ཆོས་མངོན་པའི་མཛོད་ཀྱི་རྣམ་པར་བཤད་པ་ཆོས་མངོན་རྒྱ་མཚོའི་སྙིང་པོ་་་

From Rangjung Yeshe Wiki Texts
Jump to navigationJump to search

༄༅། །ཆོས་མངོན་པའི་མཛོད་ཀྱི་རྣམ་པར་བཤད་པ་ཆོས་མངོན་རྒྱ་མཚོའི་སྙིང་པོ་མཁྱེན་བརྩེའི་ཞལ་ལུང་གཞོན་ནུ་རྣམ་རོལ་ལེགས་བཤད་ཆོས་མིག་རྣམ་འབྱེད་གྲུབ་བདེའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །[1]

དཔལ་དང་ལྡན་པའི་ཞིང་ཁམས་རྒྱ་མཚོར་ངོ་མཚར་སྣང་བའི་མཛད་པ་དུ་མ་སྟོན། །གང་གི་དཔེ་བྱད་སེན་མོའི་ཉི་འོད་ཆ་ཤས་ཕྲ་མོས་རེག་པའི་མོད་ཉིད་ལའང༌། །དུག་གསུམ་བཟོད་དཀའི་མུན་པ་མཐར་བྱེད་ཤེས་རབ་སྣང་བས་ཆོས་ཀུན་རྣམ་པར་འབྱེད། །ཉིད་ཀྱིས་ཇི་ལྟར་གཟིགས་བཞིན་འགྲོ་ལ་མངོན་སུམ་སྟོན་མཛད་རྣམ་འདྲེན་དེ་ལ་འདུད། །སྲིད་ཞིའི་བློ་གྲོས་སྤོབས་པ་གཅིག་བསྡུས་ནས། །སྲིད་པའི་མཚོ་ལས་སྒྲོལ་བའི་ཤེས་རབ་ཀྱི། །ཕ་རོལ་ཕྱིན་པའི་གྲུ་ཆེན་ཟླ་བྲལ་བ། །ཤཱ་རིའི་བུ་སོགས་དགྲ་བཅོམ་ཀུན་ཀྱང་བསྔགས། །སྦྱངས་པའི་ཡོན་ཏན་དུ་མས་ཡིད་དྲངས་ཏེ། །སྟོན་པའི་བསྟན་ལ་རླབས་ཆེན་རིམ་གྲོ་བ། །འོད་སྲུངས་ལ་སོགས་སྟོན་པ་གཉིས་པའི་འཕྲེང༌། །བསྟན་པའི་གཏད་རབས་དགེ་བའི་བཤེས་རྣམས་བསྟོད། །གདུལ་བྱའི་དབང་པོ་ཁབ་ཀྱི་བུ་ག་ལའང༌། །ཤེས་བྱའི་མཐོ་རིས་གོས་བཟང་འདྲེན་པའི་སླད། །བཀའ་ཡི་བསྡུ་བ་བྱེ་བྲག་བཤད་པའི་མཚོ། །སྙིང་པོར་སྒྲིལ་མཛད་རྣམས་ལ་ལེགས་ཡི་རང༌། །ཁྱད་པར་ཀུན་མཁྱེན་གཉིས་པ་དབྱིག་གི་གཉེན། །སྐྱེ་བ་དུ་མར་ལྔ་རིག་བརྙེས་པ་དེས། །ཆོས་མངོན་རྒྱ་མཚོའི་སྙིང་པོ་རབ་བསྡུས་པའི། །མངོན་པའི་མཛོད་འདི་ཁོ་བོའི་ཡིད་ལ་གཞོལ། །འདིར་ནི་འཇིགས་བྲལ་སྟོན་པ་མི་བསྐྱོད་རྒྱལ། །དེ་ཡིས་གཞན་དྲིང་མེད་པར་མཁྱེན་པ་དང༌། །བརྩེ་བའི་ཤུགས་ཀྱིས་རྒྱས་འགྲེལ་འདི་མཛད་དེ། །ཚིག་དོན་ཀུན་ལ་གུས་པ་ཆེན་པོས་བསྟོད། །ལྷར་བཅས་འཇིག་རྟེན་ཀུན་གྱིས་བཏེག་པའི་ཁྲིར། །སྐྱིལ་ཀྲུང་གཅིག་གིས་བདུད་སྡེའི་དཔུང་འཇོམས་ཤིང༌། །མི་ཟད་སྣང་བ་རྒྱས་པའི་འོད་མངའ་བ། །ཞྭ་དམར་ཅོད་པན་ཅན་དེ་ཡིད་མཚོར་གསལ། །ཉི་མའི་དཀྱིལ་འཁོར་རང་བཞིན་འོད་གསལ་ཡང༌། །གདུལ་བྱའི་ཡུལ་དུ་འཆར་བྱེད་ཤིང་རྟའི་མཆོག །ཆོས་མངོན་རྒྱ་མཚོའི་གཏིང་མཐའ་རབ་དཔོགས་པ། །ཡོངས་འཛིན་རྣམ་རྒྱལ་གྲགས་པ་དགྱེས་གྱུར་ཅིག །ཀརྨ་པ་ཞེས་སྐྱེས་རབས་དགུ་པ་བདག །སྙིང་ལ་འཇམ་དཔལ་གཞོན་ནུའི་ཆབ་ཀྱིས་བྲན། །མགྲིན་པར་སྒྲ་དབྱངས་ལྷ་མོའི་ཚིག་འབྱིན་པས། །མངོན་པའི་སྡེ་སྣོད་གསལ་བྱེད་འདི་སྤྲོའོ། །

དེའང་རང་རེའི་སྟོན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་ཐུགས་རྣམ་པར་གྲོལ། ཡང་དག་པའི་ཆོས་ཕྱིན་ཅི་མ་ལོག་པ་གསང་བའི་ཟབ་དོན་སྔོན་ལྷ་དང་བཅས་པའི་འགྲོ་བ་སུས་ཀྱང་མངོན་སུམ་དུ་མ་གྱུར་པའི་གནས་རིག་པ་ཆེན་པོའི་སྔགས་དང་འོད་ཟེར་གྱིས་གསལ་བར་བྱས་པ་དེས་སྐྱེ་དགུ་རྣམས་ལ་ཕན་པ་སྦྱིན་པའི་ཆེད་དུ་ཆོས་ཀྱི་འཁོར་ལོ་གྲངས་དང་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་དང་ཚད་ཀྱིས་གཞལ་བར་བྱ་བ་མ་ཡིན་པ་ཀུན་ཏུ་བསྐོར་བ་ལས། དེ་བཞིན་གཤེགས་པ་ཉིད་ཀྱིས་ལུང་བསྟན་པ་དང་མཐུན་པར་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབྱིག་གི་གཉེན་གྱིས་བསྟན་པ་རིམ་འཇུག་གི་དབང་དུ་མཛད་ནས་ཉན་ཐོས་སྡེ་པ་དག་གི་ལྟ་སྒོམ་སྤྱོད་འབྲས་བརྗོད་བྱར་སྟོན་པའི་བསྟན་བཅོས་མང་དུ་མཛད་པ་ལས། དམ་པའི་ཆོས་ཐམས་ཅད་ཀྱི་རྩ་བའམ་མ་མོའི་གཞུང་ཡིན་པའི་ཕྱིར་བྱེ་བྲག་ཏུ་བཤད་པའི་མཚོ་ལས་བཏུས་པའི་དམ་པའི་ཆོས་མངོན་པ་མཛོད་ཀྱི་བསྟན་བཅོས་འདི་ཉིད་མཛད་ཅིང་འདིར་དེ་ཉིད་འཆད་པ་སྐབས་སུ་བབ་པས་དེའི་ཕྱིར་བརྗོད་ན། 

རྩོམ་པའི་རྒྱུ་མཚན་གྱི་སྒོ་ནས་ལོ་རྒྱུས་བརྗོད་པ། གང་བརྩམ་པར་བྱ་བའི་བསྟན་བཅོས་དངོས་ཀྱི་དོན་ཏོ། །དང་པོ་ནི། ཁོ་བོ་ཅག་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ནས་སངས་རྒྱས་གྲངས་མེད་ལ་བསོད་ནམས་བསྐྲུན་པའི་མཐུ་ལས་འགྲོ་མགོན་དྭགས་པོ་བཀའ་བརྒྱུད་ཀྱི་བསྟན་པ་དང་མཇལ། ཡོངས་འཛིན་རྩོད་བྲལ་རྣམས་བསྟེན་པའི་སྐལ་བ་རྙེད། སྡེ་སྣོད་གསུམ་སོགས་རྒྱུད་ལ་མནོས། དེའི་ཕྱིར་སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མ་གྲུབ་པའི་སློབ་དཔོན་རྣམས་ཀྱི་དགོངས་པ་འགྲེལ་བ་ལ་རང་དབང་ཅུང་ཟད་ཐོབ་པ་ཡིན་ནོ། །དེས་ན་དམ་པའི་ཆོས་འཆད་རྩོད་རྩོམ་གསུམ། །ཐོས་བསམ་སྒོམ་གསུམ་གང་བྱེད་པའི་ཉམས་སུ་བླང་བྱའི་ཆོས་ཀྱི་རྒྱུ་ནི་བཅོམ་ལྡན་འདས་ནས་བརྒྱུད་པའི་ཞལ་ལུང་འཛིན་པ་གྲོལ་བ་བརྙེས་པ་རང་གི་སློབ་དཔོན་གྱི་བར་དུ་ཆད་པ་མེད་པ་ཞིག་དགོས་ཏེ། དེ་མེད་པར་ཉམས་སུ་བླངས་ཀྱང་བསྟན་རྒྱུན་ཆད་པས་བྱིན་རླབས་མི་འབྱུང་བའི་ཕྱིར། །ལམ་དེ་ལ་སློབ་པ་སྐད་བྱས་ཀྱང་མངོན་པར་རྟོགས་པ་རྒྱུད་ལ་མི་སྐྱེ་བ་ཡིན་ནོ་ཞེས་གྲགས་སོ། །

དེས་ན་དམ་པའི་ཆོས་མངོན་པ་མཛོད་གང་ལས་ཐོས་པའི་ཚུལ་བརྗོད་ན། རྔོག་ལོ་ཆེན་པོ་ནས་བརྒྱུད་པའི་རིམ་པ་ལྟར་ན། རྫོགས་པའི་སངས་རྒྱས་ནས་སློབ་དཔོན་སྔ་མ་ལས་བརྒྱུད་པའི་རིམ་པ་ནི་སྨོས་མི་དགོས་ཏེ། ཅིའི་ཕྱིར་ཞེ་ན། སློབ་དཔོན་དབྱིག་གཉེན་གྱིས་ཐེག་པ་མཐའ་དག་རང་གི་གཅེན་འཕགས་པ་ཐོགས་མེད་ལ་གསན་ཞིང༌། དེས་རྗེ་བཙུན་བྱམས་པ་ལ། དེས་རྫོགས་པའི་སངས་རྒྱས་ལ་གསན་པ་ནི་ཤིན་ཏུ་བརྒྱུད་པ་ཉེ་བའོ། །སློབ་དཔོན་དབྱིག་གཉེན་ནས་པཎ་ཆེན་བློ་བརྟན། སློབ་དཔོན་གང་སྤེལ། པཎ་ཆེན་ཤཱནྟི་པ། ཇོ་བོ་པུ་ཎྱ་ཤཱི་ལ། རྔོག་ལོ། མཆིམས་ལྷ་རྗེ་གོ་ཆ། མཆིམས་བརྩོན་འགྲུས་སེང་གེ། མཆིམས་དོན་རྒྱལ་བ། མཆིམས་བརྩོན་འགྲུས་རྒྱལ་མཚན། མཆིམས་བློ་བརྟན། མཆིམས་ནམ་མཁའ་གྲགས། མཆིམས་བློ་བཟང་གྲགས། རོང་པ་ཆོས་རྒྱལ། ཉག་མ་བ་རིན་ཆེན། དམར་སྟོན་དཔལ་ལྡན་རིན་ཆེན། རོང་སྟོན་ཤཱཀྱ་རྒྱལ་མཚན། བཟོད་བ་བློ་རྒྱམ། བྱམས་ཆེན་རབ་འབྱམས་པ། བདག་ཉིད་ཆེན་པོ་ཀརྨ་ཕྲིན་ལས་པ། ཐམས་ཅད་མཁྱེན་པ་མི་བསྐྱོད་རྡོ་རྗེ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་བདག་གི་མཁན་པོ་ཡོངས་རྫོགས་བསྟན་པའི་མངའ་བདག་དཔལ་དཀོན་མཆོག་ཤཱཀྱ་མཆོག་གི་གཙོ་བོའི་འབངས་རབ་ཏུ་ཚེས་པའི་ཞལ་སྔ་ནས་དང༌། སློབ་དཔོན་ཆེན་པོ་བི་ཛ་ཡ་ཀཱིརྟིའི་ཞལ་སྔ་ནས་བདག་ལའོ། །

གཉིས་པ་ལ། མཚན་ངོས་བཟུང་ཞིང་བསྒྱུར་བ། འགྱུར་གྱི་ཕྱག །གཞུང་གི་ཚིག་དོན་བཤད་པའོ། དང་པོ་ནི། རྒྱ་གར་སྐད་དུ། ཨ་བྷི་དྷརྨ་ཀོ་ཥཱ་ཀཱ་རི་ཀཱ། བོད་སྐད་དུ། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ། ཞེས་པས་བསྟན། རྒྱ་གར་གྱི་སྐད་ལ་ཨ་ཝ་བྷྲཾ་ཤ། པི་ཤ་ཙི། པྲ་ཀྲྀ་ཏ། སཾསྐྲྀ་ཏ་དང་བཞི་ལས། སཾ་སྐྲྀ་ཏའི་སྐད་དུ། ཨ་བྷི་དྷརྨ་ཀོ་ཥཱ་ཀཱ་རི་ཀཱ་ཞེས་བྱ་བ་ཡོད་ལ། དེའང་བསྒྱུར་ན་ཨ་བྷ་མངོན་པ་དྷརྨ་ཆོས་ཀོ་ཥ་མཛོད་ཀཱ་རི་ཀཱ་ཚིག་ལེའུར་བྱས་པ་ཡིན་པས། བོད་སྐད་དུ་ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ཞེས་བྱའོ། ། གཉིས་པ་ནི། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ། ཞེས་པས་བསྟན། དེའང་ལུས་ངག་ཡིད་གསུམ་སྒྲིབ་པའི་རྩུབ་མོ་དང་བྲལ་བས་ན་འཇམ་པ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་མགོན་དང་དཔལ་དུ་གྱུར་པས་ན་དཔལ་བཅུ་དྲུག་ལོན་པའི་ན་ཚོད་དང་ལྡན་པས་ན་གཞོན་ནུར་གྱུར་པ་ཞེས་བྱ་བ་ཡིན་ལ་ཕྱག་འཚལ་ལོ་ཞེས་པ་ནི་ལུས་ངག་ཡིད་གསུམ་འདུད་པའི་དོན་ཏོ། ། གསུམ་པ་ལ། མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ། བསྟན་བཅོས་ཀྱི་མཚན་དོན་བཤད་པ། དགོས་ཆེད་བསྟན་པ། བསྟན་བཅོས་ཀྱི་ལུས་དངོས་བཤད་པའོ། །དང་པོ་ནི། གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང༌། །འཁོར་བའི་འདམ་ལས་འགྲོ་བ་དྲང་མཛད་པ། ། དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ནས། །ཆོས་མངོན་མཛོད་ཀྱི་བསྟན་བཅོས་རབ་བཤད་བྱ། ། ཞེས་པས་བསྟན། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་གང་ཞིག་སྟེ། སངས་རྒྱས་དང་བཅོམ་ལྡན་འདས་ལ་མུ་བཞི་ཡོད་ཅིང༌། དང་པོ་ནི་རང་སངས་རྒྱས་སོ། །གཉིས་པ་ནི་སྲིད་པ་ཐ་མའི་བྱང་སེམས། གསུམ་པ་ནི་སངས་རྒྱས། བཞི་པ་ནི་ཕལ་པའོ། །ཕྱི་ནང་གི་སྐྱེ་མཆེད་ཀུན་ལ་ཉོན་མོངས་པ་ཅན་ཡིན་མིན་གྱི་མི་ཤེས་པའི་མུན་པ་གཏན་བཅོམ་ཞིང་ཆོས་སྟོན་པའི་ཕྱག་བརྐྱང་བས་ཁམས་གསུམ་གྱི་འཁོར་བའི་འདམ་ལས་འགྲོ་བ་རྣམས་དྲང་བར་མཛད་པ་ཡིན་ལ། སེམས་ཅན་ལ་ཕན་པའི་དོན་ཇི་ལྟ་བ་བཞིན་ཕྱིན་ཅི་མ་ལོག་པར་སྟོན་པས་དྲང་བར་མཛད་པ་ཡིན་གྱི་རྫུ་འཕྲུལ་དང་དམ་པ་སྦྱིན་པས་ནི་མ་ཡིན་ནོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་སྟོན་པ་དེ་ལ་བསྟན་བཅོས་མཛད་པས་ཕྱག་འཚལ་ནས་དམ་པའི་ཆོས་མངོན་པ་མཛོད་ཀྱི་བསྟན་བཅོས་རབ་ཏུ་བཤད་པར་བྱ་ཞེས་རྩོམ་པར་ཞལ་གྱིས་བཞེས་པའོ། །

འོ་ན་སྟོན་པ་དེ་ལ་ཡོན་ཏན་ཇི་ལྟ་བུ་ཡོད་ཅེ་ན། དེ་ལ་རང་དོན་ཕུན་སུམ་ཚོགས་པ་དང་གཞན་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་གཉིས་ཡོད་ཅིང༌། དང་པོ་ལའང་སྤངས་པའི་ཡོན་ཏན་དང་རྟོགས་པའི་ཡོན་ཏན་གཉིས་ཡོད་པ་ལས་དེ་གཉིས་ནི་གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་ཞེས་པས་བསྟན། གཞན་དོན་གྱི་ཡོན་ཏན་ནི་འཁོར་བའི་འདམ་ལས་འགྲོ་བ་དྲང་མཛད་པ་ཞེས་པས་བསྟན་པ་ཡིན་ནོ། །དེའང་དོན་བཞིན་ཡང་འཆད་སྟོན་པའང་ཡིན་པ་ལ་མུ་བཞི་སྟེ། དང་པོ་ཡིན་ལ་ཕྱི་མ་མ་ཡིན་པ་ནི་ཤཱ་རིའི་བུ་ལྟ་བུ། གཉིས་པ་ཡིན་ལ་དང་པོ་མ་ཡིན་པ་ནི་འོད་སྲུངས་རྫོགས་བྱེད་ལྟ་བུ། གཉིས་ཀ་ཡིན་པ་ནི་སངས་རྒྱས་ལྟ་བུ། གཉིས་ཀ་མ་ཡིན་པ་ནི་དེ་ལས་གཞན་པ་རྣམས་སོ། །

འདིར་འཕྲོས་དོན་ཅུང་ཟད་བརྗོད་ན། མཆོད་ཡུལ་གྱི་སྟོན་པ་ངོས་བཟུང༌། དེ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ། དེ་སྤོང་བྱེད་ཀྱི་གཉེན་པོ་དང་གསུམ་ལས། དང་པོ་ནི། འདིར་སྟོན་པར་གྱུར་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ་དེའི་རང་བཞིན་ཡང་ངེས་པར་ན་ཆོས་ཀྱི་སྐུ་འབའ་ཞིག་སྟེ། དེའང་ལམ་གྱི་བདེན་པ་ཟག་མེད་ཀྱི་ཕུང་པོ་ལྔ་པ་ཅན་ནོ། །སྐུ་དེ་གང་ལ་བརྟེན་པའི་གཟུགས་སྐུ་ལ་ལོངས་སྤྲུལ་ནི་སྡེ་པ་ལ་མ་གྲགས་ཤིང་སྡེ་པས་གང་ལ་བདུད་རྩི་ཐོབ་པའི་ལུས་རྟེན་རྒྱལ་བུ་དོན་གྲུབ་ཀྱི་ཁོག་པ་ལྟ་བུའང་སངས་རྒྱས་སུ་མི་འཇོག་སྟེ། ལས་ཉོན་གྱི་རྣམ་སྨིན་ཡིན་པའི་ཕྱིར། དེ་བཞིན་དུ་དགེ་སློང་ཡང་དགེ་སློང་གི་སྡོམ་པ་དང་སློབ་པ་དང་མི་སློབ་པ་དང་འཕགས་པའང་ལམ་གྱི་བདེན་པ་ལ་འཇོག་པ་ཡིན་གྱི། གང་ཟག་ལ་དེ་དང་དེ་དག་ཏུ་བརྗོད་པ་ནི་བརྟེན་པའི་མིང་གིས་རྟེན་ལ་བཏགས་པ་ཡིན་ཏེ། དཔེར་ན་གསེར་པ་དང་རྟ་པའི་ཐ་སྙད་བཞིན་ནོ། །

མདོ་སྡེ་པས་གཟུགས་སྐུ་སངས་རྒྱས་མཚན་ཉིད་པར་ཁས་བླངས་པ་ལྟ་བུ་ཞིག་ཡོད་པ་ནི་ཞེ་འདོད་ལ་ལམ་དང་གང་ཟག་མ་ཕྱེ་བའི་ཚེའམ་ཡང་ན་སངས་རྒྱས་ཀྱང་གྲགས་པའི་དབང་དུ་བྱས་ནས་སྐྱབས་འགྲོའི་ཡུལ་ཙམ་དུ་བཞག་གི་དེས་ཀྱང་སངས་རྒྱས་དངོས་སུ་མི་འདོད་དེ། དེ་སྤང་བྱ་དང་ཟག་བཅས་སུ་འཇོག་པ་དེའི་གྲུབ་པ་ཡིན་པའི་ཕྱིར། 

གཉིས་པ་ནི། འདི་སྐབས་ཀྱི་མུན་པ་ནི་སྒྲིབ་པ་ལ་མུན་པའི་མིང་གིས་བཏགས་པ་སྟེ་དཔེར་ན་མུན་པས་གཟུགས་མཐོང་བ་ལ་གེགས་བྱེད་པ་བཞིན་དུ་འདིས་ཀྱང་ཡང་དག་པའི་དོན་མཐོང་བ་ལ་གེགས་བྱེད་པའི་ཕྱིར། འདིར་སྒྲིབ་པ་ལ་གཙོ་བོར་ཐར་པ་ལ་སྒྲིབ་བྱེད་ཉོན་མོངས་པ་ཅན་གྱི་སྒྲིབ་པ་དང༌། གཙོ་བོར་ཀུན་མཁྱེན་ལ་སྒྲིབ་བྱེད་ཉོན་མོངས་པ་ཅན་མ་ཡིན་པའི་སྒྲིབ་པ་གཉིས་སུ་ཡོད། དང་པོ་ནི་སྲིད་པའི་རྩ་བར་གྱུར་པའི་ཕྲ་རྒྱས་དྲུག་མཚུངས་ལྡན་ཐོབ་པ་དང་བཅས་པ་རྣམས་ལ་བྱེད། ཐར་པ་ནི་མདོ་སྡེ་པས་མེད་དགག་ཏུ་འདོད་ཀྱང་འདིར་ནི་དངོས་པོ་ལ་རྣམ་པར་བཞག་གི །དེའི་ཚེ་ནི་བེམས་ཤེས་གང་རུང་དུ་ཁ་ཚོན་གཅོད་མི་ནུས་སོ། །གཉིས་པ་ནི་གཙོ་བོར་ཐམས་ཅད་མཁྱེན་པའི་འགལ་ཟླར་གྱུར་པའི་སེམས་བྱུང་རྨོངས་པ་ཞིག་སྟེ། དེ་ནི་ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་དུ་སངས་རྒྱས་ཀྱི་ཆོས་ཟབ་ཅིང་ཕྲ་བས་མི་ཤེས་པ། ཡུལ་རབ་ཏུ་བསྐལ་བས་མི་ཤེས་པ། དུས་རབ་ཏུ་བསྐལ་བས་མི་ཤེས་པ། དོན་གྱི་རབ་ཏུ་དབྱེ་བ་མཐའ་ཡས་པས་མི་ཤེས་པ་དང་བཞི་ལ་བྱེད། དེ་ཡང་དང་པོ་དང་གསུམ་པ་ནི་ཤཱ་རིའི་བུ་དང༌། གཉིས་པ་ནི་མཽངྒལ་གྱི་བུ་དང༌། བཞི་པ་ནི་འཕགས་པ་སྒྲ་གཅན་ཟིན་རྣམས་ལ་ཡོད་དེ། འགྲེལ་པ་ལས། འདི་ལྟར་དེ་དག་ལ་སངས་རྒྱས་ཀྱི་ཆོས་དང་ཡུལ་དང་དུས་ཤིན་ཏུ་བསྐལ་བ་དང་དོན་རབ་ཏུ་དབྱེ་བ་མཐའ་ཡས་པ་རྣམས་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡོད་པ་ཉིད་དོ། །ཞེས་བཤད་པའི་ཕྱིར། འོ་ན་འདིར་བསྟན་གྱི་མུན་པ་དེ་ཉན་རང་གིས་བཅོམ་མམ་མ་བཅོམ། དང་པོ་ལྟར་ན་སངས་རྒྱས་ཀྱི་སྤངས་པ་ཐུན་མོང་མ་ཡིན་པར་མི་འགྲུབ་ལ། གཉིས་པ་ལྟར་ན་དེ་གཉིས་སྡུག་བསྔལ་གྱི་མཐར་བྱས་པ་མ་ཡིན་པར་འགྱུར་ཏེ། མདོ་ལས། ང་ནི་ཆོས་གཅིག་མངོན་པར་མ་ཤེས་ཤིང་ཡོངས་སུ་མ་ཤེས་པར་སྡུག་བསྔལ་གྱི་མཐར་བྱེད་པར་མི་སྨྲའོ། །ཞེས་དང༌། ང་ནི་ཆོས་གཅིག་ཡོངས་སུ་མ་ཤེས་ཤིང་མ་སྤངས་པར་སྡུག་བསྔལ་གྱི་མཐར་བྱེད་པར་མི་སྨྲའོ། །ཞེས་གསུངས་པའི་ཕྱིར་ཞེ་ན། ཉེས་པ་དེ་གཉིས་ཀྱིས་མི་གནོད་དེ། ཉན་རང་དགྲ་བཅོམ་པས་ཉོན་མོངས་པ་ཅན་མ་ཡིན་པའི་མུན་པ་བཅོམ་ཡང་གཏན་མ་བཅོམ་པའི་ཕྱིར་ཏེ། འགྲེལ་པ་ལས། ཀུན་ལ་མུན་པ་བཅོམ་པར་ནི་འདོད་མོད་ཀྱི་གཏན་ནས་ནི་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར།

འདིར་ཐེག་ཆེན་ནས་བཤད་པའི་ཤེས་སྒྲིབ་གཟུང་རྟོག་དང་འཛིན་རྟོག་གི་རྣམ་གཞག་ཁས་མི་ལེན་ཀྱང་སྤྱིར་ཤེས་སྒྲིབ་ཀྱི་ཐ་སྙད་ཁས་ལེན་དགོས་ཏེ། དེ་ལ་ལུང་དང་རིགས་པའི་སྒྲུབ་བྱེད་གཉིས་ཡོད་པའི་ཕྱིར། དང་པོ་ནི། ལྷན་ཅིག་གཉིས་མིན་སངས་རྒྱས་བཞིན། །ཞེས་པའི་ཐད་ཀྱི་གང་སྤེལ་ལས། ཉོན་མོངས་པའི་སྒྲིབ་པ་དང་བྲལ་བས་མཉམ་པ་ནི་ཡོད་མོད་ཀྱི་མཉམ་ཞིང་མཉམ་པ་ནི་མ་ཡིན་ཏེ། ཤེས་བྱའི་སྒྲིབ་པ་དང་མ་བྲལ་བའི་ཕྱིར་རོ། །ཞེས་བཤད་དོ། །གཉིས་པ་ནི། རིགས་པ་དང་རྒྱུན་རྫས་གྲུབ་ཏུ་འཛིན་པ་དང་དབང་པོ་འཕོ་བར་གེགས་བྱེད་ཀྱི་སྒྲིབ་པ་དང་གཞན་སེལ་གྱི་ཆོས་རང་གི་ངོ་བོས་མི་སྟོང་པར་འཛིན་པ་དང་ཕུང་སོགས་ལ་རིལ་པོར་འཛིན་པ་དང་ཕྱིན་དྲུག་ལ་གེགས་བྱེད་ཀྱི་སྒྲིབ་པ་དང་མཐར་གནས་ཀྱི་སྙོམས་འཇུག་སོགས་ཐོབ་པ་ལ་སྒྲིབ་བྱེད་དང་མི་ཤེས་པའི་རྒྱུ་བཞི་རྣམས་ཤེས་སྒྲིབ་ཏུ་འཇོག་སྟེ། དེ་གནས་ཚུལ་ལ་རྨོངས་པའི་བློ་ཡིན་པ་གང་ཞིག །ཉོན་མོངས་ཅན་གྱི་བློ་མ་ཡིན་པའི་ཕྱིར། སྡེ་པས་ཆོས་ཀྱི་བདག་མེད་དང་དེ་བཞིན་ཉིད་ཀྱང་མི་འདོད་པ་མིན་ཏེ། ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་དང་དངོས་པོའི་དེ་བཞིན་ཉིད་ཁས་ལེན་པའི་ཕྱིར། འོན་ཀྱང་ཐེག་པ་ཆེན་པོ་ལ་གྲགས་པའི་གཟུང་འཛིན་གཉིས་སྟོང་གིས་ཁྱབ་པའི་ཆོས་ཀྱི་བདག་མེད་ནི་ཁས་མི་ལེན་ནོ། །

གསུམ་པ་གཉེན་པོ་ལ་དཔྱད་པ་ནི། མི་ཤེས་པའི་རྒྱུ་བཞི་སྤོང་བྱེད་ཀྱི་དངོས་གཉེན་ནི་མི་སློབ་པའི་སྟོབས་བཅུའི་ཡེ་ཤེས་ལ་འཇོག་སྟེ། སྔར་སློབ་ལམ་ན་མི་ཤེས་པའི་རྒྱུ་བཞིའི་ངོ་བོ་དང་འགལ་བའི་འཛིན་སྟངས་ཅན་གྱི་ཤེས་རབ་མེད་པའི་ཕྱིར། འོ་ན་སངས་རྒྱས་ལ་མི་ཤེས་པའི་རྒྱུ་བཞིའི་ཐོབ་པ་ལྡན་པར་འགྱུར་རོ་ཞེ་ན། དེའི་སྐྱོན་མེད་དེ། སངས་རྒྱས་ཀྱི་ཡེ་ཤེས་མ་འོངས་པ་དེ་སྐྱེས་པ་དང་མི་ཤེས་པའི་རྒྱུ་བཞིའི་ཐོབ་པ་ད་ལྟར་བ་འགགས་པ་དུས་མཉམ་པའི་ཕྱིར། དཔེར་ན་སྒྲོན་མེ་མ་འོངས་པ་སྐྱེས་པ་དང་མུན་པ་ད་ལྟར་བ་བསལ་བ་དུས་མཉམ་པ་བཞིན་ནོ། ། གཉིས་པ་བསྟན་བཅོས་ཀྱི་མཚན་དོན་བཤད་པ་ནི། ཆོས་མངོན་ཤེས་རབ་དྲི་མེད་རྗེས་འབྲང་བཅས། །དེ་ཐོབ་བྱ་ཕྱིར་གང་དང་བསྟན་བཅོས་གང༌། ། འདིར་དེའི་དོན་དུ་ཡང་དག་ཆུད་ཕྱིར་རམ། །འདི་ཡི་གནས་དེ་ཡིན་པས་ཆོས་མངོན་མཛོད། ། ཅེས་པས་བསྟན། དོན་དམ་པའི་ཆོས་མངོན་པ་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཟག་བཅས་ཀྱི་དྲི་མ་མེད་པ་རྗེས་འབྲང་ཕུང་པོ་ལྔ་དང་བཅས་པ་ལ་བྱེད་དེ། འགྲེལ་པར། ཤེས་རབ་ཅེས་བྱ་བ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའོ། །དྲི་མེད་ཅེས་བྱ་བ་ནི་ཟག་པ་མེད་པའོ། །རྗེས་འབྲང་བཅས་ཞེས་བྱ་བ་ནི་འཁོར་དང་བཅས་པ་སྟེ་དེ་ལྟར་ན་ཟག་པ་མེད་པའི་ཕུང་པོ་ལྔ་ལ་ཆོས་མངོན་པ་ཞེས་བསྟན་པར་འགྱུར་རོ། །རེ་ཞིག་འདི་ནི་དོན་དམ་པའི་ཆོས་མངོན་པའོ། །ཞེས་གསུངས་པའི་ཕྱིར། །

ལམ་མངོན་པ་ནི་དོན་དམ་པའི་ཆོས་མངོན་པ་དེ་ཐོབ་པར་བྱ་བའི་ཕྱིར་རམ་དེ་རྟོགས་པ་ལ་མངོན་དུ་ཕྱོགས་པའི་ཆེད་དུ་སྟེ། རང་འགྲེལ་ལས། ཆོས་ཀྱི་མཚན་ཉིད་ལ་མངོན་དུ་ཕྱོགས་པའི་ཕྱིར་ཆོས་མངོན་པའོ། །ཞེས་འབྱུང་བའི་ཐོས་བསམ་སྒོམ་པའི་ཤེས་རབ་ཟག་བཅས་སྦྱོར་བྱུང་དང་སྐྱེས་ཐོབ་རྗེས་འབྲང་དང་བཅས་པ་གང་ཡིན་པ་དང༌། དེ་དག་བརྗོད་བྱར་སྟོན་པའི་བསྟན་བཅོས་གང་ཡིན་པ་ནི་གཞུང་མངོན་པ་སྟེ་རྒྱལ་སྲས་མར། གཞན་དག་ན་རེ། བསྟན་བཅོས་ཞེས་བྱ་བ་ནི་ཡེ་ཤེས་ལ་འཇུག་པ་ཡིན་ནོ། །ཞེས་སོགས་གསུངས་སོ། །
ཆོས་མངོན་པའི་སྒྲ་དོན་ནི། ཅིའི་ཕྱིར་བསྟན་བཅོས་འདི་ལ་ཆོས་མངོན་པའི་མཛོད་ཅེས་བྱ་ཞེ་ན། བསྟན་བཅོས་འདིར་ཆོས་མངོན་པ་སྡེ་བདུན་བྱེ་བྲག་བཤད་མཚོ་དང་བཅས་པ་དེའི་དོན་གཅེས་གཅེས་རྣམས་ནང་དུ་ཡང་དག་པར་ཆུད་པའི་ཕྱིར་རམ། ཡང་ན་བསྟན་བཅོས་འདི་ཡི་གནས་ནི་ཆོས་མངོན་པ་སྡེ་བདུན་པོ་དེ་ཡིན་པས་ཆོས་མངོན་པའི་མཛོད་ཅེས་གནས་དང་མཛོད་ཀྱི་དཔེའི་སྒོ་ནས་བསྟན་ཏོ། །

གསུམ་པ་དགོས་ཆེད་བསྟན་པ་ནི། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། ། ཉོན་མོངས་པས་ཀྱང་འཇིག་རྟེན་སྲིད་མཚོ་འདིར་འཁྱམས་ཏེ། །དེ་བས་དེ་ཕྱིར་འདི་ནི་སྟོན་པས་གསུངས་སོ་ལོ། ། ཞེས་པས་བསྟན། ཆོས་མངོན་པའི་བརྗོད་བྱ་ནི་ཆོས་རྣམས་ཞེས་དངོས་སུ་བསྟན་པ་ཟག་བཅས་དང་ཟག་མེད་ཐམས་ཅད་ལ་འཆད་པའམ་བརྗོད་བྱ་དོན་གྱི་གཙོ་བོ་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བོ། །དགོས་པ་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་བདེ་བླག་ཏུ་རྟོགས་པའོ། །ཉིང་དགོས་ནི་གཞུང་དུ་ཟློག་པར་བསྟན་ལ་རྣལ་མ་ཤུགས་ལ་ཤེས་པར་འགྱུར་ཏེ། དགོས་པ་ཟག་བཅས་ཟག་མེད་ཀྱི་ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་དེ་མེད་པར་ཉོན་མོངས་པ་རྣམས་སྤོང་མི་ནུས་ཏེ། རྒྱུ་མཚན་གང་གི་ཕྱིར་ཤེས་རབ་དེ་མེད་ན་ཉོན་མོངས་པ་རྣམས་ཉེ་བར་ཞི་བར་བྱ་བའི་ཐབས་གཞན་མེད་ལ། ཉོན་མོངས་པས་ཀྱང་ལས་བསགས་ནས་འཇིག་རྟེན་པ་དག་སྲིད་པའི་རྒྱ་མཚོ་འདིར་འཁྱམས་ཏེ། ཐར་པ་མི་ཐོབ་པ་དེ་བས་ན་ཐར་པ་ཐོབ་པར་བྱ་བ་དེའི་ཕྱིར་ཆོས་མངོན་པ་འདི་ནི་སྟོན་པས་གསུངས་སོ། །དེའང་བརྗོད་བྱ་དགོས་པ་ཉིང་དགོས་འབྲེལ་བ་བཞི་ལས། དང་པོ་ནི་ཟག་བཅས་ཟག་མེད་ཀྱི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ནི་གཙོ་བོ་དང༌། གཉིས་པ་ནི་བསྟན་བཅོས་འདི་ལ་བརྟེན་ནས་ཤེས་རབ་དེ་བདེ་བླག་ཏུ་རྟོགས་པ་དང༌། གསུམ་པ་ནི་དེ་ལྟར་རྟོགས་པ་ལ་བརྟེན་ནས་མྱང་འདས་ཐོབ་པ་དང༌། བཞི་པ་ནི་ཕྱི་མ་ཕྱི་མ་སྔ་མ་སྔ་མ་ལ་རག་ལས་པའོ། །དེ་དག་གཞུང་གིས་བསྟན་ཚུལ་ནི། ཆོས་རྣམས་ཞེས་པས་བརྗོད་བྱ་བསྟན། རབ་ཏུ་རྣམ་འབྱེད་ཅེས་པས་དགོས་པ་བསྟན། མེད་པར་ཉོན་མོངས་རྣམས་ཞེས་པས་ཉིང་དགོས་ཟློག་པའི་ཚུལ་གྱིས་བསྟན། འབྲེལ་བ་ནི་ཤུགས་ཀྱིས་བསྟན་པ་ཡིན་ནོ། །

འོ་ན་ཆོས་མངོན་པ་འདི་དང་པོར་སུ་ཞིག་གིས་བསྟན་ཞེ་ན། བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་ཆོས་མངོན་པ་སྡེ་བདུན་པོ་འདི་ནི་དང་པོར་སྟོན་པས་ཡུལ་དང་གང་ཟག་སྣ་ཚོགས་ལ་ཐོར་བུར་གསུངས་པ་རྣམས་ཕྱིས་དགྲ་བཅོམ་པ་བདུན་གྱིས་བསྡུས་པ་ཡིན་ཏེ། དཔེར་ན་ཆེད་དུ་བརྗོད་པའི་ཚོམས་སྟོན་པས་ཐོར་བུར་གསུངས་པ་བཙུན་པ་ཆོས་སྐྱོབས་ཀྱིས་བསྡུས་པ་བཞིན་ནོ། །སྡེ་བདུན་ནི། ཡེ་ཤེས་ལ་འཇུག་ཀ་ཏྱའི་བུས། ཞེས་པ་ནས། ཁམས་ཀྱི་ཚོགས་ནི་གང་པོས་བསྡུས། ཞེས་པའི་བར་རམ། གང་སྤེལ་ལས། འགྲོ་བའི་རྣམ་གྲངས་ཤཱ་རིའི་བུས། །ཞེས་སོ། །དེ་ལྟ་མ་ཡིན་ན་མདོ་ལས་དགེ་སློང་སྡེ་སྣོད་གསུམ་པ་ཡིན་ཏེ་ཞེས་པའི་སྡེ་སྣོད་གསུམ་མ་ཚང་བར་འགྱུར་རོ། །ལོ་ཞེས་སྨོས་པ་ནི་མདོ་སྡེ་པ་མ་རངས་པའི་ཚིག་སྟེ། འདི་ལ་ནི་འདུས་མ་བྱས་རྫས་སུ་འདོད་པའི་གྲུབ་མཐའ་ངན་པ་སྣ་ཚོགས་བྱུང་ལ། སྟོན་པས་ནི་ཕྱིན་ཅི་ལོག་པར་མི་གསུང་བས་ཆོས་མངོན་པ་བྱེད་པའི་སློབ་དཔོན་དེ་དག་གི་རང་བཟོ་ཡིན་ནོ་ཞེས་ཟེར། 

བཞི་པ་བསྟན་བཅོས་ཀྱི་ལུས་དངོས་བཤད་པ་ལ་གཉིས་ཏེ། ལུས་རྣམ་པར་བཞག་པ་དང༌། ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ། བསྟན་པ་དང༌། བཤད་པའོ། །དང་པོ་ནི། ཟག་བཅས་ཟག་པ་མེད་ཆོས་རྣམས། ། ཞེས་པས་བསྟན། བསྟན་བཅོས་འདིའི་བརྗོད་བྱ་ཆོས་རྣམས་ཞེས་སྨོས་ནས་དེ་གང་ཞེ་ན། ཟག་བཅས་ཟག་པ་མེད་ཆོས་རྣམས། །ཞེས་བཀོད་པ་ནི་ཆོས་འདི་ཐམས་ཅད་མདོར་བསྡུས་པ་དང་ཕན་ཚུན་སྤངས་པའི་དངོས་འགལ་བསྟན་པའི་ཆེད་ཡིན་ཞིང་དངོས་འགལ་ཕུང་གསུམ་པ་ནི་མེད་དོ། །

འོ་ན། འདུས་བྱས་འདུས་མ་བྱས་ཆོས་རྣམས། །ཞེས་སོགས་འདོན་རིགས་སོ་ཞེ་ན། དེའི་སྐྱོན་མེད་དེ། ཟག་བཅས་རྣམས་སྤང་བྱ་དང་ཟག་མེད་ཕལ་ཆེར་བླང་བྱ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། འདིའི་ཟག་མེད་ཅེས་པ་ཟག་པ་བཀག་ཙམ་གྱི་མེད་དགག་ལ་བྱས་པ་ནི་མ་ཡིན་ཏེ། དེ་ནི་དངོས་པོར་མེད་པས་རང་གི་མཚན་ཉིད་མི་འཛིན་ལ། དེ་མི་འཛིན་པ་ནི་ཆོས་སུ་མི་རུང་བའི་ཕྱིར་རོ། །ཆོས་ལ་ནི་དངོས་པོས་ཁྱབ་ཅིང་དངོས་པོ་ལ་འདུས་བྱས་འདུས་མ་བྱས་གཉིས་སུ་ངེས་པ་ཡིན་ནོ། །དེའང་ཆོས་ལ་དངོས་པོས་ཁྱབ་སྟེ། རང་འགྲེལ་ལས། མདོ་སྡེ་པས་འདུས་མ་བྱས་དངོས་པོར་མེད་དེ། ཆོས་མངོན་པ་ལས་ཀྱང༌། དངོས་པོ་མེད་པའི་ཆོས་རྣམས་གང་ཞེ་ན། འདུས་མ་བྱས་ཀྱི་ཆོས་དག་ཡིན་ནོ་ཞེས་སྨྲས་པ་ལ། བྱེ་སྨྲ་ན་རེ། འདིའི་དོན་ནི་འདི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དངོས་པོ་ནི་རྣམ་པ་ལྔ་སྟེ། རང་བཞིན་གྱི་དངོས་པོ་དང༌། དམིགས་པའི་དངོས་པོ་དང༌། ལྡན་པའི་དངོས་པོ་དང༌། རྒྱུའི་དངོས་པོ་དང༌། ཡོངས་སུ་བཟུང་བའི་དངོས་པོ་སྟེ་དེ་ལ་འདིར་ནི་རྒྱུའི་དངོས་པོའི་སྒྲར་གསུངས་པ་ཡིན་ཏེ། དེ་ལྟ་བས་ན་འདུས་མ་བྱས་རྫས་སུ་ཡོད་པ་ཁོ་ན་ཡིན་ལ། དེ་ལ་ཡང་རྒྱུ་དང་འབྲས་བུ་དག་ནི་མེད་དོ། །ཞེས་འདུས་མ་བྱས་རྣམས་དངོས་པོ་དང་རྫས་སུ་བཤད་པའི་ཕྱིར། འདུས་མ་བྱས་ཀྱི་ཆོས་རྣམས་དོན་བྱེད་ནུས་པའང་ཡིན་ཏེ། འབྲས་བུ་སྐྱེད་པའི་དོན་བྱེད་མི་ནུས་ཀྱང༌། རྟེན་བྱེད་པའི་དོན་བྱེད་ནུས་པ་ཡིན་པའི་ཕྱིར། འདུས་བྱས་ཡིན་པ་ལ་སྐྱེས་པས་མ་ཁྱབ་པར་མ་ཟད་སྐྱེ་བས་ཀྱང་མ་ཁྱབ་སྟེ། འདུས་བྱས་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ཞིག་ཁས་ལེན་དགོས་པའི་ཕྱིར། 

གཉིས་པ་ལ། ཟག་བཅས་རྒྱས་བཤད་དང༌། ཟག་མེད་རྒྱས་བཤད་དོ། །དང་པོ་ནི། ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཟག་བཅས་གང་ཕྱིར་དེ་དག་ལ། ། ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར། ། ཞེས་པས་བསྟན། ལམ་མ་གཏོགས་པའི་འདུས་བྱས་རྣམས་ཟག་བཅས་ཞེས་པས་ལམ་བདེན་དང་འདུས་མ་བྱས་རྣམས་ཟག་བཅས་ཡིན་པ་བསལ་ལོ། །དེ་དག་ལས་གཞན་པ་རྣམས་ནི་ཟག་བཅས་ཁོ་ན་ཡིན་ནོ། །གང་གི་ཕྱིར་ན་ལམ་མ་གཏོགས་པའི་འདུས་བྱས་དེ་དག་ལ་ཟག་པ་རྩ་བ་དང་ཉེ་བའི་ཉོན་མོངས་པ་རྣམས་དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་ཀུན་ཏུ་རྒྱས་པར་འགྱུར་བ་ཡིན་ནོ། །དེས་ན་ཟག་བཅས་ཀྱི་མཚན་ཉིད་ནི་རང་ལ་ཟག་པ་དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་རྒྱས་པར་འགྱུར་བའི་ཆོས་སོ། །དེའི་མཚན་གཞི་ནི་ལམ་བདེན་མགཏོགས་པའི་འདུས་བྱས་རྣམས་སོ། །ཟག་པ་ཡིན་ན་དེ་གཉིས་གང་རུང་གི་སྒོ་ནས་རྒྱས་པས་མ་ཁྱབ་སྟེ། དགྲ་བཅོམ་པས་སྤངས་པའི་ཟག་པ་བཞིན་ནོ། ། གཉིས་པ་ལ། མདོར་བསྟན་པ་དང༌། འདུས་མ་བྱས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཟག་མེད་ལམ་གྱི་བདེན་པ་དང༌། །འདུས་མ་བྱས་རྣམ་གསུམ་ཡང་སྟེ། ། ནམ་མཁའ་དང་ནི་འགོག་པ་གཉིས། ། ཞེས་པས་བསྟན། ཟག་མེད་ཀྱི་ཆོས་ཀྱི་མཚན་གཞི་ནི་ལམ་གྱི་བདེན་པ་དང་འདུས་མ་བྱས་རྣམ་པ་གསུམ་པོ་རྣམས་སོ། །དེའི་མཚན་ཉིད་ནི་རང་ལ་ཟག་པ་དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་རྒྱས་པར་མི་འགྱུར་བའི་ཆོས་སོ། །ཡང་སྟེ་ཞེས་པ་ནི་འདུས་བྱས་ལ་དབྱེ་བ་ཡོད་པ་དང་ཆོས་ལ་ཟག་བཅས་ཟག་མེད་གཉིས་སུ་གྲངས་ངེས་པར་མ་ཟད་འདུས་མ་བྱས་ཀྱི་ཆོས་ལའང་ནམ་མཁའ་དང་ནི་འགོག་པ་གཉིས་ཏེ་གསུམ་དུ་གྲངས་ངེས་ཞེས་པའི་དོན་ཏོ། །

ཁ་ཅིག་གཞུང་འདིས་འདུས་མ་བྱས་ཀྱི་ཆོས་ལ་དེ་གསུམ་དུ་གྲངས་ངེས་པར་མ་བསྟན་ཞེས་ཟེར་བ་མི་འཐད་དེ། རྒྱལ་པོ་སྲས་ལས། འདུས་མ་བྱས་རྣམ་གསུམ་གང་ཞེ་ན་ཞེས་བྱ་བ་ནི་མ་གྲགས་པའི་ཕྱིར་འདྲི་བའོ། །རྣམ་གསུམ་སྨོས་པ་ནི་འདི་ཙམ་ཡིན་པར་ངེས་པར་བཟུང་བ་ཡིན་ནོ། །ཁ་ཅིག་འདུས་མ་བྱས་མྱ་ངན་ལས་འདས་པ་གཅིག་ཁོ་ནར་ཟད་པར་སྨྲ་བའང་ཡོད་དེ། འདི་ལྟ་སྟེ། གནས་མ་བུའི་སྡེ་པ་དག་ལྟ་བུའོ། །བྱེ་བྲག་པ་དག་ནི་འདུས་མ་བྱས་རྡུལ་ཕྲ་རབ་ལ་སོགས་པ་མང་དུ་བརྗོད་དེ། དེ་དག་གི་གཞུང་ལུགས་དགག་པའི་ཕྱིར་འདི་ཙམ་ཞིག་ཏུ་ངེས་པར་བཟུང་བ་ཡིན་ནོ། །ཞེས་བཤད་པའི་ཕྱིར། 

གཉིས་པ་ལ་གསུམ། ནམ་མཁའ། བརྟགས་འགོག །བརྟགས་མིན་གྱི་འགོག་པའོ། །དང་པོ་ནི། དེ་ལ་ནམ་མཁའ་མི་སྒྲིབ་པའོ། ། ཞེས་པས་བསྟན། འདུས་མ་བྱས་གསུམ་ཡོད་པ་དེ་ལ་ནམ་མཁའི་མཚན་ཉིད་ནི་བྱེ་སྨྲ་ལྟར་ན་འདུས་མ་བྱས་ཀྱི་དངོས་པོ་གང་ཞིག །མི་སྒྲིབ་ཅིང་གཟུགས་ཅན་སྐྱེ་བའི་གོ་འབྱེད་པ་དེའོ། །ངོ་བོ་ནི་དགེ་སོགས་གསུམ་གྱི་ནང་ནས་མ་བསྒྲིབས་ལུང་མ་བསྟན་ཡིན་ནོ། ། གཉིས་པ་ནི། སོ་སོར་བརྟགས་པས་འགོག་པ་གང༌། །བྲལ་བའོ་སོ་སོ་སོ་སོ་ཡིན། ། ཞེས་པས་བསྟན། སོ་སོར་བརྟགས་པའི་འགོག་པ་ནི་སྡུག་བསྔལ་ལ་སོགས་འཕགས་པའི་བདེན་པ་ལ་ཤེས་རབ་ཀྱིས་སོ་སོར་བརྟགས་པའི་སྟོབས་ཀྱིས་ཐོབ་པའི་འགོག་པ་ཡིན་ལ། ངོ་བོ་ནི་འགོག་པ་གང་ཞིག །ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་བྲལ་བའོ། །དབྱེ་བ་ནི། ཅི་ཟག་བཅས་ཀྱི་ཆོས་ཐམས་ཅད་ཀྱི་འགོག་པ་གཅིག་གམ་ཐ་དད་ཅེ་ན། སོ་སོ་སོ་སོ་ཡིན་ཞིང༌། ལྡན་པའི་རྫས་རྣམས་ཇི་སྙེད་པ། །བྲལ་བའི་རྫས་ཀྱང་དེ་སྙེད་དོ། །ཞེས་པས་ལྡན་རྫས་སྤང་བྱ་རིས་ལྔ་ཐ་དད་ཅིང་གཉེན་པོའང་ཐ་དད་པའི་ཕྱིར་འགོག་པ་ལྔ་ཐ་དད་དོ། ། གསུམ་པ་ནི། སྐྱེ་ལ་གཏན་དུ་གེགས་བྱེད་པ། །འགོག་གཞན་སོ་སོར་བརྟགས་མིན་པས། ། ཞེས་པས་བསྟན། བརྟགས་མིན་གྱི་འགོག་པའི་ངོ་བོ་ནི་དགག་བྱ་འདུས་བྱས་མ་འོངས་པ་སྐྱེ་བ་ལ་གཏན་དུ་གེགས་བྱེད་པ་བརྟགས་པའི་འགོག་པ་ལས་གཞན་པའོ། །སྒྲ་དོན་ནི་སོ་སོར་བརྟགས་པའི་ཤེས་རབ་མིན་པའི་སྟོབས་ཀྱིས་ཐོབ་པ་ལ་བྱེད་དེ། དེ་ནི་བདེན་བཞིའི་རྣམ་པ་ལ་སོ་སོར་བརྟགས་པའི་སྟོབས་ཀྱིས་ཐོབ་པ་མ་ཡིན་གྱི་རྐྱེན་མ་ཚང་བའི་སྟོབས་ཀྱིས་ཐོབ་པའི་ཕྱིར། དཔེར་ན་གཟུགས་ཞིག་ལ་ཡིད་གཡེངས་པའི་ཚེ་བྱ་རོག་འཛིན་པའི་ཤེས་པ་མི་སྐྱེ་ལ་དེ་སྐྱེས་པའི་ཚེ་བྱ་རོག་ཕྱོགས་གཞན་ལ་སོང་བས་དེ་མཐོང་བའི་མིག་ཤེས་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དུ་སོང་བ་ལྟ་བུའོ། ། གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ། གནས་བརྒྱད་འཆད་པའི་སྤྱི་དོན་དང༌། གནས་སོ་སོའི་དོན་བསྟན་པའོ། །དང་པོ་ལ་གྲངས་ངེས་པ་དང༌། གོ་རིམ་ངེས་པ་དང༌། གནས་གང་ནས་བརྗོད་བྱ་གང་བསྟན་པའོ། །དང་པོ་ནི། ཟག་བཅས་ཟག་མེད་ཀྱི་རྣམ་གཞག་སྤྱིར་འཆད་པ་ལ་གནས་དང་པོ་གཉིས་སུ་གྲངས་ངེས་པ་དང༌། དེའི་འོག་ཏུ་ཟག་བཅས་ཀུན་ནས་ཉོན་མོངས་ཀྱི་ཆོས་རྣམས་བྱེ་བྲག་ཏུ་འཆད་པ་ལ་གནས་བར་པ་གསུམ་དུ་གྲངས་ངེས་པ་དང༌། དེའི་འོག་ཏུ་ཟག་མེད་རྣམ་བྱང་གི་ཆོས་རྣམས་བྱེ་བྲག་ཏུ་འཆད་པ་ལ་གནས་ཐ་མ་གསུམ་དུ་གྲངས་ངེས་པ་ཡིན་ནོ། །དེས་ན་སྐྱེས་བུ་ལ་མཁོ་བ་ལམ་གྱི་དམིགས་པ་ཟག་བཅས་ཟག་མེད་སྟོན་པ་ལ་ལེའུ་གོང་མར་དོན་མ་རྫོགས་པ་འོག་མར་བསྟན་པས་འདི་ཙམ་གྱིས་དོན་རྫོགས་པར་ནུས་པའི་ཕྱིར་བརྒྱད་དུ་ངེས་ལ། སྤྱིར་སྡེ་ཚན་བརྒྱད་དུ་བྱེད་པ་ནི་བརྗོད་བྱ་ཚན་པ་མི་འདྲ་བ་ཕྱོགས་གཅིག་ཏུ་འོས་པ་དག་བསྡེབས་པའོ། །

གཉིས་པ་གོ་རིམ་ངེས་པ་ལ། སྤྱིའི་གོ་རིམ་གྱི་འབྲེལ་སྒྲིག་པའི་ཚུལ་ནི། རྒྱས་པར་ནི་སྣར་ཐང་པ་ཤེར་གྲགས་ཀྱིས་སྦྱར་བའི་ཚུལ་ལྟར་བརྗོད་དེ། ཐར་པ་འདོད་ཉིད་ལ། །ཞེས་པ་ནས། སྙོམས་འཇུག་བསྟན་པའི་མཛོད། །དེ་ཡི་འོག་ཏུ་བསྟན། །ཞེས་པའི་བར་འབྱུང་བ་ལྟར་ཤེས་པར་བྱ་ཞིང༌། བསྡུ་ན། ཆོས་མངོན་པའི་བརྗོད་བྱའི་གཙོ་བོ་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག་དང་པོར་འཆད་པ་ལ། དང་པོར་ཁམས་བསྟན་པའི་མཛོད་བཤད། དེའི་མཇུག་ཏུ་དབང་པོའི་མིང་ཙམ་ཞིག་བསྟན་ནས་དེ་རྒྱས་པར་འཆད་པ་ལ་དབང་པོ་བསྟན་པའི་མཛོད་བྱུང༌། དེར་ཁམས་གསུམ་གྱི་མིང་ཙམ་ཞིག་བཤད་ནས་དེ་རྒྱས་པར་འཆད་པ་ལ་དེའི་རྗེས་སུ་འཇིག་རྟེན་བསྟན་པའི་མཛོད་བྱུང༌། འོ་ན་འཇིག་རྟེན་སྣ་ཚོགས་པ་འདི་དག་རྒྱུ་མེད་ལས་སྐྱེ་བ་ཡིན་ནམ་ཞེ་ན། མིན་ཏེ། ལས་ལས་སྐྱེ་བའི་ཕྱིར་ཞེས་འཆད་པ་ལ་དེའི་རྗེས་སུ་ལས་བསྟན་པའི་མཛོད་བྱུང༌། ལས་དེས་རྣམ་སྨིན་འབྱིན་པ་ཉོན་མོངས་ལ་རག་ལས་སོ་ཞེས་འཆད་པ་ལ་དེའི་རྗེས་སུ་ཕྲ་རྒྱས་བསྟན་པའི་མཛོད་བྱུང་བ་ཡིན་ཏེ། གང་སྤེལ་ལས། སྐྱེ་བའི་ཤིང་རྟ་སྐྱེ་བོ་བྱིས་པ་ཡིས། །ཞོན་ཞིང་ཉོན་མོངས་ལས་ཀྱི་འཕང་ལོ་ཅན། །འདི་ན་ཉོན་མོངས་འཕང་ལོ་གཅིག་མེད་ན། །ལས་ཀྱི་འཕང་ལོ་གཅིག་པུས་འཁོར་མ་ཡིན། །ཞེས་གསུངས་པའི་ཕྱིར། དེར་ཉོན་མོངས་སྤངས་པས་ཡོངས་ཤེས་འབྱུང་བར་བཤད་ནས་ཉོན་མོངས་དེ་ལམ་དང་གང་ཟག་གཉིས་ཀྱིས་སྤོང་དགོས་སོ་ཞེས་འཆད་པར་བྱེད་པ་ལ་ལམ་དང་གང་ཟག་བསྟན་པའི་མཛོད་བྱུང༌། དེར་ཆོས་ཤེས་དང་རྗེས་ཤེས་ཙམ་ཞིག་བཤད་ནས་ཤེས་པ་བཅུའི་རྣམ་གཞག་རྒྱས་པར་འཆད་པ་ལ་ཡེ་ཤེས་བསྟན་པའི་མཛོད་བྱུང༌། དེར་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་རྣམས་བཤད་ནས་སྙོམས་འཇུག་སོགས་ཐུན་མོང་བའི་ཡོན་ཏན་རྣམས་འཆད་པ་ལ་སྙོམས་འཇུག་བསྟན་པའི་མཛོད་བྱུང༌། དེར་ཐར་པ་འདོད་པ་དག་གིས་བག་ཡོད་ཀྱིས་ཞེས་པ་ལ་འཕྲོས་ནས་འགྲེལ་པར་གང་ཟག་བདག་འགོག་གི་རིགས་པ་གནས་དགུ་པར་བཤད་པ་ཡིན་ནོ། །

གསུམ་པ་གནས་གང་ནས་བརྗོད་བྱ་གང་སྟོན་པ་ནི། སོ་སོའི་སྐབས་ལས་ཤེས་པར་བྱ་ཞིང་གོ་རིམ་གྲངས་ངེས་གང་འབྱུང་སོགས་རྒྱས་པར་ནི་ཀར་ཊཱིཀ་སོགས་སུ་ཡོད་པས་དེར་བལྟ་བར་བྱའོ། ། གཉིས་པ་གནས་སོ་སོའི་དོན་བསྟན་པ་ལ། གནས་བརྒྱད་ལས་དང་པོ་ཁམས་བསྟན་པའི་གནས་ཀྱི་དོན་ལ་གཉིས། གནས་ཀྱི་གཞུང་བཤད་པ་དང༌། གནས་ཀྱི་མཚན་བསྟན་པའོ། །དང་པོ་ལ་བཞི། འདུས་བྱས་ཀྱི་རྣམ་གཞག །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག །ཆོས་གསུམ་གྱིས་ཐམས་ཅད་བསྡུས་པར་བསྟན་པ། ཁམས་ཀྱི་རྣམ་པའི་རབ་དབྱེའོ། །དང་པོ་ལ་གསུམ། འདུས་བྱས་ཀྱི་མཚན་གཞི། མིང་གི་རྣམ་གྲངས། ཟག་བཅས་ཀྱི་རྣམ་གྲངས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི།་ འདུས་བྱས་ཆོས་རྣམས་དེ་དག་ཀྱང༌། །གཟུགས་ལ་སོགས་པའི་ཕུང་པོ་ལྔ། ། ཞེས་པས་བསྟན། གོང་དུ། ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཞེས་སྨོས་པའི་འདུས་བྱས་དེའི་མཚན་གཞི་ནི་རྒྱུ་རྐྱེན་དུ་མ་འདུས་ཤིང་ཕྲད་ནས་བྱས་པའི་འདུས་བྱས་ཀྱི་ཆོས་རྣམས་ཡིན་ལ། དེ་དག་ཀྱང་གཟུགས་ཀྱི་ཕུང་པོ་དང་ལ་སོགས་པ་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པའི་ཕུང་པོ་སྟེ་ལྔས་བསྡུས་པ་ཡིན་ནོ། ། གཉིས་པ་མིང་གི་རྣམ་གྲངས་ནི། དེ་དག་ཉིད་དུས་གཏམ་གཞི་དང༌། །ངེས་པར་འབྱུང་བཅས་གཞི་དང་བཅས། ། ཞེས་པས་བསྟན། ཆོས་མངོན་པ་བ་ཐམས་ཅད་མདོ་འཆད་ཅིང་གཏན་ལ་འབེབས་པ་ལས། མདོ་ལས། དགེ་སློང་དག་དུས་ནི་གསུམ་སྟེ། ཞེས་དང༌། གཏམ་གྱི་གཞི་ནི་གསུམ་སྟེ། ཞེས་དང༌། གང་མངོན་པར་འདུས་བྱས་ཤིང་བསགས་པ་ནི་ངེས་པར་འབྱུང་བའོ། །ཞེས་དང༌། གཞི་དང་བཅས་པའི་ཆོས་རྣམས་གང་ཞེ་ན། འདུས་བྱས་ཐམས་ཅད་དོ། །ཞེས་པའི་དོན་ཅི་ཡིན་ཞེ་ན། འདུས་བྱས་དེ་དག་ཉིད་ལ་དུས་ཞེས་ཀྱང་བྱ་སྟེ། ཨསྟ་ཞེས་པ་དུས་དང་ལམ་ལ་འཇུག་པ་ལས་ལམ་དང་སྦྱར་ན་གང་ཟག་གྲོང་ཁྱེར་དུ་སོང་བ་དང་འགྲོ་བ་དང་འགྲོ་བར་འགྱུར་བས་ལམ་ཡིན་ལ། དུས་ལ་སྦྱར་ན་དུས་གསུམ་གའི་འདུས་བྱས་འགགས་པ་དང་འགག་པ་དང་འགག་པར་འགྱུར་བས་དུས། ཞེས་སམ། མི་རྟག་པ་ཉིད་ཀྱིས་ཟ་བས་དུས་ཞེས་བྱ། དངོས་སམ་བརྒྱུད་པ་ཅི་རིགས་པའི་སྒོ་ནས་ངག་གི་བརྗོད་བྱ་ཡིན་པས་གཏམ་གྱི་གཞི་ཞེས་བྱ་བ་དང༌། ཡང་དེ་དག་ལ་ངེས་པར་འབྱུང་བ་དང་བཅས་པ་ཞེས་ཀྱང་བྱ་སྟེ། འདུས་བྱས་དེ་དག་ལས་འདས་ན་མྱང་འདས་ཐོབ་པར་འགྱུར་བའི་ཕྱིར། གཞི་དང་བཅས་པ་ཞེས་ཀྱང་བྱ་སྟེ། རྒྱུ་དང་བཅས་པ་ཡིན་པའི་ཕྱིར། གསུམ་པ་ཟག་བཅས་ཀྱི་རྣམ་གྲངས་བྱེ་བྲག་ཏུ་བཤད་པ་ནི། གང་དག་ཟག་བཅས་ཉེར་ལེན་པའི། །ཕུང་པོའང་དེ་དག་འཐབ་བཅས་ཀྱང༌། ། སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང༌། །ལྟ་གནས་སྲིད་པའང་དེ་དག་ཡིན། ། ཞེས་པས་བསྟན། འདུས་བྱས་དེ་དག་གི་ནང་ནས་གང་དག་ཟག་བཅས་སུ་བཤད་པ་དེ་དག་ཉེ་བར་ལེན་པའི་ཕུང་པོའང་ཡིན་ཏེ། ཉེ་བར་ལེན་པ་ནི་ཉོན་མོངས་པ་ཡིན་ལ། དེ་དང་ལྡན་ཚུལ་གསུམ་གྱི་སྒོ་ནས་ལྡན་པའི་ཕྱིར། ཚུལ་གསུམ་ནི་ཉེ་བར་ལེན་པ་ལས་བྱུང་བ་དང༌། དེ་ལས་འབྱུང་བ་དང༌། དེ་ལ་རག་ལས་པ་སྟེ། དཔེར་ན་རྩྭའི་མེ་དང་མེ་ཏོག་འབྱུང་བའི་ཤིང་དང་རྒྱལ་པོའི་མི་བཞིན་ནོ། །ཡང་དེ་དག་ལ་འཐབ་བཅས་ཞེས་ཀྱང་བྱ་སྟེ། ཉོན་མོངས་པ་ནི་འཇིག་རྟེན་གྱི་འཐབ་མོ་ལྟར་རང་གཞན་ལ་གནོད་པས་འཐབ་པ་ཡིན་ལ། དེ་རྒྱས་པའི་ཕྱིར་བཅས་པའོ། །ཡང་སྡུག་བསྔལ་གསུམ་དང་ལྡན་ཞིང་འཕགས་པ་རྣམས་དང་མི་མཐུན་པས་སྡུག་བསྔལ་ཞེས་ཀྱང་བྱ་སྟེ། འཕགས་པས་འདུ་བྱེད་ཀྱི་སྡུག་བསྔལ་དོན་དམ་པར་སྡུག་བསྔལ་དུ་གཟིགས་པའི་ཕྱིར། འདི་ལས་སྡུག་བསྔལ་ཀུན་འབྱུང་བས་ཀུན་འབྱུང་ཞེས་ཀྱང་བྱའོ། །འཇིག་པ་ལ་བརྟེན་པས་འཇིག་རྟེན་ཞེས་ཀྱང་བྱ་བ་དང༌། ལྟ་བས་དམིགས་ནས་རྒྱས་པར་འགྱུར་བས་ལྟ་གནས་ཞེས་ཀྱང་བྱ། ཐོག་མ་མེད་པའི་དུས་ནས་རྒྱུ་མཐུན་གྱི་རྒྱུ་དང་འབྲས་བུའི་ཚུལ་དུ་རྒྱུན་མ་ཆད་པར་སྐྱེ་ཞིང་ཡང་འབྱུང་བས་སྲིད་པ་ཞེས་བྱ་བའང་དེ་དག་གི་རྣམ་གྲངས་ཡིན་ནོ། ། གཉིས་པ་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག་ལ་བཞི། ཕུང་ཁམས་སྐྱེ་མཆེད་སོ་སོའི་རང་བཞིན། སྒྲ་འཇུག་པའི་རྒྱུ་མཚན། ཆོས་གསུམ་བསྟན་པའི་དགོས་པ། ཆོས་གསུམ་གྱི་གོ་རིམ་མོ། །དང་པོ་ལ་གསུམ། རྒྱས་པར་བཤད། བསྡུས་ཏེ་བསྟན། དོགས་པ་བཅད་པའོ། །དང་པོ་ལ་གསུམ། གཟུགས་ཀྱི་ཕུང་ཁམས་སྐྱེ་མཆེད་བཤད། ཚོར་སོགས་གསུམ་གྱི། རྣམ་ཤེས་ཀྱི་དེ་བཤད་པའོ། །དང་པོ་ལ་གསུམ། བསྟན་པ་དང༌། བཤད་པ་དང༌། ཁམས་དང་སྐྱེ་མཆེད་དུ་བཞག་ཚུལ་ལོ། །དང་པོ་ནི། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། ། ཅེས་པས་བསྟན། གོང་དུ། གཟུགས་ལ་སོགས་པའི་ཕུང་པོ་ལྔ། །ཞེས་བཤད་པའི་གཟུགས་ཀྱི་ཕུང་པོ་ནི་མིག་སོགས་དབང་པོ་ལྔ་དང་གཟུགས་སོགས་དོན་ལྔ་དང་རྣམ་པར་རིག་བྱེད་མིན་པ་དང་བཅུ་གཅིག་ཉིད་དོ། །ཆོས་དངོས་པོ་མི་འདྲ་བ་བཅུ་གཅིག་པོ་འདི་དག་གཟུགས་ཞེས་གཅིག་ཏུ་མཚོན་པ་ལ་གཟུགས་རུང་གཟུགས་ཀྱི་མཚན་ཉིད་ཡིན་ཞིང་དེའི་དོན་ནི་གནོད་པ་བྱར་རུང་ལ་བྱེད་ལ། དེའི་དོན་ཀྱང་གཞིག་ཅིང་གཞོམ་དུ་རུང་བ་ཡིན་ལ། དེའི་དོན་ཀྱང་གཟུགས་ནང་ཕྲད་པས་སྔ་མ་ལས་མི་འདྲ་བར་འགྱུར་བ་བསྐྱེད་པའི་གནོད་པ་བྱར་རུང་བ་ཞིག་ཡིན་ནོ། །ཡང་ན་གཟུགས་རུང་གི་དོན་ནི་ཐོགས་པ་དང་བཅས་པའོ། །འོ་ན་རྡུལ་ཕྲ་རབ་དག་གཟུགས་རུང་མ་ཡིན་པར་འགྱུར་རོ་ཞེ་ན། རྡུལ་ཕྲ་རབ་ལ་རྫས་དང་སྐྱེ་མཆེད་གཉིས་ལས། དང་པོ་འདི་ལ་རྡུལ་རྫས་བརྒྱད་སོགས་ལྷན་ཅིག་པར་མ་ཚོགས་ཀྱང་ཚོགས་ན་གཟུགས་སུ་རུང་བ་ཉིད་ཀྱིས་གནོད་པ་བྱར་ཡོད་པས་དེ་གཟུགས་སུ་འདུས་སོ། །འོ་ན་རྫས་ཀྱི་རྡུལ་ཕྲ་རབ་དེ་གཟུགས་ཡིན་ན་མིག་ཤེས་སོགས་ཀྱི་ཡུལ་ཡིན་ནམ་ཞེ་ན། སྤྱིར་བཏང་ལ་མ་ཡིན་ཏེ། རང་འགྲེལ་ལས། དབང་པོའི་རྡུལ་ཕྲ་རབ་བམ་ཡུལ་གྱི་རྡུལ་ཕྲ་རབ་གཅིག་གིས་རྣམ་པར་ཤེས་པ་སྐྱེད་པ་ནི་མེད་དོ། །ཞེས་བཤད་པའི་ཕྱིར། དེས་ན་རྫས་ཀྱི་རྡུལ་ཕྲ་རབ་འདི་ཕུང་པོར་བསྡུ་ན་གཟུགས་ཕུང་ལས་འོས་མེད། སྐྱེ་མཆེད་དུ་བསྡུ་བའི་ཚེ་གཟུགས་ཀྱི་སྐྱེ་མཆེད་དུ་མི་བསྡུ་སྟེ། དངོས་སུ་རང་འཛིན་མིག་ཤེས་མི་སྐྱེད་པའི་ཕྱིར། །འདི་ནི་མངོན་པ་ཀུན་བཏུས་སུ་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ལྔ་གསུངས་པའི་བསྡུས་པ་ལས་གྱུར་པ་ཞེས་པ་དེ་དང་དོན་གཅིག་པས་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་སུ་བསྡུའོ། །ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ལ་རིག་མིན་གྱི་གཟུགས་ཀྱིས་མ་ཁྱབ་ཅིང༌། གཟུགས་ཕུང་ལ་གཟུགས་བཅུ་གཅིག་གིས་མ་ཁྱབ་བོ། །

འོ་ན་དེ་རྟག་མི་རྟག་གང་ཡིན་ཞེ་ན། ཁ་ཅིག་གིས་འདི་དུས་འཁོར་ནས་སྟོང་པའི་རྡུལ་འདུས་མ་བྱས་པར་བཤད་པ་དང་དོན་གཅིག་པས་རྟག་པ་ཡིན་ཞེས་ཟེར་མོད། དེ་ནི་ཕྱོགས་ཙམ་དུ་མ་ཕྱིན་པའི་གཏམ་དུ་ཟད་དེ། དེ་ལྟར་ན་མུ་སྟེགས་བྱེ་བྲག་པ་སོགས་ཀྱིས་རྡུལ་ཕྲ་རབ་རྟག་པར་ཁས་བླངས་པ་ལ། སློབ་དཔོན་གྱིས་དགག་པ་དམིགས་ཕུག་པའི་ཕྱོགས་སྔ་མ་རང་ལུགས་སུ་ཁས་བླངས་པ་ཡིན་ཏེ། རྒྱལ་པོ་སྲས་ལས། བྱེ་བྲག་པ་དག་ནི་འདུས་མ་བྱས་རྡུལ་ཕྲ་རབ་ལ་སོགས་པ་མང་དུ་བརྗོད་དེ་དེ་དག་གི་གཞུང་ལུགས་དགག་པའི་ཕྱིར། ཞེས་འདུས་མ་བྱས་ལ་གསུམ་དུ་གྲངས་ངེས་མཛད་པ་དང་འགལ་བའི་ཕྱིར་ཁྱེད་ཅག་བག་ཡོད་པར་མཛོད་ཅིག །
དེས་ན་བྱེ་སྨྲས་སྐབས་འདིར་དེ་མི་རྟག་པ་ཁོ་ནར་འདོད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་དེ་འདུས་མ་བྱས་ཀྱི་རྫས་སུ་བཤད་རིགས་པ་ལས་མ་བཤད་པའི་ཕྱིར། གཉིས་པ་ནི་ཟླ་བཅས་རྡུལ་རྫས་བརྒྱད་སོགས་ཀྱི་སྒྲིབ་ཐོགས་དང་བཅས་པའི་བསྟན་ཡོད་ཅིག་ཡིན་ཏེ། བུམ་གཟུགས་ལྟ་བུ་ལ་མཚོན་ན། འདོད་ན་དབང་པོ་མེད་པ་དང༌། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་སོགས་འབྱུང་བའི་ཕྱིར། 

གཉིས་པ་རྒྱས་པར་བཤད་པ་ལ་གསུམ། དབང་པོ་ལྔ་བཤད། དོན་ལྔ་བཤད། རིག་བྱེད་མ་ཡིན་པའི་གཟུགས་བཤད་པའོ། །དང་པོ་ནི། དེ་དག་རྣམས་ཀྱི་རྣམ་ཤེས་རྟེན། །མིག་ལ་སོགས་གཟུགས་དང་བ་རྣམས། ། ཞེས་པས་བསྟན། གཟུགས་སོགས་དོན་ལྔ་པོ་དེ་དག་རྣམས་ཀྱི་ཡུལ་ཅན་རྣམ་པར་ཤེས་པའི་རྟེན་ནི་མིག་དང་ལ་སོགས་པས་རྣ་བ་སྣ་ལྕེ་ལུས་ཏེ་ནང་གི་གཟུགས་དང་བ་རྣམས་ཡིན་ཞིང༌། མིག་གི་དབང་པོ་ནས་ལུས་ཀྱི་དབང་པོའི་བར་གྱི་དབང་པོ་སོ་སོའི་དབྱིབས་ནི་རིམ་པ་བཞིན་དུ་ཟར་མ་དང་གྲོ་གའི་འཛེར་པ་དང་ཟངས་ཁབ་དང་ཟླ་བ་ཕྱེད་བཀས་དང་བྱ་རེག་འཇམ་གྱི་སྤུ་ལྟ་བུར་ཡོད་དོ། །ཕོ་མོའི་དབང་པོ་གཉིས་ཀྱང་མཐེ་བོའི་ལྟོ་དང་རྔའི་སྦུབས་ལྟ་བུའོ། ། གཉིས་པ་དོན་ལྔ་བཤད་པ་ལ་ལྔ་ལས། དང་པོ་གཟུགས་བཤད་པ་ནི། གཟུགས་རྣམ་གཉིས་དང་རྣམ་ཉི་ཤུ། ། ཞེས་པས་བསྟན། གཟུགས་ལ་བསྡུས་པའི་དབྱེ་བ་ཁ་དོག་དང་དབྱིབས་རྣམ་པ་གཉིས་དང་རྒྱས་པར་ཕྱེ་ན་རྣམ་པ་ཉི་ཤུ་སྟེ། སྔོ་སེར་དམར་དང་དཀར་བ་དང༌། །སྣང་མུན་སྤྲིན་དང་དུ་བ་དང༌། །རྡུལ་དང་ཁུག་སྣ་ཉི་མ་དང༌། །གྲིབ་མ་རིང་ཐུང་ལྷམ་པ་དང༌། །ཟླུམ་པོ་མཐོན་པོ་དམའ་བ་དང༌། ཕྱ་ལེ་ཕྱ་ལེ་མ་ཡིན་པའོ། །དང་པོ་བཅུ་གཉིས་ཁ་དོག་ཡིན། །བཞི་ནི་རྩ་བའི་ཁ་དོག་སྟེ། །བརྒྱད་པོ་ཡན་ལག་ཁ་དོག་གོ །དབྱིབས་ཀྱི་གཟུགས་ནི་ཐ་མ་བརྒྱད། །ཅེས་པ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་སྒྲ་བཤད་པ་ནི། སྒྲ་ནི་རྣམ་པ་བརྒྱད་ཡོད་དེ། ། ཞེས་པས་བསྟན། སྒྲ་ཐམས་ཅད་མདོར་བསྡུ་ན་ནི་རྣམ་པ་བརྒྱད་དུ་ཡོད་དེ། ཟིན་པའི་འབྱུང་བ་ལ་བརྟེན་པའི་སྒྲ་སེམས་ཅན་དུ་སྟོན་པ་ཡིད་དུ་འོང་བ་དང༌། ཟིན་པའི་འབྱུང་བ་ལ་བརྟེན་པའི་སྒྲ་སེམས་ཅན་དུ་སྟོན་པ་ཡིད་དུ་མི་འོང་བ་དང༌། ཟིན་པའི་འབྱུང་བ་ལ་བརྟེན་པའི་སྒྲ་སེམས་ཅན་དུ་མི་སྟོན་པ་ཡིད་དུ་འོང་བ་དང༌། ཟིན་པའི་འབྱུང་བ་ལ་བརྟེན་པའི་སྒྲ་སེམས་ཅན་དུ་མི་སྟོན་པ་ཡིད་དུ་མི་འོང་བ་དང༌། མ་ཟིན་པའི་འབྱུང་བ་ལ་བརྟེན་པའི་སྒྲ་སེམས་ཅན་དུ་སྟོན་པ་ཡིན་དུ་འོང་བ་དང༌། མ་ཟིན་པའི་འབྱུང་བ་ལ་བརྟེན་པའི་སྒྲ་སེམས་ཅན་དུ་སྟོན་པ་ཡིད་དུ་མི་འོང་བ་དང༌། མ་ཟིན་པའི་འབྱུང་བ་ལ་བརྟེན་པའི་སྒྲ་སེམས་ཅན་དུ་མི་སྟོན་པ་ཡིད་དུ་འོང་བ་དང༌། མ་ཟིན་པའི་འབྱུང་བ་ལ་བརྟེན་པའི་སྒྲ་སེམས་ཅན་དུ་མི་སྟོན་པ་ཡིད་དུ་མི་འོང་བ་རྣམས་སུ་ཡོད་པའི་ཕྱིར། དང་པོའི་མཚན་གཞི་ནི་སེམས་ཅན་ཀྱི་གླུ་དབྱངས་སྙན་པ་ལྟ་བུ། གཉིས་པ་ནི་སྤྱོོ་བའི་སྒྲ་ལྟ་བུ། གསུམ་པ་ནི་ཕེག་རྡོབ་པའམ་ཐལ་མོའི་སྒྲ་ལྟ་བུ། བཞི་པ་ནི་ལུས་ཐུག་པའི་སྒྲ་ལྟ་བུ། ལྔ་པ་ནི་སྤྲུལ་པའི་གླུ་སྙན་པ་ལྟ་བུ། དྲུག་པ་ནི་སྤྲུལ་པའི་སྤྱོ་བའི་སྒྲ་ལྟ་བུ། བདུན་པ་ནི་རླུང་གིས་བསྐུལ་བའི་དྲིལ་བུའི་སྒྲ་ལྟ་བུ། བརྒྱད་པ་ནི་བྲག་རལ་བའི་སྒྲ་ལྟ་བུའོ། ། གསུམ་པ་རོ་བཤད་པ་ནི། རོ་ནི་རྣམ་དྲུག ། ཅེས་པས་བསྟན། རོ་ནི་རྣམ་པ་དྲུག་སྟེ། མངར་བ། སྐྱུར་བ། ཁ་བ། ཚ་བ། ལན་ཚྭ་བ། བསྐ་བའོ། ། བཞི་པ་དྲི་བཤད་པ་ནི། དྲི་རྣམ་བཞི། ། ཞེས་པས་བསྟན། དྲི་ནི་རྣམ་པ་བཞི་སྟེ། དྲི་ཞིམ་པ་དང༌། ང་བ་དང༌། མཉམ་པ་དང༌། མི་མཉམ་པ་རྣམས་སོ། ། ལྔ་པ་རེག་བྱ་བཤད་པ་ནི། རེག་བྱ་བཅུ་གཅིག་བདག་ཉིད་དོ། ། ཞེས་པས་བསྟན། རེག་བྱ་ནི་རྒྱུས་བསྡུས་པ་འབྱུང་བ་བཞི་དང༌། འབྲས་བུས་བསྡུས་པ་འཇམ་རྩུབ། ལྕི་ཡང༌། གྲང་བཀྲེས། སྐོམ་པ་སྟེ་བཅུ་གཅིག་པོ་རྣམས་ནི་རེག་བྱ་ཁོ་ནའི་བདག་ཉིད་དོ། ། གསུམ་པ་རིག་བྱེད་མིན་པའི་གཟུགས་བཤད་པ་ལ། དངོས་དང༌། དེའི་རྒྱུ་འབྱུང་བ་བཤད་པ་གཉིས། དང་པོ་ནི། གཡེངས་དང་སེམས་མེད་པ་ཡི་ཡང༌། །དགེ་དང་མི་དགེ་རྗེས་འབྲེལ་གང༌། ། འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །དེ་ནི་རྣམ་རིག་བྱེད་མིན་བརྗོད། ། ཅེས་པས་བསྟན། རང་ཀུན་ནས་སློང་བའི་སེམས་ལས་གཞན་དུ་གཡེངས་པ་དང༌། སེམས་མེད་པ་ཡི་སྙོམས་འཇུག་གཉིས་ལ་གནས་པའི་རྒྱུད་ཀྱི་རྗེས་སུ་འགྲོ་བ་དང༌། མ་ཡེངས་པའི་སེམས་དང་བཅས་པའི་རྗེས་སུ་ཡང་འགྲོ་བ་དང༌། སེམས་ལུང་མ་བསྟན་ནི་སྟོབས་ཆུང་བས་ཀུན་སློང་མི་ནུས་པའི་ཕྱིར་དགེ་བ་དང་མི་དགེ་བ་ཁོ་ནར་ངེས་ཤིང་འདིས་མིག་ལ་སོགས་པ་སེལ་ལོ། །རྗེས་འབྲེལ་གང་ཞེས་པ་ནི་རང་གཏོང་བྱེད་མ་བྱུང་ན་རྒྱུན་བར་མ་ཆད་དུ་གནས་པས་གཡེངས་པ་ལ་སོགས་པའི་གནས་སྐབས་ནའང་རྒྱུན་མ་ཆད་པའོ། །འདིས་ནི་རིག་བྱེད་ཙམ་དང་ངག་གི་རིག་བྱེད་ལས་ཁྱད་པར་དུ་བྱེད་དོ། །སྡོམ་པའི་ཐོབ་རྒྱུན་ལྟ་བུ་ལ་ནི་སེམས་ཡོད་མེད་ཀྱི་གནས་སྐབས་གཉིས་ཀར་ཡོད་པ་དང༌། དགེ་མི་དགེ་དང་རྒྱུན་རྗེས་སུ་འབྲེལ་བ་ཡོད་པས་དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་པའི་རྣམ་རིག་མིན་པའི་གཟུགས་དེ་ནི་གཟུགས་དང་བྱེད་པའི་རང་བཞིན་ཡིན་ཀྱང་རིག་བྱེད་ལྟར་ཀུན་སློང་གཞན་ལ་རྣམ་པར་རིག་པར་བྱེད་པ་མིན་པའི་གཟུགས་སུ་བརྗོད་དེ་སློབ་དཔོན་གྱི་བཞེད་པར་སྟོན་པའོ། །འདིར་སློབ་དཔོན་འདུན་བཟང་གིས། འདི་ལ་མ་ཚང་བསྟན་བཅོས་འགལ། །ཉམས་དང་དེ་མིན་དེ་ཉིད་ཐལ། །ཡང་སྒྲ་ལྷག་བརྗོད་ཁྱད་པར་དུ། །བྱ་བ་ཁྱད་པར་མ་བྱས་སོ། །ཞེས་སྐྱོན་བརྗོད་པར་མཛད་དོ། ། གཉིས་པ་དེའི་རྒྱུ་འབྱུང་བ་བཤད་པ་ལ། འབྱུང་བའི་དབྱེ་བ། བྱེད་ལས། མཚན་ཉིད། དོགས་གཅོད་དོ། །དང་པོ་ནི། འབྱུང་བ་དག་ནི་ས་ཁམས་དང༌། །ཆུ་དང་མེ་དང་རླུང་ཁམས་རྣམས། ། ཞེས་པས་བསྟན། གོང་དུ། འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །ཞེས་པའི་འབྱུང་བ་དེ་གང་ཞེ་ན། འབྱུང་བ་དག་ནི་ས་ཁམས་དང་ཆུ་དང་མེ་དང་རླུང་ཁམས་རྣམས་སོ། །དེ་ཡང་ཐོག་མ་མེད་པ་ནས་མི་འབྱུང་མ་མྱོང་བ་འབྲས་བུའི་གཟུགས་ཀྱི་རྣམ་པར་འབྱུང་བར་བྱེད་པས་འབྱུང་བ་དང༌། འབྲས་བུའི་གཟུགས་རྣམས་ཀྱི་རྒྱུར་ཆེ་བའམ་རང་གི་བྱ་བ་ལ་ཤས་ཆེ་བས་ཆེན་པོ་དང༌། །རང་གི་མཚན་ཉིད་དང་འབྲས་བུའི་གཟུགས་འཛིན་པས་ཁམས་ཞེས་བྱའོ། ། གཉིས་པ་ནི། འཛིན་པ་ལ་སོགས་ལས་སུ་གྲུབ། ། ཅེས་པས་བསྟན། སས་འབྲས་གཟུགས་ཐུར་དུ་མི་ལྟུང་བར་འཛིན་པ་དང༌། ལ་སོགས་པ་ཆུས་མི་འགྱེས་པར་སྡུད་པ་དང༌། མེས་མ་རུལ་མ་མྱགས་པར་སྨིན་པ་དང༌། རླུང་གིས་གོང་ནས་གོང་དུ་རྒྱས་པར་བྱེད་པ་དག་ལས་སུ་གྲུབ་བོ། ། གསུམ་པ་མཚན་ཉིད་ནི། སྲ་གཤེར་དྲོ་ཉིད་གཡོ་བ་རྣམས། ། ཞེས་པས་བསྟན། ས་ནི་སྲ་ཞིང་འཐས་པ་དང་ཆུ་ནི་གཤེར་ཞིང་བརླན་པ་དང་མེ་ནི་ཚ་ཞིང་སྲེག་པའམ་དྲོ་བ་ཉིད་དང་རླུང་ནི་རྒྱུན་ཡུལ་གཞན་དང་གཞན་དུ་གཡོ་བ་རྣམས་རིམ་པ་བཞིན་དེ་དང་དེ་དག་གི་ཁམས་ཀྱི་མཚན་ཉིད་ཡིན་ནོ། ། བཞི་པ་དོགས་གཅོད་ནི། འཇིག་རྟེན་གྱི་ནི་ཐ་སྙད་དུ། །ཁ་དོག་དབྱིབས་ལ་ས་ཞེས་བརྗོད། ། ཆུ་མེ་ཡང་ངོ་རླུང་ཚོགས་ཁམས། །ཉིད་ཡིན་དེ་དང་འདྲ་བའང་ཡིན། ། ཞེས་པས་བསྟན། འོ་ན་ས་དང་སའི་ཁམས་ལ་ཁྱད་པར་ཅི་ཡོད་ཅེ་ན། སའི་ཁམས་སོགས་ལ་ནི་གོང་གི་མཚན་ཉིད་རྣམས་ཚང་དགོས་ལ་ས་སོགས་ལ་ནི་དེ་མི་དགོས་ཏེ། འཇིག་རྟེན་གྱི་ནི་ཐ་སྙད་དུ་ཁ་དོག་དང་དབྱིབས་ལ་ས་ཞེས་བརྗོད་པའི་ཕྱིར་ཏེ། དཔེར་ན་ས་སེར་པོ་གྲུ་བཞི་ཞེས་བརྗོད་པ་བཞིན་ནོ། །དེ་བཞིན་དུ་ཆུ་མེ་ཡང་ངོ་སྟེ་ཆུ་དཀར་པོ་ཟླུམ་པོ་དང་མེ་དམར་པོ་གྲུ་གསུམ་ཞེས་བརྗོད་ཅིང་རླུང་གི་ཚོགས་ནི་འཇིག་རྟེན་ནའང་རླུང་གི་ཁམས་ཉིད་ཡིན་པའམ། ཡང་ན་ས་སོགས་དེ་དང་འདྲ་བར་དེའི་ཁ་དོག་དང་དབྱིབས་ལ་བརྗོད་པའང་ཡིན་ཏེ། རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་ཞེས་བརྗོད་ཅིང་ཕྱི་མ་འདི་བསྟན་བཅོས་དང་མི་མཐུན་པར་བརྗོད་པ་ཡིན་ནོ། ། གསུམ་པ་ཁམས་དང་སྐྱེ་མཆེད་དུ་བཞག་ཚུལ་ནི། དབང་དོན་དེ་དག་ཁོ་ན་ལ། །སྐྱེ་མཆེད་དང་ནི་ཁམས་བཅུར་འདོད། ། ཅེས་པས་བསྟན། སློབ་དཔོན་ནི་ཚིག་ཟོར་ཡང་བ་ལ་མཁས་ཤིང་གཞུང་ཚིག་ཚེགས་ཆུང་བར་མཛད་པས་གཟུགས་ཀྱི་ཕུང་པོ་དེ་ཉིད་ཁམས་དང་སྐྱེ་མཆེད་དུ་སྟོན་ཏེ་དབང་པོ་ལྔ་དང་དོན་ལྔ་དེ་དག་ཁོ་ན་ལ་ཞེས་པའི་ངེས་བཟུང་གི་ཚིག་འདིས་རིག་མིན་གྱི་གཟུགས་མ་གཏོགས་པར་བསྟན་ནས། སྐྱེ་མཆེད་འཇོག་པའི་ཚེ་གཟུགས་ཅན་གྱི་སྐྱེ་མཆེད་བཅུ་དང་ནི་ཁམས་འཇོག་པའི་ཚེ་གཟུགས་ཅན་གྱི་ཁམས་བཅུར་འདོད་དོ། ། གཉིས་པ་ཚོར་སོགས་གསུམ་གྱི་ཕུང་ཁམས་སྐྱེ་མཆེད་བཤད་པ་ལ་བཞི། ཚོར་བ། འདུ་ཤེས། འདུ་བྱེད། ཆོས་ཀྱི་སྐྱེ་མཆེད་དང་ཁམས་སུ་བསྟན་པའོ། །དང་པོ་ནི། ཚོར་བ་མྱོང་བའོ། ། ཞེས་པས་བསྟན། ཚོར་བའི་ཕུང་པོའི་ངོ་བོ་ནི་ཕན་གནོད་རྗེས་སུ་འཇུག་པའི་ཚུལ་གྱིས་བལྟོས་ནས་གསལ་བར་ཉམས་སུ་མྱོང་བའོ། །དབྱེ་ན། མིག་གི་འདུས་ཏེ་རེག་པ་ལས་བྱུང་བ་ནས་ཡིད་ཀྱི་འདུས་རེག་ལས་བྱུང་བའི་ཚོར་བའི་བར་དྲུག་གམ། ཡང་ན་བདེ་སྡུག་བཏང་སྙོམས་ཡིད་བདེ་ཡིད་མི་བདེ་རྣམས་སུ་ཡོད། གཉིས་པ་ནི། འདུ་ཤེས་ནི། །མཚན་མར་འཛིན་པའི་བདག་ཉིད་དོ། ། ཞེས་པས་བསྟན། འདུ་ཤེས་ཀྱི་ཕུང་པོའི་ངོ་བོ་ནི་དམིགས་པ་ཡུལ་དྲུག་གང་རུང་ལ་དམིགས་ནས་རྣམ་པ་འདི་ནི་སྔོན་པོ་དང་སེར་པོའོ་ཞེས་ཡུལ་གྱི་སྤུ་རིས་སོ་སོར་ཕྱེ་ནས་མཚན་མར་འཛིན་པའི་བདག་ཉིད་དོ། །དབྱེ་ན་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་སོགས་དྲུག་གོ ། གསུམ་པ་ནི། འདུ་བྱེད་ཕུང་པོ་བཞི་ལས་གཞན། ། ཞེས་པས་བསྟན། འདུ་བྱེད་ཀྱི་ཕུང་པོའི་ངོ་བོ་ནི་སྔར་ཀྱི་ཕུང་པོ་གསུམ་དང་འཆད་འགྱུར་གྱི་རྣམ་ཤེས་ཏེ་བཞི་ལས་གཞན་པའི་འདུས་བྱས་སོ། །འདིར་མི་ལྡན་པའི་འདུ་བྱེད་ཀྱང་རྫས་སུ་འདོད་ལ། འདུས་བྱས་ཞེས་སྨོས་པས་འདུས་མ་བྱས་སེལ་ལོ། །དབྱེ་བ་ནི། བསྡུ་ན་སེམས་བྱུང་དང་མི་ལྡན་འདུ་བྱེད་གཉིས་ཡིན་ལ། རྒྱས་པར་སེམས་བྱུང་བདུན་བཅུ་རྩ་གསུམ་དང་མི་ལྡན་འདུ་བྱེད་དངོས་བཅུ་བཞི་ཆ་མཐུན་དང་བཅས་པ་དང་གནས་བཅུ་བསྟན་པ་ལས་བདུན་བརྒྱ་ཡང་རྣམ་པར་བཞག་གོ ། བཞི་པ་ཆོས་ཀྱི་སྐྱེ་མཆེད་དང་ཁམས་སུ་བསྟན་པ་ནི། དེ་གསུམ་རྣམ་རིག་བྱེད་མིན་དང༌། །འདུས་མ་བྱས་རྣམས་བཅས་པ་ནི། ། ཆོས་ཀྱི་སྐྱེ་མཆེད་ཁམས་ཞེས་བྱ། ། ཞེས་པས་བསྟན། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དེ་གསུམ་དང་རྣམ་པར་རིག་བྱེད་མིན་པའི་གཟུགས་དང་འདུས་མ་བྱས་གསུམ་པོ་རྣམས་དང་བཅས་པ་ནི་སྐྱེ་མཆེད་འཇོག་པ་ན་ཆོས་ཀྱི་སྐྱེ་མཆེད་དང་ཁམས་འཇོག་པ་ན་ཆོས་ཀྱི་ཁམས་ཞེས་བྱའོ། ། གསུམ་པ་རྣམ་ཤེས་ཀྱི་ཕུང་ཁམས་སྐྱེ་མཆེད་བཤད་པ་ལ། རྣམ་ཤེས་ཀྱི་ངོ་བོ། སྐྱེ་མཆེད་དུ་བཞག་པ། ཁམས་སུ་བཞག་པ། ཡིད་ཀྱི་ཁམས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རྣམ་ཤེས་སོ་སོར་རྣམ་རིག་པ། ། ཞེས་པས་བསྟན། རྣམ་ཤེས་ཀྱི་ཕུང་པོའི་ངོ་བོ་ནི་དམིགས་པ་ཡུལ་དང་རྣམ་པ་རང་སྟོབས་ཀྱིས་དོན་ཙམ་སོ་སོར་རྣམ་པར་རིག་པའོ། །རང་སྟོབས་དང་རིག་པ་ཞེས་པས་སེམས་བྱུང་དང་ཤེས་བྱའི་གཞི་གཞན་གསུམ་སེལ་ལོ། །དབྱེ་བ་ལ། ཐེག་པ་ཆེན་པོ་སོགས་ཀྱི་འདོད་ཚུལ་དུ་མར་ཡོད་ཀྱང༌། འདི་པའི་ལུགས་ལ་མིག་གི་རྣམ་ཤེས་ནས་ཡིད་ཀྱི་རྣམ་ཤེས་ཀྱི་བར་དྲུག་པོ་ཁོ་ནར་འདོད་པ་ཡིན་ནོ། ། གཉིས་པ་ནི། ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན། ། ཞེས་པས་བསྟན། སྐྱེ་མཆེད་དུ་རྣམ་པར་བཞག་པ་ན་ཡིད་ཀྱི་སྐྱེ་མཆེད་ཀྱང་རྣམ་ཤེས་ཀྱི་ཚོགས་དྲུག་པོ་དེ་ཉིད་ཡིན་ནོ། ། གསུམ་པ་ནི། ཁམས་བདུན་དག་ཏུའང་འདོད་པ་སྟེ། །རྣམ་པར་ཤེས་པ་དྲུག་དང་ཡིད། ། ཅེས་པས་བསྟན། རྣམ་ཤེས་ཉིད་ཡིད་ཀྱི་སྐྱེ་མཆེད་དུ་བཞག་པར་མ་ཟད་སེམས་ཁམས་བདུན་པོ་དག་ཏུའང་འདོད་པ་ཡིན་ཏེ། མིག་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་གྱི་ཁམས་དྲུག་དང་ཡིད་ཀྱི་ཁམས་རྣམས་སུ་འདོད་པའི་ཕྱིར། ། བཞི་པ་ཡིད་ཀྱི་ཁམས་བྱེ་བྲག་ཏུ་བཤད་པ་ལ། མཚན་གཞི་ངོས་བཟུང་བ་དང༌། དེའི་སྒྲུབ་བྱེད་དོ། །དང་པོ་ནི། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། ། ཞེས་པས་བསྟན། རྣམ་ཤེས་ཚོགས་དྲུག་ལས་གཞན་པའི་ཡིད་ཀྱི་ཁམས་དེ་གང་ཞེ་ན། དེ་ནི་འགའ་ཡང་མེད་མོད་ཀྱི། འོན་ཀྱང་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དེ་དག་ཉིད་ལས་ཤེས་པ་གཞན་གྱིས་བར་མ་ཆོད་པའི་འདས་མ་ཐག་པ་ཡི་རྣམ་པར་ཤེས་པ་གང་ཡིན་པ་དེ་ཡིད་ཀྱི་རྣམ་ཤེས་ཕྱི་མའི་རྟེན་བྱེད་པས་ཡིད་ཀྱི་སྐྱེ་མཆེད་དམ་ཡིད་ཀྱི་ཁམས་ཞེས་བྱ་བ་ཉིད་དོ། །དྲུག་པོ་ཞེས་སྨོས་པས་རྣམ་ཤེས་དྲུག་ཀ་ལ་ཡོད་པར་བསྟན་ཞིང༌། འདས་ཞེས་སྨོས་པས་རྣམ་ཤེས་ད་ལྟ་བ་དང་ཁྱད་འབྱེད་དེ། ད་ལྟར་བ་ལ་རྣམ་ཤེས་དང་འདས་པ་ལ་ཡིད་ཀྱི་དབང་པོའམ་ཡིད་ཀྱི་ཁམས་ཞེས་བསྟན་པ་དང༌། འདས་མ་ཐག་པ་ཞེས་སྨོས་པས་འདས་ནས་རིང་པོར་མ་ལོན་པའི་ཡིད་ཡིན་པར་བསྟན་ཏོ། །འདིར་ཡིད་ཁམས་འདས་མ་ཐག་པར་བཤད་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་རང་ཉིད་ལ་བལྟོས་ནས་ཡིན་གྱི་དེ་ལ་དེས་ཁྱབ་པ་ནི་མ་ཡིན་ཏེ། ཁམས་བཅོ་བརྒྱད་པོ་རེ་རེ་ལའང་དུས་གསུམ་གསུམ་དུ་ཡོད་པར་རང་འགྲེལ་ལས་གསུངས་པའི་ཕྱིར་ཏེ། རང་འགྲེལ་ལས། དེ་ལྟ་མ་ཡིན་ན་ཡིད་ཀྱི་ཁམས་འདས་པ་ཁོ་ན་ཡིན་པར་འགྱུར་གྱི་མ་འོངས་པ་དང་ད་ལྟར་བྱུང་བ་ཡིན་པར་ནི་མི་འགྱུར་བ་ཞིག་ན་ཁམས་བཅོ་བརྒྱད་པོ་དག་ནི་དུས་གསུམ་པ་ཡིན་པར་ཡང་འདོད་དོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི།་ དྲུག་པའི་རྟེན་ནི་རབ་བསྒྲུབ་ཕྱིར། །ཁམས་ནི་བཅོ་བརྒྱད་དག་ཏུ་འདོད། ། ཅེས་པས་བསྟན། འོ་ན་རྣམ་ཤེས་ཀྱི་ཁམས་དྲུག་དང་ཡིད་ཀྱི་ཁམས་ཕན་ཚུན་གཅིག་གིས་གཅིག་བསྡུས་པས་རྫས་སུ་ན་ཁམས་བཅུ་བདུན་ནམ་བཅུ་གཉིས་སུ་འགྱུར་ཞེ་ན། རྫས་སུ་ན་དེར་འགྱུར་ཀྱང་མཚན་ཉིད་ཀྱི་དབང་དུ་ན་དེ་ལྟར་མི་འགྱུར་ཏེ། རྣམ་ཤེས་ལྔ་ལ་རྟེན་བདག་རྐྱེན་རེ་རེ་ཡོད་པ་ལྟར་ཡིད་ཀྱི་རྣམ་ཤེས་ལའང་རྟེན་བདག་རྐྱེན་དགོས་ཤིང་དྲུག་པ་ཡིད་ཤེས་ལ་རྟེན་གཞན་མེད་པས་དེའི་རྟེན་བདག་རྐྱེན་ནི་རབ་ཏུ་བསྒྲུབ་པའི་ཕྱིར་རྣམ་ཤེས་དྲུག་ལ་འདས་ད་ལྟར་གྱི་ཆ་གཉིས་ཕྱེ་ནས་འདས་པའི་ཆ་ལ་ཡིད་ཁམས་ཞེས་བཞག་ནས་རྟེན་དབང་པོ་དྲུག་བརྟེན་པ་རྣམ་ཤེས་དྲུག་དམིགས་པ་ཡུལ་དྲུག་སྟེ་ཁམས་ནི་བཅོ་བརྒྱད་དག་ཏུ་འདོད་དོ། གཉིས་པ་བསྡུས་ཏེ་བསྟན་པ་ལ། བསྡུ་བ་དངོས་དང༌། བསྡུ་བའི་ཚུལ་ལོ། །དང་པོ་ནི། ཕུང་པོ་དང་ནི་སྐྱེ་མཆེད་དང༌། ཁམས་གཅིག་གིས་ནི་ཐམས་ཅད་བསྡུས། ། ཞེས་པས་བསྟན། ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག་དེ་དག་ལས་ཀྱང་མདོར་བསྡུས་པ་ཇི་ལྟར་ཡོད་སྙམ་ན། ཡོད་དེ། གཟུགས་ཀྱི་ཕུང་པོས་ནི་གཟུགས་ཅན་གྱི་སྐྱེ་མཆེད་བཅུ་དང་གཟུགས་ཅན་གྱི་ཁམས་བཅུ་དང་རིག་མིན་གྱི་གཟུགས་བསྡུས་ལ། དང་ནི་ཚིག་ཕྲད་དོ། །ཡིད་ཀྱི་སྐྱེ་མཆེད་ཀྱིས་ནི་རྣམ་པར་ཤེས་པའི་ཕུང་པོ་དང་སེམས་ཁམས་བདུན་བསྡུས། ཆོས་ཀྱི་ཁམས་གཅིག་གིས་ནི་ཚོར་བ་འདུ་ཤེས་འདུ་བྱེད་ཀྱི་ཕུང་པོ་དང་ཆོས་ཀྱི་སྐྱེ་མཆེད་བསྡུས་ལ། རིག་བྱེད་མིན་པའང་བསྡུས་པས་སྡུད་བྱེད་གསུམ་གྱིས་ཆོས་ཐམས་ཅད་བསྡུས་སོ། གཉིས་པ་ནི། རང་གི་ངོ་བོ་ཉིད་ཀྱིས་ཏེ། གཞན་གྱི་དངོས་དང་མི་ལྡན་ཕྱིར། ། ཞེས་པས་བསྟན། ཅི་བསྡུས་པ་དེ་དག་བྱས་མི་རྟག་ལྟར་རང་གིས་རང་བསྡུས་པའི་བསྡུ་བ་མཚན་ཉིད་པའམ་སངས་རྒྱས་ཀྱི་བསྡུ་དངོས་བཞིས་འཁོར་རྣམ་བཞི་བསྡུས་པ་ལྟར་གཞན་གྱིས་གཞན་བསྡུས་པའི་སྡུ་བ་བཏགས་པ་བ་ཡིན་ཞེ་ན། བཏགས་པ་བ་མ་ཡིན་གྱི། རང་གིས་རང་བསྡུས་པའི་སྡུ་བ་མཚན་ཉིད་པ་ཡིན་ཏེ། བསྡུ་བྱ་དེ་དག་སྡུ་བྱེད་དེ་དག་གི་རང་གི་ངོ་བོ་ཉིད་ཀྱིས་བསྡུས་པ་ཡིན་པའི་ཕྱིར་ཏེ། བསྡུ་བྱ་དེ་དག་སྡུ་བྱེད་རང་གི་མཚན་ཉིད་དང་ལྡན་པ་ཡིན་གྱི་གཞན་གྱི་དངོས་པོའི་མཚན་ཉིད་དང་མི་ལྡན་པའི་ཕྱིར། གཞན་གྱིས་བསྡུས་པ་ནི་རེས་འགའ་བ་ཡིན་པས་བསྡུས་པ་བརྡར་བཏགས་པའོ། ། གསུམ་པ་དོགས་གཅོད་ནི། མིག་ལ་སོགས་པ་གཉིས་མོད་ཀྱི། །རིགས་དང་སྤྱོད་ཡུལ་རྣམ་པར་ཤེས། ། འདྲ་བའི་ཕྱིར་ན་ཁམས་གཅིག་ཉིད། །མཛེས་བྱའི་ཕྱིར་ན་གཉིས་བྱུང་ངོ༌། ། ཞེས་པས་བསྟན། འོ་ན་མིག་སོགས་གསུམ་ལ་གཉིས་གཉིས་ཡོད་པས་ཁམས་ཉེར་གཅིག་ཏུ་འགྱུར་རོ་ཞེ་ན། མིག་ལ་སོགས་པ་ལ་གཉིས་གཉིས་ཡོད་མོད་ཀྱི། གཉིས་ཀ་ཡང་མིག་ཙམ་དུ་རིགས་གཅིག་པ་དང༌། སྤྱོད་ཡུལ་གཟུགས་སོགས་སུ་འདྲ་བའི་ཕྱིར་དང༌། བརྟེན་པ་གཟུགས་འཛིན་པའི་རྣམ་པར་ཤེས་པ་གཅིག་སྐྱེད་པར་འདྲ་བའི་ཕྱིར་ན་ཁམས་གཅིག་ཉིད་དུ་གྲུབ་བོ། །སོགས་སྒྲས་ནི་རྣ་བ་དང་སྣ་ལའང་དེ་བཞིན་དུ་ཤེས་པར་བྱའོ་ཞེས་པའོ། །འོ་ན་གཉིས་བྱུང་བ་ལ་དགོས་པ་མེད་པར་འགྱུར་རོ་ཞེ་ན། དེ་ནི་རྟེན་མཛེས་པར་བྱ་བའི་ཕྱིར་ན་གཉིས་སུ་བྱུང་ངོ༌། །འོ་ན་འུག་པ་སོགས་ལ་མིག་གཉིས་ཡོད་ཀྱང་མི་མཛེས་པ་ཅི་ཞེ་ན། དེ་ནི་རང་བཞིན་གྱི་མི་མཛེས་པ་ཡིན་གྱི་མིག་གཉིས་ཡོད་པས་མི་མཛེས་པ་ནི་མ་ཡིན་ཏེ། གཅིག་ལས་མེད་ན་དེ་བས་ཀྱང་མི་མཛེས་པར་འགྱུར་བའི་ཕྱིར་གཉིས་ཁོ་ན་མཛེས་པ་ཡིན་ནོ། ། གཉིས་པ་སྒྲ་འཇུག་པའི་དོན་ནི། སྤུངས་དང་སྐྱེ་སྒོ་རིགས་ཀྱི་དོན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཡིན། ། ཞེས་པས་བསྟན། མདོ་ལས། གཟུགས་གང་ཅི་ཡང་རུང་འདས་པའམ་མ་འོངས་པའམ་ད་ལྟར་བྱུང་བའམ་ནང་གི་འམ་ཕྱིའི་འམ་རགས་པའམ་ཕྲ་བའམ་ངན་པའམ་གྱ་ནོམ་པའམ་ཐག་རིང་པོ་ན་ཡོད་པ་གང་ཡིན་པའམ་ཉེ་བ་ན་ཡོད་པ་གང་ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ་གཟུགས་ཀྱི་ཕུང་པོའོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །ཞེས་པ་ནས་རྣམ་པར་ཤེས་པའི་བར་དུའང་དེ་བཞིན་ནོ། །ཞེས་གསུངས་པས་གཟུགས་ལ་སོགས་པ་རིས་མཐུན་དུ་མ་ཕྱོགས་གཅིག་ཏུ་སྤུངས་པ་དང༌། སེམས་སེམས་བྱུང་སྐྱེ་ཞིང་མཆེད་པའི་སྒོར་གྱུར་པ་དང༌། རང་རིགས་ཕྱི་མའི་འབྱུང་ཁུངས་རྣམས་ཀྱི་དོན་ནི་གོ་རིམ་བཞིན་དུ་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ཀྱི་སྒྲ་དོན་ཡིན་ནོ། །འོ་ན་འདུས་མ་བྱས་ཁམས་མ་ཡིན་པར་འགྱུར་རོ་ཞེ་ན། འདུས་མ་བྱས་ལ་རིས་འདྲ་མེད་ཀྱང་དམིགས་པའི་སྒོ་ནས་སེམས་སེམས་བྱུང་གི་འབྱུང་གནས་ཡིན་པའི་ཕྱིར་ཁམས་སུ་འཇོག་གོ ། གསུམ་པ་ཆོས་གསུམ་བསྟན་པའི་དགོས་པ་ལ། དངོས་དང༌། ཚོར་འདུ་ལོགས་སུ་བསྟན་པའི་དགོས་པ། འདུས་མ་བྱས་ཕུང་པོར་མི་སྟོན་པའི་དགོས་པའོ། །དང་པོ་ནི། རྨོངས་དབང་འདོད་རྣམ་གསུམ་གྱི་ཕྱིར། །ཕུང་པོ་ལ་སོགས་གསུམ་བསྟན་ཏོ། ། ཞེས་པས་བསྟན། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཕུང་སྐྱེ་ཁམས་གསུམ་གྱི་ཆོས་སྟོན་པར་མཛད་ཅེ་ན། སེམས་བྱུང་དང་གཟུགས་དང་གཟུགས་སེམས་གཉིས་ཀ་ལ་རིལ་པོའི་བདག་ཏུ་འཛིན་པའི་རྨོངས་པ་རྣམ་པ་གསུམ་དང༌། དབང་པོ་རྣོན་པོ་དང་འབྲིང་དང་རྟུལ་པོའི་བྱེ་བྲག་གིས་དབང་པོ་རྣམ་པ་གསུམ་དང༌། ཚིག་བསྡུས་པ་དང་འབྲིང་དང་རྒྱས་པ་དོན་དུ་གཉེར་བའི་འདོད་པ་རྣམ་པ་གསུམ་གྱི་ཕྱིར་ཕུང་པོ་དང་ལ་སོགས་པ་སྐྱེ་མཆེད་དང་ཁམས་གསུམ་དུ་བསྟན་ཏོ། ། གཉིས་པ་ནི། རྩོད་པའི་རྩ་བར་གྱུར་པ་དང༌། །འཁོར་བའི་རྒྱུ་ཕྱིར་རིམ་རྒྱུའི་ཕྱིར། ། སེམས་བྱུང་རྣམས་ལས་ཚོར་བ་དང༌། །འདུ་ཤེས་ལོགས་ཤིག་ཕུང་པོར་བཞག ། ཅེས་པས་བསྟན། ཅིའི་ཕྱིར་སེམས་བྱུང་རྣམས་ལས་ཚོར་བ་དང་འདུ་ཤེས་གཉིས་ལོགས་ཤིག་ཏུ་ཕུང་པོར་བཞག་ཅེ་ན། དེ་ནི་ཁྱིམ་པ་དང་རབ་བྱུང་གཉིས་ཀྱི་རྩོད་པའི་རྩ་བར་གྱུར་པས་བཞག་སྟེ། ཁྱིམ་པ་རྣམས་ནི་ཆུ་ཞིང་སོགས་ལ་རྩོད་པས་རྩོད་པ་དེའི་རྩ་བ་ནི་ཚོར་བ་ཡིན་པ་དང༌། ཚོར་བ་དེ་ལས་རང་བདེ་བ་དང་གཞན་སྡུག་བསྔལ་བར་འདོད་ནས་རྩོད་ལ། རབ་བྱུང་ནི་རང་གཞན་གྱིས་ལྟ་བ་བཟང་ངན་དུ་འདུ་ཤེས་ནས་སྒྲུབ་ཅིང་སུན་འབྱིན་པས་རྩོད་པ་དེའི་རྩ་བ་ནི་འདུ་ཤེས་ཕྱིན་ཅི་ལོག་ཡིན་པའི་ཕྱིར་ན་དེར་བཞག་པ་ཡིན་ནོ། །ཡང་འཁོར་བའི་རྒྱུའི་གཙོ་བོའང་ཡིན་པས་དེ་བཞག་སྟེ། ཚོར་བ་ལ་ཞེན་ཅིང་འདུ་ཤེས་ཕྱིན་ཅི་ལོག་གིས་བདག་མེད་སོགས་ལ་བདག་དུ་ལྟ་བའམ་ཕྱིན་ཅི་ལོག་བཞིའི་འདུ་ཤེས་ཀྱིས་ཉོན་མོངས་མང་པོའི་རྟེན་བྱེད་པས་འཁོར་རུང་འཁོར་བ་ཡིན་པའི་ཕྱིར་རོ། །དེས་ན་འདི་གཉིས་ཉེས་པའི་རྩ་བ་ཡིན་པས་སྤང་དགོས་ཞེས་པའི་ཐ་ཚིག་གོ །ཡང་ན་ཕུང་པོ་ལྔའི་གོ་རིམ་སྟོན་པའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་ན་སེམས་བྱུང་རྣམས་ལས་ཚོར་བ་དང་འདུ་ཤེས་གཉིས་པོ་ལོགས་ཤིག་ཏུ་ཕུང་པོར་བཞག་པ་ཡིན་ནོ། ། གསུམ་པ་འདུས་མ་བྱས་ཕུང་པོར་མི་སྟོན་པའི་དགོས་པ་ནི། ཕུང་པོར་དག་ཏུ་འདུས་མ་བྱས། །དོན་དུ་མི་རུང་ཕྱིར་མ་བཤད། ། ཅེས་པས་བསྟན། ཁམས་དང་སྐྱེ་མཆེད་དུ་འདུས་མ་བྱས་བཞག་ལ་ཕུང་པོ་དག་ཏུ་མ་བཞག་པ་ཅི་ཞེ་ན། ཕུང་པོ་དག་ཏུ་འདུས་མ་བྱས་མ་བཤད་པའི་རྒྱུ་མཚན་ཡོད་དེ། གཞིག་ཅིང་གཞོམ་རུང་སོགས་མེད་པས་ཕུང་པོའི་དོན་དུ་མི་རུང་བའི་ཕྱིར་དང༌། འདུས་མ་བྱས་ཀྱི་ཕུང་པོ་ཞེས་ལོགས་སུ་མི་རུང་སྟེ། དེ་ལ་དུ་མ་སྤུངས་པ་མི་རུང་བའི་ཕྱིར་ཕུང་པོར་མ་བཤད་དོ། །རྫས་རྡུལ་ཕྲ་རབ་ཀྱང་ཕུང་པོར་བཞག་པ་ལ་སྐྱོན་མི་འཇུག་སྟེ། རང་འགྲེལ་ལས། གལ་ཏེ་སྤུངས་པའི་དོན་ཕུང་པོའི་དོན་ཡིན་ན་ཕུང་པོ་རྣམས་བཏགས་པའི་ཡོད་པར་འགྱུར་ཏེ། རྫས་དུ་མ་འདུས་པ་ཡིན་པའི་ཕྱིར་སྤུངས་པ་དང་གང་ཟག་བཞིན་ནོ་ཞེ་ན། མ་ཡིན་ཏེ། རྫས་ཀྱི་རྡུལ་ཕྲ་རབ་གཅིག་པུའང་ཕུང་པོ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་གཅིག་པུ་ལ་སྤུངས་པ་ཉིད་མེད་པས་སྤུངས་པའི་དོན་ནི་ཕུང་པོའི་དོན་ཏོ་ཞེས་བརྗོད་པར་མི་བྱའོ། །ཞེས་བཤད་པས་ཕུང་པོ་ཡིན་ན་དུ་མ་སྤུངས་པས་མ་ཁྱབ་ཅིང་ཕུང་པོ་ཡིན་ན་དུ་མ་སྤུངས་པའི་དོན་དུ་རུང་བས་ཁྱབ་པའི་ཕྱིར། ། བཞི་པ་ཆོས་གསུམ་གྱི་གོ་རིམ་བསྟན་པ་ལ། ཕུང་པོ་ལྔའི་གོ་རིམ། དབང་པོ་དྲུག་གི་གོ་རིམ། འཕྲོས་དོན་དོགས་གཅོད་དོ། །དང་པོ་ནི། རིམ་ནི་རགས་དང་ཀུན་ཉོན་མོངས། །སྣོད་སོགས་དོན་ཁམས་ཇི་བཞིན་ནོ། ། ཞེས་པས་བསྟན། ཕུང་པོ་ལྔའི་གོ་རིམ་ནི་རགས་རིམ་དང་ཀུན་ནས་ཉོན་མོངས་སྐྱེ་བའི་རིམ་པ་དང་སྣོད་ལ་སོགས་པའི་རིམ་པ་དང་འདོད་པ་སོགས་དོན་ཁམས་གསུམ་གྱི་གོ་རིམ་བསྟན་པའི་ཕྱིར་དེ་རྣམས་རིམ་པ་ཇི་ལྟ་བ་བཞིན་བཞག་པ་ཡིན་ནོ། །དེའང་གཟུགས་ནི་ཐོགས་པ་དང་བཅས་པའི་ཕྱིར་ཀུན་ལས་རགས་པས་དང་པོར་བསྟན་པ་དང་དེ་ནས་ཚོར་བ་རྒྱུ་བ་རགས་པ་དང་དེ་ནས་འདུ་ཤེས་ཀྱང་ཕྱི་མ་གཉིས་ལས་རགས་ཏེ་མཚན་མ་ཡོངས་སུ་གཅོད་པས་ཤེས་སླ་བ་དང་དེ་ནས་འདུ་བྱེད་ཀྱང་བདེ་བར་འགྱུར་བར་བྱ་སྡུག་བསྔལ་བར་འགྱུར་བར་མི་བྱའོ་ཞེས་མངོན་པར་འདུ་བྱེད་པའི་རང་བཞིན་ཡིན་པ་དང་རྣམ་ཤེས་ནི་དམིགས་ཙམ་ཡིན་པས་ཐམས་ཅད་ལས་ཕྲ་བས་གདུལ་བྱ་ལ་རགས་རིམ་ནས་བསྟན་པ་ཡིན་ནོ། །ཡང་ཆགས་སོགས་ཀུན་ནས་ཉོན་མོངས་པ་སྐྱེ་བའི་གོ་རིམ་བཞིན་དུ་བསྟན་པའང་ཡིན་ཏེ། དང་པོར་ཕོ་མོ་ཕན་ཚུན་གཟུགས་ལ་ཆགས་པ་འབྱུང་ཞིང་དེ་ཚོར་བ་བདེ་བ་འདོད་པ་དང་དེ་འདུ་ཤེས་ཕྱིན་ཅི་ལོག་པ་དང་དེ་འདུ་བྱེད་ཀུན་ནས་ཉོན་མོངས་ཀྱི་དབང་གིས་ཡིན་པ་དང་དེས་རྣམ་ཤེས་ཀྱང་ཉོན་མོངས་པར་བྱེད་པའི་ཕྱིར། ཡང་སྣོད་དང་སོགས་པ་ཟས་དང་ཚོད་མ་དང་བྱན་པོ་དང་ཟ་བ་པོ་རྣམས་དང་ཆོས་མཐུན་པས་གཟུགས་སྣོད་དང་ཆོས་མཚུངས་པ་ནས་རྣམ་ཤེས་ཟ་བ་པོ་དང་ཆོས་མཐུན་པའི་བར་རིམ་པ་བཞིན་དུ་ཤེས་པར་བྱའོ། །ཡང་འདོད་པ་དང་གཟུགས་དང་གཟུགས་མེད་དང་པོ་གསུམ་དང་སྲིད་རྩེ་སྟེ་ཁམས་གསུམ་གྱི་གོ་རིམ་དང་སྦྱར་ནས་བསྟན་པའང་ཡིན་ཏེ། འདོད་པ་གཟུགས་ཀྱིས་རབ་ཏུ་ཕྱེ་བ་དང་སྦྱར་བ་ནས་སྲིད་རྩེ་འདུ་བྱེད་ཀྱིས་རབ་ཏུ་ཕྱེ་བའི་བར་དུ་སྦྱར་ཞིང་རྣམ་ཤེས་ནི་དེ་ཐམས་ཅད་ལ་བརྟེན་པ་ཡིན་པས་ཐ་མར་བསྟན་པའི་ཕྱིར་ཞིང་དང་མྱུ་གུའི་རིམ་པ་བཞིན་ནོ། ། གཉིས་པ་ནི། ད་ལྟའི་དོན་ཕྱིར་དང་པོ་ལྔ། །འབྱུང་བ་ལས་གྱུར་དོན་ཕྱིར་བཞི། ། གཞན་ནི་ཆེས་རིང་མྱུར་འཇུག་ཕྱིར། །ཡང་ན་ཇི་ལྟར་གནས་བཞིན་རིམ། ། ཞེས་པས་བསྟན། ད་ལྟ་བའི་དོན་འཛིན་པས་རྟོགས་སླ་བའི་ཕྱིར་དང་པོར་མིག་སོགས་གཟུགས་ཅན་ལྔ་བསྟན་ལ་ཡིད་ནི་ཡུལ་དུས་གསུམ་པ་དང་དུས་ཀྱིས་མ་བསྡུས་པ་འདུས་མ་བྱས་ཀྱི་ཡུལ་ཅན་ཀྱང་ཡིན་པས་རྟོགས་དཀའ་བའི་ཕྱིར་ཐ་མར་བཤད་དེ་དཔེར་ན་ཆོས་ཐམས་ཅད་ནི་བདག་མེད་པར་རྟོགས་པར་བྱ་བ་ལྟ་བུའོ། །ལྔ་པོ་དེ་དག་ལས་མིག་ནས་ལྕེའི་བར་ནི་འབྱུང་བ་ལས་གྱུར་པའི་དོན་འབྲས་གཟུགས་ཁོ་ནའི་ཡུལ་ཅན་ཡིན་པའི་ཕྱིར་བཞི་པོ་དེ་དང་པོར་བསྟན་ལ། ལུས་ནི་དེ་ལྟར་མ་ངེས་ཏེ། འབྱུང་བ་དང་འབྱུང་གྱུར་གཉིས་ཀའི་ཡུལ་ཅན་ཡིན་པའི་ཕྱིར། བཞི་པོ་ལས་ཀྱང་གཞན་མིག་རྣ་གཉིས་ནི་སྣ་ལྕེ་གཉིས་ལས་དང་པོར་འཆད་པའི་རྒྱུ་མཚན་ཡོད་དེ། མིག་རྣ་གཉིས་པོ་དེ་ཡུལ་དང་མ་ཕྲད་པར་འཛིན་པས་རྒྱང་རིང་བ་ལ་འཇུག་པའི་ཕྱིར་རོ། །དེ་གཉིས་ལས་ཀྱང་མིག་ནི་ཆེས་རྒྱང་རིང་བ་ལ་འཇུག་པས་སྔར་སྨོས་ཏེ་ཆུ་ཀླུང་གི་གཟུགས་རྒྱང་རིང་པོ་ནས་མཐོང་ཡང་དེའི་སྒྲ་མི་ཐོས་པའི་ཕྱིར། སྣ་ལྕེ་ནི་ཉེ་བ་ལ་འཇུག་ཀྱང་ལྕེ་བས་སྣ་ཡུལ་ལ་མྱུར་བར་འཇུག་པའི་ཕྱིར་དང་པོར་བཤད་དེ་ལྕེས་ཟས་ཀྱིས་རོ་མ་མྱོང་བར་སྣས་དེའི་དྲི་ཚོར་བ་བཞིན་ནོ། །ཡང་ན་དབང་པོ་རྟེན་ཇི་ལྟར་མཐོ་བར་གནས་པ་བཞིན་རིམ་པར་བསྟན་ཅིང་ཡིད་ནི་དེ་དག་ལ་བརྟེན་པ་དང་ཡུལ་ན་མི་གནས་པས་ཐ་མར་བསྟན་ལ། དེ་ལྟར་ཡུལ་ཅན་དབང་པོ་དྲུག་གི་གོ་རིམ་གྲུབ་པས་ཡུལ་དང་རྣམ་ཤེས་དྲུག་གི་གོ་རིམ་ཡང་གྲུབ་སྟེ། དཔེར་ན་རྒྱལ་པོ་དྲུག་གི་གྲལ་རིམ་གྲུབ་པ་ན་བཙུན་མོ་དང་རྒྱལ་བུའི་རིམ་པའང་གྲུབ་པ་བཞིན་ནོ། ། གསུམ་པ་འཕྲོས་དོན་དོགས་གཅོད་ནི། བྱེ་བྲག་དོན་དང་གཙོ་བོའི་ཕྱིར། །ཆོས་མང་བ་དང་མཆོག་བསྡུས་ཕྱིར། ། གཅིག་ནི་གཟུགས་ཀྱི་སྐྱེ་མཆེད་དང༌། །གཅིག་ནི་ཆོས་ཞེས་བྱ་བར་བརྗོད། ། ཅེས་པས་བསྟན། སྐྱེ་མཆེད་དང་པོ་བཅུ་ཀ་གཟུགས་ཡིན་བཞིན་དུ་མིག་གི་ཡུལ་ཁོ་ན་གཟུགས་ཀྱི་སྐྱེ་མཆེད་དུ་བརྗོད་པ་དང་བཅུ་གཉིས་པོ་ཐམས་ཅད་ཆོས་ཀྱི་རང་བཞིན་ཡིན་ན་ཡིད་ཤེས་ཀྱི་ཡུལ་གཅིག་པུ་ལ་ཆོས་ཀྱི་སྐྱེ་མཆེད་ཅེས་བརྗོད་ཅེ་ན། དང་པོའི་རྒྱུ་མཚན་ཡོད་དེ། མིང་གཞན་མེད་པའི་མིག་ཡུལ་དེ་གཟུགས་ཞེས་པའི་སྤྱི་སྒྲས་བྱེ་བྲག་ཏུ་རྟོགས་པའི་དོན་གྱི་ཆེད་དང་འདི་ནི་འདིའོ་ཞེས་བསྟན་དུ་ཡོད་པས་འཇིག་བརྟེན་ནའང་འདི་གཟུགས་སུ་གྲགས་པ་དང༌། གཞན་དག་ནི་གཟུགས་ནི་རྣམ་པ་ཉི་ཤུས་རགས་པ་དང༌། ཤའི་སྤྱན་དང་ལྷའི་དང་འཕགས་པའི་ཤེས་རབ་ཀྱི་མིག་གསུམ་གྱི་སྤྱོད་ཡུལ་ཡིན་པ་དང་བསྟན་ཐོགས་དང་བཅས་པས་གཟུགས་ཀྱི་གཙོ་བོ་ཡིན་པའི་ཕྱིར་ཞེས་ཟེར་རོ། །གཉིས་པའི་རྒྱུ་མཚན་ཡོད་དེ་ཕུང་པོ་བར་པ་གསུམ་རྣམ་རིག་མིན་པ་དང་འདུས་མ་བྱས་ཏེ་ཆོས་མང་བའང་ཡིད་ཀྱི་ཡུལ་གྱིས་བསྡུས་པ་དང༌། ཆོས་ཀྱི་མཆོག་མྱ་ངན་ལས་འདས་པ་སོ་སོར་བརྟགས་འགོག་ཀྱང་ཆོས་ཀྱི་སྐྱེ་མཆེད་འདིར་བསྡུས་པའི་ཕྱིར། གོ་རིམ་བཞིན་མིག་གི་ཡུལ་གཅིག་པུ་ནི་གཟུགས་ཀྱི་སྐྱེ་མཆེད་དང་ཡིད་ཀྱི་ཡུལ་གཅིག་པུ་ནི་ཆོས་ཀྱི་སྐྱེ་མཆེད་ཅེས་བྱ་བར་བརྗོད་པ་ཡིན་ནོ། ། གསུམ་པ་ཆོས་གསུམ་གྱིས་ཐམས་ཅད་བསྡུས་པར་བསྟན་པ་ལ། ཆོས་ཀྱི་ཕུང་པོ་བསྡུ་བ། ཕུང་ཁམས་སྐྱེ་མཆེད་གཞན་བསྡུ་བ། ཞར་ལ་ཁམས་གཉིས་ཀྱི་ངོ་བོ་བསྟན་པའོ། །དང་པོ་ལ། དངོས་དང༌། ཆོས་ཕུང་གི་ཚད་དོ། །དང་པོ་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག ། ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་དང་འདུ་བྱེད་དག་ཏུ་འདུས། ། ཞེས་པས་བསྟན། མདོ་ལས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ཞེས་གསུངས་པ་དེ་དག་ཕུང་པོ་ལྔ་པོ་གང་དུ་འདུས་ཤེ་ན། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག་གང་རྣམས་ཐུབ་པ་སངས་རྒྱས་ཀྱིས་གསུངས་པ་དེ་དག་ནི་མདོ་སྡེ་པ་ལྟར་ན་ཚིག་གམ་སྒྲ་ཡིན་པ་དང༌། བྱེ་བྲག་ཏུ་སྨྲ་བ་ལྟར་ན་ཡིད་ཡུལ་དུ་གྱུར་པའི་མིང་གི་རང་བཞིན་ཡིན་པས་དེ་དག་ནི་རིམ་བཞིན་གཟུགས་ཀྱི་ཕུང་པོ་དང་འདུ་བྱེད་ཀྱི་ཕུང་པོ་དག་ཏུ་འདུས་སོ་ཞེས་འདོད་དོ། ། གཉིས་པ་ཆོས་ཕུང་གི་ཚད་ལ། གཞན་ལུགས་དགག །རང་ལུགས་བཞག་པའོ། །དང་པོ་ནི། ཁ་ཅིག་བསྟན་བཅོས་ཚད་ཅེས་ཟེར། །ཕུང་པོ་ལ་སོགས་གཏམ་རེ་ཡིན། ། ཞེས་པས་བསྟན། ཆོས་ཀྱི་ཕུང་པོ་རེ་རེའི་ཚད་ཀྱང་ཇི་ཙམ་ཞེ་ན། སྡེ་པ་ཁ་ཅིག་ཤཱ་རིའི་བུས་མཛད་པའི་བསྟན་བཅོས་ཆོས་ཀྱི་ཕུང་པོ་ཤློ་ཀ་དྲུག་སྟོང་ཡོད་པ་དང་ཚད་མཉམ་མོ་ཞེས་ཟེར། ཡང་སྡེ་པ་གཞན་དག་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་གཏམ་རྒྱུད་རེ་རེ་རྫོགས་པར་སྟོན་པ་ནི་ཆོས་ཀྱི་ཕུང་པོ་རེའི་ཚད་ཡིན་གྱི་ཚིགས་བཅད་ཀྱི་གྲངས་ངེས་ནི་མེད་དོ་ཞེས་འདོད། གཉིས་པ་རང་ལུགས་ནི། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། ། ཞེས་པས་བསྟན། སློབ་དཔོན་རང་ལུགས་ཀྱི་དེའི་ཚད་ནི་སེམས་ཅན་གྱི་སྤྱོད་པ་དུག་གསུམ་དང་ང་རྒྱལ་ལ་སོགས་ཉོན་མོངས་པ་བརྒྱད་ཁྲི་རྣམས་ཀྱི་གཉེན་པོར་ནི་ཆོས་ཀྱི་ཕུང་པོ་མི་སྡུག་པ་སོགས་དེའི་གྲངས་དང་མཐུན་པར་གསུངས་སོ། །ནི་སྒྲས་སློབ་དཔོན་རང་ལུགས་སྟོན་པར་བཞེད་པས་དུག་གསུམ་རེ་རེའི་གཉེན་པོར་ཉི་ཁྲི་ཆིག་སྟོང༌། ཆ་མཉམ་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་སྟེ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཡོད་པར་དཀོན་མཆོག་ཏ་ལའི་གཟུངས་སོགས་ལས་བཤད་དོ་ཞེས་ཟེར། གཉིས་པ་ཕུང་ཁམས་སྐྱེ་མཆེད་གཞན་བསྡུ་བ་ནི། དེ་བཞིན་གཞན་ཡང་ཅི་རིགས་པར། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི། ། རང་གི་མཚན་ཉིད་ལེགས་དཔྱད་དེ། །ཇི་སྐད་བཤད་པར་བསྡུ་བར་བྱ། ། ཞེས་པས་བསྟན། ཆོས་ཕུང་བརྒྱད་ཁྲི་ཕུང་པོ་ལྔར་བསྡུས་པ་དེ་བཞིན་དུ་གཞན་ཡང་ཅི་རིགས་པར་མདོ་ལས་འབྱུང་བའི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཀྱི་མིང་ཅན་རྣམས་ནི་རང་རང་གི་མཚན་ཉིད་ལ་ལེགས་པར་དཔྱད་དེ་ཇི་སྐད་བཤད་པའི་ཕུང་པོ་ལྔ་ཁམས་བཅོ་བརྒྱད་སྐྱེ་མཆེད་བཅུ་གཉིས་པོར་བསྡུ་བར་བྱ་སྟེ། ཚུལ་ཁྲིམས་ཀྱི་ཕུང་པོ་སོགས་ཟག་མེད་ཀྱི་ཕུང་པོ་ལྔ་གསུངས་པ་རྣམས་ཀྱང་འདིར་བཤད་པའི་ཕུང་པོའི་ནང་དུ་འདུས་ཏེ་དང་པོ་ནི་གཟུགས་སུ་སྡུད་ལ་ཕྱི་མ་བཞི་ནི་འདུ་བྱེད་དུ་སྡུད་དོ། །ཟད་པར་གྱི་སྐྱེ་མཆེད་བཅུ་ལས་ས་ཆུ་མེ་རླུང་སྔོ་སེར་དཀར་དམར་གྱི་སྐྱེ་མཆེད་བརྒྱད་ཀྱང་མ་ཆགས་པར་འདུས་པས་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་ལ། འཁོར་དང་བཅས་ན་ཕུང་པོ་ལྔ་ཡིན་པས་ཡིད་དང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །ཟིལ་གནོན་གྱི་སྐྱེ་མཆེད་བརྒྱད་ཀྱང་སྔར་བཞིན་ཡིད་དང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །ཟད་པར་ནམ་མཁའ་དང་རྣམ་ཤེས་དང་གཟུགས་མེད་ཀྱི་སྐྱེ་མཆེད་བཞི་ནི་ཕུང་པོ་བཞི་པ་ཅན་ཡིན་པས་ཡིད་དང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །ཡང་མདོ་ལས་འབྱུང་བའི་ས་ཆུ་མེ་རླུང་ནམ་མཁའ་རྣམ་ཤེས་ཀྱི་ཁམས་ཏེ་དྲུག་གསུངས་པའི་དང་པོ་བཞི་རེག་བྱ། ལྔ་པ་གཟུགས། དྲུག་པ་སེམས་ཀྱི་ཁམས་བདུན་དུ་འདུས་སོ། །མདོར་ན་ཁམས་བཅོ་བརྒྱད་པོ་རྣམས་སུ་དྲུག་ཚན་གསུམ་བཞི་ཚན་གཅིག་གསུམ་ཚན་དྲུག་གཉིས་ཚན་གཉིས་ཏེ་བཞི་བཅུ་རྩ་བཞི་ཡང་འདུས་ཤིང་བསྡུ་ཚུལ་རྒྱས་པ་ནི་འདི་སྐབས་ཀྱི་ཊཱིཀ་ཆེན་ལས་འབྱུང་བས་དེར་བལྟ་བར་བྱའོ། ། གསུམ་པ་ཞར་ལ་ཁམས་གཉིས་ཀྱི་ངོ་བོ་བསྟན་པ་ལ། ནམ་མཁའ་དང༌། རྣམ་ཤེས་གཉིས་ལས། དང་པོ་ནི།་ བུ་ག་ནམ་མཁའི་ཁམས་ཞེས་བྱ། །སྣང་དང་མུན་པ་དག་ཡིན་ལོ། ། ཞེས་པས་བསྟན། གལ་ཏེ་ས་སོགས་བཞིའི་མཚན་ཉིད་བཤད་ཅིང་ནམ་མཁའ་དང་རྣམ་ཤེས་ཀྱི་མཚན་ཉིད་ཀྱང་བཤད་ལ། ཕྱི་མ་དེ་གཉིས་ཀྱི་ཁམས་ཀྱི་མཚན་ཉིད་སྔར་མ་བཤད་ན་ཅིའི་ཕྱིར་ནམ་མཁའ་དང་རྣམ་ཤེས་ཉིད་དེ་དང་དེའི་ཁམས་ཡིན་ནམ་ཞེ་ན། མ་ཡིན་ཏེ། སྒོ་དང་སྐར་ཁུང་དང་ཁ་སྣའི་བུ་ག་ལ་ནམ་མཁའི་ཁམས་ཞེས་བྱ་སྟེ། དེ་ནི་བྱེ་སྨྲས་ཉིན་མོ་ཕལ་ཆེར་སྣང་བ་དང་མཚན་མོ་ཕལ་ཆེར་མུན་པ་དག་ཡིན་པར་འདོད་པའི་ཕྱིར། ལོ་ཞེས་པ་ནི་མདོ་སྡེ་པ་མ་རངས་པའི་ཚིག་ཡིན་ཏེ། མདོ་སྡེ་པ་ནི་ནམ་མཁའ་ཉིད་ནམ་མཁའི་ཁམས་སུ་འདོད་དོ། ། གཉིས་པ་རྣམ་ཤེས་ཀྱི་ཁམས་ནི། ཟག་དང་བཅས་པའི་རྣམ་ཤེས་ནི། །རྣམ་ཤེས་ཁམས་ཡིན་སྐྱེ་བའི་རྟེན། ། ཞེས་པས་བསྟན། ཡང་ཟག་པ་དང་བཅས་པའི་རྣམ་ཤེས་ནི་རྣམ་པར་ཤེས་པའི་ཁམས་ཡིན་ཏེ། ཁམས་དྲུག་པོ་དེ་དག་ཉིང་མཚམས་སྦྱོར་བ་ནས་འཆི་འཕོ་བའི་བར་གྱི་སྐྱེ་བའི་རྟེན་ནམ་གཞི་བྱེད་པའི་ཕྱིར་དང༌། ཟག་མེད་ལ་དེ་ལྟར་མི་རུང་བའི་ཕྱིར། དེ་བས་ས་སོགས་བཞི་ནི་རེག་བྱའི་ཁམས་ཀྱིས་བསྡུས། ནམ་མཁའི་ཁམས་ནི་གཟུགས་ཕུང་གིས་བསྡུས། རྣམ་ཤེས་ཀྱི་ཁམས་ནི་རྣམ་པར་ཤེས་པའི་ཁམས་བདུན་གྱིས་བསྡུས་སོ། ། བཞི་པ་ཁམས་ཀྱི་རྣམ་པའི་རབ་དབྱེ་ལ་བདུན། གཉིས་ཚན་གྱི་དབྱེ་བ་དང༌། གསུམ་ཚན། བཅས་མ་བཅས། གཟུགས་ཅན་གྱི་དབྱེ་བ། བྱུང་བ་གསུམ་དང༌། ཐོབ་པའི་ཁྱད་པར། ཕྱི་ནང་ལ་སོགས་པའི་དབྱེ་བའོ། །དང་པོ་ལ། བསྟན་དུ་ཡོད་མེད་དང༌། ཐོགས་བཅས་ཐོགས་མེད་ཀྱི་རྣམ་པའོ། །དང་པོ་ནི། བསྟན་ཡོད་འདིར་ནི་གཟུགས་གཅིག་པུ། ། ཞེས་པས་བསྟན། འོ་ན་ཁམས་བཅོ་བརྒྱད་པོ་དེ་དག་ལས་བསྟན་དུ་ཡོད་པ་ནི་དུ་བསྟན་དུ་མེད་པ་ནི་དུ་ཞེ་ན། བསྟན་དུ་ཡོད་པ་ནི་ཁམས་བཅོ་བརྒྱད་པོའི་སྐབས་འདིར་ནི་གཟུགས་ཀྱི་ཁམས་གཅིག་པུ་སྟེ། དེ་ནི་འདི་ནའོ། །ཆེ་གེ་མོ་ཞིག་ནའོ་ཞེས་ཚིག་གིས་གཞན་ལ་བསྟན་དུ་ཡོད་པའི་ཕྱིར། ལྷག་མ་བཅུ་བདུན་ནི་བསྟན་དུ་མེད་པ་ཡིན་ནོ། ། གཉིས་པ་ནི། ཐོགས་དང་བཅས་པ་གཟུགས་ཅན་བཅུ། ། ཞེས་པས་བསྟན། ཁམས་བཅོ་བརྒྱད་ལས་ཐོགས་བཅས་ཡིན་པ་དུ་ཐོགས་མེད་ཡིན་པ་དུ་ཞེ་ན། ཐོགས་པ་ནི་རྡུགས་པ་སྟེ་སྒྲིབ་ཐོགས་དེ་དང་བཅས་པའི་གཟུགས་སུ་རུང་བའི་གཟུགས་ཅན་བཅུ་པོ་ཁོ་ནའོ། །ཐོགས་པའང་བསྒྲིབས་པ་དང་ཡུལ་དང་དམིགས་པ་ལ་ཐོགས་པ་གསུམ་མོ། །དང་པོ་ནི་ཐོགས་བཅས་གཅིག་ཡོད་པའི་གོ་སར་ཐོགས་བཅས་གཞན་སྐྱེ་བའི་གོ་འགེགས་བྱེད་ལག་པའི་ཡུལ་དུ་ལག་པ་གཞན་མི་སྐྱེ་བ་དང་རྡོ་བའི་ཡུལ་དུ་རྡོ་བ་གཞན་མི་སྐྱེ་བས་རྡུགས་ཏེ་ཐོགས་པ་ལྟ་བུའོ། །ཡུལ་ཐོགས་ནི་མིག་སོགས་ཡུལ་ཅན་རྣམས་རང་གི་ཡུལ་གཟུགས་སོགས་ལ་ཐོགས་པ་སྟེ། གདགས་པ་ལས། ཆུ་ལ་ཐོགས་ལ་སྐམ་ལ་མི་ཐོགས་པའི་མུ་སོགས་དང༌། ཉིན་མོ་ཐོགས་ལ་མཚན་མོ་མི་ཐོགས་པའི་མུ་བཞི་ལ་སོགས་པ་གསུངས་པའི་ཕྱིར། དམིགས་ཐོགས་ནི་མཚུངས་ལྡན་རྣམས་རང་གི་དམིགས་པ་ལ་ཐོགས་པའོ། ། གཉིས་པ་གསུམ་ཚན་གྱི་རྣམ་པ་ལ། དགེ་སོགས་གསུམ་གྱི་རྣམ་པ་དང༌། ཁམས་གསུམ་དུ་གཏོགས་པའི་རྣམ་པའོ། །དང་པོ་ནི། ལུང་མ་བསྟན་བརྒྱད་དེ་དག་ཉིད། །གཟུགས་སྒྲ་མ་གཏོགས་གཞན་རྣམ་གསུམ། ། ཞེས་པས་བསྟན། འོ་ན་ཁམས་བཅོ་བརྒྱད་པོ་དེ་དག་ལས་དགེ་མི་དགེ་ལུང་མ་བསྟན་ཡིན་པ་དུ་ཞེ་ན། ཁམས་བཅོ་བརྒྱད་ལས་གཅིག་ཏུ་ལུང་མ་བསྟན་ཡིན་པ་ནི་བརྒྱད་དེ། ཐོགས་བཅས་སུ་བཤད་པ་དེ་དག་ཉིད་ལས་གཟུགས་སྒྲའི་ཁམས་གཉིས་མ་གཏོགས་པ་དེ་དག་རྣམས་ནི་ངོ་བོ་ཉིད་ཀྱི་ལུང་མ་བསྟན་ཏོ། །བརྒྱད་པོ་ལས་གཞན་བཅུ་པོ་ལ་དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་ཡོད་དེ། གཟུགས་སྒྲའང་དགེ་མི་དགེའི་ཀུན་སློང་གི་དབང་གིས་དེར་འགྱུར་བའི་ཕྱིར་དང༌། ཁམས་ཐོགས་མེད་བརྒྱད་པོ་རྣམས་ལའང་དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་ག་ཡོད་པའི་ཕྱིར། གཉིས་པ་ནི། འདོད་ཁམས་གཏོགས་པ་ཐམས་ཅད་དོ། །གཟུགས་ཀྱི་ཁམས་ན་བཅུ་བཞིའོ། ། དྲི་དང་རོ་དང་སྣ་དང་ནི། །ལྕེ་ཡི་རྣམ་ཤེས་ཁམས་མ་གཏོགས། ། གཟུགས་མེད་གཏོགས་པ་ཡིད་དང་ནི། །ཆོས་དང་ཡིད་ཀྱི་རྣམ་ཤེས་ཁམས། ། ཞེས་པས་བསྟན། འོ་ན་ཁམས་བཅོ་བརྒྱད་ལས་འདོད་པ་དང་གཟུགས་དང་གཟུགས་མེད་པར་གཏོགས་པ་དུ་ཞེ་ན། འདོད་ཁམས་སུ་གཏོགས་པ་ཁམས་བཅོ་བརྒྱད་པོ་ཐམས་ཅད་དོ་སྟེ། འདོད་པ་དེར་དེའི་རང་བཞིན་དང་མ་བྲལ་ཞིང་དེའི་སྲེད་པས་བདག་གིར་བྱས་པའི་ཕྱིར། གཟུགས་ཀྱི་ཁམས་ན་གཏོགས་པ་ནི་ཁམས་བཅུ་བཞིའོ། །གང་ཞེ་ན། དྲིའི་ཁམས་དང་རོའི་ཁམས་དང་སྣའི་རྣམ་ཤེས་ཀྱི་ཁམས་དང་ནི་ལྕེ་ཡི་རྣམ་ཤེས་ཀྱི་ཁམས་མ་གཏོགས་པ་རྣམས་སོ། །གཟུགས་ཁམས་ན་དྲི་རོ་གཉིས་མེད་དེ། དེ་གཉིས་ནི་ཁམ་ཟས་ཡིན་ལ། ཁམ་ཟས་ལ་འདོད་ཆགས་དང་བྲལ་བ་རྣམས་དེར་སྐྱེ་བའི་ཕྱིར། དེ་ན་སྣ་ལྕེའི་རྣམ་ཤེས་གཉིས་ཀྱང་མེད་དེ། ཡུལ་དྲི་རོ་གཉིས་མེད་པའི་ཕྱིར། འོ་ན་རེག་ཁམས་ཀྱང་མེད་པར་འགྱུར་ཏེ། ཁམ་ཟས་མེད་པའི་ཕྱིར་ཞེ་ན། ཁམ་ཟས་སུ་གྱུར་པའི་དེ་མེད་ཀྱང་གོས་བགོ་བ་ལ་སོགས་པའི་ཕྱིར་དུ་རེག་བྱའི་ཁམས་བཞག་པ་ཡིན་ནོ། །འོ་ན་སྣ་ལྕེའི་དབང་པོ་གཉིས་ཀྱང་མེད་པར་འགྱུར་རོ་ཞེ་ན། དེ་གཉིས་ནི་རྟེན་མཛེས་པར་བྱ་བའི་ཕྱིར་དུ་བཞག་པ་ཡིན་ནོ། །གཟུགས་མེད་པར་གཏོགས་པ་ལ་ཡིད་དང་ནི་ཆོས་དང་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་གསུམ་ཡོད་ཀྱི་ལྷག་མ་རྣམས་མེད་དེ། གཟུགས་ལ་སྲེད་པ་དང་བྲལ་བས་གཟུགས་ཅན་བཅུ་མེད་ལ། དེས་ན་དེ་དག་ལས་སྐྱེས་པའི་རྣམ་ཤེས་དང་པོ་ལྔའང་མེད་པའི་ཕྱིར། གསུམ་པ་བཅས་མ་བཅས་ཀྱི་རྣམ་པ་ལ། ཟག་པ་དང་བཅས་མ་བཅས། རྟོག་དཔྱོད་དང་བཅས་མ་བཅས། དམིགས་པ་དང་བཅས་མ་བཅས་སོ། །དང་པོ་ནི། དེ་གསུམ་ཟག་བཅས་ཟག་པ་མེད། །ལྷག་མ་རྣམས་ནི་ཟག་བཅས་སོ། ། ཞེས་པས་བསྟན། འོ་ན་ཁམས་བཅོ་བརྒྱད་པོ་དེ་དག་ལས་ཟག་པ་དང་བཅས་པ་དུ་ཟག་པ་མེད་པ་དུ་ཞེ་ན། ཁམས་ཐ་མ་དེ་གསུམ་ལ་བདེན་པ་དང་པོ་གཉིས་ཀྱིས་བསྡུས་པའི་ཟག་བཅས་དང་ལམ་བདེན་དང་འདུས་མ་བྱས་ཀྱི་བསྡུས་པའི་ཟག་པ་མེད་པ་དག་ཀྱང་ཡོད་ལ། ཁམས་ལྷག་མ་བཅོ་ལྔ་པོ་རྣམས་ནི་གཅིག་ཏུ་ཟག་བཅས་ཏེ་གཟུགས་ཅན་བཅུ་ནི་སྡུག་བདེན་དང་སྒོ་ལྔའི་ཤེས་པ་ཁ་ཕྱིར་ལྟ་ཡིན་པས་མཉམ་གཞག་གི་ས་པ་མིན་ཞིང་དེ་དག་སྒོམ་སྤང་ཡིན་པ་དང༌། དེ་དག་ལ་ཟག་པ་རྣམས་ཀུན་ཏུ་རྒྱས་པར་འགྱུར་བས་སོ། ། གཉིས་པ་རྟོག་དཔྱོད་དང་བཅས་མ་བཅས་ནི། རྟོག་དང་དཔྱོད་དང་བཅས་པ་ནི། །རྣམ་པར་ཤེས་པའི་ཁམས་ལྔ་ཡིན། ། ཐ་མ་གསུམ་ནི་རྣམ་གསུམ་མོ། །ལྷག་མ་རྣམས་ནི་གཉིས་ཀ་སྤངས། ། ངེས་པར་རྟོག་དང་རྗེས་དྲན་པའི། །རྣམ་པར་རྟོག་པས་རྣམ་མི་རྟོག ། དེ་དག་ཡིད་ཀྱི་ཤེས་རབ་གཡེང༌། །ཡིད་ཀྱི་དྲན་པ་ཐམས་ཅད་ཉིད། ། ཅེས་པས་བསྟན། འོ་ན་ཁམས་བཅོ་བརྒྱད་ལས་རྟོག་དཔྱོད་དང་བཅས་པ་དུ། རྟོག་མེད་དཔྱོད་ཙམ་ནི་དུ། རྟོག་མེད་དཔྱོད་པ་མེད་པ་ནི་དུ་ཞེ་ན། ཁམས་བཅོ་བརྒྱད་ལས་རྟོག་དང་དཔྱོད་དང་བཅས་པ་ནི་རྣམ་པར་ཤེས་པའི་ཁམས་དང་པོ་ལྔ་ཡིན་ཏེ། དེ་དག་ཁ་ཕྱིར་བལྟས་པས་རྩིང་བ་དང་རྟོག་དཔྱོད་དང་རྗེས་སུ་འབྲེལ་བའི་ས་ན་ཡོད་པའི་ཕྱིར། ཡིད་སོགས་ཁམས་ཐ་མ་གསུམ་ནི་རྟོག་དཔྱོད་གཉིས་ཀ་དང་བཅས་པ་དང་རྟོག་མེད་དཔྱོད་ཙམ་དང་རྟོག་མེད་དཔྱོད་མེད་དེ་རྣམ་པ་གསུམ་མོ། །དེ་ལ་རྣམ་པ་དང་པོ་ནི་འདོད་པ་དང་བསམ་གཏན་དང་པོའི་དངོས་གཞི་ཙམ་པོས་བསྡུས་པའི་ཁམས་ཐ་མ་དེ་གསུམ་གྱི་རྟོག་དཔྱོད་མ་གཏོགས་པའི་སེམས་བྱུང་རྣམས་ཡིན་ཏེ། དེ་དག་རྟོག་དཔྱོད་ལ་འདོད་ཆགས་དང་མ་བྲལ་བའི་ས་པ་ཡིན་པའི་ཕྱིར། རྣམ་པ་གཉིས་པ་ནི་བསམ་གཏན་ཁྱད་པར་ཅན་གྱི་ཁམས་ཐ་མ་དེ་གསུམ་གྱི་དཔྱོད་པ་མ་གཏོགས་པའི་སེམས་བྱུང་རྣམས་ཡིན་ཏེ། དེ་རྣམས་ནི་རྟོག་པ་སྤངས་ཤིང་དཔྱོད་པ་ཙམ་དང་མཚུངས་པར་ལྡན་པའི་ས་པ་ཡིན་པའི་ཕྱིར། རྣམ་པ་གསུམ་པ་ནི་འདོད་པ་དང་བསམ་གཏན་དང་པོའི་དེ་གསུམ་གྱི་མཚུངས་ལྡན་མ་ཡིན་པ་རྣམས་དང་བསམ་གཏན་གཉིས་པ་ཡན་ཆད་ཀྱི་ཁམས་ཐ་མ་གསུམ་ལ་བྱེད་དེ། དེའི་མཚུངས་ལྡན་རྣམས་ཀྱང་རྟོག་དཔྱོད་སྤངས་པའི་ས་པ་ཡིན་པའི་ཕྱིར། རྟོག་དཔྱོད་གཉིས་ཀ་རྟོག་མེད་དཔྱོད་ཙམ་རྟོག་མེད་དཔྱོད་མེད་གསུམ་དུ་མ་འདུས་པའི་དཔྱོད་མེད་རྟོག་ཙམ་ནི་འདོད་པ་དང་བསམ་གཏན་དང་པོའི་དངོས་གཞི་ཙམ་པོས་བསྡུས་པའི་དཔྱོད་པ་ལ་བྱེད་དེ། དེ་རྟོག་པ་དང་མཚུངས་པར་ལྡན་ཞིང་དཔྱོད་པ་དང་མཚུངས་པར་མི་ལྡན་པའི་ཕྱིར་ཏེ། དཔྱོད་པ་ལ་དཔྱོད་པ་གཉིས་པ་མེད་པའི་ཕྱིར། ཁམས་ལྷག་མ་གཟུགས་ཅན་བཅུ་པོ་རྣམས་ནི་རྟོག་དཔྱོད་གཉིས་ཀ་སྤངས་པ་ཡིན་ཏེ། མཚུངས་ལྡན་མ་ཡིན་པའི་ཕྱིར། །འོ་ན་རྣམ་ཤེས་ཚོགས་ལྔ་པོ་དེ་རྟོག་དཔྱོད་དང་བཅས་པ་ཡིན་ན་མདོ་ལས་དེ་རྟོག་མེད་དུ་བཤད་པ་དང་འགལ་ལོ་ཞེ་ན། བྱེ་སྨྲའི་ལུགས་ལ་རྟོག་པ་ནི་གསུམ་སྟེ། ངོ་བོ་ཉིད་ཀྱི་དང༌། ངེས་པར་རྟོག་པའི་དང༌། རྗེས་སུ་དྲན་པའི་རྟོག་པའོ། །དེ་ལ་མིག་གི་རྣམ་ཤེས་སོགས་ལྔ་ལ་ངོ་བོ་ཉིད་ཀྱི་རྟོག་པ་ནི་ཡོད་ཀྱང་ཕྱི་མ་ངེས་པར་རྟོག་པ་དང་རྗེས་སུ་དྲན་པའི་རྣམ་པར་རྟོག་པས་རྣམ་པར་མི་རྟོག་པས་རྟོག་མེད་དེ་དཔེར་ན་རྟ་རྐང་གཅིག་པ་ལ་རྟ་རྐང་མེད་ཅེས་པ་བཞིན་ནོ། །དེ་ལ་དང་པོ་ནི་འོག་ནས་འཆད་པར་འགྱུར་ལ། ངེས་རྟོག་དང་རྗེས་དྲན་གྱི་རྟོག་པ་དེ་དག་ནི་ཡིད་ཀྱི་ཤེས་རབ་མཉམ་པར་མ་བཞག་པ་གཡེང་བའི་རང་བཞིན་ཅན་དང་ཡིད་ཤེས་འཁོར་གྱི་དྲན་པ་མཉམ་པར་བཞག་མ་གཞག་ཐམས་ཅད་ནི་རྗེས་དྲན་གྱི་རྣམ་རྟོག་ཉིད་དོ། ། གསུམ་པ་དམིགས་པ་དང་བཅས་མ་བཅས་ནི། དམིགས་བཅས་སེམས་ཀྱི་ཁམས་བདུན་ནོ། །ཆོས་ཀྱི་ཕྱེད་ཀྱང༌། ། ཞེས་པས་བསྟན། འོ་ན་ཁམས་བཅོ་བརྒྱད་པོ་དེ་དག་ལས་དམིགས་པ་དང་བཅས་མ་བཅས་དུ་ཞེ་ན། ཁམས་བཅོ་བརྒྱད་པོ་དེ་ལས་གཅིག་ཏུ་དམིགས་པ་དང་བཅས་པ་ནི་སེམས་ཀྱི་ཁམས་བདུན་ནོ། །དེར་མ་ཟད་ཆོས་ཁམས་ཀྱི་ཕྱེད་སེམས་བྱུང་རྣམས་ཀྱང་དམིགས་བཅས་ཡིན་ནོ། །ཁམས་ལྷག་མ་གཟུགས་ཅན་བཅུ་དང་ཆོས་ཁམས་ཀྱི་ཕྱེད་མཚུངས་ལྡན་མ་ཡིན་པ་ནི་དམིགས་པ་མེད་པའོ། ། བཞི་པ་གཟུགས་ཅན་གྱི་དབྱེ་བ་ལ། ཟིན་མ་ཟིན་གྱི་དབྱེ་བ། འབྱུང་འབྱུང་གྱུར་གྱི་དབྱེ་བ། བསགས་མ་བསགས་ཀྱི་དབྱེ་བ། གཅད་བྱ་གཅོད་བྱེད་ཀྱི་དབྱེ་བ། སྲེག་འཇལ་གྱི་དབྱེ་བའོ། །དང་པོ་ནི། མ་ཟིན་དགུ། །བརྒྱད་པོ་དེ་དག་རྣམས་དང་སྒྲ། ། དགུ་པོ་གཞན་ནི་རྣམ་པ་གཉིས། ། ཞེས་པས་བསྟན། འོ་ན་ཁམས་བཅོ་བརྒྱད་ལས་ཟིན་པ་ཡིན་པ་དུ་མ་ཟིན་པ་ཡིན་པ་དུ་ཞེ་ན། ཁམས་བཅོ་བརྒྱད་ལས་ཟིན་པའི་དོན་གཟུགས་ཅན་ནང་ཕྲད་པའི་ཕན་གནོད་ལ་བརྟེན་ནས་ཚོར་བ་བདེ་སྡུག་སྐྱེ་བའི་རྟེན་དུ་རུང་བ་ནི་ཟིན་པ་ཡིན་ཞིང་དེ་ལས་ལྡོག་པ་མ་ཟིན་པ་ཡིན་པས་དེའི་དབང་དུ་བྱས་ནས་གཅིག་ཏུ་མ་ཟིན་པ་ནི་དགུ་སྟེ། དམིགས་བཅས་སུ་བཤད་པའི་བརྒྱད་པོ་དེ་ལས་ཆོས་ཁམས་ཀྱི་ཕྱེད་ཀྱང་བསྣན་ནས་ཆོས་ཁམས་རིལ་པོ་སྟེ་བརྒྱད་པོ་དེ་དག་རྣམས་ནི་དབང་པོའི་ཚོགས་པ་ན་མེད་པས་ཕན་གནོད་བྱར་མི་ནུས་པ་དང༌། སྒྲ་ནི་རྒྱུད་དང་འབྲེལ་བ་དག་ཀྱང་དབང་པོའི་ཚོགས་པ་ན་མེད་པས་ཕན་གནོད་བྱར་མི་ནུས་སོ། །མིག་སོགས་ལྔ་གཟུགས་སོགས་བཞི་སྟེ་དགུ་པོ་འདི་མ་ཟིན་པ་ལས་གཞན་ཟིན་པ་ཁོ་ན་ནི་མ་ཡིན་ཏེ། འདི་ལ་ཟིན་མ་ཟིན་རྣམ་པ་གཉིས་ཀ་ཡོད་པའི་ཕྱིར་ཏེ། དབང་པོ་ལྔ་དང་གཟུགས་སོགས་བཞི་ད་ལྟར་བ་དང་དབང་པོའི་ཚོགས་པ་དང་ཐ་མི་དད་པའི་གཟུགས་ལ་སོགས་པ་རྣམས་ནི་སེམས་ཀྱིས་ཟིན་པ་ཡིན་ཞིང་ད་ལྟར་བ་ཉིད་ཀྱང་དབང་པོ་ལས་ཐ་དད་པ་རྩ་བ་མ་གཏོགས་པའི་སྐྲ་དང་བ་སྤུ་སོ་སེན་སོགས་རྒྱུད་ཀྱིས་མ་བསྡུས་པ་དང༌། འདས་མ་འོངས་ཐམས་ཅད་ནི་མ་ཟིན་པ་ཁོ་ན་ཡིན་པའི་ཕྱིར། གཉིས་པ་ནི། རེག་བྱ་རྣམ་པ་གཉིས་ཡིན་ཏེ། །ལྷག་མ་གཟུགས་ཅན་དགུ་པོ་ནི། ། འབྱུང་གྱུར་ཆོས་ཁམས་ཕྱོགས་གཅིག་ཀྱང༌། ། ཞེས་པས་བསྟན། འོ་ན་ཁམས་བཅོ་བརྒྱད་པོ་དེ་དག་ལས་འབྱུང་བ་ཡིན་པ་དུ་འབྱུང་གྱུར་ཡིན་པ་དུ་ཞེ་ན། རེག་བྱའི་ཁམས་ལ་ནི་འབྱུང་བ་དང་འབྱུང་གྱུར་རྣམ་པ་གཉིས་ཀ་ཡོད་པ་ཡིན་ཏེ། ས་སོགས་བཞི་ནི་འབྱུང་བ་དང་འཇམ་པ་ལ་སོགས་པ་བདུན་ནི་འབྱུང་གྱུར་ཡིན་པའི་ཕྱིར། ལྷག་མ་མིག་སོགས་གཟུགས་ཅན་དགུ་པོ་ནི་འབྱུང་བ་ལས་གྱུར་པ་དང་དེ་བཞིན་ཆོས་ཁམས་ཀྱི་ཕྱོགས་གཅིག་རིག་བྱེད་མ་ཡིན་པའི་གཟུགས་ཀྱང་འབྱུང་གྱུར་ཁོ་ན་ཡིན་ཏེ། རང་རྒྱུ་འབྱུང་བ་བཞིས་རྒྱུ་བྱས་པའི་ཚུལ་གྱིས་བསྐྱེད་པའི་ཕྱིར། ལྷག་མ་གཟུགས་ཅན་མ་ཡིན་པ་རྣམས་དེ་གཉིས་ཀ་མ་ཡིན་པར་གྲུབ་བོ། ། གསུམ་པ་བསགས་མ་བསགས་ཀྱི་དབྱེ་བ་ནི། གཟུགས་ཅན་བཅུ་ནི་བསགས་པའོ། ། ཞེས་པས་བསྟན། འོ་ན་དེ་དག་ལས་བསགས་པ་ཡིན་པ་དུ་མ་བསགས་པ་ཡིན་པ་དུ་ཞེ་ན། ཁམས་བཅོ་བརྒྱད་ལས་གཟུགས་ཅན་གྱི་ཁམས་བཅུ་ནི་གཅིག་ཏུ་རྡུལ་ཕྲན་འདུས་པའི་ཕྱིར་བསགས་པའོ། །ནི་ཞེས་པ་ངེས་བཟུང་ཡིན་པས་ཐོགས་པ་མེད་ན་མ་བསགས་པར་གྲུབ་བོ། ། བཞི་པ་གཅད་བྱ་གཅོད་བྱེད་ཀྱི་དབྱེ་བ་ནི། གཅོད་བྱེད་གཅད་པར་བྱ་བ་ཉིད། །ཕྱི་རོལ་གྱི་ནི་ཁམས་བཞི་ཡིན། ། ཞེས་པས་བསྟན། དེ་དག་ལས་གཅོད་བྱེད་དང་གཅད་བྱ་ཡིན་པ་དུ་ཞེ་ན། ཁམས་བཅོ་བརྒྱད་ལས་གཅོད་བྱེད་སྟ་རེ་ལྟ་བུ་དང་གཅད་པར་བྱ་བ་ཤིང་སོགས་ལྟ་བུ་ཉིད་ཡིན་པའང་ཕྱི་རོལ་གྱི་ནི་གཟུགས་དྲི་རོ་རེག་བྱ་སྟེ་ཁམས་བཞི་ཡིན་ནོ། །དེ་ལྟར་ཁམས་བཞི་གཅོད་བྱེད་དང་གཅད་བྱ་གཉིས་ཀར་ངེས་པར་བཟུང་གི་ཁམས་གཞན་དག་ནི་གཉིས་ཀ་མ་ཡིན་པར་གྲུབ་བོ། ། ལྔ་པ་སྲེག་འཇལ་གྱི་དབྱེ་བ་ནི། དེ་བཞིན་བསྲེག་བྱ་འཇལ་བྱེད་པའོ། །སྲེག་དང་གཞལ་ལ་མི་མཐུན་སྨྲ། ། ཞེས་པས་བསྟན། འོ་ན་དེ་དག་ལས་བསྲེག་བྱ་དང་འཇལ་བྱེད་ཡིན་པ་དུ་ཞེ་ན། གཅོད་བྱེད་དང་གཅད་བྱ་ཁམས་བཞི་ཡིན་པ་དེ་བཞིན་དུ་བསྲེག་བྱ་བུད་ཤིང་ལྟ་བུ་དང་འཇལ་བར་བྱེད་པ་སྲང་ལྟ་བུ་ཡང་ཕྱི་རོལ་གྱི་ཁམས་བཞི་པོའོ། །དབང་པོ་རྣམས་ནི་དེ་གཉིས་ཀ་མ་ཡིན་ཏེ། འོད་བཞིན་དུ་དྭངས་པའི་ཕྱིར། རྒྱུན་མེད་པའི་ཕྱིར་སྒྲ་ཡང་བསྲེག་བྱ་སྲེག་བྱེད་དང་འཇལ་བྱེད་དང་གཞལ་བྱ་མ་ཡིན་ནོ། །སྲེག་བྱེད་དང་གཞལ་བྱ་ལ་སྔོན་གྱི་སློབ་དཔོན་རྣམས་མི་མཐུན་པར་སྨྲ་བ་ཡོད་དེ། ཁ་ཅིག་ཕྱི་རོལ་གྱི་ཁམས་བཞི་པོ་ཉིད་སྲེག་བྱེད་དང་གཞལ་བྱ་ཡིན་ནོ་ཞེས་ཟེར། ཁ་ཅིག་མེའི་ཁམས་ཁོ་ན་སྲེག་པར་བྱེད་པ་དང་ལྕི་བ་ཉིད་གཞལ་བར་བྱ་བ་ཡིན་ནོ་ཞེས་ཟེར། ལྔ་པ་བྱུང་བ་གསུམ་ལ། སྤྱིར་བཏང་བ་དང༌། དམིགས་ཀྱིས་བསལ་བའོ། །དང་པོ་ནི། རྣམ་པར་སྨིན་ལས་བྱུང་བ་དང༌། །རྒྱས་ལས་བྱུང་བ་ནང་གི་ལྔ། ། སྒྲ་ནི་རྣམ་སྨིན་ལས་སྐྱེས་མིན། །རྒྱུ་མཐུན་ལས་བྱུང་རྣམ་སྨིན་སྐྱེས། ། ཐོགས་པ་མེད་བརྒྱད་གཞན་རྣམ་གསུམ། ། ཞེས་པས་བསྟན། འོ་ན་དེ་དག་ལས་རྣམ་སྨིན་དང་རྒྱས་པ་དང་རྒྱུ་མཐུན་ལས་བྱུང་བ་དུ་ཞེ་ན། ཁམས་བཅོ་བརྒྱད་ལས་རྣམ་པར་སྨིན་པ་ལས་བྱུང་བ་དང་རྒྱས་པ་ལས་བྱུང་བ་ནི་ནང་གི་མིག་སོགས་དབང་པོ་ལྔ་ཁོ་ན་ཡིན་ཏེ། ངན་སོང་གི་དེ་དག་ནི་མི་དགེ་བའི་རྣམ་སྨིན་ལས་བྱུང་བ་དང་བདེ་འགྲོའི་དེ་དག་ནི་དགེ་བའི་རྣམ་སྨིན་ལས་བྱུང་བའི་ཕྱིར་དང༌། ཟས་དང་གཉིད་དང་ལེགས་པར་སྤྱད་པ་དང་ཏིང་ངེ་འཛིན་ཏེ་རྒྱས་པའི་རྒྱུ་བཞིས་རྒྱས་པར་བྱར་ཡོད་པའི་ཕྱིར། སྒྲ་ལ་ནི་རྒྱས་བྱུང་དང་རྒྱུ་མཐུན་ལས་བྱུང་བ་གཉིས་ཡོད་ཀྱི་རྣམ་སྨིན་ལས་སྐྱེས་པ་ནི་ཡོད་པ་མིན་ཏེ། འདོད་དགུར་མངོན་དུ་འགྱུར་བའི་ཕྱིར། འོ་ན་མདོ་སྡེ་གདགས་པ་ལས། དེ་བཞིན་གཤེགས་པའི་གསུང་སྒྲ་གདངས་ཀྱི་མཚན། །གང་གིས་ཐོབ་པར་འགྱུར་བ་མཉན་པར་གྱིས། །ཚིག་རྩུབ་དང་ནི་ཀྱལ་པ་རྣམ་སྤངས་པས། །དེ་བཞིན་གཤེགས་པའི་མཚན་ནི་ཐོབ་པར་འགྱུར། །ཞེས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། ཚིག་རྩུབ་སྤངས་པས་མགྲིན་པར་རྣམ་སྨིན་གྱི་ངོ་བོར་གྱུར་པའི་འབྱུང་བ་ཞིག་གྲུབ་ལ། དེ་ལས་ཚངས་པའི་དབྱངས་འབྱུང་བ་ལ་དགོངས་པའི་ཕྱིར། རྒྱུ་མཐུན་ལས་བྱུང་བ་དང་རྣམ་སྨིན་ལས་སྐྱེས་པ་གཉིས་ཀའི་ཆ་ཅི་རིགས་པར་ཡོད་པ་ནི་ཁམས་ཐོགས་པ་མེད་པ་བརྒྱད་པོ་རྣམས་ཡིན་ཏེ། བརྒྱད་པོ་དེ་དག་ལས་སྐལ་བ་མཉམ་པ་དང་ཀུན་འགྲོའི་རྒྱུས་སྐྱེད་པ་རྣམས་ནི་རྒྱུ་མཐུན་ལས་བྱུང་བ་དང་རྣམ་སྨིན་གྱི་རྒྱུས་སྐྱེད་པ་རྣམས་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་པའི་ཕྱིར། དེ་དག་ལ་རྒྱས་བྱུང་ནི་མེད་དེ། རྡུལ་བསགས་པའི་ངོ་བོ་མ་ཡིན་ཞིང་ཐོགས་མེད་ཡིན་པས་རྒྱས་པར་འགྱུར་བ་མེད་པའི་ཕྱིར། ལྷག་མ་གཞན་གཟུགས་དྲི་རོ་རེག་བྱ་བཞི་ལ་ནི་བྱུང་བ་རྣམ་པ་གསུམ་ག་ཡོད་པ་ཡིན་ནོ། ། གཉིས་པ་དམིགས་བསལ་ནི། རྫས་དང་ལྡན་གཅིག་ཐ་མ་གསུམ། །སྐད་ཅིག་མ་སྟེ། ། ཞེས་པས་བསྟན། ཁམས་བཅོ་བརྒྱད་ལས་རྟག་བརྟན་གྱི་རྫས་དང་ལྡན་པ་ནི་འདུས་མ་བྱས་ཀྱི་ཆོས་གཅིག་པོ་ཡིན་ནོ། །ཁམས་བཅོ་བརྒྱད་ལས་ཐ་མ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་མ་དང་པོའི་ཚོགས་པ་ན་ཡོད་པའི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་ཟག་མེད་གསུམ་ནི་རྒྱུ་མཐུན་ལས་མ་བྱུང་བའི་སྐད་ཅིག་མ་ཡིན་ཏེ། དེའི་སྔ་རོལ་དུ་རང་དང་མཐུན་པའི་ཟག་མེད་ཀྱི་ལམ་མེད་པའི་ཕྱིར། འདིས་ནི། རྒྱུ་མཐུན་ལས་གྱུར་རྣམ་སྨིན་སྐྱེས། །ཐོགས་པ་མེད་བརྒྱད། ཅེས་བྱ་བའི་དམིགས་བསལ་སྟོན་ཏེ། ཟག་མེད་སྐད་ཅིག་དང་པོའི་ཡིད་སོགས་གསུམ་དང་ཆོས་ཁམས་འདུས་མ་བྱས་ནི་བྱུང་བ་གསུམ་ག་མ་ཡིན་པའི་ཕྱིར་རོ། །དེའང་སྡུག་བསྔལ་ཆོས་བཟོད་དང་མཚུངས་ལྡན་གྱི་སེམས་ནི་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་འཇོག་སྟེ། རང་རང་གི་བྱ་བའི་ཆ་ནས་འཇོག་པའི་ཕྱིར། ཚོར་འདུ་སོགས་མཚུངས་ལྡན་རྣམས་དང་ཐོབ་པ་དང་སྐྱེ་སོགས་དང་ཟག་མེད་ཀྱི་སྡོམ་པ་ནི་ཆོས་ཀྱི་ཁམས་སོ། ། དྲུག་པ་ཐོབ་པའི་ཁྱད་པར་ནི། མིག་དང་ནི། ། རྣམ་ཤེས་ཁམས་དག་སོ་སོ་དང༌། །ལྷན་ཅིག་ཏུ་ཡང་ཐོབ་པ་ཡོད། ། ཅེས་པས་བསྟན། གང་གི་མིག་ཁམས་གསར་དུ་ཐོབ་པ་དེས་མིག་གི་རྣམ་ཤེས་ཀྱང་གསར་དུ་ཐོབ་བམ་ཞེ་ན། མིག་དང་ནི་རྣམ་པར་ཤེས་པའི་ཁམས་དག་སོ་སོར་ཕྱེ་བས་འདི་ལ་མུ་བཞི་སྟེ། མིག་གསར་དུ་ཐོབ་ལ་མིག་གི་རྣམ་ཤེས་གསར་དུ་མ་ཐོབ་པ་དང༌། ཕྱི་མ་ཐོབ་ལ་སྔ་མ་གསར་དུ་མ་ཐོབ་པ། གཉིས་ཀ་ལྷན་ཅིག་ཏུ་ཡང་ཐོབ་པ་དང༌། གཉིས་ཀ་གསར་དུ་མ་ཐོབ་པ་དང་བཞིར་ཡོད་པའི་ཕྱིར། དང་པོ་ནི་གཟུགས་མེད་ནས་ཚེ་འཕོས་ཏེ་བསམ་གཏན་གཉིས་གསུམ་བཞི་པ་གང་རུང་དུ་སྐྱེས་པ་ལྟ་བུ། གཉིས་པ་ནི་བསམ་གཏན་གཉིས་པ་ནས་འདོད་པར་སྐྱེས་པ་ལྟ་བུ། གསུམ་པ་ནི་གཟུགས་མེད་ནས་འདོད་པར་སྐྱེས་པ་ལྟ་བུ། བཞི་པ་ནི་གཟུགས་མེད་ནས་གཟུགས་མེད་དུ་སྐྱེས་པ་ལྟ་བུའོ། །ཡང་སྒྲས་ནི་ཞར་འོངས་འདི་རྣམས་བསྡུས་ཏེ། རྣ་བ་དང༌། །རྣམ་ཤེས་ཁམས་དག་སོ་སོ་དང༌། །ལྷན་ཅིག་ཏུ་ཡང་ཐོབ་པ་ཡོད། །ཅེས་སོགས་བསྒྲེ་བར་བྱའོ། ། བདུན་པ་ཕྱི་ནང་ལ་སོགས་པའི་དབྱེ་བ་ལ། ཕྱི་ནང་གི་རྣམ་པ། རྟེན་བཅས་དེ་མཚུངས་ཀྱི། མཐོང་སྤང་སོགས་ཀྱི། ལྟ་བ་ཡིན་མིན་གྱི། རྣམ་ཤེས་གང་གི་ཡུལ་ཡིན་པ། རྟག་མི་རྟག་གི །དབང་པོ་ཡིན་མིན་གྱི་རྣམ་པའོ། །དང་པོ་ནི། ནང་གི་བཅུ་གཉིས་གཟུགས་ལ་སོགས། །མ་གཏོགས། ཞེས་པས་བསྟན། འོ་ན་ཁམས་བཅོ་བརྒྱད་ལས་ནང་དང་ཕྱིའི་ཁམས་ཡིན་པ་དུ་ཞེ་ན། ཁམས་བཅོ་བརྒྱད་ལས་ནང་གི་ཁམས་ཡིན་པ་ནི་བཅུ་གཉིས་ཡོད་དེ་གཟུགས་ལ་སོགས་པ་ཕྱི་རོལ་གྱི་ཁམས་དྲུག་པོ་མ་གཏོགས་པ་རྣམས་སོ། ། གཉིས་པ་རྟེན་བཅས་དེ་མཚུངས་ཀྱི་རྣམ་པ་ལ། དངོས་དང༌། དེ་མཚུངས་ཀྱི་དོན་ཏོ། །དང་པོ་ནི། ཆོས་ཞེས་བྱ་བ་ནི། །བརྟེན་པ་དང་བཅས་ལྷག་མ་ནི། ། དེ་དང་མཚུངས་པ་དག་ཀྱང་ཡིན། ། ཞེས་པས་བསྟན། དེ་དག་ལས་རྟེན་བཅས་དང་དེ་མཚུངས་ཡིན་པ་དུ་ཞེ་ན། ཁམས་བཅོ་བརྒྱད་ལས་ཆོས་ཀྱི་ཁམས་ཞེས་བྱ་བ་ནི་བརྟེན་པ་དང་བཅས་པ་ཁོ་ན་ཡིན་ཏེ། འཕགས་པའམ་སོ་སོ་སྐྱེ་བོ་གང་གི་ཡིད་ཀྱི་རྣམ་ཤེས་སྐྱེ་བའི་བྱ་བ་བྱེད་པ་ལ་ངེས་པར་བརྟེན་པས་ཁྱབ་པའི་ཕྱིར། འདིའི་ལུགས་ལ་རང་རིག་མི་འདོད་པས་ཆོས་ཐམས་ཅད་བདག་མེད་དོ་སྙམ་པའི་ཡིད་ཡུལ་དུ་ནི་སྐད་ཅིག་མ་གཅིག་ལ་རང་གི་ཤེས་པ་དང་དེ་དང་ལྷན་ཅིག་འབྱུང་བའི་ཚོགས་པ་མ་གཏོགས་ཐམས་ཅད་འགྱུར་བའི་ཕྱིར་ཞེས་འདོད་དེ། རང་རིག་འདོད་ན་ནི་རང་གི་ཤེས་པ་དེ་ཡང་དེ་ཉིད་ཀྱི་ཡུལ་དུ་འགྱུར་མོད་ཀྱང༌། འདིར་མི་འདོད་པ་ནི་བྱེ་སྨྲའི་གྲུབ་མཐའ་ཡིན་ནོ། །ཁམས་ལྷག་མ་བཅུ་བདུན་པོ་རྣམས་ནི་དེ་དང་མཚུངས་པ་དག་ཀྱང་ཡིན་ལ། ཀྱང་སྒྲས་རྟེན་བཅས་ཀྱང་ཡོད་པར་བསྟན་ཏོ། ། གཉིས་པ་དེ་མཚུངས་ཀྱི་དོན་ནི། གང་ཞིག་རང་གི་ལས་མི་བྱེད། ། ཅེས་པས་བསྟན། རྟེན་བཅས་དང་དེ་མཚུངས་ཀྱི་ཁྱད་པར་ཇི་ལྟ་བུ་ཞེ་ན། ཁམས་གང་ཞིག་རང་གི་ལས་སམ་བྱ་བ་མི་བྱེད་པ་དེ་ནི་དེ་མཚུངས་ཡིན་ལ། དེ་ལས་ཟློག་པ་ནི་བརྟེན་བཅས་སོ། །དེ་ཡང་རྟེན་བཅས་ནི་མིག་གིས་གཟུགས་བལྟས་པ་དང༌། ལྟ་བ་དང༌། ལྟ་བར་འགྱུར་བ་ནི་རྟེན་དང་བཅས་པ་ཡིན་པ་ནས་ལུས་ཀྱི་བར་དུ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་མཚུངས་ནི་མིག་གང་གིས་གཟུགས་མ་མཐོང་བར་འགགས་པ་དང༌། འགག་བཞིན་པ་དང༌། འགག་པར་འགྱུར་བ་དང༌། མི་སྐྱེ་བའི་ཆོས་ཅན་དང་བཞི་ཡིན་ནོ་ཞེས་ཁ་ཆེ་བ་དག་ཟེར་ལ། ནུབ་ཕྱོགས་པ་ནི་མི་སྐྱེ་བའི་ཆོས་ཅན་ལ་རྣམ་ཤེས་དང་ལྡན་མི་ལྡན་གཉིས་ཡོད་པས་ལྔར་འགྱུར་རོ་ཞེས་ཟེར་རོ། །དེ་ལྟར་གཟུགས་སོགས་ཕྱིའི་ཁམས་ལྔ་ལའང་སྦྱར་རོ། །སེམས་ཁམས་བདུན་ལའང་དེ་གཉིས་ཀའི་ཆ་ཡོད་ཅིང་མིག་ནས་ཡིད་ཀྱི་བར་ཁམས་དྲུག་ནི་སྐྱེས་བུ་གཉིས་ཀྱི་མིག་གཅིག་གིས་ལྟ་བ་སོགས་བྱེད་པ་མི་སྲིད་པས་གང་གཅིག་གི་རྟེན་བཅས་དང་དེ་མཚུངས་ཡིན་པ་དེ་ཐམས་ཅད་ཀྱིས་ཀྱང་རྟེན་བཅས་དང་དེ་མཚུངས་ཡིན་ལ། གཟུགས་ནས་རེག་བྱའི་བར་ཁམས་ལྔ་ནི་བྲོ་གར་སོགས་ལ་གཅིག་ལྟ་བར་བྱེད་པ་ལ་གཞན་མང་པོ་ཡང་ལྟ་བ་སོགས་བྱེད་སྲིད་པས་ཐུན་མོང་བ་ཡིན་པས་གང་ཞིག་ལྟ་སོགས་བྱེད་པ་དེ་ལ་བལྟོས་ནས་རྟེན་བཅས་དང༌། གང་ཞིག་ལྟ་སོགས་མི་བྱེད་པ་དེའི་བལྟོས་ནས་དེ་མཚུངས་ཡིན་ནོ། །དེས་ན་མིག་སོགས་ནི་ཐུན་མོང་མིན་པས་རྒྱུད་གཅིག་གི་དབང་གིས་བཞག་ལ། གཟུགས་སོགས་ལྔ་ནི་ཐུན་མོང་བ་ཡིན་པས་རྒྱུད་དུ་མའི་དབང་གིས་རྣམ་པར་བཞག་གོ །དེ་ལ་ནང་གི་ཁམས་དྲུག་གི་ལས་ནི་ཡུལ་གྱི་ཡུལ་ཅན་དང་རྣམ་ཤེས་ཀྱི་རྟེན་བྱེད་པ་དང༌། ཡུལ་གྱི་ཁམས་དྲུག་གི་ལས་ནི་དབང་པོའི་ཡུལ་དང་རྣམ་ཤེས་ཀྱི་དམིགས་ཡུལ་བྱེད་པ་དང༌། རྣམ་ཤེས་ཀྱི་ཁམས་དྲུག་གི་ལས་ནི་དབང་པོ་ལ་བརྟེན་པ་དང་ཡུལ་གྱི་ཡུལ་ཅན་བྱེད་པ་ཡིན་པས་ལས་དེ་དག་བྱེད་པ་དང་མི་བྱེད་པ་ནི་རྟེན་བཅས་དང་དེ་མཚུངས་ཡིན་ཞིང་དེ་དག་མི་སྐྱེ་བའི་ཆོས་ཅན་ནི་དེ་མཚུངས་དང་སྐྱེས་པ་དང་སྐྱེ་འགྱུར་ནི་རྟེན་བཅས་སོ། །གོང་མ་བ་ནི་དབང་པོ་ལྔ་ཁོ་ན་ལ་རྟེན་བཅས་དང་དེ་མཚུངས་གཉིས་གཉིས་བྱེད་ཀྱི་གཞན་ལ་ནི་མ་ཡིན་ནོ། ། གསུམ་པ་མཐོང་སྤང་སོགས་ཀྱི་རྣམ་པ་ལ། དངོས་དང༌། གནས་མ་བུའི་འདོད་པ་དགག་པའོ། །དང་པོ་ནི། བཅུ་ནི་སྒོམ་པས་སྤང་བྱ་ཡིན། །ལྔ་ཡང་ཐ་མ་གསུམ་རྣམ་གསུམ། ། ཞེས་པས་བསྟན། འོ་ན་དེ་དག་ལས་མཐོང་སྤང་དང་སྒོམ་སྤང་དང་སྤང་བྱ་མ་ཡིན་པ་དུ་ཞེ་ན། གཟུགས་ཅན་བཅུ་ནི་གཅིག་ཏུ་སྒོམ་པས་སྤང་བྱ་ཡིན་ལ། རྣམ་ཤེས་དང་པོ་ལྔ་ཡང་སྒོམ་པས་སྤང་བར་བྱ་བ་ཡིན་ཏེ། ཟག་བཅས་ཡིན་པས་སྤང་བྱ་ཡིན་ལ་སྔ་མ་བཅུ་གཟུགས་ཡིན་པ་དང༌། ཕྱི་མ་ལྔ་ཁ་ཕྱི་རོལ་ཏུ་ལྟ་བ་ཡིན་པས་མཐོང་སྤང་མ་ཡིན་པའི་ཕྱིར། ཁམས་ཐ་མ་གསུམ་ལ་རྣམ་པ་དེ་གསུམ་གའི་ཆ་ཡོད་དེ། ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་མཚུངས་ལྡན་ཐོབ་པ་དང་བཅས་པ་རྣམས་མཐོང་སྤང་དང༌། དེ་དག་ལས་གཞན་པའི་ཟག་བཅས་རྣམས་ནི་སྒོམ་སྤང་དང༌། ཟག་མེད་ཀྱི་ཆ་རྣམས་ནི་སྤང་བྱ་མ་ཡིན་པའི་ཕྱིར་རོ། ། གཉིས་པ་གནས་མ་བུའི་འདོད་པ་དགག་པ་ནི། ཉོན་མོངས་ཅན་མིན་མཐོང་སྤང་མིན། །གཟུགས་མིན་དྲུག་པ་མིན་སྐྱེས་མིན། ། ཞེས་པས་བསྟན། གནས་མ་བུ་པས། སོ་སོ་སྐྱེ་བོ་དང་ངན་སོང་བའི་ལུས་ངག་གི་ལས་མཐོང་སྤང་ཡིན་ཏེ། མཐོང་ལམ་ཐོབ་པ་ན་འགག་པའི་ཕྱིར་ཞེས་སྨྲའོ། །སོ་སོ་སྐྱེ་བོ་ནི་ཉོན་མོངས་ཅན་མིན་པའི་མ་བསྒྲིབས་ལུང་མ་བསྟན་ཡིན་པའི་ཕྱིར་མཐོང་སྤང་མིན་ནོ། །ཕྱོགས་ཆོས་གྲུབ་སྟེ་སོ་སོ་སྐྱེ་བོ་ལམ་བདེན་གྱི་མ་ཐོབ་པ་དེ་དགེ་བ་ཡིན་ན་དགེ་རྩ་ཆད་པ་ལ་མི་ལྡན་པར་འགྱུར་ཞིང་ཉོན་མོངས་པ་ཅན་ཡིན་ན་སོ་སོ་སྐྱེ་བོ་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བ་སོ་སོ་སྐྱེ་བོ་མ་ཡིན་པར་འགྱུར་བས་དེ་ལྟ་མ་ཡིན་པའི་ཕྱིར་མ་བསྒྲིབས་ལུང་མ་བསྟན་ཡིན་པར་གྲུབ་ལ། ཁྱབ་པ་ནི་དཔེ་བུམ་པའི་སྟེང་དུ་གྲུབ་ཅིང་མི་མཐུན་ཕྱོགས་མཐོང་སྤང་ནི་ཉོན་མོངས་ཅན་དུ་ངེས་སོ། །ངན་སོང་བའི་ལུས་ངག་གི་ལས་རྣམས་ནི་གཟུགས་ཅན་ཡིན་པའི་ཕྱིར་མཐོང་སྤང་མིན་ནོ། །འདིར་བྲལ་སྤང་གཉིས་ལ་མུ་བཞི་ཡོད་པ་ལས། དང་པོ་བྲལ་ལ་མ་སྤངས་པ་ནི་མཐོང་ལམ་ཐོབ་པ་ན་སོ་སོ་སྐྱེ་བོ་ལྟ་བུའོ། །གཉིས་པ་ནི་དགྲ་བཅོམ་པའི་དབང་པོ་གཟུགས་ཅན་ལྟ་བུའོ། །གསུམ་པ་ནི་མཐོང་ལམ་ཐོབ་པ་ན་མཐོང་སྤང་ལྟ་བུའོ། །བཞི་པ་ནི་དེ་དག་མ་གཏོགས་པའི་ལམ་ཟག་མེད་དང་འདུས་མ་བྱས་ལྟ་བུའོ། །དྲུག་པ་ཡིད་ཀྱི་རྣམ་ཤེས་མིན་པ་སྒོ་ལྔའི་རྣམ་ཤེས་སྐྱེས་པ་འཁོར་དང་བཅས་པའང་མཐོང་སྤང་མིན་ཏེ། དེ་དག་ཡིད་ཀྱི་སྐྱེ་མཆེད་ལས་སྐྱེས་པའི་ས་པ་མིན་ཞིང་ཁ་ཕྱིར་བལྟས་པས་ཞུགས་པའི་ཕྱིར། བཞི་པ་ལྟ་བ་ཡིན་མིན་གྱི་རྣམ་པ་ལ། དངོས་དང༌། དེ་ལས་འཕྲོས་པའི་དོན་ཏོ། །དང་པོ་ནི། མིག་དང་ཆོས་ཀྱི་ཁམས་ཕྱོགས་ནི། །ལྟ་བ་ཡིན་ཏེ་རྣམ་པ་བརྒྱད། ། ཅེས་པས་བསྟན། འོ་ན་དེ་དག་ལས་ལྟ་བ་དང་ལྟ་བ་མ་ཡིན་པ་དུ་ཞེ་ན། མིག་གི་ཕྱོགས་གཅིག་རྟེན་བཅས་ཀྱི་མིག་དང་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ལྟ་བ་ཉོན་མོངས་ཅན་ལྔ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་སློབ་པའི་ལྟ་བ་མི་སློབ་པའི་ལྟ་བ་རྣམས་ནི་ལྟ་བ་ཡིན་ཏེ་ལྟ་བ་རྣམ་པ་བརྒྱད་དོ། ཁམས་བཅུ་དྲུག་དང་དེ་མཚུངས་ཀྱི་མིག་དང་ཆོས་ཁམས་ཀྱི་ཕྱོགས་ལྷག་མ་རྣམས་ལྟ་བ་མ་ཡིན་ནོ། །ལྟ་བ་ཉོན་མོངས་ཅན་ལྔ་ནི་འོག་ནས་འཆད་དོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ནི་ཡིད་ཤེས་དང་མཚུངས་ལྡན་གྱི་ཤེས་རབ་དགེ་བ་ཟག་བཅས་ཤིག་ལ་བྱེད། ཕྱི་མ་གཉིས་ནི་སློབ་པའི་དང་མི་སློབ་པའི་ཟག་མེད་ཀྱི་ལྟ་བ་རྣམས་ལ་བྱེད། གཉིས་པ་དེ་ལས་འཕྲོས་པའི་དོན་ལ། དབང་པོའི་ཤེས་རབ་ལྟ་བ་ཡིན་པ་དགག །མིག་ལྟ་བ་ཡིན་པར་སྒྲུབ། །དབང་པོས་ཡུལ་འཛིན་པའི་ཁྱད་པར། རྟེན་གྱི་དུས་ངེས་པ། རྟེན་དང་བརྟེན་པའི་རྒྱུ་མཚན། དབང་ཡུལ་རྣམ་ཤེས་དང་རྟེན་གྱི་ས་པའི་ངེས་པའོ། །དང་པོ་ནི། རྣམ་ཤེས་ལྔ་དང་མཚུངས་སྐྱེས་བློ། །ངེས་རྟོག་མེད་ཕྱིར་ལྟ་མ་ཡིན། ། ཞེས་པས་བསྟན། ཅིའི་ཕྱིར་ཡིད་ཤེས་དང་མཚུངས་ལྡན་ཁོ་ན་ལ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཞེས་བྱ་ཞེ་ན། སྒོ་ལྔའི་རྣམ་ཤེས་ལྔ་དང་མཚུངས་ལྡན་དུ་སྐྱེས་པའི་དགེ་བའི་བློ་ཤེས་རབ་ནི་ཡུལ་ལ་ངེས་པར་སེམས་པ་ལ་ཞུགས་ཏེ་རྟོག་པ་མེད་པའི་ཕྱིར་ལྟ་བ་མ་ཡིན་ནོ། ། གཉིས་པ་མིག་ལྟ་བ་ཡིན་པར་སྒྲུབ་པ་ལ། དངོས་དང༌། དོགས་པ་གཅོད་པའོ། །དང་པོ་ནི། མིག་གིས་གཟུགས་རྣམས་མཐོང༌། ། ཞེས་པས་བསྟན། འོ་ན་མིག་ཀྱང་རྟོག་པ་མེད་པས་ལྟ་བར་མི་འགྱུར་ཞེ་ན། རྟེན་བཅས་ཀྱིས་མིག་གིས་གཟུགས་རྣམས་མཐོང་བའི་ཕྱིར་དེ་ལྟ་བ་ཡིན་ནོ། ། གཉིས་པ་དོགས་གཅོད་ལ། ཐམས་ཅད་ཀྱིས་མཐོང་མི་མཐོང་དཔྱད། མིག་དང་མིག་ཤེས་གང་གིས་མཐོང་དཔྱད། མིག་གཉིས་ཀས་མཐོང་མི་མཐོང་དཔྱད་པའོ། །དང་པོ་ནི། རྟེན་བཅས། ། ཞེས་པས་བསྟན། འོ་ན་མིག་ཐམས་ཅད་ཀྱིས་མཐོང་བར་འགྱུར་རམ་ཞེ་ན། རྟེན་བཅས་ཀྱི་མིག་གིས་མཐོང་གི་དེ་མཚུངས་ཀྱི་མིག་གིས་ནི་མ་ཡིན་ནོ། གཉིས་པ་ནི། དེ་ལ་བརྟེན་པའི་རྣམ་ཤེས་མིན། །གང་ཕྱིར་བར་དུ་ཆོད་པ་ཡི། །གཟུགས་ནི་མཐོང་བ་མིན་ཕྱིར་ལོ། ། ཞེས་པས་བསྟན། འོ་ན་བརྟེན་པ་རྣམ་ཤེས་ཁོ་ནས་མཐོང་བར་འགྱུར་རོ་ཞེ་ན། མིག་དེ་ལ་བརྟེན་པའི་རྣམ་ཤེས་ཁོ་ནས་གཟུགས་མཐོང་བ་མིན་ཏེ། གང་གི་ཕྱིར་དེས་མཐོང་ན་དེ་ནི་ཐོགས་མེད་ཡིན་པས་རྩིག་སོགས་ཀྱིས་བར་དུ་ཆོད་པ་ཡི་གཟུགས་མཐོང་དགོས་པ་ལས་དེ་ནི་མཐོང་བ་མིན་པའི་ཕྱིར། ལོ་ཞེས་པ་ནི་བྱེ་སྨྲའི་ལུགས་ལ་སློབ་དཔོན་མ་རངས་པའི་ཚིག་སྟེ། བྱེ་སྨྲ་ཕྱི་མ་ནི་མིག་གི་རྣམ་ཤེས་ཀྱིས་མཐོང་ཞིང་དབང་པོས་མཐོང་བ་མ་ཡིན་པར་བཞེད་ཅིང༌། མིག་དབང་གིས་མཐོང་བ་སོགས་ལ་སྐྱོན་བརྗོད་དུ་མ་མཛད་དོ། །མདོ་སྡེ་པ་ནི་མིག་དང་གཟུགས་ལ་བརྟེན་ནས་མིག་ཤེས་སྐྱེས་པ་ལ་གཟུགས་མཐོང་ཞེས་ཐ་སྙད་གདགས་པའི་དོན་དུ་འདུན་པའི་སྒོ་ནས་མིག་གིས་མཐོང་ངོ་རྣམ་པར་ཤེས་པས་རྣམ་པར་ཤེས་སོ་ཞེས་མངོན་པར་འདོགས་པར་བྱེད་པས་འདི་ལ་མངོན་པར་ཞེན་པར་མི་བྱའོ་ཞེས་འཆད་པར་བྱེད། གསུམ་པ་མིག་གཉིས་ཀས་མཐོང་མི་མཐོང་དཔྱད་པ་ནི། མིག་ནི་གཉིས་ཀ་དག་གིས་ཀྱང༌། །མཐོང་སྟེ་གསལ་བར་མཐོང་ཕྱིར་རོ། ། ཞེས་པས་བསྟན། ཅི་མིག་གཅིག་གིས་མཐོང་ངམ་གཉིས་ཀས་མཐོང་ཞེ་ན། མིག་ནི་གཉིས་ཀ་དག་གིས་ཀྱང་མཐོང་སྟེ་མིག་གཅིག་གིས་མཐོང་བ་ན་མི་གསལ་བ་ལས་གཉིས་ཀ་ཕྱེ་བ་ན་སྔར་བས་ཀྱང་གསལ་བར་མཐོང་བའི་ཕྱིར་རོ། །ཀྱང་ཞེས་པས་གང་རུང་རེས་ཀྱང་མཐོང་རུང་ཞེས་པའོ། ། གསུམ་པ་དབང་པོས་ཡུལ་འཛིན་པའི་ཁྱད་པར་ལ། ཕྲད་མ་ཕྲད་དང༌། མཉམ་མི་མཉམ་མོ། །དང་པོ་ནི། མིག་དང་ཡིད་དང་རྣ་བ་ནི། །ཡུལ་དང་མ་ཕྲད་གསུམ་གཞན་དུ། ། ཞེས་པས་བསྟན། འོ་ན་དབང་པོ་དྲུག་གིས་ཡུལ་དང་ཕྲད་ནས་སམ་མ་ཕྲད་པར་འཛིན་ཞེ་ན། མིག་དང་ཡིད་དང་རྣ་བ་གསུམ་གྱིས་ནི་ཡུལ་དང་མ་ཕྲད་པར་འཛིན་པ་ཡིན་ཏེ། མིག་རྣ་གཉིས་ཀྱིས་ཐག་རིང་པོ་ན་གནས་པའི་གཟུགས་དང་སྒྲ་མཐོང་ཞིང་ཐོས་ལ། ཡིད་ནི་གཟུགས་ཅན་མ་ཡིན་པས་ཕྲད་པ་མི་སྲིད་པའི་ཕྱིར། སྣ་ལྕེ་ལུས་གསུམ་གྱིས་ནི་མ་ཕྲད་པ་ལས་གཞན་དུ་ཡུལ་དང་ཕྲད་ནས་འཛིན་པ་ཡིན་ཏེ། དབུགས་མ་རྔུབས་པར་དྲི་མི་འཛིན་ཞིང་རྒྱང་རིང་པོའི་རོ་རེག་མི་འཛིན་པར་གྲུབ་པའི་ཕྱིར། ཕྲད་མ་ཕྲད་ཀྱི་དོན་ནི་རྡུལ་འདབ་འབྱོར་བ་དང་མ་འབྱོར་བ་ལ་འདོད་དོ། ། གཉིས་པ་མཉམ་མི་མཉམ་ནི། སྣ་ལ་སོགས་པ་གསུམ་གྱིས་ནི། །ཡུལ་ནི་མཉམ་པ་འཛིན་པར་འདོད། ། ཅེས་པས་བསྟན། ཅི་མིག་ལ་སོགས་པ་འདི་དག་གིས་ཡུལ་རང་དང་ཚད་མཉམ་པ་ཞིག་འཛིན་ནམ་མི་མཉམ་པ་ཞིག་འཛིན་ཞེ་ན། སྣ་དང་ལ་སོགས་པ་ལྕེ་དང་ལུས་གསུམ་གྱིས་ནི་རང་རང་དང་ཕྲད་པ་འཛིན་པས་ཡུལ་ནི་མཉམ་པ་འཛིན་པའི་འདོད་དེ། དབང་པོའི་རྒྱ་དང་ཇི་ཙམ་ཕྲད་པའི་ཡུལ་འཛིན་ལ། མིག་རྣ་ཡིད་གསུམ་གྱིས་ནི་རང་དང་ཚད་མཉམ་པ་འཛིན་པའི་ངེས་པ་མེད་དེ། མིག་གིས་རང་དང་ཆེ་མཉམ་ཆུང་གསུམ་གྱི་གཟུགས་འཛིན་པ་དང༌། རྣ་བས་ཀྱང་སྒྲ་ཆེ་འབྲིང་ཆུང་གསུམ་ཐོས་པ་དང༌། ཡིད་ནི་ལུས་ཅན་མིན་པས་ཚད་ཡོངས་སུ་ཆད་པ་མེད་པའི་ཕྱིར། བཞི་པ་རྟེན་གྱི་དུས་ངེས་པ་ནི། ཐ་མའི་རྟེན་འདས་ལྔ་རྣམས་ཀྱི། །དེ་དང་ལྷན་ཅིག་སྐྱེས་པའང་ཡིན། ། ཞེས་པས་བསྟན། ཇི་ལྟར་མིག་ལ་སོགས་པའི་ཡུལ་ད་ལྟར་བ་ཡིན་ལ། ཡིད་ཀྱི་ཡུལ་དུས་གསུམ་ག་ཡིན་པ་བཞིན་དུ་རྟེན་ཡང་དེ་ལྟར་ངེས་སམ་ཞེ་ན། མ་ཡིན་ཏེ། རྣམ་པར་ཤེས་པའི་ཁམས་དྲུག་པོ་དེ་དག་ལས་ཐ་མ་ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་ནི་འདས་མ་ཐག་པའི་ཡིད་ཁོ་ན་ཡིན་གྱི་ད་ལྟར་བ་དང་མ་འོངས་པ་ནི་མ་ཡིན་ནོ། རྣམ་ཤེས་ཀྱི་ཁམས་དང་པོ་ལྔ་པོ་རྣམས་ཀྱི་རྟེན་ནི་མིག་སོགས་རྣམ་ཤེས་དེ་དག་དང་ལྷན་ཅིག་སྐྱེས་པ་ད་ལྟར་བ་ཡིན་ནོ། །འང་སྒྲས་འདས་མ་ཐག་པའི་ཡིད་ཀྱང་ཡིན་ནོ་ཞེས་སོ། ། ལྔ་པ་རྟེན་དང་བརྟེན་པའི་རྒྱུ་མཚན་ལ། རྟེན་ཉིད་དུ་འཇོག་པའི་རྒྱུ་མཚན་དང༌། རྣམ་ཤེས་རྟེན་གྱིས་ཁྱད་པར་དུ་བྱེད་པའི་རྒྱུ་མཚན་ནོ། །དང་པོ་ནི། དེ་དག་གྱུར་པས་འགྱུར་ཉིད་ཕྱིར། །རྟེན་ནི་མིག་ལ་སོགས་པ་ཡིན། ། ཞེས་པས་བསྟན། རྣམ་ཤེས་དེ་དབང་པོ་དང་ཡུལ་གཉིས་ཀ་ལས་སྐྱེས་ན་དབང་པོ་ཁོ་ན་རྟེན་དུ་འཇོག་པ་ཅིའི་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། མིག་ལ་སོགས་པའི་དབང་པོ་དེ་དག་གྱུར་པས་རྣམ་ཤེས་འགྱུར་བ་ཉིད་ཀྱི་ཕྱིར་ཏེ། དབང་པོ་རྣམས་ལ་སྡུག་བསྔལ་སོགས་ཀྱིས་ཕན་གནོད་དང་བདེ་སྡུག་དང་གསལ་མི་གསལ་བྱེད་ནུས་ལ། གཟུགས་སོགས་གྱུར་པས་ནི་རྣམ་ཤེས་དེ་དག་འགྱུར་བར་མ་ངེས་པའི་ཕྱིར་རོ། །དེས་ན་མིག་ཤེས་ལ་སོགས་པའི་རྟེན་ནི་མིག་ལ་སོགས་པ་ཡིན་ནོ། ། གཉིས་པ་རྣམ་ཤེས་རྟེན་གྱིས་ཁྱད་པར་དུ་བྱེད་པའི་རྒྱུ་མཚན་ནི། དེ་ཕྱིར་ཐུན་མོང་མ་ཡིན་ཕྱིར། །དེ་དག་གིས་ནི་རྣམ་ཤེས་བསྟན། ། ཞེས་པས་བསྟན། ཡང་དབང་ཡུལ་གཉིས་ཀས་བསྐྱེད་ན་དབང་ཤེས་ཞེས་བརྗོད་ཀྱི་ཡུལ་ཤེས་ཞེས་མི་བརྗོད་པ་ཅི་ཞེ་ན། མིག་ཤེས་སོགས་ཀྱི་རྟེན་དབང་པོ་དེ་དག་ཁོ་ན་ཡིན་པ་དེའི་ཕྱིར་རྒྱལ་པོའི་མི་བཞིན་དང་རྒྱུད་གཅིག་ལ་བལྟོས་ནས་ཀྱང་གཟུགས་ནི་མིག་ཤེས་དང་ཡུལ་ཤེས་ཀྱི་ཐུན་མོང་དང་མིག་ནི་མིག་ཤེས་ཁོ་ནའི་ཐུན་མོང་མིན་པའི་རྒྱུ་ཡིན་ལ། །གཟུགས་ནི་རྒྱུད་གཞན་གྱི་ཡང་མིག་ཤེས་ཀྱི་རྒྱུ་དང་མིག་ནི་རྒྱུད་གཅིག་ཁོ་ནའི་མིག་ཤེས་ཀྱི་རྒྱུ་ཡིན་པས་ཐུན་མོང་མ་ཡིན་པའི་ཕྱིར་དབང་པོ་དེ་དག་གིས་ནི་སྒོ་ནས་མིག་གི་རྣམ་ཤེས་སོགས་སུ་བསྟན་ཏེ་ནས་ཀྱི་མྱུ་གུ་དང་རྔའི་སྒྲ་ཞེས་པ་ལྟ་བུའོ། ། དྲུག་པ་དབང་ཡུལ་རྣམ་ཤེས་དང་རྟེན་གྱི་ས་པའི་ངེས་པ་ལ། མིག་ལ་དངོས་སུ་སྦྱར་བ། རྣ་བ་དེ་དང་མཚུངས་པར་བསྟན་པ། སྣ་ལྕེ་ལུས་གསུམ་གྱི་ངེས་པ། ཡིད་ངེས་མེད་དུ་བསྟན་པའོ། །དང་པོ་ནི། ལུས་ལ་འོག་མའི་མིག་མ་ཡིན། །མིག་གིས་གོང་མའི་གཟུགས་མ་ཡིན། ། རྣམ་པར་ཤེས་པའང་དེ་ཡི་གཟུགས། །ལུས་ཀྱིའང་གཉིས་ཀ་ཐམས་ཅད་དུ། ། ཞེས་པས་བསྟན། ཡང་ལུས་གང་ལ་བརྟེན་ཏེ་མིག་གིས་གཟུགས་ལ་ལྟ་བ་ན་ཅི་ལུས་དང་མིག་དང་གཟུགས་དང་རྣམ་ཤེས་རྣམས་ས་གཅིག་པ་ཁོ་ནའམ་གཞན་གྱི་ས་པའང་ཡིན་ཞེ་ན། འདོད་ཁམས་པས་རང་གི་མིག་གིས་རང་གི་ས་པའི་གཟུགས་ལ་ལྟ་ན་བཞི་པོ་ཐམས་ཅད་རང་གི་ས་པ་ཡིན་ནོ། །འདོད་ཁམས་པ་དེ་ཉིད་ཀྱིས་རང་སའི་གཟུགས་ལ་བསམ་གཏན་དང་པོའི་མིག་གིས་ལྟ་ན་ལུས་གཟུགས་གཉིས་རང་གི་ས་པ་དང་རྣམ་ཤེས་དང་མིག་ནི་བསམ་གཏན་དང་པོའི་ས་པའོ། །དེས་བསམ་གཏན་དང་པོའི་གཟུགས་ལ་བལྟ་ན་གཟུགས་ཀྱང་བསམ་གཏན་དང་པོའི་ས་པའོ། །འདོད་པ་རང་གི་གཟུགས་ལ་བསམ་གཏན་གཉིས་པའི་མིག་གིས་ལྟ་ན་ལུས་དང་གཟུགས་ནི་འདོད་ཁམས་པ་རང་ས་ཡིན་ལ། མིག་ནི་གཉིས་པའི་ས་པ་ཡིན་ཞིང་མིག་ཤེས་ནི་བསམ་གཏན་དང་པོའི་ས་པའོ། །དེས་བསམ་གཏན་དང་པོའི་གཟུགས་ལ་ལྟ་ན་མིག་ཤེས་དང་གཟུགས་ནི་དང་པོའི་ས་པ་ཡིན་ལ། ལུས་ནི་འདོད་ཁམས་པ་དང་མིག་ནི་གཉིས་པའི་ས་པ་ཡིན་ནོ། །དེ་བཞིན་དུ་གཞན་རྣམས་ལའང་རྒྱས་པར་ཤེས་པར་བྱའོ། །ངེས་པ་ནི་འདི་ཡིན་ཏེ། ས་གོང་མའི་ལུས་ལ་ས་འོག་མའི་མིག་བརྟེན་པ་ནི་མ་ཡིན་ཏེ། རང་ས་ན་མིག་མཆོག་ཡོད་བཞིན་དུ་འོག་མ་དམན་པའི་མིག་མངོན་དུ་བྱས་པ་ལ་དགོས་པ་མེད་པའི་ཕྱིར། ས་འོག་མའི་མིག་གིས་གོང་མའི་གཟུགས་མཐོང་བར་ནུས་པ་མ་ཡིན་ཏེ། འོག་མའི་མིག་དེ་རགས་པ་དང་གོང་མའི་གཟུགས་དེ་ཕྲ་བ་ཡིན་པའི་ཕྱིར་རོ། །ས་གོང་མའི་མིག་གི་རྣམ་པར་ཤེས་པའང་འོག་མའི་མིག་ལ་བརྟེན་པ་མིན་ཏེ། གོང་མའི་རྣམ་ཤེས་མཆོག་ནི་འོག་མའི་མིག་དམན་པ་ལ་མི་བརྟེན་པའི་ཕྱིར། སེང་གེའི་འོ་མ་རྫ་ལ་མི་བརྟེན་པ་ལྟ་བུའོ། །བསམ་གཏན་དང་པོའི་མིག་ཤེས་དེའི་ཡུལ་དུ་ནི་གོང་འོག་དང་རང་སའི་གཟུགས་རིགས་ཐམས་ཅད་མངོན་དུ་འགྱུར་རོ། །ལུས་ཀྱིའང་གཟུགས་དང་མིག་ཤེས་གཉིས་ཀ་རང་ས་གོང་ས་འོག་ས་སྟེ་ས་གོང་འོག་ཐམས་ཅད་དུ་གཏོགས་པ་སྲིད་དོ། ། གཉིས་པ་རྣ་བ་དེ་དང་མཚུངས་པར་བསྟན་པ་ནི། རྣ་བའང་དེ་བཞིན། ། ཞེས་པས་བསྟན། མིག་ལ་བཤད་པ་ལྟར་རྣ་བ་ལའང་དེ་བཞིན་དུ་སྦྱར་བ་ནི། ཇི་སྐད་དུ། ལུས་ལ་འོག་མའི་རྣ་མ་ཡིན། རྣ་བས་གོང་མའི་སྒྲ་མ་ཡིན། །རྣམ་པར་ཤེས་པའང་དེ་ཡི་སྒྲ། །ལུས་ཀྱིའང་གཉིས་ཀ་ཐམས་ཅད་དུ། །ཞེས་སྦྱར་རོ། ། གསུམ་པ་སྣ་ལྕེ་ལུས་གསུམ་གྱི་ངེས་པ་ལ། སྤྱིར་བཏང་བ་དང༌། དམིགས་ཀྱིས་བསལ་བ་ལས། དང་པོ་ནི། གསུམ་དག་ནི། །ཐམས་ཅད་རང་གི་ས་པ་ཉིད། ། ཅེས་པས་བསྟན། སྣ་ལྕེ་ལུས་གསུམ་པོ་དེ་དག་གི་ཡུལ་དང་ལུས་དང་རྣམ་པར་ཤེས་པ་དག་ནི་ཐམས་ཅད་རང་གི་ས་པ་ཉིད་ཡིན་ནོ། ། གཉིས་པ་ནི། ལུས་ཀྱི་རྣམ་ཤེས་འོག་དང་ནི། །རང་གི་ས། ། ཞེས་པས་བསྟན། ཐམས་ཅད་དེ་ལྟར་ཡིན་ནམ་ཞེ་ན། དེ་ནི་སྤྱིར་བཏང་ཡིན་ལ་དམིགས་བསལ་ནི་བསམ་གཏན་གཉིས་པ་ཡན་ཆད་ཀྱི་རེག་བྱ་འཛིན་ན་ལུས་ཀྱི་རྣམ་ཤེས་ནི་འོག་མ་བསམ་གཏན་དང་པོའི་ས་པ་འདྲེན་པར་བྱེད་དོ། །དང་ནི་ཞེས་པ་འབྱེད་སྡུད་ཀྱི་ཚིག་གོ །འདོད་པ་དང་བསམ་གཏན་དང་པོ་བའི་རེག་བྱ་རེག་པ་ན་རང་གི་སའི་རྣམ་ཤེས་ཀྱིས་འཛིན་ཏོ། ། བཞི་པ་ཡིད་ངེས་མེད་དུ་བསྟན་པ་ནི། ཡིད་མ་ངེས་ཏེ། ། ཞེས་པས་བསྟན། ཡིད་ཀྱི་ཡུལ་དང་ལུས་དང་རྣམ་པར་ཤེས་པ་མ་ངེས་ཏེ། རེས་འགའ་ནི་ཐམས་ཅད་ས་མཚུངས་ལ་རེས་འགའ་ནི་འོག་ས་དང་གོང་ས་དག་ཡིན་པའི་ཕྱིར། རྒྱས་པར་སྙོམས་འཇུག་བསྟན་པར་འཆད་པས་ཤེས་པར་བྱའོ། ། ལྔ་པ་རྣམ་ཤེས་གང་གི་ཡུལ་ཡིན་པ་ནི། གཉིས་ཀྱིས་རྣམ་ཤེས་ཕྱི་ཡི་ལྔ། ། ཞེས་པས་བསྟན། ཁམས་བཅོ་བརྒྱད་པོ་དག་རྣམ་ཤེས་དྲུག་པོ་རང་གིས་ཤེས་པར་བྱ་ཞེ་ན། རྣམ་ཤེས་གཉིས་ཀྱིས་ཕྱི་ཡི་ལྔ། །ཞེས་འགྱུར་བཅོས་ནས་མིག་དང་ཡིད་ཀྱི་རྣམ་ཤེས་གཉིས་ཀྱིས་གཟུགས་ནས་རེག་བྱའི་བར་ཕྱི་ཡི་སྐྱེ་མཆེད་ལྔ་ཡུལ་དུ་བྱས་ཏེ་ཤེས་པར་བྱེད་དོ། །ནང་གི་བཅུ་གཉིས་དང་ཆོས་ནི་ཡིད་ཤེས་ཁོ་ནས་ཡུལ་དུ་བྱས་ཏེ་ཤེས་པར་བྱེད་དོ། ། དྲུག་པ་རྟག་མི་རྟག་གི་རྣམ་པ་ནི། འདུས་མ་བྱས་ཆོས་རྟག་པའོ། ། ཞེས་པས་བསྟན། དེ་དག་ལས་དུ་ཞིག་རྟག་པ་ཡིན་དུ་ཞིག་མི་རྟག་པ་ཡིན་ཞེ་ན། ཁམས་བཅོ་བརྒྱད་ལས་རིལ་པོ་རྟག་པ་ནི་མེད་ཅིང་འདུས་མ་བྱས་ཀྱི་ཆོས་ནི་རྟག་པའོ། །ལྷག་མ་ཕྱེད་དང་བཅོ་བརྒྱད་ནི་སྐྱེ་འཇིག་ཡོད་པས་ན་མི་རྟག་པར་གྲུབ་བོ། ། བདུན་པ་དབང་པོ་ཡིན་མིན་གྱི་རྣམ་པ་ནི། ཆོས་ཀྱི་ཕྱེད་དང་གང་དག་ནི། །བཅུ་གཉིས་ནང་གིར་བཤད་དབང་པོ། ། ཞེས་པས་བསྟན། དེ་དག་ལས་དུ་ཞིག་དབང་པོ་ཡིན་དུ་ཞིག་དབང་པོ་མ་ཡིན་ཞེ་ན། ཁམས་བཅོ་བརྒྱད་ལས་ཆོས་ཁམས་ཀྱི་ཕྱེད་སྲོག་ཚོར་བ་ལྔ་དང་དད་སོགས་ལྔ་ཟག་མེད་ཀྱི་དབང་པོ་གསུམ་སྟེ་བཅུ་བཞི་དང་ཁམས་གང་དག་ནི་མིག་ལ་སོགས་པ་བཅུ་གཉིས་ནང་གི་ཁམས་སུ་བཤད་པ་རྣམས་ནི་དབང་པོ་ཡིན་ལ། ལྷག་མ་རྣམས་ནི་དབང་པོ་མ་ཡིན་ནོ། །ལུས་ཀྱི་ཕྱོགས་གཅིག་ཕོ་མོའི་དབང་པོའོ། །ལྷག་མ་གཟུགས་སོགས་ཕྱིའི་ཁམས་ལྔ་དང་ཆོས་ཁམས་ཀྱི་ཕྱེད་ནི་དབང་པོ་མ་ཡིན་པར་གྲུབ་བོ། ། གཉིས་པ་གནས་ཀྱི་མཚན་བསྟན་པ་ནི། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས་ཁམས་བསྟན་པ་ཞེས་བྱ་བ་སྟེ་གནས་དང་པོའོ། ། ཞེས་པས་བསྟན། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པའི་རྣམ་པར་བཤད་པ་ཆོས་མངོན་རྒྱ་མཚོའི་སྙིང་པོ་མཁྱེན་བརྩེའི་ཞལ་ལུང་གཞོན་ནུ་རྣམ་རོལ་ལེགས་བཤད་ཆོས་མིག་རྣམ་འབྱེད་གྲུབ་བདེའི་ཤིང་རྟ་ལས་ཁམས་བསྟན་པ་ཞེས་བྱ་བ་སྟེ་གནས་དང་པོའི་བཤད་པའོ།། །།

འདིར་སྨྲས་པ། ཤེས་བྱ་ཇི་སྙེད་ཤེས་པའི་རྣམ་དཔྱོད་ལ། །བརྟེན་ནས་ཆོས་ཉིད་ཇི་ལྟར་རིག་འགྱུར་ཞིང༌། །ཆགས་དང་ཆགས་བྲལ་ཀུན་གྱི་གཞིར་གྱུར་པས། །ཕུང་ཁམས་སྐྱེ་མཆེད་རྣམ་གཞག་བཀྲལ་ཟིན་ཏོ། །ཞེས་སོ།། །།�
༈ རང་རིག་གདུལ་བྱའི་པདྨ་འཛུམ་བྱེད་ཅིང༌། །མ་རིག་མཚན་མོའི་མུན་པ་འཇིལ་བའི་སླད། །ཡོངས་སུ་འཛིན་པར་བསྔགས་པའི་སློབ་དཔོན་ཆེ། །བཤེས་གཉེན་ཉི་མ་དེ་ལ་ཕྱག་བགྱིས་ནས། །འདི་ན་རང་བློས་རྟོག་བཏགས་མ་ཡིན་པར། །མདོ་རྒྱུད་ཀུན་གྱི་གྲུབ་མཐའི་རིམ་པ་ལ། །འགྱུར་མེད་བློ་གྲོས་གཏིང་མཐའ་རབ་ཚུགས་པས། །ལུང་དོན་ཟབ་མོའི་ཚོགས་རྣམས་དགྲོལ་བར་བྱ། །

