་བརྡུངས་ཀྱི་སྒྲར་འགྲོ་བ་གཅིག་བཤད་ཀྱང་། འདི་ལ་ནི། བདུན་བརྡུངས་ཀྱི་སྒྲ་འདི་འཐད་དེ། རྔ་སྐད་ནི་དོན་ལྟར་དུ་ཤེས་པར་བྱའོ། །དེ་ནས་རྡོ་རྗེ་གར་གྱི་དབང་ཕྱུག་སྲིང་མོ་བརྒྱད་ནི། དབང་ཕྱུག་མ་ཆེན་མོའི་འཁོར་ཡིན་པས། དེའི་ཕྱག་རྒྱ་ནི་འདི་སྟེ། ལྷ་མོ་ཆེན་མོ་ནམ་གྲུ་མ། །མཐིང་ཁ་གློག་གི་འཕྲེང་བ་ཐོགས། །རྐང་ལྡོག་ནག་མོ་རྐང་ལྡག་མ། །ཁ་འབར་ནག་མོ་མེ་ལྕེ་འཁྱེར། །དུར་བྱེད་ནག་མོ་བྱིས་སྙིང་ཟ། །ལོ་མ་ཅན་ནི་ཤིང་ལོ་ཟ། །ཙ་མུན་ཏི་ནི་ཐོད་ཁྲག་གཏོར། །ནམ་མཁའི་ལྷ་མོ་མདའ་གཞུ་འགེངས། །གློག་མ་སྤྲིན་ནི་ཐོག་མདའ་འཕེན། །དེ་ནི་རྡོ་རྗེ་གར་གྱི་དབང་ཕྱུག་སྲིང་མོ་བརྒྱད་དེ། རྔ་ནི་མེ་ལྕེ་འབར་མ་ལས། ཕཊ་ཊ་ཀ་ཞེས་བཤད་པས་གསུམ་བརྡུངས་པ། དེ་ནས་སྒོ་མ་བཞི་དང། དམག་གི་རྒྱལ་མོ་བཞི་དང་། ཕོ་ཉ་མ་བཞི་དང་། བཅུ་གཉིས་ཀྱི་ཕྱག་རྒྱ་ནི། རྟ་གདོང་སྔོན་མོ་ལྕགས་ཀྱུ་འཛིན། །ཕག་གདོང་ནག་མོ་མཆེ་ཞགས་ཅན། །ཉིན་ཟླ་ལྕགས་མེ་འབར་མ། །ཐལ་བྱེད་དྲི་འཁྲོལ་སྣ་ཚོགས་མདོག །ཤར་ཕྱོགས་དམག་གི་རྒྱལ་མོ་ནི། །དྲི་ཟ་ཆེན་མོ་བརྗིད་པ་མོ། །ཞལ་གཅིག་ཕྱག་དྲུག་སྐུ་མདོག་དཀར། །ཟོར་སྐྱོགས་ཐོད་མདའ་བ་དན་གཡས། །སྡིག་འཛུབ་ཐུན་ཟོར་གཡོན་པའོ། །ལྷོ་ཕྱོགས་དམག་གི་རྒྱལ་མོ་ནི། །སེར་མོ་ཚེ་དང་ཡུངས་དཀར་འཕེན། །ནུབ་ཕྱོགས་དམག་གི་རྒྱལ་མོ་ནི། །གཡང་བཞི་གོན་ཞིང་རུ་མཚོན་འཆར། །བྱང་ཕྱོགས་དམག་གི་རྒྱལ་མོ་ནི། །རྨ་བྱའི་ཐུལ་པ་ལུས་ལ་གོན། །གཡས་ན་བ་དན་སྟ་རེ་བསྣམས། །ཐུན་ཁྲག་ཐོད་པ་ཕྱག་ན་བསྣམས། །དེ་ནས་ཕོ་ཉ་བཞི་པོ་ནི། ཨ་ཕྱི་མི་སྙིང་ཐོད་ཁྲག་འཛིན། །གྲུབ་ཏིང་སེར་མོ་ཞགས་པ་འཛིན། །དམར་འགྱོགས་བསོད་པའི་ཁྲམ་ཤིང་བསྣམས། །སྲོག་བདག་ཆེན་མོ་གྲི་ཐོད་འཛིན། །རྔ་ནི་དྲུག་བརྡུངས་གི་སྒྲར་ཤེས་པར་བྱའོ། །དེ་ནས་རྗེས་ཀྱི་བྱ་བ་དགྲ་བགེགས་གདུག་པ་ཅན་འདུལ་བའི་སྟངས་སྟངས་ནི་གཉིས་བརྡུངས་ཐུང་ངུའི་འཆམ་ཞིང་ལག་བསྐོར་དང་བཅས་པས། ཧོམ་ཁུང་བཅའ་ཞིང་ལིང་ག་བྲི། །དགུག་དང་སྒྲལ་དང་སྤར་བར་བྱ། །བྱ་རོག་རྒྱལ་པོའི་སྟངས་སྟབས་ཀྱིས། །གཅིག་བརྡུངས་རིང་པོ་བྱས་ནས་ནི། །འཕུར་ལྡེབས་ལྷན་གསུམ་བསྐོར་བྱས་པས། །ཚམ་རྔམ་ལན་གསུམ་བྱ་བ་དང་། །རོལ་པའི་སྟངས་སྟབས་རྣམ་པར་བྱ་བ། །གདབ་ཅིང་སྤང་བར་བྱ་བའོ། །འདི་དག་གི་བར་དུ་བསྟོད་པ་ལ་སོགས་པ་བྱ་བ་རྣམས་དང་། ལག་ལེན་བཞིན་དུ་ཤེས་པར་བྱའོ། །དབང་ཕྱུག་འཁོར་དང་བཅས་པའི་ཕྱག་རྒྱ་གར་མཆོད། གསལ་བའི་མེ་ལོང་ཞེས་བགྱི་བ། སྔགས་འཆང་རང་བྱུང་རྡོ་རྗེའི་ཡིས་བཀོད་པའོ། །བཀྲ་ཤིས་པར་གྱུར་ཅིག །དབང་ཕྱུག་ཆེན་མོ་འཁོར་དང་བཅས་པའོ།། །།འཚམས་འདི་ལ་དོན་རྣམས་པ་གསུམ་སྟེ། སྔོན་འགྲོ་དང་། དངོས་གཞི་དང་། རྗེས་སོ། །དང་པོ་ལ་གཉིས། འབྱུང་པོ་ལ་གཏོར་མ་བྱིན་ནས་བཀའ་བསྒོ་བ་དང་། ས་འདུལ་བའོ། །འདི་ལ་གཉིས་ཏེ། རྐང་སྟབས་དང་ལག་སྟབས་སོ། །དེ་ཡང་སྔོན་འདི་འཚོལ་དགོས་པས་གཅིག་བརྡུངས་ཐུང་ངུའི་སྒྲ་ལ་འདི་ལྟར་བྱ་སྟེ། རྡོ་རྗེ་གཤོགས་པ་གདེངས་ཚུལ་དུ་འཆམ་ཞིང་ལག་བསྐོར་དང་བཅས་པས། གཡས་གཡོན་འཁྱོག་གསུམ་བྱ་བ་དང་། མདུན་དུ་རྒུ་གསུམ་བྱ་བ་དང་། རྒྱབ་དུ་དགྱེས་གསུམ་བྱ་བ་དང་། སྒེག་པའི་ཚུལ་དུ་ཤེས་པར་བྱ། དེ་ནས་གཅིག་བརྡུངས་རིངས་པོར་བསྒྱུར་ཏེ། ལྕག་ཀྱུ་དང་། ཁྱུང་གཤོག་དང་ཟིལ་གནོན་གྱི་ཕྱག་རྒྱ་གསུམ་མོ། །རྐང་པ་རྡོ་རྗེ་འགྲོས་ཀྱིས་བྱ་ཞིང་། བྱིན་དུ་སྦྲུལ་ནག་གི་འགྲོས་བྱ་ཞིང་། ཕྱག་རྒྱ་བསྒྱུར་བའི་དུས་སུ་ཐམས་ཅད་སྒོར་སྒོར་དུ་ཕྱིན་པས་རླུང་ནག་འཚུབ་མར་འགྱུར་བ་ཡིན་ནོ། །དེ་དག་ནི་སྔོན་འགྲོའོ། །དངོས་བཞི་ལ་གཉིས་ཏེ། ཕྱག་དང་ཞེས་པའི་འཆམ་པོ་དང་། ལྷའི་ཕྱག་རྒྱའོ། །ཕྱག་དང་ཞེས་པའི་འཆམ་པོ་ལ་གཉིས་ལས། དེ་ཡང་འདི་སྐད་དུ། སྤྱན་དྲང་བཞུགས་སུ་གསོལ་བ་དང་། །གུས་པའི་ཚུལ་གྱིས་ཕྱག་གསུམ་བྱ། །བསྣུན་གྲི་གཞན་དག་མི་ལྡང་པར། །གོམ་པ་གཉིས་པོ་ལ་བྱས་ཏེ། །གཡས་གཡོན་གཉིས་ཀྱིས་བསྐོར་བྱས་ཤིང་། །རིམས་ཀྱིས་ལངས་སྟེ་སྦྲུལ་འགྲོས་སུ། ཞེས་བྱ་བས་ཕྱག་ལ་སོགས་པ་རིམ་པ་དང་། འགྲེལ་སྟབས་གཉིས་སུ་ཤེས་པར་བྱའོ། །ལྷའི་ཕྱག་རྒྱ་བཞི་སྟེ། ལྷག་པའི་ལྷ་བཞིའི་འཆམ་པོ་དང་། ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་ཀྱི་འཆམ་པོ་དང་། དབང་རྟགས་ཀྱི་འཆམ་པོ་དང་། ཕོ་ཉའི་འཆམ་པོ་དང་བཞིའོ། །དང་པོ་ལ་ལྔ་སྟེ། དབང་དུ་བསྡུད་པ་རྟ་མཆོག་གི་ཕྱག་རྒྱ་དང་། འདུལ་བར་བྱེད་པ་རྡོ་རྗེ་འཛིན་པའི་ཕྱག་རྒྱ་དང་། འཕྲིན་ལས་མངའ་བདག་གཤིན་རྗེ་གཤེད་ཀྱི་ཕྱག་རྒྱ། ཨེ་ཀ་ཙ་ཏིའི་ཕྱག་རྒྱ་དང་། དེ་དག་གི་བསྟོད་པའོ། །ཡེ་ཤེས་ཀྱི་མཁའ་འགྲོའི་འཆམ་པོ་ལ་གཉིས་ཏེ། དཔོན་གཡོག་བཞིའི་ཕྱག་རྒྱ་བསྟོད་པ་དང་བཅས་པ་དང་། སྤྲུལ་པ་གསུམ་གྱི་ཕྱག་རྒྱ་བསྟོད་པ་དང་བཅས་པའོ། །དང་པོ་ལ་བཞི་སྟེ། རྗེ་མ་དབང་ཕྱུག་མའི་དང་། འཁོར་རེ་མ་ཏིའི་དང་། བློན་མོ་གཉིས་དང་བཅས་པའོ། །སྤྲུལ་པའི་ཕྱག་རྒྱ་ལ་གསུམ་ཏེ། ཐུགས་ཀྱི་སྤྲུལ་པའི་དང་། བདུད་མོ་ཆེན་མོའི་དང་། སྲིན་མོ་འཇིགས་བྱེད་དོ། །དབང་རྟགས་ལ་གཉིས་ཏེ། དབུ་རྒྱན་ཀེ་རེ་མོ་ཆེན་མོ་བརྒྱད་ཀྱི་ཕྱག་རྒྱ་དང་། སྐུ་བསྟོད་ཀྱི་རྒྱན་སིང་ཧ་མ་ཆེན་མོ་བརྒྱད་ཀྱི་ཕྱག་རྒྱའོ། །ཕོ་ཉའི་འཆམ་པོ་ལ་ལྔ་སྟེ། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་དང་། རྡོ་རྗེ་གར་གྱི་དབང་ཕྱུག་མ་སྲིང་མོ་བརྒྱད་ཀྱི་ཕྱག་རྒྱ་དང་། སྒོ་མ་བཞིའི་ཕྱག་རྒྱ་དང་། དམག་གི་རྒྱལ་མོ་བཞིའི་ཕྱག་རྒྱ་དང་། ཕོ་ཉ་བཞིའི་ཕྱག་རྒྱའོ། །རྗེས་ལ་ལྔ་སྟེ། འབྲུབ་ཁུང་བཅའ་བ་དང་། དགུག་པ་དང་། སྒྲལ་བ་དང་། སྤར་