ད་ནི་གནས་གཉིས་པ་དབང་པོ་བསྟན་པའི་གནས་ཀྱི་དོན་ལ། གནས་ཀྱི་གཞུང་བསྟན་པ་དང༌། གནས་ཀྱི་མཚན་བསྟན་པའོ། །དང་པོ་ལ་དབང་པོའི་རང་བཞིན། འདུས་བྱས་ཀྱི་སྐྱེ་ཚུལ། རྒྱུ་རྐྱེན་འབྲས་བུ་དང་བཅས་པ་བཤད་པའོ། །དང་པོ་ལ། དབང་པོ་སོ་སོར་ངོས་བཟུང་བ་དང༌། དབང་པོའི་རྣམ་པའི་རང་བཞིན་གཏན་ལ་དབབ་པའོ། །དང་པོ་ལ། དབང་པོ་སོ་སོའི་སྒྲ་དོན། གྲངས་ངེས། སོ་སོའི་མཚན་ཉིད་དོ། །དང་པོ་ལ། བྱེ་མདོའི་ལུགས་གཉིས་ལས། དང་པོ་ནི། ལྔ་པོ་རྣམས་ནི་དོན་བཞི་ལ། །དབང་བྱེད་བཞི་རྣམས་གཉིས་ལ་ལོ། ། ལྔ་དང་བརྒྱད་པོ་དེ་རྣམས་ནི། །ཀུན་ནས་ཉོན་མོངས་རྣམ་བྱང་ལ། ། ཞེས་པས་བསྟན། ལེའུ་དང་པོར། བཅུ་གཉིས་ནང་གིར་བཤད་དབང་པོ། །ཞེས་པའི་དབང་པོ་ནི་གང༌། འདུས་བྱས་ཆོས་རྣམས་དེ་དག་ཀྱང༌། །ཞེས་པའི་སྐྱེ་ཚུལ་དེ་གང་ཞེ་ན། དེ་རྣམས་ཀྱི་ལན་རྒྱས་པར་འཆད་པ་ལ་གནས་གཉིས་པ་འདི་ཉིད་བྱུང་བ་ཡིན་ཞིང༌། དེ་ལ་དབང་པོའི་སྒྲ་དོན་དངོས་ནི། 00000255རང་འགྲེལ་ལས། 00000000དབང་པོའི་དོན་ཅི་ཞེ་ན། དབང་ནི་དབང་ཕྱུག་དམ་པའོ། །དེ་ལ་དབང་བྱེད་པས་ན་དབང་པོ་རྣམས་ཏེ། དེའི་ཕྱིར་དབང་བྱེད་པའི་དོན་ནི་དབང་པོའི་དོན་ཏོ། །ཞེས་འབྱུང་བ་ལྟར་རོ། །དབང་པོ་ཉེར་གཉིས་པོ་དེ་དག་ལས་གང་ཞིག་གང་ལ་དབང་བྱེད་ཅེ་ན། དེར་མཚུངས་ཀྱི་དབང་པོ་མ་གཏོགས་པའི་མིག་སོགས་དབང་པོ་ལྔ་པོ་རྣམས་ནི་རེ་རེས་ཀྱང་དོན་བཞི་བཞི་ལ་དབང་བྱེད་སྟེ། རྟེན་མཛེས་པ་དང༌། ལུས་བསྲུང་བ། རྣམ་ཤེས་མཚུངས་ལྡན་དང་བཅས་པ་རྣམས་བསྐྱེད་པ། རང་རང་གི་ཡུལ་འཛིན་པ་རྣམས་ལ་ཐུན་མོང་མ་ཡིན་པར་དབང་བྱེད་པའི་ཕྱིར། ཕོ་མོ་སྲོག་ཡིད་ཀྱི་དབང་པོ་བཞི་པོ་རྣམས་ནི་རེ་རེས་ཀྱང་དོན་གཉིས་གཉིས་ལ་དབང་བྱེད་དེ། དང་པོ་གཉིས་ཀྱིས་ནི་སེམས་ཅན་གྱི་བྱེ་བྲག་འབྱེད་པ་དང༌། དབྱིབས་ནུ་འབུར་ཆེ་ཆུང་དང་སྐད་གསང་མཐོ་དམན་གྱི་སྒོ་ནས་ཁྱད་པར་འབྱེད་པ་དང༌། །སྲོག་དབང་ནི་རིགས་མཐུན་པར་ཉིང་མཚམས་སྦྱོར་བ་དང་ཡང་དག་པར་འཛིན་པ་དག་ལ་དབང་བྱེད། ཡིད་དབང་ནི་ཡང་སྲིད་པར་ཉིང་མཚམས་སྦྱོར་བ་དང་དབང་གི་ངོ་བོ་དང་མཐུན་པར་བྱེད་པ་དག་ལ་དབང་བྱེད་དོ། །དེ་ལའང་དང་པོའི་དོན་ནི་00000255ཇི་སྐད་དུ། 00000000དེའི་ཚེ་དྲི་ཟའི་སེམས་གཉིས་པོ་རྗེས་སུ་ཆགས་པ་དང་ལྷན་ཅིག་ཏུ་གྱུར་པའམ་ཁོང་ཁྲོ་བ་དང་ལྷན་ཅིག་པར་གྱུར་པ་གང་ཡང་རུང་བ་ཞིག་མངོན་དུ་གྱུར་ན། ཞེས་གསུངས་པ་ལྟར་རོ། །ཕྱི་མའི་དོན་ནི་00000255ཇི་སྐད་དུ། 00000000འཇིག་རྟེན་འདི་ནི་སེམས་ཀྱིས་ཁྲིད་དོ། །ཞེས་སོགས་རྒྱས་པར་གསུངས་པ་ལྟ་བུའོ། །ལོ་ཞེས་པ་ནི་བྱེ་སྨྲའི་འདོད་པ་ལ་མདོ་སྡེ་པ་མ་རངས་པའི་ཚིག་ཡིན་ནོ། །ཟག་བཅས་ཀྱི་ཚོར་བ་ལྔ་དང་དད་སོགས་ལྔ་དང་ཀུན་ཤེས་བྱེད་སོགས་གསུམ་སྟེ་བརྒྱད་པོ་དེ་རྣམས་ནི་རིམ་པ་ལྟར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་དབང་བྱེད་དེ། ཚོར་བ་ལྔས་ནི་ཆགས་སྡང་རྨོངས་གསུམ་བསྐྱེད་པ་དང༌། ཚོགས་སྦྱོར་གྱི་དད་སོགས་ལྔ་རྣམ་བྱང་གི་རྒྱུ་དང༌། མཐོང་སྒོམ་མི་སློབ་པའི་ལམ་གྱི་བརྒྱད་པོ་རྣམ་བྱང་གི་ངོ་བོ་ཡིན་པའི་ཕྱིར། གཉིས་པ་མདོ་སྡེ་པའི་ལུགས་ནི། རང་གི་དོན་དང་ཐམས་ཅད་ལ། །དམིགས་པར་དབང་བྱེད་ཕྱིར་དབང་དྲུག ། མོ་ཉིད་ཕོ་ཉིད་ལ་དབང་ཕྱིར། །ལུས་ལས་མོ་དང་ཕོ་དབང་དག ། རིས་གནས་ཀུན་ནས་ཉོན་མོངས་དང༌། །རྣམ་པར་བྱང་ལ་དབང་བྱེད་ཕྱིར། ། སྲོག་དང་ཚོར་བ་རྣམས་དང་ནི། །དད་སོགས་དབང་པོ་ལྔར་འདོད་དོ། ། མྱ་ངན་འདས་སོགས་གོང་ནས་གོང༌། །ཐོབ་པ་ལ་ནི་དབང་བྱེད་ཕྱིར། ། ཀུན་ཤེས་བྱེད་དང་ཀུན་ཤེས་དང༌། །དེ་བཞིན་ཀུན་ཤེས་ལྡན་དབང་པོ། ། ཞེས་པས་བསྟན། མདོ་སྡེ་པས་བྱེ་སྨྲའི་ལུགས་ལ་ལོ་ཞེས་མི་འཐད་པར་བརྗོད་ནས་རང་ལུགས་བཞག་པ་ནི། མིག་ནས་ཡིད་ཀྱི་བར་དྲུག་པོ་དེ་དག་ལས་མིག་སོགས་ལྔས་ནི་རང་རང་གི་དོན་ལ་དམིགས་པར་བྱ་བ་ལ་དབང་བྱེད་པ་དང༌། ཡིད་ནི་གཟུགས་སོགས་ཡུལ་དྲུག་པོ་ཐམས་ཅད་ལ་དམིགས་པར་བྱ་བ་ལ་དབང་བྱེད་དེ། དེའི་ཕྱིར་དབང་པོ་དྲུག་པོ་དེ་དག་ནི་སོ་སོར་དབང་པོ་ཡིན་ནོ། །མོར་འཇོག་བྱེད་ཉིད་ལ་དབང་བྱེད་པའི་ཕྱིར་མོ་དབང་དང་ཕོར་འཇོག་བྱེད་ཉིད་ལ་དབང་བྱེད་པའི་ཕྱིར་ཕོ་དབང་བཞག་པ་ཡིན་ནོ། །ལུས་ཀྱི་དབང་པོའི་ཆ་ནས་མོ་དང་ཕོ་དབང་དག་རྣམ་པར་བཞག་གི་དེ་དག་ལས་ཐ་དད་དུ་འགྱུར་བ་ནི་མེད་དོ། །རིས་མཐུན་གནས་པ་དང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་དབང་བྱེད་པའི་ཕྱིར་རིམ་བཞིན་སྲོག་དབང་དང་ཚོར་བའི་དབང་པོ་རྣམས་དང་ནི་དད་སོགས་དབང་པོ་ལྔ་པོ་རྣམས་ནི་དབང་པོ་ཡིན་པར་འདོད་དོ། །གོང་ནས་གོང་དང་མྱང་འདས་འཐོབ། །སོགས་པ་ལ་ནི་དབང་བྱེད་ཕྱིར། །ཞེས་བཏོན་ནས་ཀུན་ཤེས་བྱེད་པའི་དབང་པོ་དང་ཀུན་ཤེས་པའི་དབང་པོ་དང་ཀུན་ཤེས་ལྡན་པའི་དབང་པོ་རྣམས་དབང་པོར་འཇོག་སྟེ། གོང་ནས་ཞེས་པ་ཀུན་ཤེས་པའི་དབང་པོ་དང་གོང་དང་ཞེས་པ་ཀུན་ཤེས་ལྡན་པའི་དབང་པོ་དང་མྱ་ངན་ལས་འདས་པ་ཐོབ་པ་དང་སོགས་པ་ལ་ནི་དབང་བྱེད་པའི་ཕྱིར་རིམ་པ་བཞིན་དུ་ཀུན་ཤེས་བྱེད་པའི་དབང་པོ་དང་ཀུན་ཤེས་པའི་དབང་པོ་དང་དེ་བཞིན་དུ་ཀུན་ཤེས་ལྡན་པའི་དབང་པོ་གསུམ་བཞག་པ་ཡིན་ནོ། །དེ་བཞིན་ཞེས་པ་ནི་མིག་སོགས་རྣམས་དབང་པོ་ཡིན་པ་བཞིན་དུ་འདི་གསུམ་ཡང་དབང་པོ་ཡིན་ནོ་ཞེས་པའི་དོན་ཏོ། །སོགས་སྒྲས་དབང་པོ་དེ་གསུམ་གྱིས་རིམ་པ་ལྟར་མཐོང་སྤང་སྤོང་བ་དང་སྒོམ་སྤང་སྤོང་བ་དང་མཐོང་ཆོས་ལ་བདེ་བར་གནས་པ་ལ་དབང་བྱེད་པར་བསྟན་ཏོ། ། གཉིས་པ་གྲངས་ངེས། བྱེ་མདོ་གཉིས་ཀྱི་ལུགས་གཉིས་ལས། དང་པོ་ནི། སེམས་ཀྱི་རྟེན་དང་དེའི་བྱེ་བྲག །གནས་དང་ཀུན་ནས་ཉོན་མོངས་ཉིད། ། ཚོགས་དང་རྣམ་བྱང་ཇི་སྙེད་པ། །དབང་པོ་དག་ཀྱང་དེ་སྙེད་དུ། ། ཞེས་པས་བསྟན། དབང་བྱེད་པས་དབང་པོ་ཡིན་ན་མ་རིག་པས་འདུ་བྱེད་ལ་དབང་བྱེད་པ་དང་ཁས་སྨྲ་བ་ལ་དབང་བྱེད་པ་སོགས་དུ་མ་ཡོད་པས་ཉེར་གཉིས་ཀྱི་གྲངས་ངེས་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། དེ་དག་གིས་ཅུང་ཟད་དབང་བྱེད་པ་ཙམ་ཡིན་གྱི་ཐུན་མོང་མ་ཡིན་པར་དབང་བྱེད་པ་མིན་པས་དབང་པོར་མ་བཞག་གོ །དེས་ན་སེམས་ཀྱི་རྟེན་བྱེད་པས་མིག་སོགས་དྲུག་དང་རྟེན་དེའི་བྱེ་བྲག་འབྱེད་པས་ཕོ་མོའི་དབང་པོ་གཉིས་དང་རིས་མཐུན་གནས་པར་བྱེད་པས་སྲོག་དབང་དང་སེམས་ཀུན་ནས་ཉོན་མོངས་པ་ཉིད་དུ་བྱེད་པས་ཚོར་བ་རྣམས་དང་རྣམ་བྱང་གི་ཚོགས་གསོག་པར་བྱེད་པའི་གཞི་ཡིན་པས་དད་སོགས་ལྔ་དང་རྣམ་བྱང་རང་གི་ངོ་བོ་ལ་དབང་བྱེད་པས་དབང་པོ་ཐ་མ་གསུམ་བཞག་ཅིང༌། དབང་བསྒྱུར་བྱའི་ཆོས་ཇི་སྙེད་ཡོད་པ་ལ་བལྟོས་ནས་དབང་པོ་དག་ཀྱང་དེ་སྙེད་དུ་གྲངས་ངེས་པར་མཛད་དོ། ། གཉིས་པ་ནི། ཡང་ན་འཇུག་པའི་རྟེན་དང་ནི། །སྐྱེ་དང་གནས་དང་ཉེར་སྤྱོད་ལས། ། བཅུ་བཞི་དེ་བཞིན་ལྡོག་པ་ལ། །དབང་པོ་རྣམས་ནི་གཞན་ཡིན་ནོ། ། ཞེས་པས་བསྟན། ཡང་ན་འཁོར་བར་འཇུག་ལྡོག་གི་དབང་དུ་བྱས་ནས་དེར་གྲངས་ངེས་པར་མཛད་དེ། འཁོར་བར་འཇུག་པའི་རྟེན་བྱེད་པས་མིག་སོགས་དྲུག་དང་ནི་འཁོར་བར་སྐྱེ་བར་བྱེད་པས་ཕོ་མོའི་དབང་པོ་གཉིས་དང་དེར་གནས་པར་བྱེད་པས་སྲོག་དབང་དང་ཉེ་བར་ལོངས་སྤྱོད་པར་བྱེད་པ་ལས་ཚོར་བ་ལྔ་སྟེ་འཁོར་བར་འཇུག་པའི་དབང་དུ་བྱས་ནས་དབང་པོ་བཅུ་བཞིའོ། །འཁོར་བར་འཇུག་པ་ལ་རྟེན་སྐྱེ་གནས་ལོངས་སྤྱོད་བཞི་ཡོད་པ་དེ་བཞིན་དུ་འཁོར་བ་ལས་ལྡོག་པ་ལའང་དབང་པོ་བརྒྱད་པོ་རྣམས་ནི་རིམ་པ་ལྟར་རྟེན་སྐྱེ་གནས་ལོངས་སྤྱོད་བཞི་པོ་ལ་དབང་བྱེད་པ་ཡིན་ནོ། །དེ་ལས་རྣམ་བྱང་སྐྱེ་བའི་རྟེན་ནི་དད་སོགས་ལྔ་དང་རྣམ་བྱང་དང་པོར་སྐྱེ་བ་ལ་དབང་བྱེད་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་རྣམ་བྱང་གནས་པ་ལ་དབང་བྱེད་པ་ཀུན་ཤེས་དབང་པོ་དང་རྣམ་བྱང་ལ་ཉེ་བར་ལོངས་སྤྱོད་པ་ནི་ཀུན་ཤེས་ལྡན་པའི་དབང་པོ་ཡིན་པས་དེ་དག་ནི་འཁོར་བར་འཇུག་པ་ལས་གཞན་འཁོར་བ་ལས་ལྡོག་པའི་དབང་པོ་ཡིན་ནོ། ། གསུམ་སོ་སོའི་མཚན་ཉིད་ལ། ཚོར་དབང་ལྔའི་མཚན་ཉིད་དང༌། དྲི་མེད་ཀྱི་དབང་པོ་གསུམ་གྱི་མཚན་ཉིད་བཤད་པའོ། །དང་པོ་ལ། ལུས་ཚོར་བདེ་སྡུག །སེམས་ཚོར་བདེ་སྡུག །བཏང་སྙོམས་སོ། །དང་པོ་ལ། སྡུག་བསྔལ་དང༌། བདེ་བའོ། །དང་པོ་ནི། ལུས་ཚོར་སིམ་པ་མ་ཡིན་གང༌། །སྡུག་བསྔལ་དབང་པོའོ། ། ཞེས་པས་བསྟན། ཉེར་གཉིས་ལས་གཟུགས་ཅན་གྱི་དབང་པོ་བདུན་ཡིད་དབང་རྣམས་བཤད་ཟིན་ལ། དད་སོགས་ལྔ་དང་སྲོག་དབང་ནི་འོག་ནས་འཆད་ལ། འདིར་ཚོར་སོགས་ལྔ་དང་ཟག་མེད་ཀྱི་དབང་པོ་གསུམ་རྣམས་འཆད་པ་སྐབས་སུ་བབ་པས། །དེ་ལ་ལུས་ནི་འདིར་དབང་པོ་གཟུགས་ཅན་ཐམས་ཅད་ལ་བརྗོད་པར་འདོད་དེ། དབང་ཤེས་ལྔའི་འཁོར་གྱི་ཚོར་བ་སིམ་པ་མ་ཡིན་པ་གང་ཡིན་པ་དེ་ནི་སྡུག་བསྔལ་གྱི་དབང་པོའོ། ། གཉིས་པ་བདེ་བ་ནི། སིམ་པ་ནི། ། བདེ་བའོ་བསམ་གཏན་གསུམ་པ་ན། །སེམས་ཀྱི་དེ་ནི་བདེ་དབང་པོ། ། ཞེས་པས་བསྟན། དབང་ཤེས་འཁོར་གྱི་ཚོར་བ་སིམ་པ་ནི་བདེ་བའི་དབང་པོའོ། །དེར་མ་ཟད་བསམ་གཏན་གསུམ་པ་ན་སེམས་ཡིད་ཤེས་ཀྱི་འཁོར་དུ་སྐྱེས་པའི་ཚོར་བ་སིམ་པ་དེ་ནི་སེམས་བདེ་བའི་དབང་པོ་ཡིན་ཏེ། དེ་ན་སྒོ་ལྔའི་རྣམ་ཤེས་མེད་པས་ལུས་ཚོར་ནི་མེད་ལ་བསམ་གཏན་དང་པོ་དང་གཉིས་པའི་དགའ་བ་ནི་ཡིད་བདེ་ཡིན་ཞིང་དགའ་བ་ལ་འདོད་ཆགས་དང་བྲལ་བས་ཡིད་བདེ་བའང་མ་ཡིན་པའི་ཕྱིར། དེས་ན་སྔ་མ་ལུས་བདེ་དང་ཕྱི་མ་སེམས་བདེ་ཡིན་པས་དེ་གཉིས་བསྡོམས་ཏེ་བདེ་བའི་དབང་པོར་བཞག་གོ ། གཉིས་པ་སེམས་ཚོར་བདེ་སྡུག་ལ། ཡིད་བདེ་དང༌། ཡིད་མི་བདེའོ། །དང་པོ་ནི། གཞན་ན་དེ་ཡིད་བདེ་བ་ཡིན། ། ཞེས་པས་བསྟན། བསམ་གཏན་གསུམ་པ་ལས་གཞན་འདོད་པ་དང་བསམ་གཏན་སྔ་མ་གཉིས་ན་ཡིད་ཤེས་འཁོར་དུ་སྐྱེས་པའི་ཚོར་བ་སིམ་པ་གང་ཡིན་པ་དེ་ནི་ཡིད་བདེ་བའི་དབང་པོ་ཡིན་ཏེ། དེ་དག་དུ་དགའ་བ་ལ་འདོད་ཆགས་དང་མ་བྲལ་བའི་ཕྱིར། སེམས་བདེ་དང་ཡིད་བདེའི་ཁྱད་པར་ནི་འདོད་པ་ནས་བསམ་གཏན་གཉིས་པའི་བར་གྱི་ཡིད་དགའ་བ་རྣམ་རྟོག་ཙམ་གྱིས་སྐྱེས་ཤིང་མི་བརྟན་པ་ནི་ཡིད་བདེ་དང་བསམ་གཏན་གསུམ་པ་ན་བརྟན་པར་གནས་པའི་ཡིད་ཀྱི་སིམ་པ་ནི་སེམས་བདེའོ། ། གཉིས་པ་ཡིད་མི་བདེ་ནི། སེམས་ཀྱི་སིམ་པ་མ་ཡིན་པ། །ཡིད་མི་བདེ་བའོ། ། ཞེས་པས་བསྟན། སེམས་ཡིད་ཤེས་ཀྱི་འཁོར་དུ་སྐྱེས་པའི་ཚོར་བ་སིམ་པ་མ་ཡིན་པ་དེ་ནི་ཡིད་མི་བདེ་བའི་དབང་པོའོ། ། གསུམ་པ་བཏང་སྙོམས་ཀྱི་དབང་པོ་ལ། མཚན་ཉིད་དང༌། ལུས་སེམས་ཀྱི་དེ་གཉིས་སོ་སོར་མི་འདྲེན་པའི་དོན་ཏོ། །དང་པོ་ནི། བཏང་སྙོམས་ནི། །བར་མའོ། ། ཞེས་པས་བསྟན། ཚོར་བ་བཏང་སྙོམས་ཀྱི་དབང་པོ་ནི་སིམ་མི་སིམ་གང་རུང་མ་ཡིན་པ་བར་མར་མྱོང་བའོ། ། གཉིས་པ་ནི། གཉིས་ཀའི་མི་རྟོག་ཕྱིར། ། ཞེས་པས་བསྟན། ཅི་བར་མ་དེ་ལུས་ཀྱིའམ་སེམས་ཀྱི་དེ་ཡིན་ཞེ་ན། ལུས་སེམས་གཉིས་ཀའི་བར་མ་ཡིན་ཏེ། ལུས་སེམས་གཉིས་ཀྱི་བར་མ་ཚོར་བ་བཏང་སྙོམས་ནི་རྣམ་པར་མི་རྟོག་པར་ངང་གི་འབྱུང་བའི་ཕྱིར། ལུས་སེམས་གཉིས་ཀྱི་ཚོར་བ་བདེ་སྡུག་ནི་དེ་ལྟ་མ་ཡིན་པས་ཐ་དད་དུ་བཤད་པའོ། ། གཉིས་པ་དྲི་མེད་དབང་པོ་གསུམ་གྱི་མཚན་ཉིད་ནི། མཐོང་སྒོམ་མི་སློབ་ལམ་ལ་དགུ། །གསུམ་ཡིན། ། ཞེས་པས་བསྟན། མཐོང་སྒོམ་མི་སློབ་ལམ་ལ་ཡོད་པའི་ཡིད་དང་བདེ་བ་ཡིད་བདེ་བཏང་སྙོམས་དད་སོགས་དབང་པོ་ལྔ་སྟེ་དགུ་པོ་དག་ལ་ནི་དྲི་མེད་ཀྱི་དབང་པོ་གསུམ་ཞེས་བྱ་སྟེ། མཐོང་སྒོམ་མི་སློབ་ལམ་གྱི་ངོ་བོར་གྱུར་པའི་དགུ་པོ་དག་རིམ་པ་བཞིན་མི་ཤེས་པ་ཀུན་ཤེས་བྱེད་པའི་དབང་པོ་ཀུན་ཤེས་པའི་དབང་པོ་ཀུན་ཤེས་ལྡན་པའི་དབང་པོ་ཡིན་པའི་ཕྱིར། གཉིས་པ་དབང་པོའི་རྣམ་པའི་རང་བཞིན་གཏན་ལ་དབབ་པ་ལ། རྣམ་པའི་རབ་དབྱེ་བསྟན་པ། ཇི་ལྟར་རྙེད་པའི་ཚུལ། འབྲས་བུ་དབང་པོ་དུས་ཐོབ་པ། དབང་པོ་ལྡན་ཚུལ་ལོ། །དང་པོ་ལ། ཟག་བཅས་ཟག་མེད་ཀྱི་རྣམ་པ། རྣམ་སྨིན་ཡིན་མིན། རྣམ་སྨིན་དང་བཅས་མ་བཅས། དགེ་སོགས་གསུམ་གྱི་རྣམ་པ། ཁམས་གང་དུ་གཏོགས་པའི་རྣམ་པ། སྤང་བྱ་ཡིན་མིན་གྱི་རྣམ་པའོ། །དང་པོ་ནི། གསུམ་ནི་དྲི་མ་མེད། ། གཟུགས་ཅན་སྲོག་དང་སྡུག་བསྔལ་དག །ཟག་དང་བཅས་པ་དགུ་རྣམ་གཉིས། ། ཞེས་པས་བསྟན། དབང་པོ་རྣམས་ལས་ཟག་པ་དང་བཅས་མ་བཅས་དུ་ཞེ་ན། བཤད་མ་ཐག་པའི་དབང་པོ་གསུམ་ནི་དྲི་མ་མེད་པ་སྟེ་ཟག་མེད་ཁོ་ན་དང༌། དབང་པོ་གཟུགས་ཅན་བདུན་དང་སྲོག་གི་དབང་པོ་དང་སྡུག་བསྔལ་དང་ཡིད་མི་བདེ་བ་དག་སྟེ་བཅུ་ནི་གཅིག་ཏུ་ཟག་པ་དང་བཅས་པ་ཡིན་ཏེ། སྒོམ་སྤངས་ཡིན་པའི་ཕྱིར། ཡིད་དང་བདེ་བ་དང་ཡིད་བདེ་དང་བཏང་སྙོམས་དང་དད་སོགས་ལྔ་སྟེ་དགུ་ལ་ནི་ཟག་བཅས་ཟག་མེད་རྣམ་པ་གཉིས་ཀ་ཡོད་དེ། ལམ་གསུམ་གྱི་ཚོགས་པ་ན་ཡོད་པ་ཟག་མེད་དང་གཞན་དག་ནི་ཟག་བཅས་ཡིན་པའི་ཕྱིར། གཉིས་པ་རྣམ་སྨིན་ཡིན་མིན་གྱི་རྣམ་པ་ནི། སྲོག་ནི་རྣམ་སྨིན་བཅུ་གཉིས་གཉིས། །ཐ་མ་བརྒྱད་དང་ཡིད་མི་བདེ། ། མ་གཏོགས་པ་སྟེ། ། ཞེས་པས་བསྟན། འོ་ན་དེ་དག་ལས་རྣམ་སྨིན་ཡིན་མིན་དུ་ཞེ་ན། སྲོག་ནི་རྣམ་སྨིན་ཁོ་ན་ཡིན་ཏེ། མཐོ་རིས་དང་ངན་སོང་བ་རྣམས་ནི་རིམ་བཞིན་དགེ་བ་ཟག་བཅས་དང་མི་དགེ་བས་ངེས་པར་འཕངས་པ་ཉིད་ཀྱི་ཕྱིར། སྲོག་རྣམ་སྨིན་ཡིན་མིན་དང་ཚེ་སྲོག་གི་ཁྱད་པར་དང་བཙུན་པ་དབྱངས་སྒྲོགས་སོགས་ཀྱི་འདོད་ཚུལ་དང་སྟོན་པའི་སྐུ་ཚེ་གཏོང་འཇོག་མཛད་པའི་དགོས་པ་སོགས་རྒྱས་པ་ནི་ཊཱིཀ་ཆེན་ལས་འབྱུང་བ་དང༌། སློབ་དཔོན་ནི་བཙུན་སྒྲོགས་དང་མཐུན་པར་འཆད་པར་མཛད་དེ། འགྲེལ་པ་ལས། དེ་ལྟ་བས་ན་སྲོག་གི་དབང་པོ་དེ་ནི་རྣམ་པར་སྨིན་པ་མ་ཡིན་ལ་དེ་ལས་གཞན་པ་ནི་རྣམ་པར་སྨིན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དགྲ་བཅོམ་པའི་སྐུ་ཚེ་གཏོང་འཇོག་མཛད་པའི་དགོས་པ་ནི། ཇི་སྐད་དུ། ཚངས་སྤྱོད་འདི་ལ་ལེགས་སྤྱད་ཅིང༌། །ལམ་ལ་ཤིན་ཏུ་བསྒོམས་ན་ནི། །ཚེ་ཟད་པ་ལ་དགའ་འགྱུར་ཏེ། །དཔེར་ན་ནད་དང་བྲལ་བ་བཞིན། །ཞེས་བཤད་པ་ལྟར་རོ། །དབང་པོ་བཅུ་གཉིས་ལ་ནི་རྣམ་པར་སྨིན་པ་ཡིན་མིན་གཉིས་ཀའི་ཆ་ཡོད་དེ། ཐ་མ་བརྒྱད་དང་ཡིད་མི་བདེ་བ་མ་གཏོགས་པ་སྟེ་གཟུགས་ཅན་བདུན་དང་ཡིད་དང་ཚོར་བ་བཞི་རྣམས་ལ་དེ་ལྟར་ཡོད་པའི་ཕྱིར། དེ་ལ་མིག་སོགས་བདུན་གྱི་རྒྱས་བྱུང་རྣམས་ནི་རྣམ་སྨིན་མིན་ལ་རྣམ་སྨིན་ལས་བྱུང་བ་རྣམས་ནི་དེ་ཡིན་ནོ། །ཡིད་ཚོར་དགེ་བ་དང་ཉོན་མོངས་ཅན་དང་སྤྱོད་ལམ་པ་བཟོ་གནས་སྤྲུལ་སེམས་རྣམས་ནི་རྣམ་སྨིན་མིན་ལ་དེ་ལས་གཞན་པ་རྣམས་ནི་དེ་ཡིན་ནོ། །མ་གཏོགས་པའི་ཐ་མ་དད་སོགས་བརྒྱད་དགེ་བ་འབའ་ཞིག་པར་དང་ཡིད་མི་བདེ་ནི་དགེ་མི་དགེ་གང་རུང་དུ་ངེས་པའི་ཕྱིར་དགུ་པོ་རྣམ་སྨིན་མིན་པར་གྲུབ་བོ། ། གསུམ་པ་རྣམ་སྨིན་དང་བཅས་མ་བཅས་ཀྱི་རྣམ་པ་ནི། དེ་གཅིག་ནི། ། རྣམ་པར་སྨིན་བཅས་བཅུ་རྣམ་གཉིས། །ཡིད་དང་ཚོར་གཞན་དད་ལ་སོགས། ། ཞེས་པས་བསྟན། དེ་དག་ལས་རྣམ་སྨིན་དང་བཅས་མ་བཅས་དུ་ཞེ་ན། ཡིད་མི་བདེ་བ་དེ་གཅིག་པུ་ནི་རྣམ་པར་སྨིན་པ་དང་བཅས་པ་ཁོ་ན་ཡིན་ཏེ། མི་དགེ་བའམ་དགེ་བ་ཟག་བཅས་ཁོ་ནར་ངེས་པར་ཕྱིར། དབང་པོ་བཅུ་པོ་རྣམས་ནི་རྣམ་སྨིན་དང་བཅས་མ་བཅས་རྣམ་པ་གཉིས་ཀ་ཡོད་དེ། ཡིད་དབང་དང་ཡིད་མི་བདེ་བའི་ཚོར་བ་ལས་གཞན་པའི་ཚོར་བ་བཞི་དང་དད་པ་ལ་སོགས་པ་ལྔ་སྟེ་བཅུ་ལ་དེ་ལྟར་སྣང་བའི་ཕྱིར་ཏེ། ཡིད་དང་ཚོར་བ་བཞིའི་མི་དགེ་བ་དང་བཅུ་ཅར་གྱི་དགེ་བ་ཟག་བཅས་རྣམས་ནི་རྣམ་སྨིན་དང་བཅས་པ་དང་ལུང་མ་བསྟན་དང་ཟག་མེད་ལ་ནི་རྣམ་སྨིན་མེད་པའི་ཕྱིར། ལྷག་མ་གཟུགས་ཅན་བདུན་དང་སྲོག་ནི་ལུང་མ་བསྟན་ཡིན་ཞིང་ཐ་མ་གསུམ་ནི་ཟག་མེད་ཡིན་པས་བཅུ་གཅིག་ནི་རྣམ་སྨིན་དང་བཅས་པ་མ་ཡིན་པར་སྒྲུབ་བོ། ། བཞི་པ་དགེ་སོགས་གསུམ་གྱི་རྣམ་པ་ནི། དགེ་བ་བརྒྱད་ཡིད་མི་བདེ་བ། ། རྣམ་གཉིས་ཡིད་དང་ཚོར་གཞན་ནི། །རྣམ་གསུམ་གཞན་ནི་རྣམ་པ་གཅིག ། ཅེས་པས་བསྟན། དེ་དག་ལས་དགེ་མི་དགེ་ལུང་མ་བསྟན་ཡིན་པ་དུ་ཞེ་ན། དགེ་བར་ངེས་པ་ནི་ཐ་མ་བརྒྱད་ཡིན་ལ། ཡིད་མི་བདེ་བ་ལ་དགེ་མི་དགེ་རྣམ་པ་གཉིས་ཀ་སྲིད་ཅིང་ཡིད་དང་ཚོར་བ་གཞན་བཞི་ལ་ནི་དགེ་སོགས་རྣམ་པ་གསུམ་ཀ་སྲིད་དེ། གསུམ་ག་དང་མཚུངས་པར་ལྡན་པ་སྲིད་པའི་ཕྱིར། གཞན་གཟུགས་ཅན་བདུན་དང་སྲོག་ནི་རྣམ་པ་གཅིག་ཏུ་ལུང་མ་བསྟན་ཡིན་ནོ། ། ལྔ་པ་ཁམས་གང་དུ་གཏོགས་པའི་རྣམ་པ་ནི། དྲི་མེད་མ་གཏོགས་འདོད་པར་གཏོགས། །ཕོ་མོའི་དབང་དང་སྡུག་བསྔལ་དང༌། ། མ་གཏོགས་གཟུགས་གཏོགས་གཟུགས་ཅན་དང༌། །བདེ་བའང་མ་གཏོགས་གཟུགས་མེད་གཏོགས། ། ཞེས་པས་བསྟན། དབང་པོ་དེ་དག་ལས་འདོད་ཁམས་དང་གཟུགས་དང་གཟུགས་མེད་དུ་གཏོགས་པ་དུ་ཞེ་ན། དྲི་མེད་གསུམ་མ་གཏོགས་དབང་པོ་བཅུ་དགུ་ནི་འདོད་པར་གཏོགས་པའང་ཡོད་དོ། །ཕོ་མོའི་དབང་པོ་དང་སྡུག་བསྔལ་དང་དག་གིས་ཡིད་མི་བདེའི་དབང་པོ་མ་གཏོགས་དབང་པོ་བཅོ་ལྔ་ནི་གཟུགས་སུ་གཏོགས་པའང་ཡོད་ཅིང་དབང་པོ་བཞི་པོ་རྣམས་ནི་དེར་མ་གཏོགས་ཏེ་སྒྲུབ་བྱེད་རིམ་པ་བཞིན། ཁམས་གོང་མ་རྣམས་འཁྲིག་པ་ལ་འདོད་ཆགས་དང་བྲལ་བའི་ཕྱིར་དང༌། ལུས་ཤིན་ཏུ་དྭངས་ཤིང་རྒྱུ་མི་དགེ་བ་མེད་པའི་ཕྱིར་དང་རྒྱུད་ཞི་གནས་ཀྱིས་བརླན་ཞིང་ཡིད་མི་བདེའི་རྒྱུ་དགུ་སྤངས་པའི་ཕྱིར། དབང་པོ་བཅོ་ལྔ་པོ་དེ་དག་ལས་གཟུགས་ཅན་གྱི་དབང་པོ་ལྔ་དང་བདེ་བ་དང་ཡིད་བདེ་བའི་དབང་པོའང་མ་གཏོགས་དང་སྲོག་ཡིད་བཏང་སྙོམས་དད་སོགས་ལྔ་སྟེ་བརྒྱད་ལ་གཟུགས་མེད་པར་གཏོགས་པའི་ཆ་ཡོད་ཅིང༌། དེ་ན་གཟུགས་ཅན་གྱི་དབང་པོ་ལྔ་མེད་དེ། གཟུགས་མེད་པའི་ཕྱིར། བདེ་བ་ཡིད་བདེ་གཉིས་མེད་དེ། དེ་གཉིས་ལ་འདོད་ཆགས་དང་བྲལ་བའི་ཕྱིར། ཟག་མེད་གསུམ་ནི་ཐམས་ཅད་དུའང་ཁམསསུ་མ་གཏོགས་པར་ཤེས་པར་བྱའོ། ། དྲུག་པ་སྤང་བྱ་ཡིན་མིན་ཀྱི་རྣམ་པ་ནི། ཡིད་དང་ཚོར་བ་གསུམ་རྣམ་གསུམ། །གཉིས་ཀྱིས་སྤང་བྱ་ཡིད་མི་བདེ། ། དགུ་ནི་སྒོམ་པས་ལྔ་པོ་ནི། །སྤང་བར་བྱ་མིན་ཡང་གསུམ་མིན། ། ཞེས་པས་བསྟན། དེ་ལས་མཐོང་སྤང་སྒོམ་སྤང་སྤང་བྱ་མིན་པ་དུ་ཞེ་ན། ཡིད་དང་ཚོར་བ་བདེ་བ་ཡིད་བདེ་བཏང་སྙོམས་གསུམ་སྟེ་བཞི་ནི་མཐོང་སྤང་དང་སྒོམ་སྤང་དང་སྤང་བྱ་མིན་པ་རྣམ་པ་གསུམ་དུ་འགྱུར་ཏེ། མཐོང་སྤང་དང་མཚུངས་ལྡན་མཐོང་སྤང་དང་དེ་ལས་གཞན་པའི་ཟག་བཅས་སྒོམ་སྤང་དང་ཟག་མེད་རྣམས་སྤང་བྱ་མ་ཡིན་པར་འཇོག་པའི་ཕྱིར། མཐོང་ལམ་སྒོམ་ལམ་གཉིས་ཀྱིས་ཅི་རིགས་པར་སྤང་བར་བྱ་བ་ནི་ཡིད་མི་བདེ་ཡིན་ནོ། །གཟུགས་ཅན་བདུན་དང་སྲོག་དང་སྡུག་བསྔལ་གྱི་དབང་པོ་སྟེ་དགུ་ནི་སྒོམ་པས་སྤང་བར་བྱ་བ་ཁོ་ན་ཡིན་ཏེ། ཟག་བཅས་གང་ཞིག །མཐོང་སྤང་མ་ཡིན་པའི་ཕྱིར། དད་སོགས་ལྔ་པོ་ནི་ཟག་མེད་ཡིན་པའི་ཆ་རྣམས་སྤང་བར་བྱ་བ་མིན་ཞིང་ཡང་ཞེས་པས་ཟག་བཅས་རྣམས་ནི་སྒོམ་སྤང་ཡིན་པའོ། །ཐ་མ་གསུམ་ནི་སྤང་བྱ་མིན་ཏེ། ཟག་མེད་ཡིན་པའི་ཕྱིར། གཉིས་པ་ཇི་ལྟར་རྙེད་པའི་ཚུལ་ལ། རྙེད་ཚུལ་དངོས་དང༌། ཞར་བྱུང་འགག་པའི་ཚུལ་ལོ། །དང་པོ་ལ། འདོད་ཁམས། གཟུགས་ཁམས། གཟུགས་མེད་ཁམས་སུ་རྙེད་པའོ། །དང་པོ་ལ། སྤྱིར་བཏང༌། དམིགས་བསལ་ལས། དང་པོ་ནི། འདོད་པར་དང་པོར་རྣམ་སྨིན་གཉིས། །རྙེད་དེ། ། ཞེས་པས་བསྟན། ཁམས་གང་དུ་དང་པོར་རྣམ་སྨིན་གྱི་དབང་པོ་དུ་རྙེད་ཅེ་ན། འདོད་པར་སྐྱེ་གནས་དང་པོ་གསུམ་གྱི་ཉིང་མཚམས་སྦྱོར་བ་ན་དང་པོར་རྣམ་སྨིན་གྱི་ངོ་བོའི་དབང་པོ་གཉིས་རྙེད་དེ། ལུས་སྲོག་གི་དབང་པོ་གཉིས་རྙེད་པའི་ཕྱིར། འོ་ན་ཡིད་ཀྱི་དབང་པོ་རྙེད་པ་མ་ཡིན་ནམ་ཞེ་ན། རྙེད་མོད། དེ་ནི། སྐྱེ་བའི་སྲིད་པ་ཉོན་མོངས་ཅན། །ཞེས་ཉོན་མོངས་ཅན་བཤད་པའི་ཕྱིར་རྣམ་སྨིན་མ་ཡིན་ནོ། ། གཉིས་པ་དམིགས་བསལ་ནི། བརྫུས་ཏེ་སྐྱེ་བས་མིན། །དེ་ཡིས་དྲུག་གམ་བདུན་ནམ་བརྒྱད། ། ཅེས་པས་བསྟན། བརྫུས་ཏེ་སྐྱེ་བས་ནི་གཉིས་ཁོ་ན་ལས་མི་རྙེད་པ་མིན་ཏེ། རྫུས་སྐྱེས་དེ་ཡིས་རྙེད་ཚུལ་ནི་བསྐལ་པ་དང་པོའི་མི་ལྟ་བུ་འདོད་པའི་རྫུས་སྐྱེས་མཚན་མེད་ཅིག་ཡིན་ན་མིག་སོགས་ལྔ་སྲོག་དང་དྲུག་གམ་མཚན་གཅིག་པ་ཞིག་ཡིན་ན་མཚན་གང་རུང་ཞིག་བསྣན་པས་བདུན་ནམ་མཚན་གཉིས་པ་ཞིག་ཡིན་ན་བརྒྱད་རྙེད་པའི་ཕྱིར། རྫུས་སྐྱེས་མཚན་གཉིས་པ་བདེ་འགྲོར་མེད་ཀྱང་ངན་འགྲོར་ཡོད་དོ། ། གཉིས་པ་གཟུགས་ཁམས་སུ་རྙེད་ཚུལ་ནི། གཟུགས་ན་དྲུག་གོ ། ཞེས་པས་བསྟན། གཟུགས་ན་དྲུག་གོ་སྟེ་དྲུག་རྙེད་དེ། མིག་སོགས་ལྔ་སྲོག་དང་བཅས་པ་རྙེད་པའི་ཕྱིར། གསུམ་པ་གཟུགས་མེད་ཁམས་སུ་རྙེད་ཚུལ་ནི། གོང་མར་གཅིག ། ཅེས་པས་བསྟན། གོང་མ་གཟུགས་མེད་པར་ནི་སྲོག་དབང་གཅིག་པུ་གསར་དུ་རྙེད་དེ། དེར་རྣམ་སྨིན་གྱི་དབང་པོ་གཞན་མེད་པའི་ཕྱིར། གཉིས་པ་ཞར་བྱུང་འགག་པའི་ཚུལ་ལ། སྤྱིར་བཏང་དང༌། དགེ་སེམས་དང་ལྡན་པའི་དམིགས་བསལ་ལོ། །དང་པོ་ལ། གཟུགས་མེད། གཟུགས། འདོད་པར་འགག་ཚུལ་ལོ། །དང་པོ་ནི། གཟུགས་མེད་དག་ཏུ་འཆི་བ་ནི། །སྲོག་དང་ཡིད་དང་བཏང་སྙོམས་ཉིད། ། འགག་པར་འགྱུར་རོ། ། ཞེས་པས་བསྟན། ཁམས་གང་དུ་འཆི་བ་ན་དབང་པོ་དུ་ཞིག་ཅིག་ཅར་འགག་ཅེ་ན། གཟུགས་མེད་པའི་ཁམས་དག་ཏུ་འཆི་བ་རྣམས་ནི་སྲོག་དང་ཡིད་དང་བཏང་སྙོམས་ཀྱི་དབང་པོ་གསུམ་ཉིད་ཅིག་ཅར་དུ་འགག་པར་འགྱུར་རོ། ། གཉིས་པ་ནི། གཟུགས་ན་བརྒྱད། ། ཅེས་པས་བསྟན། གཟུགས་ན་ནི་དེ་གསུམ་དང་མིག་སོགས་ལྔ་སྟེ་བརྒྱད་ཅིག་ཅར་འགག་པར་འགྱུར་རོ། ། གསུམ་པ་འདོད་པར་འགག་ཚུལ་ལ། རྫུས་སྐྱེས་དང༌། མངལ་སྐྱེས་ཀྱི་འགག་ཚུལ་ལོ། །དང་པོ་ནི། འདོད་པར་བཅུ་འམ་དགུ་འམ་བརྒྱད། ། ཅེས་པས་བསྟན། འདོད་པར་མཚན་གཉིས་པ་ཞིག་འཆི་བ་ན་སྨོས་མ་ཐག་པའི་བརྒྱད་དང་མཚན་གཉིས་ཏེ་བཅུ་འམ་མཚན་གཅིག་པ་ཡིན་ན་དགུའམ་མཚན་མེད་ཡིན་ན་བརྒྱད་འགག་པར་འགྱུར་རོ། ། གཉིས་པ་མངལ་སྐྱེས་ཀྱི་འགག་ཚུལ་ནི། རིམ་གྱིས་འཆི་བ་དག་ལ་བཞི། ། ཞེས་པས་བསྟན། རིམ་གྱིས་འཆི་བ་དག་ལ་སྲོག་ཡིད་བཏང་སྙོམས་ལུས་ཀྱི་དབང་པོ་སྟེ་བཞི་ཅིག་ཅར་འགག་པར་འགྱུར་རོ། ། གཉིས་པ་དགེ་སེམས་དང་ལྡན་པའི་དམིགས་བསལ་ནི། དགེ་ལ་ཐམས་ཅད་དག་ཏུ་ལྔ། ། ཞེས་པས་བསྟན། དགེ་བའི་སེམས་ཀྱི་འཆི་བ་དག་ལ་ནི་ཁམས་གསུམ་གྱི་གནས་སྐབས་དྲུག་པོ་ཐམས་ཅད་དག་ཏུ་སྔར་གྱི་སྟེང་དུ་དད་སོགས་ལྔ་ཡང་ཅིག་ཅར་འགག་པས་གཟུགས་མེད་ན་བརྒྱད་གཟུགས་ན་བཅུ་གསུམ་འདོད་པར་བཅོ་ལྔ་འགག་པ་སོགས་སྦྱར་ནས་ཤེས་པར་བྱའོ། །ཁམས་གོང་ན་རིམ་གྱིས་འཆི་བ་མེད་དེ། དེ་དག་རྫུས་སྐྱེས་ཡིན་པའི་ཕྱིར། ཟག་མེད་རྣམས་ནི་འཆི་འཕོ་བས་འགག་པར་མི་འགྱུར་རོ། ། གསུམ་པ་འབྲས་བུ་དབང་པོ་དུས་ཐོབ་པ་ལ། འབྲས་བུ་ཐོག་མཐའ་གཉིས་དུས་ཐོབ་པ། བར་པ་གཉིས་དུས་ཐོབ་པ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། འབྲས་བུ་ཐ་མ་གཉིས་དགུས་འཐོབ། ། ཅེས་པས་བསྟན། ཡས་མར་ནས་བགྲངས་པའི་འབྲས་བུ་ཐ་མ་རྒྱུན་ཞུགས་དང་དགྲ་བཅོམ་པའི་འབྲས་བུ་གཉིས་ནི་དབང་པོ་དགུ་དགུས་ཐོབ་སྟེ། རྒྱུན་ཞུགས་ཀྱི་འབྲས་བུ་ནི་དད་སོགས་ལྔ་ཡིད་དེ་ཐུན་མོང་བ་དྲུག་བཏང་སྙོམས་ཀུན་ཤེས་བྱེད་པ་དང་ཀུན་ཤེས་པའི་དབང་པོ་དང་དགུས་ཐོབ་པའི་ཕྱིར་དང༌། དགྲ་བཅོམ་ནི་ཐུན་མོང་བ་དྲུག་ཚོར་བ་བདེ་བ་ཡིད་བདེ་བཏང་སྙོམས་གསུམ་ལས་གང་རུང་གཅིག་ཀུན་ཤེས་པའི་དབང་པོ་ཀུན་ཤེས་ལྡན་པའི་དབང་པོ་དང་དགུས་ཐོབ་པའི་ཕྱིར། གཉིས་པ་བར་པ་གཉིས་དུས་ཐོབ་པ་ནི། གཉིས་ནི་བདུན་དང་བརྒྱད་དང་དགུས། ། ཞེས་པས་བསྟན། ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་གཉིས་ནི་དབང་པོ་བདུན་དང་བརྒྱད་དང་དགུས་ཐོབ་པའང་ཡོད་དེ། གལ་ཏེ་དེ་དག་འབྲས་བུ་མཐར་གྱིས་པ་ཡིན་ཞིང་དེའང་འཇིག་རྟེན་པའི་ལམ་གྱིས་ཐོབ་ན་དད་སོགས་ལྔ་ཡིད་བཏང་སྙོམས་ཏེ་བདུན་དང༌། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་ན་དེའི་སྟེང་དུ་ཀུན་ཤེས་པའི་དབང་པོ་དང་བརྒྱད་དང༌། གལ་ཏེ་དེ་དག་འབྲས་བུ་ཐོད་རྒལ་བ་ཞིག་ཡིན་ན་དགུས་ཐོབ་སྟེ། ཕྱིར་འོང་གི་འབྲས་བུ་ནི་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་བྱེད་ཀྱི་དབང་པོ་དེ་དག་གིས་ཐོབ་པ་དང༌། ཕྱིར་མི་འོང་གི་འབྲས་བུ་ནི་ཐུན་མོང་བ་དྲུག་ཚོར་བ་གསུམ་ལས་གང་རུང་ཞིག །ཀུན་ཤེས་པར་བྱེད་པ་དང་ཀུན་ཤེས་པའི་དབང་པོ་སྟེ་དགུས་ཐོབ་པའི་ཕྱིར། གསུམ་པ་རྩོད་པ་སྤང་བ་ནི། བཅུ་གཅིག་དག་གིས་དགྲ་བཅོམ་ཉིད། །འགའ་ཞིག་སྲིད་ཕྱིར་བཤད་པ་ཡིན། ། ཞེས་པས་བསྟན། དགྲ་བཅོམ་པའི་འབྲས་བུ་དེ་དབང་པོ་དགུས་ཐོབ་ན་བསྟན་བཅོས་ཡེ་ཤེས་ལ་འཇུག་པ་ལས་བཅུ་གཅིག་གིས་ཐོབ་པར་བཤད་པ་དང་འགལ་ལོ་ཞེ་ན། དབང་པོ་བཅུ་གཅིག་དག་གིས་དགྲ་བཅོམ་ཉིད་ཐོབ་པར་བཤད་པ་དང་དགུས་ཐོབ་པར་བཤད་པ་གཉིས་མི་འགལ་ཏེ། དེ་ནི་དགྲ་བཅོམ་ཡང་ཡང་ཉམས་པ་སོར་ཆུད་པ་འགའ་ཞིག་ལ་དེ་ལྟར་སྲིད་པའི་ཕྱིར་དེ་ལ་དགོངས་ནས་བཤད་པ་ཡིན་ནོ། །འདིར་དགུས་ཐོབ་པ་ནི་དུས་གཅིག་ཏུ་ཐོབ་པའི་དབང་དུ་བྱས་པ་ཡིན་པའི་ཕྱིར་རོ། །སྲིད་པའི་ཚུལ་ནི་དགྲ་བཅོམ་པའི་འབྲས་བུ་དེ་དང་པོར་བདེ་བའི་དབང་པོ་ལ་བརྟེན་ནས་ཐོབ། དེ་ལས་ཉམས་ནས་ཡིད་བདེའི་དབང་པོ་ལ་བརྟེན་ནས་སོར་ཆུད། དེ་ལས་ཉམས་ནས་བཏང་སྙོམས་ཀྱི་དབང་པོ་ལ་བརྟེན་ནས་སོར་ཆུད་པ་ལྟ་བུའོ། ། བཞི་པ་དབང་པོའི་ལྡན་ཚུལ་ལ། །ངེས་ལྡན། ཉུང་ལྡན། མང་ལྡན་ནོ། །དང་པོ་ལ། གསུམ་གྱི་ངེས་ལྡན། བཞིའི་ངེས་ལྡན། ལྔ་ལྡན། བདུན་ལྡན། བརྒྱད་ལྡན། བཅུ་གཅིག་ལྡན། བཅུ་གསུམ་ངེས་པར་ལྡན་པའོ། །དང་པོ་ནི། བཏང་སྙོམས་དང་ནི་སྲོག་དང་ནི། །ཡིད་དང་ལྡན་ལ་ངེས་གསུམ་ལྡན། ། ཞེས་པས་བསྟན། དབང་པོ་གང་ཞིག་དང་ལྡན་ན་གདོན་མི་ཟ་བར་དབང་པོ་དུ་ཞིག་དང་ལྡན་པས་ཁྱབ་ཅེ་ན། བཏང་སྙོམས་དང་ནི་སྲོག་དང་ནི་ཡིད་ཀྱི་དབང་པོ་དང་གསུམ་ལས་གང་རུང་ཞིག་དང་ལྡན་པ་ལ་ངེས་པར་དབང་པོ་གསུམ་ཀ་དང་ལྡན་པས་ཁྱབ་པ་ཡིན་ཏེ། གསུམ་པོ་དེ་ངེས་ལྡན་ཡིན་པའི་ཕྱིར། འོ་ན་སེམས་མེད་གཉིས་ལ་སྙོམས་པར་ཞུགས་པ་ན་ཡིད་དང་ཚོར་བ་བཏང་སྙོམས་མེད་པའི་ཕྱིར་སྲོག་ཀྱང་མི་ལྡན་པར་འགྱུར་རོ་ཞེ་ན། དེ་དག་ནི་མངོན་གྱུར་མེད་ཀྱང་ཐོབ་པ་ཡོད་པའི་ཕྱིར་ལྡན་པ་ནི་འཐད་དོ། ། གཉིས་པ་བཞི་ལྡན་ནི། བདེ་ལུས་ལྡན་ལ་བཞི་དག་དང༌། ། ཞེས་པས་བསྟན། བདེ་བ་དང་ལུས་ཀྱི་དབང་པོ་གང་རུང་རེ་རེ་དང་ལྡན་པ་ལ་ངེས་པར་དབང་པོ་བཞི་བཞི་དག་དང་ལྡན་པ་ཡིན་ཏེ། ངེས་ལྡན་གསུམ་རང་རང་བསྣན་ནས་བཞི་བཞི་དང་གདོན་མི་ཟ་བར་ལྡན་པའི་ཕྱིར། གསུམ་པ་ལྔ་ལྡན་ནི། མིག་སོགས་ལྡན་ལ་ལྔ་དང་ལྡན། །ཡིད་བདེ་ལྡན་ཡང༌། ། ཞེས་པས་བསྟན། མིག་སོགས་བཞི་ལས་གང་རུང་གཅིག་དང་ལྡན་པ་ལ་ནི་ལྔ་དང་ངེས་པ་ལྡན་པ་ཡིན་ཏེ། ངེས་ལྡན་གསུམ་ལུས་དབང་རང་རང་དང་ལྡན་པའི་ཕྱིར། ཡིད་བདེ་ལྡན་པ་ལ་ཡང་ལྔ་དང་ངེས་པར་ལྡན་པ་ཡིན་ཏེ། ངེས་ལྡན་གསུམ་བདེ་བ་ཡིད་བདེ་དང་ལྔ་ལྡན་པའི་ཕྱིར། བསམ་གཏན་གཉིས་པར་སྐྱེས་པ་བསམ་གཏན་གསུམ་པ་མ་ཐོབ་པ་བདེ་བའི་དབང་པོ་གང་དང་ལྡན་པ་ཡིན་ཞེ་ན། བསམ་གཏན་གསུམ་པའི་བདེ་བ་ཉོན་མོངས་པ་ཅན་དང་ལྡན་ནོ། ། བཞི་པ་བདུན་ལྡན་ནི། སྡུག་བསྔལ་ལྡན། །བདུན་དང༌། ། ཞེས་པས་བསྟན། སྡུག་བསྔལ་གྱི་དབང་པོ་དང་ལྡན་པ་ལ་བདུན་དང་ངེས་པར་ལྡན་ཏེ། ལུས་སྲོག་ཡིད་ཡིད་མི་བདེ་ལས་གཞན་པའི་ཚོར་བ་བཞི་དང་ལྡན་པའི་ཕྱིར། ལྔ་པ་བརྒྱད་ལྡན་ནི། མོ་ཡི་དབང་སོགས་ལྡན། །བརྒྱད་དང༌། ། ཞེས་པས་བསྟན། མོ་ཡི་དབང་པོ་དང་སོགས་པ་ཕོའི་དབང་པོ་གང་རུང་རེ་རེ་དང་ལྡན་པ་ལ་ངེས་པར་དབང་པོ་བརྒྱད་དང་ལྡན་པ་ཡིན་ཏེ། སྔ་མ་བདུན་གྱི་སྟེང་དུ་རང་རང་བསྣན་པས་བརྒྱད་དང་ལྡན་པའི་ཕྱིར། དེར་མ་ཟད་ཡིད་མི་བདེ་དང་ལྡན་པ་ལ་ངེས་པར་བརྒྱད་དང་ལྡན་པ་ཡིན་ཏེ། སྔ་མ་བདུན་གྱི་སྟེང་དུ་རང་ཉིད་དེ་བརྒྱད་དང་ལྡན་པའི་ཕྱིར། དད་སོགས་ལྔ་དང་ལྡན་པ་ལའང་ངེས་ལྡན་གསུམ་དད་སོགས་ལྔ་སྟེ་བརྒྱད་དང་ངེས་པར་ལྡན་ནོ། ། དྲུག་པ་བཅུ་གཅིག་ལྡན་ནི། ཀུན་ཤེས་ལྡན་པ་ཡི། །དབང་པོ་ལྡན་ལ་བཅུ་གཅིག་ལྡན། ། ཞེས་པས་བསྟན། ཀུན་ཤེས་པ་དང་ཀུན་ཤེས་ལྡན་པ་ཡི་དབང་པོ་གང་རུང་རེ་རེ་དང་ལྡན་པ་ལ་ངེས་པར་དབང་པོ་བཅུ་གཅིག་བཅུ་གཅིག་ལྡན་ཏེ། ངེས་ལྡན་གསུམ་བདེ་བ་ཡིད་བདེ་དད་སོགས་ལྔ་རང་རང་དང་ལྡན་པའི་ཕྱིར། བདུན་པ་བཅུ་གསུམ་ངེས་པར་ལྡན་པ་ནི། ཀུན་ཤེས་བྱེད་པའི་དབང་ལྡན་ལ། །བཅུ་གསུམ་དག་དང་ལྡན་པ་ཡིན། ། ཞེས་པས་བསྟན། ཀུན་ཤེས་བྱེད་པའི་དབང་པོ་དང་ལྡན་པ་ལ་ངེས་པར་བཅུ་གསུམ་དག་དང་ལྡན་པ་ཡིན་ཏེ། ཡིད་སྲོག་ལུས་ཡིད་མི་བདེ་ལས་གཞན་པའི་ཚོར་བ་བཞི་དད་སོགས་ལྔ་རང་ཉིད་རྣམས་དང་ལྡན་པའི་ཕྱིར། འདི་མཐོང་ལམ་པ་ཡིན་པས་ཕོ་མོའི་དབང་པོ་གང་རུང་ཞིག་དང་ངེས་པར་ལྡན་ཡང་གང་དང་ལྡན་མ་ངེས་པས་འདིར་མ་སྨོས་པ་ཡིན་ནོ། ། གཉིས་པ་ཉུང་ལྡན་ལ། དགེ་བ་མེད་པའི་ཉུང་ལྡན་དང༌། གཟུགས་མེད་བྱིས་པའི་ཉུང་ལྡན་ནོ། །དང་པོ་ནི། དགེ་མེད་ནང་ན་ཉུང་ལྡན་པ། །ལུས་ཚོར་སྲོག་ཡིད་བརྒྱད་དང་ལྡན། ། ཞེས་པས་བསྟན། དབང་པོ་གང་ཞིག་གི་ནང་ན་ཉུང་བར་ལྡན་པ་དེ་དབང་པོ་དུ་ཞིག་དང་ལྡན་ཞེ་ན། འདོད་པ་ན་དགེ་རྩ་ཆད་ནས་མེད་པ་འཆི་ཀ་མ་ནི་ལྡན་ཚུལ་གྱི་ནང་ནས་དབང་པོ་ཉུང་བར་ལྡན་པ་ཡིན་ཏེ། ལུས་ཚོར་བ་ལྔ་སྲོག་ཡིད་དེ་བརྒྱད་དང་ལྡན་པའི་ཕྱིར། གཉིས་པ་གཟུགས་མེད་བྱིས་པའི་ཉུང་ལྡན་ནི། གཟུགས་མེད་བྱིས་པའང་དེ་བཞིན་ཏེ། །བཏང་སྙོམས་སྲོག་ཡིད་དགེ་རྣམས་དང༌། ། ཞེས་པས་བསྟན། གཟུགས་མེད་པའི་བྱིས་པའང་དེ་བཞིན་དུ་གྲངས་བརྒྱད་དང་ལྡན་ཏེ། བཏང་སྙོམས་སྲོག་ཡིད་དད་སོགས་དགེ་བའི་དབང་པོ་ལྔ་པོ་རྣམས་དང་ལྡན་པའི་ཕྱིར། གསུམ་པ་མང་ལྡན་ལ། སོ་སྐྱེ་དང༌། འཕགས་པའི་མང་ལྡན་ནོ། །དང་པོ་ནི། མང་པོར་ལྡན་ལ་བཅུ་དགུ་སྟེ། །དྲི་མ་མེད་རྣམས་མ་གཏོགས་སོ། །མཚན་གཉིས། ། ཞེས་པས་བསྟན། དབང་པོ་གང་ཞིག་གི་ནང་ན་མང་པོར་ལྡན་པ་དེ་དུ་ཞིག་དང་ལྡན་ཞེ་ན། དབང་པོ་མང་པོར་ལྡན་པའི་གང་ཟག་ལ་དབང་པོ་བཅུ་དགུ་དང་ལྡན་པ་སྲིད་དེ། དྲི་མ་མེད་པའི་དབང་པོ་གསུམ་རྣམས་མ་གཏོགས་པ་ལྷག་མ་རྣམས་དང་ལྡན་པས་སོ། །དེ་སུ་ཞིག་ལ་ལྡན་ཞེ་ན། མཚན་གཉིས་པ་ཅན་གྱི་གང་ཟག་འགའ་ཞིག་ལའོ། ། གཉིས་པ་འཕགས་པའི་མང་ལྡན་ནི། འཕགས་པ་ཆགས་བཅས་ཏེ། །མཚན་གཅིག་དྲི་མེད་གཉིས་མ་གཏོགས། ། ཞེས་པས་བསྟན། འཕགས་པ་ཆགས་བཅས་རྒྱུན་ཞུགས་དང་ཕྱིར་འོང་ཡང་དབང་པོ་བཅུ་དགུ་བཅུ་དགུ་དང་ལྡན་པ་སྲིད་དེ། འཕགས་པ་མཚན་གཉིས་པ་མི་སྲིད་པས་མཚན་གང་རུང་ཞིག་མ་གཏོགས་ལ་དྲི་མེད་སྔ་ཕྱི་འམ་ཐ་མ་གཉིས་མ་གཏོགས་པ་རྣམས་དང་ལྡན་པའི་ཕྱིར། འདོད་པ་ལ་འདོད་ཆགས་དང་བྲལ་ན་ཡིད་མི་བདེ་མི་ལྡན་པས་ཆགས་བཅས་སྨོས་སོ། ། གཉིས་པ་འདུས་བྱས་ཀྱི་སྐྱེ་ཚུལ་ལ། གཟུགས་ཅན་དང༌། གཟུགས་ཅན་མིན་པའི་སྐྱེ་ཚུལ་ལོ། །དང་པོ་ལ། རྫས་བརྒྱད་དང་ལྡན་པར་སྐྱེ་བ། དགུ་དང་ལྡན་པར་སྐྱེ་བ། བཅུ་དང་ལྡན་པར་སྐྱེ་བའོ། །དང་པོ་ནི། འདོད་ན་དབང་པོ་མེད་པ་དང༌། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། ། ཞེས་པས་བསྟན། འདོད་ཁམས་ན་ལུས་སོགས་ཀྱི་དབང་པོའི་རྡུལ་མེད་པ་དང་སྒྲའི་རྡུལ་ཡང་མེད་པའི་བསགས་པའི་གོང་བུ་ཆུང་མཐར་གྱུར་པ་བློ་ལ་ཆ་དང་ལྡན་པར་སྣང་བའི་ཕྲ་རབ་ཀྱི་རྡུལ་ནི་རྫས་བརྒྱད་དང་ངེས་པར་ལྷན་ཅིག་སྐྱེ་སྟེ། འབྱུང་བ་བཞི་འབྱུང་གྱུར་བཞིའི་རྫས་དང་ལྷན་ཅིག་སྐྱེ་བའི་ཕྱིར། གཉིས་པ་དགུ་དང་ལྡན་པར་སྐྱེ་བ་ནི། ལུས་དབང་ལྡན་ལ་རྫས་དགུ་སྟེ། ། ཞེས་པས་བསྟན། ལུས་ཀྱི་དབང་པོ་དང་ལྡན་པ་ལ་རྫས་དགུ་དང་ལྡན་ཏེ། སྔར་གྱི་བརྒྱད་དང་རང་ཉིད་དང་དགུ་ལྡན་པའི་ཕྱིར། གསུམ་པ་བཅུ་དང་ལྡན་པར་སྐྱེ་བ་ནི། དབང་པོ་གཞན་ལྡན་རྫས་བཅུའོ། ། ཞེས་པས་བསྟན། དེའི་ཁར་དབང་པོ་གཞན་དང་ལྡན་ན་རྫས་བཅུ་དང་ལྡན་ཏེ། སྔར་གྱི་ཁར་མིག་སོགས་གང་རུང་དང་ལྡན་པའི་ཕྱིར། །བསགས་པ་སྨོས་པས་ནི་ཆ་མེད་གཅིག་པུ་པ་འདུས་པར་མ་སྐྱེས་པ་བཀར་བའོ། ། གཉིས་པ་གཟུགས་ཅན་མ་ཡིན་པའི་སྐྱེ་ཚུལ་ལ་གཉིས། བསྟན་པ་དང༌། བཤད་པའོ། །དང་པོ་ནི། སེམས་དང་སེམས་བྱུང་ངེས་ལྷན་ཅིག །ཐམས་ཅད་འདུས་བྱས་མཚན་ཉིད་དང༌། །ཐོབ་པའམ། ། ཞེས་པས་བསྟན། གཙོ་བོ་སེམས་དང་དེའི་འཁོར་སེམས་བྱུང་རྣམས་ངེས་པར་ལྷན་ཅིག་ཏུ་སྐྱེ་སྟེ། ཕན་ཚུན་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་ཏེ། མདོ་ལས། སེམས་ལས་བྱུང་བ་མེད་པ་ཡི། །སེམས་ནི་ནམ་ཡང་མི་འབྱུང་སྟེ། །ཉི་མ་དང་ནི་འོད་ཟེར་བཞིན། །དེ་དག་ཉིད་དང་ལྷན་ཅིག་འཇུག །ཅེས་གསུངས་པའི་ཕྱིར། འདུས་བྱས་ཐམས་ཅད་ནི་འདུས་བྱས་ཀྱི་མཚན་ཉིད་སྐྱེ་སོགས་བཞི་དང་ངེས་པར་ལྷན་ཅིག་སྐྱེ་བ་དང༌། རང་རྒྱུད་ཀྱིས་བསྡུས་པའི་ཐོབ་པ་དུས་མཉམ་པ་ལུས་དང་གྲིབ་མ་ལྟ་བུ་དང་ཐོབ་བྱའི་ཆོས་ལྷན་ཅིག་སྐྱེ་ལ་འདི་ནི་རང་དང་ལྷན་ཅིག་དུས་མཉམ་གྱི་ཐོབ་པའི་དབང་དུ་བྱས་ལ་སྔ་ཕྱིར་སྐྱེ་བའི་ཐོབ་པ་རྣམས་ལ་དེ་ལྟ་མ་ཡིན་ནོ། །འམ་ཞེས་པ་ནི་རྣམ་པར་བརྟག་པའི་སྒྲ་སྟེ། འགོག་པ་གཉིས་ཀྱི་ཐོབ་པ་སྐྱེ་ཡང་ཐོབ་བྱའི་འགོག་པ་གཉིས་མི་སྐྱེ་བ་ཡང་ཡོད་དོ་ཞེས་ཤེས་པར་བྱ་བའི་ཆེད་དུ་ཡིན་ནོ། ། གཉིས་པ་རྒྱས་པར་བཤད་པ་ལ། སེམས་དང་མཚུངས་ལྡན་རྒྱས་པར་བཤད། མི་ལྡན་འདུ་བྱེད་རྒྱས་པར་བཤད་པའོ། །དང་པོ་ལ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི།་ སེམས་བྱུང་རྣམ་ལྔ་སྟེ། །ས་མང་ལ་སོགས་ཐ་དད་ཕྱིར། ། ཞེས་པས་བསྟན། སེམས་བྱུང་ནི་སྡེ་ཚན་རྣམ་པ་ལྔ་སྟེ། སེམས་ཀྱི་ས་མང་པོ་བ་ལ་སོགས་སྡེ་ཚན་ཐ་དད་པར་ཡོད་པའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ལ། ས་མང་ལྔའི་དབྱེ་བ། སེམས་གང་གི་འཁོར་དུ་སེམས་བྱུང་གང་ཡོད་པ། འདྲ་མཚུངས་ཀྱི་ཁྱད་འབྱེད། མིང་གི་རྣམ་གྲངས་བསྟན་པའོ། །དང་པོ་ལ། སེམས་ཀྱི་ས་མང་པོ་བ། དགེ་བའི་ས་མང་པོ་བ། ཉོན་མོངས་པ་ཅན་གྱི་ས་མང་པོ་བ། མི་དགེ་བའི་ས་མང་པོ་བ། ཉེ་བའི་ཉོན་མོངས་པ་ཆུང་ངུའི་ས་པ་བཤད་པའོ། །དང་པོ་ནི། ཚོར་དང་སེམས་པ་འདུ་ཤེས་དང༌། འདུན་དང་རེག་པར་བློ་གྲོས་དྲན། ། ཡིད་ལ་བྱེད་དང་མོས་པ་དང༌། །ཏིང་ངེ་འཛིན་སེམས་ཐམས་ཅད་ལ། ། ཞེས་པས་བསྟན། མྱོང་བའི་ངོ་བོར་གྱུར་པའི་ཚོར་བ་དང་སེམས་ཡུལ་ལ་གཡོ་བར་བྱེད་པའི་སེམས་པ་དང་མཚན་མར་འདུ་ཤེས་དང་དམིགས་ཡུལ་ཐོབ་པར་བྱེད་འདོད་པའི་འདུན་པ་དང་ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་ཡུལ་སྡུག་མི་སྡུག་བར་མའི་འགྱུར་བ་གཅོད་པར་བྱེད་པའི་རེག་པ་དང་བློ་གྲོས་ཏེ་ཟག་བཅས་ཟག་མེད་ཀྱི་ཆོས་རྣམ་པར་འབྱེད་པའི་ཤེས་རབ་དང་དམིགས་པ་མི་བརྗེད་པར་འཛིན་ནུས་པའི་དྲན་པ་དང་སེམས་དམིགས་པ་ལ་གཏོད་ཅིང་འཇུག་པའི་ཡིད་ལ་བྱེད་པ་དང་མོས་པ་ནི་དམིགས་པ་ལ་ཡོན་ཏན་དུ་འཛིན་པའི་འདོད་པ་དང་སེམས་རྩེ་གཅིག་པར་བྱེད་པའི་ཏིང་ངེ་འཛིན་དང་བཅུ་པོ་དེ་ལ་སེམས་ཀྱི་ས་མང་ཞེས་བྱ་སྟེ། སེམས་ཐམས་ཅད་ལ་འཁོར་དུ་འབྱུང་བའི་ཕྱིར། གཉིས་པ་དགེ་བའི་ས་མང་ནི། དད་དང་བག་ཡོད་ཤིན་ཏུ་སྦྱངས། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། ། རྩ་བ་གཉིས་རྣམ་མི་འཚེ་དང༌། །བརྩོན་འགྲུས་རྟག་ཏུ་དགེ་ལ་འབྱུང༌། ། ཞེས་པས་བསྟན། དད་པ་ནི་སེམས་ཉོན་མོངས་དང་ཉེ་ཉོན་གྱི་རྙོག་པ་དང་བྲལ་བའི་དང་བའོ། །བག་ཡོད་ནི་དད་སོགས་དགེ་བའི་ཆོས་ལ་གཅེས་སྤྲས་སུ་བྱེད་ཅིང་ཟག་པ་དང་བཅས་པ་ལ་སེམས་སྲུང་བའོ། །ཤིན་ཏུ་སྦྱངས་པ་ནི་དམིགས་པ་ལ་གཏད་བཟོད་པའི་སེམས་ལས་སུ་རུང་བའོ། །བཏང་སྙོམས་ནི་ཚོར་བ་དང་ཚད་མེད་དང་འདུ་བྱེད་བཏང་སྙོམས་གསུམ་ལས་ཐ་མ་སེམས་བྱིང་རྒོད་དང་བྲལ་བར་ལྷུན་གྱིས་གྲུབ་པར་འཇུག་པའོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་གཉིས་ནི་རང་གཞན་གྱི་ཁ་ན་མ་ཐོ་བ་སྡོམ་པའི་ཆ་ནས་བཞག་ཅིང་དེ་ནི་འོག་ནས་འཆད་པར་འགྱུར་རོ། །འདོད་ཆགས་མེད་པ་དང་ཞེ་སྡང་མེད་པའི་དགེ་བའི་རྩ་བ་གཉིས་ནི་ཆགས་སྡང་གཉིས་ཀྱི་གཉེན་པོའོ། །གཏི་མུག་མེད་པ་ནི་ཤེས་རབ་ཀྱི་ཆ་ལ་བཏགས་ཤིང་སེམས་ཀྱི་ས་པར་འདུས་པས་འདིར་མ་བརྗོད་དོ། །རྣམ་པར་མི་འཚེ་བ་ནི་སྙིང་བརྩེ་བ་དང༌། བརྩོན་འགྲུས་ནི་དགེ་བའི་བྱ་བ་ལ་སེམས་སྤྲོ་བའོ། །བཅུ་པོ་འདི་ལ་ནི་དགེ་བའི་ས་པ་ཞེས་བྱ་སྟེ། རྟག་ཏུ་དགེ་བའི་སེམས་ཐམས་ཅད་ལ་འཁོར་དུ་འབྱུང་བའི་ཕྱིར། གསུམ་པ་ཉོན་མོངས་ཅན་གྱི་ས་མང་ནི། རྨོངས་དང་བག་མེད་ལེ་ལོ་དང༌། །མ་དད་པ་དང་རྨུགས་དང་རྒོད། ། ཉོན་མོངས་ཅན་ལ་རྟག་ཏུ་འབྱུང༌། ། ཞེས་པས་བསྟན། རྨོངས་པ་ནི་ལས་འབྲས་སོགས་མི་ཤེས་པ་སྟེ་དེ་དང་མ་རིག་པ་དང་གཏི་མུག་རྣམས་དོན་གཅིག་གོ བག་མེད་ནི་བག་ཡོད་ཀྱི་མི་མཐུན་ཕྱོགས་དགེ་བ་མི་སྒོམ་པའོ། །ལེ་ལོ་ནི་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་དགེ་བ་ལ་མི་སྤྲོ་བ་དང༌། མ་དད་པ་ནི་དད་པའི་མི་མཐུན་ཕྱོགས་སེམས་མ་དད་པ་དང་རྨུགས་པ་ནི་སེམས་ལས་སུ་མི་རུང་ཞིང་བློང་བློང་བོར་བྱེད་པ་དང་རྒོད་པ་ནི་སེམས་རྣམ་པར་མ་ཞི་བའོ། །དྲུག་པོ་དེ་ནི་ཉོན་མོངས་ཆེན་པོའི་ས་པ་ཡིན་ཏེ། ཉོན་མོངས་ཅན་གྱི་སེམས་ཐམས་ཅད་ལ་རྟག་ཏུ་འཁོར་དུ་འབྱུང་བའི་ཕྱིར། བཞི་པ་མི་དགེ་བའི་ས་མང་ནི། མི་དགེ་བ་ནི་ཁྲེལ་མེད་དང༌། །ངོ་ཚ་མེད་པའོ། ། ཞེས་པས་བསྟན། མི་དགེ་བའི་སེམས་ཐམས་ཅད་ལ་རྟག་ཏུ་ངེས་པར་འཁོར་དུ་འབྱུང་བ་ནི་ཁྲེལ་མེད་དང་ངོ་ཚ་མེད་པའོ། ། ལྔ་པ་ཉོན་མོངས་ཆུང་ངུའི་ས་པ་བཤད་པ་ནི། ཁྲོ་བ་དང༌། ། འཁོན་དུ་འཛིན་དང་གཡོ་དང་ནི། །ཕྲག་དོག་འཚིག་འཆབ་སེར་སྣ་དང༌། ། སྒྱུ་དང་རྒྱགས་དང་རྣམ་འཚེ་ནི། །ཉོན་མོངས་ཆུང་ངུའི་ས་པ་རྣམས། ། ཞེས་པས་བསྟན། ཁྲོ་བ་ནི་གནོད་བྱེད་ཀྱི་སེམས་ཅན་ལ་སེམས་ཁོང་ནས་འཁྲུག་པ་དང་འཁོན་དུ་འཛིན་པ་ནི་ཁྲོས་པའི་འོག་ཏུ་མདུད་པར་འཛིན་པ་དང་གཡོ་ནི་ཉེས་པ་ཁས་མི་ལེན་པའི་སེམས་གྱ་གྱུ་བའི་རྣམ་པ་ཅན་དང་ནི་ཕྲག་དོག་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ་མི་བཟོད་པ་དང༌། འཚིག་པ་ནི་སྡིག་པ་ལ་མངོན་པར་དམ་དུ་འཁྱུད་པ་སྟེ། ཇི་སྐད་དུ། འཚིག་པ་སྡིག་ལ་ཞེན་པའོ། །ཞེས་བཤད་པ་ལྟར་རོ། །འཆབ་པ་ནི་ཉེས་པ་སྦེད་ཅིང་གསང་བར་བྱེད་པ་དང༌། སེར་སྣ་ནི་ཆོས་དང་ཟང་ཟིང་གི་དངོས་པོ་སོགས་ལ་ཆགས་ནས་གཞན་ལ་མི་གཏོང་བ་དང༌། སྒྱུ་ནི་རྙེད་པ་དང་བཀུར་སྟི་སོགས་ལ་ཆགས་ནས་རང་ལ་ཡོན་ཏན་མེད་བཞིན་ཡོད་པ་ལྟར་འཆོས་པ་དང་རྒྱགས་པ་ནི་འོག་ནས་སྟོན་པར་འགྱུར་བ་དང༌། རྣམ་འཚེ་ནི་སེམས་ཅན་སྡུག་བསྔལ་བར་འདོད་པ་དང༌། བཅུ་པོ་དེ་དག་ལ་ཉོན་མོངས་ཆུང་ངུའི་ས་པ་རྣམས་ཞེས་བརྗོད་དེ། རྩ་ཉོན་མ་རིག་པ་ཙམ་དང་མཚུངས་པར་ལྡན་པ་དང་སྤང་བྱ་སྒོམ་སྤང་ཁོ་ན་ཡིན་པ་དང་སྒོམ་སྤང་གི་ཡིད་ཀྱི་རྣམ་ཤེས་ཁོ་ནའི་འཁོར་དུ་འབྱུང་བ་སྟེ། མཚུངས་ལྡན་གྲོགས་དང་སྤང་བྱ་རིས་དང་འབྱུང་ས་རྟེན་གྱིས་ཆུང་བའི་ཕྱིར་རོ། །དེས་ན་སྡེ་ཚན་དེ་ལྔ་ལ་སེམས་བྱུང་སོ་བརྒྱད་འབྱུང་ལ། དེར་མ་ངེས་པ་ནི་གང་སྤེལ་དང་དབྱིག་བཤེས་ཀྱི་ཊཱི་ཀ་ལས། རྟོག་དང་དཔྱོད་དང་འགྱོད་པ་དང༌། །གཉིད་དང་ཁོང་ཁྲོ་ཆགས་རྣམས་དང༌། །ང་རྒྱལ་ཐེ་ཚོམ་ཞེས་བྱ་བ། །བརྒྱད་ནི་ངེས་པ་མིན་པར་བཤད། །ཅེས་སེམས་བྱུང་ཞེ་དྲུག་ཏུ་བཤད་པ་འདིར་མ་སྨོས་པ་ཅི་ཞེ་ན། མ་བཤད་ཀྱང་དོན་གྱིས་གོ་བ་ལ་དགོངས་པ་ཡིན་ཏེ། ངེས་པ་རྣམས་དངོས་སུ་བཤད་པ་ཉིད་ཀྱིས་མ་ངེས་པ་ཤུགས་ལ་གོ་བའི་ཕྱིར། མངོན་པ་གོང་མར་སེམས་བྱུང་ང་གཅིག་གསུངས་ལ་འདིར་ཞེ་དྲུག་ཏུ་བསྡུ་བ་ཅི་ཞེ་ན། གོང་མའི་ལྔ་བཏགས་ཡོད་ཡིན་པས་འདིར་རྫས་ཡོད་ཀྱི་གྲངས་སུ་མ་བསྡུས་ཏེ། དགེ་བའི་ནང་ནས་གཏི་མུག་མེད་པ་དང་རྩ་ཉོན་གྱི་ནང་ནས་ལྟ་བ་དང་ཉེ་ཉོན་གྱི་ནང་ནས་ཤེས་བཞིན་མིན་པ་གསུམ་ནི་ཤེས་རབ་ཀྱི་ཆ་ལ་བཏགས་ལ། ཉེ་ཉོན་གྱི་ནང་ནས་རྣམ་གཡེང་ནི་ཏིང་ངེ་འཛིན་གྱི་ཆ་ལ་བཏགས་ཤིང་བརྗེད་ངས་ནི་དྲན་པ་ལ་བཏགས་པའི་ཕྱིར། གཉིས་པ་སེམས་གང་གི་འཁོར་དུ་སེམས་བྱུང་གང་ཡོད་པ་ལ། འདོད་སེམས་གང་གི་འཁོར་དུ་སེམས་བྱུང་གང་ཡོད་པ། ཁམས་གོང་ན་གང་ཡོད་པའོ། །དང་པོ་ལ། དགེ་བའི་སེམས་ཀྱི། མི་དགེ་བའི་སེམས་ཀྱི། ལུང་མ་བསྟན་གྱི་འཁོར་དུ་གང་ཡོད་པ། གཉིད་གསལ་བྱེད་དུ་སྦྱར་བའོ། །དང་པོ་ལ། སྤྱིར་བཏང་དང༌། དམིགས་བསལ་ལོ། །དང་པོ་ནི། འདོད་པའི་དགེ་བའི་སེམས་ལ་ནི། །རྟོག་དང་དཔྱོད་དང་བཅས་པའི་ཕྱིར། ། སེམས་ལས་བྱུང་བ་ཉི་ཤུ་གཉིས། ། ཞེས་པས་བསྟན། འདོད་པའི་ཁམས་ཀྱི་དགེ་བའི་སེམས་ལ་ནི་འཁོར་དུ་སྡེ་ཚན་དང་པོ་གཉིས་དང་དེའི་ཁར་རྟོག་པ་དང་དཔྱོད་པ་དང་བཅས་པ་རྣམས་འབྱུང་བའི་ཕྱིར་སེམས་ལས་བྱུང་བ་ཉི་ཤུ་རྩ་གཉིས་འབྱུང་བ་ཡིན་ནོ། ། གཉིས་པ་ནི། ལ་ལ་དག་ཏུ་འགྱོད་པ་བསྣན། ། ཞེས་པས་བསྟན། ཡང་འདོད་པའི་དགེ་སེམས་འགའ་ཞིག་གི་འཁོར་དུ་ཉེར་གསུམ་འབྱུང་སྟེ། དགེ་སེམས་ལ་ལ་དག་གི་འཁོར་དུ་འགྱོད་པ་འབྱུང་སྲིད་པས་དེ་བསྣན་པའི་ཕྱིར་ཏེ། འགྱོད་པ་ནི་དགེ་མི་དགེ་གང་རུང་དུ་ངེས་པའི་ཕྱིར། གཉིས་པ་མི་དགེ་བའི་སེམས་ཀྱི་འཁོར་དུ་གང་ཡོད་པ་ནི། མི་དགེ་ལ་ནི་མ་འདྲེས་དང༌། །ལྟ་དང་ལྡན་ལའང་ཉི་ཤུ་འབྱུང༌། ། ཉོན་མོངས་བཞི་དང་ཁྲོ་སོགས་དང༌། །འགྱོད་པ་དང་ནི་ཉི་ཤུ་གཅིག ། ཅེས་པས་བསྟན། མི་དགེ་བའི་སེམས་ལ་ནི་མ་འདྲེས་པའི་མ་རིག་པ་དང་ལྟ་བ་ཕྱི་མ་གསུམ་དང་མཚུངས་ལྡན་གང་ལའང་འཁོར་དུ་སེམས་བྱུང་ཉི་ཤུ་འབྱུང་སྟེ། སྡེ་ཚན་དང་པོ་དང་གསུམ་པ་དང་བཞི་པ་དང་རྟོག་དཔྱོད་གཉིས་རྣམས་འབྱུང་བའི་ཕྱིར། མ་ངེས་པའི་ཉོན་མོངས་ཆགས་སྡང་ང་རྒྱལ་ཐེ་ཚོམ་བཞི་དང་ཁྲོ་སོགས་ཉོན་མོངས་ཆུང་ངུའི་ས་པ་རྣམས་དང་མི་དགེ་བའི་འགྱོད་པ་དང་བཅས་པའི་སེམས་ལ་ནི་འཁོར་དུ་སེམས་བྱུང་ཉི་ཤུ་རྩ་གཅིག་འབྱུང་སྟེ། སྔར་གྱི་ཉི་ཤུ་དང་འདོད་ཆགས་སོགས་རང་རང་རེ་རེ་བ་བསྣན་པའི་ཕྱིར། གསུམ་པ་སེམས་ལུང་མ་བསྟན་གྱི་འཁོར་དུ་སེམས་བྱུང་གང་ཡོད་པ་ལ། བསྒྲིབས་ལུང་མ་བསྟན་གྱི་དང༌། མ་བསྒྲིབས་ལུང་མ་བསྟན་གྱི་འཁོར་དུ་གང་ཡོད་པའོ། །དང་པོ་ནི། བསྒྲིབས་ལ་བཅོ་བརྒྱད། ། ཅེས་པས་བསྟན། འཇིག་མཐར་གྱི་ལྟ་བ་གཉིས་དང་ལྡན་པ་བསྒྲིབས་ལ་ལུང་མ་བསྟན་གྱི་སེམས་ལ་ནི་སེམས་བྱུང་བཅོ་བརྒྱད་འབྱུང་སྟེ། སྡེ་ཚན་དང་པོ་དང་གསུམ་པ་དང་མ་ངེས་པའི་རྟོག་དཔྱོད་གཉིས་དང་བཅས་པས་བྱུང་བའི་ཕྱིར། འདིར་བསྒྲིབས་མ་བསྒྲིབས་ནི་ལུང་མ་བསྟན་གཞིར་བྱས་ལ་ཐར་པ་ཐོབ་པ་ལ་སྒྲིབ་པ་དང་མི་སྒྲིབ་པའོ། ། གཉིས་པ་མ་བསྒྲིབས་ལུང་མ་བསྟན་གྱི་འཁོར་དུ་གང་ཡོད་པ་ནི། ལུང་མ་བསྟན། །གཞན་ལ་བཅུ་གཉིས་དག་ཏུ་འདོད། ། ཅེས་པས་བསྟན། བསྒྲིབས་ལ་ལུང་མ་བསྟན་པས་གཞན་མ་བསྒྲིབས་ལུང་མ་བསྟན་པའི་སེམས་ལ་སེམས་བྱུང་བཅུ་གཉིས་དག་ཏུ་འབྱུང་བར་འདོད་དེ། ས་མང་པོ་པའི་ཁར་རྟོག་དཔྱོད་གཉིས་རྣམས་འབྱུང་བའི་ཕྱིར། བཞི་པ་གཉིད་གསལ་བྱེད་དུ་སྦྱར་བ་ནི། གཉིད་ནི་ཀུན་ལ་མི་འགལ་ཕྱིར། །གང་ལ་ཡོད་པ་དེ་བསྣན་ནོ། ། ཞེས་པས་བསྟན། གཉིད་ནི་དགེ་མི་དགེ་ལུང་མ་བསྟན་གྱི་སེམས་ཀུན་ལ་མི་འགལ་བར་འབྱུང་བའི་ཕྱིར་གཙོ་བོ་སེམས་གང་ལ་གཉིད་འཁོར་དུ་ཡོད་པ་དེ་ལ་དེ་ཉིད་བསྣན་པར་བྱ་བ་ཡིན་ནོ། །དེ་ལྟར་སྦྱར་ན་འདིར་འགྱུར་ཏེ། །གཉིད་དང་བཅས་པའི་དགེ་སེམས་ལ། །རྟོག་དང་དཔྱོད་དང་བཅས་པའི་ཕྱིར། །སེམས་ལ་འབྱུང་བ་ཉི་ཤུ་གསུམ། །ལ་ལ་དག་ཏུ་འགྱོད་པ་བསྣན། །གཉིད་བཅས་མི་དགེ་མ་འདྲེས་དང༌། །ལྟ་དང་ལྡན་ལའང་ཉི་ཤུ་གཅིག །ཉོན་མོངས་བཞི་དང་ཁྲོ་སོགས་དང༌། །འགྱོད་པ་དང་ནི་ཉི་ཤུ་གཉིས། །བསྒྲིབས་ལ་བཅུ་དགུ་ལུང་མ་བསྟན། །གཞན་ལ་བཅུ་གསུམ་དག་ཏུ་འདོད། །ཅེས་སོ། ། གཉིས་པ་ཁམས་གོང་མ་ན་སེམས་བྱུང་གང་ཡོད་པ་ལ། བསམ་གཏན་དང་པོ་ན་དང༌། གཉིས་པ་ཡན་ན་གང་ཡོད་པའོ། །དང་པོ་ལ། དངོས་གཞི་ཙམ་ཁྱད་གཉིས་ན་གང་ཡོད་པ་ལས། དང་པོ་དངོས་གཞི་ཙམ་པོ་ན་གང་ཡོད་པ་ནི། དེ་ལས་འགྱོད་གཉིད་མི་དགེ་རྣམས། །བསམ་གཏན་དང་པོ་དག་ན་མེད། ། ཅེས་པས་བསྟན། སྔར་འདོད་པའི་མཚུངས་ལྡན་བཤད་པ་དེ་ལས་འགྱོད་པ་དང་གཉིད་དང་མི་དགེ་བའི་སེམས་རྣམས་ནི་འདི་ལྟ་སྟེ། ཁོང་ཁྲོ་ངོ་ཚ་ཁྲེལ་མེད་དང་གཡོ་སྒྱུ་རྒྱགས་པ་མ་གཏོགས་པའི་ཉེ་ཉོན་བདུན་པོ་རྣམས་ནི་བསམ་གཏན་དང་པོ་དག་ན་མེད་དེ། འགྱོད་གཉིད་ནི་ཏིང་ངེ་འཛིན་དང་མི་མཐུན་པའི་ཕྱིར་དང༌། རྒྱུད་ཞི་གནས་ཀྱིས་བརླན་པས་མི་དགེ་བ་མེད་པའི་ཕྱིར། གཉིས་པ་དངོས་གཞི་ཁྱད་པར་ཅན་ན་གང་ཡོད་པ་ནི། རྟོག་པའང་བསམ་གཏན་ཁྱད་པར་ཅན། ། ཞེས་པས་བསྟན། དེ་དག་མེད་པར་མ་ཟད་རྟོག་པའང་བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་ན་མེད་དེ། དེ་སྤངས་པའི་ཕྱིར། གཉིས་པ་བསམ་གཏན་གཉིས་པ་ཡན་ན་གང་ཡོད་པ་ནི། དེ་ཡི་གོང་ན་དཔྱོད་པ་ཡང༌། ། ཞེས་པས་བསྟན། དང་པོའི་ཁྱད་པར་ཅན་དེ་ཡི་གོང་བསམ་གཏན་གཉིས་པ་ནས་སྲིད་རྩེའི་བར་ན་དཔྱོད་པ་མེད་དེ། དེའི་ས་པ་ལས་འདས་པའི་ཕྱིར། ཡང་གི་སྒྲས་གཡོ་སྒྱུའང་མེད་པར་བསྟན་ཏོ། །བསམ་གཏན་དང་པོ་ན་ནི་གཡོ་སྒྱུ་ཡོད་དེ། བསམ་གཏན་དང་པོ་ན། །གཡོ་སྒྱུ་ཚངས་པས་འདྲིད་ཕྱིར་རོ། །ཞེས་འོག་ནས་འབྱུང་བའི་ཕྱིར། གསུམ་པ་འདྲ་མཚུངས་ཀྱི་ཁྱད་འབྱེད་ལ། ངོ་ཚ་མེད་པ་དང་ཁྲེལ་མེད་ཀྱི་ཁྱད་པར། དགའ་གུས་ཀྱི་ཁྱད་པར། རྟོག་དཔྱོད་ཀྱི་ཁྱད་པར། ང་རྒྱལ་དང་རྒྱགས་པའི་ཁྱད་པར་རོ། །དང་པོ་ནི།་ མ་གུས་ངོ་ཚ་མེད་ཁྲེལ་མེད། ཁ་ན་མ་ཐོ་འཇིགས་མི་ལྟ། ། ཞེས་པས་བསྟན། འོ་ན་ངོ་ཚ་ཁྲེལ་མེད་གཉིས་ཀྱི་ཁྱད་པར་ཇི་ལྟ་བུ་ཞེ་ན། མཁན་སློབ་སོགས་ཡོན་ཏན་དང་ཡོན་ཏན་ཅན་ལ་མ་གུས་པ་ཉིད་ནི་ངོ་ཚ་མེད་པ་ཡིན་ལ་ཁྲེལ་མེད་པ་ནི་སྲོག་གཅོད་པ་སོགས་ཁ་ན་མ་ཐོ་བ་ལ་འཇིགས་པར་མི་ལྟ་བ་ལ་བྱེད། གཉིས་པ་ལ། དངོས་དང༌། ཁམས་གང་ན་གང་ཡོད་པའོ། །དང་པོ་ནི། དགའ་དང་གུས་ཉིད་ངོ་ཚ་ཤེས། ། ཞེས་པས་བསྟན། དགའ་བ་ནི་ཡོན་ཏན་དང་ཡོན་ཏན་ཅན་ལ་དད་པ་ཡིན་ལ་གུས་པ་ཉིད་ནི་ཡོན་ཏན་དང་ཡོན་ཏན་ཅན་ལ་བཀུར་བའི་ངོ་ཚ་ཤེས་པའོ། །དད་པ་དང་གུས་པ་འདི་ལའང་ཆོས་དང་གང་ཟག་གཉིས་ཅར་གྱི་དབང་དུ་བྱས་ནས་མུ་བཞིར་བཞག་གོ ། གཉིས་པ་ཁམས་གང་ན་གང་ཡོད་པ་ནི། དེ་གཉིས་འདོད་དང་གཟུགས་དག་ན། ། ཞེས་པས་བསྟན། གང་ཟག་གི་དབང་དུ་བྱས་པའི་དགའ་གུས་དེ་གཉིས་འདོད་པ་དང་གཟུགས་ཀྱི་ཁམས་དག་ན་ཡོད་ཀྱི་གཟུགས་མེད་ཁམས་ན་མེད་དེ། དེ་ན་གང་ཟག་ཕན་ཚུན་སྤྱོད་ཡུལ་དུ་གྱུར་པ་མེད་པའི་ཕྱིར། གསུམ་པ་རྟོག་དཔྱོད་ཀྱི་ཁྱད་པར་ནི། རྟོག་དང་དཔྱོད་པ་རྩིང་ཞིབ་ཉིད། ། ཅེས་པས་བསྟན། རྟོག་པ་དང་དཔྱོད་པ་གཉིས་ལ་ཁྱད་པར་ཡོད་དེ། དོན་གྱི་ངོ་བོ་དང་ཁྱད་པར་གྱི་རྣམ་པ་ཅན་ལ་འཇུག་པའི་སེམས་བྱུང་རྩིང་བ་དང་ཞིབ་པ་ཉིད་ནི་རིམ་པ་བཞིན་དུ་དེ་གཉིས་ཀྱི་ཁྱད་པར་ཡིན་པའི་ཕྱིར། འོ་ན་སེམས་གཅིག་ལ་དེ་གཉིས་ཅིག་ཅར་འབྱུང་བ་མི་འཐད་ཅེ་ན། འཐད་དེ། དེ་གཉིས་ཀྱི་དབང་གིས་ཧ་ཅང་སེམས་རྩིང་ཞིབ་གང་རུང་ཞིག་ཏུ་མི་ལྟུང་བའི་ཕྱིར། དཔེར་ན་ཆུ་གྲང་མོར་མར་བཅུག་སྟེ་ཉི་མར་བཞག་པ་ན་ཆུ་ཉི་གཉིས་ཀྱི་དབང་གིས་ཧ་ཅང་གྲང་དྲོ་གང་རུང་ཞིག་ཏུ་མི་ལྟུང་བ་བཞིན་ནོ། །ཁ་ཅིག་ནི་སེམས་གཅིག་གི་འཁོར་དུ་རྟོག་དཔྱོད་གཉིས་འབྱུང་བར་བཤད་པ་ནི་རྒྱུན་གྱི་དབང་དུ་བྱས་པ་ཡིན་གྱི་ཅིག་ཅར་མ་ཡིན་ནོ་ཞེས་ཟེར། བཞི་པ་ང་རྒྱལ་དང་རྒྱགས་པའི་ཁྱད་པར་ནི།་ ང་རྒྱལ་ཁེངས་པ་རྒྱགས་པ་ནི། །རང་གི་ཆོས་ལ་ཆགས་པ་ཡི། ། སེམས་ནི་ཡོངས་སུ་གཏུགས་པའོ། ། ཞེས་པས་བསྟན། ང་རྒྱལ་དང་རྒྱགས་པ་ནི་ཐ་དད་དེ་ང་རྒྱལ་ནི་ཕ་རོལ་པོ་ལས་རིགས་དང་ཡོན་ཏན་སོགས་བདག་ལྷག་གོ་སྙམ་དུ་སེམས་ཁེངས་པ་ཡིན་ལ་རྒྱགས་པ་ནི་རང་གི་རིགས་གཟུགས་སོགས་ཀྱི་ཆོས་ལ་ཆགས་པ་ཡི་སེམས་ནི་ཡོངས་སུ་གཏུགས་ཤིང་ཟད་པར་བྱེད་པའོ། ། བཞི་པ་མིང་གི་རྣམ་གྲངས་བསྟན་པ་ལ། སེམས་ཀྱི་རྣམ་གྲངས་དང༌། སེམས་བྱུང་གི་འདྲ་མཚུངས་སོ། །དང་པོ་ནི། སེམས་དང་ཡིད་དང་རྣམ་ཤེས་ནི། །དོན་གཅིག ། ཅེས་པས་བསྟན། མདོ་ལས། སེམས་དང་ཡིད་དང་རྣམ་ཤེས་ཞེས་གསུངས་ན་དེ་གསུམ་གྱི་ཁྱད་པར་གང་ཞེ་ན། དེའི་ཁྱད་པར་འབྱེད་ཚུལ་ལ་བྱེ་སྨྲ་མདོ་སྡེ་པ་རྣལ་འབྱོར་སྤྱོད་པ་བ་སོགས་ཀྱི་འདོད་ཚུལ་དུ་མ་ཡོད་ཀྱང་རང་ལུགས་ལ་ནི་སེམས་ཁམས་དང་ཡིད་ཀྱི་སྐྱེ་མཆེད་དང་རྣམ་ཤེས་ཀྱི་ཕུང་པོ་རྣམས་ནི་དོན་གཅིག་པ་ཡིན་ནོ། །དེའང་དགེ་མི་དགེ་ལ་སོགས་པ་འབྱེད་པར་བྱེད་པས་སེམས་དང་གཟུགས་ལ་སོགས་པ་ཤེས་པས་ཡིད་དང་དམིགས་པ་རྣམ་པར་ཤེས་པས་ན་རྣམ་ཤེས་སུ་འཇོག་གོ་ཞེས་བྱེ་སྨྲ་འདོད་དོ། ། གཉིས་པ་སེམས་བྱུང་གི་འདྲ་མཚུངས་ནི། སེམས་དང་སེམས་བྱུང་དང༌། ། རྟེན་དང་དམིགས་དང་རྣམ་བཅས་དང༌། །མཚུངས་པར་ལྡན་པའང་རྣམ་པ་ལྔ། ། ཞེས་པས་བསྟན། སེམས་དང་སེམས་བྱུང་གང་རུང་དང་མིག་སོགས་ལ་བརྟེན་པའི་རྟེན་བཅས་དང་གཟུགས་སོགས་ལ་དམིགས་པའི་དམིགས་བཅས་དང་སྔོན་པོའོ་སྙམ་པ་ལྟ་བུའི་རྣམ་བཅས་དང་མཚུངས་པར་ལྡན་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ནོ། །མཚུངས་ལྡན་དེ་ལའང་རྣམ་པ་ལྔ་ཡོད་དེ། རྟེན་མཚུངས་པ་དང་དམིགས་པ་དང་རྣམ་པ་དང་དུས་དང་རྫས་མཚུངས་པ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་མི་ལྡན་འདུ་བྱེད་ལ། བསྟན། བཤད། ཆོས་ཀྱི་ཁྱད་པར་གཞན་བསྟན་པས་མཇུག་བསྡུ་བའོ། །དང་པོ་ནི། མི་ལྡན་པ་ཡི་འདུ་བྱེད་རྣམས། །ཐོབ་དང་མ་ཐོབ་སྐལ་མཉམ་དང༌། ། འདུ་ཤེས་མེད་སྙོམས་འཇུག་དག་དང༌། །སྲོག་དང་མཚན་ཉིད་རྣམས་དང་ནི། ། མིང་གི་ཚོགས་ལ་སོགས་པ་ཡང༌། ། ཞེས་པས་བསྟན། མི་ལྡན་པ་ཡི་འདུ་བྱེད་རྣམས་ནི་བཅུ་བཞི་སྟེ། ཐོབ་པ་དང་མ་ཐོབ་པ་དང་སྐལ་མཉམ་དང་འདུ་ཤེས་མེད་པ་བ་དང་འདུ་ཤེས་མེད་པ་དང་འགོག་པའི་སྙོམས་འཇུག་དག་གཉིས་དང་སྲོག་དང་མཚན་ཉིད་རྣམས་དང་ནི་མིང་གི་ཚོགས་དང་ལ་སོགས་པ་ཚིག་དང་ཡི་གེའི་ཚོགས་དང་ཡང་གི་སྒྲས་དགེ་འདུན་གྱི་དབྱེན་དང་ཆུད་མི་ཟ་བའི་རྫས་ཀྱང་སྡུད་དོ། །འདི་དག་ལ་ནི་མི་ལྡན་པའི་འདུ་བྱེད་ཅེས་བྱ་སྟེ། སེམས་དང་མཚུངས་པར་མི་ལྡན་པའི་འདུ་བྱེད་ཀྱི་ཕུང་པོ་ཡིན་པའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ལ། ཐོབ་མ་ཐོབ། སྐལ་མཉམ། འདུ་ཤེས་མེད་པ། སྙོམས་འཇུག །སྲོག །མཚན་ཉིད། མིང་སོགས་རྒྱས་པར་བཤད་པ་དང་བདུན་ནོ། །དང་པོ་ལ། ངོ་བོ་ངོས་བཟུང་བ་དང༌། དེ་གང་གི་ཡིན་པ་དང༌། ཁྱད་པར་གྱི་ཆོས་སོ། །དང་པོ་ནི། ཐོབ་པ་རྙེད་དང་ལྡན་པའོ། ། ཞེས་པས་བསྟན། ཐོབ་པ་ལ་དབྱེ་ན་རྙེད་པའི་དང་ལྡན་པའི་ཐོབ་པའོ། །དང་པོ་ལ་གཉིས་ལས་གསར་དུ་རྙེད་པ་ནི་ཟག་མེད་སྐད་ཅིག་དང་པོ་ལྟ་བུ་ལ་བྱེད། ཉམས་ནས་རྙེད་པ་ནི་བསམ་གཟུགས་ཀྱི་དངོས་གཞི་ཐོབ་པ་ན་སྔར་ཉམས་པ་རྣམས་ཀྱང་རྙེད་པ་ལྟ་བུ་ལ་བྱེད། གཉིས་པ་ལ་གཉིས་ལས་རྒྱུན་ལྡན་ནི་སོ་ཐར་སྡོམ་པ་སྐད་ཅིག་མ་གཉིས་པའི་ཚེ་སྐད་ཅིག་མ་དང་པོའི་རྒྱུན་ལྡན་པ་ལྟ་བུ་ལ་བྱེད། ཡེ་ལྡན་ནི་སོ་སྐྱེ་ལ་སྲིད་ཉོན་ཡེ་ནས་ལྡན་པ་ལྟ་བུ་ལ་བྱེད། གཉིས་པ་དེ་གང་གི་ཡིན་པ་ལ། སྤྱིར་བཏང༌། དམིགས་བསལ་ལོ། །དང་པོ་ནི། ཐོབ་དང་མ་ཐོབ་རང་རྒྱུད་དུ། གཏོགས་པ་རྣམས་ཀྱིའོ། ། ཞེས་པས་བསྟན། ཐོབ་པ་དང་མ་ཐོབ་པ་ནི་རང་རྒྱུད་དུ་གཏོགས་པའི་འདུས་བྱས་རྣམས་ཀྱི་ཡིན་གྱི་གཞན་རྒྱུད་དུ་གཏོགས་པ་དང་རྒྱུད་དུ་མ་གཏོགས་པ་རྣམས་ཀྱིས་ནི་མ་ཡིན་པའོ། ། གཉིས་པ་དམིགས་བསལ་ནི། འགོག་གཉིས་ཀྱི། ། ཞེས་པས་བསྟན། འདུས་མ་བྱས་འགོག་པ་གཉིས་རྒྱུད་དང་མ་འབྲེལ་ཡང་དགག་བྱ་རྒྱུད་དང་འབྲེལ་བས་དེ་གཉིས་ཀྱི་ཐོབ་པ་དང་མ་ཐོབ་པ་ཡོད་དོ། །སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང་ནི་སེམས་ཅན་ཐམས་ཅད་ལྡན་ཏེ། ཆོས་མངོན་པ་ལས། ཟག་པ་མེད་པའི་ཆོས་རྣམས་དང་སུ་ཞིག་ལྡན་ཞེ་ན། སྨྲས་པ། སེམས་ཅན་ཐམས་ཅད་དོ། །ཞེས་འབྱུང་བའི་ཕྱིར། །སོ་སོར་བརྟགས་པའི་འགོག་པ་དང་ནི་འཆིང་བ་མཐའ་དག་དང་ལྡན་པ་སྐད་ཅིག་དང་པོ་ལ་གནས་པ་མ་གཏོགས་པ་འཕགས་པ་ཐམས་ཅད་དང་སོ་སོ་སྐྱེ་བོ་ཁ་ཅིག་ལའང་ལྡན་པ་ཡིན་ནོ། །ནམ་མཁའ་དང་ནི་འགའ་ཡང་ལྡན་པ་མེད་དེ། དེ་བས་ན་འདི་ལ་ཐོབ་པ་མེད་དོ། །གང་ལ་ཐོབ་པ་མེད་པ་དེ་ལ་ནི་མ་ཐོབ་པའང་མེད་དོ་ཞེས་བྱ་བ་འདི་ནི་གྲུབ་པའི་མཐའ་ཡིན་ནོ། །བྱེ་སྨྲས་ནི་ལུང་དང་རིགས་པའི་སྒྲུབ་བྱེད་དུ་མ་ཡོད་པས་ཐོབ་པ་དང་མ་ཐོབ་པ་གཉིས་ནི་རྫས་སུ་གྲུབ་བོ་ཞེས་ཟེར། སློབ་དཔོན་གྱིས་ནི་དེ་དག་ལ་སྐྱོན་བརྗོད་དུ་མ་མཛད་དེ། འགྲེལ་པར། དེ་ལྟར་ན་ལྡན་པ་འདི་དང་མི་ལྡན་པ་ནི་རྣམ་པ་ཐམས་ཅད་དུ་བཏགས་པའི་ཆོས་ཡིན་གྱི་རྫས་ཀྱི་ཆོས་མ་ཡིན་ནོ། །ཞེས་འབྱུང་བའི་ཕྱིར། བྱེ་སྨྲ་ན་རེ། ཁྱེད་ཀྱི་རིགས་པས་གནོད་པ་དུ་མ་བརྗོད་ཀྱང་ལྡན་མི་ལྡན་ཐོབ་མ་ཐོབ་རྫས་སུ་འདོད་པ་ནི་བློས་མི་གཏོང་སྟེ། ཁོ་བོ་ཅག་གི་གྲུབ་མཐའ་ཡིན་པའི་ཕྱིར་ཞེས་ཟེར་རོ། །བརྗོད་པ་དེ་ལྟར་ན་རྩོད་སྐབས་མི་འབྱེད་པར་བས་ཏེ། བོད་འདིར་ཡང་བླུན་པོ་དག་རྩོད་པ་ཕམ་པས་མ་བཟོད་ནས་ངའི་ལུགས་འདི་མདོ་རྒྱུད་དང་མཐུན་མ་མཐུན་གང་ཡིན་ཀྱང་བཟོད་ཟེར་ནས་རྒྱ་རྐུབ་བྲག་གཏད་བྱེད་པ་མང་བའི་ཕྱིར། མཚན་ཉིད་ནི་མི་ལྡན་པའི་འདུ་བྱེད་གང་ཞིག །ཐོབ་བྱའི་ཆོས་ལྡན་པར་བྱེད་པའི་རྫས་སོ། ། གསུམ་པ་ཁྱད་པར་གྱི་ཆོས་ལ། ཐོབ་པའི་ཁྱད་ཆོས། མ་ཐོབ་པའི་ཁྱད་ཆོས་སོ། །དང་པོ་ལ། དུས་ཀྱི་ཁྱད་པར། ངོ་བོའི་ཁྱད་པར། ཁམས་ཀྱི་ཁྱད་པར། སློབ་མི་སློབ་ཀྱི་ཁྱད་པར། སྤང་བྱ་ཡིན་མིན་གྱི་ཁྱད་པར། །དུས་ཀྱི་ཁྱད་པར་དམིགས་ཀྱི་བསལ་པའོ། །དང་པོ་ནི། དུས་གསུམ་པ་ཡི་རྣམ་པ་གསུམ། ། ཞེས་པས་བསྟན། ཐོབ་བྱའི་ཆོས་དུས་གསུམ་པ་ཡི་ཐོབ་པ་རེ་རེ་ཞིང་འདས་མ་འོངས་ད་ལྟར་བྱུང་བ་རྣམ་པ་གསུམ་གསུམ་ཡོད་དེ། ཁྱུ་མཆོག་ལྟར་ངང་ལ་ལྡིང་བ་དང་ལུས་དང་གྲིབ་མ་ལྟ་བུ་དང་བེའུ་ལྟར་ཕྱིས་འབྲང་གི་ཐོབ་པ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ངོ་བོའི་ཁྱད་པར་ནི། དགེ་ལ་སོགས་ཀྱི་དགེ་ལ་སོགས། ། ཞེས་པས་བསྟན། དགེ་བ་དང་ལ་སོགས་པ་མི་དགེ་བ་དང་ལུང་མ་བསྟན་གྱི་ཐོབ་པའང་རིམ་པ་བཞིན་དུ་དགེ་བ་ལ་སོགས་པ་གསུམ་པོ་ཉིད་ཡིན་ནོ། ། གསུམ་པ་ཁམས་ཀྱི་ཁྱད་པར་ནི། དེར་གཏོགས་རྣམས་ཀྱི་རང་ཁམས་པ། །མ་གཏོགས་རྣམས་ཀྱི་རྣམ་པ་བཞི། ། ཞེས་པས་བསྟན། ཁམས་གསུམ་པོ་དེར་གཏོགས་པའི་ཆོས་རྣམས་ཀྱི་ཐོབ་པ་ནི་རང་རང་གི་ཁམས་སུ་གཏོགས་པ་སྟེ། རིམ་པ་ལྟར་འདོད་པའི་ཆོས་ཀྱི་ཐོབ་པ་འདོད་པར་གཏོགས་པ་སོགས་རིམ་བཞིན་སྦྱར་རོ། །ཁམས་སུ་མ་གཏོགས་པ་འགོག་པ་གཉིས་དང་ལམ་བདེན་རྣམས་ཀྱི་ཐོབ་པ་ནི་རྣམ་པ་བཞི་སྟེ། བརྟགས་མིན་གྱི་འགོག་པའི་ཐོབ་པ་ནི་ཁམས་གསུམ་པ་ཅན་དང་སོ་སོར་བརྟགས་པའི་འགོག་པའི་ཐོབ་པའང་གཟུགས་དང་གཟུགས་མེད་ཀྱིས་བསྡུས་པ་འཇིག་རྟེན་པའི་ལམ་གྱིས་ཐོབ་པ་ནི་གཟུགས་དང་གཟུགས་མེད་ན་སྤྱོད་པ་ཡིན་ལ། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་པའི་བརྟགས་འགོག་གི་ཐོབ་པ་དང་ལམ་བདེན་གྱི་ཐོབ་པ་རྣམས་ནི་ཁམས་གསུམ་གང་རུང་དུ་མ་གཏོགས་པ་ཡིན་པའི་ཕྱིར་རོ། ། བཞི་པ་སློབ་མི་སློབ་ཀྱི་ཁྱད་པར་ནི། སློབ་དང་མི་སློབ་མིན་གྱི་གསུམ། ། ཞེས་པས་བསྟན། སློབ་པ་དང་མི་སློབ་པ་ནི་མཐོང་སྒོམ་གྱི་ལམ་ཟག་མེད་དང་མི་སློབ་པའི་ལམ་ཟག་མེད་ཡིན་ལ། དེ་གཉིས་ཀྱི་ཐོབ་པའང་རིམ་པ་ལྟར་སློབ་པ་དང་མི་སློབ་པ་ཡིན་ནོ། །སློབ་པ་དང་མི་སློབ་པ་གཉིས་ཀ་མིན་པ་ནི་ཟག་བཅས་དང་འདུས་མ་བྱས་ཡིན་ལ། དེ་གཉིས་ཀྱི་ཐོབ་པ་ནི་རྣམ་པ་གསུམ་སྟེ། ཟག་བཅས་ཀྱི་ཆོས་དང་བརྟགས་མིན་གྱི་འགོག་པའི་ཐོབ་པ་དང་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་བརྟགས་འགོག་གི་ཐོབ་པ་རྣམས་ནི་སློབ་མི་སློབ་གང་རུང་མ་ཡིན་ལ། དེ་ཉིད་སློབ་ལམ་གྱིས་ཐོབ་པ་ནི་སློབ་པ་དང༌། མི་སློབ་ལམ་གྱིས་ཐོབ་པ་ནི་མི་སློབ་པའོ། །འདི་ནི་མི་སློབ་པས་བྲལ་ཐོབ་ཀྱི་རྟེན་བྱས་པ་ལ་མི་སློབ་པའི་ཐོབ་པ་ཞེས་བཏགས་པ་ཡིན་ནོ། ། ལྔ་པ་སྤང་བྱ་ཡིན་མིན་གྱི་ཁྱད་པར་ནི། སྤང་བྱ་མིན་པའི་རྣམ་གཉིས་འདོད། ། ཅེས་པས་བསྟན། མཐོང་སྤང་དང་སྒོམ་སྤང་གི་ཐོབ་པ་ནི་རིམ་བཞིན་མཐོང་སྤང་དང་སྒོམ་སྤང་ཡིན་ལ། སྤང་བྱ་མིན་པའི་ཆོས་ཀྱིས་ཐོབ་པ་ནི་སྒོམ་སྤང་དང་སྤང་བྱ་མིན་པ་རྣམ་པ་གཉིས་སུ་འདོད་དེ། བརྟགས་མིན་འགོག་པའི་ཐོབ་པ་དང་སོ་སོར་བརྟགས་འགོག་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་ཐོབ་པ་ནི་སྒོམ་སྤང་དང༌། དེ་འཕགས་ལམ་གྱིས་ཐོབ་པའི་ཐོབ་པ་དང༌། ལམ་བདེན་གྱི་ཐོབ་པ་ནི་སྤང་བྱ་མ་ཡིན་པའི་ཕྱིར་རོ། ། དྲུག་པ་དུས་ཀྱི་ཁྱད་པར་དམིགས་ཀྱིས་བསལ་བ་ལ། མ་བསྒྲིབས་ལུང་མ་བསྟན་གྱི་དམིགས་བསལ། བསྒྲིབས་ལུང་མ་བསྟན་གྱི། དགེ་མི་དགེའི་འོ། །དང་པོ་ནི། ལུང་བསྟན་མིན་ཐོབ་ལྷན་ཅིག་སྐྱེ། །མངོན་ཤེས་སྤྲུལ་པ་མ་གཏོགས་པ། ། ཞེས་པས་བསྟན། དུས་གསུམ་པ་ཡི་རྣམ་པ་གསུམ། །ཞེས་པའི་དམིགས་བསལ་ནི། འོ་ན་ཐོབ་པ་དུས་གསུམ་པ་ཁོ་ནར་ངེས་སམ་ཞེ་ན་མ་ངེས་ཏེ། མ་བསྒྲིབས་ལ་ལུང་དུ་བསྟན་པ་མིན་པའི་ཐོབ་པ་ནི་ཐོབ་བྱའི་ཆོས་དང་ལྷན་ཅིག་སྐྱེའི་སྔ་ཕྱིར་སྐྱེ་བ་མེད་དེ། མངོན་པར་འདུ་བྱ་བ་མེད་པར་ལྡན་ཞིང་སྟོབས་ཆུང་བའི་ཕྱིར་རོ། །མ་བསྒྲིབས་ལུང་མ་བསྟན་ཐམས་ཅད་ལའང་དམིགས་ཀྱིས་བསལ་བ་ནི་ལྷའི་མིག་དང་རྣ་བའི་མངོན་ཤེས་གཉིས་དང་སྤྲུལ་པའི་སེམས་ལུང་མ་བསྟན་མ་གཏོགས་པས་དེ་གསུམ་གྱི་ཐོབ་པ་ནི་དུས་གསུམ་དུའང་སྐྱེ་བ་ཡོད་དེ། སྦྱོར་བའི་ཁྱད་པར་གྱིས་བསྒྲུབས་པས་སྟོབས་ཆེ་བའི་ཕྱིར་རོ། ། གཉིས་པ་བསྒྲིབས་ལུང་མ་བསྟན་གྱི་དམིགས་བསལ་ནི། བསྒྲིབས་པའི་གཟུགས་ཀྱིའང༌། ། ཞེས་པས་བསྟན། བསྒྲིབས་ལུང་མ་བསྟན་པའི་གཟུགས་ཚངས་ཆེན་གྱི་གཡོ་སྒྱུས་འཁོར་འདྲིད་པའི་མཆུ་གཡོ་བའི་རིག་བྱེད་སོགས་ཀྱིའང་ཐོབ་པ་སྔ་ཕྱིར་མི་སྐྱེ་བར་ལྷན་ཅིག་ཏུ་སྐྱེ་བ་ཡིན་ཏེ། དེ་ནི་ཀུན་སློང་སྟོབས་ཆུང་ཞིང་བེམས་པོ་ཡིན་པའི་ཕྱིར་རོ། ། གསུམ་པ་དགེ་མི་དགེའི་དམིགས་བསལ་ནི། འདོད་པ་ན། །གཟུགས་ཀྱི་སྔར་ནི་སྐྱེ་བ་མེད། ། ཅེས་པས་བསྟན། འདོད་པའི་ཁམས་ན་སྤྱོད་པའི་གཟུགས་དགེ་མི་དགེའི་རིག་བྱེད་དང་སྡོམ་སྡོམ་མིན་གྱི་རིག་བྱེད་མ་ཡིན་པ་ཉིད་ཀྱི་ཐོབ་པ་སྔར་ནི་སྐྱེ་བ་མེད་ཀྱི་ལྷན་ཅིག་དང་ཕྱིས་སྐྱེ་བ་ནི་ཡོད་པ་ཉིད་དོ། །དེའང་འདོད་པ་ན་མངོན་དུ་བྱས་པའི་བསམ་གཏན་དང་ཟག་མེད་ཀྱི་སྡོམ་གཟུགས་ཀྱི་ཐོབ་པ་ནི་སྟོབས་ཆེ་ཞིང་སེམས་ཀྱི་རྗེས་སུ་འབྲང་བས་དུས་གསུམ་གར་ཡོད་དོ། ། གཉིས་པ་མ་ཐོབ་པའི་ཁྱད་པར་ལ། ངོ་བོའི་ཁྱད་པར། དུས་ཀྱི་ཁྱད་པར། ཁམས་ཀྱི་ཁྱད་པར། མ་ཐོབ་པ་ཟག་མེད་མེད་པ། ཉམས་ཚུལ་གྱི་ཁྱད་པར་རོ། །དང་པོ་ནི། མ་ཐོབ་མ་བསྒྲིབས་ལུང་མ་བསྟན། ། ཞེས་པས་བསྟན། མ་ཐོབ་པ་ནི་མ་བསྒྲིབས་ལུང་མ་བསྟན་ཁོ་ན་ཡིན་ཏེ། ཉོན་མོངས་སྤངས་པ་དང་དགེ་རྩ་ཆད་པ་ལའང་ལྡན་པས་ཉོན་མོངས་ཅན་དང་དགེ་བ་གང་རུང་མ་ཡིན་པའི་ཕྱིར། མཚན་ཉིད་ནི་མི་ལྡན་པའི་འདུ་བྱེད་གང་ཞིག །ཐོབ་པའི་འགལ་ཟླར་གྱུར་པའི་མ་བསྒྲིབས་ལུང་མ་བསྟན་ནོ། ། གཉིས་པ་དུས་ཀྱི་ཁྱད་པར་ནི། འདས་མ་སྐྱེས་ཀྱི་དེ་རྣམ་གསུམ། ། ཞེས་པས་བསྟན། འདས་པ་དང་མ་སྐྱེས་པའི་ཆོས་རྣམས་ཀྱི་མ་ཐོབ་པ་དེ་ནི་དུས་རྣམ་པ་གསུམ་པ་ཅན་ཡིན་ཞིང་ད་ལྟར་བའི་ཆོས་ལ་ནི་མ་ཐོབ་པ་ད་ལྟར་བ་མེད་དེ། ཆོས་དེའི་ཐོབ་པ་དང་མ་ཐོབ་པ་ལྷན་ཅིག་ཕྲད་མི་སྲིད་པའི་ཕྱིར་རོ། ། གསུམ་པ་ཁམས་ཀྱི་ཁྱད་པར་ནི། འདོད་སོགས་གཏོགས་དང་དྲི་མེད་ཀྱིའང༌། ། ཞེས་པས་བསྟན། འདོད་པ་སོགས་ཁམས་གསུམ་དུ་གཏོགས་པའི་ཆོས་ཀྱི་མ་ཐོབ་པ་ནི་རིམ་བཞིན་འདོད་སོགས་སུ་གཏོགས་པ་དང་དྲི་མེད་དེ་ཟག་མེད་ཀྱི་མ་ཐོབ་པའང་ཁམས་གསུམ་ཅི་རིགས་པར་གཏོགས་ཏེ། དེ་དག་གི་རྒྱུད་ཀྱིས་བསྡུས་པ་ཡིན་པའི་ཕྱིར་རོ། ། བཞི་པ་མ་ཐོབ་པ་ལ་ཟག་མེད་མེད་པ་ནི། ལམ་མ་ཐོབ་པ་སོ་སོ་ཡི། །སྐྱེ་བོར་འདོད་དོ། ། ཞེས་པས་བསྟན། ཟག་མེད་ཀྱི་ལམ་མ་ཐོབ་པ་ནི་མ་ཐོབ་པ་ཡིན་ལ་དེ་དང་ལྡན་པའི་རྒྱུད་དེ་སོ་སོ་ཡི་སྐྱེ་བོར་འདོད་དོ། །དེའི་རྒྱུ་མཚན་ཡང་བསྟན་བཅོས་ལས། སོ་སོ་སྐྱེ་བོ་ཉིད་གང་ཞེ་ན། འཕགས་པའི་ཆོས་རྣམས་ཀྱི་མ་ཐོབ་པའོ། །ཞེས་འབྱུང་བའི་ཕྱིར་དང༌། མ་ཐོབ་པ་ལ་ཟག་མེད་མེད་པའི་ཕྱིར། འོ་ན་འཕགས་པའི་ཆོས་རྣམས་ཀྱི་མ་ཐོབ་པ་དེ་འཕགས་ཆོས་སྤྱིས་མ་ཐོབ་པ་ལ་བྱེད་དམ་ཁ་ཡར་བས་མ་ཐོབ་པ་ལ་བྱེད་ཅེ་ན། སྤྱིས་མ་ཐོབ་པ་ལ་བྱེད་དོ། །འདིར་བྱེ་སྨྲ་དང་མདོ་སྡེ་པ་གཉིས་གྲུབ་མཐའ་མི་མཐུན་པའི་ཁྱད་པར་ཡོད་ཅིང༌། སློབ་དཔོན་ནི་མདོ་སྡེ་པའི་ལུགས་ལྟར་བཞེད་ལ། དེས་ནི་འཕགས་ཆོས་མ་སྐྱེས་པའི་རྒྱུད་ཉིད་སོ་སོ་སྐྱེ་བོ་ཡིན་སྐྱེས་པའི་རྒྱུད་ནི་འཕགས་པའི་གང་ཟག་ཡིན་པས་གང་ཟག་ལས་ཟུར་དུ་སོ་སྐྱེ་མི་བཞག་གོ ། ལྔ་པ་ཉམས་ཚུལ་གྱི་ཁྱད་པར་ནི། དེ་ཐོབ་དང༌། །ས་འཕོས་ནས་ནི་རྣམ་ཉམས་འགྱུར། ། ཞེས་པས་བསྟན། འཕགས་ཆོས་དེ་ཐོབ་པ་དང་ས་གོང་འོག་ཏུ་འཕོས་ནས་ནི་མ་ཐོབ་པར་རྣམ་པར་ཉམས་ཤིང་གཏོང་བར་འགྱུར་རོ། །འོ་ན་མ་ཐོབ་པའི་མ་ཐོབ་པ་དང་མ་ཐོབ་པའི་ཐོབ་པ་སོགས་ཡོད་དམ་མེད་ཅེ་ན། དེ་དག་ཡོད་ཀྱང་བྱེ་སྨྲ་རང་ལུགས་ནི་དེ་ཐོབ་པ་ཐུག་མེད་མིན་ཏེ། རང་འགྲེལ་ལས། ཅི་མ་ཐོབ་པ་དང་ཐོབ་པ་དག་གི་ཡང་ཐོབ་པ་དང་མ་ཐོབ་པ་ཡོད་དམ། སྨྲས་པ། གཉི་གའི་ཡང་གཉི་ག་ཡོད་དོ། །དེ་ལྟ་ན་ཐོབ་པ་རྣམས་ཐུག་པ་མེད་པར་ཐལ་བར་འགྱུར་བ་མ་ཡིན་ནམ། ཕན་ཚུན་ལྡན་པའི་ཕྱིར་ཐུག་པ་མེད་པར་ཐལ་བར་མི་འགྱུར་རོ། །ཆོས་བདག་ཉིད་གཏོགས་པར་གསུམ་སྐྱེ་སྟེ། ཆོས་དེ་དང་དེའི་ཐོབ་པ་དང་ཐོབ་པའི་ཐོབ་པའོ། །དེ་ལ་ཐོབ་པ་སྐྱེས་པས་ཆོས་དེ་དང་ཐོབ་པའི་ཐོབ་པ་དང་ལྡན་པར་འགྱུར་ལ། ཐོབ་པའི་ཐོབ་པ་སྐྱེས་པས་ཐོབ་པ་ཁོ་ན་དང་ལྡན་པར་འགྱུར་བས་དེའི་ཕྱིར་ཐུག་པ་མེད་པ་མ་ཡིན་ནོ། །ཞེས་འབྱུང་བའི་ཕྱིར། ཐོབ་པ་ཐུག་མེད་ཀྱི་ལུགས་འདི་ལ། སློབ་དཔོན་ནི་ཀྱེ་མ་འདི་ནི་ཐོབ་པ་རྣམས་ཀྱི་དགའ་སྟོན་ཆེན་པོ་ཞིག་སྟེ། སྟེས་ཏེ་ཐོགས་པ་མེད་པས་འདི་ལྟར་གོ་སྐབས་རྙེད་ཀྱི་དེ་ལྟ་མ་ཡིན་ན་སྲོག་ཆགས་གཉིས་པ་ནི་ནམ་མཁའ་ལའང་གོ་སྐབས་ཡོད་པར་མི་འགྱུར་རོ། །ཞེས་འཆད་པར་མཛད། མ་ཐོབ་པ་ནི་ཐུག་བཅས་ཡིན་ནོ། ། གཉིས་པ་སྐལ་མཉམ་ནི། སྐལ་མཉམ་སེམས་ཅན་འདྲ་བའོ། ། ཞེས་པས་བསྟན། སྐལ་མཉམ་ནི་སེམས་ཅན་རྣམས་སྤྱོད་པ་རང་བཞིན་བསམ་པ་ལ་སོགས་པ་མཚུངས་ཤིང་འདྲ་བར་བྱེད་པའོ། །མཚན་ཉིད་ནི་མི་ལྡན་པའི་འདུ་བྱེད་གང་ཞིག །སེམས་ཅན་འདྲ་བར་བྱེད་པའི་རྫས་དེའོ། །དབྱེ་ན་ཐ་དད་མ་ཡིན་པ་དང་ཐ་དད་པ་གཉིས་སོ། །དང་པོ་ནི། སེམས་ཅན་ཐམས་ཅད་སེམས་ཅན་ཙམ་དུ་རིགས་གཅིག་པ་ལྟ་བུའོ། །གཉིས་པ་ནི་ལྷ་མི་དང་དགེ་ཚུལ་སློང་སོགས་དེ་དག་ནང་རང་རང་འདྲ་བར་བྱེད་པའི་རྫས་ཀྱི་དབྱེ་བ་ཐ་དད་པའོ། ། གསུམ་པ་འདུ་ཤེས་མེད་པ་པ་བཤད་པ་ལ། མཚན་གཞི་ངོས་བཟུང་བ། འབྲས་བུ་བཞི་གང་ཡིན་པ། ས་གང་དུ་གཏོགས་པའོ། །དང་པོ་ནི། འདུ་ཤེས་མེད་པ་པ་འདུ་ཤེས། །མེད་པར་སེམས་དང་སེམས་བྱུང་རྣམས། ། འགོག་པའོ། ། ཞེས་པས་བསྟན། འདུ་ཤེས་མེད་པ་པ་ནི་འདུ་ཤེས་མེད་པའི་ལྷར་སྐྱེས་པ་ན་སེམས་དང་སེམས་བྱུང་མ་འོངས་པ་རྣམས་བསྐལ་པ་ཆེན་པོ་ལྔ་བརྒྱར་འགོག་པའི་རྫས་གང་ཡིན་པའོ། ། གཉིས་པ་འབྲས་བུ་བཞི་གང་ཡིན་པ་ནི། རྣམ་སྨིན། ། ཞེས་པས་བསྟན། དེ་ནི་འདུ་ཤེས་མེད་པའི་སྙོམས་འཇུག་གི་རྣམ་སྨིན་གྱི་འབྲས་བུ་ཡིན་ཏེ། དེ་ལས་རྫས་ཐ་དད་པའི་རྒྱུ་མཐུན་ཡང་མེད་ལ་གཟུགས་ཅན་མིན་པས་རྒྱས་བྱུང་ཡང་མེད་པའི་ཕྱིར་རོ། ། གསུམ་པ་ས་གང་དུ་གཏོགས་པ་ནི། དེ་འབྲས་ཆེ། ། ཞེས་པས་བསྟན། ལྷ་དེ་དག་ཀྱང་འབྲས་བུ་ཆེ་བའི་ཕྱོགས་གཅིག་ན་གནས་ཏེ། དེ་ལས་གནས་རིགས་གཞན་མེད་པའི་ཕྱིར། ཚངས་ཆེན་ཚངས་པ་མདུན་ན་འདོན་གྱི་གནས་རིགས་ལས་གཞན་ནི་མིན་པ་ལྟ་བུའོ། །མཚན་ཉིད་ནི་འདུ་ཤེས་མེད་པའི་སྙོམས་འཇུག་གི་འབྲས་བུ་གང་ཞིག །ལྷ་ཚེ་རིང་པོའི་རྒྱུད་ལ་མཚུངས་ལྡན་འགོག་པའི་རྫས་སོ། །ཅི་ལྷ་དེ་ལ་མཚུངས་ལྡན་གཏན་མེད་དམ་ཞེ་ན། མིན་ཏེ། སྐྱེ་བ་དང་འཆི་བ་ན་དེ་འབྱུང་བའི་ཕྱིར། སློབ་དཔོན་ནི་ལུས་སེམས་ལ་མཚུངས་ལྡན་བཀག་པའི་ཕྱིར་བཏགས་པ་བ་ཡིན་གྱི་རྫས་སུ་མེད་དོ་ཞེས་བཞེད་དོ། ། བཞི་པ་སྙོམས་འཇུག་གཉིས་བཤད་པ་ལ། ངོ་བོ་སོ་སོར་བཤད། རྟེན་ཐུན་མོང་དུ་བསྟན་པའོ། །དང་པོ་ལ། འདུ་ཤེས་མེད་པའི་སྙོམས་འཇུག་གི་ངོ་བོ། འགོག་སྙོམས་ཀྱི་ངོ་བོའོ། །དང་པོ་ནི། དེ་བཞིན་འདུ་ཤེས་མེད་སྙོམས་འཇུག །བསམ་གཏན་ཐ་མར་འབྱུང་འདོད་པས། ། དགེ་བའོ་སྐྱེས་ནས་མྱོང་འགྱུར་ཉིད། །འཕགས་པའི་མ་ཡིན་དུས་གཅིག་འཐོབ། ། ཅེས་པས་བསྟན།་འདུ་ཤེས་མེད་པ་པས་སེམས་སེམས་བྱུང་འགོག་པ་དེ་བཞིན་འདུ་ཤེས་མེད་པའི་སྙོམས་འཇུག་གིས་ཀྱང་སེམས་སེམས་བྱུང་རྣམས་འགོག་པ་ཡིན་ཏེ། འདུ་ཤེས་མེད་པའི་རྒྱུ་ཡིན་པའི་ཕྱིར་ཏེ། འདི་ལ་འབྲས་བུ་འདུ་ཤེས་མེད་པ་པ་ཡོད་པའི་ཕྱིར། ས་ནི་བསམ་གཏན་ཐ་མ་བཞི་པར་གཏོགས་པ་ཡིན་ཏེ། འདིའི་རྣམ་སྨིན་འབྲས་བུ་ཆེ་བའི་ནང་དུ་སྨིན་པའི་ཕྱིར། བསམ་པ་ནི་ངེས་པར་འབྱུང་བ་ཐར་པ་འདོད་པས་སྙོམས་པར་འཇུག་སྟེ། འདི་ལ་འཇུག་པའི་གང་ཟག་དེ་འདུ་ཤེས་མེད་པ་པ་ལ་ཐར་པ་དང་དེ་ཐོབ་བྱེད་ཀྱི་སྙོམས་འཇུག་ལ་ལམ་དུ་འདུ་ཤེས་པའི་ཕྱིར། གང་ཟག་དེ་ནི་ལམ་ལོག་པས་ཚངས་སྤྱོད་འཚོལ་བ་དང་སྙོམས་འཇུག་ནི་ཀུན་སློང་གི་དགེ་བའོ། །དེའང་སྐྱེས་ནས་མྱོང་འགྱུར་གྱི་དགེ་བ་ཉིད་ཡིན་ཏེ། དགེ་བ་འདིས་སྐྱེ་བ་ཕྱི་མ་ལ་འདུ་ཤེས་མེད་པ་པའི་ཡང་སྲིད་ལེན་པར་བྱེད་པའི་ཕྱིར། དེ་ལ་འཇུག་པ་ནི་སོ་སྐྱེ་ཁོ་ན་ཡིན་གྱི་འཕགས་པའི་གང་ཟག་གིས་ནི་མ་ཡིན་ཏེ། དེ་གཡང་ས་ལྟ་བུར་མཐོང་བའི་ཕྱིར། །དེའང་ཐོབ་པ་ནི་འདས་མ་འོངས་ནི་མི་ཐོབ་ཀྱི་དུས་གཅིག་པ་ད་ལྟར་བ་ཁོ་ན་ཐོབ་སྟེ་སོ་ཐར་གྱི་སྡོམ་པ་བཞིན་ནོ། །མཚན་ཉིད་ནི་མཚུངས་ལྡན་འགོག་པའི་སྙོམས་འཇུག་གང་ཞིག །བསམ་གཏན་བཞི་པའི་སས་བསྡུས་པའོ། ། གཉིས་པ་འགོག་སྙོམས་ཀྱི་ངོ་བོ་ལ། དངོས་དང༌། ཐོབ་ཚུལ་གྱི་དམིགས་བསལ་དང༌། འཕྲོས་དོན་ཏོ། །དང་པོ་ནི། འགོག་པ་ཞེས་པའང་དེ་བཞིན་ཉིད། །འདི་གནས་དོན་དུ་སྲིད་རྩེ་སྐྱེ། ། དགེ་བའོ་གཉིས་སུ་མྱོང་འགྱུར་དང༌། །མ་ངེས་འཕགས་པའི་སྦྱོར་བས་འཐོབ། ། ཅེས་པས་བསྟན། འགོག་པའི་སྙོམས་འཇུག་ཅེས་པའང་འདུ་ཤེས་མེད་པའི་སྙོམས་འཇུག་དེ་བཞིན་དུ་སེམས་དང་སེམས་བྱུང་འགོག་པ་ཉིད་དོ། །སྙོམས་འཇུག་འདི་ནི་ཡིད་ལ་བྱེད་པ་ངེས་པར་འབྱུང་བས་མ་ཡིན་པར་འདུ་ཤེས་དང་ཚོར་བ་ཞི་བར་གནས་པའི་དོན་དུ་སྙོམ་པར་འཇུག་ལ། སྐྱེ་བའི་རྟེན་ནི་སྲིད་རྩེ་ལས་སྐྱེ་སྟེ། སེམས་ཕྲ་བ་ཕྲ་བའི་མཇུག་ཐོགས་སུ་སེམས་སེམས་བྱུང་མཚུངས་ལྡན་རྣམས་དགག་སླ་བའི་ཕྱིར། ཀུན་ནས་སློང་བྱེད་ནི་དགེ་བའོ། །མྱོང་འགྱུར་ནི་སྐྱེས་ནས་དང་ལན་གྲངས་གཞན་དང་གཉིས་སུ་མྱོང་བར་འགྱུར་བ་ཡིན་ཏེ། སྐྱེ་བ་ཕྱི་མ་སྲིད་རྩེར་སྐྱེ་བ་དང་གཟུགས་ཁམས་སུ་སྐྱེས་ནས་དེའི་ཕྱི་མ་སྲིད་རྩེར་སྐྱེ་བ་གཉིས་ཡོད་པའི་ཕྱིར། མྱོང་བར་མ་ངེས་པ་ཞིག་ཀྱང་ཡོད་དེ། རྟེན་དེ་ལ་མྱང་འདས་མངོན་དུ་བྱེད་པ་ཞིག་ཡོད་པའི་ཕྱིར། མཚན་ཉིད་ནི་མཚུངས་ལྡན་འགོག་པའི་སྙོམས་འཇུག་གང་ཞིག །སྲིད་རྩེའི་སས་བསྡུས་པའོ། །རྟེན་ནི་འཕགས་པ་ཁོ་ནས་ཡིན་གྱི་བྱིས་པ་ནི་མ་ཡིན་ནོ། །འཕགས་པས་ཀྱང་ཆགས་པ་དང་བྲལ་ཙམ་གྱིས་མིན་པར་སེམས་སྟོབས་བསྐྱེད་པའི་འབད་པ་དང་བཅས་པའི་སྦྱོར་བས་ཐོབ་པ་ཡིན་ཏེ། སོ་ཐར་གྱི་སྡོམ་པ་ཐོབ་པ་བཞིན་ད་ལྟར་བ་ཁོ་ན་ཐོབ་ཀྱི་འདས་མ་འོངས་ནི་མ་ཐོབ་པའི་ཕྱིར་རོ། ། གཉིས་པ་ཐོབ་ཚུལ་གྱི་དམིགས་བསལ་ནི། ཐུབ་པའི་བྱང་ཆུབ་ཀྱིས་ཐོབ་བྱ། ། ཞེས་པས་བསྟན། ཐུབ་པའི་འགོག་སྙོམས་ནི་སྦྱོར་བ་ལ་མི་བལྟོས་པར་ཟད་མི་སྐྱེ་ཤེས་པའི་བྱང་ཆུབ་བརྙེས་པ་ཉིད་ཀྱིས་ཐོབ་པར་བྱ་བ་ཡིན་ནོ། །སྦྱོར་བ་ལ་ནི་མི་བལྟོས་ཏེ། མདོ་ལས། དགེ་བ་མཐར་ཕྱིན་ཁྱོད་ལ་ནི། །སྦྱོར་བ་ལས་བྱུང་ཅུང་ཟད་མེད། །ཁྱོད་ནི་གང་དུ་བཞེད་ངེས་པ། །བཞེད་པ་ཙམ་ལ་རག་ལས་ལགས། །ཞེས་གསུངས་པའི་ཕྱིར། གསུམ་པ་འཕྲོས་དོན་ནི། དང་པོར་མ་ཡིན་སྐད་ཅིག་མ། །སུམ་ཅུ་རྩ་བཞིས་ཐོབ་ཕྱིར་རོ། ། ཞེས་པས་བསྟན། ཁ་ཆེ་ནུབ་ཕྱོགས་པ་དག་ན་རེ། བྱང་སེམས་ཀྱི་མཐོང་ལམ་བསྐྱེད་ནས་དེ་ལས་ལངས་ཏེ་སྲིད་རྩེ་དང་འོག་ས་ལ་སྙོམས་པར་འཇུག་པ་བསྐྱེད་པ་ཡིན་ནོ་ཞེས་ཟེར། དེ་ལ་གཞན་དག་ན་རེ། བྱང་སེམས་དེས་ཟད་པ་མཁྱེན་པའི་དང་པོར་དེ་མངོན་དུ་བྱས་པ་མ་ཡིན་ཏེ། དེས་བདེན་པ་མངོན་རྟོགས་སྐད་ཅིག་མ་བཅུ་དྲུག་སྲིད་རྩེའི་གཉེན་པོ་སྒོམ་ལམ་བར་ཆད་མེད་ལམ་དགུ་རྣམ་གྲོལ་ལམ་དགུ་སྟེ་སྐད་ཅིག་མ་གསུམ་ཅུ་རྩ་བཞི་བར་མ་ཆད་དུ་བསྐྱེད་ནས་བྱང་ཆུབ་རྗེས་སུ་ཐོབ་པའི་ཕྱིར་རོ། །ས་འོག་མའི་སྒོམ་སྤང་ནི་སོ་སྐྱེའི་གནས་སྐབས་ན་རིང་འཕུར་དང་ལྷག་སྤྱོད་བསྟེན་པའི་དུས་འཇིག་རྟེན་པའི་ལམ་གྱིས་འདོད་པ་ནས་ཅི་ཡང་མེད་ཕྱིན་ལ་ཆགས་པ་དང་བྲལ་བས་སྤངས་ཟིན་པ་དང༌། ངེས་པ་ལ་འཇུག་པ་ན་འོག་མའི་མཐོང་སྤང་ཉོན་མོངས་རྣམས་སྤང་མི་དགོས་སོ། །སོ་སྐྱེ་ལ་འགོག་སྙོམས་མི་སྐྱེ་བ་ཐེག་དམན་གྱི་ལུགས་ཡིན་ཀྱང་སྔགས་བླ་མེད་དུ་སོ་སྐྱེ་ལ་ཉན་ཐོས་ཀྱི་འགོག་སྙོམས་ཀྱི་ཏིང་ངེ་འཛིན་ཡོད་པར་ཀར་ཊཱིཀ་ལས་བཞེད་དོ། ། གཉིས་པ་རྟེན་ཐུན་མོང་དུ་བསྟན་པ་ནི། གཉིས་ཀ་འདོད་དང་གཟུགས་རྟེན་ཅན། །འགོག་པ་དང་པོར་མིའི་ནང་དུ། ། ཞེས་པས་བསྟན། སྙོམས་འཇུག་དེ་གཉིས་ཀ་འདོད་པ་དང་གཟུགས་ཀྱི་རྟེན་ཅན་ཡིན་གྱི་གཟུགས་མེད་པ་ལ་བརྟེན་པ་ནི་མ་ཡིན་ཏེ། འདུ་ཤེས་མེད་པའི་སེམས་ཅན་དུ་སྐྱེ་བ་བསམ་གཏན་བཞི་པའི་འབྲས་བུ་ཡིན་པའི་ཕྱིར་དང༌། འགོག་སྙོམས་ནི་ལུས་ཀྱི་མངོན་དུ་བྱེད་པ་ཡིན་ལ་གཟུགས་མེད་ན་དེ་མེད་པའི་ཕྱིར། སྤྱིར་སྙོམས་འཇུག་གཉིས་ཀ་ཁམས་གཉིས་ཀྱི་རྟེན་ཅན་ཡིན་ཀྱང་ཁྱད་པར་ནི་འགོག་པ་སྔར་མ་སྐྱེད་པ་དང་པོར་མི་ཁོ་ནའི་ནང་དུ་བསྐྱེད་དགོས་ཏེ། མཚུངས་ལྡན་རགས་པས་སྐྱོ་བའི་ཕྱིར་དང༌། གཟུགས་ཀྱི་ཁམས་ནི་མཚུངས་ལྡན་ཞི་བས་སྐྱོ་བ་མེད་པའི་ཕྱིར་དེར་དང་པོར་མི་སྒོམ་པ་ཡིན་ནོ། །གལ་ཏེ་སྔར་འགོག་པ་ཐོབ་པ་ཡོངས་སུ་ཉམས་ན་སྔོན་གོམས་པའི་དབང་གིས་གཟུགས་ཁམས་སུ་སྐྱེད་པར་བྱེད་དོ། །འདུ་ཤེས་མེད་པའི་སྙོམས་འཇུག་ནི་དེ་ལྟར་སྐྱོ་བས་མ་ཡིན་གྱི་དེར་ཐར་པར་འདུ་ཤེས་པའི་ལོག་པར་ལྟ་བས་འཇུག་པའི་ཕྱིར། འོ་ན་དེ་གཉིས་ཀྱི་གནས་སྐབས་ན་སེམས་མེད་ན་དེ་ལས་ལངས་པའི་སེམས་དེ་གང་ལས་བྱུང་ཞེ་ན། བྱེ་སྨྲས་འདས་པའང་རྫས་སུ་གྲུབ་པས་འདས་པའི་སེམས་ལས་སྐྱེ་བར་འདོད། མདོ་སྡེ་པས་ལུས་སེམས་ཕན་ཚུན་ས་བོན་ཅན་ཡིན་པས་དབང་བཅས་ཀྱི་ལུས་ལ་སེམས་ཀྱི་ས་བོན་ཡོད་པས་དེ་ལས་སྐྱེ་བར་འདོད། །སེམས་ཙམ་པ་ནི་དེ་གཉིས་ཀྱི་གནས་སྐབས་ན་ཀུན་གཞི་མ་འགགས་པར་ཡོད་པས་དེ་ལས་སྐྱེ་བར་འདོད་དོ། ། ལྔ་པ་སྲོག་བཤད་པ་ནི། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། ། ཞེས་པས་བསྟན། སྲོག་གི་དབང་པོ་ནི་ཁམས་གསུམ་པའི་ཚེ་ཡིན་ལ། ཚེ་ནི་དྲོད་དང་ནི་རྣམ་ཤེས་རྒྱུན་ཆགས་སུ་གནས་པའི་རྟེན་དང་རྒྱུ་གང་ཡིན་པའོ། །དེའང་ཁམས་འོག་མ་གཉིས་ན་དེ་གཉིས་ཀ་དང་གཟུགས་མེད་ན་རྣམ་ཤེས་ཀྱི་རྟེན་བྱེད་པའོ། །མཚན་ཉིད་ནི་ཚེར་གྱུར་པའི་མི་ལྡན་པའི་འདུ་བྱེད་དོ། ། དྲུག་པ་མཚན་ཉིད་བཤད་པ་ལ། དབྱེ་བ། དོགས་པ་བཅད་པའོ། །དང་པོ་ནི། མཚན་ཉིད་དག་ནི་སྐྱེ་བ་དང༌། །རྒ་དང་གནས་དང་མི་རྟག་ཉིད། ། ཅེས་པས་བསྟན། འདུས་བྱས་ཀྱི་མཚན་ཉིད་དག་ནི་ཆོས་རྣམས་སྐྱེད་པར་བྱེད་པའི་སྐྱེ་བ་དང༌། རྙིངས་པར་བྱེད་པའི་རྒ་བ་དང་གནས་པར་བྱེད་པའི་གནས་པ་དང་འཇིག་པར་བྱེད་པའི་མི་རྟག་པ་ཉིད་དང་བཞིའོ། །ཉིད་ནི་དངོས་པོའི་རྐྱེན་ནོ། །འོ་ན་མདོ་ལས། འདུས་བྱས་ཀྱི་མཚན་ཉིད་ནི་རྣམ་པ་གསུམ། ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་ནི་གདུལ་བྱ་རྣམས་སྐྱོ་བ་བསྐྱེད་པའི་ཕྱིར་དུ་གནས་པ་སྦས་ཏེ་བསྟན་པས་དགོངས་པ་ཅན་ཡིན་པའི་ཕྱིར། མངོན་པ་ལས་བཞི་འབྱུང་བ་ནི་མཚན་ཉིད་པ་ཡིན་པས་དགོངས་པ་ཅན་མ་ཡིན་ནོ། ། གཉིས་པ་དོགས་པ་བཅད་པ་ལ། མཚན་ཉིད་ལ་མཚན་ཉིད་ཡོད་པར་བསྟན། ཐུག་མེད་དུ་ཐལ་བ་སྤང༌། ཧ་ཅང་ཐལ་བ་སྤང་བའོ། །དང་པོ་ནི། དེ་དག་སྐྱེ་བའི་སྐྱེ་ལ་སོགས། ། ཞེས་པས་བསྟན། འོ་ན་སྐྱེ་བའི་སྐྱེ་བ་དང་རྒ་བའི་རྒ་བ་སོགས་ཡོད་དམ་མེད་ཅེ་ན། སྐྱེ་བ་ལ་སོགས་པ་དེ་དག་ལའང་སྐྱེ་བའི་སྐྱེ་བ་དང་ལ་སོགས་པའི་སྒྲས་རྒ་བའི་རྒ་བ་སོགས་ཡོད་པར་བསྟན་ཏོ། ། གཉིས་པ་ཐུག་མེད་དུ་ཐལ་བ་སྤང་བ་ནི། དེ་ཆོས་བརྒྱད་དང་གཅིག་ལ་འཇུག ། ཅེས་པས་བསྟན། དེ་ལྟ་ན་ཐུག་མེད་དུ་འགྱུར་རོ་ཞེ་ན། དེར་ཡང་མི་འགྱུར་ཏེ། སྐྱེ་བ་དེ་ནི་རྒ་སོགས་གསུམ་དང་སྐྱེ་བའི་སྐྱེ་བ་སོགས་བཞི་དང་བུམ་པ་ལ་སོགས་པའི་མཚན་གཞི་དང་ཆོས་བརྒྱད་བསྐྱེད་པ་ལ་འཇུག་པ་དང་སྐྱེ་བའི་སྐྱེ་བ་དེ་ནི་སྐྱེ་བའི་ཆོས་གཅིག་པུ་ལ་འཇུག་ཅིང་སྐྱེད་པར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་རྒ་བ་སོགས་ལའང་ཤེས་པར་བྱའོ། །བཞི་པོ་དེ་དག་གི་མཚན་ཉིད་ནི། མི་ལྡན་པའི་འདུ་བྱེད་གང་ཞིག་རང་གི་མཚན་གཞིར་གྱུར་པའི་འདུས་བྱས་སྐྱེ་བ་དང་ལྡན་པར་བྱེད་པའི་རྫས་དེ་སྐྱེ་བའི་མཚན་ཉིད། དེ་གང་ཞིག་རང་གི་མཚན་གཞིར་གྱུར་པའི་འདུས་བྱས་རྙིངས་པ་དང་ལྡན་པར་བྱེད་པའི་རྫས་དེ་རྒ་བའི་མཚན་ཉིད། དེ་གང་ཞིག་རང་གི་མཚན་གཞིར་གྱུར་པའི་འདུས་བྱས་གནས་པ་དང་ལྡན་པར་བྱེད་པའི་རྫས་དེ་གནས་པའི་མཚན་ཉིད། དེ་གང་ཞིག་རང་གི་མཚན་གཞིར་གྱུར་པའི་འདུས་བྱས་འཇིག་པ་དང་ལྡན་པར་བྱེད་པའི་རྫས་དེ་མི་རྟག་པའི་མཚན་ཉིད་ཡིན་ནོ། ། གསུམ་པ་ཧ་ཅང་ཐལ་བ་སྤང་བ་ནི། རྒྱུ་དང་རྐྱེན་དག་མེད་པར་ནི། །སྐྱེ་བས་བསྐྱེད་བྱ་སྐྱེད་བྱེད་མིན། ། ཞེས་པས་བསྟན། མ་འོངས་པའི་སྐྱེ་བས་འདུས་བྱས་བསྐྱེད་ན་མ་འོངས་པ་རྣམས་ཅིག་ཅར་ཅིས་མི་སྐྱེ་ཞེ་ན། འདི་ལྟར་འདུས་བྱས་མ་འོངས་པ་རྣམས་ཅིག་ཅར་སྐྱེ་བར་མི་འགྱུར་ཏེ། རྒྱུ་དང་རྐྱེན་དག་ཚོགས་པ་མེད་པར་ནི་མཚན་ཉིད་སྐྱེ་བ་ཁོ་ནས་བསྐྱེད་བྱ་རྣམས་སྐྱེད་པར་བྱེད་པ་མིན་པའི་ཕྱིར། བདུན་པ་མིང་ཚིག་ཡི་གེའི་ཚོགས་བཤད་པ་ལ། ངོ་བོ་དང༌། ཁྱད་ཆོས་སོ། །དང་པོ་ནི། མིང་གི་ཚོགས་ལ་སོགས་པ་ནི། །མིང་དང་ངག་དང་ཡི་གེའི་ཚོགས། ། ཞེས་པས་བསྟན། སྔར་མིང་གི་ཚོགས་ལ་སོགས་པ་ཡང་ཞེས་གསུངས་པ་དེ་ནི་མིང་དང་ངག་དང་ཡི་གེའི་ཚོགས་སོ། །དེ་ལ་མིང་གི་མཚན་ཉིད་ནི་དོན་གྱི་ངོ་བོ་ཙམ་རྗོད་པར་བྱེད་པའི་མི་ལྡན་འདུ་བྱེད་དེའོ། །མཚན་གཞི་ནི་བུམ་པ་ཞེས་པ་ལྟ་བུའོ། །ངག་ཚིག་ནི་དོན་གཅིག་སྟེ་འགྲེལ་པར། ངག་ནི་ཚིག་སྟེ། ཞེས་གསུངས་པའི་ཕྱིར། མཚན་ཉིད་ནི་དོན་གྱི་ངོ་བོ་དང་ཁྱད་པར་སྦྱར་ནས་སྟོན་པའི་མི་ལྡན་པའི་འདུ་བྱེད་དེ་ངག་གམ་ཚིག་གི་མཚན་ཉིད་ཡིན། དེའི་མཚན་གཞི་ནི་འདུས་བྱས་མི་རྟག་ཅེས་པ་ལྟ་བུའོ། །ཡི་གེའི་མཚན་ཉིད་ནི་མིང་ཚིག་གཉིས་ཀྱི་གདགས་གཞིར་གྱུར་པའི་མི་ལྡན་འདུ་བྱེད་དེའོ། །མཚན་གཞི་ནི་ཨ་ཞེས་པ་དང་ཀ་ཞེས་པ་ལྟ་བུའོ། ། གཉིས་པ་ཁྱད་ཆོས་ལ། སའི་ཁྱད་པར། སྟོན་མི་སྟོན་གྱི་ཁྱད་པར། བྱུང་བའི་ཁྱད་པར། དགེ་སོགས་ཀྱི་ཁྱད་པར་རོ། །དང་པོ་ནི། འདོད་དང་གཟུགས་གཏོགས། ། ཞེས་པས་བསྟན། ཚོགས་གསུམ་པོ་དེ་ནི་འདོད་པ་དང་གཟུགས་ཁོ་ནར་གཏོགས་པ་ཡིན་ཏེ། ངག་ལ་བལྟོས་ནས་བྱུང་བའི་ཕྱིར། ཁ་ཅིག་གཟུགས་མེད་ན་མིང་ཡོད་དོ་ཟེར་ཞིང་བྱེ་སྨྲས་མི་འཐད་ཟེར། དཔྱད་ན་འདུ་བྱེད་དུ་གྱུར་པའི་ཚོགས་གསུམ་ཡིད་ཀྱི་རྗོད་བྱེད་དང་བརྗོད་པ་གཉིས་ཀ་གཟུགས་མེད་ནའང་ཡོད་དེ། སྙན་པའི་བ་དན་འཇིག་རྟེན་གསུམ་དུ་བགྲགས། །ཞེས་གསུངས་པའི་ཕྱིར་ཞེས་ཀར་ཊཱིཀ་ལས་བཞེད་དོ། ། གཉིས་པ་སེམས་ཅན་དུ་སྟོན་མི་སྟོན་ནི། སེམས་ཅན་སྟོན། ། ཞེས་པས་བསྟན། སྐྱེས་བུའི་རྩོལ་བ་ལས་བྱུང་ཞིང་རྒྱུད་དུ་གཏོགས་པའི་ཕུང་པོའི་ཚོགས་པ་ན་ཡོད་པས་སེམས་ཅན་དུ་སྟོན་པ་སྟེ་རྒྱུད་ཀྱིས་བསྡུས་པའོ། ། གསུམ་པ་བྱུང་བའི་ཁྱད་པར་ནི། རྒྱུ་མཐུན། ། ཞེས་པས་བསྟན། སྐལ་མཉམ་གྱི་རྒྱུས་བསྐྱེད་པས་རྒྱུ་མཐུན་ལས་བྱུང་བ་ཉིད་དེ། འདོད་དགུར་འབྱུང་བས་རྣམ་སྨིན་ལས་བྱུང་བ་མ་ཡིན་པའི་ཕྱིར་དང༌། གཟུགས་ཅན་མ་ཡིན་པས་རྒྱས་བྱུང་མ་ཡིན་པའི་ཕྱིར། བཞི་པ་དགེ་སོགས་ཀྱི་ཁྱད་པར་ནི། ལུང་བསྟན་མིན། ། ཞེས་པས་བསྟན། མ་བསྒྲིབས་ལ་ལུང་དུ་བསྟན་པ་མིན་པ་ཁོ་ན་ཡིན་ཏེ། དགེ་རྩ་ཆད་པ་དང་ཆགས་བྲལ་ལའང་ལྡན་ཞིང་དགེ་མི་དགེའི་ངོ་བོ་མ་ཡིན་པའི་ཕྱིར། འགྲེལ་པ་ལས། དེ་ལྟར་བཤད་ཀྱང་རྒྱལ་པོ་སྲས་ལས་དེ་གསུམ་ལ་དགེ་བ་དང་ལུང་མ་བསྟན་གཉིས་ཀའི་ཆ་ཡོད་པར་བཞེད་དེ། རྒྱལ་པོ་སྲས་ལས། སངས་རྒྱས་ཀྱི་གསུང་དགེ་བ་ཡིན་པའི་ཕྱིར་བརྗོད་པར་བྱའམ་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་བརྗོད་པར་བྱ་ཞེ་ན། དགེ་བའང་ཡིན་ལ་ལུང་དུ་མ་བསྟན་པའང་ཡིན་ནོ། །དགེ་བ་གང་ཞེ་ན། དེ་བཞིན་གཤེགས་པ་དགེ་བའི་ཐུགས་དང་ལྡན་ཞིང་བཀའ་སྩལ་པའི་གསུང་གི་རྣམ་པར་རིག་བྱེད་དོ། །ལུང་དུ་མ་བསྟན་པ་གང་ཞེ་ན། དེ་བཞིན་གཤེགས་པ་ལུང་དུ་མ་བསྟན་པ་ཐུགས་དང་ལྡན་ཞིང་ཞེས་བྱ་བ་འབྱུང་སྟེ་སྔ་མ་བཞིན་ནོ། །ཡང་དེ་ཉིད་ཀྱི་མཇུག་ཐོགས་སུ། སངས་རྒྱས་ཀྱི་གསུང་ཞེས་བྱ་བ་འདི་ཆོས་གང་ཞིག་ཡིན་ཞེ་ན། གང་མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་རྣམས་གོ་རིམ་དུ་བཀོད་པ་དང་གོ་རིམ་དུ་བཞག་པ་དང་གོ་རིམ་དུ་ཡང་དག་པར་སྦྱར་བའོ། །ཞེས་འབྱུང་བའི་ཕྱིར། གསུམ་པ་ཆོས་ཀྱི་ཁྱད་པར་གཞན་བསྟན་པས་མཇུག་བསྡུ་བ་ནི། དེ་བཞིན། ། སྐལ་མཉམ་རྣམ་པར་སྨིན་པའང་ཡིན། །ཁམས་གསུམ་པ་སྟེ་ཐོབ་རྣམ་གཉིས། ། མཚན་ཉིད་རྣམས་ཀྱང་སྙོམས་འཇུག་དང༌། །མི་ལྡན་པ་དག་རྒྱུ་མཐུན་པ། ། ཞེས་པས་བསྟན། མིང་སོགས་སེམས་ཅན་དུ་སྟོན་པ་དང་རྒྱུ་མཐུན་ལས་བྱུང་བ་དང་མ་བསྒྲིབས་ལུང་མ་བསྟན་ཡིན་པ་དེ་བཞིན་དུ་སྐལ་མཉམ་ཡང་དེ་ལྟར་ཡིན་ལ། དེ་ནི་རྣམ་སྨིན་གྱི་འདྲ་ཆ་རྣམ་པར་སྨིན་པ་ལས་སྐྱེས་པའང་ཡིན་ནོ། །ཁམས་གསུམ་པ་སྟེ་གསུམ་ཅར་དུ་གཏོགས་པའོ། །ཐོབ་པ་ནི་རྒྱུ་མཐུན་ལས་བྱུང་བ་དང་རྣམ་སྨིན་སྐྱེས་རྣམ་པ་གཉིས་སོ། །མཚན་ཉིད་སྐྱེ་སོགས་རྣམས་ཀྱང་ཐོབ་པ་བཞིན་ནོ། །སྙོམས་འཇུག་གཉིས་དང་མི་ལྡན་པ་སྟེ་མ་ཐོབ་པ་དག་རྒྱུ་མཐུན་ལས་བྱུང་བ་འོ། ། གསུམ་པ་རྒྱུ་རྐྱེན་འབྲས་བུ་དང་བཅས་པའི་རྣམ་གཞག་བཤད་པ་ལ། རྒྱུ་བཤད་པ། འབྲས་བུ་བཤད་པ། རྒྱུ་འབྲས་གཉིས་ཀྱི་ཐུན་མོང་གི་ཆོས་བཤད་པ། རྐྱེན་བཤད་པའོ། །དང་པོ་ལ། དབྱེ་བས་མདོར་བསྟན། སོ་སོའི་རང་བཞིན་རྒྱས་པར་བཤད། །དུས་ངེས་པས་མཇུག་བསྡུ་བའོ། །དང་པོ་ནི།་ བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང༌། སྐལ་མཉམ་མཚུངས་པར་ལྡན་པ་དང༌། ། ཀུན་ཏུ་འགྲོ་དང་རྣམ་སྨིན་དང༌། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད། ། ཅེས་པས་བསྟན། གོང་དུ། རྒྱུ་དང་རྐྱེན་དག་མེད་པར་ནི། །ཞེས་བཤད་ན་དེ་དག་རིམ་བཞིན་གང་དང་གང་ཞེ་ན། འབྲས་བུ་སྐྱེད་པ་ལ་གེགས་མི་བྱེད་པའི་ངོ་བོར་གནས་པ་བྱེད་རྒྱུ་དང༌། རང་དང་དུས་མཉམ་པའི་འབྲས་བུ་ལ་ཕན་འདོགས་པ་ལྷན་ཅིག་འབྱུང་བའི་རྒྱུ་དང༌། ཁམས་སམ་རིགས་ཆོས་འདྲ་བའི་འབྲས་བུ་ལ་ཕན་འདོགས་པ་སྐལ་མཉམ་གྱི་རྒྱུ་དང༌། མཚུངས་པ་ལྔས་མཚུངས་པའི་འབྲས་བུ་ལ་ཕན་འདོགས་པ་མཚུངས་པར་ལྡན་པའི་རྒྱུ་དང༌། ཉོན་མོངས་ཅན་གྱི་འབྲས་བུ་ལ་ཕན་འདོགས་པ་ཀུན་ཏུ་འགྲོ་བའི་རྒྱུ་དང༌། རྣམ་སྨིན་གྱི་འབྲས་བུ་ལ་ཕན་འདོགས་པ་རྣམ་སྨིན་གྱི་རྒྱུ་དང་རྒྱུ་ནི་རྣམ་པ་དྲུག་ཏུ་བྱེ་སྨྲ་འདོད་དོ། །འོ་ན་ཆོས་མངོན་པ་བ་རྣམས་མདོ་འཆད་པ་ཡིན་པས་རྒྱུ་དྲུག་གི་མདོ་གང་ཞེ་ན། བྱེ་སྨྲས་རྒྱུ་དྲུག་སྟོན་པའི་མདོ་ནི་ཕལ་ཆེར་ནུབ་པ་ཡིན་ལ། འོན་ཀྱང་ཀ་ཏྱཱ་ནའི་བུ་ལ་ལྷས་ཉེ་བར་གཏད་པ་ཞེས་བྱ་བའི་བསྟན་བཅོས་ལས་བཤད་པ་ཡིན་ནོ་ཞེས་ཟེར། གཉིས་པ་སོ་སོའི་རང་བཞིན་རྒྱས་བཤད་ལ། བྱེད་རྒྱུ། ལྷན་ཅིག་བྱུང་བའི། སྐལ་མཉམ། མཚུངས་ལྡན། ཀུན་འགྲོ། རྣམ་སྨིན་གྱི་རྒྱུའོ། ། དང་པོ་ནི། རང་ལས་གཞན་པ་བྱེད་རྒྱུའི་རྒྱུ། ། ཞེས་པས་བསྟན། འདུས་བྱས་རང་ལས་དོན་གཞན་པའི་ཆོས་ཐམས་ཅད་འདུས་བྱས་ཀྱི་བྱེད་རྒྱུའི་རྒྱུ་ཡིན་ཏེ། འདུས་བྱས་ཀྱི་རྒྱུ་ཚོགས་ནས་སྐྱེ་བ་ལ་གེགས་མི་བྱེད་པའི་ཕྱིར། དེའང་བྱེད་རྒྱུ་ནུས་བཅས་ནི་མིག་གིས་མིག་ཤེས་དང་ས་བོན་གྱི་མྱུ་གུ་བསྐྱེད་པ་ལྟ་བུ་མཚན་ཉིད་པའོ། །ནུས་མེད་ནི་འདུས་མ་བྱས་ས་བོན་གྱི་རྒྱུ་དང་དམྱལ་བ་གཟུགས་མེད་ཁམས་པའི་རྒྱུ་ཡིན་པ་ལྟ་བུའོ། །བྱེད་རྒྱུ་ནུས་མེད་ནི་འབྲས་བུ་སྐྱེ་བ་ལ་གེགས་མི་བྱེད་པ་ཙམ་ལ་རྒྱུར་བཏགས་པ་ཡིན་ཏེ། དཔེར་ན་རྒྱལ་པོས་གྲོང་མི་རྣམས་ལ་མ་གཙེར་བ་ལ་འདིས་བདག་ཅག་རྣམས་བདེ་བར་བྱས་སོ་ཟེར་བ་ལྟ་བུའོ། ། གཉིས་པ་ལྷན་ཅིག་འབྱུང་བའི་རྒྱུ་ལ། ངོ་བོ་ངོས་བཟུང༌། མཚན་གཞི་དཔེར་བརྗོད། དེ་ལས་འཕྲོས་པའི་དོན་ཏོ། །དང་པོ་ནི། ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། ། ཞེས་པས་བསྟན། ཆོས་ལྷན་ཅིག་ཏུ་འབྱུང་བ་གང་ཞིག་གཅིག་ལ་གཅིག་ཕན་ཚུན་འབྲས་བུ་ཅན་ཡིན་པ་ནི་དེའི་ལྷན་ཅིག་འབྱུང་རྒྱུའོ། ། གཉིས་པ་མཚན་གཞིའི་དཔེར་བརྗོད་ནི། འབྱུང་བཞིན་སེམས་ཀྱི་རྗེས་འཇུག་དང༌། །སེམས་དང་མཚན་ཉིད་མཚན་གཞི་བཞིན། ། ཞེས་པས་བསྟན། ལྷན་གཅིག་འབྱུང་བའི་དཔེ་ནི་འབྱུང་བ་བཞི་པོ་ནང་ཕན་ཚུན་བཞིན་དང༌། སེམས་ཀྱི་རྗེས་འཇུག་རྣམས་དང་སེམས་དང་འདུས་བྱས་ཀྱི་མཚན་ཉིད་རྣམས་ཀྱང་མཚན་གཞིའི་ལྷན་ཅིག་འབྱུང་རྒྱུ་དང་མཚན་གཞིའང་མཚན་ཉིད་ཀྱི་ལྷན་ཅིག་འབྱུང་རྒྱུ་ཡིན་པ་བཞིན་ནོ། ། གསུམ་པ་འཕྲོས་པའི་དོན་ལ། སེམས་ཀྱི་རྗེས་འཇུག་ངོས་བཟུང་བ་དང༌། དེ་སེམས་ཀྱི་རྗེས་སུ་ཇི་ལྟར་འཇུག་ཚུལ་ལོ། །དང་པོ་ནི། སེམས་ལས་བྱུང་དང་སྡོམ་གཉིས་དང༌། །སེམས་དང་དེ་དག་གི་མཚན་ཉིད། ། ཅེས་པས་བསྟན། གཙོ་བོ་སེམས་ཀྱི་རྗེས་འཇུག་གི་ཆོས་ནི་སེམས་ལས་བྱུང་བ་རྣམས་དང་བསམ་གཏན་ཟག་མེད་ཀྱི་སྡོམ་པ་གཉིས་དང་སེམས་དང་སེམས་བྱུང་དང་རྗེས་འཇུག་དེ་དག་གི་མཚན་ཉིད་སྐྱེ་སོགས་རྣམས་ནི་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་བུ་ཙམ་ལྡོག་ནས་འཇོག་ལ་ཞིབ་པར་འོག་ནས་འབྱུང་ངོ༌། ། གཉིས་པ་དེ་སེམས་ཀྱི་རྗེས་སུ་ཇི་ལྟར་འཇུག་པའི་ཚུལ་ནི། སེམས་ཀྱི་རྗེས་འཇུག་དུས་དང་ནི། །འབྲས་སོགས་དགེ་ལ་སོགས་པས་སོ། ། ཞེས་པས་བསྟན། སེམས་ཀྱི་རྗེས་སུ་ཇི་ལྟར་འཇུག་པ་ནི་སེམས་དང་དུས་གཅིག་པ་དང་ནི་འབྲས་བུ་གཅིག་པ་ལ་སོགས་པ་དང༌། དགེ་བ་ལ་སོགས་པར་གཅིག་པས་སོ། །ཞིབ་ཏུ་ན་རྗེས་སུ་འཇུག་པའི་ཚུལ་ནི་བཅུ་སྟེ། སྤྱིར་དུས་གཅིག་ཁྱད་པར་སྐྱེ་གནས་འཇིག་གསུམ་དང་བཞི། བདག་སྐྱེས་བྲལ་འབྲས་དང་ལྔ། རྒྱུ་མཐུན་རྣམ་སྨིན་གཉིས་ཀྱི་དང་བདུན། དགེ་མི་དགེ་ལུང་མ་བསྟན་དང་བཅུས་ཕན་ཚུན་ལྷན་ཅིག་རྗེས་སུ་འཇུག་ཅིང་འབྱུང་བའི་རྒྱུ་འབྲས་སུ་བྱེད་པའི་ཕྱིར། གཅིག་པའི་དོན་ནི་རྫས་གཅིག་པ་མིན་ཏེ། གཙོ་སེམས་དགེ་བ་ཡིན་ན་དེའི་སེམས་བྱུང་ཡང་དགེ་བར་འདྲ་ཞིང་མཚུངས་པའི་ཕྱིར་གཅིག་ཅེས་སྨོས་སོ། །འདིར་རྒྱུ་བཅུས་འཇུག་པར་གསུངས་པ་དེ་རྫས་ཀྱི་དབང་དུ་བྱས་པ་མ་ཡིན་ཞིང་རིགས་ཀྱི་དབང་དུ་བྱས་ནས་བཞག་སྟེ། དགེ་སོགས་གསུམ་སེམས་གཅིག་ལ་མི་འཇུག་པའི་ཕྱིར་དང༌། ལུང་མ་བསྟན་དང་ཟག་མེད་ཀྱི་སེམས་ལ་རྣམ་སྨིན་གྱི་འབྲས་བུ་དང་གཅིག་པ་མི་སྲིད་པའི་ཕྱིར་དང༌། སྐྱེ་གནས་འཇིག་གསུམ་གཅིག་པ་མི་སྲིད་པའི་ཕྱིར། རྒྱུ་རྒྱུ་ཅན་ལ་མུ་བཞི་བརྩི་བ་སོགས་དུ་མ་ཡོད་ཀྱང་མ་སྨོས་སོ། ། སྨྲས་པ། བཟང་པོར་གྲགས་ཀྱང་རིགས་ལམ་ངན་པ་འཛིན། །མཁས་པར་རློམ་ཡང་མ་རིག་མུན་པས་གཏིབས། །བློ་ངན་མུན་པའི་ནང་ན་ཉལ་བཞིན་དུ། །གསུང་རབ་མཁའ་ལམ་སྤྱོད་པར་མངོན་རློམ་པའི། །རྒན་པོར་གྱུར་ཀྱང་བློ་གྲོས་གཞོན་ནུ་རྣམས། །རང་འཚང་རང་གིས་བསྟན་པ་མ་འཚེར་རམ། །ཞེས་སོ། ། གསུམ་སྐལ་མཉམ་གྱི་རྒྱུ་ལ། བསྟན་པ་དང༌། བཤད་པའོ། །དང་པོ་ནི། སྐལ་མཉམ་རྒྱུ་ནི་འདྲ་བའོ། ། ཞེས་པས་བསྟན། སྐལ་མཉམ་གྱི་རྒྱུའི་མཚན་གཞི་ནི་དགྲ་བཅོམ་པའི་ཕུང་པོ་ཐ་མ་མ་གཏོགས་པའི་འདུས་བྱས་འདས་ད་ལྟར་ཐམས་ཅད་དེ། འདྲ་བ་སྔ་མས་འདྲ་བ་ཕྱི་མ་སྐྱེད་ཅིང་གོ་འབྱེད་པའོ། །དེའང་དགེ་བའི་ཕུང་པོ་ལྔ་ནི་དགེ་བའི་སྐལ་མཉམ་གྱི་རྒྱུ་ལས་བྱུང་ཞིང་དགེ་བའང་ཟག་བཅས་ཟག་མེད་སོ་སོར་འདྲ་བ་ཡིན་གྱི་དགེ་བ་ཙམ་དུ་འདྲ་བ་མིན་ཏེ། ཟག་མེད་ཀྱི་སྐད་ཅིག་དང་པོའང་སྐལ་མཉམ་གྱི་རྒྱུ་ལས་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར། ཉོན་མོངས་ཅན་རྣམས་ནི་མི་དགེ་བའི་འདྲ་བ་དང༌། བསྒྲིབས་ལ་ལུང་མ་བསྟན་ཉོན་མོངས་ཅན་རྣམས་ཀྱི་འདྲ་བ་དང༌། བསྒྲིབས་ལུང་མ་བསྟན་ཡང་མི་དགེ་བ་རྣམས་ཀྱི་ཕན་ཚུན་འདྲ་བ་དང༌། ལུང་མ་བསྟན་ཡང་ལུང་མ་བསྟན་གྱི་འདྲ་བའོ། ། གཉིས་པ་རྒྱས་པར་བཤད་པ་ལ། ཟག་བཅས་ཀྱི་འདྲ་བ། དུས་ཀྱི་ཁྱད་པར། ཟག་མེད་བྱེ་བྲག་ཏུ་བཤད་པ། དེ་འཇིག་རྟེན་པའི་སྦྱོར་བྱུང་ལ་མཚུངས་པར་བསྟན་པའོ། །དང་པོ་ནི། རང་རིས་ས་པའོ། ། ཞེས་པས་བསྟན། མཐོང་སྤང་བཞི་སྒོམ་སྤང་སྟེ་སྤང་བྱ་རིས་ལྔ་དང་ཁམས་གསུམ་གྱི་ས་དགུ་པོ་རྣམས་རང་རང་གི་རིས་དང་རང་རང་གི་ས་གཅིག་པ་སྐྱེད་པར་བྱེད་པའོ། །དེ་དག་ནི་སྐལ་མཉམ་ཡིན་གྱི་རིས་གཞན་དང་ས་གཞན་ནི་མ་ཡིན་ཏེ། དེ་ནི་སྐལ་བ་མི་མཉམ་པའི་ཕྱིར། གཉིས་པ་དུས་ཀྱི་ཁྱད་པར་ནི། སྔར་སྐྱེས་རྣམས། ། ཞེས་པས་བསྟན། སྔར་སྐྱེས་པ་འདས་པ་དང་ད་ལྟར་བ་རྣམས་ཕྱིས་སྐྱེས་པ་དང་མ་སྐྱེས་པ་རྣམས་ཀྱི་ཡིན་གྱི་མ་འོངས་པ་ནི་མ་ཡིན་ཏེ། སྐལ་མཉམ་གྱི་རྒྱུ་མ་འོངས་པ་མེད་པའི་ཕྱིར། གསུམ་པ་ཟག་མེད་བྱེ་བྲག་ཏུ་བཤད་པ་ནི། ས་དགུའི་ལམ་ནི་ཕན་ཚུན་དུ། །མཉམ་དང་ཁྱད་པར་ཅན་གྱི་ཡིན། ། ཞེས་པས་བསྟན། འོ་ན་སྐལ་མཉམ་གྱི་རྒྱུ་རང་གི་ས་པ་དང་རང་གི་རིས་པ་ཁོ་ནར་ངེས་སམ་ཞེ་ན། ཟག་བཅས་ལ་དེ་ལྟར་ངེས་ཀྱི་ཟག་མེད་ས་དགུའི་ལམ་གྱི་བདེན་པ་ནི་ས་མི་མཚུངས་པ་དག་ཀྱང་ཕན་ཚུན་དུ་སྐལ་བ་མཉམ་པའི་རྒྱུ་ཡིན་ཏེ། ལམ་དེ་དག་ནི་ས་དེ་དག་ཏུ་གློ་བུར་དུ་འོངས་པ་ཡིན་པས་ས་དེ་དག་གི་སྲེད་པས་བདག་གིར་མ་བྱས་པའི་ཕྱིར་ཁམས་སུ་མ་གཏོགས་སོ། །དེའང་རང་ས་དམན་པ་ལ་ནི་མ་ཡིན་གྱི་མཉམ་པ་དང་ཁྱད་པར་ཅན་གྱི་ཡིན་ཏེ། སྡུག་བསྔལ་ཆོས་བཟོད་ནི་མཉམ་པ་རང་རིས་ཕྱི་མ་དང་ཁྱད་པར་ཅན་སྡུག་བསྔལ་ལ་ཆོས་ཤེས་དང་མཐོང་སྒོམ་མི་སློབ་ལམ་གྱི་ཡིན་ལ། དེ་བཞིན་དུ་དད་སོགས་དབང་པོ་རིམ་ཅན་དུ་སྦྱངས་པའི་དབང་དུ་ན་དད་པ་དང་ཆོས་ཀྱི་རྗེས་འབྲང་གཉིས་དད་མོས་མཐོང་ཐོབ་སྟེ་བཞི་དུས་ཀྱི་སྦྱོར་མི་སྦྱོར་གྱི་རྣམ་པ་དྲུག་གི་སྐལ་མཉམ་གྱི་རྒྱུ་དང༌། ཡང་ན་ཆོས་རྗེས་འབྲང་དང་མཐོང་ཐོབ་དང་དུས་མི་སྦྱོར་ཏེ་གསུམ་གྱི་རྒྱུ་ཡིན་ནོ། ། བཞི་པ་དེ་འཇིག་རྟེན་པའི་སྦྱོར་བྱུང་ལ་མཚུངས་པར་བསྟན་པ་ནི། སྦྱོར་བྱུང་དེ་གཉིས་ཁོ་ནའི་ཡིན། །ཐོས་དང་བསམ་བྱུང་ལ་སོགས་པ། ། ཞེས་པས་བསྟན། ཟག་མེད་ཁོ་ནར་མ་ཟད་འཇིག་རྟེན་པའི་དགེ་བ་སྦྱོར་བྱུང་ཡང་མཉམ་པ་དང་ཁྱད་པར་ཅན་དེ་གཉིས་ཁོ་ནའི་སྐལ་མཉམ་གྱི་རྒྱུ་ཡིན་ནོ། །དཔེར་ན་སྦྱོར་བ་ལས་བྱུང་བའི་ཡོན་ཏན་ཐོས་པ་དང་བསམ་བྱུང་དང་ལ་སོགས་པ་སྒོམ་པ་ལས་བྱུང་བ་ལྟ་བུའོ། །མཚན་ཉིད་ནི་རྒྱུ་གང་ཞིག་འབྲས་བུ་རང་དང་རིས་འདྲ་བ་བསྐྱེད་པའོ། ། བཞི་པ་མཚུངས་ལྡན་གྱི་རྒྱུ་བཤད་པ་ནི། མཚུངས་ལྡན་རྒྱུ་ནི་སེམས་དག་དང༌། །སེམས་བྱུང་རྟེན་མཚུངས་ཅན་རྣམས་སོ། ། ཞེས་པས་བསྟན། མཚུངས་ལྡན་གྱི་རྒྱུ་ནི་སེམས་དག་དང་སེམས་བྱུང་ཁོ་ན་མཚུངས་པར་ལྡན་པ་ཡིན་ཏེ། རྟེན། དམིགས་པ། རྣམ་པ། དུས། རྫས་མཚུངས་པ་ཅན་རྣམས་སོ། །མཚན་ཉིད་ནི་རྒྱུ་གང་ཞིག་སེམས་སེམས་བྱུང་གང་རུང་གིས་བསྡུས་པ་དེའོ། ། ལྔ་པ་ཀུན་འགྲོའི་རྒྱུ་བཤད་པ་ནི། ཀུན་འགྲོ་ཞེས་བྱ་ཉོན་མོངས་ཅན། །རྣམས་ཀྱི་རང་ས་ཀུན་འགྲོ་ལྔ། ། ཞེས་པས་བསྟན། ཀུན་འགྲོའི་རྒྱུ་ཞེས་བྱ་བ་ནི་རང་གི་འབྲས་བུ་ཉོན་མོངས་ཅན་རྣམས་ཀྱི་ཐུན་མོང་གི་རྒྱུའོ། །དེའང་རང་སར་སྐྱེས་པ་དང་འབྲས་བུ་དེ་ལས་ཀུན་འགྲོ་དེ་ཉིད་དུས་སྔ་བར་སྐྱེས་པའོ། །མཚན་ཉིད་ནི་མཐོང་སྤང་གང་ཞིག །རང་འབྲས་ཉོན་མོངས་ཅན་རྣམས་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་བྱེད་པའོ། །མཚན་གཞི་ནི་འདས་ད་ལྟར་དུ་སྐྱེས་པའི་ཁམས་གསུམ་གྱི་ཀུན་འགྲོ་སུམ་ཅུ་རྩ་གསུམ་འཁོར་བཅས་ཐོབ་པ་ལས་གཞན་པ་རྣམས་སོ། ། དྲུག་པ་རྣམ་སྨིན་གྱི་རྒྱུ་བཤད་པ་ནི། རྣམ་སྨིན་རྒྱུ་ནི་མི་དགེ་དང༌། །དགེ་བ་ཟག་བཅས་རྣམས་ཁོ་ན། ། ཞེས་པས་བསྟན། རང་གི་ངོ་བོ་སྟོབས་དང་ལྡན་ཞིང་སྲེད་པའི་བརླན་དང་བཅས་པ་ཡིན་ན་ལུང་མ་བསྟན་དེ་དང་བཅས་ཀྱང་སྟོབས་ཆུང་བས་ས་བོན་རུལ་པ་བཞིན་དང༌། ཟག་མེད་སྟོབས་དང་ལྡན་ཡང་བརླན་མེད་པས་དེ་མེད་པའི་ས་བོན་གྲུང་པོ་བཞིན་ནོ། །དེའི་ཕྱིར་རྣམ་སྨིན་གྱི་རྒྱུ་ནི་མི་དགེ་བ་དང་དགེ་བ་ཟག་པ་དང་བཅས་པ་རྣམས་ཁོ་ནའོ། །མཚན་ཉིད་ནི་ལུང་དུ་བསྟན་པ་གང་ཞིག་རང་འབྲས་རྣམ་པར་སྨིན་པ་སྐྱེད་པར་བྱེད་པའི་རྒྱུ་དེའོ། ། གསུམ་པ་དུས་ངེས་པས་མཇུག་བསྡུ་བ་ནི། ཀུན་འགྲོ་སྐལ་མཉམ་དུས་གཉིས་པ། །གསུམ་པོ་དག་ནི་དུས་གསུམ་པ། ། ཞེས་པས་བསྟན། ཀུན་འགྲོ་དང་སྐལ་མཉམ་གྱི་རྒྱུ་ནི་འདས་ད་ལྟའི་དུས་གཉིས་པ་ཁོ་ན་ཡིན་གྱི་མ་འོངས་པ་ནི་མེད་དེ། མ་འོངས་པ་ལ་སྔ་ཕྱི་མེད་པའི་ཕྱིར། ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་དང་རྣམ་སྨིན་གྱི་རྒྱུ་གསུམ་པོ་དག་ནི་དུས་གསུམ་པ་ཅན་ཡིན་ཏེ། དེར་ངེས་པའི་ཕྱིར། བྱེད་རྒྱུ་ནི་དུས་གསུམ་པ་དང་དུས་དང་བྲལ་བའང་ཡོད་དེ། བྱེད་རྒྱུ་ནུས་བཅས་ནི་དུས་གསུམ་ག་ཅི་རིགས་པས་བསྡུས་པ་དང༌། བྱེད་རྒྱུ་ནུས་མེད་ནི་དུས་དང་བྲལ་བ་ཡིན་པའི་ཕྱིར། གཉིས་པ་འབྲས་བུ་བཤད་པ་ལ། བསྟན་པ་དང༌། བཤད་པའོ། །དང་པོ་ནི། འདུས་བྱས་བྲལ་བཅས་འབྲས་བུ་ཡིན། །འདུས་མ་བྱས་ལ་དེ་དག་མེད། ། ཅེས་པས་བསྟན། རྒྱུ་ཡོད་པའི་འབྲས་བུ་ནི་འདུས་བྱས་ཐམས་ཅད་ཡིན་ཏེ། ངེས་པར་རྒྱུ་ལ་རག་པའི་ཕྱིར། གཉེན་པོས་སྤང་བྱ་དང་བྲལ་བ་བརྟགས་འགོག་དང་བཅས་པ་ནི་རྒྱུ་ལ་མ་རག་པའི་འབྲས་བུ་ཡིན་ལ། མངོན་པར་འདོད་པ་མིན་པ་དང་བསྒྲུབ་བྱ་མིན་པའི་ཕྱིར་ནམ་མཁའ་དང་བརྟགས་མིན་གྱི་འགོག་པ་ནི་འབྲས་བུ་མིན་ནོ། །དེའི་ཕྱིར་བསྟན་བཅོས་ལས། འབྲས་བུའི་ཆོས་རྣམས་གང་ཞེ་ན། །འདུས་བྱས་ཐམས་ཅད་དང་སོ་སོར་བརྟགས་པའི་འགོག་པའོ། །ཞེས་སོ། །འདིར་འདུས་མ་བྱས་འབྲས་བུར་བཤད་པའི་ཕྱིར་རྒྱུ་ཡོད་དགོས་ལ། བྱེད་རྒྱུའི་སྐབས་སུ་འདུས་མ་བྱས་རྒྱུར་བཤད་པའི་ཕྱིར་འདིར་འབྲས་བུའང་ཡོད་དགོས་པར་འགྱུར་ཞིང་དེའི་ཕྱིར་འདུས་མ་བྱས་འདུས་བྱས་སུ་ཐལ་ཞེ་ན། འདུས་མ་བྱས་དང་འབྲས་བུའི་གཞི་མཐུན་ཡོད་ཀྱང་དེ་ལ་རྒྱུ་མེད་དེ། རྒྱུ་དྲུག་པོ་དེ་དག་མེད་པའི་ཕྱིར་ཏེ། བརྟགས་འགོག་གི་རྒྱུ་དྲུག་མི་སྲིད་པའི་ཕྱིར་དང༌། འདུས་མ་བྱས་ཀྱི་འབྲས་བུ་ལྔ་མི་སྲིད་པའི་ཕྱིར་རོ། །འོ་ན་ལམ་ནི་བརྟགས་འགོག་གི་བྱེད་རྒྱུའོ་སྙམ་ན། མིན་ཏེ། བརྟགས་འགོག་འདུས་མ་བྱས་ཤིང་སྐྱེ་བ་མེད་པའི་ཕྱིར་དང༌། བརྟགས་འགོག་དེ་སྐྱེ་བཞིན་པར་ཡོད་པའི་ཚེ་ལམ་དེས་གེགས་མི་བྱེད་པ་མ་ཡིན་པའི་ཕྱིར། གཉིས་པ་རྒྱས་བཤད་ལ། རྒྱུ་གང་གི་འབྲས་བུ་གང་ཡིན་པ་དང༌། འབྲས་བུ་ལྔའི་ངོ་བོའོ། །དང་པོ་ནི། རྣམ་སྨིན་འབྲས་བུ་ཐ་མའི་ཡིན། །བདག་པོའི་འབྲས་བུ་དང་པོའི་ཡིན། ། རྒྱུ་མཐུན་སྐལ་མཉམ་ཀུན་འགྲོ་བའི། །སྐྱེས་བུ་པ་ནི་གཉིས་ཀྱི་ཡིན། ། ཞེས་པས་བསྟན། འོ་ན་འབྲས་བུ་དེ་དག་རྒྱུ་གང་གི་ཡིན་ཞེ་ན། རྣམ་སྨིན་གྱི་འབྲས་བུ་ནི་རྒྱུ་ཐ་མ་རྣམ་སྨིན་གྱི་རྒྱུའི་ཡིན་ནོ། །བདག་པོའི་འབྲས་བུ་ནི་རྒྱུ་དང་པོ་བྱེད་རྒྱུའི་ཡིན་ནོ། །ཅི་བྱེད་རྒྱུ་ནུས་མེད་མི་སྒྲིབ་ཙམ་ལ་བདག་འབྲས་ཇི་ལྟར་དབང་ན། མི་སྒྲིབ་པར་དབང་བྱེད་ཅིང་རྣམ་ཤེས་ཚོགས་ལྔ་ལ་སྐྱེ་མཆེད་བཅུ་ལྟ་བུ་སྐྱེད་པའི་བྱེད་རྒྱུ་དང༌། སྣོད་ཀྱི་འཇིག་རྟེན་ལ་ལས་བྱེད་རྒྱུ་དང༌། རྣ་བའང་མིག་ཤེས་སྐྱེད་པ་ལ་བརྒྱུད་ནས་དབང་བྱེད་དེ། ཐོས་ནས་བལྟ་འདོད་འབྱུང་བའི་ཕྱིར། དེ་བཞིན་བསྣམས་ནས་བལྟ་འདོད་སོགས་སྦྱར་བར་བྱའོ། །རྒྱུ་མཐུན་གྱི་འབྲས་བུ་ནི་སྐལ་མཉམ་དང་ཀུན་ཏུ་འགྲོ་བའི་རྒྱུ་གཉིས་ཀྱི་ཡིན་ནོ། །སྐྱེས་བུའི་བྱེད་པ་ཅན་གྱི་འབྲས་བུ་ནི་ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུ་གཉིས་ཀྱི་ཡིན་ནོ། །འདིར་སྐྱེས་བུ་བྱེད་པ་ནི་ནང་གི་བྱེད་པའི་སྐྱེས་བུ་མེད་པས་ཆོས་ཙམ་ལ་དེར་བཏགས་པས་སྨན་ལ་བྱ་རོག་རྐང་བཞིན་ནོ། །ཆོས་ཙམ་ལས་རང་གི་བྱ་བ་དང་ཡོན་ཏན་སོགས་གཞན་དུ་མེད་པས་སྐྱེས་བུའི་བྱེད་པའང་སྐྱེས་བུ་ཉིད་ལ་འདོགས་སོ། །དེའི་འབྲས་བུ་ནི་སྐྱེས་བུ་བྱེད་འབྲས་སོ། ། གཉིས་པ་འབྲས་བུ་ལྔའི་ངོ་བོ་ལ། རྣམ་སྨིན་གྱི། རྒྱུ་མཐུན་གྱི། བྲལ་བའི། སྐྱེས་བུའི་བྱེད་པའི། བདག་པོའི་འབྲས་བུའི་ངོ་བོའོ། །དང་པོ་ནི། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །སེམས་ཅན་བརྗོད་ལུང་བསྟན་ཕྱིས་འབྱུང༌། ། ཞེས་པས་བསྟན། རྣམ་སྨིན་གྱི་འབྲས་བུ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཆོས་ཡིན་ཏེ། དགེ་བ་དང་ཉོན་མོངས་ཅན་ཡིན་ན་དགེ་རྩ་ཆད་པ་དང་དགྲ་བཅོམ་པ་ལ་དེ་མི་ལྡན་པར་ཐལ་བའི་ཕྱིར་དང༌། དེ་བསྒྲིབས་ལ་ལུང་མ་བསྟན་ཡིན་ན་རྣམ་སྨིན་སྐྱེས་ཀྱི་སེམས་ལས་ལྷག་མེད་དུ་འཇུག་མི་རུང་བའི་ཕྱིར་རོ། །སེམས་ཅན་བརྗོད་ཅེས་པ་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པ་སྟེ་མ་བསྡུས་ན་ཐུན་མོང་མིན་པའི་ལས་བྱས་པ་ཆུད་ཟོས་ཤིང་མ་བྱས་པ་དང་འཕྲད་པར་འགྱུར་བའི་ཕྱིར་རོ། །རྒྱུད་ཀྱིས་བསྡུས་པ་ཙམ་ལ་རྒྱས་བྱུང་དང་རྒྱུ་མཐུན་ཁ་ཅིག་ལ་ཡོད་པས་རྒྱུ་ལུང་དུ་བསྟན་པ་དང༌། དེ་ཙམ་བསམ་གཏན་ལ་སྙོམས་པར་ཞུགས་པ་དང་ཏིང་ངེ་འཛིན་ལས་བྱུང་བའི་སྤྲུལ་སེམས་ལའང་ཡོད་པས་རྒྱུ་དེ་ལས་ཕྱིས་ཏེ་དེ་མ་ཐག་དང་ཅིག་ཅར་མིན་པར་འབྱུང་བའོ། ། གཉིས་པ་རྒྱུ་མཐུན་གྱི་འབྲས་བུ་ནི། རྒྱུ་མཐུན་རྒྱུ་དང་འདྲ་བའོ། ། ཞེས་པས་བསྟན། རྒྱུ་མཐུན་གྱི་འབྲས་བུ་ནི། རྒྱུ་དགེ་བའམ་ཉོན་མོངས་ཅན་ནམ་མ་བསྒྲིབས་ལུང་མ་བསྟན་གང་ཡིན་པར་རང་གི་རྒྱུ་དང་འདྲ་བར་གྱུར་པའོ། །དེ་ནི་འདི་ལྟར་སྐལ་མཉམ་ནི་རང་གི་རྒྱུན་དང་རྣམ་པ་འདྲ་བར་ངེས་ལ། ཀུན་འགྲོ་ནི་རྣམ་པ་འདྲ་བར་མ་ངེས་ཀྱང་རང་གི་རྒྱུན་དང་ས་དང་ཉོན་མོངས་ཅན་དུ་འདྲ་བར་ངེས་པས་དེ་ལྟར་འདྲ་བའོ། །དེས་ན་གང་ཞིག་གང་གི་སྐལ་མཉམ་རྒྱུ་ཡིན་ལ་ཀུན་འགྲོའི་རྒྱུ་མ་ཡིན་པ་སོགས་མུ་བཞིའོ། ། གསུམ་པ་བྲལ་འབྲས་ནི། བྲལ་བ་བློ་ཡིས་ཟད་པའོ། ། ཞེས་པས་བསྟན། བྲལ་བ་ནི་བློ་ཡིས་ཏེ་ཤེས་རབ་ཁྱད་པར་ཅན་གྱིས་རང་གི་སྤང་བྱ་སྤངས་པས་ཐོབ་པར་བྱ་བའི་འགོག་པའོ། །ཟད་པའོ་ཞེས་པ་ནི་འགོག་པ་དང་དོན་གཅིག་པ་ཡིན་ལ། དེ་སྨོས་པ་ནི་མ་ཐོབ་པ་ཙམ་བྲལ་བ་ཡིན་པ་དགག་པའི་དོན་དུ་གང་སྤེལ་འཆད་དོ། ། བཞི་པ་སྐྱེས་བུ་བྱེད་འབྲས་ནི། གང་གི་སྟོབས་ཀྱིས་གང་སྐྱེས་པའི། །འབྲས་དེ་སྐྱེས་བུ་བྱེད་ལས་སྐྱེས། ། ཞེས་པས་བསྟན། རྒྱུ་གང་གི་སྟོབས་ཀྱིས་གང་སྐྱེ་བའམ་གང་གི་སྟོབས་ཀྱིས་འབྲས་བུ་གང་ཐོབ་པའི་འབྲས་བུ་དེ་སྐྱེས་བུའི་བྱེད་པ་དང་འདྲ་བ་ལས་སྐྱེས་པའི་འབྲས་བུའོ། །མཚན་གཞི་ནི་རྒྱུ་ལས་དེ་ལྟར་འབྱུང་བའི་འདུས་བྱས་ཐམས་ཅད་དེ། རང་འགྲེལ་ལས། དཔེར་ན་ས་འོག་མ་པའི་སྦྱོར་བའི་སེམས་ཀྱིས་གོང་མའི་ཏིང་ངེ་འཛིན་དང༌། ཟག་པ་དང་བཅས་པའི་ཟག་པ་མེད་པ་དང༌། བསམ་གཏན་གྱི་སེམས་ཀྱིས་སྤྲུལ་པའི་སེམས་སོ་ཞེས་བྱ་བ་ལ་སོགས་པའོ། །ཞེས་གསུངས་པའི་ཕྱིར། རྒྱུ་མཐུན་གྱི་འབྲས་བུ་དང་སྐྱེས་བུ་བྱེད་འབྲས་ལ་མུ་བཞིའོ། ། ལྔ་པ་བདག་འབྲས་ཀྱི་ངོ་བོ་ནི། སྔོན་བྱུང་མ་ཡིན་འདུས་བྱས་ནི། །འདུས་བྱས་ཁོ་ནའི་བདག་པོའི་འབྲས། ། ཞེས་པས་བསྟན། འདུས་བྱས་རང་ལས་སྔོན་བྱུང་བ་མ་ཡིན་པར་འདུས་བྱས་དང་དུས་གཅིག་གམ་ཕྱིས་འབྱུང་བའི་འདུས་བྱས་ནི་རང་ལས་གཞན་སྔ་ལོགས་སམ་དུས་མཉམ་གྱི་འདུས་བྱས་དེ་ཁོ་ནའི་བདག་པོའི་འབྲས་བུ་ཡིན་ནོ། །ཁོ་ན་ཞེས་པ་ནི་འདུས་བྱས་ཕྱིས་འབྱུང་དང་འདུས་མ་བྱས་འབྲས་བུ་འཛིན་འབྱིན་གྱི་ནུས་པ་དང་བཅས་པ་མིན་པས་བདག་པོའི་འབྲས་བུར་མི་འཇོག་ཅེས་པའོ། །རྒྱུ་བས་སྔར་སྐྱེ་བའི་འབྲས་བུ་ནི་མེད་དེ། རྒྱུ་དོན་མེད་པར་འགྱུར་བའི་ཕྱིར་དང༌། སྔར་འཁོར་ལོ་བསྒྱུར་རྒྱལ་བྱེད་ཅིང་ཕྱིས་དེའི་ལས་བསགས་པ་མི་སྲིད་པ་དང༌། མྱུག་སོགས་ལ་ས་བོན་སྔོན་དུ་འགྲོའི་འབྲས་བུ་སྔོན་དུ་འགྲོ་བར་མ་མཐོང་བའི་ཕྱིར་རོ། །སྐྱེས་བུ་བྱེད་འབྲས་དང་བདག་འབྲས་ཀྱི་ཁྱད་པར་ནི་བྱེད་པ་པོ་ཁོ་ནའི་དང་དེ་མ་ཡིན་པའི་ཆ་ནས་ཀྱང་ཡིན་པ་སྟེ། དཔེར་ན་བཟོ་དེ་སྐྱེས་བུའི་བྱེད་འབྲས་ཡིན་ལ། རང་དང་ལྷན་ཅིག་པ་དང་སྔ་བའི་འདུས་བྱས་ཐམས་ཅད་ཀྱི་བདག་འབྲས་ཡིན་པ་བཞིན་ནོ། །སྐྱེས་བུ་བྱེད་འབྲས་དང་བདག་འབྲས་ལའང་མུ་བཞི་ཡོད་དེ། སྐྱེས་བུ་བྱེད་འབྲས་ཡིན་ལ་བདག་འབྲས་མིན་པ་ནི་བྲལ་འབྲས་དང༌། བདག་འབྲས་ཡིན་ལ་སྐྱེས་བུ་བྱེད་འབྲས་མིན་པ་ནི་རྒྱུ་ཡལ་བར་འདུག་པའི་འབྲས་བུ་དང་འབྲས་བུའི་བར་དུ་ཆོད་པའོ། །གཉིས་ཀ་ཡིན་པ་ནི་ལྷན་ཅིག་གམ་དེ་མ་ཐག་བྱུང་བའོ། །གཉིས་ཀ་མིན་པ་ནི་ནམ་མཁའ་དང་བརྟགས་མིན་གྱི་འགོག་པ་བཞིན་ནོ། ། གསུམ་པ་རྒྱུ་འབྲས་གཉིས་ཀྱི་ཐུན་མོང་གི་ཆོས་བཤད་པ་ལ། རྒྱུ་འབྲས་འཛིན་འབྱིན་གྱི་དུས། འབྲས་བུ་གང་རྒྱུ་དུས་བསྐྱེད་པའོ། །དང་པོ་ལ། འཛིན་པའི་དུས་དང༌། འབྱིན་པའི་དུས་སོ། །དང་པོ་ནི། ལྔ་པོ་ད་ལྟར་འབྲས་བུ་འཛིན། ། ཞེས་པས་བསྟན། བྱེད་རྒྱུ་མ་གཏོགས་པའི་རྒྱུ་ཕྱི་མ་ལྔ་པོས་ནི་དུས་གསུམ་ལས་ད་ལྟར་གྱི་དུས་སུ་འབྲས་བུ་འཛིན་ཞིང་སྐྱེད་པའི་མཐུ་ཐོབ་སྟེ། སྐད་ཅིག་གཉིས་པ་ལ་འགགས་པས་འཛིན་པའི་བྱ་བ་མེད་པའི་ཕྱིར་དང༌། མ་འོངས་པ་ལའང་མ་སྐྱེས་པས་བྱ་བ་མེད་པའི་ཕྱིར་རོ། །བྱེད་རྒྱུའང་འབྲས་བུ་སྐྱེད་པའི་ནུས་པ་འཛིན་པའི་ཚུལ་དེ་ལྟར་ཡིན་ཀྱང་འབྲས་བུ་སྐྱེད་པར་མ་ངེས་པ་ཡོད་པས་མ་བརྗོད་དོ། ། གཉིས་པ་འབྱིན་པའི་དུས་ནི། གཉིས་ནི་རབ་ཏུ་འབྱིན་པར་བྱེད། །ད་ལྟར་གྱི་དང་འདས་པ་དག ། གཅིག་ནི་འདས་པས་འབྱིན་པར་འགྱུར། ། ཞེས་པས་བསྟན། ལྷན་མཚུངས་ཀྱི་རྒྱུ་གཉིས་ནི་རྒྱུ་འབྲས་དུས་མཉམ་ཡིན་པས་རབ་ཏུ་ཞེས་པའི་རབ་ནི་པྲ་ཏིའི་སྒྲ་ལས་དང་པོའི་དོན་དུ་བཟུང་ནས་འབྲས་བུ་དང་པོར་འབྱིན་པར་བྱེད་པས་འཛིན་འབྱིན་དུས་མཉམ་པ་ཡིན་ནོ། །སྐལ་མཉམ་དང་ཀུན་འགྲོའི་རྒྱུ་གཉིས་ནི་ད་ལྟར་གྱི་དང་འདས་པ་དག་གི་འབྲས་བུ་འབྱིན་པར་བྱེད་པས། གཉིས་ནི་ད་ལྟར་འདས་དག་གིས། །ཞེས་བསྒྱུར་ན་ལེགས་སོ་ཞེས་བོད་ཁ་ཅིག་འཆད་དོ། །རྣམ་པར་སྨིན་པའི་རྒྱུ་གཅིག་ནི་འདས་པ་ཁོ་ནས་འབྲས་བུ་འབྱིན་པར་འགྱུར་ཏེ། ལྷན་ཅིག་གམ་དེ་མ་ཐག་པར་རྣམ་སྨིན་འབྱུང་བ་མེད་པའི་ཕྱིར་རོ། ། གཉིས་པ་འབྲས་བུ་གང་རྒྱུ་དུས་སྐྱེད་པ་ལ། མཚུངས་ལྡན་དང༌། མཚུངས་ལྡན་མ་ཡིན་པའི་སྐྱེད་ཚུལ་ལོ། །དང་པོ་ལ། བཤད་པ་དང༌། བསྡུ་བའོ། །དང་པོ་ནི། ཉོན་མོངས་ཅན་དང་རྣམ་སྨིན་སྐྱེས། །ལྷག་དང་དང་པོ་འཕགས་རིམ་བཞིན། ། རྣམ་སྨིན་ཀུན་འགྲོ་དེ་གཉིས་དང༌། །སྐལ་མཉམ་མ་གཏོགས་ལྷག་ལས་སྐྱེ། ། ཞེས་པས་བསྟན། དེ་ལ་ཆོས་གང་ཞིག་རྒྱུ་དུ་དག་གིས་སྐྱེད་པར་བྱེད་ཅེ་ན། ཆོས་ཉོན་མོངས་པ་ཅན་རྣམས་དང་རྣམ་པར་སྨིན་པ་ལས་སྐྱེས་པ་རྣམས་དང་ལྷག་མ་རྣམ་སྨིན་སྐྱེས་མ་གཏོགས་པའི་མ་བསྒྲིབས་ལུང་མ་བསྟན་སྤྱོད་ལམ་དང་བཟོའི་གནས་དང་སྤྲུལ་པའི་སེམས་ལ་སོགས་པ་དང་ཟག་མེད་སྐད་ཅིག་དང་པོ་ལས་གཞན་པའི་དགེ་བ་རྣམས་དང༌། དང་པོ་འཕགས་ཞེས་པ་ཟག་མེད་སྐད་ཅིག་དང་པོ་སྟེ་བཞི་པོ་རྣམས་ནི་རྒྱུ་འབྲས་གོ་རིམ་བཞིན་དུ་སྦྱར་དགོས་ཏེ། རྣམ་སྨིན་གྱི་རྒྱུ་དང་ཀུན་འགྲོའི་དང་དེ་གཉིས་མ་གཏོགས་པ་དང་དེ་གཉིས་དང་སྐལ་མཉམ་མ་གཏོགས་པ་རྒྱུ་ལྷག་མ་རྣམས་ལས་སྐྱེ་བའི་ཕྱིར། རྒྱུ་དེ་དག་ལས་མི་སྐྱེ་སྟེ། དང་པོ་ནི་ཉོན་མོངས་ཅན་ཡིན་པའི་ཕྱིར་དང༌། གཉིས་པ་ནི་ཉོན་མོངས་ཅན་མ་ཡིན་པའི་ཕྱིར་དང༌། གསུམ་པ་ནི་རྣམ་སྨིན་དང་ཉོན་མོངས་ཅན་གང་ཡང་མ་ཡིན་པའི་ཕྱིར་དང༌། །བཞི་པ་ནི་རིགས་འདྲ་སྔ་མ་མེད་པའི་ཟག་མེད་ཡིན་པའི་ཕྱིར། གཉིས་པ་བསྡུ་བ་ནི། སེམས་དང་སེམས་ལས་བྱུང་བ་ཡིན། ། ཞེས་པས་བསྟན། དེ་དག་ནི་སེམས་དང་སེམས་ལས་བྱུང་བའི་སྐྱེ་ཚུལ་གྱི་དབང་དུ་བྱས་པ་ཡིན་ནོ། ། གཉིས་པ་མཚུངས་ལྡན་མ་ཡིན་པའི་སྐྱེ་ཚུལ་ནི། མཚུངས་ལྡན་མ་གཏོགས་གཞན་དེ་བཞིན། ། ཞེས་པས་བསྟན། མི་ལྡན་པའི་འདུ་བྱེད་དང༌། གཟུགས་ཅན་དུ་གྱུར་པའི་ཉོན་མོངས་ཅན་དང༌། རྣམ་སྨིན་སྐྱེས་དང་ལྷག་མ་རྣམ་སྨིན་མ་གཏོགས་པའི་ལུང་མ་བསྟན་དང༌། ཟག་མེད་དང་པོ་མ་གཏོགས་པའི་དགེ་བ་དང༌། ཟག་མེད་དང་པོའི་གཟུགས་རྣམས་ནི་མཚུངས་ལྡན་གྱི་རྒྱུ་མ་གཏོགས་གཞན་སྐྱེ་ཚུལ་སྔ་མ་དེ་བཞིན་དུ་སྐྱེ་སྟེ། ཉོན་མོངས་ཅན་ནི་རྣམ་སྨིན་གྱི་རྒྱུ་དང་མཚུངས་ལྡན་བོར་བའི་ལྷག་མ་བཞི་ལས་སྐྱེ་བ་དང༌། རྣམ་སྨིན་སྐྱེས་ནི་ཀུན་འགྲོ་དང་མཚུངས་ལྡན་བོར་བའི་རྒྱུ་བཞི་ལས་སྐྱེ་བ་དང༌། ལྷག་མ་རྣམས་ནི་རྣམ་སྨིན་ཀུན་འགྲོ་མཚུངས་ལྡན་བོར་བའི་རྒྱུ་གསུམ་ལས་སྐྱེ་བ་དང༌། ཟག་མེད་སྐད་ཅིག་དང་པོ་ནི་བྱེད་རྒྱུ་དང་ལྷན་ཅིག་འབྱུང་རྒྱུ་གཉིས་ལས་སྐྱེའི་ལྷག་མ་བཞི་ལས་སྐྱེ་བ་མ་ཡིན་པའི་ཕྱིར། དེས་ན་རྒྱུ་གཅིག་ཁོ་ན་ལས་སྐྱེས་པའི་ཆོས་ནི་འགའ་ཡང་མེད་དོ། ། འདིར་སྨྲས་པ། ཆོས་རབ་འབྱེད་པའི་བློ་མིག་རྣོན་པོ་ཡིས། །དབྱངས་ཅན་དགའ་བའི་དགོངས་དོན་ཇི་ལྟ་བར། །ཆོས་མངོན་རྒྱ་མཚོའི་གཏིང་དཔོགས་ནུས་པ་ཡང༌། །སྐྱེ་བར་གོམས་པའི་བག་ཆགས་མཐུས་མིན་ནམ། །ཞེས་སོ། ། བཞི་པ་རྐྱེན་བཤད་པ་ལ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། རྐྱེན་ནི་བཞི་པོ་དག་ཏུ་གསུངས། ། ཞེས་པས་བསྟན། གོང་དུ། རྒྱུ་དང་རྐྱེན་དག་མེད་པར་ནི། །ཞེས་པའི་རྐྱེན་རྣམས་ནི་གང་ཞེ་ན། རྐྱེན་ནི་མདོ་ལས། རྒྱུའི་རྐྱེན་ཉིད་དང་དེ་མ་ཐག་པའི་རྐྱེན་ཉིད་དང་དམིགས་པའི་རྐྱེན་ཉིད་དང་བདག་པོའི་རྐྱེན་ཉིད་དོ། །ཞེས་བཞི་པོ་དག་ཏུ་གསུངས་སོ། ། གཉིས་པ་རྒྱས་བཤད་ལ། རྐྱེན་བཞི་སོ་སོའི་རང་བཞིན། རྐྱེན་གང་དུས་གང་ལ་བྱ་བ་བྱེད་པ། དངོས་པོ་གང་རྐྱེན་དུ་ལས་སྐྱེ་བ། དེ་མ་ཐག་རྐྱེན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། རྒྱུའི་རྐྱེན། དེ་མ་ཐག་རྐྱེན། དམིགས་རྐྱེན། བདག་རྐྱེན་ནོ། །དང་པོ་ནི། རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཡིན། ། ཞེས་པས་བསྟན། རྒྱུའི་རྐྱེན་ཞེས་བྱ་བ་ནི་བྱེད་རྒྱུ་མ་གཏོགས་པ་རྒྱུ་ལྔ་པོ་ཅི་རིགས་པ་ཡིན་པའི་སྒོ་ནས་རང་གི་འབྲས་བུ་ལ་ཕན་འདོགས་པར་བྱེད་པ་ཞིག་ཡིན་ནོ། །མཚན་གཞི་ནི་འདུས་བྱས་ཀྱི་ཆོས་སོ། ། གཉིས་པ་དེ་མ་ཐག་རྐྱེན་ནི། སེམས་དང་སེམས་བྱུང་སྐྱེས་པ་རྣམས། །ཐ་མ་མིན་མཚུངས་དེ་མ་ཐག ། ཅེས་པས་བསྟན། མཚུངས་པ་དེ་མ་ཐག་རྐྱེན་ནི་སེམས་དང་སེམས་བྱུང་འདས་པའམ་ད་ལྟར་སྐྱེས་པ་རྣམས་ཡིན་ཞིང་དེའང་དགྲ་བཅོམ་པའི་སེམས་སེམས་བྱུང་ཐ་མ་མིན་པའི་སེམས་སེམས་བྱུང་ཐམས་ཅད་ནི་མཚུངས་པ་དེ་མ་ཐག་རྐྱེན་ནོ། །དེས་ན་མཚུངས་པ་ནི་རྒྱུད་གཅིག་ལ་ཤེས་པ་རྫས་རིས་མཐུན་གཉིས་མེད་པར་རྫས་རེ་རེ་ནས་མཚུངས་པ་དང་དུས་གཞན་གྱིས་ཆོད་ཀྱང་ཤེས་པ་གཞན་གྱིས་མ་ཆོད་ན་དེ་མ་ཐག་ཏུ་སྐྱེ་བའི་རྐྱེན་ནོ། །གཟུགས་ནི་མཚུངས་པ་དེ་མ་ཐག་རྐྱེན་དུ་མི་རུང་སྟེ། རིས་མི་འདྲ་བ་གཞན་གྱིས་བར་ཆོད་པར་སྐྱེ་བའི་ཕྱིར། དཔེར་ན་འདོད་པའི་རིག་བྱེད་མིན་པའི་གཟུགས་ཀྱི་མཇུག་ཏུ་འདོད་པའི་གཟུགས་སོ་ཐར་གྱི་སྡོམ་པ་དང་གཟུགས་ཀྱི་བསམ་གཏན་གྱི་སྡོམ་པ་དང་རེས་ཟག་མེད་འབྱུང་བས་འཆོལ་བ་བཞིན་ནོ། །འདིར་སེམས་ཀྱི་མཚུངས་པ་དེ་མ་ཐག་འབྲས་ཡིན་ལ་སེམས་ཀྱི་དེ་མ་ཐག་པ་མིན་པ་ལ་མུ་བཞི་དང༌། སེམས་ཀྱི་མཚུངས་པ་དེ་མ་ཐག་འབྲས་ཡིན་ལ་སྙོམས་འཇུག་གི་དེ་མ་ཐག་པ་མིན་པ་ལ་མུ་བཞི་བརྩིར་ཡོད་པ་སོགས་ནི་རྒྱས་པར་ཀར་ཊཱིཀ་ཆེན་མོ་ལས་འབྱུང་བ་ལྟར་ཤེས་པར་བྱའོ། ། གསུམ་པ་དམིགས་རྐྱེན་ནི། དམིགས་པ་ཆོས་རྣམས་ཐམས་ཅད་དོ། ། ཞེས་པས་བསྟན། མིག་ཤེས་ལ་སོགས་པ་རང་རང་གི་རྣམ་ཤེས་མཚུངས་ལྡན་དང་བཅས་པའི་དམིགས་པའི་རྐྱེན་ནི་རང་རང་གི་ཡུལ་ཟག་བཅས་གཟུགས་ལ་སོགས་པའི་ཆོས་ད་ལྟར་བ་རྣམས་ཡིན་ལ་ཡིད་ཀྱི་རྣམ་ཤེས་ཀྱི་དམིགས་རྐྱེན་ནི་ཟག་བཅས་ཟག་མེད་ཀྱི་ཆོས་དུས་གསུམ་དང་དུས་ཀྱིས་མ་བསྡུས་པ་ཐམས་ཅད་དོ། །མཚན་ཉིད་ནི་ཆོས་གང་ཞིག་བློས་དམིགས་སུ་རུང་བ་དེའོ། །ཅི་སྟེ་ཆོས་ཐམས་ཅད་ཡིད་ཤེས་ཀྱི་དམིགས་རྐྱེན་ཡིན་ན་འདུས་མ་བྱས་ཀྱང་དེར་འགྱུར་ལ། དེ་ལྟ་ནའང་འདུས་མ་བྱས་དངོས་པོར་འགྱུར་ཏེ། འབྲས་བུ་སྐྱེད་པའི་དོན་བྱེད་ནུས་པའི་ཕྱིར་ཞེ་ན། 00000255བྱེ་སྨྲས་ནི། 00000000འདུས་མ་བྱས་དངོས་པོར་འདོད་ཀྱང་དེ་དག་གིས་འབྲས་བུ་སྐྱེད་ན་རྟག་ཏུ་སྐྱེད་པ་འམ་ཡང་ན་མི་སྐྱེད་པར་འགྱུར་ཏེ། རྟག་པའི་དངོས་པོར་ཁས་བླངས་པའི་ཕྱིར། རེས་འགའ་སྐྱེད་པ་དང་མི་སྐྱེད་པ་ནི་རེས་འགའ་བ་ཡིན་པའི་ཕྱིར་མི་རྟག་པར་འགྱུར་རོ་ཞེས་བྱ་བའི་སྐྱོན་ཡོད་དོ་ཞེས་ཟེར། 00000255འཇམ་སྒེག་ནི། 00000000འདུས་མ་བྱས་ལ་ངོ་བོ་ཉིད་མེད་པའི་ཕྱིར་དམིགས་པའི་ཡུལ་ཙམ་ཡིན་གྱི་འབྲས་བུ་སྐྱེད་པའི་རྐྱེན་ནི་མ་ཡིན་ནོ། །ཞེས་གསུངས་ཀྱང༌། དེ་ལ་ཀར་ཊཱིཀ་ཏུ་མི་འཐད་པར་གསུངས་ཤིང་ཁོ་བོས་བྱེ་སྨྲ་དང་འཇམ་སྒེག་གཉིས་ལ་མི་མཐུན་པའི་ཁྱད་པར་ཆེར་མ་མཐོང་བས་དཔྱོད་ལྡན་དག་གིས་ལེགས་པར་དཔྱོད་པར་མཛོད་ཅིག ། བཞི་པ་བདག་རྐྱེན་ནི། བྱེད་རྒྱུ་ཞེས་བྱ་བདག་པོར་བཤད། ། ཅེས་པས་བསྟན། བྱེད་རྒྱུ་ཞེས་བྱ་བ་ནི་བདག་པོའི་རྐྱེན་ཡིན་པར་བཤད་དོ། །མཚན་ཉིད་ནི་འབྲས་བུ་སྐྱེ་བ་ལ་མི་སྒྲིབ་ཅིང་རྐྱེན་དུ་རུང་བའོ། །འོ་ན་ཆོས་ཐམས་ཅད་དམིགས་རྐྱེན་དང་བདག་རྐྱེན་གཉིས་ཀ་ཡིན་ན་དེ་གཉིས་ཀྱི་ཁྱད་པར་ཇི་ལྟ་བུ་ཞེ་ན། དེ་ནི་མཚུངས་ལྡན་དང་ལྷན་ཅིག་འབྱུང་བ་དག་བདག་རྐྱེན་ཡིན་ལ་དམིགས་རྐྱེན་ནི་མ་ཡིན་པའི་དབང་གིས་སོ། །འོ་ན་གོང་དུ་ཆོས་ཐམས་ཅད་དམིགས་རྐྱེན་དུ་བཤད་པ་དང་འདིར་ལྷན་མཚུངས་གཉིས་དམིགས་རྐྱེན་མ་ཡིན་པར་བཤད་པ་འགལ་ལོ་ཞེ་ན། དེ་ནི་སྤྱི་བྱེ་བྲག་གི་དབང་དུ་བྱས་པའི་ཕྱིར་མི་འགལ་ལོ། །དེས་ན་བདག་རྐྱེན་ནི་རང་ལས་གཞན་པའི་ཆོས་ཐམས་ཅད་ཡིན་ཏེ། འགྲེལ་པར། ཆོས་ཐམས་ཅད་རང་གི་ངོ་བོ་མ་གཏོགས་པའི་འདུས་བྱས་ཐམས་ཅད་ཡིན་ནོ། །ཞེས་གསུངས། གཉིས་པ་རྐྱེན་གང་དུས་གང་ལ་བྱ་བ་བྱེད་པ་ལ། ལྷན་འབྱུང་དང་མཚུངས་ལྡན་གྱི་རྒྱུ་དུས་གང་ལ་དང༌། སྐལ་མཉམ་སོགས་གསུམ་དང༌། དེ་མ་ཐག་རྐྱེན་དང་དམིགས་རྐྱེན་དུས་གང་ལ་བྱ་བ་བྱེད་པའོ། །དང་པོ་ནི། རྒྱུ་གཉིས་པོ་དག་འགག་པ་ལ། །བྱ་བ་བྱེད་དོ། ། ཞེས་པས་བསྟན། དེའང་རྒྱུའི་རྐྱེན་གྱི་དབང་དུ་བྱས་ན་ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུ་གཉིས་པོ་དག་འབྲས་བུ་འགག་པ་ལ་མངོན་དུ་ཕྱོགས་པ་དུས་ད་ལྟར་བ་ལ་བྱ་བ་བྱེད་དོ། །བྱ་བ་ནི་འབྲས་བུ་འཛིན་འབྱིན་ཡུལ་ལ་ཉེ་བར་ལོངས་སྤྱོད་པའི་བྱ་བ་དང་གསུམ་མོ། ། གཉིས་པ་སྐལ་མཉམ་སོགས་གསུམ་ནི། གསུམ་པོ་ནི། །སྐྱེ་ལའོ། ། ཞེས་པས་བསྟན། ཀུན་འགྲོ་སྐལ་མཉམ་རྣམ་སྨིན་གྱི་རྒྱུ་གསུམ་པོ་ནི་འབྲས་བུ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་མ་འོངས་པ་ལ་བྱ་བ་བྱེད་པའོ། ། གསུམ་པ་དེ་མ་ཐག་རྐྱེན་དང་དམིགས་རྐྱེན་དུས་གང་ལ་བྱ་བ་བྱེད་པ་ནི། དེ་ལས་གཞན་པ་ཡི། །རྐྱེན་དག་དེ་ལས་ཟློག་པ་ཡིན། ། ཞེས་པས་བསྟན། རྒྱུའི་རྐྱེན་དེ་ལས་གཞན་པ་ཡི་མཚུངས་པ་དེ་མ་ཐག་པ་དང་དམིགས་རྐྱེན་དག་ནི་གོང་གི་དེ་ལས་གོ་རིམ་ཟློག་ནས་བྱ་བ་བྱེད་པ་ཡིན་ཏེ། དེ་མ་ཐག་རྐྱེན་ནི་སྐབས་འབྱེད་པས་སྐྱེ་བ་ལ་བྱ་བ་བྱེད་ཅིང་དམིགས་རྐྱེན་ནི་ད་ལྟར་གྱི་སེམས་དང་སེམས་བྱུང་གིས་འཛིན་པས་འགག་པ་ལ་བྱ་བ་བྱེད་པའི་ཕྱིར་རོ། ། གསུམ་པ་དངོས་པོ་གང་རྐྱེན་དུ་ལས་སྐྱེ་བ་ལ། སྤྱིར་བསྟན་པ་དང༌། གཟུགས་ཅན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། རང་ལུགས་བཞག་པ་དང༌། གཞན་ལུགས་དགག་པའོ། །དང་པོ་ལ། རྐྱེན་བཞི་ལས། གསུམ་ལས། གཉིས་ལས་སྐྱེ་བའོ། །དང་པོ་ནི། བཞི་ཡིས་སེམས་དང་སེམས་བྱུང་རྣམས། ། ཞེས་པས་བསྟན། དང་པོ་རྒྱུའི་རྐྱེན་ནི་རྒྱུ་ལྔ་པོ་ཐམས་ཅད་དང༌། མཚུངས་པ་དེ་མ་ཐག་རྐྱེན་ནི་སེམས་དང་སེམས་བྱུང་སྔ་མ་གཞན་གྱིས་བར་མ་ཆོད་པ་རྣམས་དང༌། དམིགས་རྐྱེན་ནི་ཅི་རིགས་པར་ཡུལ་ལྔ་དང་ཆོས་ཐམས་ཅད་དང༌། བདག་རྐྱེན་གྱི་རང་དབང་དང་ཕྱིས་འབྱུང་མ་གཏོགས་པ་ཆོས་ཐམས་ཅད་དེ། དེ་ལྟར་རྐྱེན་བཞི་ཡིས་སེམས་དང་སེམས་བྱུང་རྣམས་སྐྱེད་པར་བྱེད་དོ། ། གཉིས་པ་རྐྱེན་གསུམ་ལས་སྐྱེ་བ་ནི། གསུམ་གྱིས་སྙོམས་པར་འཇུག་པ་གཉིས། ། ཞེས་པས་བསྟན། རྒྱུའི་དང་དེ་མ་ཐག་པ་དང་བདག་པོའི་རྐྱེན་དང་གསུམ་གྱིས་འདུ་ཤེས་མེད་པ་དང་འགོག་པའི་སྙོམས་པར་འཇུག་པ་གཉིས་པོ་དག་སྐྱེད་ཅིང་དེ་གཉིས་དམིགས་བྱེད་ཤེས་པ་མ་ཡིན་པས་དམིགས་རྐྱེན་ལས་སྐྱེ་བ་ནི་མེད་དོ། །སྐབས་འདིའི་རྒྱུ་རྐྱེན་ནི་ལྷན་ཅིག་འབྱུང་རྒྱུ་སྐྱེ་སོགས་དང་སྐལ་མཉམ་ས་མཚུངས་དག་ཆོས་སྔར་བྱུང་རྣམས་སོ། །སྙོམས་པར་འཇུག་སེམས་མཚུངས་ལྡན་དང་བཅས་པ་ནི་དེ་མ་ཐག་རྐྱེན་དང་བདག་རྐྱེན་ནི་རང་ལས་གཞན་སྔར་བྱུང་ངམ་ད་ལྟར་བ་ཐམས་ཅད་ཡིན་ནོ། ། གསུམ་པ་གཉིས་ལས་སྐྱེ་བ་ནི། གཞན་ནི་གཉིས་པོ་དག་ལས་སྐྱེ། ། ཞེས་པས་བསྟན། སྙོམས་འཇུག་གཉིས་ལས་གཞན་ལྡན་མིན་ལྷག་མ་རྣམས་དང་གཟུགས་ཅན་རྣམས་ནི་རྒྱུའི་རྐྱེན་དང་བདག་རྐྱེན་གཉིས་པོ་དག་ལས་སྐྱེའི་མཚུངས་པ་དེ་མ་ཐག་པ་དང་དམིགས་རྐྱེན་ལས་མི་སྐྱེ་སྟེ། མཚུངས་ལྡན་མིན་པའི་ཕྱིར་རོ། ། གཉིས་པ་གཞན་ལུགས་དགག་པ་ནི། དབང་ཕྱུག་སོགས་མིན་རིམ་སོགས་ཕྱིར། ། ཞེས་པས་བསྟན། ཕྱི་རོལ་པ་ཁ་ཅིག་འགྲོ་བ་ཐམས་ཅད་ཀྱི་རྒྱུ་གཅིག་པུ་དབང་ཕྱུག་དང་བདག་དང་སྐྱེས་བུ་དང་གཙོ་བོ་སོགས་ལས་སྐྱེ་བར་འདོད་དོ། །དེ་དགག་པ་ནི། སྐྱེ་འགྲོ་རྣམས་ཆོས་ཅན། དབང་ཕྱུག་དང་བདག་དང་གཙོ་བོ་ལ་སོགས་པ་ལས་སྐྱེ་བ་མིན་ཏེ། རིམ་གྱིས་འབྱུང་བ་དང་སོགས་པས་ཡུལ་དང་དུས་དང་རྫས་རྣམས་རེས་འགར་འབྱུང་བའི་ཕྱིར་རོ། །གཞན་ཡང་འགྲོ་བ་རྣམས་ཆོས་ཅན། ཁྱོད་ཅིག་ཅར་དུ་འབྱུང་བར་ཐལ། ཁྱོད་ཀྱི་རྒྱུ་རྟག་པ་གཅིག་ཁོ་ན་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ། རྒྱུ་རྟག་པ་ཡིན་ཀྱང་རིམ་བཞིན་དུ་འབྱུང་བ་ནི་དབང་ཕྱུག་གིས་འདོད་པའི་དབང་གིས་སོ་ཞེ་ན། འགྲོ་བའི་རྒྱུ་དུ་མར་ཐལ། འགྲོ་བའི་རྒྱུ་འདོད་པ་ཐ་དད་པ་དུ་མ་ཡོད་པའི་ཕྱིར་རོ། ། གཉིས་པ་གཟུགས་ཅན་བྱེ་བྲག་ཏུ་བཤད་པ་ལ། འབྱུང་བས་འབྱུང་བའི་རྐྱེན་བྱེད་ཚུལ། འབྱུང་བས་འབྱུང་གྱུར་གྱི་རྐྱེན་བྱེད་ཚུལ། འབྱུང་གྱུར་ནང་ཕན་ཚུན་རྐྱེན་བྱེད་ཚུལ། འབྱུང་གྱུར་གྱིས་འབྱུང་བའི་རྐྱེན་བྱེད་ཚུལ་ལོ། །དང་པོ་ནི། དེའི་རྒྱུ་འབྱུང་བ་རྣམ་པ་གཉིས། ། ཞེས་པས་བསྟན། འབྱུང་བ་དེའི་རྒྱུ་འབྱུང་བས་བྱེད་པ་ནི་ལྷན་ཅིག་འབྱུང་བ་དང་སྐལ་མཉམ་གྱི་རྒྱུ་རྣམ་པ་གཉིས་ཀྱི་སྒོ་ནས་བྱེད་པ་ཡིན་ནོ། ། གཉིས་པ་འབྱུང་བས་འབྱུང་གྱུར་གྱི་རྐྱེན་བྱེད་ཚུལ་ནི། འབྱུང་ལས་གྱུར་པའི་རྣམ་པ་ལྔ། ། ཞེས་པས་བསྟན། འབྱུང་བ་དེས་འབྱུང་བ་ལས་གྱུར་པའི་རྒྱུ་རྣམ་པ་ལྔ་བྱེད་དེ། དེ་ཉིད་སྔར་མེད་གསར་དུ་བསྐྱེད་པའི་ཕྱིར་སྐྱེ་བ་དང༌། སློབ་དཔོན་ལ་སློབ་མ་ལྟར་འབྱུང་གྱུར་སྐྱེས་པ་འབྱུང་བའི་རྗེས་སུ་མཐུན་པར་རྟེན་པར་བྱེད་པའི་ཕྱིར་བརྟེན་པ་དང༌། རྩིག་པ་ལ་རི་མོ་ལྟར་རྟེན་དུ་གྱུར་པའི་ཕྱིར་གནས་པ་དང༌། འབྱུང་བ་ཡོད་ན་རྒྱུན་མི་འཆད་པའི་ཕྱིར་སྟོན་པ་དང༌། དེས་འབྱུང་གྱུར་འཕེལ་བའི་ཕྱིར་འཕེལ་བའི་རྒྱུའོ། །དེ་སྐད་དུའང་གང་སྤེལ་ལས། སྐྱེ་དང་རྗེས་མཐུན་རྟེན་དང་ནི། །རྒྱུན་མི་འཆད་དང་འཕེལ་བ་ལས། །སྐྱེད་ཕྱིར་རྟེན་ཕྱིར་གནས་ཕྱིར་དང༌། །སྟོན་པའི་ཕྱིར་དང་འཕེལ་བྱེད་ཕྱིར། །ཞེས་སོ། ། གསུམ་པ་འབྱུང་གྱུར་ནང་ཕན་ཚུན་རྐྱེན་བྱེད་ཚུལ་ནི། འབྱུང་གྱུར་རྣམ་གསུམ་ཕན་ཚུན་དུ། ། ཞེས་པས་བསྟན། འབྱུང་གྱུར་རྣམས་ནི་ལྷན་ཅིག་འབྱུང་རྒྱུ་སྐལ་མཉམ་རྣམ་སྨིན་གྱི་རྒྱུ་རྣམ་པ་གསུམ་གྱི་སྒོ་ནས་ནང་ཕན་ཚུན་དུ་རྒྱུ་བྱེད་པ་ཡིན་ནོ། ། བཞི་པ་འབྱུང་གྱུར་གྱིས་འབྱུང་བའི་རྐྱེན་བྱེད་ཚུལ་ནི། འབྱུང་བ་རྣམས་ཀྱི་དེ་རྣམ་གཅིག ། ཅེས་པས་བསྟན། འབྱུང་བ་རྣམས་ཀྱི་རྒྱུ་འབྱུང་བ་ལས་གྱུར་པ་དེ་ཡིན་ན་རྣམ་སྨིན་གྱི་རྒྱུ་རྣམ་པ་གཅིག་པུ་ཉིད་བྱེད་དོ། །དེའང་སྐྱེ་བ་སྔ་མའི་རིག་བྱེད་ཡིན་མིན་དགེ་བ་ཟག་བཅས་དང་མི་དགེ་བ་དག་གིས་སྐྱེ་བ་ཕྱི་མ་ལ་སོགས་པའི་དབང་པོའི་ཚོགས་པ་ན་ཡོད་པའི་འབྱུང་བ་སྐྱེད་པ་ཡིན་ནོ། ། སྨྲས་པ། མང་དུ་ཐོས་ཀྱང་ཇི་བཞིན་བརྡ་མ་འབྱོར། །བག་ཆགས་དམན་པས་གཞུང་དོན་ཕྱིན་ཅི་ལོག །དེ་དག་རྣམས་ལ་སྙིང་བརྩེས་མ་བཟོད་པས། །ཤེས་བྱའི་གནས་འདིར་འབད་པ་ཅི་ཡང་སྐྱེས། །ཞེས་སོ། ། བཞི་པ་དེ་མ་ཐག་རྐྱེན་བྱེ་བྲག་ཏུ་བཤད་པ་ལ། སེམས་བཅུ་གཉིས་སུ་དབྱེ་བ། བཅུ་གཉིས་པོ་གང་ལས་གང་རྙེད་པ། སེམས་ཉི་ཤུར་དབྱེ་བ། སེམས་ཉོན་མོངས་ཅན་གྱི་རྙེད་ཚུལ་ལོ། །དང་པོ་ནི། འདོད་ཡིད་དགེ་དང་མི་དགེ་དང༌། །བསྒྲིབས་པ་དང་ནི་མ་བསྒྲིབས་པ། ། གཟུགས་དང་གཟུགས་མེད་པ་དག་ན། །མི་དགེ་ལས་གཞན་ཟག་མེད་གཉིས། ། ཞེས་པས་བསྟན། འཁོར་འདས་ཀྱིས་བསྡུས་པའི་སེམས་ཐམས་ཅད་བཅུ་གཉིས་སུ་འདུས་པ་ཡིན་ཏེ། འདོད་པ་ཁམས་ན་མ་ཆགས་པ་སོགས་ཡིད་དགེ་བ་དང་ཆགས་སོགས་མི་དགེ་བ་དང་འཇིག་ལྟ་སོགས་དང་ལྡན་པ་བསྒྲིབས་པ་དང་ནི་མ་བསྒྲིབས་པའི་ལུང་མ་བསྟན་གཉིས་ཏེ་བཞི། གཟུགས་དང་གཟུགས་མེད་པ་དག་ན་མི་དགེ་བའི་སེམས་ལས་གཞན་པ་གསུམ་གསུམ་སྟེ་དྲུག །ཟག་མེད་ལ་སློབ་མི་སློབ་གཉིས་རྣམས་སུ་ཡོད་པའི་ཕྱིར། སེམས་གང་གི་མཇུག་ཏུ་སེམས་གང་འབྱུང་བ་ནི་ཚེ་བརྒྱད་ཀྱི་སྒོ་ནས་ཤེས་པར་བྱ་སྟེ། དགེ་བ་ལ་སོགས་རིགས་འདྲ་རྒྱུན་ཆགས་སུ་འབྱུང་བ་རྒྱུན་གྱི་ཚེ་དང༌། རིགས་མི་མཐུན་ཀྱང་འདོད་པ་ལ་སོགས་པའི་ས་འདྲ་བས་དགེ་བ་ལ་སོགས་པ་ཕན་ཚུན་རྗེས་སུ་འབྱུང་བས་ས་མཚུངས་པའི་ཚེ་དང༌། འོག་མའི་དགེ་བ་སྦྱོར་བྱུང་ལས་གོང་མའི་དགེ་བ་སྦྱོར་བྱུང་དང་ཟག་མེད་གཉིས་འབྱུང་བ་སྙོམས་པར་འཇུག་པའི་ཚེ་དང༌། གོང་མའི་དགེ་བ་སྦྱོར་བྱུང་དང་ཟག་མེད་གཉིས་ཀྱི་མཇུག་ཐོགས་སུ་འདོད་པའི་དགེ་བ་སྐྱེས་སྦྱོར་གཉིས་ཀ་དང་ཁམས་གོང་མ་གཉིས་ཀྱི་དགེ་བ་སྦྱོར་བྱུང་ཁོ་ན་འབྱུང་བ་སྙོམས་འཇུག་ལས་ལྡང་བའི་ཚེ་དང༌། ཁམས་གསུམ་གྱི་སེམས་གང་ཡང་རུང་བ་ལ་ཤི་བ་ན་སྐྱེ་སེམས་ཉོན་མོངས་ཅན་ཁོ་ན་འབྱུང་བ་ཉིང་མཚམས་སྦྱོར་བའི་ཚེ་དང༌། འདིའི་སྐྱེ་སེམས་ནི་སྲིད་པ་བར་མ་ཡིན་པར་རྒྱལ་སྲས་མར་བཤད་དོ། །ས་གོང་མའི་དགེ་བ་དག་པ་བ་ཉོན་མོངས་ཅན་དུ་གྱུར་ན་འོག་མའི་དགེ་བས་ལྡང་བར་གྱུར་ཅིག་ཅེས་འཕངས་པའི་ཚེ་དགེ་བ་འབྱུང་བ་སྟེ། དེའང་གཟུགས་ཀྱི་ཉོན་མོངས་ཅན་གྱི་ཏིང་ངེ་འཛིན་ལས་ལངས་པའི་ཚེ་འདོད་པའི་དགེ་བ་གཉིས་ཀ་དང་གཟུགས་མེད་ཀྱི་ཉོན་མོངས་ཅན་གྱི་ཏིང་ངེ་འཛིན་ལས་ལངས་པའི་ཚེ་གཟུགས་ཀྱི་དགེ་བ་སྦྱོར་བྱུང་ཁོ་ན་འབྱུང་བ་སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བའི་ཚེ་དང༌། གཟུགས་ཀྱི་དགེ་བ་སྦྱོར་བྱུང་དང་སྤྲུལ་སེམས་རང་ཉིད་ལས་འདོད་གཟུགས་ཀྱི་སྤྲུལ་སེམས་འབྱུང་བ་སྤྲུལ་པ་ལ་འཇུག་པའི་ཚེ་དང༌། དེ་དག་ལས་ལངས་པ་ན་གཟུགས་ཀྱི་དགེ་བ་སྦྱོར་བྱུང་ཁོ་ན་འབྱུང་བ་སྤྲུལ་པ་ལས་ལྡང་བའི་ཚེ་དང་བརྒྱད་དོ། །དེ་ལྟར་སེམས་བཅུ་གཉིས་པོ་ཕན་ཚུན་དེ་མ་ཐག་རྐྱེན་དུ་འགྱུར་མི་འགྱུར་གྱི་རྒྱུ་མཚན་ནི་ཚེ་བརྒྱད་པོའི་སྒོ་ནས་སྲིད་པ་དང་མི་སྲིད་པས་ཡིན་ནོ། ། གཉིས་པ་བཅུ་གཉིས་པོ་གང་ལས་གང་རྙེད་པ་ལ། འདོད་སེམས་ལ་སྦྱར་བ། གཟུགས་ཀྱི། གཟུགས་མེད་ཀྱི། སློབ་པའི། མི་སློབ་པའི་སེམས་ལ་སྦྱར་བའོ། །དང་པོ་ལ། དགེ་སེམས་ལ། མི་དགེ་བའི་སེམས་ལ། ལུང་མ་བསྟན་གྱི་སེམས་ལ་སྦྱར་བའོ། །དང་པོ་ལ། དགེ་སེམས་ཀྱི་མཇུག་ཐོགས་སུ་སེམས་དུ་འབྱུང་བ་དང༌། སེམས་དུའི་མཇུག་ཐོགས་སུ་དགེ་སེམས་འབྱུང་བའོ། །དང་པོ་ནི། འདོད་སེམས་དགེ་བ་ལ་སེམས་དགུ། ། ཞེས་པས་བསྟན། དེ་ལ་འདོད་པའི་སེམས་དགེ་བ་ལས་མཇུག་ཐོགས་སུ་སེམས་དགུ་འབྱུང་སྟེ། རྒྱུན་དང་ས་མཚུངས་པའི་ཚེ་རང་སའི་བཞི་དང༌། སྙོམས་པར་འཇུག་པའི་ཚེ་གཟུགས་ཀྱི་དགེ་བ་དང་ཟག་མེད་གཉིས། འདོད་པ་ནས་ཁམས་གོང་མ་གཉིས་སུ་ཉིང་མཚམས་སྦྱོར་བའི་ཚེ་གོང་མའི་བསྒྲིབས་པ་གཉིས་ཏེ་སེམས་དགུ་འབྱུང་བའི་ཕྱིར། འདོད་པའི་སེམས་ཀྱིས་གཟུགས་མེད་དུ་སྙོམས་པར་འཇུག་པ་ནི་མེད་དེ། གཟུགས་མེད་དེ་འདོད་པ་ལས་རིང་བ་བཞིའི་སྒོ་ནས་རིང་བའི་ཕྱིར། གཉིས་པ་སེམས་དུའི་མཇུག་ཐོགས་སུ་དགེ་སེམས་འབྱུང་བ་ནི། དེ་ནི་བརྒྱད་པོ་ཁོ་ན་ལས། ། ཞེས་པས་བསྟན། འདོད་པའི་དགེ་སེམས་དེ་ནི་སེམས་བརྒྱད་པོ་ཁོ་ན་ལས་འབྱུང་སྟེ། རྒྱུན་དང་ས་མཚུངས་པའི་ཚེ་རང་སའི་བཞི་སྙོམས་འཇུག་ལས་ལྡང་བའི་ཚེ་གཟུགས་ཀྱི་དགེ་བ་དང་ཟག་མེད་གཉིས། ཉོན་མོངས་ཅན་གྱིས་གཟིར་བའི་ཚེ་གཟུགས་ཀྱི་བསྒྲིབས་པ་སྟེ་བརྒྱད་ལས་འབྱུང་བའི་ཕྱིར། ཁོ་ནའི་སྒྲས་སེམས་ལྷག་མ་བཞི་ལས་མི་འབྱུང་བར་བསྟན་ཏོ། ། གཉིས་པ་མི་དགེ་བའི་སེམས་ལ་སྦྱར་བ་ལ། དུའི་མཇུག་ཏུ་དེ་འབྱུང་བ་དང༌། དེའི་མཇུག་ཏུ་དུ་འབྱུང་བའོ། །དང་པོ་ནི། མི་དགེ་བ་ནི་བཅུ་དག་ལས། ། ཞེས་པས་བསྟན། འདོད་པའི་མི་དགེ་བའི་སེམས་དེ་ནི་སེམས་བཅུ་དག་ལས་འབྱུང་སྟེ། རྒྱུན་དང་ས་མཚུངས་པའི་ཚེ་རང་སའི་བཞི། ཁམས་གོང་མ་གཉིས་ནས་འདོད་པར་ཉིང་མཚམས་སྦྱོར་བའི་ཚེ་གོང་མའི་སེམས་གསུམ་གསུམ་སྟེ་བཅུ་ལས་འབྱུང་བའི་ཕྱིར། གཉིས་པ་དེའི་མཇུག་ཏུ་དུ་འབྱུང་བ་ནི། དེ་ལས་བཞི་སྟེ། ། ཞེས་པས་བསྟན། འདོད་པའི་མི་དགེ་བའི་སེམས་དེ་ལས་སེམས་བཞི་འབྱུང་སྟེ། རྒྱུན་དང་ས་མཚུངས་པ་ན་སྤྲུལ་སེམས་མ་གཏོགས་པ་རང་སའི་བཞི་པོ་ཁོ་ན་འབྱུང་བའི་ཕྱིར། གསུམ་པ་ལུང་མ་བསྟན་ལ་སྦྱར་བ་ལ། བསྒྲིབས་ལ་ལུང་མ་བསྟན་དང༌། མ་བསྒྲིབས་ལ་ལུང་མ་བསྟན་ནོ། །དང་པོ་ནི། བསྒྲིབས་དེ་བཞིན། ། ཞེས་པས་བསྟན། འདོད་པའི་བསྒྲིབས་པའི་སེམས་ཀྱང་འདོད་པའི་མི་དགེ་བའི་སེམས་དེ་བཞིན་དུ་རང་ཉིད་སེམས་བཅུ་ལས་འབྱུང་བ་དང་རང་གི་མཇུག་ཐོགས་སུ་སེམས་བཞི་འབྱུང་བ་ཡིན་ནོ། ། གཉིས་པ་མ་བསྒྲིབས་ལུང་མ་བསྟན་ལ་སྦྱར་བ་ལ། དུ་ལས་དེ་འབྱུང་བ་དང༌། དེ་ལས་དུ་འབྱུང་བའོ། །དང་པོ་ནི། མ་བསྒྲིབས་པ་ནི་ལྔ་དག་ལས། ། ཞེས་པས་བསྟན། འདོད་པའི་མ་བསྒྲིབས་པའི་སེམས་དེ་ནི་སེམས་ལྔ་དག་ལས་འབྱུང་སྟེ། རྒྱུན་དང་ས་མཚུངས་པའི་ཚེ་རང་སའི་བཞི། སྤྲུལ་པ་ལ་འཇུག་པའི་ཚེ་གཟུགས་ཀྱི་དགེ་བ་སྦྱོར་བྱུང་ལས་འདོད་པའི་སྤྲུལ་སེམས་འབྱུང་བའི་ཕྱིར། གཉིས་པ་དེ་ལས་དུ་འབྱུང་བ་ནི། དེ་ལས་མཇུག་ཐོགས་སེམས་བདུན་ནོ། ། ཞེས་པས་བསྟན། འདོད་པའི་མ་བསྒྲིབས་པའི་སེམས་དེ་ལས་ནི་མཇུག་ཐོགས་སུ་སེམས་བདུན་འབྱུང་བ་ཡིན་ནོ། །ཇི་ལྟར་ན་རྒྱུན་དང་ས་མཚུངས་པའི་ཚེ་རང་སའི་བཞི། ཁམས་གོང་མ་གཉིས་སུ་ཉིང་མཚམས་སྦྱོར་བའི་ཚེ་གོང་མའི་བསྒྲིབས་པ་གཉིས། སྤྲུལ་པ་ལས་ལྡང་བའི་ཚེ་གཟུགས་ཀྱི་དགེ་བ་སྟེ་བདུན་འབྱུང་ངོ༌། ། གཉིས་པ་གཟུགས་ཀྱི་སེམས་ལ་སྦྱར་བ་ལ། དགེ་སེམས་དང༌། ལུང་མ་བསྟན་ཏོ། །དང་པོ་ལ། དེའི་མཇུག་ཐོགས་སུ་དུ་འབྱུང་བ་དང༌། དུའི་མཇུག་ཐོགས་སུ་དེ་འབྱུང་བའོ། །དང་པོ་ནི། གཟུགས་ན་དགེ་ལས་བཅུ་གཅིག་གོ ། ཞེས་པས་བསྟན། གཟུགས་ཀྱི་ཁམས་ན་དགེ་བའི་སེམས་དེ་ལས་ནི་སེམས་བཅུ་གཅིག་འབྱུང་ཤིང༌། དེ་ནི་རྒྱུན་དང་ས་མཚུངས་པའི་ཚེ་རང་སའི་གསུམ། སྙོམས་པར་འཇུག་པའི་ཚེ་གཟུགས་མེད་ཀྱི་དགེ་བ་དང་ཟག་མེད་གཉིས། སྙོམས་འཇུག་ལས་ལྡང་བའི་ཚེ་འདོད་པའི་དགེ་བ། ཁམས་གོང་འོག་ཏུ་ཉིང་མཚམས་སྦྱོར་བའི་ཚེ་གཟུགས་མེད་ཀྱི་བསྒྲིབས་པ། འདོད་པའི་མི་དགེ་བ་དང་དེའི་བསྒྲིབས་པ། སྤྲུལ་པ་ལ་འཇུག་པའི་ཚེ་འདོད་པའི་མ་བསྒྲིབས་པ་སྟེ་བཅུ་གཅིག་གོ ། གཉིས་པ་དུའི་མཇུག་ཐོགས་སུ་དེ་འབྱུང་བ་ནི། དེ་ནི་དགུ་ཡི་མཇུག་ཐོགས་སུ། ། ཞེས་པས་བསྟན། གཟུགས་ཀྱི་སེམས་དགེ་བ་དེ་ནི་སེམས་དགུ་ཡི་མཇུག་ཐོགས་སུ་འབྱུང་སྟེ། རྒྱུན་དང་ས་མཚུངས་པའི་ཚེ་རང་སའི་གསུམ། སྙོམས་པར་འཇུག་པའི་ཚེ་འདོད་སེམས་དགེ་བ། སྙོམས་འཇུག་ལས་ལྡང་བའི་ཚེ་གཟུགས་མེད་ཀྱི་དགེ་བ་དང་ཟག་མེད་གཉིས། སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བའི་ཚེ་གཟུགས་མེད་ཀྱི་བསྒྲིབས་པ། སྤྲུལ་པ་ལས་ལྡང་བའི་ཚེ་འདོད་པའི་མ་བསྒྲིབས་པ་སྟེ་དགུ་ལས་འབྱུང་བའི་ཕྱིར། གཉིས་པ་ལུང་མ་བསྟན་ལ་སྦྱར་བ་ལ་བསྒྲིབས་པ་དང༌། མ་བསྒྲིབས་པའོ། །དང་པོ་ལ་གཉིས་ཀྱི་དང་པོ་དུ་ལས་དེ་འབྱུང་བ་ནི། བསྒྲིབས་པ་བརྒྱད་ལས། ། ཞེས་པས་བསྟན། གཟུགས་ན་སྤྱོད་པའི་བསྒྲིབས་པའི་སེམས་དེ་ནི་སེམས་བརྒྱད་ཀྱི་རྗེས་ལས་འབྱུང་སྟེ། རྒྱུན་དང་ས་མཚུངས་པའི་ཚེ་རང་སའི་གསུམ། ཁམས་གོང་འོག་གཉིས་ནས་གཟུགས་ཁམས་སུ་ཉིང་མཚམས་སྦྱོར་བའི་ཚེ་གཟུགས་མེད་ཀྱི་སེམས་གསུམ། འདོད་པའི་དགེ་བ་དང་མ་བསྒྲིབས་པ་སྟེ་བརྒྱད་ལས་འབྱུང་བའི་ཕྱིར། གཉིས་པ་དེ་ལས་དུ་འབྱུང་བ་ནི། དེ་ལས་དྲུག ། ཅེས་པས་བསྟན། གཟུགས་ཀྱི་བསྒྲིབས་པའི་སེམས་དེ་ལས་ནི་སེམས་དྲུག་འབྱུང་སྟེ། རྒྱུན་དང་ས་མཚུངས་པའི་ཚེ་རང་སའི་གསུམ། འདོད་པར་ཉིང་མཚམས་སྦྱོར་བའི་ཚེ་འདོད་པའི་མི་དགེ་བ་དང་བསྒྲིབས་པ་གཉིས། ཉོན་མོངས་ཅན་གྱིས་གཟིར་བའི་ཚེ་འདོད་པའི་དགེ་སེམས་ཏེ་དྲུག་འབྱུང་བའི་ཕྱིར། གཉིས་པ་མ་བསྒྲིབས་པ་ལའང་གཉིས་ལས། དང་པོ་དུ་ལས་དེ་འབྱུང་བ་ནི། མ་བསྒྲིབས་པ་ནི་གསུམ་ལས་སོ། ། ཞེས་པས་བསྟན། གཟུགས་ན་སྤྱོད་པའི་མ་བསྒྲིབས་པའི་སེམས་དེ་ནི་རྒྱུན་དང་ས་མཚུངས་པའི་ཚེ་རང་སའི་སེམས་གསུམ་པོ་དེ་ལས་འབྱུང་བས་སོ། ། གཉིས་པ་དེ་ལས་དུ་འབྱུང་བ་ནི། དེ་ལས་དྲུག་སྟེ། ། ཞེས་པས་བསྟན། གཟུགས་ན་སྤྱོད་པའི་མ་བསྒྲིབས་ལུང་མ་བསྟན་གྱི་སེམས་དེ་ལས་ནི་སེམས་རྣམ་པ་དྲུག་འབྱུང་སྟེ། རྒྱུན་དང་ས་མཚུངས་པའི་ཚེ་རང་སའི་གསུམ། ཁམས་གོང་འོག་གཉིས་སུ་ཉིང་མཚམས་སྦྱོར་བའི་ཚེ་ཁམས་གོང་འོག་གི་ཉོན་མོངས་ཅན་གསུམ་སྟེ་དྲུག་འབྱུང་བའི་ཕྱིར། གསུམ་པ་གཟུགས་མེད་ལ་སྦྱར་བ་ལ། མ་བསྒྲིབས་པ། དགེ་སེམས། བསྒྲིབས་པ་ལ་སྦྱར་བའོ། །དང་པོ་ནི། གཟུགས་མེད་པའང༌། །དེ་ཡི་ཚུལ་ལོ། ། ཞེས་པས་བསྟན། གཟུགས་མེད་པའི་མ་བསྒྲིབས་པའི་སེམས་དེའང་དེ་ཡི་ཚུལ་ལོ་སྟེ་གཟུགས་ཀྱི་མ་བསྒྲིབས་པའི་སེམས་དེ་བཞིན་དུ་རང་ཉིད་སེམས་གསུམ་ལས་འབྱུང་བ་དང༌། རང་གི་མཇུག་ཐོགས་སུ་སེམས་དྲུག་འབྱུང་བ་ཡིན་ཏེ། རྒྱུན་དང་ས་མཚུངས་པའི་ཚེ་རང་སའི་གསུམ། ཁམས་འོག་མ་གཉིས་སུ་ཉིང་མཚམས་སྦྱོར་བའི་ཚེ་དེ་གཉིས་ཀྱི་ཉོན་མོངས་ཅན་གསུམ་སྟེ་དྲུག་འབྱུང་བའི་ཕྱིར། གཉིས་པ་ལ་གཉིས་ཀྱི་དང་པོ་དེ་ལས་དུ་འབྱུང་བ་ནི། དགེ་བ་ལས། །སེམས་དགུ་དག་གོ ། ཞེས་པས་བསྟན། གཟུགས་མེད་པའི་དགེ་བའི་སེམས་དེ་ལས་ནི་སེམས་དགུ་དག་གོ་སྟེ་དགུ་འབྱུང་སྟེ། རྒྱུན་དང་ས་མཚུངས་པའི་ཚེ་རང་སའི་གསུམ། སྙོམས་པར་འཇུག་པའི་ཚེ་ཟག་མེད་གཉིས། དེ་ལས་ལྡང་བའི་ཚེ་གཟུགས་ཀྱི་དགེ་བ། ཁམས་འོག་མ་གཉིས་སུ་ཉིང་མཚམས་སྦྱོར་བའི་ཚེ་དེ་གཉིས་ཀྱི་ཉོན་མོངས་ཅན་གསུམ་སྟེ་དགུ་འབྱུང་བའི་ཕྱིར། གཉིས་པ་དུ་ལས་དེ་འབྱུང་བ་ནི། དེ་དྲུག་གི ། ཞེས་པས་བསྟན། གཟུགས་མེད་པའི་དགེ་བའི་སེམས་དེ་ནི་སེམས་དྲུག་གི་རྗེས་སུ་འབྱུང་སྟེ། རྒྱུན་དང་ས་མཚུངས་པའི་ཚེ་རང་སའི་གསུམ། སྙོམས་པར་འཇུག་པའི་ཚེ་གཟུགས་ཀྱི་དགེ་བ། ལྡང་བའི་ཚེ་ཟག་མེད་གཉིས་རྣམས་ལས་འབྱུང་བའི་ཕྱིར། གསུམ་པ་བསྒྲིབས་པ་ལའང་གཉིས་ལས། དང་པོ་དེ་ལས་དུ་འབྱུང་བ་ནི། བསྒྲིབས་པ་ལས་བདུན། ། ཞེས་པས་བསྟན། གཟུགས་མེད་པའི་བསྒྲིབས་པའི་སེམས་དེ་ལས་སེམས་བདུན་འབྱུང་བ་ཡིན་ཏེ། རྒྱུན་དང་ས་མཚུངས་པའི་ཚེ་རང་སའི་གསུམ། ཁམས་འོག་མ་གཉིས་སུ་ཉིང་མཚམས་སྦྱོར་བའི་ཚེ་དེ་གཉིས་ཀྱི་ཉོན་མོངས་ཅན་གསུམ། ཉོན་མོངས་ཅན་གྱིས་གཟིར་བའི་ཚེ་གཟུགས་ཀྱི་དགེ་བ་རྣམས་འབྱུང་བའི་ཕྱིར། གཉིས་པ་དུ་ལས་དེ་འབྱུང་བ་ནི། དེ་དེ་བཞིན། ། ཞེས་པས་བསྟན། གཟུགས་མེད་པའི་བསྒྲིབས་པའི་སེམས་དེ་ནི་གྲངས་སྔ་མ་དེ་བཞིན་དུ་སེམས་བདུན་གྱི་དེ་མ་ཐག་རྐྱེན་ལས་འབྱུང་བ་ཡིན་ཏེ། རྒྱུན་དང་ས་མཚུངས་པའི་ཚེ་རང་སའི་གསུམ། ཁམས་འོག་མ་གཉིས་ནས་ཉིང་མཚམས་སྦྱོར་བའི་ཚེ་དེ་གཉིས་ཀྱི་དགེ་བ་དང་མ་བསྒྲིབས་པ་གཉིས་གཉིས་ཏེ་བདུན་ལས་འབྱུང་བའི་ཕྱིར། བཞི་པ་སློབ་པའི་སེམས་ལ་སྦྱར་བ་ལ་གཉིས་ཀྱི། དང་པོ་དུ་ལས་དེ་འབྱུང་བ་ནི། སློབ་པ་བཞི་ལས། ། ཞེས་པས་བསྟན། སློབ་པའི་སེམས་ནི་སེམས་བཞི་ལས་འབྱུང་སྟེ། རྒྱུན་གྱི་ཚེ་རང་དང༌། སྙོམས་པར་འཇུག་པའི་ཚེ་ཁམས་གསུམ་གྱི་དགེ་བ་གསུམ་རྣམས་ལས་འབྱུང་བའི་ཕྱིར། གཉིས་པ་དེ་ལས་དུ་འབྱུང་བ་ནི། དེ་ལས་ལྔ། ། ཞེས་པས་བསྟན། སློབ་པའི་སེམས་དེ་ལས་ནི་སེམས་ལྔ་འབྱུང་སྟེ་རྒྱུན་གྱི་ཚེ་རང་དང་མི་སློབ་པ་གཉིས། སྙོམས་འཇུག་ལས་ལྡང་བའི་ཚེ་ཁམས་གསུམ་གྱི་དགེ་བ་གསུམ་རྣམས་འབྱུང་བའི་ཕྱིར། ལྔ་པ་མི་སློབ་པའི་སེམས་ལ་སྦྱར་བ་ལ་གཉིས་ཀྱི། དང་པོ་དུ་ལས་དེ་འབྱུང་བ་ནི། མི་སློབ་པ་ནི་ལྔ་དག་ལས། ། ཞེས་པས་བསྟན། མི་སློབ་པའི་སེམས་ནི་སེམས་ལྔ་དག་ལས་འབྱུང་སྟེ། རྒྱུན་གྱི་ཚེ་རང་དང༌། སྙོམས་པར་འཇུག་པའི་ཚེ་ཁམས་གསུམ་གྱི་དགེ་བ་སྦྱོར་བྱུང་ཁོ་ན་དང༌། སློབ་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་རྗེས་རྣམས་ལས་འབྱུང་བའི་ཕྱིར། གཉིས་པ་དེ་ལས་དུ་འབྱུང་བ་ནི། དེ་ལས་སེམས་ནི་བཞི་དག་གོ ། ཞེས་པས་བསྟན། མི་སློབ་པ་དེ་ལས་སེམས་ནི་བཞི་དག་གོ་སྟེ་བཞི་འབྱུང་བ་ཡིན་ཏེ། རྒྱུན་གྱི་ཚེ་རང་དང༌། ལྡང་བའི་ཚེ་ཁམས་གསུམ་གྱི་དགེ་བ་གསུམ་རྣམས་འབྱུང་བའི་ཕྱིར། གལ་ཏེ་དེ་ལྟ་ན་མི་སློབ་པ་ལས་སེམས་ལྔ་འབྱུང་བར་འགྱུར་ཏེ། ཡོངས་སུ་ཉམས་པའི་ཚེ་མི་སློབ་པའི་མཇུག་ཐོགས་སུ་སློབ་པ་འབྱུང་བའི་ཕྱིར་ཞེ་ན། ཉོན་མོངས་པ་མངོན་དུ་མ་བྱས་པར་ནི་མི་སློབ་པ་ལས་མི་ཉམས་ལ། ཉོན་མོངས་མངོན་དུ་བྱས་པ་ན་ཉོན་མོངས་པས་བར་དུ་ཆོད་པའི་ཕྱིར། ཁམས་གསུམ་གྱི་བསྒྲིབས་པའི་སེམས་གསུམ་འབྱུང་བ་མིན་ཏེ། ཁམས་གསུམ་གྱི་དགེ་བ་ཟག་མེད་ཀྱི་ལྡང་སེམས་ཡིན་པས་མི་སློབ་པ་ལས་ཁམས་གསུམ་གྱི་དགེ་བ་གང་རུང་འབྱུང་ཞིང་དེ་ལས་ཉོན་མོངས་ཅན་འབྱུང་བའི་ཕྱིར། གསུམ་པ་སེམས་ཉི་ཤུར་དབྱེ་བ་ནི། བཅུ་གཉིས་དེ་དག་ཉི་ཤུར་ཡང༌། །གསུམ་དུ་སྐྱེས་ནས་ཐོབ་པ་དང༌། ། སྦྱོར་བྱུང་དགེ་རྣམ་གཉིས་ཕྱེ་ནས། །རྣམ་སྨིན་སྐྱེས་དང་སྤྱོད་ལམ་པ། ། བཟོ་ཡི་གནས་དང་སྤྲུལ་པ་དང༌། །འདོད་ན་ལུང་བསྟན་མིན་རྣམ་བཞིར། ། གཟུགས་ན་བཟོ་མ་གཏོགས་པའོ། ། ཞེས་པས་བསྟན། སེམས་བཅུ་གཉིས་པོ་དེ་དག་རྒྱས་པར་ཕྱེ་ན་ཉི་ཤུར་ཡང་འགྱུར་ཏེ། ཁམས་གསུམ་དུ་སྐྱེས་ནས་ཐོབ་པ་དང་སྦྱོར་བྱུང་གི་དགེ་བ་རྣམ་པ་གཉིས་སུ་ཕྱེ་ནས་དང༌། རྣམ་སྨིན་གྱི་རྒྱུ་ལས་འབྱུང་བ་རྩོལ་བ་མེད་པར་རང་གི་ངང་གིས་འཇུག་པའི་རྣམ་སྨིན་སྐྱེས་དང༌། འགྲོ་འཆག་འདུག་འགྲེང་སོགས་སྤྱོད་ལམ་པ་དང༌། བཟོ་བྱེད་པ་ཡི་བཟོའི་གནས་པ་དང༌། སྤྲུལ་པར་བྱ་འདོད་དང་བྱེད་དུས་ཀྱི་ཡུལ་བཞི་ལ་དམིགས་པ་སྤྲུལ་པའི་སེམས་དང་བཅས་པ་འདོད་པ་ན་མ་བསྒྲིབས་ལ་ལུང་དུ་བསྟན་པ་མིན་པ་རྣམ་པ་བཞིར་དབྱེ་ཞིང༌། གཟུགས་ན་བཟོ་བྱེད་པ་མེད་པས་བཟོ་གནས་མ་གཏོགས་པའི་ལྷག་མ་གསུམ་ཡོད་པའོ། །གཟུགས་མེད་ན་རྣམ་སྨིན་སྐྱེས་གཅིག་པུ་དང་ཁམས་གསུམ་གྱི་ཉོན་མོངས་ཅན་བཞི་དང་ཟག་མེད་གཉིས་རྣམས་སུ་ཡོད་པའི་ཕྱིར། དེས་ན་འདོད་པ་ན་བརྒྱད་དང་གཟུགས་ན་དྲུག་གཟུགས་མེད་ན་བཞི་དང་ཟག་མེད་གཉིས་ཏེ་ཉི་ཤུའམ་ཡང་ན་དགེ་བ་བརྒྱད་དང་ཉོན་མོངས་ཅན་བཞི་མ་བསྒྲིབས་པ་བརྒྱད་དེ་ཉི་ཤུའོ། ། བཞི་པ་སེམས་ཉོན་མོངས་ཅན་སོགས་ཀྱི་རྙེད་ཚུལ་ལ། སེམས་ཉོན་མོངས་ཅན་ལས་དུ་རྙེད་པ་དང༌། གཟུགས་ཀྱི་དགེ་བ་ལས་དུ་རྙེད་པ་དང༌། སློབ་པའི་སེམས་ལས་དུ་རྙེད་པ་དང༌། དེ་རྣམས་ཀྱི་ལྷག་མའི་སེམས་ལས་དུ་རྙེད་པའོ། །དང་པོ་ལ། འདོད་སེམས་ཉོན་མོངས་ཅན་ལས། གཟུགས་ཀྱི་དེ་ལས། གཟུགས་མེད་ཀྱི་དེ་ལས་དུ་རྙེད་པའོ། །དང་པོ་ནི། ཁམས་གསུམ་པ་ཡི་ཉོན་མོངས་ཅན། །དྲུག་དང༌། ། ཞེས་པས་བསྟན། ཁམས་གསུམ་པ་ཡི་སེམས་ལས་འདོད་སེམས་ཉོན་མོངས་ཅན་མངོན་དུ་གྱུར་པས་དྲུག་རྙེད་དེ། ཁམས་གོང་མ་གཉིས་ནས་འདོད་པར་སྐྱེ་བའི་ཚེ་འདོད་པའི་ཉོན་མོངས་ཅན་གཉིས་དང་དགེ་བ་སྐྱེས་ཐོབ། མི་དགེ་བས་དགྲ་བཅོམ་པ་ལས་ཉམས་པའི་ཚེ་གོང་མའི་བསྒྲིབས་པ་གཉིས། སློབ་པ་དང་དྲུག་རྙེད་པའི་ཕྱིར། གཉིས་པ་གཟུགས་ཀྱི་སེམས་ཉོན་མོངས་ཅན་ལས་དུ་རྙེད་པ་ནི། དྲུག་དང༌། ། ཞེས་པས་བསྟན། གཟུགས་ཀྱི་དེ་ལས་ཀྱང་དྲུག་རྙེད་དེ། གཟུགས་མེད་ནས་གཟུགས་ཁམས་སུ་སྐྱེ་བའི་ཚེ་གཟུགས་ཀྱི་ཉོན་མོངས་ཅན་དང་དགེ་བ་སྐྱེས་ཐོབ། འདོད་གཟུགས་ཀྱི་སྤྲུལ་སེམས་གཉིས། གཟུགས་ཀྱི་ཀུན་དཀྲིས་ཀྱིས་དགྲ་བཅོམ་ལས་ཉམས་པའི་ཚེ་གཟུགས་མེད་ཀྱི་ཉོན་མོངས་ཅན་དང༌། སློབ་པ་དང་དྲུག་རྙེད་པའི་ཕྱིར། གསུམ་པ་གཟུགས་མེད་ཀྱི་སེམས་ཉོན་མོངས་ཅན་ལས་དུ་རྙེད་པ་ནི། གཉིས་རྙེད་དོ། ། ཞེས་པས་བསྟན། གཟུགས་མེད་ཀྱི་སེམས་ཉོན་མོངས་ཅན་ལས་སེམས་གཉིས་རྙེད་དོ། །དེའང་གཟུགས་མེད་ཀྱི་ཀུན་དཀྲིས་ཀྱིས་དགྲ་བཅོམ་ལས་ཉམས་པའི་ཚེ་གཟུགས་མེད་ཀྱི་བསྒྲིབས་པ་དང་སློབ་པའོ། ། གཉིས་པ་གཟུགས་ཀྱི་དགེ་བ་ལས་དུ་རྙེད་པ་ནི། གཟུགས་སྐྱེས་དགེ་ལ་གསུམ་དག་གོ ། ཞེས་པས་བསྟན། གཟུགས་སུ་སྐྱེས་པའི་དགེ་སེམས་དང་པོ་མངོན་དུ་གྱུར་པ་ལས་དགེ་བ་དེ་དང་བསམ་གཏན་གྱི་དངོས་གཞིའི་སེམས་མངོན་དུ་གྱུར་པ་ན་འདོད་གཟུགས་ཀྱི་སྤྲུལ་སེམས་གཉིས་རྙེད་པས་གསུམ་དག་གོ་ཞེས་བཤད་ཀྱི་ཅིག་ཅར་དུ་རྙེད་པ་མི་སྲིད་ཅེས་བཤད་ལ། གང་སྤེལ་གྱིས། བསམ་གཏན་དང་པོའི་དངོས་གཞི་ཐོབ་པའི་ཚེ་སྙོམས་འཇུག་ལས་གསུམ་རྙེད་ཅེས་གསུང་ངོ༌། ། གསུམ་པ་སློབ་པའི་སེམས་ལས་དུ་རྙེད་པ་ནི། སློབ་པ་ལ་བཞི། ། ཞེས་པས་བསྟན། སྡུག་བསྔལ་ཆོས་བཟོད་མངོན་དུ་གྱུར་པའི་སློབ་པའི་སེམས་ལས་བཞི་རྙེད་དེ། ཟག་མེད་སྐད་ཅིག་དང་པོ་ལ་སྙོམས་པར་འཇུག་པའི་ཚེ་ཟག་མེད་ཀྱི་ལམ་དེ་ཉིད་དང༌། འདོད་པ་ལ་ཆགས་བྲལ་བྱས་པའི་ཚེ་འདོད་གཟུགས་ཀྱི་སྤྲུལ་སེམས་གཉིས། གཟུགས་ལ་ཆགས་བྲལ་བྱས་པའི་ཚེ་གཟུགས་མེད་ཀྱི་དགེ་བ་རྣམས་རྙེད་པའི་ཕྱིར། བཞི་པ་དེ་རྣམས་ཀྱི་ལྷག་མའི་སེམས་ལས་དུ་རྙེད་པ་ནི། ལྷག་ལ་དེ། ། ཞེས་པས་བསྟན། བཤད་མ་ཐག་པ་དེ་དག་གི་ལྷག་མ་འདོད་པ་དང་གཟུགས་མེད་ཀྱི་དགེ་བ་དང་མི་སློབ་པ་དང་མ་བསྒྲིབས་ལུང་མ་བསྟན་གསུམ་སྟེ་སེམས་དྲུག་ལས་ནི་དེ་དག་ཉིད་རྙེད་ཀྱི་གཞན་ནི་མ་ཡིན་ནོ། ། གཉིས་པ་གནས་ཀྱི་མཚན་བསྟན་པ་ནི། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས་དབང་པོ་བསྟན་པ་ཞེས་བྱ་བ་སྟེ་གནས་གཉིས་པའོ། ། ཞེས་པས་བསྟན། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པའི་རྣམ་པར་བཤད་པ་ཆོས་མངོན་རྒྱ་མཚོའི་སྙིང་པོ་མཁྱེན་བརྩེའི་ཞལ་ལུང་གཞོན་ནུ་རྣམ་རོལ་ལེགས་བཤད་ཆོས་མིག་རྣམ་འབྱེད་གྲུབ་བདེའི་ཤིང་རྟ་ལས་དབང་པོ་བསྟན་པ་ཞེས་བྱ་བ་སྟེ་གནས་གཉིས་པའི་འགྲེལ་པའོ། །

འདིར་སྨྲས་པ། 

བདག་བློའི་རྟ་བདུན་རྣམ་དཔྱོད་འོད་བརྒྱ་པ། །རབ་ཡངས་ཤེས་བྱའི་མཁའ་ལ་ཤར་བ་ན། །རབ་ཏུ་རྣམ་འབྱེད་ཆོས་མངོན་པདྨའི་ཚལ། །ཐར་འདོད་གདུལ་བྱའི་བློ་དང་ལྷན་ཅིག་རྒྱས། །འདི་ན་ཚངས་པའི་སྙེམས་འཆང་ཏིར་ཏི་ཀ །རྒྱ་ཆེན་གཞུང་གི་དགོངས་པ་མི་ཤེས་པར། །དངོས་བསྟན་ཚིག་གི་འབྲུ་སྣོན་ཝལ་ཙམ་ལ། །ཊཱི་ཀ་བྱེད་པའི་མངོན་རློམ་ཅི་ཡང་མཐོང༌། །དཀའ་བའི་གནས་ལ་ཞིབ་མོའི་དཔྱོད་པ་བྲལ། །ཀྱེ་མ་འདི་འདྲས་གཞུང་དོན་དཔྱོད་རློམ་ཡང༌། །སྦྲང་བུའི་བགྲོད་པས་མཁའ་མཐའ་གཞལ་བ་འདྲ། །དེ་ལ་མ་བཟོད་བདག་གིས་གཞུང་འདིར་འབད། །ཅེས་སོ། །

༈ མི་ཤེས་དྲི་མ་བྲལ་བའི་མཁྱེན་པ་ནི། །ཤེས་བྱ་མངོན་སུམ་གཟིགས་ལ་ཐོགས་མེད་འཇུག །སྟོབས་བཅུའི་དབང་ཕྱུག་ཀུན་མཁྱེན་བླ་མ་མཆོག །དཀོན་མཆོག་ཤཱཀྱའི་གཙོ་དེར་གུས་བཏུད་ནས། །ཆོས་མངོན་མཛོད་ཀྱི་འཇིག་རྟེན་བསྟན་པའི་མཛོད། །སངས་རྒྱས་གཉིས་པ་ཀུན་མཁྱེན་དབྱིག་གཉེན་གྱིས། །ཇི་ལྟར་བཀྲལ་བའི་ལུགས་དེ་ནོངས་མེད་པར། །འདི་ན་མེ་ལོང་ནང་གི་གཟུགས་བརྙན་བཞིན། །མཚན་ཉིད་མ་འདྲེས་གསལ་བར་བསྟན་པ་ཡང༌། །བློ་ལྡན་དོན་གཉེར་བློ་ཡི་དགའ་སྟོན་ནོ། །ཞེས་ཚིགས་སུ་བཅད་པས་མཚམས་སྦྱར་ནས། 

གསུམ་པ་འཇིག་རྟེན་བསྟན་པའི་གནས་ཀྱི་དོན་ལ་གཉིས་ལས། དང་པོ་གནས་ཀྱི་གཞུང་བཤད་པ་ལ་གཉིས། སེམས་ཅན་གྱི་འཇིག་རྟེན་དང༌། སྣོད་ཀྱི་འཇིག་རྟེན་ནོ། །དང་པོ་ལ་ལྔ། སེམས་ཅན་སྐྱེ་བ་པོ་འགྲོ་བའི་དབྱེ་བ། སྐྱེ་ཚུལ་རྟེན་འབྲེལ་གྱི་རང་བཞིན། སྐྱེས་པ་གནས་པའི་རྐྱེན། གནས་པ་འཆི་འཕོ་བའི་སེམས། སེམས་ཅན་གྱི་ཚོགས་གསུམ་དུ་བསྡུ་བའོ། །དང་པོ་ལ་གསུམ། ཁམས་གསུམ་དུ་དབྱེ་བ། འགྲོ་བ་ལྔར་དབྱེ་བ། སྐྱེ་གནས་བཞིར་དབྱེ་བའོ། །དང་པོ་ལ་གསུམ། འདོད་ཁམས། གཟུགས་ཁམས། གཟུགས་མེད་ཁམས་ཀྱི་དབྱེ་བའོ། །དང་པོ་ལ། སྤྱིར་དབྱེ་བ་དང༌། བྱེ་བྲག་ཏུ་དབྱེ་བའོ། །དང་པོ་ནི། དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །མི་རྣམས་དང་ནི་ལྷ་དྲུག་དག ། འདོད་པའི་ཁམས་ཡིན། ། ཞེས་པས་བསྟན། ཁམས་གསུམ་གྱི་མིང་ཙམ་བསྟན་ནས་ཁམས་གསུམ་པོ་དེ་གང་ཞེ་ན། དེ་ནི་གནས་འདིས་བསྟན་པར་བཞེད་ལ། དོན་གྱི་འབྲེལ་ནི་དམིགས་ཡུལ་བདེན་བཞི་ལས། ཐར་འདོད་ཀྱི་གང་ཟག་གིས་དང་པོར་སྡུག་བསྔལ་གྱི་བདེན་པའི་མཚན་ཉིད་དང་མཚན་གཞི་ཁོང་དུ་ཆུད་པར་བྱས་ལ་སྐྱོ་བར་བྱའོ་ཞེས་སོ། །དངོས་དོན་ནི་རྒྱུ་བསོད་ནམས་མིན་པས་ཁྲིད་ཅིང་འབྲས་བུ་ཡིད་དུ་འོང་བ་ཅུང་ཟད་ཀྱང་མེད་ལ་རྣམ་སྨིན་ཕྱུང་མ་ཟིན་གྱི་བར་སྐྱབས་མི་རྙེད་པའི་ཕྱིར་དམྱལ་བ། བཀྲེས་སྐོམ་གྱིས་ནོན་པས་ཡི་དྭགས། དུད་དེ་འགྲོ་བས་དུད་འགྲོ་དང༌། ཡིད་ཤས་ཆེ་བས་མི་རྣམས་དང་ནི་ཁྱིམ་ནམ་མཁའ་ལ་ཡོད་པས་ལྷ་སྟེ་འདོད་ལྷ་རིགས་དྲུག་པོ་དག་སྣོད་དང་བཅས་པ་ནི་འདོད་པའི་ཁམས་ཡིན་ནོ། ། གཉིས་པ་བྱེ་བྲག་ཏུ་དབྱེ་བ་ནི། དམྱལ་བ་དང༌། །གླིང་དབྱེ་བ་ལས་དེ་ཉི་ཤུ། ། ཞེས་པས་བསྟན། དབྱེ་ན་ཚ་བའི་དམྱལ་བ་བརྒྱད་དང་མི་ལ་གླིང་བཞིར་དབྱེ་བ་ལས་ངན་འགྲོ་བཅུ་དང་མཐོ་རིས་བཅུ་སྟེ་འདོད་ཁམས་དེ་ལ་ཉི་ཤུའོ། །གྲང་དམྱལ་བརྒྱད་ནི་ཡང་སོས་སོགས་ཀྱི་འཁོར་དང་ཉི་ཚེ་བ་ནི་ཡུལ་གྲངས་ཚད་མ་ངེས་པ་དང་གླིང་ཕྲན་རྣམས་ཀྱང་གླིང་གི་འཁོར་ཡིན་པ་དང་ལྷ་མ་ཡིན་ནི་འདོད་ཁམས་པ་ཡིན་ཀྱང་འགྲོ་བ་རིགས་ལྔར་འདུས་པས་དེ་དག་མ་བགྲངས་པ་ཡིན་ནོ། ། གཉིས་པ་གཟུགས་ཁམས་ཀྱི་དབྱེ་བ་ལ། སྤྱིར་དབྱེ་བ་དང༌། བྱེ་བྲག་ཏུ་དབྱེ་བའོ། །དང་པོ་ནི། གོང་མའི་གནས་དག་བཅུ་བདུན་ནི། །གཟུགས་ཁམས་ཡིན། ། ཞེས་པས་བསྟན། འདོད་ཁམས་ཀྱི་གོང་མའི་གནས་ཚངས་རིས་ནས་འོག་མིན་གྱི་བར་དག་གི་བཅུ་བདུན་པོ་རྣམས་ནི་གཟུགས་ཀྱི་ཁམས་ཞེས་བྱ་བ་ཡིན་ཏེ། འདོད་པ་ལ་ཆགས་པ་དང་བྲལ་ཞིང་གཟུགས་ལ་ཆགས་པ་དང་མ་བྲལ་བའི་ཁམས་ཡིན་པའི་ཕྱིར། གཉིས་པ་བྱེ་བྲག་ཏུ་དབྱེ་བ་ལ། དང་པོ་གསུམ་གྱི་དབྱེ་བ་དང༌། བཞི་པའི་དབྱེ་བའོ། །དང་པོ་ནི། དེར་སོ་སོ་ཡི། །བསམ་གཏན་ས་ནི་གསུམ་པ་ཡིན། ། ཞེས་པས་བསྟན། གཟུགས་ཁམས་དེར་ནི་བསམ་གཏན་བཞི་ལས་དང་པོ་གསུམ་པོ་སོ་སོ་སྟེ་རེ་རེ་ཡི་བསམ་གཏན་གྱི་ས་ནི་ཚངས་རིས་ལ་སོགས་པ་གསུམ་གསུམ་པ་ཅན་ཡིན་ཏེ། རྒྱུ་སྙོམས་འཇུག་ཆུང་འབྲིང་ཆེན་པོའི་བྱེ་བྲག་གིས་དབྱེ་བའི་ཕྱིར། གཉིས་པ་བཞི་པའི་དབྱེ་བ་ནི། བཞི་པ་ས་ནི་བརྒྱད་པ་ཡིན། ། ཞེས་པས་བསྟན། བསམ་གཏན་བཞི་པ་ལ་ནི་སོ་སྐྱེས་དེ་ལྟར་བསྒོམས་པས་སྤྲིན་མེད་སོགས་གསུམ་དང་འཕགས་པས་ཆེན་པོ་དེ་ཉིད་ཟག་མེད་དང་སྤེལ་ནས་ཆུང་ངུ་གསུམ་སྤེལ་ལ་སོགས་པའི་དབང་གིས་གནས་གཙང་མ་ལྔ་འགྲུབ་པས་བསམ་གཏན་བཞི་པ་དེ་ས་ནི་བརྒྱད་པ་ཅན་ཡིན་ནོ། ། གསུམ་པ་གཟུགས་མེད་ཀྱི་དབྱེ་བ་ལ། གནས་ཀྱི་སྒོ་ནས་དབྱེ་བ་མེད་པར་བསྟན། སྐྱེ་བའི་སྒོ་ནས་བཞིར་དབྱེ། སེམས་ཀྱི་རྒྱུད་འཇུག་ཚུལ་ལོ། །དང་པོ་ནི། གཟུགས་མེད་ཁམས་ན་གནས་མེད་དོ། ། ཞེས་པས་བསྟན། གཟུགས་མེད་པའི་ཁམས་ན་ནི་གཟུགས་མེད་པ་ཉིད་ཀྱིས་གང་དུ་ཤི་བའི་ས་དེ་ཉིད་དུ་སྐྱེ་བའི་མིང་བཞིའི་ཕུང་པོ་འགྲུབ་ཀྱི་གནས་གཞན་གོང་འོག་ལ་སོགས་པའི་ཐ་སྙད་མེད་དོ། ། གཉིས་པ་སྐྱེ་བའི་སྒོ་ནས་བཞིར་དབྱེ་བ་ནི། སྐྱེ་བ་ལས་ནི་རྣམ་པ་བཞི། ། ཞེས་པས་བསྟན། དེའང་སྐྱེ་བའི་བྱེ་བྲག་ལས་ནི་རྣམ་པ་བཞི་སྟེ། ནམ་མཁའ་མཐའ་ཡས་རྣམ་ཤེས་མཐའ་ཡས་ཅི་ཡང་མེད་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་རྣམས་སུ་ཡོད་པའི་ཕྱིར། འདིའང་སྦྱོར་བའི་དུས་ན་གཟུགས་ཀྱི་འདུ་ཤེས་དང་བཟུང་བའི་ཆ་བཤིག་ནས་ནམ་མཁའ་ལྟར་མཐའ་ཡས་སོ་སྙམ་པ་དང༌། ནམ་མཁའ་ཙམ་དུའང་བཟུང་བ་མེད་པར་དགག་པ་ལས་འདས་ནས་དངོས་པོ་མ་ཡིན་དགག་རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་པ་དང༌། རྣམ་པར་རིག་པ་ཙམ་དེའང་ཅིའི་ངོ་བོར་མ་གྲུབ་བོ་སྙམ་པ་དང༌། འདུ་ཤེས་ནི་འབྲས་དང་ཟུག་རྔུ་ལྟ་བུ་དང་འདུ་ཤེས་མེད་པ་ནི་ཀུན་ཏུ་རྨོངས་པར་དོགས་ནས་འདུ་ཤེས་ཀྱི་རྒྱུ་བ་ཕྲ་མོ་མི་གསལ་བ་རྒྱུན་མི་གཅོད་པས་དངོས་གཞིའི་དུས་ནའང་དེ་དང་མཐུན་པའི་འབྲས་བུ་ཐོབ་པས་མིང་དེ་སྐད་དུ་བརྗོད་དོ། ། གསུམ་པ་སེམས་ཀྱི་རྒྱུད་འཇུག་ཚུལ་ནི། དེར་ནི་རིས་དང་སྲོག་ལ་ཡང༌། །སེམས་ཀྱི་རྒྱུད་ནི་བརྟེན་པ་ཡིན། ། ཞེས་པས་བསྟན། འདོད་གཟུགས་སུ་སེམས་རྒྱུན་གཟུགས་ལ་བརྟེན་ནས་འཇུག་ན་འདིར་གང་ལ་བརྟེན་ནས་འཇུག་ཅེ་ན། གཟུགས་མེད་དེར་ནི་རིས་མཐུན་པ་སྐལ་མཉམ་དང་སྲོག་དབང་ལ་དང༌། ཡང་གི་སྒྲས་ནི་ལས་དང་མི་ལྡན་པ་དང་ཐོབ་པ་དང་སྐྱེ་སོགས་ལ་སེམས་ཀྱི་རྒྱུད་ནི་བརྟེན་པ་ཡིན་ཞེས་སོ། །འོ་ན་འདོད་གཟུགས་གཉིས་སུའང་དེ་དག་ལ་ཇི་ལྟར་མི་བརྟེན་ཞེ་ན། དེ་དག་ཏུ་གཟུགས་ཀྱི་འདུ་ཤེས་དང་མ་བྲལ་བས་སྲོག་ལ་སོགས་པ་སྟོབས་ཆུང་བའི་ཕྱིར་རོ། །གཟུགས་མེད་པའི་ཁམས་སུ་ནི་གཟུགས་ཀྱི་འདུ་ཤེས་དང་བྲལ་བའི་སྙོམས་པར་འཇུག་པའི་ཁྱད་པར་ལས་སྐྱེས་པས་སྔོན་གྱི་ལས་ཀྱིས་འཕངས་པའི་སྲོག་ལ་སོགས་པ་སྟོབས་ཆེ་བའི་ཕྱིར། དེ་ལ་སེམས་བརྟེན་ལ་སེམས་ལའང་དེ་དག་བརྟེན་པ་ཡིན་ནོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐའོ། ། གཉིས་པ་འགྲོ་བ་ལྔར་དབྱེ་བ་ལ། དངོས་དང༌། ཁམས་ཀྱི་དམིགས་བསལ། དེ་ལས་འཕྲོས་པའི་དོན་ཏོ། །དང་པོ་ནི། དེར་ནི་དམྱལ་སོགས་འགྲོ་བ་ལྔ། །རང་གི་མིང་གིས་བསྟན། ། ཞེས་པས་བསྟན། ཁམས་གསུམ་པོ་དེར་ནི་དམྱལ་བ་དང་སོགས་པ་དུད་འགྲོ་དང་ཡི་དྭགས་དང་མི་དང་ལྷ་སྟེ་འགྲོ་བ་ལྔ་རང་རང་གི་མིང་གིས་སྨོས་ནས་བསྟན་པ་ཡིན་ནོ། །དེ་དག་གིས་ནི་སྔུན་དུས་ཀྱི་སེམས་ཅན་ཐམས་ཅད་ཀྱང་བསྡུས་སོ། །དེའང་ལྷ་མ་ཡིན་རྣམས་ནི་ལྷ་དམན་པ་ཡིན་ནོ་ཞེས་ས་ལས་བཤད། གཞན་ནི་ཡི་དྭགས་སུའང་བཤད། དྲི་ཟ་ནི་ལྷའོ། །གནོད་སྦྱིན་ནི་ཕལ་ཆེར་ལྷ་སྟེ་ཡི་དྭགས་སུ་བཤད་པའང་ཡོད། ཀླུ་ལྟོ་འཕྱེ་མིའམ་ཅི་ནམ་མཁའ་ལྡིང་རྣམས་ནི་དུད་འགྲོའོ། །གྲུལ་བུམ་སྲུལ་པོ་སྨྱོ་བྱེད་རྗེད་བྱེད་ཤ་ཟ་རྣམས་ནི་ཕལ་ཆེར་ཡི་དྭགས་ཡིན་ནོ། །སྲིན་པོ་ནི་མིའི་བྱེ་བྲག་གོ ། གཉིས་པ་ཁམས་ཀྱི་དམིགས་བསལ་ནི། དེ་དག ། ཉོན་མོངས་ཅན་མིན་ལུང་བསྟན་མིན། །སེམས་ཅན་ཞེས་བྱ་བར་སྲིད་མིན། ། ཞེས་པས་བསྟན། འགྲོ་བ་ལྔ་པོ་དེ་དག་གི་རང་ལྡོག་ནི་ཉོན་མོངས་ཅན་བསྒྲིབས་ལུང་མ་བསྟན་མིན་ལ་དགེ་མི་དགེར་ལུང་དུ་བསྟན་པའང་མིན་གྱི་མ་བསྒྲིབས་ལུང་མ་བསྟན་ཁོ་ནའོ། །དེ་ལྟ་མ་ཡིན་པར་ཉོན་མོངས་ཅན་དང་དགེ་བ་ཡིན་ན་འགྲོ་བ་རྣམས་འཆོལ་བར་འགྱུར་བ་དང་དགེ་རྩ་ཆད་པ་དང་འཕགས་པ་རྣམས་ཀྱང་འགྲོ་བས་མ་བསྡུས་པར་འགྱུར་རོ། །དེའང་སྣོད་འགྲོ་བ་མ་ཡིན་པས་སེམས་ཅན་ལ་འགྲོ་བ་ཞེས་བྱ་བ་ཁོ་ན་ཡིན་གྱི་བར་སྲིད་ནི་འགྲོ་བ་མིན་ཏེ། གདགས་པར། སྐྱེ་གནས་བཞིས་ནི་འགྲོ་བ་ལྔ་བསྡུས་ཀྱི་འགྲོ་བ་ལྔས་ནི་སྐྱེ་གནས་བཞི་མ་བསྡུས་ཏེ། གང་ཞིག་མ་བསྡུས་ཤེ་ན། སྲིད་པ་བར་མའོ། །ཞེས་གསུངས། དེས་ན་བྱེ་སྨྲས་ནི་འགྲོ་བ་མ་བསྒྲིབས་ལུང་མ་བསྟན་ཁོ་ནར་འདོད་དེ། འགྲོ་བ་དེ་དག་འགྲུབ་པའི་རྒྱུ་ལས་ཀྱི་སྲིད་པ་ལས་ཐ་དད་པར་འདོད་པའི་ཕྱིར། ཁྱབ་སྟེ། ལས་ཀྱིས་འཕངས་པའི་རྣམ་སྨིན་ནི་འགྲོ་བ་ཡིན་པའི་ཕྱིར། གསུམ་པ་འཕྲོས་དོན་ལ་བཞི། རྣམ་ཤེས་ཀྱི་གནས་པ་བདུན། སེམས་ཅན་གྱི་གནས་པ་དགུ། རྣམ་པར་ཤེས་པའི་གནས་པ་བཞི། བདུན་དང་བཞིའི་མུ་བཞི་དཔྱད་པའོ། །དང་པོ་ལ་གཉིས། དངོས་དང་དེ་མིན་པའོ། །དང་པོ་ནི། ལུས་དང་འདུ་ཤེས་ཐ་དད་དང༌། །ལུས་ཐ་དད་ཅིང་འདུ་ཤེས་གཅིག ། བཟློག་དང་ལུས་དང་འདུ་ཤེས་གཅིག །གཟུགས་ཅན་མ་ཡིན་གསུམ་པོ་དག ། རྣམ་ཤེས་གནས་པ་བདུན། ། ཞེས་པས་བསྟན། འགྲོ་བ་ལྔའི་ཁམས་གསུམ་འདི་ཉིད་དུ་རྣམ་ཤེས་ཀྱི་གནས་པ་བདུན་བཤད་དེ། ལུས་དང་འདུ་ཤེས་གཉིས་ཀ་ཐ་དད་པ་ནི་འདོད་པའི་ལྷ་མི་དང་བསམ་གཏན་དང་པོར་དུས་ཕྱི་འབྱུང་བ་རྣམས་སོ། །ཚངས་ཆེན་དང་དེའི་འཁོར་གྱི་ལྷ་རྣམས་ནི་གོས་དང་ཁ་དོག་དབྱིབས་སོགས་ཐ་དད་པས་ལུས་ཐ་དད་ཅིང་བདག་ཅག་ཚངས་པ་ཆེན་པོས་ཕྱུང་ངོ་སྙམ་དུ་འདུ་ཤེས་ཤིང་ཚངས་པས་ཀྱང་འདི་རྣམས་བདག་གིས་ཕྱུང་ངོ་སྙམ་དུ་འདུ་ཤེས་གཅིག་གོ །སྔ་མ་ལས་བཟློག་སྟེ་ལུས་འོད་ཀྱི་རང་བཞིན་དུ་གཅིག་ལ་འདུ་ཤེས་ནི་རེས་འགའ་བདེ་བ་དང་རེས་འགའ་བཏང་སྙོམས་ཀྱི་འདུ་ཤེས་ཏེ་ཐ་དད་པར་འབྱུང་བ་ནི་བསམ་གཏན་གཉིས་པའི་ལྷ་རྣམས་ཏེ། ས་དེའི་བདེ་བ་ནི་མི་བརྟན་པའི་ཕྱིར་རོ། །ལུས་འོད་དུ་འདྲ་བ་དང་འདུ་ཤེས་ཀྱང་བདེ་བའི་འདུ་ཤེས་སུ་གཅིག་པ་ནི་བསམ་གཏན་གསུམ་པའི་ལྷ་རྣམས་ཏེ། ས་དེའི་བདེ་བ་ནི་བརྟན་པའི་ཕྱིར། དེ་ལྟར་གཟུགས་ཅན་བཞི་དང་གཟུགས་ཅན་མ་ཡིན་པ་ནམ་མཁའ་རྣམ་ཤེས་ཅི་ཡང་མེད་དང་གསུམ་པོ་དེ་དག་ཀྱང་རྣམ་ཤེས་ཀྱི་གནས་པ་ཡིན་པས་དེ་ལྟར་གནས་པ་བདུན་པོ་དག་ཏུ་མདོ་ལས་གསུངས་པའི་ཕྱིར། དེ་དག་ལ་ནི་རྣམ་ཤེས་ཀྱི་གནས་པ་ཞེས་བྱ་སྟེ། དེ་དག་ཏུ་རྣམ་ཤེས་སྲེད་པའི་ཚུལ་གྱིས་བརྟེན་ཅིང་རྒྱས་པའི་ཕྱིར་རོ། ། གཉིས་པ་དེ་མིན་པ་ནི། ལྷག་མ། །དེ་འཇོམས་བྱེད་ལྡན། ། ཞེས་པས་བསྟན། སྨོས་པ་དེ་དག་གི་ལྷག་མ་ངན་སོང་གསུམ་དང་བསམ་གཏན་བཞི་པ་སྲིད་རྩེ་བ་རྣམས་ནི་རྣམ་ཤེས་ཀྱི་གནས་པ་མ་ཡིན་ཏེ། ངན་སོང་གསུམ་ན་སྡུག་བསྔལ་དང་བསམ་གཏན་བཞི་པ་ན་འདུ་ཤེས་མེད་པ་རྒྱུ་འབྲས་གཉིས་དང་སྲིད་རྩེ་ན་འགོག་པའི་སྙོམས་འཇུག་གིས་རྣམ་ཤེས་དེ་འཇོམས་པར་བྱེད་པ་དང་ལྡན་པའི་ཕྱིར། གཉིས་པ་སེམས་ཅན་གྱི་གནས་པ་དགུ་ལ། དངོས་དང༌། དེ་མིན་པའོ། །དང་པོ་ནི། སྲིད་རྩེ་དང༌། །འདུ་ཤེས་མེད་པའི་སེམས་ཅན་རྣམས། །སེམས་ཅན་གྱི་ནི་གནས་དགུར་བཤད། ། ཅེས་པས་བསྟན། རྣམ་ཤེས་ཀྱི་གནས་པ་བདུན་པོ་དེ་དང་སྲིད་རྩེ་དང་འདུ་ཤེས་མེད་པའི་སེམས་ཅན་རྣམས་ནི་སེམས་ཅན་གྱི་གནས་དགུར་བཤད་དེ། འདི་དག་ཏུ་སེམས་ཅན་རྣམས་རང་དགའ་བས་ཀུན་ཏུ་གནས་པའི་ཕྱིར། གཉིས་པ་དེ་མིན་པ་ནི། མི་འདོད་བཞིན་གནས་ཕྱིར་གཞན་མིན། ། ཞེས་པས་བསྟན། རང་གི་མི་འདོད་བཞིན་དུ་ལས་ཀྱི་སྲིན་པོས་ཀུན་ཏུ་གནས་སུ་འཇུག་པའི་རང་བཞིན་ཡིན་པའི་ཕྱིར་གཞན་ངན་སོང་གསུམ་ནི་སེམས་ཅན་གྱི་གནས་པ་མིན་ཏེ། དཔེར་ན་བཙོན་ར་བཞིན་ནོ། ། གསུམ་པ་རྣམ་པར་ཤེས་པའི་གནས་པ་བཞི་ལ། དངོས་དང༌། དེ་མིན་པའོ། །དང་པོ་ནི། གནས་པ་དག་ནི་ཡང་བཞི་སྟེ། །ཟག་དང་བཅས་པའི་ཕུང་པོ་བཞི། །རང་གི་ས་པ་ཉིད། ། ཅེས་པས་བསྟན། རྣམ་ཤེས་གནས་པ་དག་ནི་བདུན་པོ་ལས་ཚུལ་གཞན་ཡང་མདོ་ལས། བཞི་གང་ཞེ་ན། རྣམ་པར་ཤེས་པ་གནས་པ་གཟུགས་སུ་ཉེ་བར་འགྲོ་བ་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དུ་ཉེ་བར་འགྲོ་བའོ། །ཞེས་བཞི་གསུངས་ཏེ། དེའི་རང་བཞིན་ནི་རིམ་པ་བཞིན་ཟག་པ་དང་བཅས་པའི་གཟུགས་སོགས་ཕུང་པོ་བཞི་ཡིན་ལ་དེའང་རང་གི་ས་པ་ཉིད་ཡིན་གྱི། ཟག་མེད་དང་ས་གཞན་གྱི་ས་པ་ནི་མ་ཡིན་པའི་ཕྱིར་ཏེ། ཟག་མེད་ནི་རྣམ་ཤེས་ཀྱི་གཉེན་པོ་ཡིན་པའི་ཕྱིར་དང༌། ས་གཞན་ན་ས་གཞན་གྱི་རྣམ་ཤེས་ཀྱི་རྟེན་དུ་མི་འཐད་པའི་ཕྱིར་རོ། ། གཉིས་པ་དེ་མིན་པ་ནི། རྣམ་ཤེས། །འབའ་ཞིག་གནས་པར་མ་བཤད་དོ། ། ཞེས་པས་བསྟན། འདིར་གནས་པའི་གཞི་དང་གནས་པ་པོ་ཕྱེ་ནས་སྟོན་པས་གནས་པ་པོ་རྣམ་ཤེས་འབའ་ཞིག་ནི་རྣམ་ཤེས་ཀྱི་གནས་པའི་གཞིར་མ་བཤད་དོ། །དཔེར་ན་རྒྱལ་པོ་ཉིད་སྟན་མ་ཡིན་པ་བཞིན་ནོ། ། བཞི་པ་བདུན་དང་བཞིའི་མུ་བཞི་དཔྱད་པ་ནི། བསྡུ་ན་མུ་ནི་བཞི་ཡིན་ནོ། ། ཞེས་པས་བསྟན། བདུན་གྱིས་བཞི་བསྡུས་སམ་བཞིས་བདུན་བསྡུས་ཤེ་ན། བསྡུ་བ་དཔྱད་ན་མུ་ནི་བཞི་ཡིན་ནོ། །དེའང་མུ་དང་པོ་བདུན་གྱིས་བསྡུས་ལ་བཞིས་མ་བསྡུས་པ་ནི་བདུན་པོའི་རྣམ་ཤེས་དང་མུ་གཉིས་པ་ནི་ངན་སོང་གསུམ་བསམ་གཏན་བཞི་པ་སྲིད་རྩེ་པ་རྣམས་ཀྱི་རྣམ་ཤེས་ལས་གཞན་པའི་ཟག་བཅས་ཀྱི་ཕུང་པོ་དང༌། གསུམ་པ་རྣམ་ཤེས་ཀྱི་གནས་པ་བདུན་པོའི་ཟག་བཅས་ཀྱི་ཕུང་པོ་དང་པོ་བཞི་དང༌། བཞི་པ་ནི་ངན་སོང་དང་བསམ་གཏན་བཞི་པ་དང་སྲིད་རྩེ་བ་རྣམས་ཀྱི་རྣམ་ཤེས་དང་ཟག་མེད་ཀྱི་ཆོས་རྣམས་སོ། ། གསུམ་པ་སྐྱེ་གནས་བཞིར་དབྱེ་བ་ལ། གང་དུ་འཇུག་པ་སྐྱེ་གནས་ཀྱི་དབྱེ་བ། གང་གིས་འཇུག་པའི་བར་སྲིད་བཤད་པ། དེས་སྐྱེ་གནས་སུ་བགྲོད་པའི་ཚུལ་ལོ། །དང་པོ་ལ། དབྱེ་བ་དངོས་དང༌། འགྲོ་བ་གང་ལ་སྐྱེ་གནས་གང་ལྡན་དཔྱད་པའོ། །དང་པོ་ནི། དེར་ནི་སྒོ་ང་ལས་སྐྱེས་སོགས། །སེམས་ཅན་སྐྱེ་གནས་བཞི་དག་ཏུ། ། ཞེས་པས་བསྟན། ཁམས་གསུམ་པོ་དེར་ནི་སྒོ་ང་ལས་སྐྱེ་བའི་སྐྱེ་གནས་དང་སོགས་པས་མངལ་དང་དྲོད་གཤེར་དང་བརྫུས་ཏེ་སྐྱེ་བའི་སྐྱེ་གནས་ཏེ་དེ་ནི་སེམས་ཅན་སྐྱེ་བའི་གནས་བཞི་དག་ཏུ་རིག་པར་བྱའོ། །དེའང་སྐྱེ་གནས་ཞེས་བྱ་བ་ནི་སྐྱེ་བ་ཡིན་ཏེ། འདིར་སེམས་ཅན་རྣམས་འཆོལ་བར་འགྱུར་ཞིང་སྐྱེ་བ་མཐུན་མོང་བའི་ཕྱིར་འདྲེ་བར་འགྱུར་བས་སྐྱེ་གནས་སོ། ། གཉིས་པ་འགྲོ་བ་གང་ལ་སྐྱེ་གནས་གང་ལྡན་དཔྱད་པ་ལ་གསུམ། མི་དང་དུད་འགྲོ་ལ་གང་ལྡན་པ། དམྱལ་བ་དང་ལྷ་སོགས་ལ་གང་ལྡན་པ། ཡི་དྭགས་ལ་གང་ལྡན་པའོ། །དང་པོ་ནི། མི་དང་དུད་འགྲོ་རྣམ་པ་བཞི། ། ཞེས་པས་བསྟན། འགྲོ་བ་གང་ན་སྐྱེ་གནས་དུ་ཞིག་ཡོད་ཅེ་ན། མི་དང་དུད་འགྲོ་རྣམས་ལ་སྐྱེ་གནས་རྣམ་པ་བཞི་ག་ཅི་རིགས་པར་ཡོད་དོ། །དེའང་མི་སྒོང་སྐྱེས་ནི་གནས་བརྟན་བྲག་དང་ཉེ་བྲག་ལྟ་བུའོ། །མངལ་སྐྱེས་ནི་ད་ལྟར་གྱི་མི་ལྟ་བུའོ། །དྲོད་གཤེར་སྐྱེས་ནི་ང་ལ་ནུ་དང་ཨ་མྲ་སྐྱོང་མ་སོགས་ལྟ་བུའོ། །རྫུས་སྐྱེས་ནི་བསྐལ་པ་དང་པོའི་མི་དང་འཕགས་ལྷ་ལྟ་བུའོ། །དུད་འགྲོའི་སྐྱེ་གནས་གསུམ་ནི་རྟོགས་སླ་ཞིང་རྫུས་སྐྱེས་ནི་ཀླུ་དང་འདབ་བཟང་ཁ་ཅིག་གོ ། གཉིས་པ་དམྱལ་བ་དང་ལྷ་སོགས་ལ་གང་ལྡན་པ་ནི། དམྱལ་བ་རྣམས་དང་ལྷ་རྣམས་དང༌། །སྲིད་པ་བར་མ་བརྫུས་ཏེ་སྐྱེ། ། ཞེས་པས་བསྟན། དམྱལ་བ་རྣམས་དང་ལྷ་རྣམས་དང་སྲིད་པ་བར་མ་རྣམས་ནི་བརྫུས་ཏེ་སྐྱེ་བ་ཁོ་ནའོ། ། གསུམ་པ་ཡི་དྭགས་ལ་གང་ལྡན་པ་ནི། ཡི་དྭགས་མངལ་ནས་སྐྱེ་བའང་ཡིན། ། ཞེས་པས་བསྟན། ཡི་དྭགས་ནི་ཕལ་ཆེར་རྫུས་སྐྱེས་ཡིན་ལ་འགའ་ཞིག་ནི་མངལ་ནས་སྐྱེ་བའང་ཡིན་ནོ། །སྐྱེ་གནས་ཐམས་ཅད་ཀྱི་ནང་ནས་རྫུས་སྐྱེས་མཆོག་ཡིན་ཀྱང་སྟོན་པ་མངལ་སྐྱེས་སུ་བསྟན་པ་ནི་ཕྱི་རོལ་པའི་ལུང་བསྟན་ཐོག་ཏུ་མི་ཁེལ་བ་དང་ཉེ་དུ་ཤཱཀྱ་རྣམས་ཆོས་ལ་གཟུང་བ་དང་སྐུ་གདུང་རིང་བསྲེལ་བཞག་པའི་ཆེད་ཡིན་ནོ། ། གཉིས་པ་གང་གིས་འཇུག་པའི་བར་སྲིད་བཤད་པ་ལ། ངོ་བོ་སྒྲུབ་བྱེད་དང་བཅས་པ་དང༌། ཤ་ཚུགས་སོགས་ཀྱི་ཁྱད་པར་རོ། །དང་པོ་ལ། ངོ་བོ། དོགས་གཅོད། སྒྲུབ་བྱེད་དོ། །དང་པོ་ནི། འདིར་གང་འཆི་དང་སྐྱེ་བ་ཡི། །སྲིད་པའི་བར་དུ་འབྱུང་བའོ། ། ཞེས་པས་བསྟན། སྲིད་པ་བར་མའི་ངོ་བོ་དེ་ཅི་ལྟ་བུ་ཞེ་ན། དེ་ནི་འདིར་ཟག་བཅས་ཀྱི་ཕུང་པོ་ལྔའི་རྒྱུན་གང་ཞིག་སྔ་མའི་འཆི་སྲིད་འགགས་པ་དང་ཕྱི་མའི་སྐྱེ་བ་ཡི་སྲིད་པའི་བར་དུ་འབྱུང་བ་དེའོ། ། གཉིས་པ་དོགས་གཅོད་ནི། བགྲོད་པའི་ཡུལ་དུ་མ་ཕྱིན་ཕྱིར། །སྲིད་པ་བར་མ་བྱུང་བ་མིན། ། ཞེས་པས་བསྟན། ཇི་ལྟར་འདི་སྐྱེས་པ་ཡིན་ལ་བྱུང་བ་མ་ཡིན་པའི་རྒྱུ་མཚན་ཅི་ཞེ་ན། དེ་ནི་བགྲོད་པར་བྱ་བའི་ཡུལ་ལས་ཀྱིས་འཕངས་པའི་མིང་གཟུགས་དང་སྐྱེ་མཆེད་དྲུག་རྫོགས་པ་སྔུན་དུས་ཉིད་དུ་མ་ཕྱིན་པའི་ཕྱིར། སྲིད་པ་བར་མ་ནི་བྱུང་བ་མིན་ནོ། ། གསུམ་པ་སྒྲུབ་བྱེད་ལ། རིགས་པས་སྒྲུབ་པ། ལུང་གིས་སྒྲུབ་པའོ། །དང་པོ་ལ། སྒྲུབ་བྱེད་དངོས། དཔེ་མི་འཐད་པར་བསྟན་པ། དེའི་གཏན་ཚིགས་སྒྲུབ་པའོ། །དང་པོ་ནི། འབྲུ་ཡི་རྒྱུན་དང་ཆོས་མཐུན་ཕྱིར། །སྲིད་པ་ཆད་ལས་འབྱུང་བ་མིན། ། ཞེས་པས་བསྟན། རང་གི་སྡེ་པ་ཕལ་ཆེན་པ་དང་ས་སྟོན་པ་དག་འཆི་སྲིད་ཆད་མ་ཐག་ཁོ་ན་ལས་སྐྱེ་སྲིད་འབྱུང་བས་སྲིད་པ་བར་མ་ནི་མེད་དོ་ཞེས་ཟེར་བ་ནི་ཕྱོགས་སྔ་མའོ། །འདོད་གཟུགས་ཀྱི་སྐྱེ་སྲིད་ཀྱི་གཟུགས་ནི་ས་བོན་ལས་མྱུ་གུ་དང་དེ་ལས་སྡོང་བུ་ལ་སོགས་པ་བར་མ་ཆད་པར་འབྱུང་བའི་འབྲུའི་རྒྱུན་དང་རྒྱུན་གྱི་འབྲས་བུ་ཉིད་དུ་ཆོས་མཐུན་པས་སྲིད་པའི་རྒྱུན་གྱི་ངོ་བོས་ཡུལ་གཞན་དུ་འབྱུང་བའི་ཕྱིར། འཆི་བའི་སྲིད་པའི་རྒྱུན་བར་ཆད་པ་ཁོ་ན་ལས་ཡུལ་གཞན་དུ་འབྱུང་བ་མིན་ནོ། །འདི་ནི་རྟགས་དཔེ་གཅིག་ཅར་དུ་སྟོན་པ་རྒྱུ་སྔོན་སོང་བསྒྲུབ་ཀྱི་འབྲས་རྟགས་སོ། ། གཉིས་པ་དཔེ་མི་འཐད་པར་བསྟན་པ་ནི། གཟུགས་བརྙན་མ་གྲུབ་ཕྱིར་བ་དང༌། །མི་འདྲའི་ཕྱིར་ན་དཔེ་མ་ཡིན། ། ཞེས་པས་བསྟན། འབྲས་བུ་ནི་རྒྱུའི་རྒྱུན་བར་ཆད་ཅིང་སྐྱེ་བའང་མཐོང་སྟེ། དཔེར་ན་མེ་ལོང་དུ་ཤར་བའི་བྱད་ཀྱི་གཟུགས་བརྙན་བྱད་ཀྱི་འབྲས་བུ་ཡིན་ཡང་བར་ཆོད་བཞིན་པར་སྐྱེ་བའི་ཕྱིར། དེས་ན་འཆི་སྲིད་ལས་ཀྱང་སྐྱེ་སྲིད་བར་ཆོད་པར་སྐྱེ་འོ་ཞེ་ན། དེ་ནི་མ་ཡིན་ཏེ། གཟུགས་བརྙན་གཟུགས་སུ་མ་གྲུབ་པའི་ཕྱིར་དང༌། བ་དང་ཞེས་པ་ནི་རྣམ་གྲངས་ཏེ་གཟུགས་བརྙན་གཟུགས་སུ་གྲུབ་ཏུ་ཆུག་ཀྱང་གཟུགས་དངོས་དང་མི་འདྲ་བའི་ཕྱིར་ན་དཔེ་བརྗོད་དུ་རུང་བ་མ་ཡིན་ནོ། ། གསུམ་པ་དེའི་གཏན་ཚིགས་སྒྲུབ་པ་ལ། ཐོགས་བཅས་ཀྱི་གཟུགས་སུ་མ་གྲུབ་པའི་སྒྲུབ་བྱེད། དཔེ་དོན་མི་འདྲ་བའི་སྒྲུབ་བྱེད་དོ། །དང་པོ་ནི། གཅིག་ན་ལྷན་ཅིག་གཉིས་མེད་ཕྱིར། ། ཞེས་པས་བསྟན། མེ་ལོང་གི་ཡུལ་ན་མེ་ལོང་གི་ཁ་དོག་དང་གཟུགས་བརྙན་གྱི་ཁ་དོག་གཉིས་གོ་ས་ལྷན་ཅིག་ཏུ་མི་འབྱུང་སྟེ། ཡུལ་གཅིག་ན་ལྷན་ཅིག་རིས་མཐུན་ཐོགས་བཅས་ཀྱི་གཟུགས་གཉིས་འབྱུང་བ་མེད་པའི་ཕྱིར་ཏེ། གཟུགས་བརྙན་ནི་ཐོགས་བཅས་ཀྱི་དངོས་པོ་མ་ཡིན་ལ་དེ་ལས་གཞན་པའི་དངོས་པོར་ཡང་མི་རུང་བའི་ཕྱིར། གཟུགས་བརྙན་གྱི་རྟེན་དུ་མེ་ལོང་ནི་དགོས་པ་མེད་པའོ། །རྒྱལ་སྲས་མར། དེ་ལྟར་ན་སྐྱེ་བའི་སྲིད་པ་འཆི་བའི་སྲིད་པའི་རྒྱུན་དུ་གྱུར་པ་ཇི་ལྟ་བར་གཟུགས་བརྙན་ནི་གཟུགས་ཀྱི་དེ་ལྟ་བུ་མ་ཡིན་པས་གཟུགས་བརྙན་གྱི་དཔེ་སྒྲུབ་པ་དང་མི་ལྡན་པ་ཡིན་ནོ། །འབྲུའི་རྒྱུན་ཕྱིས་འབྱུང་བའི་ངོ་བོའི་དཔེ་ནི་རང་གི་རྒྱུན་ཅན་དུ་གྱུར་པ་ཡིན་པས་དེ་ལྟ་བས་ན་དཔེ་དང་མཐུན་པ་ཡིན་ནོ། །ཞེས་བཤད་དོ། ། གཉིས་པ་དཔེ་དོན་མི་འདྲ་བའི་སྒྲུབ་བྱེད་ནི། རྒྱུན་མིན་ཕྱིར་གཉིས་ལས་བྱུང་ཕྱིར། ། ཞེས་པས་བསྟན། མེ་ལོང་ནང་གི་བྱད་ཀྱི་གཟུགས་བརྙན་ཆོས་ཅན། བྱད་གཟུགས་ཀྱི་རྒྱུན་མིན་ཏེ། མེ་ལོང་གི་རྒྱུད་དང་འབྲེལ་ཞིང་བྱད་གཟུགས་དང་ལྷན་ཅིག་འབྱུང་བའི་ཕྱིར། མེ་ལོང་གི་གཟུགས་དང་བྱད་གཟུགས་དང་དུས་མཉམ་པའི་གཟུགས་གཞན་བཞིན་ནོ། །གཟུགས་བརྙན་ནི་རྐྱེན་གྱི་གཙོ་བོ་མེ་ལོང་དང་བྱད་གཟུགས་གཉིས་ལ་བརྟེན་ནས་འབྱུང་ལ། འདིར་ནི་སྐྱེ་སྲིད་ཆོས་ཅན། འཆི་སྲིད་དང་གཙོ་བོའི་རྒྱུ་གཞན་ཞིག་གཉིས་ལས་བྱུང་བ་མ་ཡིན་ཏེ། འཆི་སྲིད་ལས་གཞན་གཙོ་བོའི་རྒྱུ་མ་དམིགས་པའི་ཕྱིར་དང༌། སྐྱེ་སྲིད་ཀྱི་གཙོ་བོའི་རྒྱུ་ནི་ཁུ་ཁྲག་སོགས་མིན་ཏེ། རྫུས་སྐྱེས་རྣམས་ཁུ་ཁྲག་སོགས་མེད་པར་ནམ་མཁའ་ལས་འབྱུང་བའི་ཕྱིར་རོ། ། གཉིས་པ་ལུང་གིས་སྒྲུབ་པ་ནི། མགུར་ནས་གསུངས་ཕྱིར་ཡོད་དྲི་ཟ། །ལྔར་གསུངས་འགྲོ་མདོ་ལས་ཀྱང་གྲུབ། ། ཅེས་པས་བསྟན། མཆིམས་ཆེན་པོས། སྲིད་པ་བདུན་དང་མངལ་འཇུག་དང༌། །རྟ་ལེན་ཕྱིར་མི་འོང་བ་དང༌། །འགྲོ་མདོ་སྤེལ་མའི་ཚིགས་བཤད་ལས། །སྲིད་པ་བར་མ་ཡོད་པར་གསུངས། །ཞེས་སྡོམས་སུ་མཛད་པ་དེ་ཉིད་འགྲེལ་པ་ནི། སྲིད་པ་བདུན་པའི་མདོ་ལས། སྲིད་པ་ནི་བདུན་ཏེ། དམྱལ་བའི་སྲིད་པ་དང༌། དུད་འགྲོའི་སྲིད་པ་དང༌། ཡི་དྭགས་ཀྱི་སྲིད་པ་དང༌། ལྷའི་སྲིད་པ་དང༌། མིའི་སྲིད་པ་དང༌། ལས་ཀྱི་སྲིད་པ་དང༌། སྲིད་པ་བར་མའོ། །ཞེས་སངས་རྒྱས་ཀྱི་མགུར་ནས་དངོས་སུ་གསུངས་པའི་ཕྱིར་་བར་སྲིད་ནི་ཡོད་དོ། །མདོ་དེ་ལྟར་མི་འདོན་ཏེ་ངེད་ཀྱི་ལུང་ལས་མི་འབྱུང་བའི་ཕྱིར་ཞེ་ན། འོ་ན་མངལ་འཇུག་གི་མདོ་ལས། གནས་གསུམ་མངོན་དུ་གྱུར་པ་ལས་མའི་མངལ་དུ་བུ་ཆགས་པར་འགྱུར་ཏེ། མ་རུང་ཞིང་ཟླ་མཚན་དང་ལྡན་པ་དང་ཕ་མ་ཆགས་པར་གྱུར་ཅིང་འཕྲད་པ་དང་དྲི་ཟ་ཡང་ཉེ་བར་གནས་པར་གྱུར་ནའོ། །ཞེས་གསུངས་པའི་དྲི་ཟ་ནི་འདིར་བར་སྲིད་ཀྱི་མིང་གི་རྣམ་གྲངས་ཁོ་ན་ཡིན་པ་དང༌། རྟ་ལེན་གྱི་བུའི་མདོར། ཁྱོད་ཀྱི་དྲི་ཟ་ཉེ་བར་གནས་པ་གང་ཡིན་པ། །ཞེས་སོགས་གསུངས་པའི་ཕྱིར། མདོ་དེ་ལྟར་མི་འདོན་ཞེ་ན། མདོ་གཞན་ལས། ཕྱིར་མི་འོང་བ་ནི་ལྔ་སྟེ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། མངོན་པར་འདུ་བྱེད་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། མངོན་པར་འདུ་བྱེད་པ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། གོང་དུ་འཕོ་བའོ། །ཞེས་ཕྱིར་མི་འོང་ལྔར་གསུངས་ཤིང༌། སྐྱེས་བུ་དམ་པའི་འགྲོ་བ་བདུན་སྟོན་པའི་མདོ་ལས་ཀྱང་བར་སྲིད་ཡོད་པར་སྒྲུབ་བོ། །ཀྱང་ཞེས་པས་ནི་རིགས་པས་གྲུབ་པར་མ་ཟད་གོང་གི་ལུང་རྣམས་དང༌། བསམ་གཏན་དག་གི་བཅུ་ཚན་བཞི། །གཟུགས་མེད་དག་གི་བདུན་ཚན་གསུམ། །འདུ་ཤེས་ཀྱི་ནི་དྲུག་ཚན་དུ། །མཛད་ནས་ཚོམས་སུ་ཡང་དག་བསྡེབས། །ཞེས་ལུང་དུ་མས་ཀྱང་གྲུབ་པ་ཡིན་ཞེས་སྟོན་པ་ཡིན་ནོ། །གང་ཡང་བདུད་སུན་འབྱིན་བྱེད་ཅེས་བྱ་བ་རང་ལུས་ཁོ་ནས་མནར་མེད་དུ་སྐད་ཅིག་ཉིད་ལ་སོང་གསུངས་པས་བར་སྲིད་མེད་དོ། །ཞེས་པ་དང༌། མཚམས་མེད་ལྔའི་ལས་བྱས་ན་དེ་མ་ཐག་དམྱལ་བར་སྐྱེའོ། །ཞེས་གསུངས་སོ་ཞེ་ན། །དེ་བར་སྲིད་མེད་པ་ལ་དགོངས་པ་མིན་གྱི་གསོན་བཞིན་པར་ལུས་དམྱལ་མེས་བསྐོར་ནས་ཤི་སྟེ་སྲིད་པ་བར་མས་དམྱལ་བར་སོང་བ་ཡིན་པའི་ཕྱིར་དང༌། ཕྱི་མའང་དེར་འགྲོ་བ་གཞན་གྱིས་མཚམས་མ་བཅད་པར་སྐྱེས་ནས་མྱོང་འགྱུར་ཉིད་ལ་དགོངས་པའི་ཕྱིར། བྲམ་ཟེ་སྡིག་ཅན་ཞིག་གི་དབང་དུ་མཛད་ནས། བྲམ་ཟེ་ན་ཚོད་ཁྱེར་ཟིན་རྒ་བ་དང༌། །ན་བ་ཡིན་ཏེ་གཤིན་རྗེའི་དྲུང་དུ་ཕྱིན། །བར་ན་ཁྱོད་ཀྱི་གནས་ཀྱང་ཡོད་མིན་ཞིང༌། །ཁྱོད་ཀྱི་ལམ་བརྒྱགས་ཀྱང་ནི་ཡོད་མ་ཡིན། །ཞེས་བར་ན་གནས་མེད་པར་གསུངས་པའང་ཚེ་དེ་དང་ངན་འགྲོའི་བར་ན་བདེ་འགྲོར་སྐྱེ་བའི་གནས་མེད་པ་ལ་དགོངས་པ་ཡིན་གྱི་བར་སྲིད་མེད་པར་སྟོན་པ་ནི་མ་ཡིན་ནོ། །འོན་ཀྱང་ཁམས་འོག་མ་ནས་གཟུགས་མེད་དུ་སྐྱེ་བའི་ཚེ་ནི་བར་སྲིད་མེད་དོ། ། གཉིས་པ་ཤ་ཚུགས་སོགས་ཀྱི་ཁྱད་པར་ལ། ཤ་ཚུགས་ཀྱི་ཁྱད་པར། རྫུ་འཕྲུལ་གྱི། དབང་པོའི། འགྲོ་ཚུལ་གྱི། ཟས་ཀྱི་ཁྱད་པར་རོ། །དང་པོ་ལ། དངོས་དང༌། སྔུན་དུས་ཀྱི་ངོས་འཛིན། གང་གིས་མཐོང་བའོ། །དང་པོ་ནི། དེ་ནི་འཕེན་པ་གཅིག་པའི་ཕྱིར། སྔུན་དུས་སྲིད་འབྱུང་ཤ་ཚུགས་ཅན། ། ཞེས་པས་བསྟན། སྲིད་པ་བར་མ་དེ་ནི་མ་འོངས་པའི་སྔུན་དུས་ཀྱི་སྲིད་པ་དེ་དང་འཕེན་པར་བྱེད་པའི་ལས་གཅིག་གིས་འཕངས་པའི་གཟུགས་ཅན་གྱི་སེམས་ཅན་ཡིན་པའི་ཕྱིར། སྔུན་དུས་ཀྱི་སྲིད་པ་འབྱུང་བར་འགྱུར་བ་དེའི་བྱད་གཟུགས་དང་ཤ་ཚུགས་ཅན་ཡིན་ནོ། ། གཉིས་པ་སྔུན་དུས་ཀྱི་ངོས་འཛིན་ནི། དེ་ནི་འཆི་བའི་སྔོན་རོལ་ཏེ། །སྐྱེ་བའི་སྐད་ཅིག་ཕན་ཆད་དོ། ། ཞེས་པས་བསྟན། འོ་ན་སྔུན་དུས་ཀྱི་སྲིད་པ་ཉིད་གང་ཞེ་ན། དེ་ནི་འཆི་བའི་སྲིད་པའི་སྔོན་རོལ་གྱི་སྲིད་པ་ཡིན་ཏེ། སྐྱེ་བའི་སྲིད་པའི་སྐད་ཅིག་མ་ཕན་ཆད་ཀྱི་ཉེར་ལེན་གྱི་ཕུང་པོ་ལྔའི་རྒྱུན་དེ་ཉིད་དོ། །དེས་ན་སྲིད་པ་བཞི་ལས་བར་སྲིད་དང་སྔུན་དུས་ཀྱི་སྲིད་པ་ནི་བཤད་ཟིན་ལ། སྐྱེ་སྲིད་ནི་འགྲོ་བ་རྣམས་སུ་ཉིང་མཚམས་སྦྱོར་བའི་སྐད་ཅིག་མའོ། །འཆི་བའི་སྐད་ཅིག་ཐ་མ་ནི་འཆི་སྲིད་ཡིན་ཏེ། སེམས་ཅན་གཟུགས་ཅན་དག་གི་ནང་དུ་སྐྱེ་ན་གང་གི་འོག་ཏུ་བར་སྲིད་འབྱུང་བའོ། །དེས་ན་སྐྱེ་སྲིད་དང་འཆི་སྲིད་གཉིས་ནི་སྐད་ཅིག་མ་དང༌། སྲིད་པ་གཞན་གཉིས་ནི་རྒྱུན་ཡིན་ནོ། ། གསུམ་པ་གང་གིས་མཐོང་བ་ནི། རིགས་མཐུན་ལྷ་མིག་དག་པས་མཐོང༌། ། ཞེས་པས་བསྟན། དམྱལ་བའི་བར་སྲིད་ནི་དམྱལ་བ་དང༌། ལྷའི་བར་སྲིད་ལྷ་རིགས་མཐུན་གྱིས་མཐོང་ལ་བསྒོམས་པ་ལས་བྱུང་བའི་ལྷ་མིག་སྐྱོན་བཅུ་གཅིག་གིས་དག་པ་མངོན་ཤེས་ལས་བྱུང་བས་མཐོང་ངོ༌། །སྐྱེས་ཐོབ་ཀྱི་ལྷའི་མིག་ཤིན་ཏུ་དག་པས་ནི་མ་ཡིན་ནོ། །སྐྱོན་བཅུ་གཅིག་ནི། ཐེ་ཚོམ་ཡིད་ལ་མི་བྱེད་དང༌། །ལུས་ཀྱི་གནས་ངན་ལེན་པ་དང༌། །རྨུགས་དང་གཉིད་དང་རྒོད་པ་དང༌། །བརྩོན་འགྲུས་བརྩམས་དྲགས་སེམས་ཡ་ཡོ། །བག་ཚ་འདུ་ཤེས་སྣ་ཚོགས་དང༌། །སྨྲ་མང་ཧ་ཅང་བསྒོམས་དྲགས་སོ། །ཞེས་པ་ལྟར་རོ། །ཁ་ཅིག་གིས་ནི་ལྷའི་བར་སྲིད་ཀྱིས་འགྲོ་བ་ལྔ་གའི་བར་སྲིད་མཐོང་བ་དང༌། མི་དང་ཡི་དྭགས་དུད་འགྲོ་དམྱལ་བ་རྣམས་ཀྱིས་གོང་མ་རྣམས་མི་མཐོང་ངོ་ཞེས་ཟེར་རོ། ། གཉིས་པ་རྫུ་འཕྲུལ་གྱི་ཁྱད་པར་ནི། ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། ། ཞེས་པས་བསྟན། དེ་ནི་ལས་ཀྱི་མཐུས་མཁའ་ལ་འགྲོ་བ་སོགས་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ་ཡིན་ལ། སྤྲུལ་པའི་རྫུ་འཕྲུལ་ནི་མ་ཡིན་ནོ། །རྫུ་འཕྲུལ་འདི་སངས་རྒྱས་ཀྱིས་ཀྱང་དགག་མི་ནུས་ཏེ། ལས་སྟོབས་དང་ལྡན་པའི་ཕྱིར་རོ། ། གསུམ་པ་དབང་པོའི་ཁྱད་པར་ནི། དབང་པོ་ཀུན་ཚང༌། ། ཞེས་པས་བསྟན། དེ་ལ་ནི་མིག་སོགས་དབང་པོ་ལྔ་ཀུན་ཚང་བའོ། ། བཞི་པ་འགྲོ་ཚུལ་གྱི་ཁྱད་པར་ནི། ཐོགས་མེད་ལྡན། །མི་ལྡོག ། ཅེས་པས་བསྟན། རྡོ་རྗེ་ལ་སོགས་པས་ཀྱང་མི་ལྡོག་སྟེ། ཐོགས་མེད་ལྡན་པའི་ཕྱིར། དཔེར་ན་ལྕགས་ཀྱི་ཐོ་ལུམ་འབར་བ་གཤགས་ན་དེའི་ནང་ན་སྲིན་བུ་དམིགས་པ་བཞིན་ནོ། །མི་ལྟ་བུའི་བར་སྲིད་དུ་གྲུབ་ནས་ལྷ་ལྟ་བུའི་འགྲོ་བ་གཞན་དུ་མི་ལྡོག་པར་ངེས་སོ། །མངོན་པ་གོང་མར་ལྡོག་པར་འདོད་པའང་ཡོད་དོ། ། ལྔ་པ་ཟས་ཀྱི་ཁྱད་པར་ནི། དེ་ནི་དྲི་ཟའོ། ། ཞེས་པས་བསྟན། འདོད་པའི་བར་སྲིད་དེས་ནི་ཁམ་ཟས་ཀྱི་དྲི་ཕྲ་བ་ཟའི་རགས་པ་ནི་ཟ་བ་མ་ཡིན་པའོ། །དེའང་དབང་རྒྱ་ཆུང་བ་རིགས་དམན་པ་ནི་དྲི་མི་ཞིམ་པ་ཟའོ། །དབང་ཐང་ཆེ་བ་ནི་དྲི་ཞིམ་པ་བཟའོ། །བར་སྲིད་དུ་རྒྱུན་ཇི་ཙམ་གནས་ཤེ་ན། དེའི་འདོད་ཚུལ་ལ་མདོ་སྡེ་པའི་བཙུན་པ་ཆོས་སྐྱོབས་དང་སྟོན་པ་གཉིས་པ་དབྱིག་གཉེན་དང་བཙུན་པ་དབྱིག་བཤེས་དང་བྱེ་སྨྲ་དང་འདུས་བཟང་ལ་སོགས་ཀྱི་འདོད་ཚུལ་དུ་མ་ཡོད་པའི་སྡོམ་ནི་རང་གི་ཊཱི་ཀར། མདོ་སྡེའི་གནས་བརྟན་བཙུན་པས་བར་དོའི་ཚེ། །ངེས་མེད་དེས་དྲངས་སྐྱེས་བུ་ལོ་བརྒྱ་པ། །འཚོ་བ་གང་དེ་དེ་ཡི་བར་སྲིད་ལ། །ལོ་གཅིག་འགོར་ན་དེ་ཡིས་ཟ་བའི་ཕྱིར། །སྔུན་དུས་སྲིད་ལ་གོ་དགུ་ལས་མི་འཚོ། །རིགས་པ་དེ་ཡིས་རིམ་བཞིན་ཤེས་པར་བྱ། །དབྱིག་བཤེས་རྐྱེན་རྙེད་ཞག་བདུན་གོང་དུ་འོ། །མ་རྙེད་ཞག་བདུན་གནས་ནས་འཕོ་བ་དང༌། །དེ་ནས་མ་རྙེད་བདུན་ཕྲག་བདུན་སྡོད་ཟེར། །མདོ་སྡེ་པ་ཡི་ཁྱད་པར་འགའ་ཞིག་དང༌། །གནས་བརྟན་ཐོགས་མེད་ལ་སོགས་ཁ་ཅིག་གིས། །བདུན་ཕྲག་བདུན་ལས་ངེས་པར་མི་སྡོད་ཟེར། །བྱེ་སྨྲས་མྱུར་སྐྱེ་རྐྱེན་མ་ཚང་བ་ན། །རྟ་ལྟ་བུ་ནི་འཁྲིག་སྤྱོད་དུས་མིན་ཡང༌། །ལས་ཀྱིས་སྐྱེ་བའི་རྐྱེན་གྱུར་འཁྲིག་དྲངས་ནས། །དེ་ལ་ཉིང་མཚམས་སྦྱོར་ཞེས་འདོགས་པར་སྣང༌། །ཞེས་འགོད་པར་མཛད་པ་ལྟར་རོ། ། གསུམ་པ་དེས་སྐྱེ་གནས་སུ་འགྲོ་བའི་ཚུལ་ལ་གསུམ། བསམ་པ་གང་གིས་འཇུག་པ། དབྱིབས་གང་གིས་འཇུག་པ། བསམ་པའི་ཁྱད་པར་གཞན་བཤད་པའོ། །དང་པོ་ལ་གསུམ། སྐྱེ་གནས་དང་པོ་གཉིས་ཀྱི་བསམ་པ། དྲོད་གཤེར་སྐྱེས་ཀྱི་བསམ་པ། རྫུས་སྐྱེས་ཀྱི་བསམ་པའོ། །དང་པོ་ནི། བློ་ནི་ཕྱིན་ཅི་ལོག་གྱུར་པས། །རྩེ་དགས་འགྲོ་བའི་ཡུལ་དུ་འགྲོ། ། ཞེས་པས་བསྟན། བར་སྲིད་ནི་སྐབས་འདིར་ལས་ཀྱི་མཐུ་ལས་བྱུང་བའི་མིག་གིས་རང་སྐྱེ་ཡུལ་ཐག་རིང་ན་འདུག་ཀྱང་མཐོང་སྟེ་མངལ་དང་སྒོ་ངའི་སྐྱེ་གནས་སུ་འཇུག་པ་དག་གིས་ཕོར་འགྱུར་བ་ནི་མ་ལ་ཆགས་ཤིང་ཕ་ལ་སྡང་བ་དང༌། མོར་འགྱུར་བ་ནི་ཕ་ལ་ཆགས་ཤིང་མ་ལ་སྡང་བ་དང༌། མ་ནིང་དུ་འགྱུར་ན་ཕོ་མ་ནིང་དང་མོ་མ་ནིང་གི་འདོད་ཆགས་གང་ཡིན་པ་དེ་ཉིད་སོ་སོར་ལྡན་པའི་ཕྱིར་བློ་ནི་ཕྱིན་ཅི་ལོག་ཏུ་གྱུར་པས་དབང་པོ་གཉིས་ཀྱི་བར་དེར་རྩེ་དགས་འཁྲིག་ཅིང་ཉལ་བར་མོས་པས་འགྲོ་བའི་ཡུལ་མངལ་དུ་ཁུ་ཁྲག་གི་ནང་དུ་འགྲོ་ཞིང་ཕོ་ལོང་གི་བར་གྱི་བུ་སྣོད་དུ་ཕྱིན་པས་ཁུ་ཁྲག་ལ་བདག་གིར་དགའ་བ་སྐྱེས་ཏེ་གནས་སོ། ། གཉིས་པ་དྲོད་གཤེར་སྐྱེས་ཀྱི་བསམ་པ་ནི། དྲི་དང༌། ། ཞེས་པས་བསྟན། སྔ་མ་བཤད་མ་ཐག་པ་དེ་གཉིས་ལས་གཞན་དྲོད་གཤེར་སྐྱེས་ནི་ལས་དང་མཐུན་པའི་སྐྱེ་གནས་གཙང་བའམ་མི་གཙང་བར་དྲི་འདོད་པས་འགྲོ་བ་དང༌། གསུམ་པ་རྫུས་སྐྱེས་ཀྱི་བསམ་པ་ནི། གནས་ལ་མངོན་འདོད་གཞན། ། ཞེས་པས་བསྟན། རྫུས་སྐྱེས་ནི་གནས་ལ་མངོན་པར་འདོད་པས་འགྲོའོ། །འདིའང་མངལ་སྒོང་གཉིས་ལས་གཞན་པའི་སྐྱེ་གནས་སུ་འཇུག་ཚུལ་ཡིན་ནོ། །འོ་ན་དམྱལ་བའི་གནས་དེ་ཇི་ལྟར་འདོད་ན། བློ་ཕྱིན་ཅི་ལོག་གིས་བདག་ཉིད་ཆར་རླུང་གྲང་མོས་ཉེན་པ་ན་དམྱལ་བ་ན་མེ་མཐོང་སྟེ་དྲོ་བར་འདོད་ནས་རྒྱུག་པ་དང༌། ཡང་ཚ་བས་གདུངས་ཤིང་ཉེན་པས་དེར་བསིལ་བར་མཐོང་བས་རྒྱུག་ནས་མཚམས་སྦྱོར་རོ། །ལྷའི་བར་སྲིད་ནི་སྟན་ལས་ལྡང་བ་བཞིན་དུ་གྱེན་དུ་འགྲོའོ། །མི་དང་དུད་འགྲོ་ཡི་དྭགས་རྣམས་ནི་རང་རང་གི་སྐབས་བཞིན་འགྲོའོ། ། གཉིས་པ་དབྱིབས་གང་གིས་འཇུག་པ་ནི། དམྱལ་བ་ཡི་ནི་སྤྱིའུ་ཚུགས་ཡིན། ། ཞེས་པས་བསྟན། དམྱལ་བ་པ་ཡི་བར་སྲིད་ཀྱི་ཤ་ཚུགས་ནི་མགོ་རྟིང་ལྡོག་ནས་སྤྱིའུ་ཚུགས་སུ་འགྲོ་བ་ཡིན་ཏེ། ཇི་སྐད་དུ། ཡང་དག་སྡོམ་དང་དཀའ་ཐུབ་ཅན། །དྲང་སྲོང་རྣམས་ལ་སྐུར་འདེབས་པ། །དེ་དག་སྤྱིའུ་ཚུགས་དག་ཏུ་ནི། །དམྱལ་བ་ཁོ་ནར་ལྟུང་བར་འགྱུར། །ཞེས་གསུངས་པའི་ཕྱིར། དཀའ་ཐུབ་ནི་སྤྱི། ཡང་དག་སྡོམ་ནི་སྦྱངས་ཡོན་བཅུ་གཉིས་ལ་གནས་པ། དྲང་སྲོང་ནི་སངས་རྒྱས་བྱང་སེམས་སོ། ། གསུམ་པ་བསམ་པའི་ཁྱད་པར་གཞན་བཤད་པ་ལ། འཁོར་ལོས་བསྒྱུར་བའི། རང་རྒྱལ་གྱི། བྱང་སེམས་ཀྱི། ཐ་མལ་པའི། སྒོང་སྐྱེས་ཀྱི་ཁྱད་པར། སྔ་མ་གསུམ་གྱི་རྒྱུ་མཚན་བཤད་པའོ། །དང་པོ་ནི། གཅིག་ནི་ཤེས་བཞིན་དུ་འཇུག་གོ ། ཞེས་པས་བསྟན། བར་སྲིད་མངལ་དུ་འཇུག་པ་ན་ངེས་པར་བློ་ཕྱིན་ཅི་ལོག་གི་རྩེ་དགའ་ཁོ་ནས་མིན་གྱི་མདོ་ལས་མངལ་འཇུག་བཞི་གསུངས་པ་ལས་གཅིག་ནི་གནས་པ་དང༌། འབྱུང་བ་མི་ཤེས་ཤིང་འཇུག་པ་ཤེས་བཞིན་དུ་འཇུག་གོ ། གཉིས་པ་རང་རྒྱལ་ནི། གཞན་ནི་གནས་པ་ཡང༌། ། ཞེས་པས་བསྟན། གཞན་ནི་འཇུག་པར་མ་ཟད་གནས་པ་ཡང་ཤེས་བཞིན་དུའོ། ། གསུམ་པ་བྱང་སེམས་ནི། གཞན་ནི། །འབྱུང་བའང༌། ། ཞེས་པས་བསྟན། གཞན་ནི་འཇུག་གནས་གཉིས་སུ་མ་ཟད་འབྱུང་བའང་ཤེས་བཞིན་དུའོ། ། བཞི་པ་ཐ་མལ་པ་ནི། གཞན་ནི་ཐམས་ཅད་རྨོངས། ། ཞེས་པས་བསྟན། གཞན་ནི་འཇུག་གནས་འབྱུང་གསུམ་ཐམས་ཅད་མི་ཤེས་པར་རྨོངས་སོ། ། ལྔ་པ་སྒོང་སྐྱེས་ཀྱི་ཁྱད་པར་ནི། སྒོ་ང་ལས་སྐྱེས་རྟག་ཏུའོ། ། ཞེས་པས་བསྟན། སྒོ་ང་ལས་སྐྱེས་པ་ཐམས་ཅད་ནི་རྟག་ཏུ་རྨོངས་པར་འགྱུར་བའོ། ། དྲུག་པ་སྔ་མ་གསུམ་གྱི་རྒྱུ་མཚན་བཤད་པ་ནི། མངལ་དུ་འཇུག་པ་གསུམ་དག་སྟེ། །འཁོར་ལོས་བསྒྱུར་དང་རང་བྱུང་གཉིས། ། ལས་སམ་ཡེ་ཤེས་སམ་གཉིས་ཀ །རྒྱ་ཆེའི་ཕྱིར་ན་གོ་རིམ་བཞིན། ། ཞེས་པས་བསྟན། ཡང་འཇུག་པ་ཤེས་ཕྱི་མ་གཉིས་མི་ཤེས་པ་དང༌། དང་པོ་གཉིས་ཤེས་ཕྱི་མ་མི་ཤེས་པ་དང༌། གསུམ་ག་ཤེས་པའི་མངལ་དུ་འཇུག་པ་ནི་གསུམ་དག་སྟེ། འཁོར་ལོས་བསྒྱུར་དང་རང་བྱུང་རང་རྒྱལ་དང་དེ་བཞིན་གཤེགས་པ་དང་གཉིས་ནི་རིམ་པ་བཞིན་དུའོ། །དེའང་འཁོར་ལོས་བསྒྱུར་བ་ནི་ལས་ཏེ་བསོད་ནམས་སམ་རང་རྒྱལ་ནི་བསྐལ་པ་བརྒྱར་བསྒོམས་པའི་ཡེ་ཤེས་སམ་སངས་རྒྱས་ནི་ཚོགས་གཉིས་ཀ་རྒྱ་ཆེ་བའི་ཕྱིར་ན་གོ་རིམ་བཞིན་སྦྱར་རོ། །དེ་དག་འཇུག་པ་ན་སངས་རྒྱས་སོགས་མིན་ཀྱང་མ་འོངས་པའི་མིང་གིས་དེ་ལྟར་སྨོས་སོ། །ཡང་རང་རྒྱལ་འཇུག་གནས་གཉིས་ཀ་ཤེས་པ་དང་སྒོ་ང་ལས་སྐྱེས་པ་རྟག་ཏུ་རྨོངས་པ་འགལ་ཏེ། ལྔ་ལེན་གྱི་རྒྱལ་བུ་སྒོང་སྐྱེས་དེ་རང་རྒྱལ་ཡིན་པའི་ཕྱིར་ཞེ་ན། དེའི་སྐྱོན་མེད་དེ། འཇུག་གནས་ཤེས་པ་བསེ་རུ་ལྟ་བུའི་དབང་དུ་བྱས་པ་དང༌། སྒོང་སྐྱེས་ནི་ཚོགས་ན་སྤྱོད་པའི་དབང་དུ་བྱས་པ་ཡིན་ནོ་ཞེས་གང་སྤེལ་ལས་བཤད་པའི་ཕྱིར། ཡང་ན་འཇུག་གནས་ཤེས་པ་ནི་མངལ་སྐྱེས་ཀྱི་དབང་དུ་བྱས་པའོ། ། གཉིས་པ་སྐྱེ་ཚུལ་རྟེན་འབྲེལ་གྱི་རང་བཞིན་ལ། ཕུང་པོ་ཉིང་མཚམས་སྦྱོར་ཚུལ། ཕུང་པོའི་རྒྱུན་ཐོག་མ་མེད་པ། རྟེན་འབྲེལ་གྱི་རང་བཞིན་གཏན་ལ་དབབ་པའོ། །དང་པོ་ནི། བདག་མེད་ཕུང་པོ་ཙམ་ཉིད་དོ། །ཉོན་མོངས་ལས་ཀྱིས་མངོན་འདུས་བྱས། ། སྲིད་པ་བར་མའི་རྒྱུན་གྱིས་ན། །མར་མེ་བཞིན་དུ་མངལ་དུ་འགྲོ། ། ཞེས་པས་བསྟན། ཕྱི་རོལ་པས། བདག་གྲུབ་པར་ཐལ། སེམས་ཅན་འཇིག་རྟེན་གཞན་དུ་འཕོ་བའི་ཕྱིར་ཞེ་ན། མ་ཁྱབ་སྟེ། ནང་གི་བྱེད་པའི་སྐྱེས་བུར་གྱུར་པའི་ཕུང་པོ་འདོར་ལེན་བྱེད་པའི་བདག་ནི་མེད་དོ། །འོ་ན་འཆི་སྲིད་ཉིང་མཚམས་སྦྱར་བའི་རྒྱུན་དེ་གང་ཞེ་ན། ཕུང་པོའི་རྒྱུན་ཙམ་ཉིད་དོ། །དེ་ལ་བདག་ཅེས་འདོགས་ན་བཀག་པ་མེད་དེ། ཇི་ལྟར་བཏགས་ཀྱང་རུང་བའི་ཕྱིར། ཕུང་པོ་ཙམ་མ་འགགས་པར་ཕུང་པོ་གཞན་དུ་འཕོ་བའི་མཐུ་མེད་དེ། ཉོན་མོངས་དང་ལས་ཀྱིས་མངོན་པར་འདུས་བྱས་པའི་རྣམ་སྨིན་དང་སྐྱེས་བུ་བྱེད་འབྲས་སུ་གྱུར་པའི་སྲིད་པ་བར་མའི་རྒྱུན་གྱིས་ན་མར་མེ་སྐད་ཅིག་མ་ཡིན་ཀྱང་རྒྱུན་གྱིས་འགྲོ་བས་འབར་བ་བཞིན་དུ་མངལ་དུ་འགྲོ་བའི་ཕྱིར། གཉིས་པ་ཕུང་པོའི་རྒྱུན་ཐོག་མ་མེད་པ་ནི། ཇི་ལྟར་འཕངས་བཞིན་རིམ་གྱིས་རྒྱུན། །སྐྱེས་ནས་ལས་དང་ཉོན་མོངས་ཀྱིས། ། འཇིག་རྟེན་ཕ་རོལ་དག་ཏུ་འགྲོ། །སྲིད་པའི་འཁོར་ལོ་ཐོག་མ་མེད། ། ཅེས་པས་བསྟན། ཇི་ལྟར་མ་རིག་པ་དང་འདུ་བྱེད་ཀྱིས་འཕངས་པ་བཞིན་རྣམ་ཤེས་མིང་གཟུགས་སྐྱེ་མཆེད་དྲུག་རེག་ཚོར་རིམ་གྱིས་རྒྱུན་སྐྱེས་ནས་ཏེ་དེའང་མངལ་དུ་འཆི་བ་དང་བུ་ཆུང་ངུ་འཆི་བ་དང་དར་བབ་ཏུ་འཆི་བ་རྣམས་དེ་དག་གི་ལས་སོ་སོར་བསགས་པའི་འཕེན་པའོ། །རིམ་པ་ནི་གཙུག་ལག་ལས། དང་པོར་ནུར་ནུར་པོ་ཡིན་ནོ། །ནུར་ནུར་པོ་ལས་མེར་མེར་སྐྱེ། །མེར་མེར་པོ་ལས་ནར་ནར་སྐྱེ། །ནར་ནར་པོ་ལས་མཁྲང་འགྱུར་སྐྱེ། །མཁྲང་ལས་རྐང་ལག་འགྱུས་པ་དང༌། །སྐྲ་སྤུ་སེན་མོ་ལ་སོགས་པ། །དབང་པོ་གཟུགས་ཅན་རྣམས་དང་ནི། །མཚན་རྣམས་རིམ་གྱིས་སྐྱེ་བར་འགྱུར། །ཞེས་སོ། །བཟའ་བ་སོགས་ཀྱིས་བསྐྱེད་པའི་དབང་པོ་རྣམས་སྨིན་ཏེ་ལས་བསགས་པ་དང་ཉོན་མོངས་སྤྱོད་པ་ཉིད་ཀྱིས་ལུས་ཞིག་ནས་སྔར་བཞིན་དུ་བར་སྲིད་ཀྱི་རྒྱུན་གྱིས་རྒ་ཤི་དང་སྐྱེ་བས་འཇིག་རྟེན་ཕ་རོལ་དག་ཏུ་འགྲོ་སྟེ། ལས་ཉོན་ལས་སྐྱེ་བ་དང་དེ་ལས་ཀྱང་ལས་ཉོན་གསོག་པས་སྲིད་པའི་འཁོར་ལོ་ཐོག་མ་མེད་པའི་ཕྱིར་རོ། ། གསུམ་པ་རྟེན་འབྲེལ་གྱི་རང་བཞིན་གཏན་ལ་དབབ་པ་ལ། གནས་སྐབས་པའི་རྟེན་འབྲེལ། ཡན་ལག་སོ་སོའི་ངོ་བོ། ཀུན་ནས་ཉོན་མོངས་གསུམ་དཔེས་བསྟན་པ། དེ་རྣམས་སྲིད་པ་བཞིར་བསྟན་པའོ། །དང་པོ་ལ། དབྱེ་བ་མདོར་བསྟན། ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། བཅུ་གཉིས་སུ་དབྱེ་བ། གསུམ་དུ་བསྡུ་བའོ། །དང་པོ་ནི། དེ་ནི་རྟེན་ཅིང་འབྲེལ་འབྱུང་བའི། །ཡན་ལག་བཅུ་གཉིས། ། ཞེས་པས་བསྟན། ཕུང་རྒྱུན་འཇིག་རྟེན་ཕ་རོལ་ནས་འདི་དང་འདི་ནས་ཕ་རོལ་ཏུ་སྐྱེ་བའི་གནས་སྐབས་གསུམ་པོ་དེ་ནི་འཁོར་བར་འཇུག་པ་རྒྱུ་མེད་དང་རྒྱུ་མི་མཐུན་པ་བསལ་བའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ཏེ། མ་རིག་པ། འདུ་བྱེད། རྣམ་ཤེས། མིང་གཟུགས། སྐྱེ་མཆེད་དྲུག །རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤིའོ། ། གཉིས་པ་གསུམ་དུ་བསྡུ་བ་ནི། ཆ་གསུམ་མོ། ། ཞེས་པས་བསྟན། དེ་དག་སྔ་ཕྱི་བར་གསུམ་མམ་དུས་གསུམ་གྱི་ཆ་གསུམ་མོ། ། གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ། ཚེ་གསུམ་ལ་རྫོགས་པའི་ཚུལ། ཉོན་མོངས་གསུམ་དུ་བསྡུ་བ། གཞན་གྱི་དོགས་པ་བསལ་བའོ། །དང་པོ་ལ། སོ་སོའི་རང་བཞིན་རྒྱས་པར་བཤད། འབྱུང་བ་གསུམ་བཤད། དེ་རྣམས་གནས་སྐབས་པར་བསྟན། མདོ་དང་འགལ་བ་སྤང་བའོ། །དང་པོ་ནི། སྔོན་དང་ཕྱི་མཐར་གཉིས་གཉིས་དང༌། །བར་དུ་བརྒྱད་ཡོངས་རྫོགས་ལྡན་ལ། ། ཞེས་པས་བསྟན། གསུམ་པོ་འདི་སྔོན་གྱི་མཐའ་དང་ཕྱི་མའི་མཐར་རིམ་པ་བཞིན་མ་རིག་པ་དང་འདུ་བྱེད། སྐྱེ་བ་དང་རྒ་ཤི་སྟེ་གཉིས་གཉིས་དང༌། བར་དུ་ལྷག་མ་རྣམ་ཤེས་ནས་སྲིད་པའི་བར་བརྒྱད་བཞག་གོ །དེའང་འདོད་པའི་སྐྱེ་གནས་དང་པོ་གསུམ་གྱིས་བསྡུས་པའི་ཚེ་ཡོངས་སུ་རྫོགས་པ་དང་ལྡན་པ་ལ་དགོངས་པ་ཡིན་གྱི། རྫུས་སྐྱེས་དང་བར་དོར་འཆི་བ་དང་ཁམས་གོང་མ་བ་གཉིས་ལ་ནི་དེ་ལྟར་མ་ངེས་སོ། ། གཉིས་པ་འབྱུང་བ་གསུམ་བཤད་པ་ལ། སྔོན་མཐར་འབྱུང་བ་བཤད། བར་དུ་འབྱུང་བ་བཤད། ཕྱི་མཐར་འབྱུང་བ་བཤད་པའོ། །དང་པོ་ནི། མ་རིག་ཉོན་མོངས་སྔོན་གནས་སྐབས། །འདུ་བྱེད་དག་ནི་སྔོན་ལས་ཀྱི། ། ཞེས་པས་བསྟན། མ་རིག་པའི་ཡན་ལག་ནི་ཉོན་མོངས་པ་ལ་སྤྱོད་པའི་ཚེ་སྔོན་མའི་གནས་སྐབས་གང་ཡིན་པའི་ཕུང་པོ་ལྔ་པོ་དེ་ནི་ཚེ་འདི་ལ་བལྟོས་ནས་མ་རིག་པའི་རྟེན་འབྲེལ་ཞེས་བྱ་སྟེ། ཉོན་མོངས་རྣམས་ནི་མ་རིག་པ་དང་ལྷན་ཅིག་སྤྱོད་ཅིང་མ་རིག་པའི་དབང་གིས་ཉོན་མོངས་དེ་དག་ཀུན་ཏུ་འབྱུང་བའི་ཕྱིར། རྒྱལ་པོ་གཤེགས་ན་ཞབས་འབྲིང་བ་ཡོང་བ་བཞིན་ནོ། །འདུ་བྱེད་དག་ནི་ཚེ་སྔོན་མ་ལ་བསོད་ནམས་ལ་སོགས་པའི་ལས་གསོག་པའི་གནས་སྐབས་ཀྱི་ཕུང་པོ་ལྔའོ། ། གཉིས་པ་བར་དུ་འབྱུང་བ་བཤད་པ་ནི། རྣམ་ཤེས་མཚམས་སྦྱོར་ཕུང་པོ་ཡིན། །མིང་དང་གཟུགས་ནི་དེ་ཕན་ཆད། ། སྐྱེ་མཆེད་དྲུག་དོད་ཚུན་ཆད་དོ། །དེ་ནི་གསུམ་འདུས་ཚུན་ཆད་དོ། ། རེག་པ་བདེ་སྡུག་ལ་སོགས་ཀྱི། །རྒྱུ་ཤེས་ནུས་པ་ཚུན་ཆད་དོ། ། ཚོར་འཁྲིག་ཚུན་ཆད་སྲེད་པ་ནི། །ལོངས་སྤྱོད་འཁྲིག་པ་ཆགས་ཅན་གྱི། ། ཉེ་བར་ལེན་པ་ལོངས་སྤྱོད་རྣམས། །ཐོབ་པར་བྱ་ཕྱིར་ཡོངས་རྒྱུག་པའི། ། དེ་སྲིད་འབྲས་བུ་འབྱུང་འགྱུར་བའི། །ལས་བྱེད་དེ་ནི་སྲིད་པ་ཡིན། ། ཞེས་པས་བསྟན། རྣམ་ཤེས་ཀྱི་ཡན་ལག་ནི་ཚེ་འདིར་མའི་མངལ་དུ་ཉིང་མཚམས་སྦྱོར་བའི་གནས་སྐབས་ཀྱི་སྐད་ཅིག་གཅིག་གི་ཕུང་པོ་ལྔ་ཡིན་ནོ། །མིང་དང་གཟུགས་ཀྱི་ཡན་ལག་ནི་མཚམས་སྦྱོར་བ་དེ་ཕན་ཆད་ནས་མིག་སོགས་སྐྱེ་མཆེད་དྲུག་དོད་ཚུན་ཆད་དོ་སྟེ་མ་དོད་པའི་བར་གྱི་ཕུང་པོ་ལྔའོ། །མིང་ནི་ཕུང་པོ་བཞི་སྟེ་མིང་ལྟར་ཐོགས་པ་མེད་པའོ། །གཟུགས་ནི་ནུར་ནུར་པོ་ལ་སོགས་པའོ། །སྐྱེ་མཆེད་དྲུག་གི་ཡན་ལག་དེ་ནི་དེ་རྣམས་ཚང་བར་དོད་ནས་ཡུལ་དབང་རྣམ་ཤེས་གསུམ་འདུས་པར་མ་གྱུར་པའི་ཚུན་ཆད་ཀྱི་ཕུང་པོ་ལྔ་པོ་ཉིད་དོ། །རེག་པའི་ཡན་ལག་ནི་ཡུལ་དབང་རྣམ་ཤེས་གསུམ་འདུས་ཏེ་བདེ་སྡུག་དང་ལ་སོགས་པས་བཏང་སྙོམས་ཀྱི་རྒྱུ་ཡུལ་ཡིད་དུ་འོང་མི་འོང་བར་མ་སོགས་ཤེས་པར་མི་ནུས་པ་ཚུན་ཆད་ཀྱི་བར་གྱི་ཕུང་པོ་ལྔ་པོ་ཉིད་དོ། །ཚོར་བའི་ཡན་ལག་ནི་ཚོར་བ་གསུམ་གྱི་རྒྱུ་གཅོད་ནུས་པ་ནས་འཁྲིག་པའི་འདོད་ཆགས་མི་འབྱུང་བའི་བར་ཚུན་ཆད་ཀྱི་ཕུང་པོ་ལྔའོ། །སྲེད་པའི་ཡན་ལག་ནི་འདོད་པའི་ཡོན་ཏན་གྱི་ལོངས་སྤྱོད་དང་འཁྲིག་པ་ལ་ལྷག་པར་ཆགས་པ་ཅན་གྱི་ཡུལ་ཚོལ་བ་ལ་མ་ཞུགས་པའི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །ཉེ་བར་ལེན་པའི་ཡན་ལག་ནི་སྐབས་གང་དུ་རྟ་གླང་འབྲུ་བང་མཛོད་སོགས་འདོད་ཡོན་དང་འཁྲིག་པའི་ལོངས་སྤྱོད་རྣམས་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་འཚོལ་བ་ལ་ཞུགས་ནས་ཐམས་ཅད་དུ་རྒྱུག་པའི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །ཡོངས་སུ་རྒྱུག་པ་དེ་ཡང་སྲིད་ཕྱི་མའི་འབྲས་བུ་བདེ་སྡུག་ལ་སོགས་པ་འབྱུང་བར་འགྱུར་བའི་ལས་དགེ་མི་དགེ་གསོག་པར་བྱེད་པའི་ཕུང་པོ་ལྔ་པོ་དེ་ནི་དེའི་སྲིད་པའི་ཡན་ལག་ཡིན་ཏེ། འབྱུང་བར་འགྱུར་བས་ན་སྲིད་པ་ནི་ལས་ཀྱི་རྣམ་གྲངས་ཡིན་པའི་ཕྱིར། ཞིབ་པར་དཔྱད་ན་འདི་ནི་འདུ་བྱེད་ཀྱི་རྟེན་འབྲེལ་གྱི་ཡན་ལག་ལས་ངོ་བོ་ཐ་དད་པ་མ་ཡིན་ནོ། ། གསུམ་པ་ཕྱི་མཐར་འབྱུང་བ་བཤད་པ་ནི། ཉིང་མཚམས་སྦྱོར་བ་སྐྱེ་བ་ཡིན། །ཚོར་བའི་བར་ནི་རྒ་ཤི་ཡིན། ། ཞེས་པས་བསྟན། ལས་དེས་ཀྱང་འདི་ནས་ཤི་འཕོས་ནས་ཕྱི་མར་ཉིང་མཚམས་སྦྱོར་བའི་གནས་སྐབས་ཀྱི་ཕུང་པོ་ལྔ་པོ་དེ་ནི་སྐྱེ་བའི་ཡན་ལག་ཡིན་ཏེ། །འདི་ལ་རྣམ་ཤེས་ཀྱི་ཡན་ལག་ཏུ་བཞག་པ་དེ་ཕྱི་མ་ལ་སྐྱེ་བའི་ཡན་ལག་ཏུ་བཞག་པའི་ཕྱིར། སྐྱེ་བ་ཕན་ཆད་ཚོར་བའི་བར་གྱི་ཕུང་པོ་ལྔ་ནི་གདུལ་བྱ་སྐྱོ་བར་བྱ་བའི་ཕྱིར་རྒ་ཤིའི་ཡན་ལག་ཡིན་པར་བཅོམ་ལྡན་འདས་ཀྱིས་བསྟན་པ་ཡིན་ནོ། ། གསུམ་པ་དེ་གནས་སྐབས་པར་བསྟན་པ་ལ། དངོས་དང༌། དོགས་སྤོང་ངོ༌། །དང་པོ་ནི། འདི་ནི་གནས་སྐབས་པར་འདོད་ལོ། ། ཞེས་པས་བསྟན། རྟེན་འབྲེལ་དེ་ལ་དབྱེ་ན། སྐད་ཅིག་མ་དང༌། རྒྱུན་ཆགས་པ་དང༌། འབྲེལ་བ་ཅན་དང༌། གནས་སྐབས་པ་དང་བཞིའོ། །སྐད་ཅིག་ལ་ཡན་ལག་བཅུ་གཉིས་སུ་འཇོག་པའི་ཚུལ་ནི་རང་འགྲེལ་ལས། སྐད་ཅིག་མ་ཇི་ལྟ་བུ་ཞེ་ན། སྐད་ཅིག་མ་གཅིག་ལ་ཡན་ལག་བཅུ་གཉིས་སུ་ཡོད་པ་སྟེ། འདི་ལྟ་སྟེ། ཆགས་པའི་དབང་གིས་སྲོག་གཅོད་པའི་རྨོངས་པ་གང་ཡིན་པ་དེ་ནི་མ་རིག་པའོ། །སེམས་པ་གང་དག་ཡིན་པ་དེ་དག་ནི་འདུ་བྱེད་རྣམས་སོ། །དངོས་པོ་སོ་སོར་རྣམ་པར་རིག་པ་ནི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བའི་ཕུང་པོ་བཞི་ནི་མིང་དང་གཟུགས་སོ། །མིང་དང་གཟུགས་ལ་རྣམ་པར་གནས་པའི་དབང་པོ་རྣམས་ནི་སྐྱེ་མཆེད་དྲུག་གོ །སྐྱེ་མཆེད་དྲུག་འདུས་པ་ནི་རེག་པའོ། །རེག་པ་ཉམས་སུ་མྱོང་བ་ནི་ཚོར་བའོ། །ཆགས་པ་གང་ཡིན་པ་དེ་ནི་སྲེད་པའོ། །དེ་དང་མཚུངས་པར་ལྡན་པའི་ཀུན་ནས་དཀྲིས་པ་རྣམས་ནི་ལེན་པའོ། །དེས་ཀུན་ནས་བསླངས་པའི་ལུས་དང་ངག་གི་ལས་ནི་སྲིད་པའོ། །ལས་དེ་རྣམས་སྐྱེ་བ་ནི་སྐྱེ་བའོ། །ཡོངས་སུ་སྨིན་པ་ནི་རྒ་བའོ། །ཞིག་པ་ནི་ཤི་བའོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་རྟེན་འབྲེལ་བཞི་ལས་བཅོམ་ལྡན་འདས་ཀྱིས་ཚེ་གསུམ་གྱི་གནས་སྐབས་ཀྱི་ཕུང་པོའི་རྒྱུན་ལ་ཡན་ལག་བཅུ་གཉིས་སུ་རྣམ་པར་བཞག་པ་འདི་ནི་གནས་སྐབས་པར་གྱུར་པ་སྟེ་དེ་སྐབས་སུ་བབ་པར་དགོངས་ནས་འདིར་བསྟན་པར་བྱེ་སྨྲ་འདོད་དོ། །ལོ་ནི་བྱེ་སྨྲའི་འདོད་པ་སྟོན་པ་སྟེ་སྐྱེ་མཆེད་དྲུག་དང་མིང་གཟུགས་ལ་ཕུང་ལྔའི་གནས་སྐབས་ཡོད་དུ་ཆུག་ཀྱང་མ་རིག་པ་དང་འདུ་བྱེད་ལ་ཕུང་ལྔའི་གནས་སྐབས་ཇི་ལྟར་ཡོད་ཅེས་མདོ་སྡེ་པ་མ་རངས་པའི་ཚིག་གོ ། གཉིས་པ་དོགས་སྤོང་ནི། གཙོ་བོའི་ཕྱིར་ན་ཡན་ལག་བསྒྲགས། ། ཞེས་པས་བསྟན། ཡན་ལག་བཅུ་གཉིས་པོ་ཐམས་ཅད་ལ་ཕུང་པོ་ལྔ་ཆར་ཡོད་ན་མ་རིག་པ་ཁོ་ན་ལ་ཅིས་སྒྲགས་སྙམ་ན། གནས་སྐབས་དེར་མ་རིག་པ་གཙོ་བོ་ཡིན་པའི་ཕྱིར་ན་གཙོ་བོའི་མིང་གིས་ཡན་ལག་ཏུ་བསྒྲགས་པ་ཡིན་ཏེ་དཔུང་གི་ཚོགས་ཡན་ལག་བཞི་དང་ལྡན་པ་ལའང་རྒྱལ་པོ་བྱུང་ཞེས་བརྗོད་པ་བཞིན་ནོ། །དེ་བཞིན་དུ་འདུ་བྱེད་ནས་རྒ་ཤིའི་བར་གང་གཙོའི་སྐབས་དེར་སྔར་བཞིན་སྦྱར་ནས་ཤེས་པར་བྱའོ། ། བཞི་པ་མདོ་དང་འགལ་བ་སྤང་བ་ནི། སྔོན་དང་ཕྱི་མཐའ་བར་དག་ལ། །རྨོངས་པ་རྣམ་པར་བཟློག་ཕྱིར་རོ། ། ཞེས་པས་བསྟན། མདོ་ལས་སེམས་ཅན་དུ་སྟོན་པ་ཁོ་ན་གསུངས་པ་ནི་སྔོན་དང་ཕྱི་མཐའ་བར་དག་ལ་བདག་དུས་གསུམ་དུ་རིམ་པ་བཞིན་བྱུང་ངམ་མ་བྱུང༌། འབྱུང་བར་འགྱུར་རམ་མི་འགྱུར། བར་འདིར་ཅི་ལྟ་བུ་ཞིག་གོ་སྙམ་པ་སོགས་ཐེ་ཚོམ་སྐྱེ་བས་དེ་ལྟ་བུའི་ཐེ་ཚོམ་དང་རྨོངས་པ་རྣམ་པར་བཟློག་པའི་ཕྱིར་རོ། ། གཉིས་པ་ཉོན་མོངས་གསུམ་དུ་བསྡུ་བ་ལ། དངོས་དང༌། བདུན་པོ་འབྲས་བུ་ཡིན་པར་བསྟན་པ། ཐོག་མཐའ་གཉིས་ལ་རྒྱས་བཤད་མ་མཛད་པའི་རྒྱུ་མཚན་ནོ། །དང་པོ་ནི། ཉོན་མོངས་གསུམ་མོ་ལས་གཉིས་སོ། །གཞི་བདུན། ། ཞེས་པས་བསྟན། ཡན་ལག་བཅུ་གཉིས་ལས་མ་རིག་པ་དང་སྲེད་པ་དང་ལེན་པ་ནི་ཉོན་མོངས་གསུམ་མོ། །དེ་ལ་མ་རིག་པ་ད་ལྟར་གྱི་སྐྱེ་བའི་རྒྱུ་དང་སྲེད་ལེན་མ་འོངས་པའི་སྐྱེ་བའི་རྒྱུའོ། །ལས་ནི་འདུ་བྱེད་དང་སྲིད་པ་གཉིས་སོ། །དེ་དག་ད་ལྟར་གྱི་དང་མ་འོངས་པའི་སྐྱེ་བའི་རྒྱུའོ། །ལས་ཉོན་གྱི་རྟེན་ཡིན་པའི་ཕྱིར་གཞིའི་ཡན་ལག་ནི་བདུན་ཏེ། རྣམ་ཤེས་ནས་ཚོར་བའི་བར་ལྔ། སྐྱེ་བ་དང་རྒ་ཤིའོ། ། གཉིས་པ་བདུན་པོ་འབྲས་བུ་ཡིན་པར་བསྟན་པ་ནི། དེ་བཞིན་འབྲས་བུ་ཡིན། ། ཞེས་པས་བསྟན། ཡན་ལག་བདུན་ལས་ཉོན་གྱི་གཞི་ཡིན་པ་དེ་བཞིན་དུ་འབྲས་བུའང་ཡིན་ཏེ། མ་རིག་པ་དང་འདུ་བྱེད་ཀྱི་འབྲས་བུ་ནི་རྣམ་ཤེས་ནས་ཚོར་བའི་བར་ལྔ་ཡིན་ལ། སྲེད་ལེན་སྲིད་པ་གསུམ་གྱི་འབྲས་བུ་ནི་སྐྱེ་བ་དང་རྒ་ཤི་གཉིས་ཡིན་པའི་ཕྱིར་རོ། ། གསུམ་པ་ཐོག་མཐའ་གཉིས་ལ་རྒྱས་བཤད་མ་མཛད་པའི་རྒྱུ་མཚན་ནི། གཉིས་ཀྱི་རྒྱུ་འབྲས་མདོར་བསྡུས་པ། །བར་མའི་རྗེས་སུ་དཔག་པ་ལས། ། ཞེས་པས་བསྟན། ཡང་ཚེ་འདི་ལ་ནི་རྣམ་ཤེས་ནས་ཚོར་བའི་བར་འབྲས་བུ་ལྔ་དང་ཉོན་མོངས་པ་དང་ལས་གཉིས་སོགས་རྒྱ་ཆེར་བཤད་ན། མ་འོངས་པའི་དུས་སུ་སྐྱེ་བ་དང་རྒ་ཤི་གཉིས་སུ་བསྡུས་ཏེ་འབྲས་བུ་བསྟན་པ་དང༌། འདས་པའི་དུས་སུ་མ་རིག་པ་གཅིག་པུར་བསྡུས་ཏེ་རྒྱུ་སྟོན་པ་ཅི་ཞེ་ན། འདས་མ་འོངས་གཉིས་ཀྱི་རྒྱུ་འབྲས་ཀྱི་ཡན་ལག་ཆོས་ཅན། མདོར་བསྡུས་པ་ཙམ་ལས་འདས་དུས་སུ་རྒྱུ་གཉིས་དང་ཕྱི་དུས་སུ་འབྲས་བུ་ལྔར་ཕྱེ་ནས་མ་བཤད་དེ། བར་མའི་རྒྱུ་འབྲས་ཀྱི་དབྱེ་བ་རྒྱས་བཤད་ཁོ་ནས་སྔ་ཕྱིའི་དེ་རྗེས་སུ་དཔག་པ་ལས་ཤེས་ནུས་པའི་ཕྱིར། དོན་མེད་པས་མི་ངལ་ལོ། ། གསུམ་པ་གཞན་གྱི་དོགས་པ་བསལ་བ་ལ། གྲངས་ངེས་ལ་དོགས་པ་བསལ་བ་དང༌། འབྱུང་བ་དང་བྱུང་བའི་ཁྱད་པར་རོ། །དང་པོ་ནི། ཉོན་མོངས་པ་ལས་ཉོན་མོངས་དང༌། །བྱ་བ་ཉིད་དོ་དེ་ལས་གཞི། ། དེ་ལས་གཞི་དང་ཉོན་མོངས་སྐྱེ། །འདི་ནི་སྲིད་པའི་ཡན་ལག་ལུགས། ། ཞེས་པས་བསྟན། ཡང་འཁོར་བ་ལ་ཐོག་མཐའ་ཡོད་པར་ཐལ། མ་རིག་པ་ལ་རྒྱུ་དང་རྒ་ཤི་ལ་འབྲས་བུ་མེད་པའི་ཕྱིར། མ་གྲུབ་ན་ཡན་ལག་གཞན་གྱིས་ཁ་སྐོང་དགོས་པར་ཐལ། དེ་དག་ལའང་རྒྱུ་འབྲས་ཡོད་པའི་ཕྱིར། འདོད་ན་ཐུག་པ་མེད་པར་ཐལ། འདོད་པ་དེའི་ཕྱིར་ཞེ་ན། དེ་དག་ལ་རྒྱུ་འབྲས་ཡོད་ན་ཁ་གཞན་ནས་སྐོང་དགོས་པས་མ་ཁྱབ་བོ་ཞེས་པ་ནི། བཅོམ་ལྡན་འདས་ཀྱིས་ཉོན་མོངས་སྲེད་པ་ལས་ཉོན་མོངས་ལེན་པ་དང༌། ཉོན་མོངས་ལས་བྱ་བའི་ལས་ཉིད་སྐྱེ་སྟེ། མ་རིག་པ་ལས་འདུ་བྱེད་དང༌། ལེན་པ་ལས་སྲིད་པ་སྐྱེའོ། །ལས་འདུ་བྱེད་སྲིད་པ་དེ་ལས་གཞི་རྣམ་ཤེས་དང་སྐྱེ་བ་འབྱུང་ཞིང༌། དེ་ལས་གཞི་མིང་གཟུགས་ནས་ཚོར་བའི་བར་དང་རྒ་ཤི་འབྱུང་ལ། གཞི་ཚོར་བ་དང་རྒ་ཤི་ལས་ཉོན་མོངས་པ་མ་རིག་པ་དང་སྲེད་ལེན་སྐྱེ་བ་འདི་ནི་སྲིད་པའི་ཡན་ལག་རྣམས་ཀྱི་ལུགས་དེ་ལྟར་ཡིན་ནོ། ། གཉིས་པ་འབྱུང་བ་བྱུང་བའི་ཁྱད་པར་ནི། འདིར་ནི་འབྱུང་བ་རྒྱུ་ཡིན་ཏེ། བྱུང་བ་འབྲས་བུ་ཡིན་པར་འདོད། ། ཅེས་པས་བསྟན། མདོའི་དགོངས་པ་འདིར་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་ཆོས་ཅན། རྒྱུར་གྱུར་པའི་ཡན་ལག་ཡིན་ཏེ། འདི་ལས་འབྱུང་བའི་ཕྱིར། རྟེན་ཅིང་འབྲེལ་བར་བྱུང་བ་ནི་ཆོས་ཅན། གནས་པའི་ཡན་ལག་ཡིན་པར་འདོད་དེ། འདི་བྱུང་བའི་ཕྱིར། དེ་ལྟར་ན་ཡན་ལག་ཐམས་ཅད་ཀྱང་ཆོས་ཅན། འབྱུང་བ་དང་བྱུང་བ་གཉིས་ཀར་གྲུབ་སྟེ། རྒྱུ་འབྲས་སུ་གྱུར་པའི་ཕྱིར། དེ་ལྟར་ནའང་རྒྱུ་འབྲས་འཆོལ་བར་ནི་མི་འགྱུར་ཏེ། གང་ལ་བལྟོས་ནས་རྟེན་འབྱུང་དེ་དེར་བལྟོས་ནས་རྟེན་ཅིང་འབྱུང་བ་མིན་པའི་ཕྱིར། རང་གི་ཕ་ལ་བལྟོས་ནས་བུ་ཁོ་ན་ཡིན་གྱི་ཕ་མིན་པ་བཞིན་ནོ། ། གཉིས་པ་ཡན་ལག་སོ་སོའི་ངོ་བོ་ལ་གཉིས། ཡན་ལག་བཞི་དངོས་སུ་བཤད་པ། ལྷག་མ་གཞན་ལས་ཤེས་པར་བསྟན་པས་སོ། །དང་པོ་ལ་བཞི། མ་རིག་པ། མིང༌། རེག་པ། ཚོར་བ་བཤད་པའོ། །དང་པོ་ལ་གཉིས། ངོ་བོ་ངོས་བཟུང་བ་དང༌། ལོག་རྟོག་བསལ་བའོ། །དང་པོ་ནི། རིག་པའི་མི་མཐུན་ཕྱོགས་ཆོས་གཞན། །མ་རིག་མི་མཛའ་རྫུན་སོགས་བཞིན། ། ཞེས་པས་བསྟན། མ་རིག་པའི་དོན་ནི། ཡང་དག་པར་རིག་པ་དངོས་ཀྱི་མི་མཐུན་ཕྱོགས་སུ་གྱུར་པའི་བདེན་པ་དང་ལས་འབྲས་དང་དཀོན་མཆོག་ལ་སོགས་པ་མི་གསལ་བའི་སེམས་ལས་བྱུང་བ་ཆོས་གཞན་ཞིག་མ་རིག་པ་ཡིན་གྱི། དངོས་མེད་དང་བེམས་པོའང་དེར་འགྱུར་བས་རིག་པ་མེད་པ་དང༌། མ་ཡིན་པར་དགག་པ་ཙམ་ནི་མ་ཡིན་ཏེ། དཔེར་ན་མི་མཛའ་བ་དང་རྫུན་ཏེ་མི་བདེན་པ་དང༌། སོགས་པའི་སྒྲས་ཆོས་མ་ཡིན་པ་དང༌། དོན་མ་ཡིན་པ་དང༌། བྱ་བ་མ་ཡིན་པ་ལ་སོགས་པ་དགྲ་དང་རྫུན་དང་མི་དགེ་བ་དང་ལོག་པའི་དོན་དང༌། དྲན་པའི་བྱ་བ་ལ་སོགས་པ་གོ་བ་བཞིན་ནོ། །གལ་ཏེ་རིག་པ་མེད་པ་ཙམ་མ་ཡིན་པར་གང་ལས་ཤེས་ན། མདོ་ལས། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་འབྱུང་ངོ་ཞེས་དངོས་པོར་བསྟན་པའི་ཕྱིར། རིགས་པས་ཀྱང་གྲུབ་སྟེ། རིག་པ་མིན་པ་མིག་སོགས་ཀྱང་འདུ་བྱེད་ཀྱི་རྐྱེན་མ་ཡིན་པའི་ཕྱིར་ཏེ། དགྲ་བཅོམ་པ་ལ་མིག་ལ་སོགས་པ་ཡོད་ཀྱང་དེས་འདུ་བྱེད་ཀྱི་རྐྱེན་མི་བྱེད་པའི་ཕྱིར། རིག་པ་མེད་པ་རི་བོང་གི་རྭ་ལ་སོགས་པས་ཀྱང་འདུ་བྱེད་ཀྱི་རྐྱེན་མི་བྱེད་པའི་ཕྱིར། གཉིས་པ་ལ་གཉིས། ཉོན་མོངས་ཀྱི་མིང་དུ་འདོད་པ་དགག །ཤེས་རབ་ངན་པ་ལ་དེར་བརྗོད་པ་དགག་པའོ། །དང་པོ་ནི། ཀུན་སྦྱོར་སོགས་ཚིག་ཕྱིར། ། ཞེས་པས་བསྟན། མ་རིག་པ་ནི་རིག་པ་མེད་ཙམ་དང་རིག་པ་མ་ཡིན་ཙམ་ལ་མི་འཇོག་སྟེ། ཀུན་སྦྱོར་དང་སོགས་པས་འཆིང་བ་གསུམ་ཆུ་བོ་བཞི་སྦྱོར་བ་བཞིའི་ཚིག་ཏུ་མ་རིག་པ་ཞེས་སེམས་བྱུང་ཐ་དད་དུ་གསུངས་པའི་ཕྱིར། གཉིས་པ་ཤེས་པ་ངན་པ་ལ་དེར་བརྗོད་པ་དགག་པ་ནི། གལ་ཏེ། ། ཤེས་རབ་ངན་པའོ་མིན་ལྟ་ཕྱིར། ། ལྟ་བ་དེ་དང་མཚུངས་ལྡན་ཕྱིར། །ཤེས་རབ་ཉོན་མོངས་བསྟན་ཕྱིར་རོ། ། ཞེས་པས་བསྟན། གལ་ཏེ་བུ་ངན་པ་ལ་བུ་མ་ཡིན་ཟེར་བ་བཞིན་དུ་ཤེས་རབ་ངན་པ་ནི་མ་རིག་པའོ་ཞེ་ན། ཤེས་རབ་ངན་པ་ནི་མ་རིག་པ་མིན་ཏེ། ཉོན་མོངས་ཅན་དུ་གྱུར་པའི་ལྟ་བ་ཡིན་པའི་ཕྱིར། གལ་ཏེ་ལྟ་བ་མ་ཡིན་པའི་ཤེས་རབ་ངན་པ་ཉོན་མོངས་ཅན་རྣམས་མ་རིག་པ་ཡིན་ནོ་ཞེ་ན། དེའང་མ་ཡིན་ཏེ། མ་རིག་པ་ལྟ་བ་དེ་དང་མཚུངས་པར་ལྡན་པའི་ཕྱིར་དང༌། ལྟ་བའང་ཤེས་རབ་ཡིན་པས་ཤེས་རབ་ཀྱི་རྫས་གཉིས་ནམ་དུའང་མཚུངས་པར་ལྡན་པ་མི་སྲིད་པའི་ཕྱིར། གཞན་ཡང་ཤེས་རབ་ངན་པ་དེ་མ་རིག་པ་མ་ཡིན་ཏེ། མ་རིག་པ་དེ་ཤེས་རབ་ཉོན་མོངས་པར་བྱེད་པ་པོ་ཡིན་པར་བསྟན་པའི་ཕྱིར་རོ། ། གཉིས་པ་མིང་བཤད་པ་ནི། མིང་ནི་གཟུགས་ཅན་མིན་ཕུང་པོ། ། ཞེས་པས་བསྟན། མིང་ནི་ཚོར་བ་ལ་སོགས་པའི་གཟུགས་ཅན་མིན་པའི་ཕུང་པོ་བཞི་ཡིན་ཏེ། དེ་དག་ནི་མིང་གི་དབང་གིས་དོན་ལ་འཇུག་པ་དང་མིང་ལྟར་ཐོགས་པ་མེད་པའི་ཕྱིར། གསུམ་པ་རེག་པ་བཤད་པ་ནི། རེག་དྲུག་འདུས་ཏེ་བྱུང་བ་ཡིན། །ལྔ་ནི་ཐོགས་པའི་རེག་པ་ཡིན། ། དྲུག་པ་བླ་དྭགས་ཚིག་ཅེས་བྱ། །རིག་དང་མ་རིག་དང་གཞན་རེག ། དྲི་མེད་ཉོན་མོངས་ཅན་ལྷག་མ། །གནོད་སེམས་རྗེས་སུ་ཆགས་པའི་རེག ། བདེ་བ་མྱོང་འགྱུར་ལ་སོགས་གསུམ། ། ཞེས་པས་བསྟན། མིག་ནས་ཡིད་ཀྱི་བར་གྱི་རེག་པ་དྲུག་ཆོས་ཅན། འདུས་ཏེ་བྱུང་བ་ཡིན་ཏེ། ཡུལ་དབང་རྣམ་ཤེས་གསུམ་འདུས་པ་ལས་སྐྱེས་པའི་ཕྱིར། དེའང་ལྷན་ཅིག་སྐྱེ་བའི་དབང་པོ་དང་པོ་ལྔ་དང་རྣམ་ཤེས་འདུ་བ་འཕྲད་ཀྱང་ཡིད་ཀྱི་འདུས་ཏེ་རེག་པ་ལ་དེ་གསུམ་འདུས་པའི་ངེས་པ་མེད་དེ། ཡིད་དབང་འགགས་པ་དང་ཆོས་མ་འོངས་པ་འབྱུང་འགྱུར་དང་ཡིད་ཤེས་ད་ལྟར་བ་རྣམས་ལྷན་ཅིག་ཏུ་འདུས་པ་མི་འཐད་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། རྒྱུ་འབྲས་སུ་འདུ་བ་ཉིད་ལ་འདུ་བ་ཞེས་བྱ་བའི་ཕྱིར། ཡང་ན་འབྲས་བུ་གཅིག་པ་ཉིད་འདུ་བའི་དོན་ཡིན་ཏེ། འབྲས་བུ་རེག་པ་གཅིག་སྐྱེད་པར་རྗེས་སུ་མཐུན་པའི་ཕྱིར། རེག་པ་འདི་ལ་སྔོན་གྱི་སློབ་དཔོན་རྣམས་དགོངས་པ་ཐ་དད་པ་དུ་མ་ཡོད་པ་ནི་ཊཱིཀ་ཆེན་ལས་འབྱུང་བས་དེར་བལྟ་བར་བྱའོ། ། རེག་པ་དེ་དག་ལས་དང་པོ་ལྔ་ནི་ཐོགས་པའི་རེག་པ་ཡིན་ཏེ། ཐོགས་བཅས་ཀྱི་དབང་པོ་གཟུགས་ཅན་ལ་བརྟེན་ནས་སྐྱེས་པའི་རེག་པ་ཡིན་པའི་ཕྱིར། དྲུག་པ་ལ་བླ་དྭགས་ཚིག་གི་རེག་པ་ཞེས་བྱ་སྟེ། དོན་གཅིག་ལ་མིང་དུ་མ་གདགས་སུ་རུང་བས་མིང་ནི་ཚིག་བླ་དྭགས་ཡིན་ལ། དེ་ལ་དམིགས་པའི་རེག་པ་ཡིན་པའི་ཕྱིར། དེའང་མིག་ཤེས་ཀྱིས་ནི་སྔོན་པོ་ཤེས་ཀྱི་སྔོན་པོའོ་སྙམ་དུ་མི་ཤེས་ལ་ཡིད་ཤེས་ཀྱིས་ནི་སྔོན་པོའོ་སྙམ་དུ་ཤེས་ཏེ་དོན་འདིའི་མིང་འདི་ཡིན་ཞེས་ཤེས་པར་བྱེད་པའི་ཕྱིར། ཡང་དྲུག་པོ་དེ་ཉིད་གསུམ་དུ་འགྱུར་ཏེ། རིག་པའི་རེག་པ་དང༌། མ་རིག་པའི་རེག་པ་དང༌། དེ་གཉིས་ལས་གཞན་པའི་རེག་པའོ། །དང་པོ་གཉིས་ནི་རིམ་པ་བཞིན་དྲི་མེད་དེ་ཟག་མེད་ཀྱི་རེག་པ་དང་ཉོན་མོངས་ཅན་གྱི་རེག་པ་ཡིན་ཏེ། སྐབས་འདིར་སྨོས་པའི་རིག་པ་ནི་ཟག་མེད་ཀྱི་ཤེས་རབ་དང་མ་རིག་པ་ནི་ཉོན་མོངས་ཅན་གྱི་ཤེས་རབ་ཡིན་པས་དེ་དང་དེ་མཚུངས་ལྡན་ཡིན་པའི་ཕྱིར་རོ། །གསུམ་པ་ནི་དེ་གཉིས་ཀྱི་ལྷག་མ་ཤེས་རབ་དགེ་བ་ཟག་བཅས་དང་མ་བསྒྲིབས་ལུང་མ་བསྟན་དང་མཚུངས་ལྡན་གྱི་རེག་པ་ལ་བྱེད་པ་ཡིན་ཏེ། གོང་གི་ཤེས་རབ་གཉིས་གང་རུང་དང་མཚུངས་པར་མི་ལྡན་པའི་རེག་པ་ཡིན་པའི་ཕྱིར། མ་རིག་པའི་རེག་པའི་ནང་ནས་གནོད་སེམས་དང་རྗེས་སུ་ཆགས་པའི་རེག་པ་ཞེས་གྲོགས་ཀྱི་མིང་གིས་བཏགས་པ་གཉིས་ནི་ཉེས་པ་ཆེ་བས་ལོགས་ཤིག་ཏུ་བསྟན་པ་ཡིན་ནོ། །ཡང་རེག་པ་ཐམས་ཅད་བསྡུ་ན་བདེ་བ་མྱོང་བར་འགྱུར་བའི་རེག་པ་དང་ལ་སོགས་པས་སྡུག་བསྔལ་མྱོང་བར་འགྱུར་བ་དང་བཏང་སྙོམས་མྱོང་བར་འགྱུར་བའི་རེག་པ་དང་གསུམ་སྟེ་བདེ་བ་མྱོང་བར་འགྱུར་བ་ལ་སོགས་པ་དང་རྒྱུ་མཐུན་པའི་ཕྱིར། དེ་ལྟར་ན་རེག་པ་བཅུ་དྲུག་གོ ། བཞི་པ་ཚོར་བ་བཤད་པ་ལ་སྤྱིར་དབྱེ་བ་དང༌། སེམས་ཚོར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དེ་ལས་བྱུང་བའི་ཚོར་བ་དྲུག །ལྔ་ནི་ལུས་ཀྱིའོ་སེམས་ཀྱི་གཞན། ། ཞེས་པས་བསྟན། རེག་པ་དེ་ལས་བྱུང་བའི་ཚོར་བ་ནི་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་སོགས་པའོ། །དེ་དག་ལས་དང་པོ་ལྔ་ནི་དབང་པོ་གཟུགས་ཅན་ལ་བརྟེན་པའི་ཕྱིར་ལུས་ཀྱི་ཚོར་བ་ཞེས་བྱའོ། །སེམས་ཀྱི་ཚོར་བ་ནི་དེ་ལྔ་ལས་གཞན་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ། །ཅི་ཚོར་བ་རེག་པའི་འོག་ཏུའམ་དུས་མཉམ་དུ་འབྱུང་ཞེ་ན། བྱེ་སྨྲ་ན་རེ། དུས་མཉམ་སྟེ། ཕན་ཚུན་ལྷན་ཅིག་འབྱུང་རྒྱུ་ཡིན་པའི་ཕྱིར་ཞེས་ཟེར་རོ། །མདོ་སྡེ་པས། ལྷན་ཅིག་འབྱུང་བས་སྐྱེད་བྱེད་ཀྱིས་བསྐྱེད་བྱའི་དངོས་པོ་ཅིས་གྲུབ་ཅེས་དྲིས་པ་ལ། བྱེ་སྨྲས། དེ་དེས་ཅིས་མི་འགྲུབ་པའི་རྒྱུ་ཚུར་དྲིས་པ་ལས། མདོ་སྡེ་པས། ལྷན་ཅིག་འབྱུང་བ་གཉིས་ཆོས་ཅན། བསྐྱེད་བྱ་སྐྱེད་བྱེད་དུ་མི་འགྲུབ་སྟེ། ཆོས་སྐྱེས་ཟིན་པ་ལ་ནི་སྐྱེད་པར་བྱེད་པའི་ནུས་མཐུ་མེད་པའི་ཕྱིར་ཞེས་པ་ལ་སོགས་པ་བྱེ་མདོ་གཉིས་ཀྱི་བརྒལ་ལན་དུ་མ་ཡོད་པ་ནི་ཊཱིཀ་ཆེན་ཉིད་ལས་འབྱུང་ངོ༌། ། གཉིས་པ་སེམས་ཚོར་བྱེ་བྲག་ཏུ་བཤད་པ་ལ། བསྟན། བཤད། བསྡུ་བའོ། །དང་པོ་ནི། དེ་ཡིད་ཉེ་བར་རྒྱུ་བ་ལས། །རྣམ་པ་དག་ནི་ཡང་བཅོ་བརྒྱད། ། ཅེས་པས་བསྟན། སེམས་བྱུང་ཚོར་བ་དེ་ཉིད་གཟུགས་སོགས་དྲུག་ལ་ཡིད་བདེ་བ་དང་ཡིད་མི་བདེ་བ་དང་བཏང་སྙོམས་ཉེ་བར་རྒྱུ་བ་དྲུག་ཚན་གསུམ་ལས་རྣམ་པ་དག་ནི་ཡང་བཅོ་བརྒྱད་དུ་རྣམ་པར་བཞག་གོ །མཆིམས་ཆེན་པོའི་ཊཱི་ཀར། བྱེ་སྨྲས། བཞོན་པ་ལྟ་བུའི་ཡིད་ལ་བརྟེན་ནས་ཚོར་བ་ཡུལ་ལ་རྒྱུ་བར་འདོད་ལ། མདོ་སྡེ་པས། ཚོར་བ་ལ་བརྟེན་ནས་ཡིད་ཡུལ་ལ་རྒྱུ་བའོ་ཞེས་བྲིས་སྣང་ངོ༌། ། གཉིས་པ་རྒྱས་བཤད་ལ། འདོད་པའི། གཟུགས་ཀྱི། གཟུགས་མེད་ཀྱི་ཚོར་བ་རྒྱས་བཤད་དོ། །དང་པོ་ལ། རང་ས་ལ་དམིགས་པ། གཟུགས་ལ་དམིགས་པ། གཟུགས་མེད་ལ་དམིགས་པའོ། །དང་པོ་ནི། འདོད་ན་ཐམས་ཅད་རང་དམིགས་ཅན། ། ཞེས་པས་བསྟན། ཡིད་ཉེ་རྒྱུ་འདི་དག་འདོད་ཁམས་ན་བཅོ་བརྒྱད་པོ་ཐམས་ཅད་ཡོད་ལ། དེ་རྣམས་རང་ས་ལ་དམིགས་པ་ཅན་ཡིན་ནོ། ། གཉིས་པ་གཟུགས་ལ་དམིགས་པ་ནི། སྤྱོད་ཡུལ་གཟུགས་ཅན་བཅུ་གཉིས་སོ། ། ཞེས་པས་བསྟན། འདོད་པའི་ཡིད་ཉེ་རྒྱུའི་སྤྱོད་ཡུལ་ཏེ། དམིགས་པ་གཟུགས་ཅན་གྱི་ཁམས་པ་ཡིན་ན་ནི་དེ་ན་དྲི་རོ་མེད་པས་དེ་གཉིས་ལ་དམིགས་པ་དྲུག་མ་གཏོགས་པ་བཅུ་གཉིས་སོ། ། གསུམ་པ་གཟུགས་མེད་ལ་དམིགས་པ་ནི། གོང་མ་གསུམ་གྱི། ། ཞེས་པས་བསྟན། གོང་མ་གཟུགས་མེད་ལ་དམིགས་ན་ཆོས་གཅིག་པུ་ལ་འདོད་སྤྱོད་ཀྱིས་དེ་གསུམ་གྱིས་དམིགས་པ་ཡིན་ཏེ། དེར་གཟུགས་སོགས་ལྔ་མེད་པའི་ཕྱིར། གཉིས་པ་གཟུགས་ཀྱི་ཚོར་བ་རྒྱས་བཤད་ལ། བསམ་གཏན་དང་པོ་གཉིས་དང༌། བསམ་གཏན་གོང་མ་གཉིས་ཀྱི་ཚོར་བ་བཤད་པའོ། །དང་པོ་ལ། འདོད་པའི་ཡུལ་ལ། གཟུགས་ལ། གཟུགས་མེད་ལ་དམིགས་པའོ། །དང་པོ་ནི། བསམ་གཏན་ནི། །གཉིས་ན་བཅུ་གཉིས་འདོད་འགྲོ་རྣམས། ། ཞེས་པས་བསྟན། བསམ་གཏན་ནི་དང་པོ་དང་གཉིས་པ་གཉིས་ན་ཡིད་མི་བདེའི་ཉེ་རྒྱུ་དྲུག་མེད་པས་ལྷག་བཅུ་གཉིས་ཏེ། དེའང་འདོད་པར་འགྲོ་བ་སྟེ་དེའི་ཡུལ་དྲུག་པོ་རྣམས་དམིགས་པའམ་འཛིན་པའི་ཕྱིར། གཉིས་པ་གཟུགས་ལ་དམིགས་པ་ནི། རང་ལ་དམིགས་བརྒྱད། ། ཅེས་པས་བསྟན། གཟུགས་ཀྱི་ཁམས་རང་ལ་དམིགས་པ་ན་དྲི་རོ་ལ་ཉེ་རྒྱུ་བཞི་མ་གཏོགས་པ་ཡུལ་བཞི་ལ་ཉེ་རྒྱུ་བརྒྱད་དོ། ། གསུམ་པ་གཟུགས་མེད་ལ་དམིགས་པ་ནི། གཟུགས་མེད་པ། །གཉིས་ཀྱིའོ། ། ཞེས་པས་བསྟན། གཟུགས་མེད་པ་ལ་དམིགས་ན་ཡུལ་ཆོས་ཁོ་ན་ཡིད་བདེ་བཏང་སྙོམས་གཉིས་ཀྱི་ཡུལ་དུ་གྱུར་པའོ། ། གཉིས་པ་བསམ་གཏན་གོང་མ་གཉིས་ཀྱི་ཚོར་བ་བཤད་པ་ལ། འདོད་པ་ལ། གཟུགས་ལ། གཟུགས་མེད་ལ་དམིགས་པའོ། །དང་པོ་ནི། བསམ་གཏན་གཉིས་ན་དྲུག །དྲུག་གི་འདོད་པའོ། ། ཞེས་པས་བསྟན། བསམ་གཏན་གོང་མ་གཉིས་ན་བཏང་སྙོམས་ཀྱི་ཉེ་རྒྱུ་དྲུག་ཁོ་ན་ཡོད་ཅིང་གཞན་ཡིད་བདེ་ནི་མེད་དེ། དེ་སྤངས་པའི་ཕྱིར། དྲུག་པོ་དེ་དག་གིས་ནི་འདོད་པའི་ཡུལ་དྲུག་ཅར་ལ་དམིགས་པའོ། ། གཉིས་པ་གཟུགས་ལ་དམིགས་པ་ནི། རང་ནི་བཞིའི། ། ཞེས་པས་བསྟན། གཟུགས་ཁམས་རང་གི་ཡུལ་ན་བཞིའི་ཡིན་ཏེ། དྲི་རོ་མེད་པས་སོ། ། གསུམ་པ་གཟུགས་མེད་ལ་དམིགས་པ་ནི། གོང་མ་གཅིག་གི་དམིགས་པ་ཡིན། ། ཞེས་པས་བསྟན། གོང་མ་གཟུགས་མེད་ན་བཏང་སྙོམས་ཉེ་རྒྱུ་གཅིག་གི་དམིགས་པ་ཆོས་ཁོ་ན་ཡིན་ནོ། ། གསུམ་པ་གཟུགས་མེད་ཀྱི་ཚོར་བ་རྒྱས་བཤད་ལ། ཉེར་བསྡོགས་ཀྱི་ཚོར་བ། དངོས་གཞིའི་ཚོར་བའོ། །དང་པོ་ལ་གཉིས། གཟུགས་ལ་དམིགས་པ་དང༌། གཟུགས་མེད་ལ་དམིགས་པའོ། །དང་པོ་ནི། གཟུགས་མེད་ཉེ་བར་བསྡོགས་ན་བཞི། །གཟུགས་འགྲོ། ། ཞེས་པས་བསྟན། གཟུགས་མེད་ནམ་མཁའ་མཐའ་ཡས་ཀྱི་ཉེ་བར་བསྡོགས་ན་ཉེ་རྒྱུ་ཡུལ་བཞི་ལ་དམིགས་པ་ཡིན་ཏེ། གཟུགས་ཀྱི་བསམ་གཏན་བཞི་པར་འགྲོ་བས་དེའི་གཟུགས་སྒྲ་རེག་ཆོས་ལ་དམིགས་པའི་ཕྱིར། གཉིས་པ་གཟུགས་མེད་ལ་དམིགས་པ་ནི། གོང་མར་འགྲོ་བ་གཅིག ། ཅེས་པས་བསྟན། ནམ་མཁའི་ཉེར་བསྡོགས་ན་གོང་མ་གཟུགས་མེད་པར་འགྲོ་བ་ནི་ཡུལ་ཆོས་ལ་དམིགས་པའི་བཏང་སྙོམས་ཉེ་རྒྱུ་གཅིག་གོ ། གཉིས་པ་དངོས་གཞིའི་ཚོར་བ་ནི། དངོས་གཞི་ན་གཅིག་རང་ཡུལ་ཅན། ། ཞེས་པས་བསྟན། གཟུགས་མེད་པའི་དངོས་གཞི་བཞི་ཉེར་བསྡོགས་གོང་མ་གསུམ་དང་བཅས་པ་ན་ཉེ་རྒྱུ་གཅིག་ཁོ་ན་ཡིན་ཏེ། དེ་དག་འདོད་གཟུགས་ལ་མི་དམིགས་ཤིང་རང་ས་ན་ཡུལ་ཆོས་ཁོ་ན་དང་ཡུལ་ཅན་བཏང་སྙོམས་གཅིག་པུ་ལས་མེད་པའི་ཕྱིར་རོ། ། གསུམ་པ་བསྡུ་བ་ནི། བཅོ་བརྒྱད་ཐམས་ཅད་ཟག་དང་བཅས། ། ཞེས་པས་བསྟན། ཡིད་ཉེ་རྒྱུ་བཅོ་བརྒྱད་པོ་ཐམས་ཅད་ཟག་པ་དང་བཅས་པ་ཡིན་ཏེ། སྲིད་པ་འཕེལ་བར་བྱེད་པའི་ཕྱིར་དང༌། ཟག་མེད་ནི་འགའ་ཡང་མེད་པའི་ཕྱིར་དང༌། འཕགས་ལམ་ནི་རྩོལ་བ་མེད་པར་འཇུག་པའི་ཕྱིར་དང༌། མཚན་མ་མེད་པའི་དབྱིངས་སུ་འཇུག་པའི་ཕྱིར་དང༌། ཉེ་རྒྱུ་རྣམས་ནི་དེ་ལས་བཟློག་པའི་ཕྱིར། གཉིས་པ་ལྷག་མ་གཞན་ལས་ཤེས་པར་བསྟན་པ་ནི། བཤད་དང་འཆད་པར་འགྱུར་བ་གཞན། ། ཞེས་པས་བསྟན། གལ་ཏེ་རྟེན་འབྲེལ་སྟོན་པ་ན་འདིར་མ་རིག་པ་དང་མིང་དང་རེག་པ་དང་ཚོར་བ་རྣམས་ཁོ་ན་སྟོན་གྱི་གཞན་ནི་མ་ཡིན་ཞེ་ན། གཟུགས་དང་རྣམ་ཤེས་དང་སྐྱེ་མཆེད་དྲུག་ནི་བཤད་ཟིན་པའི་ཕྱིར་དང༌། འདུ་བྱེད་དང་སྲིད་པ་དང་སྲེད་ལེན་ནི་གནས་བཞི་པ་དང་ལྔ་པར་འཆད་པར་འགྱུར་བའི་ཕྱིར་གཞན་སྐྱེ་བ་རྒ་ཤི་དག་ནི་ལོགས་སུ་མ་བཤད་དེ། དེ་དག་གི་ནང་དུ་འདུས་པའི་ཕྱིར་རོ། ། གསུམ་པ་ཀུན་ནས་ཉོན་མོངས་གསུམ་དཔེས་བསྟན་པ་ལ། ཉོན་མོངས་པའི་ཉོན་མོངས་པ་དཔེས་བསྟན་པ། ལས་ཀྱི་ཉོན་མོངས་པ། གཞིའི་ཉོན་མོངས་པ་དཔེས་བསྟན་པའོ། །དང་པོ་ནི། འདིར་ནི་ཉོན་མོངས་ས་བོན་བཞིན། ཀླུ་བཞིན་རྩ་བཞིན་ལྗོན་ཤིང་བཞིན། །དེ་བཞིན་ཤུན་པ་བཞིན་དུ་འདོད། ། ཅེས་པས་བསྟན། སྐབས་འདིར་ནི་ཉོན་མོངས་པ་རྣམས་ས་བོན་བཞིན་ཏེ། དེ་ལས་སྡོང་བུ་ལོ་འདབ་སོགས་སྐྱེ་བ་བཞིན་དུ་ཉོན་མོངས་ལས་ཉོན་མོངས་དང་ལས་དང་གཞི་རྣམས་སྐྱེ་བར་འགྱུར་བ་དང༌། ཀླུ་བཞིན་ཏེ་ཀླུ་ཡོད་ན་མཚོ་མི་སྐམས་པ་ལྟར་ཉོན་མོངས་ཀྱི་ཀླུ་ཡོད་ན་སྐྱེ་བའི་མཚོ་མི་སྐམས་པ་དང༌། ནགས་ཚལ་གྱི་རྩ་བ་བཞིན་ཏེ་དེ་མ་ཕྱུང་ན་ཡལ་ག་བཅད་ཀྱང་སླར་སྐྱེ་བ་ལྟར་ཉོན་མོངས་རྩ་བ་ནས་མ་བཏོན་པའི་འགྲོ་བ་རྣམས་སླར་སྐྱེ་བ་དང༌། ལྗོན་ཤིང་བཞིན་ཏེ་དེས་དུས་དུས་སུ་མེ་ཏོག་དང་འབྲས་བུ་སྐྱེད་པ་བཞིན་དུ་ཉོན་མོངས་པ་དང་ལས་དང་གཞི་རྣམས་ཀྱི་རྒྱུ་ཡིན་པ་དང༌། དེ་བཞིན་དུ་འབྲས་ཐུག་པོ་ཆེའི་ཤུན་པ་བཞིན་དུ་འདོད་དེ། དེ་ཡོད་ན་འབྲས་སྐྱེའི་དེ་མེད་ན་མ་ཡིན་པ་བཞིན་དུ་ཉོན་མོངས་པའི་ཐོབ་པའི་ཤུན་པ་དང་བཅས་པའི་ལས་ཀྱིས་སྐྱེ་བ་གཞན་དུ་སྐྱེའི་དེ་མེད་ན་ལས་འབའ་ཞིག་གིས་མ་ཡིན་ནོ། ། གཉིས་པ་ལས་ཀྱི་ཉོན་མོངས་པ་དཔེས་བསྟན་པ་ནི། ལས་ནི་ཤུན་བཅས་འབྲས་དང་འདྲ། །དེ་བཞིན་སྨན་དང་མེ་ཏོག་བཞིན། ། ཞེས་པས་བསྟན། ལས་ནི་ཤུན་པ་དང་བཅས་པའི་འབྲས་དང་འདྲ་སྟེ། ཤུན་པ་ཡོད་པའི་འབྲས་ཀྱི་སྙིང་པོ་ལས་འབྲས་བུ་འབྱུང་བ་བཞིན་དུ་ཉོན་མོངས་པའི་ཐོབ་པའི་ཤུན་པ་དང་བཅས་པའི་ལས་ཀྱིས་སྐྱེ་བ་བསྐྱེད་པའི་ཕྱིར། དེ་བཞིན་དུ་སྨན་གྱིས་ལན་གཅིག་ནུས་པ་འབྱིན་པ་དང་འདྲ་བར་ལས་ཀྱིས་ཀྱང་འབྲས་བུ་རྣམ་པར་སྨིན་པ་གཅིག་ཕྱུང་ནས་སླར་མི་འབྱིན་པའི་ཕྱིར་དང༌། མེ་ཏོག་འབྲས་བུ་སྐྱེ་བ་ལ་ཉེ་བའི་རྒྱུ་ཡིན་པ་བཞིན་ལས་ཀྱང་རྣམ་སྨིན་བསྐྱེད་པ་ལ་ཉེ་བའི་རྒྱུ་དང་ཉོན་མོངས་པ་ནི་རིང་བའི་རྒྱུའོ། ། གསུམ་པ་གཞིའི་ཉོན་མོངས་པ་དཔེས་བསྟན་པ་ནི། གཞི་ནི་བཟའ་བཏུང་གྲུབ་པ་བཞིན། ། ཞེས་པས་བསྟན། གཞི་ནི་བཟའ་བཏུང་དུ་གྲུབ་པ་དང་ཆོས་མཐུན་པ་ཡིན་ཏེ་དཔེར་ན་བཟའ་བཏུང་དུ་གྲུབ་ཟིན་པ་ལོངས་སྤྱད་བྱ་འབའ་ཞིག་ཡིན་གྱི། ཡང་བསྐྱེད་བྱ་མ་ཡིན་པ་བཞིན་གཞི་རྣམ་སྨིན་ཀྱང་ནི་ལོངས་སྤྱད་བྱ་ཡིན་གྱི་ཚེ་རབས་གཞན་དུ་སྐྱེད་བྱེད་མ་ཡིན་ཏེ། རྣམ་སྨིན་ལས་ཚེ་རབས་གཞན་དུ་རྣམ་སྨིན་གཞན་དང་འབྲེལ་བ་མེད་པའི་ཕྱིར། བཞི་པ་དེ་རྣམས་སྲིད་པ་བཞིར་བསྟན་པ་ནི། སྲིད་པ་བཞི་པོ་དེ་དག་ལས། །སྐྱེ་བའི་སྲིད་པ་ཉོན་མོངས་ཅན། ། རང་གི་ས་པའི་ཉོན་མོངས་ཀུན། །གཞན་རྣམ་གསུམ་པོ་གཟུགས་མེད་གསུམ། ། ཞེས་པས་བསྟན། དེའང་བར་སྲིད་སྐྱེ་སྲིད་སྔུན་དུས་སྲིད་པ་འཆི་སྲིད་དེ་སྲིད་པ་བཞི་པོ་དེ་དག་ལས་སྐྱེ་བའི་སྲིད་པ་ནི་ཉོན་མོངས་ཅན་ཁོ་ན་ཡིན་ཏེ། དེ་ལ་དགེ་བ་དང་མ་བསྒྲིབས་ལུང་མ་བསྟན་མེད་པའི་ཕྱིར། སྐྱེ་སྲིད་དེ་ས་གང་ཡིན་པ་དེའི་རང་གི་ས་པའི་ཉོན་མོངས་ཅན་ཀུན་གྱིས་ཉོན་མོངས་པར་བྱས་ལ། འོན་ཀྱང་ཀུན་དཀྲིས་ཆིག་རྐྱ་ཐུབ་པ་ཕྲག་དོག་སེར་སྣ་འགྱོད་ཁྲོ་འཆབ་པ་ལྔས་ནི་མ་ཡིན་ནོ། །སྐྱེ་སྲིད་དེ་དག་ལས་གཞན་བར་སྲིད་སྔུན་དུས་ཀྱི་སྲིད་པ་འཆི་སྲིད་རྣམ་པ་གསུམ་པོ་རྣམས་ལ་ནི་དགེ་བ་དང་ཉོན་མོངས་ཅན་དང་ལུང་མ་བསྟན་གསུམ་མོ། །གཟུགས་མེད་ན་བར་སྲིད་མ་གཏོགས་སྲིད་པ་གསུམ་ཡོད་ལ། དེའི་ཤུགས་ཀྱིས་འདོད་གཟུགས་ན་སྲིད་པ་བཞི་ཀ་ཡོད་དོ། ། གསུམ་པ་སྐྱེས་པ་གནས་པའི་རྐྱེན་ལ། བསྟན། བཤད། ཟས་བཞིར་ངེས་པས་མཇུག་བསྡུ་བའོ། །དང་པོ་ནི། འགྲོ་བ་ཟས་ཀྱིས་གནས་པ་ཡིན། ། ཞེས་པས་བསྟན། འགྲོ་བ་ཐམས་ཅད་ནི་ཟས་ཀྱིས་གནས་པ་ཡིན་ནོ། །དེ་ལའང་བཞི་སྟེ། ཁམས་དང༌། རེག་པ་དང༌། ཡིད་ལ་སེམས་པ་དང༌། རྣམ་པར་ཤེས་པའི་ཟས་སོ། ། གཉིས་པ་རྒྱས་པར་བཤད་པ་ལ། ཁམ་ཟས་བཤད་པ། ཟས་ལྷག་མ་བཤད་པ། ཞར་ལ་བར་སྲིད་ཀྱི་རྣམ་གྲངས་བཤད་པའོ། །དང་པོ་ལ། དེ་ས་གང་ན་ཡོད་པ། སྐྱེ་མཆེད་གང་ཡིན་པ་དང༌། དོགས་པ་བཅད་པའོ། །དང་པོ་ནི། ཁམ་གྱི་ཟས་ནི་འདོད་པ་ན། ། ཞེས་པས་བསྟན། ཁམ་གྱི་ཟས་ནི་འདོད་པ་ཁོ་ན་ན་ཡོད་ཀྱི་གོང་མ་གཉིས་ན་མེད་དེ། དེ་ལ་ཆགས་པ་དང་བྲལ་བའི་ཕྱིར། གཉིས་པ་སྐྱེ་མཆེད་གང་ཡིན་པ་ནི། སྐྱེ་མཆེད་གསུམ་གྱི་བདག་ཉིད་དོ། ། ཞེས་པས་བསྟན། དེའང་དྲི་རོ་རེག་བྱའི་སྐྱེ་མཆེད་གསུམ་གྱི་བདག་ཉིད་དོ་སྟེ་སྣ་ལྕེ་ལུས་གསུམ་གྱིས་ཁམ་དུ་བཅད་ནས་མིད་ཅིང་ཟ་བས་ཁམ་ཟས་སོ། ། གསུམ་པ་དོགས་པ་བཅད་པ་ནི། གཟུགས་ཀྱི་སྐྱེ་མཆེད་མ་ཡིན་དེས། །རང་དབང་གྲོལ་ལ་མི་ཕན་ཕྱིར། ། ཞེས་པས་བསྟན། ཅི་གཟུགས་ཀྱི་སྐྱེ་མཆེད་ཟས་སུ་ཐལ། ཁ་དོག་ལྟ་བུ་ཁམ་དུ་བཅད་ནས་ཟ་བའི་ཕྱིར་ཞེ་ན། གཟུགས་ཀྱི་སྐྱེ་མཆེད་ཁམ་ཟས་མ་ཡིན་ཏེ། ཡིན་ན་དེས་མིད་པའི་ཚེ་དབང་པོ་དབང་རྟེན་གྱི་འབྱུང་ཆེན་ལ་ཕན་འདོགས་དགོས་པ་ལས་དེ་ལྟར་ཡང་མ་ཡིན་པའི་ཕྱིར་དང༌། རང་གི་དབང་པོ་ལ་ཕན་མི་འདོགས་ན་དབང་པོ་གཞན་ལའང་ཕན་འདོགས་པ་མི་སྲིད་དེ། ཁམ་ཟས་ཀྱི་འདོད་ཆགས་ལས་གྲོལ་བའི་ཕྱིར་མི་འོང་དང་དགྲ་བཅོམ་པ་ལ་ཁམ་ཟས་ཡིད་འོང་གི་གཟུགས་མཐོང་བས་མི་ཕན་པའི་ཕྱིར་རོ། ། གཉིས་པ་ཟས་ལྷག་མ་བཤད་པ་ལ། ངོ་བོ་ངོས་བཟུང༌། ཁམས་གང་ན་ཡོད་པའོ། །དང་པོ་ནི། རེག་དང་སེམས་པ་རྣམ་ཤེས་ནི། །ཟག་བཅས་ཟས་ཡིན། ། ཞེས་པས་བསྟན། གསུམ་འདུས་པ་ལས་བྱུང་བའི་རེག་པ་དང་སེམས་པ་ཡིད་ཀྱི་ལས་དང་རྣམ་པར་ཤེས་པ་རྣམས་ལ་ནི་ཟག་བཅས་ཟག་མེད་གཉིས་ཡོད་པ་ལས་ཟག་བཅས་ཁོ་ན་ནི་ཟས་ཡིན་གྱི་ཟག་མེད་རྣམས་ནི་མ་ཡིན་ནོ། །བྱེ་སྨྲས་རེག་སོགས་གསུམ་ཟག་མེད་ཀྱི་ཟས་མ་ཡིན་ཏེ། མ་འཕངས་པ་འཕེན། འཕངས་པ་འགྲུབ་པའི་སྒོ་ནས་སྲིད་པ་གསོ་བར་བྱེད་པ་ནི་ཟས་ཡིན་ན་དེ་གསུམ་ནི་སྲིད་པ་ཟད་པ་དང་གཉེན་པོར་སྐྱེས་པའི་ཕྱིར་ཞེས་ཟེར་རོ། ། གཉིས་པ་ཁམས་གང་ན་ཡོད་པ་ནི། གསུམ་དག་ན། ། ཞེས་པས་བསྟན། དེ་དག་ཁམས་གསུམ་ཅར་དག་ན་ཡོད་དོ། ། གསུམ་པ་ཞར་ལ་བར་སྲིད་ཀྱི་རྣམ་གྲངས་བཤད་པ་ནི། ཡིད་ལས་བྱུང་དང་སྲིད་འཚོལ་དང༌། །དྲི་ཟ་སྲིད་པ་བར་མ་དང༌། །འགྲུབ་པའོ། ། ཞེས་པས་བསྟན། སྲིད་པ་འཚོལ་བ་གང་ཞེ་ན། ཕྱིའི་ཕ་མ་དང་དྲོད་གཤེར་སོགས་ལ་མི་ལྟོས་པར་ཡིད་ཙམ་ལས་སྐྱེས་པས་ཡིད་ལས་བྱུང་བ་དང་སྐྱེ་སྲིད་འཚོལ་བའི་ངང་ཚུལ་ཅན་ཡིན་པས་སྲིད་འཚོལ་དང་དྲི་ཟས་སུ་ཟ་བས་དྲི་ཟ་དང་སྲིད་པ་བར་མ་དང་ལུས་སྐྱེ་བ་ལ་མངོན་དུ་ཕྱོགས་པས་མངོན་པར་འགྲུབ་པ་ཞེས་བྱའོ། ། གསུམ་པ་ཟས་བཞིར་ངེས་པས་མཇུག་བསྡུ་བ་ནི། འདི་ལ་གནས་དང་ནི། །བརྟེན་པ་རྒྱས་པའི་དོན་དུ་གཉིས། ། སྲིད་གཞན་འཕེན་དང་འགྲུབ་པ་ཡི། །དོན་དུ་གཉིས་ཏེ་གོ་རིམ་བཞིན། ། ཞེས་པས་བསྟན། ཟག་བཅས་ཐམས་ཅད་སྲིད་པ་གསོ་བྱེད་ཡིན་ན་ཅི་བཞི་པོ་ཁོ་ན་ཟས་སུ་བཞག་ཅེ་ན། གཙོ་ཆེ་བའི་དབང་དུ་བྱས་ནས་བསྟན་ཏེ། ཚེ་འདི་ལ་གནས་དབང་པོ་དང་བཅས་པའི་ལུས་རྒྱས་པར་བྱེད་པའི་དོན་དུ་ཁམ་ཟས་དང་ནི་བརྟེན་པ་སེམས་བྱུང་རྣམས་རྒྱས་པའི་དོན་དུ་རེག་པ་སྟེ་ཟས་དེ་གཉིས་རྣམ་པར་བཞག་ལ། སྲིད་པ་ཕྱི་མ་གཞན་གྱི་སྐྱེ་བ་འཕེན་པའི་ཕྱིར་སེམས་པའི་ཟས་དང་འཕངས་ཟིན་མངོན་པར་འགྲུབ་པ་ཡི་དོན་དུ་རྣམ་པར་ཤེས་པའི་ཟས་གཉིས་ཏེ་གོ་རིམ་བཞིན་རྣམ་པར་བཞག་གོ །དེ་ལྟར་ན་དང་པོ་གཉིས་ནི་སྐྱེས་ཟིན་གསོ་བར་བྱེད་པ་མ་མ་ལྟ་བུ་དང་ཕྱི་མ་གཉིས་ནི་མ་སྐྱེས་པ་སྐྱེད་པར་བྱེད་པ་མ་ལྟ་བུའོ། །