བ་དང་། རོལ་བའོ། །ད་ནི་རྔ་སྐད་ཀྱི་དོན་ནི་འདི་ལྟ་སྟེ། རྔ་སྐད་ནི་སྔགས་ཡིན་ཏེ། དེ་ཡང་སྔགས་ནི་སྤྱན་འདྲེན་པར་གསུངས་སྟེ། ཞེས་བཤད་པས། ས་འདུལ་གྱི་གཅིག་བརྡུངས་རིང་པོ་ནི་ཧཱུཾ་རིང་པོ། ཧཱུཾ་ནི་རྡོ་རྗེའི་ཚིག་ཏེ། སུས་ཀྱང་འདབ་བར་མི་ནུས་སོ། །ལྷག་པའི་ལྷ་བཞིའི་རྔ་སྐད་གཅིག་བརྡུངས་ཐུང་ངུ་ནི་ཧྲིཿསྟེ། རྟ་མཆོག་གི་གསུང་ངོ་། །མ་མོ་བཞིའི་རྔ་སྐད་ནི། ཧ་ཀི་ཞེས་པ་གཉིས་བརྡུངས་ཐུང་ངུ་སྟེ། བྱོན་ཅིག །བཞུགས་ཅིག་མཛོད་གཅིག །ཅེས་བྱ་བ་ལ་སོགས་པའོ། །སྤྲུལ་པ་གསུམ་གྱི་རྔ་སྐད་ནི། བྷྲུཾ་ཧཱུཾ་གེཾ ཞེས་པ་སྟེ། གསུམ་བརྡུངས་སོ། །དེ་ནི་སྐུ་གསུངས་ཐུགས་ཞེས་པ འམ། དངོས་གྲུབ་གསོལ་ཞེས་བྱ་བའོ། །ཀེ་རི་ཙི་རིའི་རྔ་སྐད་ནི་ཧཱུྃ་ཏྲུྃ། ཧཱུྃ་ཏྲུཾ། ཞེས་བཞི་བརྡུངས་ཏེ། མཁའ་འགྲོ་མ་ཚོ་དངོས་གྲུབ་གསོལ་ཅིག །དགྲ་བགེགས་སྒྲོལ་ཅིག ཅེས་བྱ་བ་ལ་སོགས་པའོ། །དབང་ཕྱུག་མ་ཉི་ཤུ་བརྒྱད་ཀྱི་རྔ་སྐད་ནི་རྒྱུད་ལས་མ་བཤད་ཀྱང་། རེ་རེ་ལ་རེ་རེ་སྦྱར་ཏེ། གཅིག་གཉིས་གསུམ་བཞི། ལྔ་དྲུག་བྱ། ཞེས་པ་དང་། དབང་ཕྱུག་མ་ཆེན་མོ་མཁའ་འགྲོ་ཚོ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། ཅེས་པའོ། །སྲིང་མོ་བརྒྱད་ལ་སོགས་པའི་རྔ་སྐད་ནི། ཕཊ་ཊ་ཀ་ཕཊ་ཊ་ཀ་ཞེས་པ་སྟེ། གསུམ་བརྡུངས་སྐད་ཆེ་ཆུང་གཉིས་བྱས་པས་དྲུག་བརྡུངས་སུ་འགྱུར་བ་སྟེ། དགྲ་བགེགས་ཚོ་སོད་མཛོད་ཅིག ཞེས་བྱའོ། །རྗེས་ཀྱི་རྔ་སྐད་ནི། མ་ར་མ་ར། ཞེས་པ་སྟེ། སོད་སོད་ཅིག་ཞེས་པའོ། །ཐམས་ཅད་ཀྱི་རྗེས་སུ་གཅིག་གཅིག་ཞེས་པ་དྲུག་བརྩེགས་ཏེ་སྐད་ཆེ་བ་གཅིག་བརྡུངས་པ་ལན་གསུམ་བྱས་འཕྲོ་བཅད་པ་ནི། རིགས་དྲུག་ཆོས་ཀྱི་དབྱིངས་སུ་སྤར་ཏེ། ལྷག་མ་མེད་པར་བྱའོ།། །།ཱ།། །།

Notes[edit]

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net