འདིར་སྨྲས་པ། 

སྐྱེ་བར་སྦྱངས་པའི་རྣམ་དཔྱོད་མཚར་པོ་ནི། སྙིགས་དུས་སྐྱེ་བོའི་ཤན་གྱིས་མ་ནོགས་པར། །ཐར་འདོད་རྣམས་ལ་ལེགས་བཤད་དགའ་སྟོན་ནི། །འདི་ན་མི་ཟད་བདུད་རྩིའི་སྒོ་ཆེན་ཡོད། །ཅེས་སོ། །

བཞི་པ་གནས་པ་འཆི་འཕོ་བ་ལ། འཆི་སེམས་ངོས་བཟུང་བ། རྣམ་ཤེས་གང་དུ་འགག་པ། གནད་གཅོད་པའི་རྒྱུའོ། །དང་པོ་ལ་གཉིས། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། 

ཆད་དང་མཚམས་སྦྱོར་འདོད་ཆགས་བྲལ། །ཉམས་དང་འཆི་འཕོ་སྐྱེ་བ་རྣམས། ། ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད། ། ཅེས་པས་བསྟན། ལོག་ལྟས་དགེ་རྩ་ཆད་པ་དང་ཡང་དག་པའི་ལྟ་བ་དང་ཐེ་ཚོམ་གྱིས་དགེ་རྩ་ཉིང་མཚམས་སྦྱོར་བ་དང་ཁམས་དང་ས་ལ་འདོད་ཆགས་དང་བྲལ་བ་དང་གནོད་སེམས་ལྟ་བུ་ཚུལ་བཞིན་མ་ཡིན་པ་ཡིད་བྱེད་ཀྱིས་ཡོངས་སུ་ཉམས་པ་དང་དབང་པོ་ལྔའི་རྒྱུ་བ་འདུས་པ་རྒྱུན་ཆད་པ་དང་མཐུན་པའི་འཆི་འཕོ་བ་དང་ཕྱིན་ཅི་ལོག་གི་བློས་ཉིང་མཚམས་སྦྱོར་བའི་སྐྱེ་བ་རྣམས་ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད་ཀྱི་གཞན་དུ་མིན་ལ། སྐྱེ་བ་སྨོས་པས་བར་སྲིད་དུ་ཉིང་མཚམས་སྦྱོར་བའང་བཤད་དོ། ། གཉིས་པ་བྱེ་བྲག་ཏུ་བཤད་པ་ལ། ཚོར་བའི་ཁྱད་པར། སེམས་ཀྱི་ཁྱད་པར། ལྷག་མེད་དུ་འཇུག་ཚུལ་ལོ། །དང་པོ་ནི། འཆི་འཕོ་སྐྱེ་བ་བཏང་སྙོམས་ལ། ། ཞེས་པས་བསྟན། འཆི་འཕོ་བ་དང་སྐྱེ་བ་ནི་ཚོར་བ་བཏང་སྙོམས་ཉིད་ལ་གནས་པ་ཡིན་ཏེ། བདེ་སྡུག་ནི་གསལ་བས་རྣམ་ཤེས་གསལ་བ་ལ་སྐྱེ་ཤི་མི་རུང་བའི་ཕྱིར། གཉིས་པ་སེམས་ཀྱི་ཁྱད་པར་ནི། རྩེ་གཅིག་སེམས་མེད་ལ་དེ་མེད། ། ཅེས་པས་བསྟན། ཡིད་ཤེས་དེའང་འདོད་ཁམས་སུ་སྐྱེས་པ་རྩེ་གཅིག་ཏུ་མཉམ་པར་བཞག་པ་དང་སེམས་མེད་རྣམས་ལ་གནས་པའི་ངང་དུ་འཆི་འཕོ་བ་དང་སྐྱེ་བ་དེ་མེད་དེ། ཏིང་ངེ་འཛིན་དང་སྐལ་བ་མི་མཉམ་པའི་ཕྱིར་དང༌། འབད་པ་ལས་བྱུང་བ་དང་ཕན་འདོགས་པའི་ཕྱིར་དང༌། སེམས་མེད་པ་ལ་མེ་མཚོན་སོགས་ཀྱིས་གནོད་པར་མི་ནུས་པའི་ཕྱིར། གསུམ་པ་ལྷག་མེད་དུ་འཇུག་ཚུལ་ནི། མྱ་ངན་འདའ་ལུང་བསྟན་མིན་གཉིས། ། ཞེས་པས་བསྟན། འཆི་སྲིད་དགེ་སོགས་གསུམ་དུ་བཤད་པ་དེ་ལས་དགྲ་བཅོམ་མྱ་ངན་ལས་འདའ་བའི་སེམས་ནི་འདོད་པ་ན་རྣམ་སྨིན་བཏང་སྙོམས་ཡོད་པར་འདོད་པ་ལྟར་ན་སྤྱོད་ལམ་པ་དང་རྣམ་སྨིན་སྐྱེས་གང་རུང་དང༌། མེད་པར་འདོད་པ་ལྟར་ན་སྤྱོད་ལམ་པའི་སེམས་དགེ་བ་དང་ཉོན་མོངས་ལུང་བསྟན་མིན་པ་གཉིས་ལས་གང་རུང་ཡིན་ནོ་ཞེས་པ་ནི་དམིགས་ཀྱིས་བསལ་ཏེ་གཉིས་པོ་དེ་སྟོབས་ཆུང་བས་སེམས་རྒྱུན་ཆད་པ་དང་མཐུན་ལ་གཞན་དག་ནི་སྟོབས་ཆེ་བའི་ཕྱིར། གཉིས་པ་རྣམ་ཤེས་གང་དུ་འགག་པ་ནི། འོག་མི་ལྷར་འགྲོ་མི་སྐྱེ་རྣམས། །རིམ་གྱིས་འཆི་ན་རྐང་པ་དང༌། ། ལྟེ་བ་སྙིང་གར་ཡིད་འཆི་འཕོ། ། ཞེས་པས་བསྟན། གལ་ཏེ་འཆི་བ་ན་ལུས་ཀྱི་ཕྱོགས་གང་དུ་རྣམ་པར་ཤེས་པ་འགག་ཅེ་ན། འོག་ངན་སོང་གསུམ་དང་མི་དང་ལྷར་འགྲོ་བ་དང་མི་སྐྱེ་བ་དགྲ་བཅོམ་པ་རྣམས་རིམ་གྱིས་འཆི་ན་རྐང་པ་དང་ལྟེ་བ་དང་སྙིང་གར་ཡིད་འཆི་འཕོ་ཞེས་ཐ་སྙད་བྱེད་དེ། དེར་ལུས་ཀྱི་དབང་པོ་འགག་པའི་ཕྱིར། ཁ་ཅིག་དགྲ་བཅོམ་པ་ནི་སྤྱི་བོ་ནས་འཕོ་ཞེས་ཟེར། དེའང་ཅིག་ཅར་འཆི་ན་ཡིད་དང་བཅས་པའི་ལུས་ཀྱི་དབང་པོ་སྐད་ཅིག་ལ་འགག་པར་འགྱུར་རོ། ། གསུམ་པ་གནད་གཅོད་པའི་རྒྱུ་ནི། གནད་གཅོད་པ་ནི་ཆུ་སོགས་ཀྱིས། ། ཞེས་པས་བསྟན། དེ་དག་ལས་ཁ་ཅིག་ལ་གནད་གཅོད་པ་ཞེས་བྱ་བའི་དུ་ཁ་འབྱུང་སྟེ། དེ་ལ་གནད་ནི་གང་ལ་གནོད་པ་བྱས་ན་འཆི་བར་འགྱུར་བའི་ལུས་ཀྱི་ཕྱོགས་ཡིན་ལ། གཅོད་པ་ནི་དེར་ཚོར་བ་མི་བཟད་པ་འབྱུང་བ་ཡིན་ཞིང་དེའི་རྒྱུ་ནི་བད་ཀན་ཤས་ཆེ་བ་ལ་ཆུའི་ཁམས་འཁྲུགས་པ་དང༌། སོགས་པས་འདུས་པ་མཁྲིས་པ་ཆེ་བ་ལ་མེ་དང༌། རླུང་ཤས་ཆེ་བ་ལ་རླུང་གི་ཁམས་ཆེར་འཁྲུགས་པ་རྣམས་ཀྱིས་འབྱུང་གི་གཞན་གྱིས་ནི་མ་ཡིན་ཏེ། སྣོད་འཇིག་པ་དང་ཆོས་མཐུན་པའི་ཕྱིར་རོ། །དེ་དག་ཀྱང་རིམ་གྱིས་འཆི་བ་རྣམས་ཀྱི་དབང་དུ་བྱས་པ་ཡིན་གྱི་ཅིག་ཅར་འཆི་བ་རྫུས་སྐྱེས་རྣམས་ལ་ནི་ལུས་ཀྱི་ཕྱོགས་གཅིག་ཁོ་ན་ནས་དབང་པོ་འདོར་བ་དང་གནད་གཅོད་པ་མེད་དོ། །འོན་ཀྱང་འདོད་པའི་ལྷ་རྣམས་ལ་ནི་གནད་གཅོད་མེད་ཀྱང་ཉེ་བའི་འཆི་ལྟས་ལྔ་དང་རིང་བའི་འཆི་ལྟས་ལྔ་རྣམས་བྱུང་བའི་ཚེ་སྡུག་བསྔལ་དཔག་ཏུ་མེད་པ་འབྱུང་བ་ཡིན་ནོ། ། ལྔ་པ་སེམས་ཅན་གྱི་ཚོགས་གསུམ་དུ་བསྡུ་བ་ནི། འཕགས་དང་མཚམས་མེད་བྱེད་པ་དག །ཡང་དག་ལོག་པ་ཉིད་དུ་ངེས། ། ཞེས་པས་བསྟན། དེའང་00000255མདོ་ལས།00000000 སེམས་ཅན་གྱི་ཚོགས་རྣམ་པ་གསུམ་དུ་ངེས་ཏེ། ཡང་དག་པ་ཉིད་དུ་ངེས་པའི་ཚོགས་དང༌། ལོག་པ་ཉིད་དུ་ངེས་པ་དང༌། མ་ངེས་པའི་ཚོགས་སོ། །ཞེས་སེམས་ཅན་གྱི་ཚོགས་གསུམ་དུ་གསུངས་པ་ལས་འཕགས་པ་དང་མཚམས་མེད་བྱེད་པ་དག་ནི་རིམ་པ་ལྟར་ཡང་དག་པ་དང་ལོག་པ་ཉིད་དུ་ངེས་པ་ཡིན་ཏེ། ངན་འགྲོ་མེད་པར་མཐོ་རིས་སུ་སྐྱེ་ན་ཐར་པར་ངེས་པའི་ཕྱིར་དང༌། ཤི་འཕོས་མ་ཐག་དམྱལ་བར་སྐྱེ་ངེས་པའི་ཕྱིར། ལྷག་མ་རྣམས་ནི་མ་ངེས་པ་ཡིན་ནོ། །སེམས་ཅན་གྱི་ཚོགས་བཤད་ཟིན་ཏོ། ། འདིར་སྨྲས་པ། བདག་བློའི་ཤེས་རབ་མེ་ལོང་དུ། །ཆོས་མངོན་ཤེས་བྱའི་མཚན་ཉིད་ནི། །མ་འདྲེས་གཟའ་སྐར་རྣམ་བཀྲ་བ། །དང་བའི་རྒྱ་མཚོར་རིན་ཆེན་གཟུགས། །ཨེ་མ་དུས་ཀྱི་རྒྱལ་བའི་བསྟན། །ངན་རྟོག་རྣམས་ཀྱིས་རབ་དཀྲུགས་ཤིང༌། །འཇིག་རྟེན་གཡོ་སྒྱུས་དབྱེན་དཔྱོད་པས། །དེ་ཕྱིར་བདག་ཉིད་ངལ་བར་བས། །དེ་ལྟའང་སྔོན་བྱོན་ལོ་པཎ་དང༌། །སྤྲུལ་པའི་རྒྱལ་བློན་དེ་དག་གི །སྐུ་དྲིན་དྲན་པས་ཡིད་ཕྲོགས་ཏེ། །ཆོས་ཚུལ་འདི་ལ་སྤྲོ་བ་སྐྱེས། །ཞེས་སོ། །

༈ གཉིས་པ་སྣོད་ཀྱི་འཇིག་རྟེན་ལ་གསུམ། རྟེན་སྣོད་ཀྱི་གནས་ཚུལ། ཞར་ལ་སེམས་ཅན་གྱི་ཚད། དེ་དག་འཇལ་བྱེད་ཀྱི་ཚད་དོ། །དང་པོ་ལ། སྣོད་ཀྱི་གནས་ཚུལ་སྤྱིར་བསྟན་པ། གནས་ཚུལ་བྱེ་བྲག་ཏུ་བཤད་པ། སྟོང་གསུམ་གྱི་འཇིག་རྟེན་ངོས་བཟུང་བ། དེ་དག་འབྱུང་འཇིག་མཉམ་པར་བསྟན་པའོ། །དང་པོ་ལ། རྟེན་གྱི་དཀྱིལ་འཁོར་གསུམ་བཤད་པ་དང༌། བརྟེན་པ་རི་མཚོ་བཤད་པའོ། །དང་པོ་ལ། རླུང་གི་དཀྱིལ་འཁོར་གྱི་ཚད། དཀྱིལ་འཁོར་གཞན་གཉིས་ཀྱི་ཚད་དོ། །དང་པོ་ནི། 

དེ་ལ་སྣོད་ཀྱི་འཇིག་རྟེན་གྱི། །གནས་པར་འདོད་པའི་འོག་དག་གི ། རླུང་གི་དཀྱིལ་འཁོར་རྔམས་སུ་ནི། །ས་ཡ་དྲུག་འབུམ་གྲངས་མེད་དོ། ། ཞེས་པས་བསྟན། ད་ནི་སྣོད་ཀྱི་འཇིག་རྟེན་འཆད་པ་ལ། སྤྱིར་ཐེག་པ་ཆེ་ཆུང་གི་མདོ་རྣམས་ལས་འཇིག་རྟེན་གྱི་ཁམས་ཁ་ཅིག་ནི་སྤྱིའུ་ཚུགས་དང༌། ཁ་ཅིག་ནི་སྣྲེལ་གཞི་དང༌། ཁ་ཅིག་ནི་སྟེང་གཡོགས་མེད་པ་དང༌། ཁ་ཅིག་ནི་ཉི་ཟླ་མེད་པ་དང༌། ཁ་ཅིག་ནི་སྟོང་གསུམ་ཉི་ཟླ་གཅིག་གིས་འཁོར་བ་དང༌། ཁ་ཅིག་ནི་བྱང་ཆུབ་ཀྱི་ཤིང་ལ་སྟོང་གསུམ་འདིའི་ཚད་ཙམ་ཡོད་པ་ལ་སོགས་པ་དུ་མར་གསུངས་ཀྱང༌། འདིར་ནི་ཁོ་བོ་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་མི་མཇེད་འཇིག་རྟེན་གྱི་གནས་ཚུལ་འཆད་པ་སྐབས་སུ་བབ་པ་ཡིན་ལ། དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་ནི་འདི་ལྟར་གནས་པར་འདོད་དེ། སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་གྲུབ་པའི་འོག་གཞི་དག་གི་ནམ་མཁའ་ལ་རླུང་གི་དཀྱིལ་འཁོར་མངོན་པར་གྲུབ་ཅིང་དེའི་རྔམས་སུ་ནི་དཔག་ཚད་ས་ཡ་དྲུག་འབུམ་མོ། །རྒྱར་ནི་གྲངས་མེད་དོ། །དེ་ནི་ཚན་པོ་ཆེའི་རྡོ་རྗེས་ཀྱང་གཞིག་པར་མི་ནུས་པར་སྲ་བ་ཡིན་ནོ། ། གཉིས་པ་དཀྱིལ་འཁོར་གཞན་གཉིས་ཀྱི་ཚད་ལ། དཔངས་ཚད་སོ་སོར་བཤད། རྒྱ་ཚད་ཐུན་མོང་དུ་བཤད་པའོ། །དང་པོ་ལ། ཆུ་དང༌། གསེར་རོ། །དང་པོ་ལ། ཆགས་དུས་དང༌། གནས་དུས་ཀྱི་ཚད་དོ། །དང་པོ་ནི། ཆུ་རྔམས་འབུམ་ཕྲག་བཅུ་གཅིག་དང༌། །སྟོང་ཕྲག་དག་ནི་ཉི་ཤུའོ། ། ཞེས་པས་བསྟན། སེམས་ཅན་རྣམས་ཀྱི་ལས་དབང་གིས་ནམ་མཁའ་ནས་སྤྲིན་གསེར་གྱི་སྙིང་པོ་ཅན་ལས་ཆར་གྱི་རྒྱུན་གཉའ་ཤིང་ཙམ་བབས་པ་དེ་ཆུའི་དཀྱིལ་འཁོར་དུ་གྱུར་ཏེ་དེའི་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་དག་ནི་ཉི་ཤུའོ། །ཆུ་དེ་ཐད་ཀར་མི་འབོ་བ་ནི་ལས་ཀྱི་དབང་གིས་སོ། ། གཉིས་པ་གནས་དུས་ཀྱི་ཚད་ནི། ཕྱིས་ནི་རྔམས་སུ་འབུམ་ཕྲག་བརྒྱད། ། ཞེས་པས་བསྟན། ཡང་སེམས་ཅན་གྱི་ལས་ལས་བྱུང་བའི་རླུང་གིས་ཆུ་དེ་ཀུན་ནས་བསྲུབས་པ་ན་ཕྱིས་ནི་རྔམས་སུ་འབུམ་ཕྲག་བརྒྱད་དོ། ། གཉིས་པ་གསེར་གྱི་དཔངས་ཚད་ནི། ལྷག་མ་དག་ནི་གསེར་དུ་འགྱུར། ། ཞེས་པས་བསྟན། འོ་མ་བསྐོལ་བ་ན་སྤྲིས་མ་ཆགས་པའི་ཚུལ་དུ་ལྷག་མ་ཆུའི་སྟེང་གི་རིམ་པ་དག་ནི་དཔག་ཚད་སུམ་འབུམ་ཉི་ཁྲི་གསེར་གྱི་རང་བཞིན་གྱི་ས་གཞི་ཉིད་དུ་འགྱུར་རོ། ། གཉིས་པ་རྒྱ་ཚད་ཐུན་མོང་དུ་བཤད་པ་ལ། རྒྱ་ཁྱོན་གྱི་ཐད་ཀའི་ཚད་དང༌། ཁོར་ཡུག་གི་ཚད་དོ། །དང་པོ་ནི། ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི། །ཐད་ཀར་འབུམ་ཕྲག་བཅུ་གཉིས་དང༌། ། སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི། །ཕྱེད་དང་ལྔ་རྣམས་ཁོ་ནའོ། ། ཞེས་པས་བསྟན། གླིང་བཞི་བྱེ་བ་ཕྲག་བརྒྱ་པོར་རེ་རེའི་འོག་ཏུ་ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི་ཐད་ཀར་འབུམ་ཕྲག་བཅུ་གཉིས་དང་སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི་ཕྱེད་དང་ལྔ་རྣམས་ཁོ་ནའོ། །དཀྱིལ་འཁོར་འདི་གཉིས་རྒྱར་ནི་མཉམ་པ་ཡིན་ནོ། ། གཉིས་པ་ཁོར་ཡུག་གི་ཚད་ནི། ཁོར་ཡུག་ཏུ་ནི་སུམ་འགྱུར་རོ། ། ཞེས་པས་བསྟན། ཁོར་ཡུག་ཏུ་ནི་སུམ་འགྱུར་རོ་ཞེས་པས་དེ་གཉིས་དཔག་ཚད་ས་ཡ་ཕྲག་གསུམ་དང་འབུམ་ཕྲག་དྲུག་དང་ཁྲི་དང་གསུམ་བརྒྱ་ལྔ་བཅུའོ། ། གཉིས་པ་བརྟེན་པ་རི་མཚོ་བཤད་པ་ལ། རི་དགུ་བཤད་པ་དང༌། མཚོ་བརྒྱད་བཤད་པའོ། །དང་པོ་ལ། ཇི་ལྟར་གནས་པའི་ཚུལ། རྒྱུ་ཅི་ལས་གྲུབ་པ། ཚད་བཤད་པའོ། །དང་པོ་ནི། དེ་ལ་ལྷུན་པོ་གཉའ་ཤིང་འཛིན། །གཤོལ་མདའ་འཛིན་དང་སེང་ལྡེང་ཅན། ། དེ་བཞིན་ལྟ་ན་སྡུག་རི་དང༌། །རྟ་རྣ་དང་ནི་རྣམ་འདུད་དང༌། ། མུ་ཁྱུད་འཛིན་རིའོ་དེ་ནས་ནི། །གླིང་རྣམས་ཡིན་ནོ་དེ་དག་གི ། ཕྱི་རོལ་ན་ནི་ཁོར་ཡུག་སྟེ། ། ཞེས་པས་བསྟན། ཆུའི་སྟེང་ན་གནས་པའི་གསེར་གྱིས་གཞིའི་དཀྱིལ་འཁོར་དེ་ལ་བརྟེན་པའི་དབུས་སུ་ནི་ལྷུན་པོའོ། །རི་ལྷག་མ་བདུན་དེ་ལ་བསྐོར་བ་ནི་གཉའ་ཤིང་འཛིན་དང་གཤོལ་མདའ་འཛིན་དང་སེང་ལྡེང་ཅན་དང་དེ་བཞིན་དུ་ལྟ་ན་སྡུག་རི་དང་རྟ་རྣ་དང་ནི་རྣམ་འདུད་དང་མུ་ཁྱུད་འཛིན་རིའོ། །དེ་ནས་ནི་གླིང་བཞི་རྣམས་ཡིན་ནོ། །གླིང་དེ་དག་གི་ཕྱི་རོལ་ན་ནི་ཁོར་ཡུག་སྟེ་ཟླུམ་པོར་བསྐོར་བའོ། ། གཉིས་པ་རྒྱུ་ཅི་ལས་གྲུབ་པ་ནི། བདུན་ནི་གསེར་ཡིན་དེ་ལྕགས་སོ། །ལྷུན་པོ་རིན་ཆེན་བཞིའི་རང་བཞིན། ། ཞེས་པས་བསྟན། གཉའ་ཤིང་འཛིན་སོགས་རི་བདུན་ནི་གསེར་ཡིན་ནོ། །ཕྱིའི་མུ་ཁྱུད་དེ་ལྕགས་སོ། །ལྷུན་པོ་ནི་ཤར་དངུལ། ལྷོ་བཻ་ཌཱུརྻ། ནུབ་ཤེལ་དམར་པོ། བྱང་གསེར་ཏེ་རིན་ཆེན་སྣ་བཞི་ལས་གྲུབ་པའི་རང་བཞིན་ཡིན་ནོ། །རི་རབ་ཀྱི་ངོས་ཀྱི་ཁ་དོག་གིས་དེའི་རང་གླིང་གི་ནམ་མཁའི་ཁ་དོག་ཀྱང་དེ་དང་མཐུན་པར་སྣང་ངོ༌། །དེའི་རྒྱུ་མཚན་ཡང་ནམ་མཁའ་ནས་ཆར་པའི་རྒྱུན་གསེར་གྱི་ས་གཞིའི་འོག་ཏུ་བབས་པ་དེ་གསེར་ལ་སོགས་པའི་ཁམས་དང་རྒྱུ་སྣ་ཚོགས་ཡོད་པ་རླུང་གིས་བསྲུབས་པ་ལས་རི་རབ་སོགས་དེར་གྱུར་པའོ། ། གསུམ་པ་ཚད་བཤད་པ་ལ། ཆུ་མཚམས་མན་གྱི་ཚད་ཐུན་མོང་དང༌། ཆུ་མཚམས་ཡན་གྱི་ཚད་སོ་སོར་བཤད་པའོ། །དང་པོ་ནི། ཆུ་ཡི་ནང་དུ་བརྒྱད་ཁྲི་དག །ནུབ་བོ། ། ཞེས་པས་བསྟན། རི་དགུ་པོ་དེ་གསེར་གྱི་ས་གཞིའི་སྟེང་གི་ཆུའི་ནང་དུ་དཔག་ཚད་བརྒྱད་ཁྲི་དག་མཉམ་པར་ནུབ་བོ། ། གཉིས་པ་ཆུ་མཚམས་ཡན་གྱི་ཚད་སོ་སོར་བཤད་པ་ལ། རི་རབ་དང༌། གཞན་གྱི་ཚད་དོ། །དང་པོ་ནི། དེ་བཞིན་སྟེང་དུ་ཡང༌། །དཔག་ཚད་དག་ནི་བརྒྱད་ཁྲིའོ། ། ཞེས་པས་བསྟན། ཆུའི་ནང་དུ་ནུབ་པ་དེ་བཞིན་སྟེང་དུ་ཡང་དཔག་ཚད་དག་ནི་བརྒྱད་ཁྲི་འོ། །གཉིས་ཀ་བསྡོམས་པས་རི་རབ་ཀྱི་འཕང་དུ་དཔག་ཚད་འབུམ་དང་དྲུག་ཁྲིའོ། ། གཉིས་པ་གཞན་གྱི་ཚད་ལ། འཕང་དང༌། རྔམས་ཀྱི་ཚད་དོ། །དང་པོ་ནི། བརྒྱད་པོ་འཕང་དུ་ཕྱེད་ཕྱེད་དབྲི། ། ཞེས་པས་བསྟན། རི་བདུན་ཁོར་ཡུག་དང་བཅས་པ་བརྒྱད་པོ་དེ་དག་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་འཕང་དུ་ཕྱེད་ཕྱེད་དབྲི་སྟེ། གཉའ་ཤིང་འཛིན་འཕང་དཔག་ཚད་བཞི་ཁྲི་འཕགས་ལ་དེའི་ཕྱེད་ནི་གཤོལ་མདའ་འཛིན་སོགས་ཡིན་པ་ནས་སུམ་བརྒྱ་དང་ཕྱེད་དང་བཅུ་གསུམ་ནི་ལྕགས་རི་ཡིན་པའི་བར་གོ་རིམ་བཞིན་ནོ། ། གཉིས་པ་རྔམས་ཚད་ནི། དེ་དག་རྔམས་སུའང་འཕང་དང་མཉམ། ། ཞེས་པས་བསྟན། རི་དེ་དག་གི་རྔམས་སུའང་འཕང་དང་མཉམ་མོ། ། གཉིས་པ་མཚོ་བརྒྱད་བཤད་པ་ལ། རོལ་མཚོ་བདུན་བཤད་པ། མཐའི་མཚོ་བཤད་པའོ། །དང་པོ་ལ། རོལ་མཚོ་བདུན་གྱི་གནས་ཚུལ། རོལ་མཚོ་ནང་མའི་ཚད། གཞན་དྲུག་གི་ཚད་དོ། །དང་པོ་ནི། དེ་དག་བར་བདུན་རོལ་མཚོ་ཡིན། ། ཞེས་པས་བསྟན། རི་དེ་དག་གི་བར་བདུན་ནི་རོལ་མཚོ་ཡིན་ནོ། །དེའང་ཡན་ལག་བརྒྱད་ལྡན་གྱི་ཆུའོ། ། གཉིས་པ་རོལ་མཚོ་ནང་མའི་ཚད་ནི། དང་པོ་སྟོང་ཕྲག་བརྒྱད་ཅུའོ། །དེ་ནི་ནང་གི་རྒྱ་མཚོ་ཡིན། ། དེ་ཡི་ངོས་ལ་སུམ་འགྱུར་རོ། ། ཞེས་པས་བསྟན། རོལ་མཚོ་དང་པོ་ཁ་ཞེང་སྟོང་ཕྲག་བརྒྱད་ཅུའོ། །དེ་ནི་ནང་གི་རྒྱ་མཚོ་ཡིན་ནོ། །དེ་ཡི་ངོས་གཅིག་གཉའ་ཤིང་འཛིན་གྱི་རིའི་ཕྱོགས་ལ་དེ་ཉིད་སྔ་མ་སུམ་འགྱུར་རོ་སྟེ་ཉིས་འབུམ་བཞི་ཁྲིའོ། ། གསུམ་པ་རོལ་མཚོ་གཞན་དྲུག་གི་ཚད་ནི། རོལ་མཚོ་གཞན་ནི་ཕྱེད་ཕྱེད་དོ། ། ཞེས་པས་བསྟན། རོལ་མཚོ་གཞན་གྱི་ཞེང་ནི་ཕྱེད་ཕྱེད་དོ་སྟེ་དབྲིའོ། ། གཉིས་པ་མཐའི་རྒྱ་མཚོ་བཤད་པ་ནི། ལྷག་མ་ཕྱི་ཡི་མཚོ་ཆེན་ཡིན། །འབུམ་ཕྲག་གསུམ་དང་སྟོང་ཕྲག་ནི། ། ཉི་ཤུ་གཉིས་སོ། ། ཞེས་པས་བསྟན། ལྷག་མ་མུ་ཁྱུད་འཛིན་རི་ནས་ཕྱི་ཡི་ལྕགས་རིའི་བར་གྱི་ཆུ་ནི་ཕྱིའི་མཚོ་ཆེན་པོ་ཡིན་ནོ། །དེ་ནི་བ་ཚྭ་ཅན་གྱི་ཆུས་གང་ངོ༌། །འདིའི་ཞེང་ལ་འབུམ་ཕྲག་གསུམ་དང་སྟོང་ཕྲག་ནི་ཉི་ཤུ་གཉིས་སོ། ། གཉིས་པ་གནས་ཚུལ་བྱེ་བྲག་ཏུ་བཤད་པ་ལ། མིའི་གནས། དམྱལ་བའི་གནས། ལྷའི་གནས་སོ། །དང་པོ་ལ། གླིང་བཅུ་གཉིས་སྤྱིར་བཤད་པ་དང༌། འཛམ་གླིང་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། གླིང་བཞི་བཤད་པ་དང༌། གླིང་ཕྲན་བརྒྱད་བཤད་པའོ། །དང་པོ་ལ། འཛམ་བུ་གླིང༌། ལུས་འཕགས་གླིང༌། བ་གླང་སྤྱོད། སྒྲ་མི་སྙན་གྱི་གླིང་གི་དབྱིབས་ཚད་དོ། །དང་པོ་ནི། དེ་ལ་ནི། །འཛམ་བུའི་གླིང་སྟེ་ངོས་གསུམ་ལ། ། སྟོང་ཕྲག་གཉིས་སོ་ཤིང་རྟའི་དབྱིབས། །གཅིག་ལ་དཔག་ཚད་ཕྱེད་དང་བཞི། ། ཞེས་པས་བསྟན། རྒྱ་མཚོ་དུག་ཅན་དེ་ལ་ནི་རི་རབ་ཀྱི་ལྷོ་ཕྱོགས་སུ་འཛམ་བུའི་གླིང་སྟེ་ཆུ་དང་མཉམ་པར་གནས་པའི་སྟེང་གི་ངོས་རྒྱ་ཆེ་བ་གསུམ་ལ་སྟོང་ཕྲག་གཉིས་སོ། །ཤིང་རྟའི་དབྱིབས་ངོས་ཆུང་བ་གཅིག་ལ་དཔག་ཚད་ཕྱེད་དང་བཞིའོ། །མཐའ་སྐོར་ལ་དཔག་ཚད་དྲུག་སྟོང་ཕྱེད་བཞིའོ། །སྲིད་ནི་བརྒྱད་ཁྲི་ཐུར་དུ་ཟུག་པར་གླིང་བཞི་ཅར་མཉམ་པ་ཡིན་ནོ། ། གཉིས་པ་ལུས་འཕགས་གླིང་ནི། ཤར་གྱི་ལུས་འཕགས་ཟླ་གམ་འདྲ། །ངོས་གསུམ་འདི་དང་འདྲ་གཅིག་ལ། ། དཔག་ཚད་སུམ་བརྒྱ་ལྔ་བཅུའོ། ། ཞེས་པས་བསྟན། འཛམ་བུའི་གླིང་ནས་རི་རབ་ཀྱི་ངོས་ཤར་གྱི་ལུས་འཕགས་ཟླ་གམ་འདྲ་ལ་རྒྱར་ནི་ངོས་གསུམ་ལ་འཛམ་བུའི་གླིང་འདི་དང་འདྲ་བར་ཉིས་སྟོང་ཉིས་སྟོང་ངོ༌། །ངོས་གཅིག་ལ་དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །དེའི་མཐའ་སྐོར་ཡང་དྲུག་སྟོང་ཕྱེད་དང་བཞི་བརྒྱ་སྟེ་ཆུ་མཚམས་ལས་ཏ་ལ་བདུན་སྲིད་དུ་འཕགས་པའང་དེར་སྐྱེས་པའི་མི་རྣམས་ནི་འདི་པ་བས་ལུས་ཉིས་འགྱུར་གྱི་ཆེ་བའི་ཕྱིར་ལུས་འཕགས་པའོ། ། གསུམ་པ་བ་ལང་སྤྱོད་ནི། བ་ལང་སྤྱོད་གླིང་ཟླུམ་པོ་སྟེ། སྟོང་ཕྲག་ཕྱེད་དང་བརྒྱད་ཡིན་ནོ། ། དེའི་དབུས་སྟོང་ཕྲག་ཕྱེད་དང་གསུམ། ། ཞེས་པས་བསྟན། ནུབ་ཀྱི་རི་རབ་ཀྱི་ངོས་ན་བ་ལང་སྤྱོད་གླིང་ཟླུམ་པོ་སྟེ་མཐའ་སྐོར་སྟོང་ཕྲག་ཕྱེད་དང་བརྒྱད་ཡིན་ནོ། །དེའི་དབུས་ཀྱི་ཞེང་ལ་དཔག་ཚད་སྟོང་ཕྲག་ཕྱེད་དང་གསུམ་མོ། །དེར་ནི་བ་ལང་དང་ནོར་བུ་ལ་ལོངས་སྤྱོད་པ་སྟེ་དེའི་དབུས་སུ་ཆུ་བོ་ས་ཝ་ཀ་འབབ་བོ། ། བཞི་པ་བྱང་སྒྲ་མི་སྙན་གྱི་གླིང་གི་དབྱིབས་ཚད་ནི། སྒྲ་མི་སྙན་བརྒྱད་གྲུ་བཞིར་མཉམ། ། ཞེས་པས་བསྟན། བྱང་གི་རི་རབ་ཀྱི་ངོས་ན་འདྲེ་སྐད་དུ་སྨྲ་བའམ་འཆི་བའི་སྔོན་རོལ་ཞག་བདུན་ནས་ལུང་སྟོན་པས་སྒྲ་མི་སྙན་ལ་ངོས་རེ་རེ་ལ་དཔག་ཚད་ཉིས་སྟོང་ཉིས་སྟོང་སྟེ་དཔག་ཚད་སྟོང་ཕྲག་བརྒྱད་གྲུ་བཞིར་མཉམ་མོ། །གླིང་གི་དབྱིབས་ཀྱིས་དེ་ན་གནས་པའི་མིའི་བྱད་ཀྱི་དབྱིབས་ཀྱང་དེ་དང་འདྲའོ། ། གཉིས་པ་གླིང་ཕྲན་བརྒྱད་བཤད་པ་ནི། དེ་ཡི་བར་གྱི་གླིང་བརྒྱད་ནི། །ལུས་དང་ལུས་འཕགས་སྒྲ་མི་སྙན། ། སྒྲ་མི་སྙན་གྱི་ཟླ་དང་ནི། །རྔ་ཡབ་དང་ནི་རྔ་ཡབ་གཞན། ། གཡོ་ལྡན་དང་ནི་ལམ་མཆོག་འགྲོ། ། ཞེས་པས་བསྟན། དེ་ཡི་བར་གྱི་གླིང་ཕྲན་བརྒྱད་ནི་ལུས་དང་ལུས་འཕགས་ནི་ཤར་གྱི་གླིང་གཡོག །སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་བ་ནི་བྱང་གི་གླིང་གཡོག་དང་ནི་རྔ་ཡབ་དང་ནི་རྔ་ཡབ་གཞན་ནི་ལྷོའི་གླིང་གཡོག །གཡོ་ལྡན་དང་ནི་ལམ་མཆོག་འགྲོ་ནི་ནུབ་ཀྱི་གླིང་གཡོག་གོ ། གཉིས་པ་འཛམ་གླིང་བྱེ་བྲག་ཏུ་བཤད་པ་ནི། འདི་ནས་བྱང་དུ་རི་ནག་པོ། །དགུ་འདས་གངས་རིའོ་དེ་ནས་ནི། ། སྤོས་ངད་ལྡང་བའི་ཚུ་རོལ་ན། །ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ། ། ཞེས་པས་བསྟན། འཛམ་གླིང་འདི་ནས་བྱང་དུ་རི་ནག་པོ་དགུ་འདས་པ་ན་གངས་རི་ཆེན་པོ་ཡོད་པའོ། །དེ་ནས་ཀྱང་བྱང་ཕྱོགས་ན་ནི་རི་སྤོས་ངད་ལྡང་བ་ཡོད་ཅིང་དེའི་ཚུ་རོལ་ལྷོ་ཕྱོགས་སུ་དཔག་ཚད་བཅུ་གཞལ་བ་ན་ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ་མ་དྲོས་པ་ཡན་ལག་བརྒྱད་ལྡན་གྱི་ཆུས་གང་བ་ཡོད་ལ་དེར་ནི་རྫུ་འཕྲུལ་མེད་པའི་མིས་བགྲོད་པར་དཀའོ། །མ་དྲོས་པ་དེའི་དྲུང་ན་འབྲས་བུ་མངར་པོ་ཡོད་པའི་ཤིང་འཛམ་བུ་གྲུབ་སྟེ་དེའི་འབྲས་བུ་རྫ་མ་ཙམ་སྨིན་པ་དེ་ཀླུ་རྣམས་ཉར་སྤྲུལ་ནས་ཟ་ཞིང་མ་ཟོས་པ་རྣམས་འཛམ་བུ་ཆུ་བོའི་གསེར་དུ་འགྱུར་རོ་ཞེས་གྲག་གོ །ཤིང་འདིས་མཚོན་ནས་གླིང་འདི་ལ་འཛམ་བུ་གླིང་པར་གྲགས་ལ་ཤིང་འདིའི་རིགས་ནི་སྔོན་སེར་སྐྱའི་གྲོང་ནའང་ཅུང་ཟད་ཡོད་དེ། བྱང་ཆུབ་སེམས་དཔའ་ཞིང་པའི་གྲོང་འཛམ་བུའི་གྲིབ་མ་ལ་བསམ་གཏན་མཛད་དོ་ཞེས་འབྱུང་ངོ༌། ། གཉིས་པ་དམྱལ་བའི་གནས་བཤད་པ་ལ། ཚ་དམྱལ་ཉེ་འཁོར་དང་བཅས་པ། གྲང་དམྱལ་གྱི་གནས་བཤད་པའོ། །དང་པོ་ལ། མནར་མེད། རབ་ཚ་སོགས་བདུན། ཉེ་འཁོར་བཤད་པའོ། །དང་པོ་ནི། འདི་འོག་སྟོང་ཕྲག་ཉི་ཤུ་ན། །མནར་མེད་པའོ་དེ་ཙམ་མོ། ། ཞེས་པས་བསྟན། འཛམ་བུ་གླིང་འདིའི་འོག་དཔག་ཚད་སྟོང་ཕྲག་ཉི་ཤུ་ན་མནར་མེད་པ་ཞེས་བྱ་བའི་སེམས་ཅན་དམྱལ་བ་ཆེན་པོའོ། །དེའི་གནམ་འཕང་དང་རྒྱར་ནི་དེ་ཙམ་མོ་སྟེ་དཔག་ཚད་ཉི་ཁྲི་ཉི་ཁྲིའོ། ། གཉིས་པ་རབ་ཚ་སོགས་བདུན་ནི། དེ་ཡི་སྟེང་ན་དམྱལ་བ་བདུན། ། ཞེས་པས་བསྟན། མནར་མེད་པ་དེའི་སྟེང་ན་རབ་ཏུ་ཚ་བ་སོགས་དམྱལ་བ་བདུན་བརྩེགས་མར་གནས་སོ། ། གསུམ་པ་ཉེ་འཁོར་བ་ལ། ཉེ་འཁོར་བའི་གྲངས། ཕྱོགས་གང་ན་ཡོད་པ། སྡེ་ཚན་གྱི་མིང་ངོ༌། །དང་པོ་ནི། བརྒྱད་པོ་ཀུན་ལ་ལྷག་བཅུ་དྲུག ། ཅེས་པས་བསྟན།་ཚ་དམྱལ་བརྒྱད་པོ་ཀུན་ལ་གནོད་པ་ལྷག་པ་བཅུ་དྲུག་བཅུ་དྲུག་ཡོད་དོ། ། གཉིས་པ་ཕྱོགས་གང་ན་ཡོད་པ་ནི། དེ་དག་གི་ནི་ངོས་བཞི་ན། ། ཞེས་པས་བསྟན། བརྒྱད་པོ་དེ་དག་གི་ནི་ངོས་བཞི་ནའོ། ། གསུམ་པ་སྡེ་ཚན་གྱི་མིང་ནི། མེ་མར་མུར་དང་རོ་མྱགས་དང༌། །སྤུ་གྲིའི་ལམ་སོགས་ཆུ་བོ་ཡིན། ། ཞེས་པས་བསྟན། མེ་མར་མུར་པུས་ནུབ་ཙམ་དང་རོ་མྱགས་ཏེ་རྐྱག་འདམ་དང་སྤུ་གྲིའི་ལམ་དང་སོགས་པས་ལོ་མ་རལ་གྲི་ལྟ་བུའི་ནགས་ཚལ་དང་ལྕགས་ཀྱི་ཤལ་མ་ལིའི་ནགས་ཚེར་མ་རྣོན་པོ་སོར་བཅུ་དྲུག་པ་ཅན་ཏེ་གསུམ་པོ་མཚོན་ཆར་འདྲ་བས་གཅིག་ཏུ་བྱས། ཆུ་བོ་རབ་མེད་ནི་ཐལ་ཆུ་ཁོལ་མས་གང་བ་དག་ཡིན་ནོ། ། གཉིས་པ་གྲང་དམྱལ་གྱི་གནས་བཤད་པ་ནི། ཆུ་བུར་ཅན་སོགས་གྲང་བརྒྱད་གཞན། ། ཞེས་པས་བསྟན། ཡང་ཆུ་བུར་ཅན་དང༌། སོགས་པ་ཆུ་བུར་རྡོལ་བ་ཅན་དང༌། སོ་ཐམ་པ་དང༌། ཨ་ཆུ་ཟེར་བ་དང༌། ཀྱི་ཧུད་ཟེར་བ་དང༌། ཨུཏྤལ་ལྟར་གས་པ་དང༌། པདྨ་ལྟར་གས་པ་དང༌། པདྨ་ལྟར་ཆེར་གས་པ་སྟེ་གྲང་བའི་དམྱལ་བ་བརྒྱད་པོ་དེ་ནི་ཚ་དམྱལ་ལས་རིགས་དང་གནས་གཞན་ཡིན་ནོ། །ཉི་ཚེ་བའི་དམྱལ་བ་ནི་འགྲེལ་པར། གནས་ནི་ངེས་པ་མེད་དེ། ཆུ་བོ་དང་རི་དང་མྱ་ངམ་གྱི་ཕྱོགས་དག་དང་གཞན་དག་དང་འོག་ནའང་ཡོད་དོ། །ཞེས་གསུངས་པ་ལྟར་རོ། །དུད་འགྲོ་ནི་ཐང་དང་ཆུ་དང་ནམ་མཁའི་སྤྱོད་ཡུལ་བ་དག་ཡིན་ནོ། །ཡི་དྭགས་རྣམས་ཀྱི་རྒྱལ་པོ་ནི་གཤིན་རྗེ་ཞེས་བྱ་བ་ཡིན་ནོ། །དེ་དག་གི་གནས་ཀྱི་རྩ་བ་ནི་འཛམ་བུའི་གླིང་འདིའི་རྒྱལ་པོའི་ཁབ་ཀྱི་འོག་དཔག་ཚད་ལྔ་བརྒྱས་བཅད་པ་ན་ཡོད་དོ། ། གསུམ་པ་ལྷའི་གནས་བཤད་པ་ལ། དངོས་དང༌། ཞར་ལ་དེའི་སེམས་ཅན་གྱི་ཁྱད་པར་རོ། །དང་པོ་ལ་གཉིས། ས་དང་འབྲེལ་བ་དང༌། མ་འབྲེལ་བའོ། །དང་པོ་ལ། རྒྱལ་ཆེན་རིགས་བཞི་པ་དང༌། སུམ་ཅུ་རྩ་གསུམ་པའི་གནས་སོ། །དང་པོ་ལ། གཞལ་མེད་ཁང་དང༌། རི་ལ་བརྟེན་པའོ། །དང་པོ་ལ་ཉི་ཟླའི་ཐག་ཚད། བྱ་བ་བྱེད་ཚུལ། དེ་ལ་བརྟེན་པའི་དུས་ཀྱི་ཁྱད་པར། ཟླ་བ་འཕེལ་འགྲིབ་ཀྱི་རྒྱུ་མཚན་ནོ། །དང་པོ་ལ། ཉི་ཟླ་མཐོ་དམན་གྱི་ཚད། ཉི་ཟླའི་རྒྱ་ཁྱོན་གྱི་ཚད་དོ། །དང་པོ་ནི། ཉི་ཟླ་ལྷུན་པོའི་ཕྱེད་ན་འོ། ། ཞེས་པས་བསྟན། ཉི་ཟླ་ནི་ལྷུན་པོའི་ཕྱེད་ན་འོ་སྟེ་གཉའ་ཤིང་འཛིན་གྱི་རྩེ་མོ་དང་མཉམ་པར་རྒྱུ་བའོ། ། གཉིས་པ་དེ་གཉིས་ཀྱི་རྒྱ་ཁྱོན་གྱི་ཚད་ནི། དཔག་ཚད་ལྔ་བཅུ་གཅིག་དང་བཅས། ། ཞེས་པས་བསྟན། ཟླ་བའི་དཀྱིལ་འཁོར་ནི་དཔག་ཚད་ལྔ་བཅུ་དང་ཉི་མའི་དཀྱིལ་འཁོར་ནི་དཔག་ཚད་ལྔ་བཅུ་གཅིག་དང་བཅས་པའོ། །རྔམས་སུ་དཔག་ཚད་ཕྱེད་དང་དྲུག་དང་བཅོ་བརྒྱད་ཀྱི་ཆ་གཅིག་གོ །ཟླ་བ་ནི་ཆུ་ཤེལ་དང་ཉི་མ་ནི་མེ་ཤེལ་ལས་གྲུབ་པ་དབྱིབས་ལེགས་ཤིང་ལྟ་ན་སྡུག་པ་འབྱོར་པ་དུ་མ་དང་ལྡན་པ་ལྷའི་བུ་ཉི་མ་དང་ཟླ་བ་འཁོར་དང་བཅས་པའི་གནས་ཡིན་ནོ། །སྐར་མ་ཆེ་བ་རྣམས་ཀྱི་ཚད་རྒྱང་གྲགས་བཅོ་བརྒྱད་དང་ཆུང་བ་རྣམས་ཀྱི་ཚད་རྒྱང་གྲགས་གཅིག་གོ ། གཉིས་པ་བྱ་བ་བྱེད་ཚུལ་ནི། ནམ་ཕྱེད་ཉི་མ་ནུབ་པ་དང༌། །ཉི་མ་ཕྱེད་དང་འཆར་དུས་གཅིག ། ཅེས་པས་བསྟན། གླིང་བཞི་གཅིག་ཏུ་ཉི་མ་གཅིག་དང་ཟླ་བ་གཅིག་གིས་བྱ་བ་བྱེད་པའི་ཚུལ་ནི་བྱང་སྒྲ་མི་སྙན་དུ་ནམ་ཕྱེད་པའི་ཚེ་ལུས་འཕགས་གླིང་དུ་ཉི་མ་ནུབ་པ་དང་འཛམ་གླིང་དུ་ཉི་མ་ཕྱེད་དང་བ་ལང་སྤྱོད་དུ་འཆར་བ་དུས་གཅིག་གོ །དེ་བཞིན་དུ་ཤར་དུ་ནམ་ཕྱེད་པའི་ཚེ་ལྷོར་ཉི་མ་ནུབ་པ་དང་ནུབ་ཏུ་ཉི་མ་ཕྱེད་པ་དང་བྱང་དུ་ཉི་མ་འཆར་བ་ལ་སོགས་པ་དུས་མཉམ་པ་རིམ་པ་བཞིན་སྦྱར་རོ། ། གསུམ་པ་དེ་ལ་བརྟེན་པའི་དུས་ཚིགས་ལ། ཉིན་མཚན་རིང་ཐུང་དུ་འགྱུར་བའི་དུས། རིང་ཐུང་གི་ཚད། ཉི་མ་ཟློག་པའི་དུས་སོ། །དང་པོ་ནི། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་མཚན་རིང༌། ། དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་དུ་འགྱུར་རོ་ཉིན་མོ་ཟློག ། ཅེས་པས་བསྟན། འགྲེལ་བཤད་ལས། སངས་རྒྱས་པ་རྣམས་ཀྱི་དུས་ཀྱི་དང་པོ་ནི་དགུན་ནོ། །གཉིས་པ་ནི་དཔྱིད་དོ། །གསུམ་པ་ནི་དབྱར་རོ། །ཞེས་གསུངས་པའི་དགུན་དཔྱིད་དབྱར་གསུམ་ཀར་ཟླ་བ་བཞི་བཞི་ཡོད་པའི་དགུན་ཟླ་བཞི་ནི་དབྱུག་པ། སྨིན་དྲུག་མགོ །རྒྱལ་ལོ། །དཔྱིད་ཟླ་བཞི་ནི་མཆུ། དབོ། ནག་པ། ས་གའོ། །དབྱར་ཟླ་བཞི་ནི་སྣྲོན། ཆུ་སྟོད། གྲོ་བཞིན། ཁྲུམས་རྣམས་སོ། །དེའང་དགུན་ཟླ་དང་པོ་དབྱུག་ཟླའི་མཚན་གཞི་ནི་སྟོན་ཟླ་ཐ་ཆུང་ཉའི་ཕྱི་དེ་ནས་དགུན་རའི་བར་གྱི་ཟླ་བ་གཅིག་པོ་དེ་ཡིན་ལ། དགུན་ཟླ་ར་བ་ནི་འདི་པའི་ལུགས་ལ་ཧོར་ཟླ་དགུ་པར་གྲགས་པ་དེ་ཉིད་ཡིན་ཞིང༌། དེ་བཞིན་དུ་བཅུ་པ་དགུན་འབྲིང་དང་བཅུ་གཅིག་པ་དགུན་ཟླ་ཐ་ཆུང་སོགས་སུ་ཤེས་པར་བྱའོ། །དེའང་མར་ངོ་སྔོན་དུ་འགྲོ་ཞིང་ཡར་ངོ་ཕྱིས་སུ་བཞག་ནས་འཛིན་དགོས་པས་དབྱར་འབྲིང་ཉའི་ཕྱི་དེ་ནས་ཐ་ཆུང་ཉའི་བར་ནི་དབྱར་ཟླ་དང་པོ་སྟེ་སྣྲོན་ནམ་གདུབ་བུའི་ཟླ་བའོ། །དབྱར་ཟླ་ཐ་ཆུང་གི་ཉའི་ཕྱི་དེ་ནས་སྟོན་རའི་ཉའི་བར་ནི་དབྱར་རྣམས་ཀྱི་ཟླ་བ་གཉིས་པ་ཆུ་སྟོད་ཀྱི་ཟླ་བ་ཡིན་ལ། དེ་ཡི་ཐ་མ་སྟེ་དཀར་པོའི་ཕྱོགས་སྟོན་རའི་ཡར་ངོའི་ཚེས་བརྒྱད་ལ་ཉིན་མོ་ཡུད་ཙམ་བཅོ་བརྒྱད་མཚན་མོ་ཡུད་ཙམ་བཅུ་གཉིས་འབྱུང་ཞིང་དེའི་ཕྱི་མ་ཚེས་དགུ་ནས་མཚན་མོ་རིང་བར་འགྱུར་ཞིང་ཉིན་མོ་ཐུང་ངུ་འགྱུར་བ་ཡིན་ཏེ། འགྲེལ་པ་ལས། དབྱར་རྣམས་ཀྱི་ཟླ་བ་གཉིས་པ་སྟོན་ཟླ་ར་བ་དབྱར་གྱི་ངོའི་ཚེས་དགུ་ནས་མཚན་མོ་རིང་ངོ༌། །ཞེས་བཤད་པའི་ཕྱིར། དགུན་རྣམས་ཀྱི་ནི་ཟླ་བ་བཞི་པ་དཔྱིད་ཟླ་ར་བའི་ཡར་ངོའི་ཚེས་བརྒྱད་ལ་དགུན་ཉི་ཟློག་ཅིང་དེའི་ཚེས་དགུ་ནས་མཚན་མོ་ཐུང་དུ་འགྱུར་རོ། །ཉིན་མོ་ནི་དེ་ལས་ཟློག་སྟེ་རིང་དུ་འགྱུར་བ་ཡིན་ཏེ། འགྲེལ་པ་ལས། དགུན་རྣམས་ཀྱི་ཟླ་བ་བཞི་པའི་ཐ་མའི་ཚེས་དགུ་ནས་ཐུང་ངུ་འགྱུར་རོ་ཞེས་བྱ་བ་སྦྱར་ཏེ་དཔྱིད་ཟླ་ར་བ་ཡར་གྱི་ངོའི་ཚེས་དགུ་ནས་སོ། །ཞེས་བཤད་པའི་ཕྱིར། གཉིས་པ་རིང་ཐུང་གི་ཚད་ནི། ཉིན་མཚན་རིང་བ་ཐང་གཅིག་གོ ། ཞེས་པས་བསྟན། ཉིན་མོའམ་མཚན་མོ་རིང་བར་འགྱུར་ཚད་ཐང་གཅིག་གོ །ཐང་གཅིག་གི་ཡུན་ཚད་ནི་ཉིན་ཞག་གཅིག་གི་དགུ་བརྒྱའི་ཆ་སྟེ་དུས་འཁོར་ལྟར་ན་དབུགས་འབྱུང་འཇུག་གནས་གསུམ་གཅིག་ཏུ་བྱས་པའི་དབུགས་ཉི་ཤུ་རྩ་བཞི་ཡིན་ལ། ཆུ་སྲང་བཞི་བཞིས་རིང་ཐུང་བྱེད་པར་བཤད་ཅིང་ཆུ་སྲང་རེ་ལ་དབུགས་དྲུག་རེ་ཡོད། གསུམ་པ་ཉི་མ་ཟློག་པའི་དུས་ནི། ཉི་མ་ལྷོ་བྱང་འགྲོ་ཚེ་འོ། ། ཞེས་པས་བསྟན། ཉི་མ་ལྷོ་ཕྱོགས་སུ་འགྲོ་ན་མཚན་མོ་རིང་ལ་བྱང་ཕྱོགས་སུ་འགྲོ་ཚེ་ཉིན་མོ་རིང་བར་འགྱུར་བའོ། ། བཞི་པ་ཟླ་བ་འཕེལ་འགྲིབ་འབྱུང་བའི་རྒྱུ་མཚན་ནི། ཉི་མ་དང་ནི་ཉེ་བ་ལས། །རང་གི་གྲིབ་མས་འགྲིབ་པར་སྣང༌། ། ཞེས་པས་བསྟན། མར་ངོའི་ཟླ་བ་མ་རངས་པའི་རྒྱུ་ཅི་ཞེ་ན། ཟླ་བའི་ཁང་པ་དེ་ཉི་མའི་ཁང་པ་དང་ནི་ཉེ་བར་རྒྱུ་བ་ལས་ཉི་འོད་ཟླ་བའི་ཁང་པ་ལ་བབས་ཏེ་དེའི་ཕ་རོལ་གྱི་ངོས་སུ་ཟླ་བ་རང་གི་གྲིབ་མ་བབས་པས་དཀྱིལ་འཁོར་མ་རངས་ཤིང་འགྲིབ་པར་སྣང་ངོ་ཞེས་གྲགས་ཤིང་ཀ་བ་དང་སྒྲོན་མེ་བཞིན་ནོ། ། གཉིས་པ་རི་ལ་བརྟེན་པའི་གནས་ལ། རྟེན་རི་རབ་ཀྱི་བང་རིམ་བཤད་པ་དང༌། ལྷ་གང་བརྟེན་བཤད་པའོ། །དང་པོ་ནི། འདི་ལ་བང་རིམ་བཞི་ཡོད་དེ། །བར་གྱི་ཐག་ནི་སྟོང་ཕྲག་བཅུ། ། སྟོང་ཕྲག་དག་ནི་བཅུ་དྲུག་དང༌། །བརྒྱད་དང་བཞི་དང་གཉིས་འཕགས་སོ། ། ཞེས་པས་བསྟན། རི་རབ་འདི་ལ་བང་རིམ་བཞི་ཡོད་དེ། དེའི་བར་གྱི་ཐག་ཚད་ནི་དཔག་ཚད་སྟོང་ཕྲག་བཅུ་བཅུའོ། །རི་རབ་ལས་ཕྱིར་འཕགས་པའི་ཚད་ནི་བང་རིམ་དང་པོ་དཔག་ཚད་སྟོང་ཕྲག་དག་ནི་བཅུ་དྲུག་དང༌། གཉིས་པ་སྟོང་ཕྲག་བརྒྱད་དང་གསུམ་པ་སྟོང་ཕྲག་བཞི་དང༌། བཞི་པ་སྟོང་ཕྲག་གཉིས་འཕགས་སོ། །བང་རིམ་ནི་རྩ་བ་ནས་ཡིན་པས་རི་རབ་ཀྱི་ཕྱེད་མན་ཆད་དུ་སླེབ་བོ། ། གཉིས་པ་ལྷ་གང་བརྟེན་བཤད་པ་ལ། རི་རབ་ལ་གང་བརྟེན་པ་དང༌། གསེར་གྱི་རི་བདུན་ལ་གང་བརྟེན་པའོ། །དང་པོ་ནི། དེ་ལ་ལག་ན་གཞོང་ཐོགས་དང༌། །ཕྲེང་ཐོགས་དང་ནི་རྟག་མྱོས་དང༌། ། རྒྱལ་ཆེན་བཞི་པའི་ལྷ་རྣམས་གནས། ། ཞེས་པས་བསྟན། བང་རིམ་དང་པོ་དེ་ལ་ནི་གནོད་སྦྱིན་ལག་ན་གཞོང་ཐོགས་གནས་པ་དང༌། གཉིས་པ་ལ་ཕྲེང་ཐོགས་རྣམས་གནས་པ་དང་ནི་གསུམ་པ་ལ་རྟག་མྱོས་དང༌། བཞི་པ་ལ་རྒྱལ་ཆེན་བཞི་ཤར་དུ་ཡུལ་འཁོར་སྲུང༌། ལྷོར་འཕགས་སྐྱེས་པོ། ནུབ་ཏུ་མིག་མི་བཟང༌། བྱང་དུ་རྣམ་ཐོས་ཀྱི་བུ་སྟེ་རང་ཉིད་དང་དེའི་འཁོར་དུ་གྱུར་པའི་ལྷ་རྣམས་གནས་སོ། ། གཉིས་པ་གསེར་གྱི་རི་བདུན་ལ་གང་བརྟེན་པ་ནི། རི་ནི་བདུན་པོ་དག་ལ་ཡང༌། ། ཞེས་པས་བསྟན། གཉའ་ཤིང་འཛིན་ལ་སོགས་པའི་རི་ནི་བདུན་པོ་དག་ལ་ཡང་ལྷ་དེ་དག་གི་གྲོང་དང་གྲོང་རྡལ་ཡོད་དེ། རྒྱལ་ཆེན་རིགས་བཞིའི་ལྷ་རིས་དེ་ནི་ལྷ་རིགས་དྲུག་རེ་རེ་བའམ་ཐམས་ཅད་ལས་ཆེས་མང་བ་ཡིན་ནོ། ། གཉིས་པ་སུམ་ཅུ་རྩ་གསུམ་གྱི་གནས་བཤད་པ་ལ། སྤྱིར་བསྟན་པ། ལག་ན་རྡོ་རྗེའི་རིགས་ཀྱི་གནས་བཤད་པ། སུམ་ཅུ་རྩ་གསུམ་པའི་གནས་ཀྱི་རྒྱས་བཤད་དོ། །དང་པོ་ནི། ལྷུན་པོའི་རྩེ་ན་སུམ་ཅུ་གསུམ། །དེ་ཡི་ངོས་ལ་བརྒྱད་ཁྲིའོ། ། ཞེས་པས་བསྟན། ལྷུན་པོའི་རྩེ་མོ་ན་སུམ་ཅུ་རྩ་གསུམ་ཡོད་ལ། ལྷུན་པོའི་ཐུར་དུ་ཇི་ལྟ་བར་དེ་ཡི་ངོས་བཞི་པོ་རེ་རེ་ལའང་དཔག་ཚད་བརྒྱད་ཁྲིའོ་སྟེ་མཐའ་སུམ་འབུམ་ཉི་ཁྲིས་འཁོར་བར་བཞེད། གཉིས་པ་ལག་ན་རྡོ་རྗེའི་རིགས་ཀྱི་གནས་བཤད་པ་ནི། ཕྱོགས་མཚམས་བརྩེགས་པ་བཞི་ལ་ནི། །ལག་ན་རྡོ་རྗེ་གནས། ། ཞེས་པས་བསྟན། རི་རབ་ཀྱི་ཕྱོགས་མཚམས་དཔག་ཚད་ལྔ་བརྒྱས་གྱེན་དུ་བརྩེགས་པ་བཞི་ལ་ནི་གནོད་སྦྱིན་ལག་ན་རྡོ་རྗེ་བག་མེད་པའི་ལྷ་རྣམས་བསྲུང་བའི་ཕྱིར་གནས་སོ། ། གསུམ་པ་སུམ་ཅུ་རྩ་གསུམ་གྱི་གནས་རྒྱས་པར་བཤད་པ་ལ་གྲོང་ཁྱེར་དང༌། སྐྱེད་མོས་ཚལ་ལོ། །དང་པོ་ལ། གྲོང་ཁྱེར་སྤྱི་དང༌། དབང་པོའི་ཕོ་བྲང་ངོ༌། །དང་པོ་ནི། དབུས་ན། ། གྲོང་ཁྱེར་ལྟ་ན་སྡུག་ཅེས་པ། །ངོས་ལ་ཉིས་སྟོང་ལྔ་བརྒྱ་པ། ། དཔག་ཚད་ཕྱེད་དང་གཉིས་གསེར་གྱི། །རང་བཞིན་གཞི་བཀྲ་མཉེན་པ་ཡོད། ། ཅེས་པས་བསྟན། རི་རབ་ཀྱི་གཞི་རྩེ་མོ་དེའི་དབུས་ན་བརྒྱ་བྱིན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་པ་ངོས་རེ་ལ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་པ་འཕང་དུ་དཔག་ཚད་ཕྱེད་དང་གཉིས་པ་གསེར་གྱི་རང་བཞིན་ལས་གྲུབ་པ་འོག་གི་གཞི་ཚོན་སྣ་བརྒྱས་བཀྲ་བར་བྱས་པ་རེག་ན་མཉེན་པ་ཡོད་དོ། ། གཉིས་པ་དབང་པོའི་ཕོ་བྲང་ནི། དེ་ན་རྣམ་པར་རྒྱལ་བྱེད་དེ། །ངོས་ལ་ཉིས་བརྒྱ་ལྔ་བཅུའོ། ། ཞེས་པས་བསྟན། གྲོང་དེའི་དབུས་ན་བརྒྱ་བྱིན་གྱི་ཁང་བཟང་རྣམ་པར་རྒྱལ་བྱེད་ཡོད་དེ། དེའང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་ཅིང་ལྟ་ན་སྡུག་པ་དཔག་ཚད་ཕྱེད་དང་ལྔས་གྱེན་དུ་འཕགས་པ་གཞན་གྱི་དཔལ་གྱི་ཆེ་བ་ཐམས་ཅད་ཟིལ་གྱིས་གནོན་པ་ཡོད་ལ། དེའི་ངོས་ལ་ཉིས་བརྒྱ་ལྔ་བཅུའོ་སྟེ་དཔག་ཚད་སྟོང་གིས་འཁོར་བ་ཡོད་དོ། ། གཉིས་པ་སྐྱེད་ཚལ་བཤད་པ་ལ། སྐྱེད་ཚལ་དངོས། ས་གཞི། ལྗོན་ཤིང༌། འདུན་སའོ། །དང་པོ་ནི། ཕྱི་རོལ་ཤིང་རྟ་སྣ་ཚོགས་དང༌། །རྩུབ་འགྱུར་འདྲེས་ཚལ་དགའ་བས་བརྒྱན། ། ཞེས་པས་བསྟན། གྲོང་ཁྱེར་དེའི་ཕྱི་རོལ་ངོས་བཞི་དག་ན་སྐྱེད་ཚལ་བཞི་ཡོད་དེ། ཤིང་རྟ་སྣ་ཚོགས་པའི་ཚལ་དང༌། རྩུབ་འགྱུར་དང༌། འདྲེས་པའི་ཚལ་དང༌། དགའ་བའི་ཚལ་ཏེ་དེ་དག་གིས་ནི་གྲོང་ཁྱེར་དེའི་ཕྱི་རོལ་བརྒྱན་ནོ། ། གཉིས་པ་ས་གཞི་ནི། དེ་དག་གི་ནི་ཕྱོགས་བཞི་ན། །ཉི་ཤུས་བཅད་ན་ས་གཞི་བཟང༌། ། ཞེས་པས་བསྟན། སྐྱེད་ཚལ་དེ་དག་གི་ནི་ཕྱོགས་བཞི་ན་དཔག་ཚད་ཉི་ཤུས་བཅད་པ་ཚུན་ཆད་ན་ས་གཞི་བཟང་ཞིང་ཡིད་དུ་འོང་བ་སྐྱེད་ཚལ་ལ་འགྲན་བཟོད་པ་ལྟ་བུ་བཞི་ཡོད་དོ། ། གསུམ་པ་ལྗོན་ཤིང་ནི། བྱང་ཤར་མཚམས་ན་ཡོངས་འདུ་སྟེ། ། ཞེས་པས་བསྟན། གྲོང་ཁྱེར་ལྟ་ན་སྡུག་དེའི་ཕྱི་རོལ་བྱང་ཤར་མཚམས་ན་ཡོངས་འདུ་ས་བརྟོལ་ཏེ་འདིའི་རྩ་བ་དཔག་ཚད་ལྔའམ་གདགས་པར་ལྔ་བཅུ་ཐུར་དུ་ཟུག་པར་བཤད་ལ་གནམ་འཕང་དུ་དཔག་ཚད་བརྒྱ་འཕགས་སོ། །ལོ་འདབ་ཡལ་ག་དག་གིས་དཔག་ཚད་ལྔ་བཅུར་ཁྱབ་བོ། །མེ་ཏོག་དང་འདབ་མ་རྒྱས་པའི་དྲིས་རྫི་ཕྱོགས་སུ་དཔག་ཚད་བརྒྱར་ལྡང་ལ་རྫི་ཕྱོགས་མིན་པར་དཔག་ཚད་ལྔ་བཅུ་ལྡང་ངོ༌། ། བཞི་པ་འདུན་ས་ནི། ལྷོ་ནུབ་མཚམས་ན་ཆོས་བཟང་ངོ༌། ། ཞེས་པས་བསྟན། གྲོང་ཁྱེར་དེའི་ལྷོ་ནུབ་ཀྱི་མཚམས་ན་གང་དུ་ལྷ་རྣམས་འཁོད་ནས་བྱ་བ་དང་བྱ་བ་མ་ཡིན་པ་འགྲོ་བའི་འདུན་ས་ཆོས་བཟང་ངོ༌། །ཆོས་བཟང་དེའང་དབྱིབས་ཟླུམ་པོ་མཐའ་དཔག་ཚད་དགུ་བརྒྱས་འཁོར་བ་ཤེལ་བསྲུབ་པ་དག་ཡོད་དེ། རྩ་གསུམ་པ་རྣམས་ཀྱི་སྣོད་གནས་པའོ། ། གཉིས་པ་ས་དང་མ་འབྲེལ་བའི་གནས་ནི། དེ་སྟེང་ལྷ་རྣམས་གཞལ་མེད་ཁང༌། ། ཞེས་པས་བསྟན། སུམ་རྩེན་པ་དེའི་སྟེང་གི་ལྷ་རྣམས་ནི་གཞལ་མེད་ཁང་དག་ན་གནས་ཏེ། དེའང་འཐབ་བྲལ་ནས་གཞན་འཕྲུལ་དབང་བྱེད་པ་སོགས་ནི་རིམ་བཞིན་གནས་སོ། ། གཉིས་པ་ཞར་ལ་དེའི་སེམས་ཅན་གྱི་ཁྱད་པར་བཤད་པ་ལ། འདོད་པ་སྤྱོད་པ། ལྷའི་བུ་སྐྱེ་བ། འདོད་བདེ་སྐྱེ་བ། གོང་འོག་གི་བར་ཐག་གི་ཚད། གོང་མར་བགྲོད་ཚུལ་ལོ། །དང་པོ་ནི།་ འདོད་པ་སྤྱོད་པ་དྲུག་ཡིན་ནོ། ། གཉིས་གཉིས་འཁྱུད་དང་ལག་བཅངས་དང༌། །རྒོད་དང་བལྟས་པས་འཁྲིག་པ་ཡིན། ། ཞེས་པས་བསྟན། རྒྱལ་ཆེན་བཞིའི་རིས་པ་ནས་བཟུང་སྟེ་གཞན་འཕྲུལ་དབང་བྱེད་ཀྱི་བར་འདོད་པ་དག་ལ་སྤྱོད་པ་དྲུག་ཡིན་ནོ། །ས་དང་འབྲེལ་བའི་འདོད་ལྷ་འོག་མ་གཉིས་ནི་ཕོ་མོ་གཉིས་ཀྱི་དབང་པོ་གཉིས་སྤྲོད་ཀྱིས་འཁྲིག་སྟེ་མི་བཞིན་ནོ། །དེར་ཁུ་བ་དང་ཆུ་འགྲོ་བ་མེད་པས་མི་གཙང་བར་འགྱུར་བའང་མེད་དོ། །འཐབ་བྲལ་ནི་འཁྱུད་པས་འཁྲིག་པ་དང༌། དགའ་ལྡན་པ་ནི་ལག་པ་བཅངས་པ་དང༌། འཕྲུལ་དགའ་བ་ནི་རྒོད་པ་དང༌། གཞན་འཕྲུལ་དབང་བྱེད་པ་ནི་བལྟས་པས་འཁྲིག་པ་ཡིན་ཏེ། དེ་ཙམ་གྱིས་ཆགས་པའི་གདུང་བ་དང་བྲལ་བར་བྱེད་པའི་ཕྱིར། ལྷ་ཕོ་མོ་གང་གི་པང་པར་ཁྱེའུ་འམ་བུ་མོ་བབས་པར་གྱུར་པ་དེ་རིམ་བཞིན་དེ་དག་གི་བུ་དང་བུ་མོ་ཡིན་ནོ། ། གཉིས་པ་ལྷའི་བུ་སྐྱེ་བ་ལ། འདོད་ལྷའི་བུ་དང༌། གཟུགས་ཀྱི་བུའོ། །དང་པོ་ནི། བྱིས་པ་ལོ་ལྔ་ལོན་པ་ནས། །ལོ་བཅུ་ལོན་པ་ལྟ་བུའི་བར། །དེ་དག་ཏུ་སྐྱེ། ། ཞེས་པས་བསྟན། རྒྱལ་ཆེན་བཞི་པར་ནི་བྱིས་པ་ལོ་ལྔ་ལོན་པ་ནས་སུམ་རྩེན་དུ་ལོ་དྲུག་སོགས་བསྒྲེས་པས་གཞན་འཕྲུལ་དབང་བྱེད་ན་ལོ་བཅུ་ལོན་པ་ལྟ་བུའི་བར་ལྷ་གནས་དེ་དག་ཏུ་སྐྱེའོ། །འདིའི་བྱིས་པ་ནི་ཚེ་ལོ་བརྒྱ་པའི་དུས་ཀྱི་བོང་ཚོད་དོ། ། གཉིས་པ་གཟུགས་ཀྱི་བྱིས་པ་ནི། གཟུགས་ཅན་རྣམས། །ཀུན་རྫོགས་གོས་དང་བཅས་པ་ཉིད། ། ཅེས་པས་བསྟན། གཟུགས་ན་སྤྱོད་པ་ཅན་གྱི་ལྷ་རྣམས་ནི་ལུས་ཀྱི་ཆ་ཤས་ཀུན་རྫོགས་ཤིང་གོས་དང་བཅས་པ་ཉིད་དུ་སྐྱེའོ། ། གསུམ་པ་འདོད་བདེ་སྐྱེ་བ་ལ། དངོས་དང༌། ཞར་ལ་གཟུགས་བདེ་སྐྱེ་བའོ། །དང་པོ་ནི། འདོད་པ་སྐྱེ་བ་གསུམ་པོ་ནི། །འདོད་པའི་ལྷ་དང་མིར་བཅས་རྣམས། ། ཞེས་པས་བསྟན། སེམས་ཅན་གྱི་ཁྱད་པར་ལ་མདོ་ལས་འདོད་པ་སྐྱེ་བ་གསུམ་བཤད་པའི་འདོད་པ་སྐྱེ་བ་གསུམ་པོ་དེ་ནི་འདོད་པའི་ལྷ་དང་མིར་བཅས་པ་རྣམས་སོ། །དེའང་འདི་ལྟར་དང་པོ་ནི་མི་རྣམས་དང་ལྷ་རིས་བཞི་སྟེ་སྔར་བྱུང་བའི་ལས་ཀྱི་དབང་གིས་ཡོངས་སུ་ལོངས་སྤྱོད་དོ། །གཉིས་པ་ནི་འཕྲུལ་དགའ་བའི་ལྷ་རྣམས་ཏེ་བདག་ཉིད་ཀྱིས་སྤྲུལ་པ་ལ་ཇི་ལྟར་འདོད་བཞིན་ལས་ཀྱིས་ཡོངས་སུ་ལོངས་སྤྱོད་དོ། །གསུམ་པ་ནི་དབང་བྱེད་ཀྱི་ལྷ་རྣམས་ཏེ་བདག་དང་གཞན་གྱིས་སྤྲུལ་པ་ལ་ཇི་ལྟར་འདོད་པ་བཞིན་ཐུན་མོང་དུ་ལས་ཀྱིས་ཡོངས་སུ་ལོངས་སྤྱོད་དོ། ། གཉིས་པ་གཟུགས་བདེ་སྐྱེ་བ་ནི། བདེ་བ་སྐྱེ་བ་གསུམ་པོ་ནི། །བསམ་གཏན་གསུམ་ལ་ས་དགུ་ཡིན། ། ཞེས་པས་བསྟན། བདེ་བ་སྐྱེ་བ་ནི་མདོ་ལས་དབེན་པ་ལས་སྐྱེས་པའི་བདེ་བ་དང༌། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བའི་བདེ་བ་དང༌། དགའ་བ་མེད་པའི་བདེ་བ་སྐྱེ་བ་གསུམ་བཤད་པའི་བདེ་བ་སྐྱེ་བ་གསུམ་པོ་ནི་བསམ་གཏན་དང་པོ་གསུམ་རེ་རེ་ལ་གསུམ་གསུམ་ཡོད་པས་ས་དགུར་བཤད་པ་རྣམས་ཡིན་ནོ། ། བཞི་པ་གོང་འོག་གི་བར་ཐག་གི་ཚད་ནི། གནས་ནས་གནས་འོག་ཇི་སྲིད་པ། །དེ་ནས་དེ་ཡི་གོང་དེ་སྲིད། ། ཅེས་པས་བསྟན། རང་རང་གི་གནས་ནས་གནས་འོག་མ་འཛམ་བུའི་གླིང་ཇི་སྲིད་པ་རང་གི་གནས་དེ་ནས་དེ་ཡི་གོང་ལའང་དེ་སྲིད་ཡོད་པའི་ཕྱིར་ཏེ། སུམ་ཅུ་རྩ་གསུམ་ནས་འཛམ་གླིང་གི་བར་ལ་དཔག་ཚད་བརྒྱད་ཁྲི་ཡོད་པ་བཞིན་དུ་ཡར་འཐབ་བྲལ་གྱི་བར་ལའང་དེ་སྲིད་དང༌། འཐབ་བྲལ་ནས་འཛམ་གླིང་གི་བར་ལ་འབུམ་དང་དྲུག་ཁྲི་ཡོད་པ་ལྟར་དགའ་ལྡན་གྱི་བར་ལ་སྦྱར་ནས། མཐར་ཤིན་ཏུ་མཐོང་བ་ནས་འོག་མ་འཛམ་གླིང་པའི་བར་དུ་གཏམས་ཕྲག་བརྒྱད་འབྱུང་བ་ཇི་སྲིད་པ་གོང་མ་འོག་མིན་གྱི་གནས་སུའང་བར་ཐོག་དེ་སྲིད་ཡོད་པའི་ཕྱིར། ལྔ་པ་གོང་མར་བགྲོད་པའི་ཚུལ་ནི། རྫུ་འཕྲུལ་གཞན་བརྟེན་མ་གཏོགས་པ། །དེ་དག་གོང་མ་མཐོང་བ་མེད། ། ཅེས་པས་བསྟན། ཅི་འོག་མར་སྐྱེས་པ་རྣམས་གོང་མར་འགྲོ་ཞིང་མཐོང་བར་འགྱུར་རམ་ཞེ་ན། ས་གོང་མ་པའི་རྫུ་འཕྲུལ་རང་གིས་ཐོབ་པའམ་ཐོབ་པའི་གང་ཟག་གཞན་ལ་བརྟེན་པ་མ་གཏོགས་པ་འོག་མ་པ་དེ་དག་གིས་གནས་གཞན་གོང་མར་བགྲོད་མི་ནུས་པས་མཐོང་བ་མེད་ལ། གོང་མ་བས་འོག་མ་རྣམས་སུ་བདེ་བླག་ཏུ་འོང་ནུས་ཤིང་འོངས་པ་ན་དེ་དག་གི་རང་གཟུགས་འོག་མ་ས་མཚུངས་པ་རྣམས་ཀྱིས་མཐོང་སྲིད་ཅིང་མི་མཚུངས་པ་རྣམས་ཀྱིས་མི་མཐོང་ངོ༌། ། གསུམ་པ་སྟོང་གསུམ་ངོས་བཟུང་བ་ལ། སྟོང་སྤྱི་ཕུད། སྟོང་གཉིས་བར་མ། སྟོང་གསུམ་སྟོང་ཆེན་ངོས་བཟུང་བའོ། །དང་པོ་ནི། གླིང་བཞི་པ་དང་ཉི་ཟླ་དང༌། །རི་རབ་དང་ནི་འདོད་ལྷ་དང༌། ། ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། ། ཅེས་པས་བསྟན། འཛམ་གླིང་སོགས་གླིང་བཞི་པ་གཅིག་དང་ནི་ཉི་ཟླ་དང༌། རི་རབ་དང་ནི་འདོད་ལྷ་དྲུག་དང་ཚངས་པའི་འཇིག་རྟེན་སྟོང་ལ་ནི་སྟོང་ནི་སྤྱི་ཕུད་ཡིན་པར་འདོད་དོ། ། གཉིས་པ་སྟོང་གཉིས་བར་མ་ནི། དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། ། ཞེས་པས་བསྟན། སྟོང་སྤྱི་ཕུད་དེ་སྟོང་ལ་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་ཁམས་ཡིན་ནོ། །བར་མ་ལ་སྟོང་ཆུང་ངུ་སྟོང་སྟེ་འཛམ་གླིང་བྱེ་བའོ། ། གསུམ་པ་སྟོང་གསུམ་སྟོང་ཆེན་ནི། དེ་སྟོང་ལ་ནི་སྟོང་གསུམ་མོ། ། ཞེས་པས་བསྟན། སྟོང་གཉིས་པ་དེ་སྟོང་ལ་ནི་སྟོང་གསུམ་མོ། །དེ་ལ་ནི་གླིང་བཞི་བྱེ་བ་ཕྲག་བརྒྱའོ། ། བཞི་པ་དེ་དག་འབྱུང་འཇིག་མཉམ་པར་བསྟན་པ་ནི། མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། ། ཞེས་པས་བསྟན། དེ་ཐམས་ཅད་ཀྱང་འཇིག་ན་མཉམ་དུ་འཇིག་ཅིང་འབྱུང་ནའང་མཉམ་དུ་འབྱུང་བ་ཡིན་ནོ། ། གཉིས་པ་ཞར་ལ་སེམས་ཅན་གྱི་ཚད་བཤད་པ་ལ། ལུས་ཚད་དང༌། ཚེ་ཚད་དོ། །དང་པོ་ལ། མིའི་ལུས་ཚད། འདོད་ལྷའི་ལུས་ཚད། གཟུགས་ཁམས་པའི་ལུས་ཚད་དོ། །དང་པོ་ལ། འཛམ་བུ་གླིང་པ་དང༌། གླིང་གཞན་གསུམ་གྱི་ལུས་ཚད་དོ། །དང་པོ་ནི། འཛམ་བུ་གླིང་པ་རྣམས་ཀྱི་ཚད། །ཁྲུ་བཞི་པ་དང་ཕྱེད་དང་བཞི། ། ཞེས་པས་བསྟན། འཛམ་བུ་གླིང་པའི་མི་རྣམས་ཀྱི་ཚད་ཁྲུ་བཞི་པ་དང་ཕྱེད་དང་བཞི་པའོ། ། གཉིས་པ་གླིང་གཞན་གསུམ་གྱི་ལུས་ཚད་ནི། ཤར་དང་བ་ལང་སྤྱོད་དང་ནི། །བྱང་ཞེས་བྱ་བ་ཉིས་འགྱུར་བསྐྱེད། ། ཅེས་པས་བསྟན། ཤར་དང་བ་ལང་སྤྱོད་དང་ནི་བྱང་ཞེས་བྱ་བ་ཉིས་འགྱུར་བསྐྱེད་ཅེས་པས་འཛམ་གླིང་གི་ཚེ་ལོ་བརྒྱ་པའི་དབང་དུ་བྱས་པའི་ཁྲུ་བརྒྱད་དང་བཅུ་དྲུག་དང་སོ་གཉིས་རྣམས་ནི་རིམ་བཞིན་དེ་དག་གི་ལུས་ཚད་ཡིན་ནོ། ། གཉིས་པ་འདོད་ལྷའི་ལུས་ཚད་ནི། འདོད་དང་ལྡན་པའི་ལྷ་ཡི་ལུས། །བཞི་ཆ་ནས་ནི་རྒྱང་གྲགས་དག ། ཕྱེད་དང་གཉིས་ཀྱི་བར་དུ་བསྐྱེད། ། ཅེས་པས་བསྟན། འདོད་པ་དང་ལྡན་པའི་ལྷ་དྲུག་པོའི་ལུས་ཚད་ནི་རིས་བཞི་པ་རྒྱང་གྲགས་གཅིག་གི་བཞི་ཆ་ཡིན་པ་ནས་ནི་གཞན་འཕྲུལ་བ་རྒྱང་གྲགས་དག་ནི་ཕྱེད་དང་གཉིས་ཡིན་པ་ཉིད་ཀྱི་བར་དུ་བསྐྱེད་དོ། ། གསུམ་པ་གཟུགས་ཁམས་པའི་ལུས་ཚད་ནི། གཟུགས་ཅན་དང་པོ་དཔག་ཚད་ཕྱེད། ། དེ་ཡི་གོང་མ་ཕྱེད་ཕྱེད་བསྐྱེད། །འོད་ཆུང་རྣམས་ཀྱི་ལྟག་ཡན་ཆད། ། ལུས་ནི་ཉིས་འགྱུར་ཉིས་འགྱུར་ཏེ། །སྤྲིན་མེད་དཔག་ཚད་གསུམ་དོར་རོ། ། ཞེས་པས་བསྟན། གཟུགས་ཅན་གྱི་ལྷ་རྣམས་ཀྱི་དང་པོ་ཚངས་རིས་པའི་ལུས་ཚད་དཔག་ཚད་ཕྱེད་པ་དང༌། ཚངས་རིས་པ་དེ་ཡི་གོང་མ་ཚངས་པ་འདུན་ན་འདོན་དང་ཚངས་ཆེན་འོད་ཆུང་བ་རྣམས་ཀྱི་ལུས་ཚད་ནི་རིམ་པ་ལྟར་དཔག་ཚད་ཕྱེད་ཕྱེད་ཀྱིས་བསྐྱེད་པ་དཔག་ཚད་གཅིག་དང་ཕྱེད་དང་གཉིས་དང་གཉིས་ཡིན་ནོ། །འོད་ཆུང་བ་རྣམས་ཀྱི་ལྟག་ཚད་མེད་འོད་ཡན་ཆད་རྣམས་ལུས་ནི་ཉིས་འགྱུར་ཉིས་འགྱུར་གྱིས་ཆེ་སྟེ། འོན་ཀྱང་སྤྲིན་མེད་པ་ཉིས་འགྱུར་གྱིས་བསྐྱེད་པ་ལས་དཔག་ཚད་གསུམ་དོར་རོ། །འདི་ལྟར་ཚད་མེད་འོད་དཔག་ཚད་བཞི་ཡིན་པ་ནས་འོག་མིན་པ་ཁྲི་དྲུག་སྟོང་གི་བར་རིམ་བཞིན་སྦྱར་རོ། །གཟུགས་མེད་ན་ལུས་མེད་པས་ལུས་ཚད་མེད་དོ། ། གཉིས་པ་ཚེ་ཚད་ལ། དངོས་དང༌། བར་དུ་འཆི་བ་ཡོད་མེད་དཔྱད་པའོ། །དང་པོ་ལ། བདེ་འགྲོ་དང༌། ངན་འགྲོའི་ཚེ་ཚད་དོ། །དང་པོ་ལ། མིའི། འདོད་ལྷའི། ཁམས་གོང་གི་ཚེ་ཚད་དོ། །དང་པོ་ལ། གླིང་གཞན་གསུམ་དང༌། འཛམ་བུ་གླིང་པའི་ཚེ་ཚད་དོ། །དང་པོ་ནི། སྒྲ་མི་སྙན་ན་ཚེ་སྟོང་སྟེ། །གཉིས་ན་ཕྱེད་ཕྱེད་སྤངས་པའོ། ། ཞེས་པས་བསྟན། སྒྲ་མི་སྙན་ན་ཚེ་ལོ་སྟོང་ཐུབ་སྟེ། བ་ལང་སྤྱོད་དང་ལུས་འཕགས་པོ་གཉིས་ན་སྔ་མའི་ཕྱེད་ཕྱེད་སྤངས་པའོ་ཞེས་པས་ལྔ་བརྒྱ་དང་ཕྱེད་དང་སུམ་བརྒྱའོ། ། གཉིས་པ་འཛམ་གླིང་པའི་ཚེ་ཚད་ནི། འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། ། ཅེས་པས་བསྟན། འཛམ་གླིང་འདི་ན་ཚེ་ཚད་མ་ངེས་ཏེ། རེས་རིང་པོར་འགྱུར་རེས་ཐུང་ངུར་འགྱུར་རོ། །ཐ་མ་ཐུང་ངུར་གྱུར་པ་ནི་ཚེ་ལོ་བཅུ་པ་དང༌། རིང་པོར་འགྱུར་བ་ནི་བསྐལ་པ་དང་པོའི་མི་རྣམས་ཀྱི་ཚེ་ལོ་དཔག་ཏུ་མེད་དེ། ལོ་སྟོང་ལ་སོགས་པ་བགྲང་བར་མི་ནུས་སོ། ། གཉིས་པ་འདོད་ལྷའི་ཚེ་ཚད་ལ། རྒྱལ་ཆེན་རིགས་བཞི་པ་དང༌། གཞན་ལྔའི་ཚེ་ཚད་དོ། །དང་པོ་ནི། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། །འདོད་པ་དག་གི་ལྷ་རྣམས་ལས། ། འོག་མ་དག་གི་ཉིན་ཞག་གཅིག །དེས་ན་ཚེ་ལོ་ལྔ་བརྒྱའོ། ། ཞེས་པས་བསྟན། མི་རྣམས་ཀྱི་ལོ་ལྔ་བཅུ་ལ་འདོད་ཁམས་པ་དག་གི་ལྷ་རྣམས་ལས་འོག་མ་རྒྱལ་ཆེན་བཞི་པ་དག་གི་ཉིན་ཞག་གཅིག་གོ །ཉིན་ཞག་དེས་རྩིས་ན་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག་དེ་བཅུ་གཉིས་ལ་ལོར་བརྩིས་པས་ལྷའི་ཚེ་ལོ་ལྔ་བརྒྱའོ། །མི་ལོ་ནི་ས་ཡ་ཕྲག་དགུའོ། ། གཉིས་པ་གཞན་ལྔའི་ཚེ་ཚད་ནི། གོང་མ་གཉིས་ཀ་ཉིས་འགྱུར་རོ། ། ཞེས་པས་བསྟན། ལྷ་རིས་གོང་མ་ལྔ་པོ་ནི་ཉིན་ཞག་དང་ཚེ་གཉིས་ཀ་ཉིས་འགྱུར་རོ་སྟེ། འདི་ལྟར་སུམ་རྩེན་པས་ནི་མི་ལོ་བརྒྱ་ལ་ཞག་གཅིག་ཏུ་བྱས་པའི་རང་ལོ་སྟོང་ཐུབ་པ་ནས་གཞན་འཕྲུལ་བས་མི་ལོ་སྟོང་དྲུག་བརྒྱ་ལ་ཞག་གཅིག་ཏུ་བྱས་པའི་རང་ལོ་ཁྲི་དྲུག་སྟོང་ཐུབ་པའི་བར་ཡིན་ཞིང༌། མི་ལོ་ནི་ཐེར་འབུམ་དགུ་དུང་ཕྱུར་གཉིས་བྱེ་བ་བཞི་ས་ཡ་དྲུག་གོ ། གསུམ་པ་ཁམས་གོང་གི་ལྷའི་ཚེ་ཚད་ལ། གཟུགས་ཁམས་པའི། གཟུགས་མེད་ཁམས་པའི། འཕྲོས་དོན་བསྐལ་པ་རིང་ཐུང་ལ་དཔྱད་པའོ། །དང་པོ་ནི། གཟུགས་ཅན་ཉིན་མཚན་མེད་ཚེ་ནི། །རང་ལུས་གཞལ་བའི་བསྐལ་པ་ཡི། ། ཞེས་པས་བསྟན། གཟུགས་ཅན་གྱི་ཁམས་ན་ཉིན་མཚན་མེད་པས་ལོ་མི་བགྲང་ཡང་ཚེའི་ཚད་ནི་ཡོད་དེ། རང་ལུས་ཆེ་ཆུང་ལ་གཞལ་བའི་དཔག་ཚད་ཀྱི་གྲངས་དང་མཉམ་པའི་བསྐལ་པ་ཡི་གྲངས་ཏེ། གཟུགས་ཅན་དང་པོ་བསྐལ་པ་ཕྱེད། །དེ་ཡི་གོང་མ་ཕྱེད་ཕྱེད་བསྐྱེད། །འོད་ཆུང་རྣམས་ཀྱི་ལྟག་ཡན་ཆད། །ཚེ་ནི་ཉིས་འགྱུར་ཉིས་འགྱུར་ཏེ། །སྤྲིན་མེད་བསྐལ་པ་གསུམ་དོར་རོ། །ཞེས་འདོན་པ་སྤོའོ། ། གཉིས་པ་གཟུགས་མེད་ཁམས་པའི་ཚེ་ཚད་ནི། གཟུགས་མེད་བསྐལ་པ་སྟོང་ཕྲག་ནི། །ཉི་ཤུ་ལྷག་པས་ལྷག་པ་ཡིན། ། ཞེས་པས་བསྟན། གཟུགས་མེད་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ན་ཚེའི་ཚད་བསྐལ་པ་ཉི་ཁྲིའོ། །གོང་མ་གོང་མ་བསྐལ་པ་སྟོང་ཕྲག་ནི་ཉི་ཤུ་རེ་རེ་ལྷག་པས་ལྷག་པ་ཡིན་ཏེ། རྣམ་ཤེས་དང༌། ཅི་ཡང་མེད་དང༌། སྲིད་རྩེ་ན་རིམ་བཞིན་ཚེ་བསྐལ་པ་བཞི་ཁྲི། དྲུག་ཁྲི། བརྒྱད་ཁྲི་ཡིན་ནོ། ། གསུམ་པ་འཕྲོས་དོན་བསྐལ་པ་རིང་ཐུང་ལ་དཔྱད་པ་ནི། འོད་ཆུང་ནས་བཟུང་བསྐལ་ཆེན་ཏེ། །དེ་ཡི་འོག་མ་ཕྱེད་ཡིན་ནོ། ། ཞེས་པས་བསྟན། འདིར་ཚེ་ཚད་འཇོག་པའི་བསྐལ་པ་ནི་འོད་ཆུང་བའི་ལྷ་རིས་ནས་བཟུང་བའི་ཚེའི་ཚད་བསྐལ་པ་ཆེན་པོ་ཡིན་ཏེ། དེ་ཡི་འོག་མ་ཚངས་ཆེན་ལ་སོགས་པའི་ཚེ་ཚད་ནི་བསྐལ་པ་ཆེན་པོའི་ཕྱེད་བར་གྱི་བསྐལ་པ་བཞི་བཅུ་ལ་བསྐལ་པར་བྱས་ནས་བཞག་པ་ཡིན་ནོ། །དེའང་འཇིག་རྟེན་ན་བར་བསྐལ་ཉི་ཤུ་པ་ཚན་པ་གསུམ་ལ་རིམ་པ་བཞིན་དུ་ཆགས་པ་དང༌། ཆགས་ནས་འདུག་པ་དང༌། འཇིག་པ་སྟེ་བར་བསྐལ་དྲུག་ཅུ་པོ་དེ་དག་ལ་ཚངས་པ་ཆེན་པོའི་ཚེ་ཚད་བསྐལ་པ་ཕྱེད་དང་གཉིས་སུ་བཤད་དོ། ། གཉིས་པ་ངན་འགྲོའི་ཚེ་ཚད་ལ། ཚ་དམྱལ་གྱི། དུད་འགྲོའི། ཡི་དྭགས་ཀྱི། གྲང་དམྱལ་གྱི་ཚེ་ཚད་དོ། །དང་པོ་ལ། གོང་མ་དྲུག་གི །རབ་ཏུ་ཚ་བའི། མནར་མེད་པའི་ཚེ་ཚད་དོ། །དང་པོ་ནི། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། ། དེས་ན་དེ་དག་རྣམས་ཀྱི་ཚེ། །འདོད་པའི་ལྷ་དང་འདྲ་བ་ཡིན། ། ཞེས་པས་བསྟན། ཡང་སོས་ལ་སོགས་དྲུག་གི་ཚེ་ཚད་ནི་རིམ་བཞིན་འདོད་ལྷ་རིས་དྲུག་པོའི་ཚེ་ཇི་ཙམ་པ་དང་ཡང་སོས་སོགས་དྲུག་གི་ཉིན་ཞག་མཉམ་པར་བྱས་ནས་ཞག་སུམ་ཅུ་ཟླ་བ། དེ་བཅུ་གཉིས་ལོར་བསྒྲེས་པ་དེས་ན་ཡང་སོས་ལ་སོགས་དེ་དག་རྣམས་ཀྱི་ཚེ་ཚད་ནི་རང་ལོ་ལྔ་བརྒྱ་དང་སྟོང་དང་ཉིས་སྟོང་དང་བཞི་སྟོང་དང་བརྒྱད་སྟོང་དང་ཁྲི་དྲུག་སྟོང་ཐུབ་པས་འདོད་པའི་ལྷ་དྲུག་པོ་རྣམས་དང་ལོའི་གྲངས་སྤྱིར་འདྲ་བ་ཡིན་ནོ། ། གཉིས་པ་རབ་ཏུ་ཚ་བའི་ཚེ་ཚད་ནི། རབ་ཏུ་ཚ་ཕྱེད། ། ཅེས་པས་བསྟན། རབ་ཏུ་ཚ་བ་བར་བསྐལ་ཕྱེད་དོ། ། གསུམ་པ་མནར་མེད་པའི་ཚེ་ཚད་ནི། མནར་མེད་ནི། །བར་གྱི་བསྐལ་པའོ། ། ཞེས་པས་བསྟན། མནར་མེད་ཀྱི་ཚེ་ཚད་ནི་བར་གྱི་བསྐལ་པའོ། ། གཉིས་པ་དུད་འགྲོའི་ཚེ་ཚད་ནི། དུད་འགྲོ་རྣམས། །མཆོག་རིང་བསྐལ་པའོ། ། ཞེས་པས་བསྟན། དུད་འགྲོ་རྣམས་མཆོག་རིང་བསྐལ་པའོ་ཞེས་པས་མཁའ་ལྡིང་དང་ཀླུའི་དབང་པོ་རྣམས་ནི་བར་བསྐལ་དུའང་སྡོད་ལ། ཐུང་བ་རྣམས་ནི་ཡུད་ཙམ་མོ། ། གསུམ་པ་ཡི་དྭགས་ཀྱི་ཚེ་ཚད་ནི། ཡི་དྭགས་རྣམས། །ཟླ་བ་ཉིན་ཞག་གི་ལྔ་བརྒྱ། ། ཞེས་པས་བསྟན། ཡི་དྭགས་རྣམས་ནི་མིའི་ཟླ་བ་གཅིག་ལ་ཡི་དྭགས་ཀྱི་ཉིན་ཞག་གཅིག་ཏུ་བཞག་པའི་དབང་གིས་རང་ལོ་ལྔ་བརྒྱའོ། །དེ་ལ་མི་ལོ་ས་ཡ་ཕྲག་གཅིག་དང་དགུ་འབུམ་མོ། ། བཞི་པ་གྲང་དམྱལ་གྱི་ཚེ་ཚད་ལ། ཆུ་བུར་ཅན་གྱི་དང༌། གཞན་བདུན་གྱིའོ། །དང་པོ་ནི། ཏིལ་རྫང་ནང་ནས་ལོ་བརྒྱ་ཞིང༌། །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། ། ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། ། ཞེས་པས་བསྟན། ཡུལ་མ་ག་དྷའི་ཏིལ་རྫང་ཁལ་བརྒྱད་ཅུ་ཤོང་བ་དེའི་ནང་ནས་ལོ་བརྒྱ་ཞིང་ཏིལ་གཅིག་ཕྱུང་བས་ཟད་པར་གྱུར་པ་ཆུ་བུར་ཅན་གྱི་ཚེ་ཚད་ཡིན་ཏེ། ཁ་ཅིག་ལ་ཉི་ཤུ་ཡང་ཟེར་རོ། ། གཉིས་པ་གཞན་བདུན་གྱི་ཚེ་ཚད་ནི། གཞན་གྱི་ཚེ་ནི་ཉི་ཤུས་བསྒྱུར། ། ཞེས་པས་བསྟན། གཞན་ཆུ་བུར་རྡོལ་བ་ཅན་སོགས་ཀྱི་ཚེ་ནི་གོང་མ་གོང་མ་ལས་ཉི་ཤུས་བསྒྱུར་རོ། ། གཉིས་པ་བར་དུ་འཆི་བ་ཡོད་མེད་དཔྱད་པ་ནི། སྒྲ་མི་སྙན་མ་གཏོགས་པར་འཆི། ། ཞེས་པས་བསྟན། སྒྲ་མི་སྙན་མ་གཏོགས་པ་དུས་མིན་པར་འཆི་བ་ཡོད་པས་མ་ངེས་སོ། ། གསུམ་པ་དེ་དག་འཇལ་བྱེད་ཀྱི་ཚད་བཤད་པ་ལ། རྩོམ་ཚུལ་དང༌། བརྩམས་པའི་འཇལ་བྱེད་དོ། །དང་པོ་ནི། གཟུགས་མིང་དུས་མཐའ་རྡུལ་ཡིག་དང༌། །སྐད་ཅིག ། ཅེས་པས་བསྟན། འདུས་པའི་གཟུགས་དང་མིང་དང་དུས་ཀྱི་མཐར་ཐུག་པ་ནི་རིམ་བཞིན་རྡུལ་ཕྲ་རབ་དང་ཡི་གེ་དང་སྐད་ཅིག་མ་ཡིན་ནོ། །འདི་སྐབས་ཀྱི་རྡུལ་ནི་བསགས་རྡུལ་ཏེ་དབང་པོའི་ཡུལ་དུ་གྱུར་ཅིང་སྒྲིབ་ཐོགས་ཀྱི་བྱ་བ་བྱེད་པའོ། །རྫས་རྡུལ་ནི་འདིར་མི་བཟུང་སྟེ་དབང་ཤེས་ཀྱི་ཡུལ་ལས་འདས་ཤིང་ཆ་མེད་པའི་ཕྱིར། མིང་མཐའ་ཡི་གེ་སྟེ་མིང་ཚིག་ཀྱི་ཟླས་ཕྱེ་བའི་ཡི་གེ་མིང་གི་རྩོམ་གཞིར་གྱུར་པའོ། ། གཉིས་པ་བརྩམས་པའི་འཇལ་བྱེད་ལ། ཡུལ་གྱི་ཚད་དང༌། དུས་ཀྱི་ཚད་དོ། །དང་པོ་ལ། ཕྲ་རབ་ནས་སོར་མོའི་བར་གྱི་འགྱུར། དེ་ནས་རྒྱང་གྲགས་ཀྱི་འགྱུར། འཇལ་བྱེད་དངོས་ཀྱི་དཔག་ཚད་ཀྱི་ཚད་དོ། །དང་པོ་ནི། ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། ། ལྕགས་ཆུ་རི་བོང་ལུག་དང་གླང༌། །ཉི་ཟེར་རྡུལ་དང་སྲོ་མ་དང༌། ། དེ་ལས་བྱུང་དང་དེ་བཞིན་དུ། །སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར། ། ཞེས་པས་བསྟན། ཕྲ་རབ་རྡུལ་དང་ནི་རྡུལ་ཕྲན་དང་ནི་དེ་བཞིན་དུ་ལྕགས་ཆུ་རི་བོང་ལུག་དང་གླང་ཉི་ཟེར་རྡུལ་དང་སྲོ་མ་དང་དེ་ལས་བྱུང་བ་ཤིག་དང་དེ་བཞིན་དུ་ནས་དང་སོར་ཚིགས་ཞེས་བྱ་བ་གོང་ནས་གོང་དུ་བདུན་འགྱུར་དུ་བསྒྱུར་རོ། ། གཉིས་པ་རྒྱང་གྲགས་ཀྱི་འགྱུར་ལ། དངོས་དང༌། དགོན་པའོ། །དང་པོ་ནི། སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ༌། ། དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས། ། ཞེས་པས་བསྟན། སོར་མོ་ཉི་ཤུ་བཞི་ལ་ཁྲུ་དང་ཁྲུ་བཞི་ལ་ནི་གཞུ་གང་ངོ༌། །དེ་དག་ལྔ་བརྒྱ་རྣམས་ལ་ནི་རྒྱང་གྲགས་སོ། ། གཉིས་པ་དགོན་པ་ནི། དེ་ལ་དགོན་པར་འདོད། ། ཅེས་པས་བསྟན། གྲོང་ལས་དེ་ལྟ་བུའི་རྒྱང་གྲགས་གཅིག་འཕགས་པ་དེ་ལ་དགོན་པར་འདོད་དོ། ། གསུམ་པ་འཇལ་བྱེད་དངོས་ཀྱི་ཚད་ནི། དེ་བརྒྱད་དཔག་ཚད་ཅེས་བྱའོ། ། ཞེས་པས་བསྟན། རྒྱང་གྲགས་དེ་བརྒྱད་ལ་ནི་དཔག་ཚད་ཅེས་བྱའོ། ། གཉིས་པ་དུས་ཀྱི་ཚད་ལ། ལོའི་ཚད་དང༌། བསྐལ་པའི་ཚད་དོ། །དང་པོ་ལ། འཇལ་བྱེད་ཟླ་བའི་ཚད་དང༌། ལོ་དངོས་སོ། །དང་པོ་ནི། སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །དེ་ཡི་སྐད་ཅིག་དེ་དག་ཀྱང༌། ། དྲུག་ཅུ་ལ་ནི་ཐང་གཅིག་གོ །ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། ། གོང་ནས་གོང་དུ་སུམ་ཅུ་འགྱུར། ། ཞེས་པས་བསྟན། དེའང་དུས་མཐའི་སྐད་ཅིག་མ་བརྒྱ་ཉི་ཤུ་ལ་དེ་ཡི་སྐད་ཅིག་གོ །དེ་དག་ཀྱང་དྲུག་ཅུ་ལ་ནི་ཐང་གཅིག་གོ །དེ་སུམ་ཅུ་ལ་ཡུད་ཙམ་གཅིག་གོ །ཡུད་ཙམ་དང་ཉིན་ཞག་ཟླ་བ་གསུམ་ནི་གོང་ནས་གོང་དུ་སུམ་ཅུ་འགྱུར་ཡིན་ནོ། ། གཉིས་པ་ལོ་དངོས་ནི། ཞག་མི་ཐུབ་དང་བཅས་པ་ཡི། །ཟླ་བ་བཅུ་གཉིས་ལ་ལོ་གཅིག ། ཅེས་པས་བསྟན། ཞག་མི་ཐུབ་དྲུག་དང་བཅས་པ་ཡི་ཟླ་བ་བཅུ་གཉིས་ལ་ལོ་གཅིག་གོ །ཞག་མི་ཐུབ་འདོར་བའི་ཚུལ་ནི་འགྲེལ་པ་ལས། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་འདས་ནས། །ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་པས་ཞག་མི་ཐུབ་པ་དོར། །ཞེས་བཤད་པ་ལྟར་རོ། ། གཉིས་པ་བསྐལ་པའི་ཚད་ལ། བསྐལ་པ་ངོས་བཟུང༌། ཡ་ཐོག་རིང་མོའི་འགྲིབ་ཚུལ། འཇིག་པའི་བསྐལ་པའི་ཚུལ་ལོ། །དང་པོ་ལ། བསྟན་པ་དང༌། བཤད་པའོ། །དང་པོ་ནི། བསྐལ་པ་རྣམ་པ་མང་བཤད་པ། ། ཞེས་པས་བསྟན། མདོ་བསྟན་བཅོས་རྣམས་ལས་བསྐལ་པ་ནི་བར་གྱི་བསྐལ་པ། འཇིག་པའི་དང༌། ཆགས་པའི་དང༌། བསྐལ་པ་ཆེན་པོ་སྟེ་རྣམ་པ་མང་དུ་བཤད་པ་ཡིན་ནོ། ། གཉིས་པ་རྒྱས་པར་བཤད་པ་ལ། འཇིག་ཆགས་ཀྱི་བསྐལ་པ་བཤད་པ། གནས་པའི་བསྐལ་པ་བཤད། བསྐལ་ཆེན་བཤད་པའོ། །དང་པོ་ལ། འཇིག་པའི་བསྐལ་ཚུལ་དང༌། ཆགས་པའི་བསྐལ་ཚུལ་ལོ། །དང་པོ་ནི། འཇིག་པའི་བསྐལ་པ་དམྱལ་བ་ཡི། །སྲིད་པ་མེད་ནས་སྣོད་ཟད་པ། ། ཞེས་པས་བསྟན། འཇིག་པའི་བསྐལ་པ་ནི་གནས་བསྐལ་རྫོགས་ཤིང་ཚེ་ལོ་བརྒྱད་ཁྲི་པའི་ཚེ་སེམས་ཅན་དམྱལ་བ་མནར་མེད་པ་ཡི་སྲིད་པ་གསར་པ་སྐྱེ་བ་མེད་ཅིང་རྙིང་པ་རྣམས་ཚེ་ཟད་ནས་ཤི་སྟེ་དེ་ཐམས་ཅད་སྟོངས་པ་དང་དེ་བཞིན་དུ་དམྱལ་བ་གཞན་དང་ཡི་དྭགས་དང་དུད་འགྲོ་རྣམས་ཀྱང་འཇིག་ཅིང༌། དེ་ནས་འཛམ་གླིང་པའི་མི་རྣམས་ཀྱིས་སློབ་དཔོན་མེད་པར་ཆོས་ཉིད་ཀྱིས་བསམ་གཏན་དང་པོ་ཐོབ་ཅིང་རིམ་གྱིས་ཤི་ནས་ཚངས་པའི་འཇིག་རྟེན་དུ་སྐྱེ་ལ། ཤར་ནུབ་ཀྱང་དེ་བཞིན་ནོ། །སྒྲ་མི་སྙན་པ་རྣམས་ནི་འདོད་ལྷར་སྐྱེ་ཞིང་འདོད་ལྷ་དྲུག་རིམ་བཞིན་བསམ་གཏན་དང་པོར་སྐྱེ་བ་དང༌། བསམ་གཏན་དང་པོ་བ་རྣམས་ཀྱང་ཆོས་ཉིད་ཀྱིས་བསམ་གཏན་གཉིས་པ་སོགས་སུ་སྐྱེའོ། །དེ་ལྟར་སེམས་ཅན་འཇིག་པ་ལ་བར་བསྐལ་བཅུ་དགུའོ། །དེ་ནས་ཉི་མ་འདི་བས་བཞི་འགྱུར་གྱི་ཚ་བ་བདུན་ཤར་ནས་ཆུ་ཕྲན་ཆུ་ཆེན་བཞི་མཚོ་མ་དྲོས་པ་རྒྱ་མཚོ་ཆེན་པོ་རི་རབ་ཀྱི་བར་དུ་བསྐམས། དུ་བར་འཐུལ་མེར་འབར་ཏེ་སྣོད་མེ་རྒྱུན་གཅིག་ཏུ་བྱས་ཚངས་པའི་འཇིག་རྟེན་གྱི་བར་ལྷག་ཙམ་ཡང་མ་ལུས་པར་ཟད་པའི་སྣོད་འཇིག་པ་ལ་བར་བསྐལ་གཅིག་སྟེ་བར་བསྐལ་ཉི་ཤུའོ། །དེ་བཞིན་དུ་བསམ་གཏན་གཉིས་པ་མན་ཆད་ཆུས་འཇིག་ཅིང་གསུམ་པ་མན་ཆད་རླུང་གིས་འཇིག་གོ ། གཉིས་པ་ཆགས་པའི་བསྐལ་པ་ནི། ཆགས་པ་དང་པོའི་རླུང་ནས་ནི། །དམྱལ་བའི་སྲིད་པའི་བར་དུའོ། ། ཞེས་པས་བསྟན། ཆགས་པའི་བསྐལ་པ་ནི་མེ་ཆུ་རླུང་གསུམ་གྱིས་ཞིག་རྗེས་རིམ་པ་ལྟར་དང་པོ་དགེ་རྒྱས། འོད་གསལ། ཚངས་ཆེན་གྱི་འོག་གཞིའི་རླུང་གི་དཀྱིལ་འཁོར་ནས་ནི་འཐབ་བྲལ་གྱི་བར་ཡས་རིམ་གྱིས་ཆགས་ལ། དེ་ནས་སྔར་བཤད་པའི་རླུང་གི་དཀྱིལ་འཁོར་ལ་སོགས་པ་ཆགས་ཏེ་དེ་ལ་བར་བསྐལ་གཅིག་དེའི་རྗེས་སུ་རིམ་པ་དེ་ཉིད་ཀྱིས་བསམ་གཏན་བཞི་པའམ་གསུམ་པའམ་གཉིས་པ་ནས་སེམས་ཅན་ཞིག་དགེ་རྒྱས་སམ་འོད་གསལ་ལམ་ཚངས་ཆེན་དུ་ཐོག་མར་སྐྱེ་བ་ནས་བཟུང་ལྷ་རྣམས་ཡས་རིམ་གྱིས་སྐྱེ་ལ་མི་རྣམས་ནི་རིམ་བཞིན་བྱང་དང་ནུབ་དང་ཤར་དང་ལྷོའི་གླིང་རྣམས་སུ་སྐྱེ་ཞིང་འཛམ་གླིང་པ་རྣམས་ཀྱིས་མི་དགེ་བ་སྤྱད་པ་ལ་བརྟེན་ནས་དུད་འགྲོ་དང་ཡི་དྭགས་དང་དམྱལ་བའི་གནས་རྣམས་སུ་སྐྱེ་སྟེ་མནར་མེད་དུ་སྔུན་དུས་ཀྱི་སྲིད་པ་གཅིག་སྐྱེས་པའི་བར་དུ་སེམས་ཅན་ཆགས་པ་སྟེ་དེ་ལ་ནི་བར་བསྐལ་བཅུ་དགུའོ། ། གཉིས་པ་གནས་པའི་བསྐལ་པ་བཤད་པ་ལ། བཤད་པ་དང༌། བསྡུ་བའོ། །དང་པོ་ལ། ཡ་ཐོག་རིང་མོ། །བར་ཁུག་བཅོ་བརྒྱད། མ་ཐོག་རིང་མོ། །ཡར་འཕེལ་བའི་ཚེ་ཚད་དོ། །དང་པོ་ནི། བར་གྱི་བསྐལ་པ་དཔག་མེད་ནས། །ཚེ་ལོ་བཅུ་པའི་བར་དུ་འོ། ། ཞེས་པས་བསྟན། གནས་པའི་བསྐལ་པ་ནི་བར་གྱི་བསྐལ་པ་ཉི་ཤུ་ཡིན་པ་ལས་བར་གྱི་བསྐལ་པ་གཅིག་གི་ཚད་ནི་མི་རྣམས་ཀྱི་ཚེ་ལོ་དཔག་ཏུ་མེད་པ་ནས་འགྲིབ་པར་གྱུར་པ་བརྒྱད་ཁྲི་པ་དེ་ནས་བཟུང་སྟེ་ཚེ་ལོ་བཅུ་པའི་བར་དུ་གྱུར་པ་ནི་བར་བསྐལ་གཅིག་སྟེ་ཡ་ཐོག་རིང་མོའོ། ། གཉིས་པ་བར་ཁུག་བཅོ་བརྒྱད་ནི། དེ་ནས་ཡར་སྐྱེ་མར་འབྲི་བའི། །བསྐལ་པ་གཞན་ནི་བཅོ་བརྒྱད་དང༌། ། ཞེས་པས་བསྟན། དེ་ནས་ཡར་བརྒྱད་ཁྲིའི་བར་སྐྱེ་ཞིང་མར་བཅུ་པའི་བར་འབྲི་བ་ཟུང་དུ་བྱས་པ་ལ་བར་གྱི་ཁུག་པར་གྲགས་པའི་བསྐལ་པ་ཡ་ཐོག་མ་ཐོག་ལས་གཞན་པ་ནི་བཅོ་བརྒྱད་དོ། །དང་ཞེས་པ་ནི་ཕྱི་མ་འདྲེན་པའོ། ། གསུམ་པ་མ་ཐོག་རིང་མོ་ནི། ཡར་སྐྱེ་བ་ནི་གཅིག་ཡིན་ཏེ། ། ཞེས་པས་བསྟན། དེ་ཐམས་ཅད་ཀྱི་མཐར་ཡར་སྐྱེ་ཞིང་འཕེལ་བ་ནི་མ་ཐོག་རིང་མོར་གྲགས་པའི་བར་བསྐལ་གཅིག་ཡིན་ཏེ། དེའི་ཕྱིར་གནས་པ་ལ་བར་བསྐལ་ཉི་ཤུའོ། ། བཞི་པ་ཡར་འཕེལ་བའི་ཚེ་ཚད་ནི། དེ་དག་ཚེ་ནི་བརྒྱད་ཁྲིའི་བར། ། ཞེས་པས་བསྟན། ཡར་སྐྱེ་བ་དེ་དག་ཚེ་ནི་ལོ་བརྒྱད་ཁྲིའི་བར་སྐྱེ་ཡི་དེ་ལས་ལྷག་པ་མི་སྐྱེའོ། ། གཉིས་པ་དོན་བསྡུ་བ་ལ། དངོས་དང༌། འཇིག་ཆགས་ཀྱང་དེ་དང་མཉམ་པར་བསྟན་པའོ། །དང་པོ་ནི། དེ་ལྟར་འཇིག་རྟེན་ཆགས་པ་འདི། །བར་གྱི་བསྐལ་པ་ཉི་ཤུར་གནས། ། ཞེས་པས་བསྟན། དེ་ལྟར་ན་འཇིག་རྟེན་ཆགས་པ་འདི་ནི་བར་གྱི་བསྐལ་པ་ཉི་ཤུར་གནས་པ་ཡིན་ནོ། ། གཉིས་པ་འཇིག་ཆགས་དེ་དང་མཉམ་པར་བསྟན་པ་ནི། ཆགས་པ་དང་ནི་འཇིག་པ་དང༌། །ཞིག་ནས་འདུག་པ་དག་མཉམ་མོ། ། ཞེས་པས་བསྟན། ཆགས་པ་དང་ནི་འཇིག་པ་དང་ཞིག་ནས་འདུག་པ་སྟེ་སྟོངས་པའི་བསྐལ་པ་དག་ནི་གནས་པའི་བསྐལ་པ་དང་བར་བསྐལ་ཉི་ཤུ་ཉི་ཤུར་ཚད་མཉམ་མོ། ། གསུམ་པ་བསྐལ་ཆེན་བཤད་པ་ལ། དངོས་དང༌། ཞར་ལ་གང་ཟག་གསུམ་འབྱུང་ཚུལ་ལོ། །དང་པོ་ནི། དེ་དག་བརྒྱད་ཅུ་ལ་བསྐལ་ཆེན། ། ཞེས་པས་བསྟན། དེ་ལྟ་བུའི་བར་བསྐལ་དེ་དག་བརྒྱད་ཅུ་ལ་ནི་བསྐལ་ཆེན་གཅིག་ཏུ་བྱེད་དོ། །དེ་དག་ཉིད་དུས། །ཞེས་བཤད་པས་བསྐལ་པའི་རང་བཞིན་ནི་ཕུང་པོ་ལྔ་པ་ཅན་ནོ། ། གཉིས་པ་ཞར་ལ་གང་ཟག་གསུམ་འབྱུང་ཚུལ་ལ། སངས་རྒྱས་འབྱུང་ཚུལ། རང་རྒྱལ་འབྱུང་ཚུལ། འཁོར་བསྒྱུར་འབྱུང་ཚུལ་ལོ། །དང་པོ་ལ། །སངས་རྒྱས་ཀྱི་རྒྱུ་དང༌། དེ་འབྱུང་བའི་དུས་སོ། །དང་པོ་ནི། དེ་གྲངས་མེད་གསུམ་ལ་སངས་རྒྱས། །འབྱུང་ངོ༌། ། ཞེས་པས་བསྟན། བསྐལ་ཆེན་དེ་གྲངས་མེད་གསུམ་དུ་ཚོགས་བསགས་པ་ལ་བརྟེན་ནས་སངས་རྒྱས་འབྱུང་ངོ༌། །འདིར་གྲངས་མེད་ཅེས་བྱ་བ་ནི་ལུང་སིལ་བུ་ལས་འབྱུང་བའི་གྲངས་ཀྱི་གནས་གཞན་དྲུག་ཅུ་པ་ནི་ཡོད་པའི་གྲངས་ཀྱི་མིང་ཡིན་གྱི་གྲངས་གཏན་ནས་མེད་པ་ནི་མ་ཡིན་ནོ། །དེ་དག་ཀྱང་གང་ཞེ་ན། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང༌། །ས་ཡ་བྱེ་བ་དུང་ཕྱུར་རྣམས། །རྐྱང་པ་ཡིན་པར་ཤེས་པར་བྱ། །ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང༌། །གཏམས་དཀྲིགས་མི་འཁྲུག་ཁྱད་འབྱིན་དང༌། །བང་སྟེང་དེད་འདྲེན་མཐའ་སྣང་དང༌། །རྒྱུ་རིག་འོད་མཛེས་དབང་པོ་དང༌། །ལེགས་བྱིན་རྟོགས་འགྲོ་འབྱིང་རྡུལ་དང༌། །རྒྱ་རྟགས་སྟོབས་འཁོར་བརྡ་ཤེས་དང༌། །རྣམ་བྱུང་དང་ནི་སྟོབས་མིག་རྣམས། །ཆེན་པོ་དང་ནི་བཅས་པ་སྟེ། །གྲངས་མེད་པ་ནི་ཐ་མ་ཡིན། །བར་ནས་བརྒྱད་ནི་མ་རྙེད་པས། །དུང་ཕྱུར་མན་ཆད་དག་ཏུ་ནི། །གང་ཡང་རུང་བ་བརྒྱད་བསྣན་ནོ། །ཞེས་པ་རྣམས་སོ། ། གཉིས་པ་སངས་རྒྱས་འབྱུང་བའི་དུས་ནི། མར་ནི་འགྲིབ་པ་ཡི། །བརྒྱ་ཡི་བར་ལ་དེ་དག་འབྱུང༌། ། ཞེས་པས་བསྟན། སྐྱེ་དགུ་ཚེ་ལོ་བརྒྱད་ཁྲི་མར་ནི་འགྲིབ་པ་ཡི་ལོ་བརྒྱ་པ་ཡི་བར་ལ་སངས་རྒྱས་དེ་དག་རྣམས་འབྱུང་ངོ༌། །ཡར་སྐྱེ་དུས་དང་བརྒྱ་ལས་མར་འགྲིབ་དུས་སུ་མ་ཡིན་ཏེ། སེམས་ཅན་རྣམས་སྐྱེ་དཀའ་བའི་ཕྱིར་དང༌། ཚེ། དུས། ཉོན་མོངས། ལྟ་བ། སེམས་ཅན་ལྔས་སྙིགས་པས་ངན་ཞིང་ཐ་ཆད་པའི་ཕྱིར། གཉིས་པ་རང་རྒྱལ་འབྱུང་བའི་ཚུལ་ལ། དེ་འབྱུང་བའི་དུས། དེའི་རྒྱུའོ། །དང་པོ་ནི། རང་སངས་རྒྱས་རྣམས་གཉིས་ཀ་ལ། ། ཞེས་པས་བསྟན། རང་སངས་རྒྱས་རྣམས་ཚེ་ཡར་སྐྱེ་བ་དང་མར་འགྲིབ་གཉིས་ཀ་ལ་འབྱུང་སྟེ། ཡར་འཕེལ་གྱི་དུས་སུ་རྒྱལ་པོ་མེས་བྱིན་གྱི་འཁོར་བརྒྱད་ཁྲི་རང་རྒྱལ་བར་གྱུར་པའི་ཕྱིར་དང༌། དམ་པ་ཏོག་དཀར་འཛམ་གླིང་དུ་བྱོན་པའི་དུས་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་རང་རྒྱལ་ལྔ་བརྒྱ་བྱུང་བ་ནི་མར་འགྲིབ་ཀྱི་དུས་ཡིན་པའི་ཕྱིར། གཉིས་པ་དེའི་རྒྱུ་ནི། བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། ། ཞེས་པས་བསྟན། བསེ་རུ་ལྟ་བུའི་རང་སངས་རྒྱས་ནི་བསྐལ་པ་ཆེན་པོ་བརྒྱར་བྱང་ཆུབ་ཀྱི་ཚོགས་བསླབ་གསུམ་སྤྱད་པའི་རྒྱུས་རང་བྱང་ཆུབ་བོ། ། གསུམ་པ་འཁོར་སྒྱུར་འབྱུང་ཚུལ་ལ། དེ་འབྱུང་བའི་དུས། རིགས་ཀྱི་དབྱེ་བ། ཡོན་ཏན་གྱི་ཁྱད་པར་རོ། །དང་པོ་ནི། འཁོར་ལོས་བསྒྱུར་བ་འབྱུང་བ་ནི། །སྟོང་ཕྲག་བརྒྱད་ཅུ་ལས་མི་འཕྱི། ། ཞེས་པས་བསྟན། རྒྱལ་སྲིད་ལ་འཁོར་ལོས་དབང་བསྒྱུར་བའི་རྒྱལ་པོ་རྣམས་འབྱུང་བ་ནི་མིའི་ཚེ་ལོ་དཔག་ཏུ་མེད་པ་ནས་ཚེ་ལོ་སྟོང་ཕྲག་བརྒྱད་ཅུ་ལས་མི་འཕྱི་བའི་ཚེ་ཡིན་ཏེ། དེ་བས་ཐུང་བའི་ཚེ་ནི་ལོངས་སྤྱོད་མི་རྫོགས་པའི་ཕྱིར་རོ། ། གཉིས་པ་རིགས་ཀྱི་དབྱེ་བ་ལ། དབྱེ་བ་དངོས་དང༌། གླིང་གང་ལ་དབང་བསྒྱུར་བ། འཕྲོས་པའི་དོན། རྒྱལ་བར་བྱེད་ཚུལ་ལོ། །དང་པོ་ནི། གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། ། ཞེས་པས་བསྟན། གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན་ཏེ། མཆོག་དང་ཉེ་བའི་མཆོག་དང་འབྲིང་དང་ཐ་མའོ། ། གཉིས་པ་གླིང་གང་ལ་དབང་བསྒྱུར་བ་ནི། དེ་དག་གླིང་གཅིག་གླིང་གཉིས་དང༌། །གསུམ་དང་བཞི་ལ་མས་རིམ་བཞིན། ། ཞེས་པས་བསྟན། དེ་དག་གླིང་གཅིག་གླིང་གཉིས་དང་གསུམ་དང་བཞི་ལ་མས་རིམ་བཞིན་དབང་བ་ཡིན་ནོ། ། གསུམ་པ་འཕྲོས་དོན་ནི། ལྷན་ཅིག་གཉིས་མིན་སངས་རྒྱས་བཞིན། ། ཞེས་པས་བསྟན། འཁོར་ལོས་བསྒྱུར་རྒྱལ་ཡང་འཇིག་རྟེན་གཅིག་ཏུ་ལྷན་ཅིག་གཉིས་འབྱུང་བ་མིན་ཏེ། དཔེར་ན་སངས་རྒྱས་གཉིས་འཇིག་རྟེན་གཅིག་ཏུ་ལྷན་ཅིག་མི་འབྱུང་བ་བཞིན་ནོ། ། བཞི་པ་རྒྱལ་བར་བྱེད་ཚུལ་ནི། ཕས་བསུ་རང་འགྲོ་གཡུལ་བཤམས་དང༌། །མཚོན་བརྩམས་པས་རྒྱལ་གནོད་པ་མེད། ། ཅེས་པས་བསྟན། འཁོར་ལོས་བསྒྱུར་བ་བཞི་པོ་ཕྱོགས་ལས་རྒྱལ་བར་བྱེད་ཚུལ་རིམ་པ་བཞིན་ཕྱི་རོལ་ཕ་རོལ་པོས་བསུ་བ་དང་རང་འགྲོ་བ་དང་ཕྱིན་ནས་གཡུལ་བཤམས་པ་ཙམ་དང་བཤམས་ནས་མཚོན་བརྩམས་པ་ཙམ་གྱིས་འདུད་ཅིང་རྒྱལ་བར་བྱེད་ཀྱི་གཞན་གྱི་སྲོག་གཅོད་པ་སོགས་ཀྱི་གནོད་པ་མེད་དེ། སེམས་ཅན་ཐམས་ཅད་དགེ་བཅུའི་ལམ་ལ་འཇོག་པའི་ཕྱིར། གསུམ་པ་ཡོན་ཏན་གྱི་ཁྱད་པར་ནི། ཐུབ་མཚན་ཡུལ་ན་གནས་པ་དང༌། །གསལ་ལ་རྫོགས་པས་འཕགས་པ་ཡིན། ། ཞེས་པས་བསྟན། འཁོར་ལོས་བསྒྱུར་རྒྱལ་ལའང་མཚན་བཟང་ཡོད་པས་དེ་དང་ཐུབ་པའི་མཚན་གྱི་ཁྱད་པར་ཅི་ཞེ་ན། ཐུབ་པའི་མཚན་ནི་ཡུལ་མ་འགྱུས་པ་ན་གནས་པ་དང་འོད་དང་ཆ་ཤས་གསལ་ལ་རྩིབས་སྟོང་སོགས་རྫོགས་པས་ཁྱད་པར་འཕགས་པ་ཡིན་ནོ། ། གཉིས་པ་ཡ་ཐོག་རིང་མོའི་འགྲིབ་ཚུལ་ལ། བསྐལ་པ་དང་པོའི་ཁྱད་པར། ཇི་ལྟར་འགྲིབ་པའི་ཚུལ། འགྲིབ་པའི་མཐར་གང་འབྱུང་བའོ། །དང་པོ་ནི། སྔར་བྱུང་སེམས་ཅན་གཟུགས་ཅན་བཞིན། ། ཞེས་པས་བསྟན། སྔར་བསྐལ་པ་ཆགས་མ་ཐག་བྱུང་བའི་སེམས་ཅན་མི་རྣམས་ནི་གཟུགས་ཅན་གྱི་ལྷ་བཞིན་དུ་བརྫུས་ཏེ་སྐྱེ་བ་དང་ཁམ་ཟས་མི་ཟ་བས་ལུས་འོད་གསལ་ཞིང་རྫུ་འཕྲུལ་དང་ལྡན་ལ་ཚེ་ལོ་དཔག་མེད་ཐུབ་པར་གནས་སོ། ། གཉིས་པ་ཇི་ལྟར་འགྲིབ་པའི་ཚུལ་ལ། གསུམ་ལྡན་བྱུང་ཚུལ། གཉིས་ལྡན་དང་རྩོད་དུས་བྱུང་བའི་ཚུལ། ཚེ་ལོ་བཅུ་པར་བྱུང་ཚུལ་ལོ། །དང་པོ་ནི། དེ་ནས་རིམ་གྱིས་རོ་ལ་ཆགས། ། ཞེས་པས་བསྟན། དེ་ནས་རིམ་གྱི་སའི་བཅུད་སྦྲང་རྩི་ལྟ་བུ་དང་ས་ཞག་སེར་པོ་སྔ་མ་ལྟ་བུ་དང་མྱུ་གུའི་ཚལ་དང་ཟས་གསུམ་པོ་རྣམས་རིམ་གྱིས་ཟོས་པས་ལུས་ལྕི་ཞིང་འོད་ཉམས་སྟེ་མུན་པར་སོང་བ་ལ་ལས་དབང་གིས་ཉི་ཟླ་སོགས་ཀྱིས་སྣང་བར་བྱས་སོ། །ཟས་དེ་དག་ཟོས་ཆེ་བ་རྣམས་མདོག་ངན་ཞིང་ཟ་ཆུང་བ་རྣམས་མདངས་བཟང་བར་བརྟེན་བཟང་བ་རྣམས་ཀྱིས་ངན་པ་རྣམས་ལ་བརྙས་ཤིང་མི་དགེ་བ་བྱས་པར་བརྟེན་ཟས་དེ་ནུབ་བོ། །དེ་ནས་མ་རྨོས་མ་བཏབ་པའི་འབྲས་ས་ལུ་རྣམས་ཀྱི་རོ་ལ་ཆགས་པས་མི་གཙང་བ་སོགས་བྱུང་ཕོ་མོའི་དབང་པོ་དང་བཅས་པ་དང་ཁ་དོག་དང་དབྱིབས་ཐ་དད་པར་གྱུར་ཏོ། །དེ་དག་ཕན་ཚུན་བལྟས་པས་འདོད་ཆགས་སྐྱེས་ཏེ་ལོག་པར་ཞུགས་པས་གཞན་གྱིས་སྨད་པ་ལ་བརྟེན་དེ་སྐྱོབ་པའི་ཁང་པ་སོགས་བྱུང་ངོ༌། ། གཉིས་པ་གཉིས་ལྡན་དང་རྩོད་དུས་བྱུང་བའི་ཚུལ་ནི། ལེ་ལོས་གསོག་འཇོག་བྱས་ནས་ནི། །འཛིན་བཅས་རྣམས་ཀྱིས་ཞིང་དཔོན་བསྟབས། ། ཞེས་པས་བསྟན། འབྲས་ས་ལུ་དེ་དག་ཀྱང་ནམ་འདོད་ལེན་པ་ན་ལེ་ལོ་ཅན་རྣམས་ཀྱིས་གསོག་འཇོག་བྱས་པས་ཕུབ་ཤུན་ཡང་བྱུང་ལ་དེ་བརྔས་པ་ན་མི་སྐྱེ་བས་དེ་ནས་ནི་སེམས་ཅན་དེ་དག་མ་མཐུན་པར་སོ་སོར་ཡོངས་སུ་འཛིན་པ་དང་བཅས་པ་རྣམས་ཀྱིས་ཞིང་བགོས་ཏེ་གནས་པ་ན་ཕན་ཚུན་རྐུ་འཕྲོག་བྱས་པར་བརྟེན་སྐྱེ་བོ་རང་བཞིན་བཟང་པོ་ཞིག་ཞིང་དཔོན་དུ་བསྟབས་ཤིང་བསྐོས་ནས་ལོ་ཐོག་གི་དྲུག་ཆ་རེ་སྟེར་བར་བྱས་པ་ནི་མང་པོས་བཀུར་བའི་རྒྱལ་པོ་ཞེས་བྱའོ། ། གསུམ་པ་ཚེ་ལོ་བཅུ་པར་གྱུར་ཚུལ་ནི། དེ་ནས་ལས་ཀྱི་ལམ་ལྷག་པས། །ཚེ་ཐུང་ལོ་ནི་བཅུ་ཡིན་ནོ། ། ཞེས་པས་བསྟན། དེ་ནས་ལས་ཀྱི་ལམ་མི་དགེ་བ་ལྷག་པར་སྤྱད་པས་མི་རྣམས་ཚེ་ཐུང་ངུར་གྱུར་ནས་མཐར་ལོ་ནི་བཅུ་ལས་ཇི་ལྟར་རིང་ཡང་མི་ཐུབ་པ་ཡིན་ནོ། ། གསུམ་པ་འགྲིབ་པའི་མཐར་གང་འབྱུང་བ་ལ། བསྐལ་ངན་གསུམ་འབྱུང་བར་བསྟན་པ་དང༌། དེ་གསུམ་གྱི་ཡུན་ནོ། །དང་པོ་ནི། བསྐལ་པ་མཚོན་དང་ནད་དང་ནི། །མུ་གེ་དག་གིས་ཚར་ཕྱིན་ཏོ། ། ཞེས་པས་བསྟན། མི་རྣམས་ཚེ་ལོ་བཅུ་པ་ན་བར་བསྐལ་ཚར་ཕྱིན་པ་ཡིན་ཏེ། བསྐལ་པ་མཚོན་དང་ནད་དང་ནི་མུ་གེའི་བསྐལ་པ་དག་གིས་ཚར་ཕྱིན་ཏོ། ། གཉིས་པ་དེ་གསུམ་གྱི་ཡུན་ནི། ཞག་རྣམས་དང་ནི་ཟླ་བ་དང༌། །ལོ་བདུན་དག་ཏུ་གོ་རིམ་བཞིན། ། ཞེས་པས་བསྟན། སེམས་ཅན་དེ་དག་ལ་མཚོན་ཆས་བསོད་པ་ཞག་རྣམས་བདུན་དང་ནི་ནད་ཟླ་བ་བདུན་དང་ཞག་བདུན་དང་མུ་གེ་ལོ་བདུན་དང་ཟླ་བ་བདུན་ཞག་བདུན་དག་ཏུ་འབྱུང་བ་སྟེ་གོ་རིམ་བཞིན་ནོ། །རྩ་བའི་རྣམས་ཚིག་གིས་ཞག་བདུན་པ་ཕྱི་མ་གཉིས་ཀྱང་འདྲེན་ནོ། །འཛམ་གླིང་དུ་དེ་རྣམས་འབྱུང་བའི་ཚེ་གླིང་གཞན་གཉིས་སུའང་དེ་དང་ཅུང་ཟད་ཆ་འདྲ་བ་འབྱུང་ངོ༌། ། གསུམ་པ་འཇིག་པའི་བསྐལ་པའི་ཚུལ་ལ། བསམ་གཏན་གསུམ་པ་མན་འཇིག་ཚུལ། བཞི་པ་འཇིག་ཚུལ། མེ་ཆུ་རླུང་གསུམ་གྱིས་འཇིག་པའི་གྲངས་བསྟན་པའོ། །དང་པོ་ལ། གང་གིས་གང་འཇིག་པ། །མ་ཞིག་པར་ལུས་པའི་རྩེ་མོ། དེ་རྣམས་ཀྱི་རྒྱུ་མཚན་ནོ། །དང་པོ་ནི། མེ་དང་ཆུ་དང་རླུང་དག་གིས། །འཇིག་པ་དག་ནི་ཡང་གསུམ་ཡིན། ། ཞེས་པས་བསྟན། སེམས་ཅན་རྣམས་བསམ་གཏན་གཅིག་ཏུ་འདུ་བས་ན་འཇིག་ལ་ཉི་མ་བདུན་གྱིས་ནི་མེས་འཇིག་པ་དང་ཆར་གྱི་ཆུས་ནི་ཆུས་འཇིག་པ་དང་རླུང་རབ་ཏུ་འཁྲུག་པ་དག་གིས་འཇིག་པ་དག་ནི་ཡང་གསུམ་ཡིན་ཏེ། རྡུལ་ཕྲ་མོ་ཙམ་ཡང་མ་ལུས་པར་བྱེད་པའི་ཕྱིར། གཉིས་པ་མ་ཞིག་པར་ལུས་པའི་རྩེ་མོ་ནི། བསམ་གཏན་གཉིས་སོགས་གསུམ་པོ་ནི། །དེ་དག་གི་རྩེ་གོ་རིམ་བཞིན། ། ཞེས་པས་བསྟན། ཡང་འཇིག་པ་གསུམ་པོ་དེ་དག་གི་རྩེ་མོ་ནི་གསུམ་ལས། མེས་འཇིག་པའི་རྩེ་མོ་ནི་བསམ་གཏན་གཉིས་པ་དང་སོགས་པས་ཆུས་འཇིག་པའི་རྩེ་མོ་བསམ་གཏན་གསུམ་པ་དང་རླུང་གིས་འཇིག་པའི་རྩེ་མོ་ནི་བསམ་གཏན་བཞི་པ་ཡིན་ཏེ། བསམ་གཏན་དང་པོ་མན་ཆད་མེས་འཇིག་པའི་ཕྱིར་དང༌། གཉིས་པ་མན་ཆད་ཆུས་འཇིག་པའི་ཕྱིར་དང༌། གསུམ་པ་མན་ཆད་རླུང་གིས་འཇིག་པའི་ཕྱིར་རོ། །དེ་ལྟར་གསུམ་པོ་དེ་ནི་འཇིག་པ་གསུམ་པོ་དེ་དག་གི་ལྷག་མ་ཡིན་པས་རྩེ་མོ་ཡིན་ཏེ་གོ་རིམ་བཞིན་ནོ། ། གསུམ་པ་དེ་རྣམས་ཀྱི་རྒྱུ་མཚན་ནི། དེ་ཡི་སྐྱོན་དང་ཆོས་མཐུན་ཕྱིར། ། ཞེས་པས་བསྟན། བསམ་གཏན་གསུམ་པོ་དེ་ཡི་ནང་གི་སྐྱོན་ཇི་ལྟ་བར་རིམ་བཞིན་རྟོག་དཔྱོད་མེ་ལྟ་བུ་དང་དགའ་བདེ་ཆུ་ལྟ་བུ་དང་དབུགས་དབྱུང་རྔུབ་རླུང་དང་ཆོས་མཐུན་པའི་ཕྱིར་རིམ་བཞིན་མེ་ཆུ་རླུང་གསུམ་གྱིས་འཇིག་གོ ། གཉིས་པ་བསམ་གཏན་བཞི་པ་འཇིག་ཚུལ་ལ། མེ་ཆུ་རླུང་གསུམ་གྱིས་མི་འཇིག་པར་བསྟན་པ་དང༌། འཇིག་ཚུལ་དངོས་སོ། །དང་པོ་ནི། བཞི་པ་ན་མེད་མི་གཡོའི་ཕྱིར། ། ཞེས་པས་བསྟན། བསམ་གཏན་བཞི་པ་ན་སྣོད་ལ་ཕྱི་རོལ་གྱི་འཇིག་པའི་རྒྱུ་མེད་དེ། གནས་བརྒྱད་པར་འཆད་པའི་སྐྱོན་བརྒྱད་ཀྱིས་མི་གཡོ་བའི་ཕྱིར། གཉིས་པ་འཇིག་ཚུལ་དངོས་ནི། མི་རྟག་དེ་ཡི་གཞལ་མེད་ཁང༌། །སེམས་ཅན་བཅས་ཏེ་འབྱུང་འཇིག་ཕྱིར། ། ཞེས་པས་བསྟན། བཞི་པའི་སྣོད་མི་རྟག་སྟེ། དེ་ཡི་གཞལ་མེད་ཁང་པ་ནི་སེམས་ཅན་དང་བཅས་ཏེ་འབྱུང་ཞིང་འཇིག་པའི་ཕྱིར། བཞི་པ་མེ་ཆུ་རླུང་གསུམ་གྱིས་འཇིག་པའི་གྲངས་བསྟན་པ་ནི། མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །དེ་ལྟར་ཆུ་བདུན་ཐལ་ནས་ཀྱང༌། ། མེ་ཡིས་བདུན་ནོ་དེ་ནས་ནི། །མཇུག་ཏུ་རླུང་གིས་འཇིག་པ་ཡིན། ། ཞེས་པས་བསྟན། མེ་ཡིས་འཇིག་པ་ལན་བདུན་ནོ། །དེའི་འོག་ཏུ་ཆུ་ཡིས་འཇིག་པ་གཅིག་ཡིན་ནོ། །དེ་ནས་ཡང་མེ་བདུན་བཏུད་དེ་འཇིག་པའི་འོག་ཏུ་ཆུས་འཇིག་པ་རེ་རེ་སྟེ་དེ་ལྟར་ཆུས་ལན་བདུན་ཐལ་ནས་ཀྱང་མེ་ཡིས་ཏེ་ལན་བདུན་བཏུད་མར་འཇིག་པ་ཡིན་ནོ། །དེ་ནས་ནི་མཐར་བསྐལ་ཆེན་དྲུག་ཅུ་རྩ་བཞི་པ་རེའི་མཇུག་ཏུ་རླུང་གིས་འཇིག་པ་རེ་འབྱུང་བ་ཡིན་ནོ། ། གཉིས་པ་གནས་ཀྱི་མཚན་བསྟན་པ་ནི། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས་འཇིག་རྟེན་བསྟན་པ་ཞེས་བྱ་བ་སྟེ་གནས་གསུམ་པའོ།། །། ཞེས་པས་བསྟན། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པའི་རྣམ་པར་བཤད་པ་ཆོས་མངོན་རྒྱ་མཚོའི་སྙིང་པོ་མཁྱེན་བརྩེའི་ཞལ་ལུང་བཞོན་ནུ་རྣམ་རོལ་ལེགས་བཤད་ཆོས་མིག་རྣམ་འབྱེད་གྲུབ་བདེའི་ཤིང་རྟ་ལས་འཇིག་རྟེན་བསྟན་པ་ཞེས་བྱ་བ་སྟེ་གནས་གསུམ་པའི་འགྲེལ་པའོ།། །།

སྨྲས་པ། 

ཆོས་མངོན་མཛོད་ཀྱི་འཇིག་རྟེན་བསྟན་པའི་མཛོད། །དབྱིག་གཉེན་གཉིས་པ་བི་ཛ་ཀིརྟི་ཡིས། །བརྡ་དོན་ལེགས་པར་བཀྲོལ་བའི་གཞན་རྐྱེན་དང༌། །རྣམ་དཔྱོད་བློ་གྲོས་བརྟས་པས་འདིར་བཤད་ལ། །རྣམ་དཀར་ཕུང་པོ་གང་མཆིས་དེ་དག་གིས། །དུས་གསུམ་བྱོན་པའི་རྣམ་འདྲེན་དབང་པོ་རྣམས། །དགྱེས་པ་ཆེན་པོར་བཞད་པའི་སྒྲ་བརྒྱ་ཡིས། །སྨྲ་བ་ངན་པའི་ཀླག་ཅོར་ཞི་གྱུར་ཅིག །�

༈ སྣང་བྱེད་བདག་པོ་ཀརྨ་ཀ །གངས་ཅན་རོལ་མཚོའི་མཁའ་ལམ་དུ། །འཆར་མཁས་ཐུགས་རྗེའི་རོལ་རྩེད་མཁན། །ཀུན་མཁྱེན་དེ་ལ་ཕྱག་འཚལ་ནས། །གང་དེའི་ལེགས་བཤད་ནམ་མཁའི་མཐར། །བགྲོད་པར་ནུས་པར་གྱུར་པ་ཡི། །བློ་གྲོས་རྐང་དྲུག་གཤོག་གར་ཅན། །དེ་དག་རྣམས་ལ་སྙིང་བརྩེ་བས། །བདག་གི་འགྲེལ་ཆུང་བསིལ་ཟེར་ཅན། །ཀརྨའི་དགོངས་པ་གསལ་བྱེད་འདི། །ཆོས་མངོན་རྒྱ་མཚོ་ཆེ་ལས་སོ། །
བཞི་པ་ལས་བསྟན་པའི་གནས་ཀྱི་དོན་ལ། གནས་ཀྱི་གཞུང་བཤད་པ་དང༌། གནས་ཀྱི་མཚན་བསྟན་པའོ། །དང་པོ་ལ། ཐམས་ཅད་ལས་ལས་བྱུང་བ། ལས་ཉིད་གཏན་ལ་དབབ་པ། ཆོས་ཀྱི་རྣམ་གྲངས་བསྟན་པས་མཇུག་བསྡུ་བའོ། །དང་པོ་ནི། 

ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། ། ཞེས་པས་བསྟན། སྔར་བཤད་པའི་སྣོད་བཅུད་ཀྱི་འཇིག་རྟེན་འདི་སུས་བྱས། དབང་ཕྱུག་སོགས་ཀྱིས་བློ་སྔོན་དུ་བཏང་སྟེ་བྱས་པ་ནི་མ་ཡིན་གྱི། ལས་དགེ་མི་དགེ་སྣ་ཚོགས་ལས་སྣོད་བཅུད་ཀྱི་འཇིག་རྟེན་བདེ་སྡུག་དང་བཟང་ངན་སྣ་ཚོགས་པ་སྐྱེས་པ་ཡིན་ནོ། ། གཉིས་པ་ལས་ཉིད་གཏན་ལ་དེ་དབབ་པ་ལ། ལས་ངོས་བཟུང་བ་དང༌། ལས་ཀྱི་རྣམ་གཞག་མདོ་ལས་འབྱུང་བའི་ལས་ཀྱི་དོན་ཏོ། །དང་པོ་ལ། ལས་ལ་གཉིས་སུ་དབྱེ་བ། དེ་སོ་སོའི་ངོ་བོ། རྣམ་རིག་ཡིན་མིན་ནོ། །དང་པོ་ནི། དེ་ནི་སེམས་པ་དང་དེས་བྱས། ། ཞེས་པས་བསྟན། ལས་ཅི་ལྟ་བུ་ཞེ་ན། དེ་ལ་དབྱེ་ན་ནི་སེམས་པའི་ལས་དང་སེམས་པ་དེས་བྱས་པ་བསམ་པའི་ལས་གཉིས་སུ་ཡོད་པ་ཡིན་ཏེ། མདོ་ལས། ལས་ནི་གཉིས་ཏེ། སེམས་པ་དང༌། བསམ་པའི་ལས་སོ། །ཞེས་གསུངས་པའི་ཕྱིར་རོ། །བསམ་པ་ལའང་གཉིས་སུ་ཕྱེ་བས་གསུམ་མོ། གཉིས་པ་དེ་སོ་སོའི་ངོ་བོ་ནི། སེམས་པ་ཡིད་ཀྱི་ལས་ཡིན་ནོ། །དེས་བསྐྱེད་ལུས་དང་ངག་གི་ལས། ། ཞེས་པས་བསྟན། གསུམ་པོ་དེ་ལས་སེམས་བྱུང་སེམས་པ་ནི་ཡིད་ཀྱི་ལས་ཡིན་ནོ། །སེམས་པ་དེས་བསྐྱེད་པའི་བསམ་པའི་ལས་དེ་ནི་ལུས་དང་ངག་གི་ལས་སོ། ། གསུམ་པ་རྣམ་རིག་ཡིན་མིན་ནི། དེ་དག་རྣམ་རིག་རྣམ་རིག་མིན། ། ཞེས་པས་བསྟན། ལུས་ངག་གི་ལས་དེ་དག་ནི་ལུས་ཀྱི་རྣམ་པར་རིག་བྱེད་དང་ལུས་ཀྱི་རྣམ་པར་རིག་བྱེད་མིན་པ་ངག་གི་རྣམ་པར་རིག་བྱེད་ཡིན་མིན་གྱི་ལས་སོ། ། གཉིས་པ་ལས་ཀྱི་རྣམ་གཞག་ལ། ལས་ལ་གཉིས་སུ་དབྱེ་བ། ལས་གསུམ་སྤྱིའི་ཆོས་ཀྱི་རྣམ་གཞག །རིག་བྱེད་མིན་པའི་རྣམ་གཞག་གོ །དང་པོ་ལ། རིག་བྱེད་དང༌། རིག་བྱེད་མིན་པའོ། །དང་པོ་ལ། ལུས་ཀྱི་རིག་བྱེད་དང༌། ངག་གི་རིག་བྱེད་བཤད་པའོ། །དང་པོ་ལ། བྱེ་སྨྲའི་ལུགས་ཀྱི་ངོ་བོ་ངོས་བཟུང་བ་དང༌། གནས་མ་བུ་པའི་ལུགས་ལ་དོགས་པ་བཅད་པ། མདོ་སྡེ་པའི་ལུགས་སོ། །དང་པོ་ནི། ལུས་རྣམ་རིག་བྱེད་དབྱིབས་སུ་འདོད། ། ཅེས་པས་བསྟན། སེམས་ཀྱི་དབང་གིས་ལུས་ཀྱིས་ཕྱག་འཚལ་བར་བྱ་སྙམ་ནས་ཕྱག་འཚལ་བ་དང་ཐལ་མོ་སྦྱར་བ་ལྟ་བུའི་ལུས་ཀྱི་རྣམ་པར་རིག་བྱེད་ནི་དབྱིབས་སུ་འདོད་དོ། ། གཉིས་པ་གནས་མ་བུ་པའི་ལུགས་ལ་དོགས་པ་བཅད་པ་ནི། འགྲོ་མིན་གང་ཕྱིར་འདུས་བྱས་ནི། །སྐད་ཅིག་མ་ཡིན་འཇིག་ཕྱིར་རོ། ། རྒྱུ་མེད་པ་ལས་འགའ་མི་འབྱུང༌། །རྒྱུ་ཡང་འཇིག་པ་པོར་འགྱུར་རོ། ། ཞེས་པས་བསྟན། གནས་མ་བུ་པའི་སྡེ་པ་ན་རེ། འདུས་བྱས་ཆུ་རླུང་མེ་ལྕེ་སོགས་འགའ་ཞིག་སྐད་ཅིག་མར་འདོད་ཀྱང་ཕལ་ཆེ་བ་སྐད་ཅིག་གི་མི་རྟག་པར་ཁས་མི་ལེན་པས་ལུས་ཀྱི་རིག་བྱེད་ཀྱང་མི་རྟག་པ་མ་ཡིན་ཏེ། ཡུལ་གཞན་དང་གཞན་དུ་འགྲོ་ཞིང་ལུས་བསྐྱོད་པའི་ལས་ཡིན་པའི་ཕྱིར། མི་བསྐྱོད་པའི་ལས་ནི་མ་ཡིན་ནོ་ཞེས་ཟེར། དེ་མི་འཐད་པར་བསྟན་པ་ནི། ལུས་ཀྱི་རིག་བྱེད་དེ་མ་འགགས་པར་ཡུལ་གཞན་དུ་འགྲོ་བ་མིན་ཏེ། གང་གི་ཕྱིར་ན་འདུས་བྱས་ནི་ཡིན་པའི་ཕྱིར་སེམས་སོགས་བཞིན་ནོ། །དེའི་ཁྱབ་པ་སྒྲུབ་པ་ནི། འདུས་བྱས་རྣམས་ཆོས་ཅན། དེ་མ་ཐག་འཇིག་པའི་སྐད་ཅིག་མར་ཡོད་པ་ཡིན་ཏེ། གདོན་མི་ཟ་བར་རྒྱུ་རྐྱེན་དོན་གཞན་ལ་བལྟོས་མེད་དུ་འཇིག་པའི་ཕྱིར་རོ། །འདུས་བྱས་དེ་དག་བལྟོས་མེད་དུ་མི་འཇིག་པའང་མ་ཡིན་ཏེ། རྒྱུ་ལ་བལྟོས་པ་རྣམས་ནི་རྒྱུ་མེད་པ་ལས་འགའ་ཡང་མི་འབྱུང་བ་ལས་གློག་ལ་སོགས་པ་རྒྱུ་མེད་པ་ཉིད་དུ་འཇིག་པར་མངོན་སུམ་གྱིས་མཐོང་བའི་ཕྱིར་རོ། །གལ་ཏེ་གློག་ལ་སོགས་པ་ཁ་ཅིག་དེ་ལྟ་ཡིན་ཀྱང་རྫ་བུམ་ལ་སོགས་པ་རྣམས་ནི་ཐོ་བ་ལ་སོགས་པས་འཇིག་རྒྱུ་བྱེད་པ་མཐོང་ངོ་ཞེ་ན། དེ་ལྟ་ན་རྫའི་བུམ་པ་ཚོས་པའི་ཁ་དོག་དམར་པོ་ཉིད་སྐྱེད་པར་བྱེད་པའི་རྒྱུ་མེ་ལྟ་བུ་ཡང་བུམ་པ་ཚོས་པའི་དམར་པོ་འཇིག་པ་པོར་ཏེ་འཇིག་རྒྱུར་ཐལ་བར་འགྱུར་རོ། ། གསུམ་པ་མདོ་སྡེ་པའི་ལུགས་ནི། གཉིས་བཟུང་འགྱུར་ཏེ་རྡུལ་ལ་མེད། ། ཅེས་པས་བསྟན། མདོ་སྡེ་པ་ན་རེ། དབྱིབས་ནི་རྫས་སུ་མེད་དེ། དེ་བཅོམ་ན་དེའི་བློ་མེད་པའི་ཕྱིར་བུམ་པ་བཞིན་ནོ། །གལ་ཏེ་དབྱིབས་རྫས་སུ་ཡོད་ན་མིག་དང་ལུས་ཀྱི་དབང་པོ་གཉིས་ཀྱིས་བཟུང་བར་འགྱུར་ཏེ། མིག་གིས་མངོན་སུམ་མཐོང་ནས་ཤེས་ཤིང་ལུས་དབང་གིས་རེག་པ་ནའང་རིང་པོའོ་སྙམ་པ་སོགས་ཀྱི་བློ་འཇུག་པའི་ཕྱིར། འདོད་མི་ནུས་ཏེ། དབང་པོ་དུ་མ་དོན་མེད་དང་སྐྱེ་མཆེད་ཀྱི་རྫས་མཚུངས་ཉམས་པར་འགྱུར་བའི་ཕྱིར། གང་ཐོགས་བཅས་ཀྱི་གཟུགས་ཅི་ཡོད་པ་ནི་འདུས་པའི་རྡུལ་ཕྲ་རབ་ལ་ཡོད་དགོས་པ་ལས་རིང་པོ་ལ་སོགས་པའི་དབྱིབས་དེ་ནི་རྫས་སུ་མེད་སྟེ། དེ་རྡུལ་ཕྲ་རབ་ལ་མེད་པའི་ཕྱིར་ཏེ། རྡུལ་ཕྲ་རབ་ལ་ནི་ཆ་ཤས་མེད་པའི་ཕྱིར། འདིར་བྱེ་མདོ་གཉིས་ཀྱི་དགག་བཞག་དུ་མ་ཡོད་པ་ནི་འདིར་མ་བཀོད་དོ། ། གཉིས་པ་ངག་གི་རིག་བྱེད་ནི། ངག་རྣམ་རིག་བྱེད་ནི་ངག་སྒྲ། ། ཞེས་པས་བསྟན། ངག་གི་རྣམ་པར་རིག་བྱེད་ནི་ངག་གི་རང་བཞིན་དུ་གྲུབ་པའི་སྒྲ་ཡིན་ཏེ། དེ་རང་ཀུན་སློང་གི་བརྗོད་འདོད་གཞན་ལ་རྣམ་པར་རིག་པར་བྱེད་པའི་ཕྱིར། མདོ་སྡེ་པ་ནི་རིག་བྱེད་མིན་པ་རྫས་སུ་མེད་སྟེ། དུས་འདི་ནས་བཟུང་སྟེ་ཇི་སྲིད་སྤོང་ཞེས་ཁས་བླངས་པ་ནས་ཕྱིན་ཆད་མི་བྱེད་པ་ཙམ་དང་རིག་བྱེད་མ་ཡིན་པར་བཏགས་པ་ཙམ་གྱི་ཕྱིར་དང༌། འདས་པའི་འབྱུང་བ་རྣམས་ལ་བརྟགས་ཀྱང་འདས་པའི་འབྱུང་བ་ངོ་བོ་ཉིད་མེད་པའི་ཕྱིར་དང༌། གཟུགས་ཀྱི་མཚན་ཉིད་མ་ཚང་བའི་ཕྱིར་ཞེས་ཟེར་རོ། ། གཉིས་པ་རིག་བྱེད་མིན་པ་ལ། རྫས་སུ་ཡོད་པའི་སྒྲུབ་བྱེད། ཁྱད་ཆོས་རྣམ་པར་བཞག་པའོ། །དང་པོ་ནི། རྣམ་གསུམ་དྲི་མེད་གཟུགས་གསུངས་དང༌། །འཕེལ་དང་མ་བྱས་ལམ་སོགས་ཕྱིར། ། ཞེས་པས་བསྟན། བྱེ་སྨྲས་རིག་བྱེད་མིན་པའི་གཟུགས་རྫས་སུ་ཡོད་ཟེར་ལ། དེའི་སྒྲུབ་བྱེད་མདོར། གནས་གསུམ་གྱི་གཟུགས་ཀྱིས་གཟུགས་ཐམས་ཅད་བསྡུས་པ་ཡིན་ཏེ། བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའི་གཟུགས་ཀྱང་ཡོད། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའི་གཟུགས་ཀྱང་ཡོད། བསྟན་དུའང་མེད་ལ་ཐོགས་པའང་མེད་པའི་གཟུགས་ཀྱང་ཡོད་དོ། །ཞེས་གཟུགས་རྣམ་པ་གསུམ་གསུངས་པ་དང༌། གཟུགས་གང་ལ་རྗེས་སུ་ཆགས་པའམ་ཁོང་ཁྲོ་བ་མི་སྐྱེ་བ་འདི་དག་ནི་ཟག་པ་མེད་པའི་ཆོས་རྣམས་ཞེས་བྱའོ། །ཞེས་དྲི་མེད་ཀྱི་གཟུགས་གསུངས་པའི་ཕྱིར་དང༌། རིག་མིན་གྱི་གཟུགས་མེད་ན་དེ་དག་འབྱུང་མི་རིགས་པའི་ཕྱིར། རྫས་ལས་བྱུང་བ་དང་མ་བྱུང་བའི་བསོད་ནམས་བདུན་དང་ལྡན་ན་བསོད་ནམས་མངོན་པར་འཕེལ་བ་ཡིན་ཞིང་རྫས་ལས་བྱུང་བ་དང་མ་བྱུང་བའི་དངོས་པོ་རྣམས་ནི། ཀུན་དགའ་ར་བ་གཙུག་ལག་ཁང༌། །མལ་སྟན་འཚོ་བ་ནར་མ་དང༌། །གློ་བུར་ནད་པ་ནད་གཡོག་དང༌། །ཡུལ་ངན་ཚེ་ན་སྦྱིན་པ་ནི། །རྫས་ལས་བྱུང་བའི་བསོད་ནམས་བདུན། །ཞེས་དང༌། བཞུགས་དང་གཤེགས་རྩོམ་ལམ་ཞུགས་དང༌། །ཕྱིན་པ་ཐོས་དང་མཐོང་བ་དང༌། །ཆོས་ཐོས་བསླབ་པའི་གཞི་འཛིན་ལས། །དགའ་དང་དད་པ་སྐྱེས་པ་ནི། །རྫས་ལ་མ་བལྟོས་བསོད་ནམས་བདུན། །ཞེས་གསུངས་པ་ལྟར་རོ། །ཡང་རང་གིས་མ་བྱས་ལ་གཞན་བྱེད་དུ་བཅུག་པའི་ལས་ལམ་འགྲུབ་པར་མི་འགྱུར་བར་ཐལ། རིག་བྱེད་མིན་པའི་གཟུགས་མེད་པའི་ཕྱིར། སོགས་ཕྱིར་ཞེས་པ་ནི་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་གསུངས་པ་དང༌། འཕགས་ལམ་ཡན་ལག་བརྒྱད་གསུངས་པ་དང༌། སྡོམ་པ་ནི་འཆལ་ཚུལ་གྱི་གེགས་བྱེད་པའི་ཕྱིར་ཆུའི་ཆུ་ལོན་ལྟར་གསུངས་པའི་ཕྱིར། གཞན་ཡང་སྒྲུབ་བྱེད་དུ་མ་ཡོད་པས་རིག་མིན་གྱི་གཟུགས་ཡོད་པར་གྲུབ་བོ། །འདི་སྐབས་སུ་གཞན་འདོད་དུ་མ་དང་རྣལ་འབྱོར་སྤྱོད་པ་པ་དང་མདོ་སྡེ་པ་དང་དཔེ་སྟོན་པ་དང་སྔོན་གྱི་སློབ་དཔོན་རྣམས་དང་བྱེ་སྨྲ་གནས་བརྟན་བཙུན་པ་དང་སློབ་དཔོན་སོགས་ཀྱི་དགག་བཞག་འདོད་ཚུལ་དུ་མ་ཡོད་པ་ཊཱི་ཀར་འབྱུང་ངོ༌། ། གཉིས་པ་ཁྱད་ཆོས་རྣམ་པར་བཞག་པ་ལ། རྒྱུའི། སའི། ངོ་བོའི། རྒྱུའི་ཁྱད་པར་གཞན་བསྟན་པའོ། །དང་པོ་ལ། སྐད་ཅིག་དང་པོ་དང༌། དེ་ཕྱིན་གྱི་རྒྱུའི་ཁྱད་པར་རོ། །དང་པོ་ནི། འདོད་གཏོགས་རྣམ་རིག་མིན་སྐད་ཅིག ། ཅེས་པས་བསྟན། རྒྱུར་བྱས་པའི་གཟུགས་ད་ལྟར་བ་དང་མ་འོངས་པ་ཅུང་ཟད་ཅིག་འདས་པའི་འབྱུང་བ་ལས་སྐྱེ་སྟེ། འདོད་པར་གཏོགས་པའི་རྣམ་པར་རིག་བྱེད་མིན་པ་སྐད་ཅིག་དང་པོ་སྡོམ་པ་ནོད་སོགས་ཀྱི་ཚེ་གཞིའི་འབྱུང་བ་དང་རྟེན་གྱི་འབྱུང་བ་གཉིས་ཀ་ལྷན་ཅིག་སྐྱེ་བའི་འབྱུང་བ་ད་ལྟར་བ་ཡིན་ནོ། ། གཉིས་པ་དེ་ཕྱིན་གྱི་རྒྱུའི་ཁྱད་པར་ནི། ཕྱིན་ཆད་འདས་པའི་འབྱུང་ལས་སྐྱེ། ། ཞེས་པས་བསྟན། ཕྱིན་ཆད་གཞིའི་འབྱུང་བ་འདས་པའི་འབྱུང་བ་དང་རྟེན་གྱི་འབྱུང་བ་ད་ལྟར་བ་ལས་སྐྱེའོ། ། གཉིས་པ་སའི་ཁྱད་པར་ལ། ཟག་བཅས་དང༌། ཟག་མེད་ཀྱི་སའི་ཁྱད་པར་རོ། །དང་པོ་ནི། ཟག་བཅས་ལུས་དང་ངག་གི་ལས། །རང་གི་འབྱུང་བ་དག་རྒྱུར་བྱས། ། ཞེས་པས་བསྟན། ས་གང་གི་འབྱུང་བ་རྒྱུར་བྱས་ཤེ་ན། འདོད་ཁམས་ནས་བསམ་གཏན་བཞི་པའི་བར་གྱི་ཟག་བཅས་ལུས་དང་ངག་གི་ལས་ཀྱི་རིག་རིག་མིན་གྱི་གཟུགས་ནི་རང་གི་ས་པའི་འབྱུང་བ་དག་རྒྱུར་བྱས་པ་ཡིན་ནོ། ། གཉིས་པ་ཟག་མེད་ཀྱི་སའི་ཁྱད་པར་ནི། ཟག་མེད་གང་དུ་སྐྱེས་པའི་ཡིན། ། ཞེས་པས་བསྟན། ཟག་མེད་ཀྱི་གཟུགས་ནི་རྟེན་ས་གང་དུ་སྐྱེས་པ་དེའི་འབྱུང་བ་བཞིའང་དེའི་རྒྱུར་བྱས་པ་ཡིན་ཏེ། རྟེན་འདོད་ཁམས་པའི་ཟག་མེད་ཀྱི་སྡོམ་པ་ཡིན་ན་འབྱུང་ཆེན་ཡང་འདོད་ཁམས་ཀྱི་འབྱུང་བ་ལས་སྐྱེ་བའམ་འབྱུང་བ་ཡིན་དགོས་པའི་ཕྱིར། རྟེན་བསམ་གཏན་དང་པོའི་ཟག་མེད་ཀྱི་སྡོམ་པ་ཡིན་ན་འབྱུང་ཆེན་ཡང་བསམ་གཏན་དང་པོ་པས་སོ། ། གསུམ་པ་ངོ་བོའི་ཁྱད་པར་ནི། རྣམ་རིག་བྱེད་མིན་མ་ཟིན་དང༌། །རྒྱུ་མཐུན་ལས་བྱུང་སེམས་ཅན་སྟོན། ། ཞེས་པས་བསྟན། རྣམ་པར་རིག་བྱེད་མིན་པ་ནི་ཐོགས་མེད་ཡིན་པས་སེམས་ཀྱིས་མ་ཟིན་པ་དང་དགེ་མི་དགེ་གང་རུང་དུ་ངེས་པས་ལུང་མ་བསྟན་ནི་དེ་ལ་མི་སྲིད་དོ། །རྒྱས་བྱུང་མ་ཡིན་པས་ཤུགས་ཀྱིས་རྒྱུ་མཐུན་ལས་བྱུང་བ་དང་སེམས་ཅན་དུ་སྟོན་པ་ཡིན་ཏེ། སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའི་ཕྱིར། བཞི་པ་རྒྱུའི་ཁྱད་པར་གཞན་བསྟན་པ་ལ། འདོད་པའི་རིག་བྱེད་མིན་གཟུགས་ཀྱི་རྒྱུའི་ཁྱད་པར་དང༌། བསམ་གཏན་ཟག་མེད་ཀྱི་རྒྱུའི་ཁྱད་པར་རོ། །དང་པོ་ནི། རྒྱུ་མཐུན་ཟིན་པའི་འབྱུང་ལས་སྐྱེ། ། ཞེས་པས་བསྟན། འདོད་པའི་རིག་མིན་ནི་རྒྱུ་མཐུན་པའི་འབྱུང་བ་ལས་སྐྱེ་ཞིང་ལུས་ཀྱི་ཚོགས་པ་ན་ཡོད་པས་རྒྱུད་ཀྱིས་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་སྐྱེ་བའོ། ། གཉིས་པ་བསམ་གཏན་ཟག་མེད་ཀྱི་རྒྱུའི་ཁྱད་པར་ནི། ཏིང་འཛིན་སྐྱེས་འབྱུང་མ་ཟིན་དང༌། །རྒྱས་བྱུང་ཐ་དད་མིན་ལས་སྐྱེ། ། ཞེས་པས་བསྟན། ཏིང་ངེ་འཛིན་ལས་སྐྱེས་པ་བསམ་གཏན་ཟག་མེད་ཀྱི་སྡོམ་པ་ནི་རྒྱུ་འབྱུང་བ་དག་ཀྱང་སེམས་ཀྱི་རྗེས་འབྲང་ཡིན་པས་མ་ཟིན་པ་དང༌། ཏིང་ངེ་འཛིན་རྒྱས་པའི་ཕྱིར་རྒྱས་པ་ལས་བྱུང་བ་དང༌། དེ་དག་གི་སྤོང་བ་བདུན་པོ་ཐམས་ཅད་ཀྱང་འབྱུང་བ་བཞི་ཚན་ཐ་དད་མིན་པས་ཏེ་བཞི་ཚན་གཅིག་ལས་སྐྱེའོ། །འདིར་བྱེ་མདོ་སེམས་ཙམ་པའི་འདོད་ཚུལ་ཀྱང་ཡོད་དོ། ། གཉིས་པ་ལས་གསུམ་སྤྱིའི་ཆོས་ཀྱི་རྣམ་གཞག་ལ། དངོས་ཀྱི་དོན་རྣམ་པར་བཞག་པ་དང༌། ཀུན་སློང་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། དགེ་སོགས་ཀྱི་ཁྱད་པར། ཁམས་གང་ན་གང་ཡོད་པ། ཆོས་གསུམ་སོ་སོའི་དབྱེ་བའོ། །དང་པོ་ནི། རྣམ་རིག་མིན་ལུང་བསྟན་མིན་མེད། །གཞན་ནི་རྣམ་གསུམ། ། ཞེས་པས་བསྟན། སྔར་བཤད་པའི་ལས་གསུམ་པོ་དེ་རྣམས་ལས་རྣམ་རིག་མིན་པ་ནི་ལུང་དུ་བསྟན་པ་དགེ་མི་དགེ་མིན་པའི་ལུང་མ་བསྟན་མེད་ལ། དེ་ལས་གཞན་རྣམ་པར་རིག་བྱེད་དང་སེམས་པ་ནི་རྣམ་པ་གསུམ་སྟེ། དཔེར་ན་རིག་བྱེད་ལ་དགེ་བ་ཐལ་མོ་སྦྱར་བ་དང་མི་དགེ་བ་སྲོག་གཅོད་པ་དང་ལུང་མ་བསྟན་བཟོ་བྱེད་པ་སོགས་གསུམ་ཀ་སྲིད་པའི་ཕྱིར། དེ་བཞིན་དུ་སེམས་པ་ལའང་གསུམ་ཀ་ཡོད་དོ། ། གཉིས་པ་ཁམས་གང་ན་གང་ཡོད་པ་ལ། མི་དགེ་བ་གང་ན་ཡོད་པ། རིག་བྱེད་མིན་པ་གང་ན་ཡོད་པ། རིག་བྱེད་ཙམ་གང་ན་ཡོད་པ། བསྒྲིབས་པའི་རིག་བྱེད་གང་ན་ཡོད་པའོ། །དང་པོ་ནི།་ མི་དགེ་ནི། །འདོད་ནའོ། ། ཞེས་པས་བསྟན། མི་དགེ་བའི་ལས་ནི་འདོད་ཁམས་ཁོ་ན་ན་ཡོད་པའོ། །ཁམས་གོང་ན་མེད་དེ། དེ་དག་གིས་ངོ་ཚ་ཁྲེལ་མེད་སོགས་སྤངས་པའི་ཕྱིར། གཉིས་པ་རིག་བྱེད་མིན་པ་གང་ན་ཡོད་པ་ནི། གཟུགས་ནའང་རྣམ་རིག་མིན། ། ཞེས་པས་བསྟན། གཟུགས་ནའང་བསམ་གཏན་ཟག་མེད་ཀྱི་སྡོམ་པའི་རྣམ་པར་རིག་བྱེད་མིན་པ་ཡོད་ལ། འང་སྒྲས་འདོད་པ་ན་ཡོད་པར་བསྟན་ཏོ། །གཟུགས་མེད་ན་ནི་དེ་དག་མེད་དོ། ། གསུམ་པ་རིག་བྱེད་ཙམ་གང་ན་ཡོད་པ་ནི། རྣམ་རིག་དཔྱོད་དང་བཅས་དག་ན། ། ཞེས་པས་བསྟན། རྣམ་པར་རིག་བྱེད་ནི་དཔྱོད་པ་དང་བཅས་པ་བསམ་གཏན་དང་པོ་དང་འདོད་ཁམས་དག་ན་ཡོད་ཀྱི་གཉིས་པ་ཡན་ཆད་ན་མེད་དེ། ཀུན་སློང་རྟོག་དཔྱོད་དང་བསྒྲིབས་ལུང་མ་བསྟན་མེད་པའི་ཕྱིར། བཞི་པ་བསྒྲིབས་པའི་རིག་བྱེད་གང་ན་ཡོད་པ་ནི། འདོད་པ་ན་ཡང་བསྒྲིབས་པ་མེད། །གང་ཕྱིར་ཀུན་སློང་མེད། ། ཅེས་པས་བསྟན། དཔྱོད་པ་མེད་པའི་ས་དག་ན་མེད་པར་མ་ཟད་འདོད་པ་ན་ཡང་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རིག་བྱེད་མེད་དེ། རྒྱུ་མཚན་གང་གི་ཕྱིར་ན་དེའི་ཀུན་སློང་མེད་པའི་ཕྱིར་ཏེ། འདོད་པ་ན་བསྒྲིབས་པ་འཇིག་མཐར་འཁོར་བཅས་ཁོ་ན་ཡིན་ལ་དེ་དག་ནི་མཐོང་སྤང་ཁོ་ནར་ངེས་པས་ཁ་ནང་དུ་བལྟས་པ་ཉིད་ཀྱི་ཕྱིར་རིག་བྱེད་ཀྱི་ཀུན་སློང་དུ་མི་རུང་ངོ༌། ། གསུམ་པ་ཆོས་གསུམ་སོ་སོའི་དབྱེ་བ་ལ། དགེ་བའི། མི་དགེ་བའི། ལུང་མ་བསྟན་གྱི་དབྱེ་བའོ། །དང་པོ་ལ། དོན་དམ་པའི་དགེ་བ་བཤད། ངོ་བོ་ཉིད་ཀྱི་དགེ་བ། མཚུངས་ལྡན་གྱི་དགེ་བ། ཀུན་སློང་གི་དགེ་བ་བཤད་པའོ། །དང་པོ་ནི། ཐར་པ། །དམ་པའི་དོན་དུ་དགེ། ། ཞེས་པས་བསྟན། ཐར་པ་མྱ་ངན་ལས་འདས་པ་ཆོས་ཅན། ཁྱོད་ལ་དམ་པའི་དོན་དུ་དགེ་བ་ཞེས་བྱ་སྟེ། དམ་པ་དང་དོན་དགེ་བའང་ཡིན་པའི་གཞི་མཐུན་པ་ཡིན་པའི་ཕྱིར་ཏེ། སྡུག་བསྔལ་དང་བྲལ་བས་མཆོག་ཏུ་བདེ་བའི་ཕྱིར། དཔེར་ན་ནད་མེད་པ་བཞིན་ནོ། ། གཉིས་པ་ངོ་བོ་ཉིད་ཀྱི་དགེ་བ་བཤད་པ་ནི། རྩ་བ། །ངོ་ཚ་ཁྲེལ་ཡོད་བདག་ཉིད་ཀྱི། ། ཞེས་པས་བསྟན། ཆགས་སྡང་རྨོངས་གསུམ་མེད་པའི་དགེ་བའི་རྩ་བ་གསུམ་དང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའི་བདག་ཉིད་ཀྱི་དགེ་བ་ནི་ངོ་བོ་ཉིད་ཀྱི་དགེ་བ་ཡིན་ཏེ། ཀུན་སློང་དང་མཚུངས་ལྡན་ལ་མི་བལྟོས་པའི་ཕྱིར་ཏེ། འཕྲོད་པའི་སྨན་བཞིན་ནོ། ། གསུམ་པ་མཚུངས་ལྡན་གྱི་དགེ་བ་བཤད་པ་ནི། དེ་དག་དང་ལྡན་མཚུངས་ལྡན་གྱི། ། ཞེས་པས་བསྟན། ངོ་བོ་ཉིད་ཀྱི་དགེ་བ་དེ་དག་དང་ལྡན་པའི་མཚུངས་ལྡན་གྱི་ཆོས་རྣམས་ནི་མཚུངས་ལྡན་གྱི་དགེ་བ་དག་ཡིན་ཏེ། དགེ་བའི་རྩ་བ་དང་མཚུངས་པར་མི་ལྡན་པའི་སེམས་ལ་དགེ་བ་དག་མེད་པའི་ཕྱིར་ཏེ། སྨན་དང་སྦྱར་བའི་བཏུང་བ་བཞིན་ནོ། ། བཞི་པ་ཀུན་སློང་གི་དགེ་བ་བཤད་པ་ནི། བྱ་བ་ལ་སོགས་ཀུན་སློང་བས། ། ཞེས་པས་བསྟན། དེ་དག་གི་ས་ཀུན་ནས་བསླངས་པའི་བྱ་བ་ལུས་ངག་གི་ལས་དང༌། ལ་སོགས་པ་སྐྱེ་བ་དང་ཐོབ་པ་དང་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་འཇུག་རྣམས་ནི་ཀུན་ནས་སློང་པས་དགེ་བ་སྟེ་དཔེར་ན་འཕྲོད་པའི་སྨན་དང་སྦྱར་བའི་བཏུང་བ་འཐུང་བའི་བུད་མེད་ལས་བྱུང་བའི་འོ་མ་བཞིན་ནོ། ། གཉིས་པ་མི་དགེ་བའི་དབྱེ་བ་ནི། ཟློག་པ་མི་དགེ ། ཞེས་པས་བསྟན། དགེ་བ་བཞི་ལས་ཟློག་པའི་མི་དགེ་བའང་བཞིར་ཡོད་དེ། མཐར་ཐུག་འཁོར་བ་ཐམས་ཅད་ནི་དོན་དམ་པའི་མི་དགེ་བ་དང༌། མི་དགེ་བའི་རྩ་བ་གསུམ་ངོ་ཚ་ཁྲེལ་མེད་རྣམས་ནི་ངོ་བོ་ཉིད་ཀྱི་མི་དགེ་བའོ། །དེ་དག་དང་མཚུངས་ལྡན་གྱི་ཆོས་ནི་མཚུངས་ལྡན་གྱི་མི་དགེ་བ་དང༌། དེ་དག་གིས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་དང་མཚན་ཉིད་སྐྱེ་སོགས་མི་དགེ་བའི་ཐོབ་པ་རྣམས་ཀྱིས་ཀུན་ནས་བསླངས་པའི་མི་དགེ་བའོ། །དེ་དག་གི་དཔེ་ནི་ནད་དང་མི་འཕྲོད་པའི་སྨན་དང་སྦྱར་བའི་བཏུང་བ་ལས་བྱུང་བའི་འོ་མ་བཞིན་ནོ། ། གསུམ་པ་ལུང་མ་བསྟན་གྱི་དབྱེ་བ་ནི། དོན་དམ་པར། །ལུང་མ་བསྟན་པ་བརྟན་པ་དག ། ཅེས་པས་བསྟན། དོན་དམ་པར་ལུང་དུ་མ་བསྟན་པ་ནི་བརྟན་པ་འདུས་མ་བྱས་ལས་ནམ་མཁའ་དང་བརྟགས་མིན་གྱི་འགོག་པ་དག་གོ །ངོ་བོ་ཉིད་ཀྱི་ལུང་མ་བསྟན་ནི་འདོད་ཁམས་སུ་བསྒྲིབས་པ་ལ་འཇིག་མཐར་དང་གོང་མར་ཉོན་མོངས་པ་ཐམས་ཅད་དོ། །མཚུངས་ལྡན་ནི་བཟོ་སེམས་ལ་སོགས་པ་མཚུངས་པར་ལྡན་པའོ། །ཀུན་སློང་ནི་སྤྱོད་ལམ་པ་སོགས་གསུམ་གྱི་ལུས་ངག་གི་རིག་བྱེད་དང་སྐྱེ་སོགས་དང་ཐོབ་པའོ། ། གཉིས་པ་ཀུན་སློང་བྱེ་བྲག་ཏུ་བཤད་པ་ལ། ཀུན་སློང་གི་དབྱེ་བ། དབྱེ་བ་སོ་སོའི་རང་བཞིན། མཚན་གཞི་ལ་མུ་བཞི་དཔྱད་པའོ། །དང་པོ་ནི། ཀུན་སློང་རྣམ་གཉིས་རྒྱུ་དང་ནི། །དེ་ཡི་དུས་ཀྱི་སློང་ཞེས་བྱ། ། ཞེས་པས་བསྟན། འོ་ན་མཐོང་སྤང་གི་སེམས་ཀྱིས་རིག་བྱེད་ཀུན་ནས་མི་སློང་ན་མདོ་ལས། ལོག་པར་ལྟ་བ་དེ་ལས་ལོག་པར་རྟོག་པ་དང་ལོག་པའི་ངག་དང་ལས་ཀྱི་མཐའ་འབྱུང་བར་འགྱུར་རོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། སྤྱིར་ཀུན་སློང་ལ་རྣམ་པ་གཉིས་ཏེ་རྒྱུའི་ཀུན་སློང་དང་ནི་བྱ་བ་དེ་ཡི་དུས་ཀྱི་སློང་ཞེས་བྱའོ། ། གཉིས་པ་ནི། གཉིས་ལས་དང་པོ་རབ་འཇུག་བྱེད། །གཉིས་པ་རྗེས་སུ་འཇུག་བྱེད་ཡིན། ། ཞེས་པས་བསྟན། ཀུན་སློང་གཉིས་ལས་དང་པོ་ནི་རབ་ཏུ་འཇུག་བྱེད་ཡིན་ཏེ། རྒྱུ་ཡང་ཡིན་ཀུན་སློང་བའང་ཡིན་ཞིང་འཕེན་པར་བྱེད་པའི་ཕྱིར། གཉིས་པ་དུས་ཀྱི་ཀུན་སློང་ནི་དེའི་རྗེས་སུ་འཇུག་བྱེད་ཡིན་ཏེ། བྱ་བའི་དུས་སུ་མཐུན་པར་འཇུག་པའི་ཕྱིར། དུས་ཀྱི་ཀུན་སློང་མེད་ན་རྒྱུའི་དེ་ཡོད་ཀྱང་བྱ་བ་མཐར་ཐུག་རྣམ་པར་རིག་བྱེད་ཏུ་མི་འགྱུར་ཏེ། དཔེར་ན་འགའ་ཞིག་གྲོང་དུ་འགྲོ་སྙམ་ནས་འཕངས་ཀྱང་བར་མ་དོར་ཤི་ནས་གྲོང་དུ་མ་ཕྱིན་པ་དང་འདྲའོ། ། གསུམ་པ་མཚན་གཞི་ལ་མུ་བཞི་དཔྱད་པ་ལ། རབ་ཏུ་འཇུག་བྱེད་ཁོ་ན་ཡིན་པའི་མུ། གཉིས་ཀ་ཡིན་པའི་མུ། རྗེས་སུ་འཇུག་བྱེད་ཁོ་ན་ཡིན་པའི་མུ། ཕན་ཚུན་འཇུག་ཚུལ་ལ་དཔྱད་པའི་མུ། གཉིས་ཀ་མིན་པའི་མུའོ། །དང་པོ་ནི། མཐོང་བས་སྤང་བྱའི་རྣམ་ཤེས་ནི། །རབ་ཏུ་འཇུག་བྱེད་ཡིན། ། ཞེས་པས་བསྟན། མཐོང་བས་སྤང་བར་བྱ་བའི་རྣམ་ཤེས་ནི་རྣམ་པར་རིག་བྱེད་ཀྱི་རབ་ཏུ་འཇུག་བྱེད་ཁོ་ན་ཡིན་ཏེ། རྒྱུའི་ཀུན་སློང་རྟོག་དཔྱོད་དག་གི་གཞིར་གྱུར་པའི་ཀུན་སློང་ཡིན་པའི་ཕྱིར། རྗེས་སུ་འཇུག་བྱེད་ཁ་ཕྱིར་ལྟའི་དུས་ན་ཚོགས་དྲུག་ཉག་འཕྲེང་དུ་སྐྱེ་བས་ཁ་ནང་ལྟའི་སྔར་གྱི་དེ་མེད་པའི་ཕྱིར་རྗེས་སུ་འཇུག་བྱེད་ནི་མ་ཡིན་ནོ། ། གཉིས་པ་ནི། ཡིད་ནི། །སྒོམ་པས་སྤང་བྱ་གཉིས་ཀ་ཡིན། ། ཞེས་པས་བསྟན། ཡིད་ཀྱི་རྣམ་པར་ཤེས་པ་རྣམས་ལས་ནི་སྒོམ་པས་སྤང་བྱ་ནི་རབ་ཏུ་འཇུག་བྱེད་དང་རྗེས་སུ་འཇུག་བྱེད་གཉིས་ཀ་ཡིན་ཏེ། ཁ་ནང་དང་ཕྱི་རོལ་ཏུ་བལྟས་ནས་འཇུག་པའི་ཕྱིར། གསུམ་པ་ནི། ལྔ་ནི་རྗེས་སུ་འཇུག་བྱེད་ཡིན། ། ཞེས་པས་བསྟན། སྒོ་ལྔའི་རྣམ་པར་ཤེས་པ་ནི་རྗེས་སུ་འཇུག་བྱེད་ཁོ་ན་ཡིན་ཏེ། རྣམ་པར་མི་རྟོག་པའི་ཤེས་པ་ཡིན་པའི་ཕྱིར། ཟག་མེད་ཀྱི་རྣམ་ཤེས་ནི་དེ་གཉིས་ཀ་མ་ཡིན་ཏེ། མཉམ་པར་བཞག་པའི་ཕྱིར་དང༌། ཁ་ནང་དུ་བལྟས་པའི་ཕྱིར་དང༌། འཇུག་པ་འགལ་བའི་ཕྱིར། བཞི་པ་ཕན་ཚུན་འཇུག་ཚུལ་ལ་དཔྱད་པའི་མུ་ལ། སྤྱིར་བཏང་དང༌། དམིགས་བསལ་ལོ། །དང་པོ་ནི། རབ་ཏུ་འཇུག་བྱེད་དགེ་སོགས་ལས། །རྗེས་འཇུག་བྱེད་ཀྱང་རྣམ་གསུམ་འགྱུར། ། ཞེས་པས་བསྟན། ཡང་རབ་ཏུ་འཇུག་བྱེད་དང་རྗེས་སུ་འཇུག་བྱེད་འདྲ་བའི་ངེས་པ་མེད་དེ། རབ་ཏུ་འཇུག་བྱེད་དགེ་བ་དང༌། སོགས་པ་མི་དགེ་བ་དང་ལུང་མ་བསྟན་གང་རུང་ལས་རྗེས་འཇུག་བྱེད་ཀྱང་དགེ་སོགས་རྣམ་པ་གསུམ་ཀ་ཅི་རིགས་པར་རུང་བས་དགུ་ཕྲུགས་སུ་འགྱུར་རོ། །དཔེར་ན་སོ་སོ་ཐར་པའི་སྡོམ་པ་ནི་རྒྱུའི་ཀུན་སློང་སེམས་བྱུང་གི་བསམ་པ་དགེ་བ་ཡིན་ལ། དུས་ཀྱི་ཀུན་སློང་ཆོ་གའི་དུས་ནའང་བསམ་པ་དེའི་རྒྱུན་དང་ལྡན་པ་དང་ཞེ་སྡང་དང་བཅས་པ་དང་སྤྱོད་ལམ་པའི་སེམས་མངོན་དུ་གྱུར་པའི་ཚེ་སྡོམ་པ་ཐོབ་པ་ལ་སོགས་པའོ། ། གཉིས་པ་དམིགས་བསལ་ནི། ཐུབ་པའི་འདྲ་བའམ་དེ་དགེ་བ། ། ཞེས་པས་བསྟན། ཐུབ་པའི་རབ་ཏུ་འཇུག་བྱེད་དང་རྗེས་སུ་འཇུག་བྱེད་འདྲ་བ་ཡིན་ཏེ། དེ་དགེ་བ་ལས་དགེ་བ་དང་ལུང་མ་བསྟན་ལས་ལུང་མ་བསྟན་འཇུག་པའི་ཕྱིར། འམ་ནི་རྣམ་གྲངས་པའི་སྒྲའོ། ཡང་ན་ལུང་མ་བསྟན་གྱི་རབ་ཏུ་འཇུག་བྱེད་ཀྱི་རྗེས་སུ་འཇུག་བྱེད་དེ་དགེ་བར་འགྱུར་གྱི་རབ་ཏུ་འཇུག་བྱེད་དགེ་བའི་རྗེས་འཇུག་དགེ་བ་ཁོ་ན་ལས་ལུང་མ་བསྟན་དུ་འགྱུར་བ་མེད་དེ། སངས་རྒྱས་རྣམས་ཀྱི་སྟོབས་ནི་དམན་པར་འགྱུར་བ་མི་སྲིད་པའི་ཕྱིར། ལྔ་པ་གཉིས་ཀ་མིན་པའི་མུ་ནི། རྣམ་སྨིན་ལས་སྐྱེས་གཉིས་ཀ་མིན། ། ཞེས་པས་བསྟན། རྣམ་སྨིན་ལས་སྐྱེས་པའི་སེམས་ནི་རབ་ཏུ་འཇུག་བྱེད་དང་རྗེས་སུ་འཇུག་བྱེད་གཉིས་ཀ་མིན་ཏེ། མངོན་པར་འདུ་བྱ་བ་མེད་པར་ངང་གིས་འབྱུང་བའི་ཕྱིར། གསུམ་པ་རིག་བྱེད་མ་ཡིན་པའི་རྣམ་གཞག་ལ། དབྱེ་བ་མདོར་བསྟན། རྣམ་གཞག་རྒྱས་བཤད་དོ། །དང་པོ་ནི། རྣམ་རིག་མིན་རྣམ་གསུམ་ཞེས་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། ། ཞེས་པས་བསྟན། རྣམ་རིག་མིན་པ་ནི་རྣམ་པ་གསུམ་ཞེས་བྱ་སྟེ། འཆལ་ཚུལ་གྱི་རྒྱུན་སྡོམ་པར་བྱེད་པའི་སྡོམ་པ་དང༌། དེའི་མི་མཐུན་ཕྱོགས་ལུས་ངག་གི་ཉེས་སྤྱོད་ཆེན་པོར་བྱུང་བ་སྡོམ་པ་མིན་པ་དང༌། དེ་གཉིས་ལས་གཞན་པའི་བར་མ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ། སྡོམ་པ་ཁྱད་པར་དུ་བཤད་པ་དང༌། ཐམས་ཅད་ཐུན་མོང་དུ་བསྟན་པའོ། །དང་པོ་ལ། བསྟན་བཤད་གཉིས་ཀྱི་དང་པོ་ནི། སྡོམ་པ་སོ་སོར་ཐར་ཞེས་བྱ། །དེ་བཞིན་ཟག་མེད་བསམ་གཏན་སྐྱེས། ། ཞེས་པས་བསྟན། ཆོས་འདི་པ་རྣམས་ཀྱི་འདོད་པ་ན་སྤྱོད་པའི་ཚུལ་ཁྲིམས་འདི་ལ་ནི་སྡོམ་པ་སོ་སོར་ཐར་ཞེས་བྱའོ། །དེ་བཞིན་དུ་ཟག་པ་མེད་པའི་ཚུལ་ཁྲིམས་ནི་ཟག་མེད་ཀྱི་སྡོམ་པ་དང༌། ཏིང་ངེ་འཛིན་བསམ་གཏན་ལས་གཙོ་བོར་སྐྱེས་པ་གཟུགས་ན་སྤྱོད་པའི་ཚུལ་ཁྲིམས་ནི་བསམ་གཏན་གྱི་སྡོམ་པ་ཞེས་བྱའོ། ། གཉིས་པ་ལ། སོ་ཐར་རྒྱས་བཤད། བསམ་གཏན་ཟག་མེད་རྒྱས་བཤད། ཞར་ལས་བྱུང་བའི་དོན་ཏོ། །དང་པོ་ལ། བསྡུས་ཏེ་བསྟན་པ་དང༌། ཕྱེ་སྟེ་བཤད་པ་གཉིས་ལས། དང་པོ་ལ། མིང་གི་སྒོ་ནས་བརྒྱད་དུ་དབྱེ་བ། རྫས་ཀྱི་སྒོ་ནས་བཞིར་བསྡུ་བ། གནས་པའི་ཚུལ་ལོ། །དང་པོ་ནི། སོ་སོར་ཐར་ཞེས་བྱ་རྣམ་བརྒྱད། ། ཅེས་པས་བསྟན། སོ་སོར་ཐར་པའི་སྡོམ་པ་ཞེས་བྱ་བ་དེ་ལ་དགེ་སློང་ཕའི་སྡོམ་པ། དགེ་སློང་མའི་སྡོམ་པ། དགེ་སློབ་མའི་སྡོམ་པ། དགེ་ཚུལ་ཕ་མ། དགེ་བསྙེན་ཕ་མ། བསྙེན་གནས་ཀྱི་སྡོམ་པ་དང་རྣམ་པ་བརྒྱད་དོ། །བསྙེན་གནས་ནི་ཟ་མ་དང་མ་ནིང་ལའང་སྐྱེ་བས་ཕོ་མོ་སོ་སོར་མ་བགྲངས་སོ། ། གཉིས་པ་ནི། རྫས་སུ་རྣམ་པ་བཞི་ཡིན་ནོ། །མཚན་ལས་མིང་ནི་འཕོ་བའི་ཕྱིར། ། ཞེས་པས་བསྟན། བརྒྱད་པོ་དེའང་མིང་གི་སྒོ་ནས་ཡིན་གྱི་རྫས་སུ་ནི་དགེ་སློང་གི་སྡོམ་པ། དགེ་ཚུལ་གྱི་སྡོམ་པ། བསྙེན་གནས་ཀྱི་སྡོམ་པ། དགེ་བསྙེན་གྱི་སྡོམ་པ་སྟེ་རྣམ་པ་བཞི་ཡིན་ནོ། །དེའི་རྒྱུ་མཚན་ཡང་དགེ་སློང་གི་མཚན་ནམ་རྟགས་འགྱུར་བ་ལས་མིང་ནི་དགེ་སློང་མ་ཞེས་བྱ་བ་ཙམ་ཞིག་འཕོ་བའི་ཕྱིར། སྡོམ་པའི་ངོ་བོ་ནི་གཏོང་ཐོབ་མེད་ཅིང་མི་འཕོ་བས་སྔར་གྱི་རྒྱུན་ཉིད་ཡིན་པར་གྲུབ་བོ། ། གསུམ་པ་གནས་པའི་ཚུལ་ནི། ཐ་དད་དེ་དག་འགལ་བ་མེད། ། ཞེས་པས་བསྟན། སྡོམ་པ་གསུམ་པོ་དེ་དག་གང་ཟག་གཅིག་ལ་ཡོད་པའི་ཚེའང་མཚན་ཉིད་ཐ་དད་པ་ཁོ་ནར་ངེས་པ་ཡིན་ཏེ། གཞན་དུ་ན་དགེ་སློང་གི་སྡོམ་པ་བཏང་བས་སྡོམ་པ་གཞན་གཉིས་ཀྱང་གཏོང་བར་འགྱུར་བ་ལས་དེ་ལྟར་མ་ཡིན་པའི་ཕྱིར། གལ་ཏེ་སྤོང་བ་རིས་འདྲ་རྫས་ཐ་དད་པའི་ཕྱིར་རྒྱུད་གཅིག་ལ་ལྷན་ཅིག་གནས་པ་འགལ་ལོ་ཞེ་ན། དེ་དག་ནི་དེ་ལྟར་གནས་པ་འགལ་བ་མེད་དེ། ཕྱི་མ་བླངས་པས་སྔ་མ་གཏོང་བའི་རྒྱུ་མེད་པའི་ཕྱིར། གཉིས་པ་ཕྱེ་སྟེ་བཤད་པ་ལ། སོ་སོའི་ངོ་བོ། མིང་གི་རྣམ་གྲངས། སྒྲ་དོན། ལྡན་པའི་གང་ཟག་གོ །དང་པོ་ནི། སྤང་བྱ་ལྔ་བརྒྱད་བཅུ་དང་ནི། །ཐམས་ཅད་སྤོང་བར་མནོས་པ་ལས། ། དགེ་བསྙེན་དང་ནི་བསྙེན་གནས་དང༌། །དགེ་ཚུལ་ཆེད་དང་དགེ་སློང་ཉིད། ། ཅེས་པས་བསྟན། ཇི་ལྟར་ན་དགེ་བསྙེན་ལ་སོགས་པའི་བར་གང་དང་གང་ཞེ་ན། སྤང་བྱ་སྲོག་གཅོད། མ་བྱིན་ལེན། འདོད་ལོག །རྫུན། ཆང་སྟེ་ལྔ་ཇི་སྲིད་འཚོའི་བར་དུ་སྤོང་བར་མནོས་པ་དང༌། རྩ་བ་བཞི་ཆང་གར་སོགས་ཕྲེང་སོགས་གཅིག་ཏུ་བྱས། མལ་ཆེ་མཐོ། ཕྱི་དྲོའི་ཁ་ཟས་ཏེ་བརྒྱད་ཉིན་ཞག་གཅིག་ཏུ་སྤོང་བར་མནོས་པ་དང༌། དེ་དག་ཉིད་ལས་གར་སོགས་ཕྲེང་སོགས་རེ་རེར་བྱས་པའི་དགུ་དང་གསེར་དངུལ་ལེན་པ་དང་བཅས་པའི་བཅུ་ཇི་སྲིད་འཚོའི་བར་དུ་སྤོང་བར་མནོས་པ་དང་ནི་ལུས་ངག་གི་ཉེས་སྤྱོད་ཐམས་ཅད་ཇི་སྲིད་འཚོའི་བར་དུ་སྤོང་བར་མནོས་པ་ལས་རིམ་བཞིན་དགེ་བསྙེན་དང་ནི་བསྙེན་གནས་དང་དགེ་ཚུལ་དང་ཆེད་དང་ཞེས་པ་གོང་འོག་ཀུན་ལ་སྦྱར་བས་དགེ་སློང་ཉིད་དུའང་འགྱུར་བ་ཡིན་ནོ། །དེ་ལའང་ངེས་འབྱུང་གི་བསམ་པ་དང་ལྡན་ཞིང་དཀོན་མཆོག་ལ་སྐྱབས་སུ་སོང་བ་ཞིག་དགོས་སོ། ། གཉིས་པ་མིང་གི་རྣམ་གྲངས་ནི། ཚུལ་ཁྲིམས་དང་ནི་ལེགས་སྤྱད་དང༌། །ལས་དང་སྡོམ་པ་ཞེས་བྱའོ། ། ཞེས་པས་བསྟན། ཡང་དག་པར་འཇོག་པར་བྱེད་ཅིང་འཆལ་ཚུལ་གྱི་གདུང་བ་ལས་བསིལ་བ་ཐོབ་པས་ཚུལ་ཁྲིམས་དང་ནི་མཁས་པས་བསྔགས་པས་ལེགས་སྤྱད་དང་བྱ་བའི་རང་བཞིན་ཡིན་པས་ལས་དང་ལུས་ངག་སྡོམ་པས་སོ་སོ་ཐར་པའི་སྡོམ་པ་ཞེས་བྱའོ། ། གསུམ་པ་སྒྲ་དོན་ནི། དང་པོའི་རྣམ་རིག་རྣམ་རིག་མིན། སོ་སོར་ཐར་དང་བྱ་བའི་ལམ། ། ཞེས་པས་བསྟན། སྡོམ་པ་ཡང་དག་པར་བླངས་པའི་སྐད་ཅིག་དང་པོའི་རྣམ་པར་རིག་བྱེད་དང་རྣམ་རིག་མིན་པ་ཆོས་ཅན། སོ་སོར་ཐར་པ་ཞེས་བྱ་སྟེ། སྡིག་པ་ལས་སོ་སོར་ཐར་པའི་ཕྱིར་དང༌། ཡང་དེ་ཆོས་ཅན། སོ་སོར་ཐར་པའི་སྡོམ་པ་ཞེས་བྱ་སྟེ། ལུས་དང་ངག་གི་ཉེས་སྤྱོད་སྡོམ་པའི་ཕྱིར། དེ་ཆོས་ཅན། བྱ་བའི་ལས་ལམ་དངོས་ཞེས་ཀྱང་བྱ་སྟེ། མཇུག་མ་ཡིན་པར་དངོས་ཀྱིས་བསྡུས་པའི་ཕྱིར། སྐད་ཅིག་གཉིས་པ་སོགས་ཀྱི་དེ་གཉིས་ཆོས་ཅན། སོ་སོར་ཐར་པ་དང་འདྲ་བའམ་སོ་སོར་ཐར་པ་ལས་སྐྱེས་པས་ན་སོ་ཐར་སྡོམ་པ་ཁོ་ན་ཡིན་གྱི་སོ་སོར་ཐར་པ་ནི་མ་ཡིན་ཏེ། སྐད་ཅིག་མ་དང་པོ་ཁོ་ནས་ཐར་ཟིན་པའི་ཕྱིར། བཞི་པ་ལྡན་པའི་གང་ཟག་ནི། སོ་སོར་ཐར་དང་ལྡན་པ་བརྒྱད། ། ཅེས་པས་བསྟན། སོ་སོར་ཐར་པའི་སྡོམ་པ་དང་ལྡན་པའི་གང་ཟག་ནི་དགེ་སློང་ནས་བསྙེན་གནས་ཀྱི་བར་བརྒྱད་དོ། ། གཉིས་པ་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་རྒྱས་བཤད་ལ། གང་ལ་ལྡན་པ། སེམས་ཀྱི་རྗེས་འབྲང་དུ་བསྟན་པ། སྤོང་བའི་སྡོམ་པར་བསྟན་པའོ། །དང་པོ་ནི། བསམ་གཏན་སྐྱེས་དང་དེ་ལྡན་པ། །ཟག་མེད་འཕགས་པའི་སེམས་ཅན་དང༌། ། ཞེས་པས་བསྟན། བསམ་གཏན་སྐྱེས་ཏེ་བསམ་གཏན་དང་ལྡན་པ་དེ་ངེས་པར་བསམ་གཏན་གྱི་སྡོམ་པ་དང་ལྡན་པ་ཡིན་ནོ། །ཉེར་བསྡོགས་ནའང་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ཡོད་པས་ཉེར་བསྡོགས་ཀྱང་བསམ་གཏན་དུ་བརྗོད་ནས་བསྟན་ཏེ་གྲོང་འདི་ན་སཱ་ལུའི་ཞིང་ཡོད་ཅེས་གྲོང་གི་ཉེ་ཀོར་ལའང་གྲོང་ཞེས་བྱ་བ་བཞིན་ནོ། །ཟག་མེད་ཀྱི་སྡོམ་པ་ནི་འཕགས་པའི་སེམས་ཅན་ཏེ་སློབ་པ་དང་མི་སློབ་པའི་གང་ཟག་རྣམས་དང་ལྡན་ནོ། ། གཉིས་པ་སེམས་ཀྱི་རྗེས་འབྲང་དུ་བསྟན་པ་ནི། ཐ་མ་གཉིས་ནི་སེམས་རྗེས་འབྲང༌། ། ཞེས་པས་བསྟན། ལྷན་ཅིག་འབྱུང་རྒྱུའི་སྐབས་སུ་སེམས་ཀྱི་རྗེས་འབྲང་གི་སྡོམ་པ་གཉིས་བཤད་པས་ནི་སྡོམ་པ་གསུམ་པོ་འདི་དག་ཉིད་ལས་ཐ་མ་བསམ་ཟག་གི་སྡོམ་པ་གཉིས་ནི་སེམས་ཀྱི་རྗེས་སུ་འབྲང་བ་ཡིན་གྱི། སོ་ཐར་ནི་སེམས་ཀྱི་རྗེས་འབྲང་མ་ཡིན་ཏེ། སེམས་གཞན་དང་ལྡན་པ་དང་འགོག་སྙོམས་སོགས་སེམས་མེད་པ་ལའང་རྗེས་སུ་འཇུག་པའི་ཕྱིར། གསུམ་པ་སྤོང་བའི་སྡོམ་པར་བསྟན་པ་ནི། བར་ཆད་མེད་ལམ་སྐྱེས་དེ་གཉིས། །མི་ལྕོགས་མེད་ལ་སྤོང་ཞེས་བྱ། ། ཞེས་པས་བསྟན། བསམ་ཟག་གི་སྡོམ་པ་བར་ཆད་མེད་ལམ་གྱི་ངོ་བོར་སྐྱེས་པ་དེ་གཉིས་སུ་མི་ལྕོགས་མེད་པ་ལ་བརྟེན་པ་ནི་འཆལ་ཚུལ་དང་ཀུན་སློང་གི་ཉོན་མོངས་རྣམས་སྤོང་བས་སྤོང་བའི་སྡོམ་པ་ཞེས་བྱའོ། །དེ་བས་ན་དེ་གཉིས་དང་སྤོང་སྡོམ་ལ་མུ་བཞིར་ཡོད་དོ། ། གསུམ་པ་ཞར་ལས་བྱུང་བའི་དོན་ནི། ཤེས་བཞིན་དང་ནི་དྲན་དག་གཉིས། །ཡིད་དང་དབང་པོའི་སྡོམ་པ་ཡིན། ། ཞེས་པས་བསྟན། མདོ་ལས། ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ཞེས་སོགས་དང༌། གང་ཡང་མིག་གི་དབང་པོ་སྡོམ་པས་བསྡམས་ཏེ་གནས་སོ། །ཞེས་གསུངས་པས་ཡིད་དང་དབང་པོའི་སྡོམ་པ་གཉིས་ཀྱི་རང་བཞིན་གང་ཞེ་ན། འདི་གཉིས་རིག་བྱེད་མིན་པའི་རང་བཞིན་ནི་མ་ཡིན་ནོ། །འོ་ན་གང་ཞེ་ན། བྱ་བ་དང་བྱ་བ་མ་ཡིན་པ་ཤེས་པའི་ཤེས་བཞིན་དང་ནི་དེ་མ་བརྗེད་པའི་དྲན་པ་དག་གཉིས་ཀ་ལ་ཡིད་ཀྱི་སྡོམ་པ་དང་དབང་པོའི་སྡོམ་པ་ཞེས་ཀྱང་གསུངས་པ་ཡིན་ཏེ། དེ་གཉིས་ཀྱིས་ཡིད་དང་དབང་པོ་ཡུལ་ལ་ལོག་པར་སྤྱོད་པ་དག་སྤོང་ཞིང་སྡོམ་པའི་ཕྱིར། གཉིས་པ་ཐམས་ཅད་ཐུན་མོང་དུ་བསྟན་པ་ལ། དུས་ཇི་སྲིད་ལྡན་པ། ཚུལ་ཇི་ལྟར་ཐོབ་པ། རྒྱུ་གང་གིས་གཏོང་བ། རྟེན་གང་དང་ལྡན་པའོ། །དང་པོ་ལ། རིག་བྱེད་མིན་པའི་ལྡན་ཚུལ། རིག་བྱེད་ཀྱི་ལྡན་ཚུལ། སྡོམ་མིན་གྱི་མིང་གི་རྣམ་གྲངས། དེ་དག་གི་མུ་བཞི་བཤད་པའོ། །དང་པོ་ལ་གསུམ། མཉམ་པར་མ་བཞག་པའི་དང༌། མཉམ་པར་བཞག་པའི་དང༌། བར་མའི་ལྡན་ཚུལ་ལོ། །དང་པོ་ལ་གཉིས། སྡོམ་པ་དང༌། སྡོམ་མིན་ནོ། །དང་པོ་ནི། སོ་སོར་ཐར་གནས་ཇི་སྲིད་དུ། མ་བཏང་བར་དག་ད་ལྟར་གྱི། ། རྣམ་རིག་མི་ལྡན་སྐད་ཅིག་མ། །དང་པོ་ཕྱིན་ཆད་འདས་པ་དང༌། ། ཞེས་པས་བསྟན། སོ་སོར་ཐར་པའི་སྡོམ་པ་ལ་གནས་པའི་གང་ཟག་དེ་ནི་ཇི་སྲིད་དུ་བསླབ་པ་ཕུལ་བ་ལ་སོགས་པས་རྣམ་པར་རིག་བྱེད་མིན་པ་མ་བཏང་གི་བར་དག་ལ་ད་ལྟར་གྱི་རྣམ་རིག་མིན་པ་དེ་དང་ལྡན་ཞིང་སྐད་ཅིག་མ་དང་པོ་ཕྱིན་ཆད་མ་བཏང་གི་བར་དུ་འདས་པ་དང་ཡང་ལྡན་ནོ། ། གཉིས་པ་ནི། སྡོམ་མིན་གནས་པའང་དེ་དང་འདྲ། ། ཞེས་པས་བསྟན། སྡོམ་མིན་ལ་གནས་པའི་གང་ཟག་ལའང་ལྡན་ཚུལ་དེ་དང་འདྲ་བས་དེ་བཞིན་སྦྱར་རོ། ། གཉིས་པ་མཉམ་པར་བཞག་པའི་ལྡན་ཚུལ་ནི། བསམ་གཏན་སྡོམ་དང་ལྡན་པ་ནི། །རྟག་ཏུ་འདས་དང་མ་འོངས་དང༌། ། འཕགས་ནི་དང་པོ་འདས་དང་མིན། །མཉམ་བཞག་འཕགས་ལམ་གནས་དེ་གཉིས། ། ད་ལྟར་དང་ལྡན། ། ཞེས་པས་བསྟན། བསམ་གཏན་གྱི་སྡོམ་པ་དང་ལྡན་པ་ནི་དེ་སྐྱེས་ནས་མ་བཏང་གི་བར་ལ་དུས་རྟག་ཏུ་འདས་པ་དང་མ་འོངས་པ་གཉིས་དང་ལྡན་པར་ངེས་ལ། འཕགས་པའི་གང་ཟག་ནི་ཟག་མེད་སྐད་ཅིག་དང་པོའི་ཚེ་སྔོན་ཟག་མེད་མ་སྐྱེས་པས་འདས་པ་དང་ལྡན་པ་མིན་ཏེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྔར་སྐྱེ་མ་མྱོང་བས་འདས་པ་དང་མི་ལྡན་པའི་ཕྱིར་རོ། །འཇིག་རྟེན་པའི་ལམ་ལ་མཉམ་པར་བཞག་པ་བསམ་གཏན་གྱི་སྡོམ་པ་དང་ལྡན་པ་དང༌། མཉམ་གཞག་འཕགས་ལམ་ལ་གནས་པ་ཟག་མེད་ཀྱི་སྡོམ་པ་དང་ལྡན་པ་དེ་གཉིས་གོ་རིམ་བཞིན་ད་ལྟར་གྱི་རིག་བྱེད་མིན་པ་དང་ཡང་ལྡན་པ་ཡིན་པས་དུས་གསུམ་ག་དང་ལྡན་པ་ཡོད་དོ། ། གསུམ་པ་བར་མ་ལྡན་ཚུལ་ལ་གཉིས། དངོས་དོན་དང༌། འཕྲོས་དོན་སྡོམ་སྡོམ་མིན་ཅན་ལ་ལྡན་ཚུལ་ལོ། །དང་པོ་ནི། བར་གནས་ལ། ། ཡོད་ན་དང་པོ་བར་གྱི་དང༌། །ཕྱིན་ཆད་དུས་ནི་གཉིས་དང་ངོ༌། ། ཞེས་པས་བསྟན། སྡོམ་སྡོམ་མིན་གྱི་བར་མ་ལ་གནས་པ་ལ་ནི་བར་མའི་རིག་བྱེད་མ་ཡིན་པ་གལ་ཏེ་ཡོད་ན་སྐད་ཅིག་མ་དང་པོ་ལ་འདས་མ་འོངས་ཀྱི་བར་ད་ལྟར་གྱི་རིག་བྱེད་མ་ཡིན་པ་དང་ལྡན་ནོ། །སྐད་ཅིག་མ་དང་པོ་ཕྱིན་ཆད་མ་བཏང་གི་བར་དུ་འདས་པ་རེ་དང་ལྡན་པས་དུས་ནི་གཉིས་དང་ངོ༌། ། གཉིས་པ་ནི། སྡོམ་མིན་གནས་པ་དགེ་བ་དང༌། །སྡོམ་ལ་གནས་པ་མི་དགེ་བའི། ། རྣམ་རིག་མི་ལྡན་ཇི་སྲིད་དུ། །རབ་དང་ཉོན་མོངས་ཤུགས་ལྡན་བར། ། ཞེས་པས་བསྟན། སྡོམ་མིན་ལ་གནས་པའང་རབ་ཏུ་དང་བས་ཕྱག་སོགས་བྱེད་ན་བར་མ་དགེ་བ་དང་སྡོམ་པ་ལ་གནས་པའང་ཉོན་མོངས་པའི་ཤུགས་ཀྱིས་གསོད་རྡེག་བྱེད་པ་སོགས་ནི་མི་དགེ་བའི་རྣམ་རིག་མིན་པ་དང་ལྡན་ལ། དེའང་དུས་ཇི་སྲིད་དུ་རབ་ཏུ་དང་བ་དང་ཉོན་མོངས་པའི་ཤུགས་དང་ལྡན་པའི་བར་དུ་རིག་མིན་རྗེས་སུ་འབྲང་ངོ༌། ། གཉིས་པ་རིག་བྱེད་ཀྱི་ལྡན་ཚུལ་ནི། རྣམ་རིག་བྱེད་ནི་ཐམས་ཅད་ལ། །བྱེད་པ་དག་ལ་ད་ལྟར་ལྡན། ། མ་བཏང་བར་དུ་སྐད་ཅིག་མ། །ཕྱིན་ཆད་འདས་ལྡན་མ་འོངས་མེད། ། བསྒྲིབས་པ་དང་ནི་མ་བསྒྲིབས་པ། །འདས་པ་དག་དང་ལྡན་པའང་མེད། ། ཅེས་པས་བསྟན། ལུས་ངག་གི་རྣམ་པར་རིག་བྱེད་ནི་སྡོམ་སྡོམ་མིན་བར་མ་ལ་གནས་པའི་གང་ཟག་ཐམས་ཅད་ལ་རིག་བྱེད་དངོས་སུ་བྱེད་པ་དག་ལ་ད་ལྟར་བ་དང་ལྡན་ལ། གཏོང་བའི་རྒྱུ་དག་གིས་མ་བཏང་གི་བར་དུ་སྐད་ཅིག་མ་དང་པོ་ཕྱིན་ཆད་ནི་འདས་པ་དང་ཡང་ལྡན་ནོ། །མ་འོངས་པའི་རིག་བྱེད་དང་ལྡན་པ་མེད་དེ། དེ་སེམས་ཀྱི་རྗེས་འབྲང་མ་ཡིན་པའི་ཕྱིར་རོ། །བསྒྲིབས་པ་དང་ནི་མ་བསྒྲིབས་པ་ལུང་མ་བསྟན་གྱི་རིག་བྱེད་དག་ནི་འདས་པ་དག་དང་ལྡན་པའང་མེད་དེ། སྟོབས་ཤིན་ཏུ་ཆུང་བས་ཐོབ་པ་སྔ་ཕྱིར་འདྲེན་མི་ནུས་པའི་ཕྱིར། གསུམ་པ་སྡོམ་མིན་གྱི་མིང་གི་རྣམ་གྲངས་ནི། སྡོམ་པ་མིན་དང་ཉེས་སྤྱད་དང༌། །འཆལ་བའི་ཚུལ་ཁྲིམས་ལས་དེའི་ལམ། ། ཞེས་པས་བསྟན། ལུས་ངག་མི་སྡོམ་པས་སྡོམ་པ་མིན་པ་དང་དམ་པས་སྨད་ཅིང་འབྲས་བུ་ཡིད་མི་འོང་འབྱིན་པས་ཉེས་སྤྱད་དང་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཡིན་པས་འཆལ་བའི་ཚུལ་ཁྲིམས་དང་ལུས་ངག་གི་ལས་ཡིན་པས་ལས་དང་སྲོག་གཅོད་པ་ལ་སོགས་པ་དངོས་གཞི་ནམ་གྲུབ་ཙམ་ན་དངོས་ཀྱིས་བསྡུས་པ་དེའི་ཕྱིར་དེའི་ལས་ལམ་མོ། ། བཞི་པ་དེ་དག་གི་མུ་བཞི་བཤད་པ་ནི། བར་མ་དོར་གནས་སེམས་ཞན་པས། བྱེད་ན་རྣམ་རིག་ཉིད་དང་ལྡན། ། རྣམ་རིག་བཏང་དང་མ་སྐྱེས་པའི། །འཕགས་པའི་གང་ཟག་རྣམ་རིག་མིན། ། ཞེས་པས་བསྟན། མུ་དང་པོ་ནི་སྡོམ་པ་དང་སྡོམ་མིན་གྱི་བར་མ་དོར་གནས་པ་ཞིག་སེམས་ཞན་པས་དགེ་བའམ་མི་དགེ་བ་ཞིག་བྱེད་ན་རྣམ་པར་རིག་བྱེད་ཉིད་ཁོ་ན་དང་ལྡན་ནོ། །མུ་གཉིས་པ་ནི་སྐྱེ་བ་སྔ་མའི་རྣམ་རིག་ནི་བཏང་བ་དང་ཚེ་འདིའི་རྣམ་རིག་ནི་མ་སྐྱེས་པའི་འཕགས་པའི་གང་ཟག་ནི་རིག་བྱེད་ཀྱི་རྣམ་རིག་མིན་པ་དང་ལྡན་ལ་རིག་བྱེད་ནི་མི་ལྡན་ནོ། །མུ་གསུམ་པ་ནི་སྡོམ་ལྡན་ཕྱག་འཚལ་བ་ལྟ་བུ་ཡིན་ལ། མུ་བཞི་པ་གཟུགས་མེད་པའི་སོ་སོ་སྐྱེ་བོ་ཡིན་ཞིང་མུ་ཕྱི་མ་འདི་གཉིས་ནི་གོ་སླ་བའི་ཕྱིར་གཞུང་དུ་སྨོས་པར་མ་མཛད་དོ། ། གཉིས་པ་ཚུལ་ཇི་ལྟར་ཐོབ་པ་ལ། སྡོམ་པའི་ཐོབ་ཚུལ་དང༌། སྡོམ་མིན་གྱི་དང༌། བར་མའི་ཐོབ་ཚུལ་ལོ། །དང་པོ་ལ། དངོས་དང༌། གང་ལས་ཐོབ་པའོ། །དང་པོ་ལ། བསམ་གཏན་གྱི་དང༌། ཟག་མེད་ཀྱི་དང༌། སོ་ཐར་སྡོམ་པའི་ཐོབ་ཚུལ་ལོ། །དང་པོ་ནི། བསམ་གཏན་ལས་སྐྱེས་བསམ་གཏན་གྱི། །ས་ཉིད་ཀྱིས་འཐོབ། ། ཅེས་པས་བསྟན། བསམ་གཏན་ལས་སྐྱེས་པའི་སྡོམ་པ་ནི་བསམ་གཏན་གྱི་ས་པའི་སེམས་ཟག་བཅས་དངོས་གཞི་དང་ཉེར་བསྡོགས་ཐོབ་པ་ཉིད་ཀྱིས་ཐོབ་སྟེ། བསམ་གཏན་གྱི་སེམས་དང་ལྷན་ཅིག་འབྱུང་བའི་ཕྱིར། དེའང་མི་ལྕོགས་མེད་ནི་སྦྱོར་བས་ཐོབ། དངོས་གཞི་ནི་འདོད་ཆགས་དང་བྲལ་བས་ཐོབ། གོང་མ་བསམ་གཏན་གཉིས་པ་ནས་བསམ་གཏན་དང་པོར་སྐྱེ་ན་ཉེར་བསྡོགས་དང་དངོས་གཞི་གཉིས་ཀ་སྐྱེ་བས་ཐོབ་བོ། ། གཉིས་པ་ནི། ཟག་མེད་ནི། །འཕགས་དེས། ། ཞེས་པས་བསྟན། ཟག་མེད་ཀྱི་སྡོམ་པ་ནི་འཕགས་པ་སྟེ་ཟག་མེད་ཀྱི་བསམ་གཏན་གྱི་སེམས་ས་དྲུག་གང་རུང་སྐྱེས་པ་དེས་ཐོབ་བོ། ། གསུམ་པ་སོ་ཐར་སྡོམ་པའི་ཐོབ་ཚུལ་ལ། སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སོ་སོར་ཐར་ཞེས་པ། །གཞན་གྱི་རྣམ་རིག་བྱེད་སོགས་ཀྱིས། ། ཞེས་པས་བསྟན། སོ་སོར་ཐར་པའི་སྡོམ་པ་ཞེས་པ་ནི་གཞན་མཁན་སློབ་སོགས་དགེ་འདུན་གྱི་གསོལ་བ་དང་བརྗོད་པའི་རྣམ་པར་རིག་བྱེད་ལས་ཐོབ་སྟེ། དེའི་རྒྱུད་ལ་སྡོམ་པ་སྐྱེས་པ་གཞན་གྱིས་ཀྱང་རྣམ་པར་རིག་ལ་བསྒྲུབ་བྱ་རང་ཉིད་ཀྱིས་ཀྱང་རང་ལ་སྐྱེས་པ་རྣམ་པར་རིག་པའི་ཕྱིར། སོགས་ཀྱིས་ལེན་འདོད་ཐོབ་ཤེས་ངེས་འབྱུང་གི་བསམ་པ་རྣམས་འདྲེན་ནོ། །དེའང་དགེ་སློང་དང་དགེ་སློང་མ་དང་དགེ་སློབ་མའི་སྡོམ་པ་རྣམས་ནི་དགེ་འདུན་ལས་ཐོབ་ལ། དགེ་ཚུལ་ཕ་མ་དང་དགེ་བསྙེན་ཕ་མ་ནི་གང་ཟག་ལས་ཐོབ་བོ། །བྱེ་སྨྲའི་འདུལ་བ་པ་རྣམས་རྣམ་པ་བཅུས་བསྙེན་པར་རྫོགས་སོ་ཞེས་ཟེར་བ་བསྡུ་བའི་ཕྱིར་སོགས་སྒྲ་སྨོས་སོ། །བསྙེན་པར་རྫོགས་ཚུལ་བཅུ་ནི། རང་བྱུང་གི་ནི་སངས་རྒྱས་དང་རང་སངས་རྒྱས་རྣམས་སོ། །ཞེས་པ་ནས། སྡེ་བཟང་དྲུག་ཅུའི་ཚོགས་ཀྱི་བསྙེན་པར་རྫོགས་པར་བྱས་པ་རྣམས་ཏེ། ཞེས་པའི་བར་བཅུ་མཛོད་འགྲེལ་ལས་གསུངས་པ་ལྟར་རོ། །འདིར་དཔལ་ཤཱཀྱ་མཆོག་ལྡན་གྱིས་སྟོན་པ་སངས་རྒྱས་རང་བྱུང་གིས་བསྙེན་པར་རྫོགས་པའི་རང་བྱུང་དེ་ཁྱིམ་ནས་རང་བྱུང་བ་ལ་འཆད་པ་སོགས་རང་བཟོའི་གཟུ་ལུམས་མང་དུ་སྨྲས་པ་དེ་དག་ལ་དགག་པ་དཔྱིས་ཕྱིན་པ་ཀར་ཊཱིཀ་གྲུབ་བདེའི་དཔྱིད་འཇོ་ཉིད་དུ་འབྱུང་བས་ཤི་ཟིན་པ་དེ་དག་ལ་སླར་བསྣུན་པར་མི་བྱའོ། །

རང་བློས་བཏགས་པའི་གྲུབ་པའི་མཐའ། །འཕགས་པའི་ཡུལ་དུ་མ་གྲགས་པ། །བོད་བླུན་དགའ་བ་བསྐྱེད་མོད་ཀྱང༌། །ཐར་འདོད་དབུགས་དབྱུང་ནུས་སམ་ཀྱེ། །ཞེས་ཀྱང་སྨྲས་སོ། །

གཉིས་པ་བྱེ་བྲག་ཏུ་བཤད་པ་ལ། ལེན་པའི་དུས། སྡོམ་མིན་གྱི་དུས་ངེས་པ། བསྙེན་གནས་ཀྱི་ཁྱད་པར། དགེ་བསྙེན་གྱི་ཁྱད་པར་རོ། །དང་པོ་ནི། ཇི་སྲིད་འཚོ་དང་ཉིན་ཞག་ཏུ། །སྡོམ་པ་ཡང་དག་བླང་བར་བྱ། ། ཞེས་པས་བསྟན། རིས་བདུན་གྱི་སོ་སོར་ཐར་པའི་སྡོམ་པ་ནི་ཇི་སྲིད་འཚོའི་བར་དུ་ཡང་དག་བླང་བར་བྱ་བ་ཡིན་པ་དང༌། བསྙེན་གནས་ནི་ཉིན་ཞག་ཏུ་སྡོམ་པ་ཡང་དག་པར་བླང་བར་བྱ་བ་ཡིན་ནོ། །སོ་ཐར་སྡོམ་པའི་དུས་ཀྱི་མཐའ་ནི་སྲོག་གི་མཐའ་པ་དང་ཉིན་ཞག་གི་མཐའ་པའོ། །འདིར་བྱེ་སྨྲས་བསྙེན་གནས་ཀྱི་སྡོམ་པ་དེ་ཉིན་ཞག་གི་མཐའ་ཅན་ཁོ་ནར་འདོད། མདོ་སྡེ་པས་བསྙེན་གནས་ཀྱི་སྡོམ་པ་ཞག་མང་པོ་སྐྱེ་བ་ལ་གནོད་པ་མེད་ཅེས་ཟེར། སློབ་དཔོན་ལྟར་ན་བསྙེན་གནས་ཀྱི་སྡོམ་པ་ཞག་མང་པོར་སྐྱེ་བ་ལ་རིགས་པའི་གནོད་པ་མེད་ཀྱང་བསྙེན་གནས་ཀྱི་སྡོམ་པ་ཉིན་ཞག་གཅིག་ཁོ་ནར་ལེན་པ་འདི་ནི་སངས་རྒྱས་ཀྱི་བཅས་པའི་དབང་གིས་ཡིན་ནོ་ཞེས་འཆད། དེང་སང་ཟླ་བ་བྱུང་ངོ་ཅོག་གི་བསྙེན་གནས་ཀྱི་སྡོམ་པ་དེ་རིང་ལྟ་བུ་གཅིག་བླངས་ནས་ཟླ་བ་བྱུང་ངོ་ཅོག་གི་ཚེས་བརྒྱད་སོགས་ལ་སྲུང་བ་འདི་ཇོ་བོའི་ལུགས་ཡིན་ཞེས་ཟེར། འདི་ལ་ཁ་ཅིག །འདི་མི་འཐད་དེ། དེ་རིང་ལྟ་བུ་གཅིག་ཟླ་བ་བྱུང་ངོ་ཅོག་གི་བསྙེན་གནས་ཀྱི་སྡོམ་པ་བླངས་པའི་ཚེ་དེ་འདྲའི་སྡོམ་པ་སྐྱེའམ་མི་སྐྱེ། དང་པོ་ལྟར་ན་དེ་རིང་ནས་བཟུང་སྟེ་དུས་རྒྱུན་དུ་བསྙེན་གནས་ཀྱི་སྡོམ་པ་སྲུང་དགོས་པར་འགྱུར་ལ། གཉིས་པ་ལྟར་ན་ཟླ་བ་ཕྱི་མ་རྣམས་ཀྱི་ཉ་དང་ཚེས་བརྒྱད་སོགས་ལ་སྡོམ་པ་སྲུང་རྒྱུ་མེད་པར་འགྱུར་རོ་ཞེ་ན། འོ་ན་བསྙེན་གནས་ཡན་ལག་བརྒྱད་ཇི་སྲིད་འཚོའི་བར་དུ་ལེན་པ་ཡོད་པར་ཐལ། བསྙེན་གནས་ཡན་ལག་བརྒྱད་ཇི་སྲིད་འཚོའི་བར་དུ་སྲུང་བར་ཁས་ལེན་པའི་གང་ཟག་དེ་གོ་མིའི་དགེ་བསྙེན་ཡིན་པར་ཁྱེད་རང་གིས་བཤད་པའི་ཕྱིར། རྟགས་ཁེགས། ཁྱབ་པ་ཚད་མས་གྲུབ། འདོད་ན། བསྙེན་གནས་ཞག་གཅིག་ལས་ལྷག་པ་སྐྱེ་བ་མེད་པར་འདོད་པ་དང་འགལ་ལོ། །རང་ལུགས་ནི་ཟླ་བ་ཕྱི་མའི་ཉ་དང་ཚེས་བརྒྱད་ལ་བསྙེན་གནས་ཀྱི་སྡོམ་པ་བསྲུང་ཞེས་ཁས་བླངས་པས་སྡོམ་པ་བློའི་འཕེན་པའི་དབང་གིས་སྐྱེ་བ་ཡིན་ནོ། །དགག་སྒྲུབ་རྒྱས་པར་ཊཱིཀ་ཆེན་ལས་འབྱུང་ངོ༌། ། གཉིས་པ་སྡོམ་མིན་གྱི་དུས་ངེས་པ་ནི། ཉིན་ཞག་པ་ཡི་སྡོམ་མིན་མེད། །དེ་དེ་ལྟར་ནོད་མེད་ཅེས་གྲག ། ཅེས་པས་བསྟན། ཉིན་ཞག་གཅིག་པ་ཡི་སྡོམ་པ་མིན་པ་ནི་མེད་དེ། ཅིའི་ཕྱིར་ཞེ་ན། བདག་ནི་ཉིན་ཞག་གཅིག་གི་སྡོམ་མིན་དང་ལྡན་པར་གྱུར་ཅིག་ཅེས་དེ་དེ་ལྟར་ནོད་པ་མེད་པའི་ཕྱིར་རོ་ཞེས་གྲག་གོ ། གསུམ་པ་བསྙེན་གནས་ཀྱི་ཁྱད་པར་ལ། རྣམ་བཞག་སྤྱིར་བསྟན་པ། ཡན་ལག་བརྒྱད་ཀྱི་གྲངས་ངེས། སྐྱབས་འགྲོ་རྩོམ་བྱེད་དུ་དགོས་པའོ། །དང་པོ་ནི། དམའ་བར་འདུག་སྨྲས་བཟླས་པ་ཡིས། །མི་བརྒྱན་ནམ་ནི་ནངས་བར་དུ། ། བསྙེན་གནས་ཡན་ལག་ཚང་བར་ནི། །ནང་པར་གཞན་ལས་ནོད་པར་བྱ། ། ཞེས་པས་བསྟན། བསྙེན་གནས་ཉིན་ཞག་ཏུ་ཇི་ལྟར་ནོད་ན། འབོགས་པ་པོ་ལས་ལེན་པ་པོ་སྟན་དམའ་བར་འདུག་ཙོག་ཙོག་བུའམ་པུས་མོ་བཙུགས་ཐལ་མོ་སྦྱར་ནས་འབོགས་པ་པོས་སྨྲས་པའི་རྗེས་སུ་བཟླས་པ་ཡི་སྒོ་ནས་སོ། །རྒྱན་གསར་པས་མི་བརྒྱན། བསྲུང་བའི་དུས་ནི་སང་ནམ་ནི་ནངས་ཤིང་ཉི་མ་མ་ཤར་གྱི་བར་དུ་སྟེ་ཉིན་ཞག་གཅིག་རྫོགས་པ་དང་དེ་ལྟ་བུའི་བསྙེན་གནས་ཡན་ལག་བརྒྱད་ཚང་བར་ལེན་པའི་དུས་ནི་ནང་པར་ཟས་མ་ཟོས་པའི་ཚེ་ཡུལ་གཞན་ལས་ནོད་པར་བྱའོ། ། གཉིས་པ་ཡན་ལག་བརྒྱད་ཀྱི་གྲངས་ངེས་ལ། དངོས་དང༌། དོགས་གཅོད་དོ། །དང་པོ་ནི། ཚུལ་ཁྲིམས་ཡན་ལག་བག་ཡོད་པའི། །ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། ། བཞི་གཅིག་དེ་བཞིན་གསུམ་རིམ་བཞིན། ། ཞེས་པས་བསྟན། རང་བཞིན་གྱི་ཁ་ན་མ་ཐོབ་སྤོང་བ་ཚུལ་ཁྲིམས་ཀྱི་ཡན་ལག་དང༌། དྲན་པ་གནས་པས་བག་ཡོད་པའི་ཡན་ལག་དང༌། དེ་དག་དང་རྗེས་སུ་མཐུན་པའི་བརྟུལ་ཞུགས་ཀྱི་ཡན་ལག་སྟེ་གསུམ་ལ་བལྟོས་ནས་རྩ་བ་བཞི་ཚུལ་ཁྲིམས་དང་ཆང་གཅིག་པུ་བག་ཡོད་དང༌། དེ་བཞིན་ཕྱི་མ་གསུམ་ནི་རིམ་བཞིན་བརྟུལ་ཞུགས་ཀྱི་ཡན་ལག་ཡིན་ནོ། ། གཉིས་པ་ནི། དེ་ཡིས་དྲན་ཉམས་དྲེགས་པར་འགྱུར། ། ཞེས་པས་བསྟན། འདི་ལྟར་ཆང་འཐུང་བ་དང་ཕྱི་དྲོའི་ཁ་ཟས་ཟ་བ་དེ་ཡིས་ནི་རིམ་པ་ལྟར་བྱ་བ་དང་བྱ་མིན་གྱི་དྲན་པ་དང་བསྙེན་གནས་ཀྱི་དྲན་པ་ཉམས་པར་འགྱུར་རོ། །ཁྲི་སྟན་ཆེ་མཐོ་དང་གླུ་གར་སོགས་བསྟེན་པས་ནི་དྲན་པ་ཉམས་པའི་ཁར་དྲེགས་པར་འགྱུར་རོ། ། གསུམ་པ་སྐྱབས་འགྲོ་རྩོམ་བྱེད་དུ་དགོས་པ་ནི། གཞན་ལའང་བསྙེན་གནས་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། ། ཅེས་པས་བསྟན། ཅི་བསྙེན་གནས་འདི་དགེ་བསྙེན་ཁོ་ན་ལས་གཞན་ལ་སྐྱེ་རུང་ངམ་ཞེ་ན། དགེ་བསྙེན་ལས་གཞན་ལའང་བསྙེན་གནས་ཡོད་མོད་ཀྱི་ཉིན་ཞག་དེ་ལ་གསུམ་ལ་སྐྱབས་སུ་མ་སོང་བ་ལ་བསྙེན་གནས་ཀྱི་སྡོམ་པ་སྐྱེ་བ་མེད་དོ། ། བཞི་པ་དགེ་བསྙེན་གྱི་ཁྱད་པར་ལ། ལུང་གི་དོན་བཤད་པ། མདོ་དང་འགལ་བ་སྤང་བ། སྡོམ་པ་ཆེ་ཆུང་གི་ཁྱད་པར། སྐྱབས་གནས་བཤད་པ། །ཡན་ལག་གི་ཁྱད་པར་རོ། །དང་པོ་ནི། དགེ་བསྙེན་ཉིད་དུ་ཁས་བླངས་པས། སྡོམ་པ་བསྟན་པ་དགེ་སློང་བཞིན། ། ཞེས་པས་བསྟན། འོ་ན་མིང་ཆེན་གྱི་མདོ་ལས། མིང་ཆེན་འདི་ལྟར་ཁྱིམ་པ་གོས་དཀར་པོ་བགོས་པ་སྐྱེས་པ་ཕོའི་དབང་པོ་དང་ལྡན་པ་ཞིག་སངས་རྒྱས་ལ་སྐྱབས་སུ་འགྲོ། ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང་བདག་དགེ་བསྙེན་དུ་བཟུང་དུ་གསོལ་ཞེས་ཚིག་ཏུའང་སྨྲ་ན་འདི་ཙམ་གྱིས་དགེ་བསྙེན་དུ་འགྱུར་རོ། །ཞེས་གསུངས་པ་སྟེ་ཅི་སྐྱབས་འགྲོ་ཁོ་ནས་དགེ་བསྙེན་དུ་འགྱུར་རམ་ཞེ་ན། ཉི་འོག་པ་ན་རེ་འགྱུར་རོ་ཟེར། ཁ་ཆེ་བ་དག་ནི་དེ་ཙམ་གྱིས་མི་འགྱུར་གྱི་སྐྱབས་སུ་སོང་ནས་བདག་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་ཉིད་དུ་བཟུང་དུ་གསོལ་ཞེས་ཁས་བླངས་པས་འདིའི་སྡོམ་པ་སྐྱེ་ཞིང་དེས་དགེ་བསྙེན་ཉིད་དུ་འགྱུར་རོ། །འོ་ན་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གི །ཞེས་བསླབ་པའི་གཞི་རྣམས་དོན་མེད་དུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ། དེ་ནི་མ་ཐོབ་པ་ཐོབ་པར་བྱ་བའི་དོན་དུ་མ་ཡིན་གྱི་ཐོབ་པའི་སྲུང་མཚམས་ཤེས་པའི་ཆེད་དུ་བསྟན་པ་ཡིན་པའི་ཕྱིར། དཔེར་ན་དགེ་སློང་དང་དགེ་ཚུལ་གྱི་སྡོམ་པ་ཐོབ་ཟིན་པའི་རྗེས་སུ་དེ་དག་གི་བསླབ་པ་བརྗོད་པ་བཞིན་ནོ། ། གཉིས་པ་མདོ་དང་འགལ་བ་སྤང་བ་ནི། གལ་ཏེ་ཐམས་ཅད་བསྡམས་ཡིན་ན། །སྣ་གཅིག་སྤྱོད་སོགས་ཇི་ལྟ་བུ། ། དེ་བསྲུང་བ་ལ་གསུངས་ཞེས་གྲག ། ཅེས་པས་བསྟན། གལ་ཏེ་དགེ་བསྙེན་ཐམས་ཅད་གཞི་ལྔ་གས་བསྡམས་པ་ཡིན་ན་བཅོམ་ལྡན་འདས་ཀྱིས་བསླབ་གཞི་སྲོག་གཅོད་ཙམ་སྤོང་བ་སྣ་གཅིག་སྤྱོད་པ་དང་སོགས་པ་གཉིས་བསྲུང་བ་ཕྱོགས་གཅིག་སྤྱོད་པ་དང་གསུམ་མམ་བཞི་ཙམ་བསྲུང་བ་ཕལ་ཆེར་སྤྱོད་པ་དང༌། ལྔ་ཅར་བསྲུང་བ་ཡོངས་རྫོགས་དགེ་བསྙེན་ཏེ་བཞིར་གསུངས་པ་ཇི་ལྟ་བུ་ཞེ་ན། དེའི་ལན་ལ་བྱེ་སྨྲས་དེ་ནི་ཐམས་ཅད་ཀྱང་དང་པོར་ཡན་ལག་ལྔ་ཅར་ཡོངས་སུ་རྫོགས་པ་ཐོབ་ལ་ཕྱིས་ཡན་ལག་ཁ་ཅིག་ཉམས་ཀྱང་ལྷག་མ་དེ་དང་དེ་མ་ཉམས་པར་བསྲུང་བ་ལ་དགོངས་ནས་སྣ་གཅིག་སྤྱོད་པ་ལ་སོགས་པ་གསུངས་པའོ་ཞེས་གྲག་གོ ། གསུམ་པ་སྡོམ་པ་ཆེ་ཆུང་གི་ཁྱད་པར་ནི། ཆུང་ངུ་ལ་སོགས་ཡིད་ཇི་བཞིན། ། ཞེས་པས་བསྟན། སྡོམ་པ་ཆུང་ངུ་དང་ལ་སོགས་པ་འབྲིང་དང་ཆེན་པོར་འགྱུར་བའི་རྒྱུ་ནི་ཡན་ལག་མང་ཉུང་ལ་སོགས་པའང་ཡོད་མོད་ཀྱི་གཙོ་བོ་ནི་ཀུན་སློང་གི་ཡིད་ཡིན་པས་དེའི་དད་སོགས་ཆེ་ཆུང་ཇི་ལྟ་བ་བཞིན་དུ་འགྱུར་རོ། ། བཞི་པ་སྐྱབས་གནས་བཤད་པ་ནི། གང་ཞིག་གསུམ་ལ་སྐྱབས་འགྲོ་དེ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། ། མི་སློབ་པ་དང་གཉིས་ཀ་དང༌། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། ། ཞེས་པས་བསྟན། གསུམ་ལ་སྐྱབས་སུ་འགྲོ་ན་གསུམ་པོ་དེ་ཇི་ལྟ་བུ་ཞེ་ན། གང་ཞིག་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དེ་ལས་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ནི་སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པའི་ལམ་གྱི་བདེན་པ་ལ་སྐྱབས་སུ་འགྲོ་བའོ། །དགེ་བདུན་ལ་སྐྱབས་སུ་འགྲོ་བ་དེ་ནི་དགེ་འདུན་དུ་བྱེད་པའི་ཆོས་མི་སློབ་པ་དང་སློབ་པ་གཉིས་ཀའི་ལམ་གྱི་བདེན་པ་ལ་སྐྱབས་སུ་འགྲོ་བ་དང༌། ཆོས་ལ་སྐྱབས་སུ་འགྲོ་བ་དེ་ནི་ཆོས་དཀོན་མཆོག་ཏུ་བྱེད་པའི་ཆོས་ཉོན་མོངས་པ་དང་སྡུག་བསྔལ་མ་ལུས་པ་ཞི་བའི་འགོག་པ་མྱ་ངན་ལས་འདས་པ་ལ་སྐྱབས་སུ་འགྲོ་བའོ། །བྱེ་སྨྲས་སྐྱབས་ཡུལ་གྱི་སངས་རྒྱས་ནི་ཆོས་སྐུ་ཁོ་ནར་འདོད་ཅིང་གཟུགས་སྐུ་སངས་རྒྱས་མ་ཡིན་པར་འདོད། དེ་བཞིན་དུ་སྐྱབས་ཡུལ་གྱི་དགེ་འདུན་ཡང་ལམ་གྱི་བདེན་པ་ཁོ་ན་ཡིན་ཞིང་དེའི་རྟེན་དུ་གྱུར་པའི་དགེ་འདུན་ནི་སྐྱབས་ཡུལ་གྱི་དགེ་འདུན་མ་ཡིན་པར་འདོད། མདོ་སྡེ་པས་རྟེན་གཟུགས་སྐུ་དང་བརྟེན་པ་ཆོས་སྐུ་གཉིས་ཀ་སྐྱབས་ཡུལ་དུ་འདོད་ཅིང་རྟེན་དགེ་འདུན་དང་བརྟེན་པ་ལམ་གྱི་བདེན་པ་གཉིས་ཀ་སྐྱབས་ཡུལ་གྱི་དགེ་འདུན་དུ་འདོད་པ་ཡིན་ནོ། ། ལྔ་པ་ཡན་ལག་གི་ཁྱད་པར་ལ། ལོག་གཡེམ་ཡན་ལག་ཏུ་དང༌། རྫུན་ཡན་ལག་ཏུ་དང༌། མྱོས་འགྱུར་ཡན་ལག་ཏུ་འཇོག་པའི་དོན་ཏོ། །དང་པོ་ལ། དངོས་དང༌། དོགས་གཅོད་དོ། །དང་པོ་ནི། ལོག་གཡེམ་ཤིན་ཏུ་སྨད་ཕྱིར་དང༌། །སླ་ཕྱིར་མི་བྱེད་ཐོབ་ཕྱིར་རོ། ། ཞེས་པས་བསྟན། སྡོམ་པ་གཞན་རྣམས་ལ་མི་ཚངས་སྤྱོད་རིལ་པོ་སྤོང་བ་བསླབ་གཞིར་བཞག་ལ། དགེ་བསྙེན་ལ་ལོག་གཡེམ་སྤང་བ་ཅིའི་ཕྱིར་བསླབ་གཞིར་བཞག་ཅེ་ན། དེའི་རྒྱུ་མཚན་ཡོད་དེ། འདོད་པས་ལོག་གཡེམ་ནི་གཞན་གྱི་ཆུང་མ་སུན་ཕྱུང་བའི་ཕྱིར་དང༌། གཅིག་ཏུ་ངན་སོང་གི་རྒྱུ་ཡིན་པའི་ཕྱིར་དང༌། འཇིག་རྟེན་ན་ཤིན་ཏུ་སྨད་པའི་ཕྱིར་དང༌། མི་ཚངས་སྤྱོད་ནི་དེ་ལྟར་མ་ཡིན་པ་དང་ཁྱིམ་ན་གནས་པས་འདོད་ལོག་སྡོམ་སླ་བའི་ཕྱིར་དང༌། ཐོག་མ་མེད་ནས་གོམས་པས་མི་ཚངས་སྤྱོད་ནི་སྤང་བར་དཀའ་བ་དང༌། འཕགས་པ་རྣམས་ནི་ཚེ་རབས་གཞན་དུའང་འདོད་ལོག་མི་བྱེད་པའི་སྡོམ་པ་ཐོབ་པའི་ཕྱིར་རོ། ། གཉིས་པ་ནི། སྡོམ་པ་ཇི་ལྟར་ཁས་བླངས་བཞིན། །ཐོབ་ཀྱི་རྒྱུད་ལས་མ་ཡིན་ནོ། ། ཞེས་པས་བསྟན། དེ་ལ་དགེ་བསྙེན་ནི་ཕྱིས་ཆུང་མ་ལེན་ཀྱང་དེ་ཙམ་གྱིས་སྡོམ་པ་ཉམས་པར་མི་འགྱུར་ལ། སྡོམ་པ་ནི་ཇི་ལྟར་ཁས་བླངས་པ་བཞིན་ཐོབ་ལ་ཁས་ལེན་པ་ན་ལོག་གཡེམ་མི་བྱའོ་ཞེས་ལེན་གྱི། རྒྱུད་འདི་ལས་གཞན་ན་འདོད་པ་མི་སྤྱོད་དོ་ཞེས་མ་ཡིན་ནོ། ། གཉིས་པ་རྫུན་ཡན་ལག་ཏུ་འཇོག་པའི་དོན་ནི། བསླབ་པ་ཐམས་ཅད་འདས་གྱུར་ན། །རྫུན་དུ་ཐལ་བར་འགྱུར་བའི་ཕྱིར། ། ཞེས་པས་བསྟན། རྫུན་སྤོང་བ་དེའི་བསླབ་གཞིར་བཞག་པ་ཅི་ཞེ་ན། བསླབ་པ་ཐམས་ཅད་འདས་པར་གྱུར་ན་དྲིས་པ་ན་བདག་གིས་དེ་ལྟ་བུ་མ་བྱས་སོ་ཞེས་སྔར་གྱི་དེ་མི་སྦྱོང་གི་སྟེང་དུ་བརྩེགས་མ་རྫུན་དུ་སྨྲ་བར་ཐལ་བར་འགྱུར་སྲིད་པའི་ཕྱིར། དེ་ལྡོག་པའི་དོན་དུ་རྫུན་སྤོང་བ་དགེ་བསྙེན་གྱི་བསླབ་གཞིར་བཞག་གོ ། གསུམ་པ་མྱོས་འགྱུར་ཡན་ལག་ཏུ་འཇོག་པའི་དོན་ནི། བཅས་པའི་ཁ་ན་མ་ཐོ་བ། །མྱོས་འགྱུར་ལས་གཞན་བསྲུང་ཕྱིར་རོ། ། ཞེས་པས་བསྟན། བཅས་པའི་ཁ་ན་མ་ཐོ་བ་རྣམས་ཀྱི་ནང་ནས་མྱོས་འགྱུར་སྤོང་བ་ཁོ་ན་ལས་གཞན་མ་བཞག་པ་ཅི་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། མྱོས་འགྱུར་གྱི་བཏུང་བ་འཐུང་བ་སྤངས་ན་ཡན་ལག་གཞན་དང་གཞན་བསྲུང་བར་འགྱུར་བའི་ཕྱིར་རོ། ། གཉིས་པ་གང་ལས་ཐོབ་པ་ལ། སོ་སོར་བཤད་པ་དང༌། བསྡོམས་ནས་བཤད་པའོ། །དང་པོ་ལ། སོ་ཐར་གང་ལས་ཐོབ་པ། བསམ་གཏན་དང་ཟག་མེད་གང་ལས་ཐོབ་པའོ། །དང་པོ་ནི། འདོད་གཏོགས་ཐམས་ཅད་གཉིས་ཀ་དང༌། །ད་ལྟར་དག་ལས་ཐོབ་པར་འགྱུར། ། ཞེས་པས་བསྟན། ཅི་སོ་ཐར་དང་བསམ་གཏན་ཟག་མེད་ཀྱི་སྡོམ་པ་ཐམས་ཅད་གཞི་གཅིག་ལས་གང་ཐོབ་པ་དེ་ལས་ལྷག་མ་རྣམས་ཀྱང་ཐོབ་བམ་ཞེ་ན། འདོད་པར་གཏོགས་པ་སོ་ཐར་སྡོམ་པ་ནི་སྦྱོར་དངོས་མཇུག་གསུམ་ཐམས་ཅད་དང་བཅས་རང་གི་ཁ་ན་མ་ཐོ་བ་དང་སེམས་ཅན་དུ་སྟོན་མི་སྟོན་གཉིས་ཀ་དང་སེམས་རྟེན་ལ་འཇུག་པའི་ཕྱིར་ད་ལྟར་བའི་ཕུང་ཁམས་སྐྱེ་མཆེད་དག་ལས་ཐོབ་པར་འགྱུར་གྱི། འདས་མ་འོངས་རྣམས་ནི་མིན་ཏེ། སེམས་ཅན་དུ་བགྲང་བ་མིན་པའི་ཕྱིར། གཉིས་པ་ནི། བསམ་གཏན་ཟག་མེད་སྡོམ་པ་ནི། །དངོས་དང་དུས་ནི་ཐམས་ཅད་ལས། ། ཞེས་པས་བསྟན། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ནི་དངོས་གཞི་ལས་ཐོབ་ཀྱི་སྦྱོར་མཇུག་ལས་མ་ཡིན་ན་བཅས་པའི་ཁ་ན་མ་ཐོ་བ་ནི་ལྟ་སྨོས་ཀྱང་ཅི་དགོས་པ་དང༌། དུས་ནི་དུས་གསུམ་ཐམས་ཅད་ཀྱི་ཕུང་ཁམས་སྐྱེ་མཆེད་དག་ལས་ཐོབ་པར་འགྱུར་རོ། ། གཉིས་པ་བསྡོམས་ནས་བཤད་པ་ནི། སྡོམ་པ་སེམས་ཅན་ཐམས་ཅད་ལས། །ཡན་ལག་རྒྱུ་ལ་དབྱེ་བ་ཡོད། ། ཅེས་པས་བསྟན། གལ་ཏེ་སྡོམ་པ་དེ་སེམས་ཅན་དང་ཡན་ལག་རྒྱུ་ཐམས་ཅད་ལས་ཐོབ་བམ་འོན་ཏེ་བྱེ་བྲག་ཡོད་ཅེ་ན། སྡོམ་པ་ནི་སེམས་ཅན་ཐམས་ཅད་ལས་ཐོབ་ཀྱི་ཡན་ལག་དང་རྒྱུ་ལ་དབྱེ་བ་ཡོད་དེ། དགེ་སློང་ནི་ཡན་ལག་བདུན་པོ་ཐམས་ཅད་ལས་དང་མན་ཆད་གཞི་ལས་ཐོབ་བོ། །དགེ་བའི་རྩ་བ་གསུམ་དང་སེམས་ཆུང་འབྲིང་ཆེ་གསུམ་རྒྱུར་འདོད་ན་ཅིག་ཅར་འབྱུང་བ་དང་མི་འབྱུང་བས་དབྱེར་ཡོད་ཅིང་ངེས་པ་ལྔ་དང་བྲལ་བ་ལས་ཐོབ་བོ། ། གཉིས་པ་སྡོམ་མིན་གྱི་ཐོབ་ཚུལ་ལ། གང་ལས་ཐོབ་པ་དང༌། ཇི་ལྟར་ཐོབ་པའོ། །དང་པོ་ནི། སྡོམ་པ་མིན་པ་ཐམས་ཅད་དང༌། །ཡན་ལག་ཀུན་ལས་རྒྱུས་མིན་ནོ། ། ཞེས་པས་བསྟན། སྡོམ་པ་མིན་པ་ནི་སེམས་ཅན་ཐམས་ཅད་དང་ཡན་ལག་ལས་ཀྱི་ལམ་ཀུན་ལས་ཐོབ་བོ། །མི་དགེ་བའི་རྩ་བ་གསུམ་ཅིག་ཅར་དུ་ལྡན་པ་མི་སྲིད་པའི་ཕྱིར་རྒྱུ་ཀུན་ལས་མིན་ནོ་ཞེས་བྱེ་སྨྲ་འདོད་དོ། །སློབ་དཔོན་ནི་སྡོམ་པ་སེམས་ཅན་ཐམས་ཅད་ལ་ཕན་པའི་བསམ་པར་ཞུགས་པས་དེ་ཐམས་ཅད་ལས་ཐོབ་པར་རིགས་ལ། ཤན་པ་ལ་སོགས་པ་རང་གི་ཕ་མ་ལ་ལོག་པར་ཞུགས་པའི་བསམ་པ་མེད་པ་དེ་དག་སྡོམ་མིན་སེམས་ཅན་ཐམས་ཅད་ལས་ཇི་ལྟར་ཐོབ་པར་འགྱུར་ཞེས་མི་རིགས་པར་བཞེད་དོ། ། གཉིས་པ་ནི། སྡོམ་པ་མིན་པ་བྱ་བའམ། ཁས་ལེན་པ་ལས་ཐོབ་པར་འགྱུར། ། ཞེས་པས་བསྟན། སྡོམ་པ་མིན་པ་ནི་རིགས་སུ་སྐྱེས་པ་གསོད་སྦྱོར་གྱི་བྱ་བ་བརྩམས་པའམ་འཚོ་བ་འདིས་འཚོ་བར་བྱའོ་ཞེས་ཁས་ལེན་པ་ལས་ཐོབ་པར་འགྱུར་རོ། ། གསུམ་པ་བར་མའི་ཐོབ་ཚུལ་ནི། ལྷག་མའི་རྣམ་རིག་མིན་ཞིང་དང༌། །ལེན་དང་གུས་པར་བྱེད་པས་འཐོབ། ། ཅེས་པས་བསྟན། སྡོམ་པ་སྡོམ་མིན་གྱི་ལྷག་མ་བར་མ་དགེ་མི་དགེའི་རྣམ་པར་རིག་བྱེད་མིན་པ་ནི་ཀུན་དགའ་ར་བ་འབུལ་བ་སོགས་རྫས་ལས་བྱུང་བའི་བསོད་ནམས་འབྱུང་བའི་དངོས་པོ་ལྟ་བུ་ཞིང་ལས་སྐྱེས་པ་དང༌། ལེན་པར་བྱེད་པ་ནི་སངས་རྒྱས་ལ་ཕྱག་མ་འཚལ་གྱི་བར་ཟས་མི་ཟའོ། །ཟླ་བ་གཅིག་གམ་ཕྱེད་ཀྱི་བར་དུ་ཟས་སྦྱིན་པར་བྱའོ་ཞེས་ཁས་ལེན་པར་བྱེད་ཅིང་དེའི་ཡི་དམ་བཅས་པ་དང་དེ་དག་དང་འགལ་བ་ལས་དང་གུས་པར་བྱེད་པས་ནི་ཉོན་མོངས་དང་རབ་དང་གི་བསམ་པ་དྲག་པོས་བར་མའི་རིག་མིན་ཐོབ་པ་ལྟ་བུའོ། ། གསུམ་པ་རྒྱུ་གང་གིས་གཏོང་བ་ལ། སྡོམ་པའི་གཏོང་རྒྱུ། སྡོམ་མིན་གྱི་གཏོང་རྒྱུ། བར་མའི་གཏོང་རྒྱུ། ཆོས་གཞན་གྱི་གཏོང་རྒྱུའོ། །དང་པོ་ལ་སོ་ཐར་དང༌། བསམ་གཏན་དང༌། ཟག་མེད་ཀྱི་གཏོང་རྒྱུའོ། །དང་པོ་ལ། སྤྱིར་བསྟན་པ་དང༌། འདོད་པ་མི་འདྲ་བ་བཀོད་པའོ། །དང་པོ་ནི། བསླབ་པ་ཕུལ་དང་ཤི་འཕོས་དང༌། །མཚན་གཉིས་དག་ནི་བྱུང་བ་དང༌། ། རྩ་བ་ཆད་དང་མཚན་འདས་ལས། །སོ་སོར་ཐར་པའི་འདུལ་བ་གཏོང༌། ། ཞེས་པས་བསྟན། བསྙེན་གནས་མ་གཏོགས་པའི་སོ་ཐར་གྱི་སྡོམ་པ་ནི་མི་བརྡ་འཕྲོད་པའི་དྲུང་དུ་བསླབ་པའི་གཞི་རྣམས་བསམ་པ་ཐག་པ་ནས་སླར་ཕུལ་བས་གཏོང་སྟེ། སྔར་ཡང་དག་པར་བླངས་པ་དང་འགལ་བའི་རྣམ་པར་རིག་བྱེད་སྐྱེས་པའི་ཕྱིར་དང༌། ཤི་འཕོས་པ་རིགས་མཐུན་པ་བཏང་བས་གཏོང་སྟེ། རྟེན་གང་གིས་སྡོམ་པ་བླངས་པ་དེ་བོར་ཟིན་པའི་ཕྱིར་དང༌། སྐྱེས་པ་དང་བུད་མེད་ཀྱི་མཚན་གཉིས་དག་ནི་ཅིག་ཅར་དུ་བྱུང་བས་གཏོང་སྟེ། གང་གིས་སྡོམ་པ་བླངས་པའི་ལུས་ཀྱི་རྟེན་སྐྱེས་པའམ་བུད་མེད་དེ་ཉམས་པའི་ཕྱིར་དང༌། དགེ་བའི་རྩ་བ་ཀུན་ཏུ་ཆད་པ་ལས་གཏོང་སྟེ། སྡོམ་པའི་གཞིའམ་དགེ་རྩ་ཆད་པའི་ཕྱིར་དང༌། བསྙེན་གནས་ཀྱི་སྡོམ་པ་ནི་རྒྱུ་དེ་དག་དང་མཚན་མོ་འདས་པ་ལས་གཏོང་སྟེ། ཉིན་མཚན་གཅིག་པུ་དེ་སྲིད་དུ་འཕངས་པའི་ཕྱིར། ལྔ་པོ་དེ་དག་ནི་སོ་སོར་ཐར་པའི་འདུལ་བའི་གཏོང་རྒྱུའོ། །སོ་སོར་ཐར་བའི་སྡོམ་པ་ཆོས་ཅན། ཁྱོད་ལ་འདུལ་བ་ཞེས་བརྗོད་དེ། ཁྱོད་ཀྱིས་དབང་པོ་འདུལ་བར་བྱེད་པའི་ཕྱིར་རོ། །འདུལ་བ་ལས་ནི་མཚན་ལན་གསུམ་དུ་གྱུར་པ་དང་བསྙེན་པར་རྫོགས་པོ་དེས་ལོ་ཉི་ཤུ་མ་ལོན་པ་ལ་མ་ལོན་པར་ཤེས་པའང་གཏོང་རྒྱུར་བཤད་དོ། ། གཉིས་པ་འདོད་པ་མི་འདྲ་བ་བཀོད་པ་ལ། རྩ་ལྟུང་གཏོང་རྒྱུར་འདོད་པ། དམ་ཆོས་ནུབ་པ་དེར་འདོད་པ། ཁ་ཆེ་བས་རྩ་ལྟུང་གཏོང་རྒྱུར་མི་འདོད་པའོ། །དང་པོ་ནི། ཁ་ཅིག་ལྟུང་བར་འགྱུར་ལས་སྨྲ། ། ཞེས་པས་བསྟན། ཁ་ཅིག་རྩ་བའི་ལྟུང་བར་འགྱུར་བ་བཞི་པོ་རྣམས་ལས་གང་ཡང་རུང་བ་ཞིག་བྱུང་ན་དེས་དགེ་སློང་དང་དགེ་སྦྱོང་གི་སྡོམ་པ་གཏོང་ངོ་ཞེས་སྨྲའོ། ། གཉིས་པ་ནི། གཞན་དག་དམ་ཆོས་ནུབ་པ་ལས། ། ཞེས་པས་བསྟན། གཞན་གོས་དམར་བ་དག་དམ་ཆོས་ནུབ་པ་ལས་སྡོམ་པ་གཏོང་སྟེ། བསླབ་མཚམས་ཐམས་ཅད་གསོ་སྦྱོང་སོགས་ལས་ཀྱི་མཐའ་མེད་པར་འགྱུར་བའི་ཕྱིར་ཞེས་ཟེར། གསུམ་པ་ནི། ཁ་ཆེ་རྣམས་ནི་བྱུང་བ་ལ། །བུ་ལོན་ནོར་བཞིན་གཉིས་སུ་འདོད། ། ཅེས་པས་བསྟན། ཁ་ཆེ་བ་རྣམས་ནི་རྩ་ལྟུང་ཁ་ཅིག་བྱུང་བ་ལ་དཔེར་ན་བུ་ལོན་ཡང་ཡོད་ལ་ནོར་ཡང་ཡོད་པའི་མི་བཞིན་དུ་རྩ་ལྟུང་གང་བྱུང་བ་དེ་བཏང་བས་འཆལ་ལ། ལྷག་མ་མ་ཉམས་པ་རྣམས་གནས་པས་ཚུལ་འཆལ་དང་ཚུལ་ལྡན་གཉིས་སུ་འདོད་དེ། གཞན་དུ་ན་གཅིག་བླངས་པས་ཐམས་ཅད་བླངས་པར་འགྱུར་བའི་ཕྱིར་ཞེས་ཟེར་ཞིང་ལུང་གི་སྒྲུབ་བྱེད་ཀྱང་ཡོད་ཟེར། གཉིས་པ་བསམ་གཏན་གྱི་གཏོང་རྒྱུ་ལ། དངོས་དང༌། ཞར་བྱུང་ངོ༌། །དང་པོ་ནི། བསམ་གཏན་གཏོགས་པའི་དགེ་བ་ནི། །ས་འཕོས་ཉམས་པ་དག་གིས་གཏོང༌། ། ཞེས་པས་བསྟན། བསམ་གཏན་དུ་གཏོགས་པའི་དགེ་བ་ཐམས་ཅད་ནི་འོག་ས་ནས་གོང་ས་དང་གོང་ས་ནས་འོག་སར་སྐྱེས་པ་ནི་རིམ་པ་ལྟར་འོག་ས་དང་གོང་སས་བསྡུས་པ་གཏོང་བས་ས་འཕོས་པ་དང་སྙོམས་འཇུག་ལས་ཉམས་པ་སྟེ་གཉིས་པོ་དག་གིས་གཏོང་ངོ༌། །བསམ་ཟག་གི་དགེ་བ་གཉིས་ཀ་ཉེར་བསྡོགས་ཙམ་གྱིས་བསྡུས་པ་ནི་ཤི་བས་གཏོང་བ་སྲིད་པར་བཤད་དོ། ། གཉིས་པ་ནི། དེ་བཞིན་གཟུགས་མེད་གཏོགས། ། ཞེས་པས་བསྟན། གཟུགས་གཏོགས་ཀྱི་དགེ་བ་ས་འཕོས་པ་དང་ཉམས་པས་གཏོང་བ་དེ་བཞིན་དུ་གཟུགས་མེད་དུ་གཏོགས་པའང་དེ་དག་གིས་གཏོང་ངོ༌། ། གསུམ་པ་ཟག་མེད་ཀྱི་གཏོང་རྒྱུ་ནི། འཕགས་པ། །འབྲས་བུ་ཐོབ་སྦྱངས་ཉམས་པ་ལས། ། ཞེས་པས་བསྟན། འཕགས་པ་སྟེ་ཟག་པ་མེད་པའི་སྡོམ་པ་ནི་འབྲས་བུ་ཐོབ་པ་དང་དབང་པོ་སྦྱངས་པ་ལས་གཏོང་སྟེ། དང་པོས་ནི་ཞུགས་པའི་ལམ་གྱིས་བསྡུས་པ་དང༌། གཉིས་པས་ནི་དབང་པོ་རྟུལ་པོའི་ལམ་གྱིས་བསྡུས་པའི་དེ་གཏོང་བའི་ཕྱིར། ལམ་ཕྱི་མ་གཉིས་ཀྱིས་བསྡུས་པ་ཁ་ཅིག་ནི་ཉམས་པ་ལས་ཀྱང་གཏོང་ངོ༌། ། གཉིས་པ་སྡོམ་མིན་གྱི་གཏོང་རྒྱུ་ནི། སྡོམ་མིན་སྡོམ་པ་ཐོབ་པ་དང༌། །ཤི་དང་མཚན་གཉིས་བྱུང་བ་ལས། ། ཞེས་པས་བསྟན། སྡོམ་མིན་ནི་སྡོམ་པ་གཉིས་པོ་གང་རུང་ཐོབ་པས་གཏོང་བ་དང་ཤི་དང་མཚན་གཉིས་ཅིག་ཅར་བྱུང་བ་ལས་ཀྱང་གཏོང་སྟེ། ལུས་བོར་བ་དང་རྟེན་ཉམས་པའི་ཕྱིར། གསུམ་པ་བར་མའི་གཏོང་རྒྱུ་ནི། བར་མ་ཤུགས་བླངས་བྱ་བ་དང༌། །དོན་ཚེ་རྩ་བ་ཆད་པ་ལས། ། ཞེས་པས་བསྟན། བར་མའི་རིག་མིན་ནི་རབ་ཏུ་དང་བ་དང་ཉོན་མོངས་པའི་ཤུགས་གང་གིས་རིག་མིན་འཕངས་པ་དེ་ཆད་པས་གཏོང་སྟེ་རྫ་མཁན་གྱི་འཁོར་ལོ་དང་མདའི་འགྲོས་བཞིན་ནོ། །བླངས་པ་འདིས་ཆོག་གོ་ཞེས་ཡང་དག་པར་བླངས་པ་བཏང་བ་ལས་ཀྱང་གཏོང་ལ། ཇི་ལྟར་བླངས་པའི་བྱ་བ་མ་བྱས་པས་བྱ་བ་ཆད་པ་དང༌། དོན་མཆོད་རྟེན་ཀུན་ར། གཙུག་ལག་ཁང༌། མལ་ཆ། སྟན། གདོས་དང༌། རྒྱ་དང༌། མཚོན། དུག་ཆད་པས་ཀྱང་གཏོང་ངོ༌། །ཚེ་ཆད་པས་ཀྱང་གཏོང་ངོ༌། །དགེ་བའི་རྩ་བ་ཆད་པ་ལས་ཀྱང་བར་མ་དགེ་བ་གཏོང་ངོ༌། །འདོད་པའི་འདོད་ཆགས་དང་བྲལ་བ་ན་མི་དགེ་བའི་རྩ་བ་ཆད་པས་བར་མ་མི་དགེ་བ་གཏོང་ངོ༌། ། བཞི་པ་ཆོས་གཞན་གྱི་གཏོང་རྒྱུ་ལ། གཟུགས་མིན་དགེ་བ་གཏོང་རྒྱུ། གཟུགས་མིན་ཉོན་མོངས་ཅན་གཏོང་རྒྱུའོ། །དང་པོ་ནི། འདོད་གཏོགས་དགེ་བ་གཟུགས་མིན་ནི། །རྩ་ཆད་གོང་དུ་སྐྱེས་པ་ལས། ། ཞེས་པས་བསྟན། འདོད་གཏོགས་ཀྱི་དགེ་བ་གཟུགས་ཅན་མིན་པ་ནི་དགེ་རྩ་ཆད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་གོང་དུ་སྐྱེས་པ་ལས་གཏོང་ངོ༌། ། གཉིས་པ་ནི། ཉོན་མོངས་པ་ཅན་གཟུགས་མིན་ནི། །གཉེན་པོ་སྐྱེས་པས་རྣམ་ཉམས་འགྱུར། ། ཞེས་པས་བསྟན། ཁམས་གསུམ་པའི་ཉོན་མོངས་པ་ཅན་གཟུགས་ཅན་མིན་པ་ཐམས་ཅད་ནི་རང་རང་གི་གཉེན་པོའི་ལམ་རྣམས་སྐྱེས་པས་རྣམ་པར་ཉམས་ཤིང་གཏོང་བར་འགྱུར་རོ། ། བཞི་པ་གང་ཟག་གང་ལ་ལྡན་ཚུལ་ལ། སྡོམ་མིན་ལྡན་ཚུལ་དང༌། སྡོམ་པ་ལྡན་ཚུལ་ལོ། །དང་པོ་ནི། ཟ་མ་མ་ནིང་སྒྲ་མི་སྙན། །མཚན་གཉིས་མ་གཏོགས་མི་རྣམས་ལ། །སྡོམ་མིན། ། ཞེས་པས་བསྟན། ཟ་མ་མ་ནིང་སྒྲ་མི་སྙན་མཚན་གཉིས་པ་ཅན་མ་གཏོགས་པའི་མི་རྣམས་ལ་སྡོམ་མིན་ཡོད་དོ། ། གཉིས་པ་ལ། སྤྱིར་བསྟན་པ་དང༌། རྟེན་གང་ལ་སྡོམ་པ་གང་ཡོད་པའོ། །དང་པོ་ནི། སྡོམ་པའང་དེ་བཞིན་ལ། ལྷ་ལའང༌། ། ཞེས་པས་བསྟན། སྡོམ་པའང་སྡོམ་མིན་དེ་བཞིན་དུ་གླིང་གསུམ་གྱི་སྐྱེས་པ་བུད་མེད་ཁོ་ན་ལ་ཡོད་པར་མ་ཟད་ལྷ་ལའང་ཡོད་དོ། །གཞན་རྣམས་ལ་མ་ཡིན་ཏེ། བློ་མི་གསལ་བས་སོ་སོར་རྟོག་པའི་གཉེན་པོ་མི་བཟོད་ཅིང་ངོ་ཚ་ཁྲེལ་ཡོད་ཤས་ཆུང་བའི་ཕྱིར་དང༌། རྣམ་སྨིན་གྱི་སྒྲིབ་པ་ཅན་ཡིན་པའི་ཕྱིར། གཉིས་པ་ལ། མི་དང༌། ལྷ་ལ་གང་ལྡན་པའོ། །དང་པོ་ནི། མི་རྣམས་ལ་གསུམ་མོ། ། ཞེས་པས་བསྟན། མི་རྣམས་ལ་སོ་ཐར་བསམ་གཏན་ཟག་མེད་ཀྱི་སྡོམ་པ་གསུམ་མོ། ། གཉིས་པ་ལ། བསམ་གཏན་དང༌། ཟག་མེད་ལྷ་གང་ལ་ལྡན་པའོ། །དང་པོ་ནི། འདོད་དང་གཟུགས་སྐྱེས་ལྷ་རྣམས་ལ། །བསམ་གཏན་སྐྱེས་ཡོད། ། ཅེས་པས་བསྟན། འདོད་ལྷ་རྣམས་དང་གཟུགས་སུ་སྐྱེས་པའི་ལྷ་རྣམས་ལ་ནི་བསམ་གཏན་ལས་སྐྱེས་པའི་སྡོམ་པ་ཡོད་ཀྱི་གཟུགས་མེད་ན་ནི་མ་ཡིན་ཏེ། རང་ས་ན་གཟུགས་མེད་པའི་ཕྱིར་དང༌། འོག་མར་ཐོབ་པ་དག་ཀྱང་ས་འཕོས་པས་གཏོང་བའི་ཕྱིར། གཉིས་པ་ནི། ཟག་མེད་ནི། ། བསམ་གཏན་ཁྱད་པར་འདུ་ཤེས་མེད། །སེམས་ཅན་མ་གཏོགས་གཟུགས་མེད་ནའང༌། ། ཞེས་པས་བསྟན། ཟག་མེད་ཀྱི་སྡོམ་པ་ནི་འདོད་པར་ཡང་ཡོད་ལ་བསམ་གཏན་ཁྱད་པར་ཅན་གྱི་སེམས་ཅན་ཚངས་ཆེན་དང་འདུ་ཤེས་མེད་པར་སྐྱེ་བའི་སེམས་ཅན་མ་གཏོགས་པ་འདོད་གཟུགས་སུ་སྐྱེས་པའི་ལྷ་རྣམས་དང་གཟུགས་མེད་པ་ནའང་ཡོད་དེ། དེ་ན་དེ་ལྡན་པའི་སྒོ་ནས་ཡོད་པའི་ཕྱིར། མངོན་གྱུར་དུ་མེད་དེ། དེ་ན་གཟུགས་མེད་པའི་ཕྱིར། གསུམ་པ་མདོ་ལས་འབྱུང་བའི་ལས་ཀྱི་དོན་ལ། ཐུན་མོང་དུ་བསྟན་པ། སོ་སོར་བཤད་པའོ། །དང་པོ་ལ། རྒྱུ་འབྲས་ཀྱི་སྒོ་ནས་དབྱེ་བ་དང༌། ལས་ཀྱི་རྣམ་གྲངས་དུ་མ་བསྟན་པ། ལས་གང་འབྲས་བུ་དུ་དང་བཅས་པ། ལས་ཀྱི་རྣམ་གཞག་གཞན་བསྟན་པའོ། །དང་པོ་ལ། འབྲས་བུའི་སྒོ་ནས་དབྱེ་བ། རྒྱུའི་སྒོ་ནས། གཉིས་ཀའི་སྒོ་ནས་དབྱེ་བའོ། །དང་པོ་ལ། དགེ་སོགས་གསུམ་དང༌། བསོད་ནམས་སོགས་གསུམ་དང༌། མྱོང་འགྱུར་གསུམ་དུ་དབྱེ་བ། ཕྱི་མ་གཉིས་ཀྱི་རྒྱས་བཤད་དོ། །དང་པོ་ནི། ལས་བདེ་མི་བདེ་དང་གཞན་ནི། །དགེ་དང་མི་དགེ་དང་གཞན་ཡིན། ། ཞེས་པས་བསྟན། མདོ་ལས། ལས་ནི་གསུམ་སྟེ། ཞེས་གང་གསུངས་པའི་ལས་གང་ཞིག་བདེ་བ་སྟེར་བ་དང་མི་བདེ་བ་སྟེར་བ་དང་གཞན་པ་སྟེ་དེ་གཉིས་ཀ་མི་སྟེར་བའི་ལས་གང་ཡིན་པ་དེ་རྣམས་ནི་རིམ་བཞིན་དགེ་བ་དང་མི་དགེ་བ་དང་གཞན་པ་ལུང་མ་བསྟན་ཡིན་ཞེས་སྦྱར་རོ། ། གཉིས་པ་ནི། བསོད་ནམས་བསོད་ནམས་མིན་མི་གཡོ། ། ཞེས་པས་བསྟན། ཡང་དེ་བཞིན་དུ་མདོ་ལས། བསོད་ནམས་དང་བསོད་ནམས་མིན་པ་དང་མི་གཡོ་བའི་ལས་གསུམ་གསུངས་སོ། ། གསུམ་པ་མྱོང་འགྱུར་གསུམ་དུ་དབྱེ་བ་ནི། བདེ་བ་མྱོང་འགྱུར་ལ་སོགས་གསུམ། ། ཞེས་པས་བསྟན། ཡང་བདེ་བ་མྱོང་བར་འགྱུར་བའི་ལས་དང༌། ལ་སོགས་པ་སྡུག་བསྔལ་མྱོང་འགྱུར་དང་བཏང་སྙོམས་མྱོང་འགྱུར་གསུམ་དུ་གསུངས་སོ། ། བཞི་པ་ཕྱི་མ་གཉིས་ཀྱི་རྒྱས་བཤད་ལ། བསོད་ནམས་སོགས་རྒྱས་པར་བཤད། མྱོང་འགྱུར་གསུམ་ཞར་བྱུང་དང་བཅས་པའོ། །དང་པོ་ལ། བསོད་ནམས་ཀྱི་ལས། མི་གཡོ་བའི་ལས་སོ། །དང་པོ་ནི། བསོད་ནམས་འདོད་ཁམས་དགེ་བའི་ལས། ། ཞེས་པས་བསྟན། བསོད་ནམས་མ་ཡིན་པའི་གཉེན་པོ་ཡིན་པའི་ཕྱིར་བསོད་ནམས་ནི་འདོད་ཁམས་སུ་གཏོགས་པའི་དགེ་བའི་ལས་ཡིན་ནོ། ། གཉིས་པ་ནི། མི་གཡོ་གོང་མ་ལས་སྐྱེས་པའི། །གང་ཕྱིར་ས་ནི་དེ་དག་ཏུ། ། ལས་རྣམ་སྨིན་ཕྱིར་མི་གཡོའི་ཕྱིར། ། ཞེས་པས་བསྟན། མི་གཡོ་བའི་ལས་ནི་ཁམས་གོང་མ་གཟུགས་དང་གཟུགས་མེད་ལས་སྐྱེས་པའི་དགེ་བའི་ལས་རྣམས་སོ། །འོ་ན། མདོ་ལས། འདི་ལ་རྣམ་པར་བརྟགས་པ་དང་རྣམ་པར་དཔྱད་པ་གང་ཡིན་པ་དེ་ནི་འདིར་འཕགས་པ་རྣམས་ཀྱིས་གཡོ་བའོ། །ཞེས་བསམ་གཏན་གསུམ་གཡོ་བར་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་ཏིང་ངེ་འཛིན་གྱི་སྐྱོན་དང་བཅས་པས་དེ་ལྟ་བུར་གསུངས་ཀྱི་མི་གཡོ་བའི་ལས་ཀྱི་དབང་དུ་བྱས་ནས་གསུངས་པ་མ་ཡིན་ནོ། །གཟུགས་དང་གཟུགས་མེད་པའི་རྫོགས་བྱེད་ཀྱི་ལས་ཆོས་ཅན། ས་གཞན་དུ་རྣམ་པར་སྨིན་པར་མི་འགྱུར་ཏེ། གང་གི་ཕྱིར་ས་ནི་དེ་དག་ཏུ་ལས་རྣམས་རྣམ་པར་སྨིན་པའི་ཕྱིར། ཁྱབ་སྟེ། རྐྱེན་དབང་གིས་གཞན་དུ་མི་གཡོ་བའི་ཕྱིར་རོ། །འོ་ན་འདོད་པའང་རྣམ་སྨིན་གཞན་དུ་མི་གཡོ་སྟེ། དེ་ལས་ཐ་དད་པ་མེད་པའི་ཕྱིར་ཞེ་ན། དེའི་སྐྱོན་མེད་དེ། དེ་ལས་ཐ་དད་པ་མེད་ཀྱང་བདེ་འགྲོ་དང་ངན་འགྲོ་སོགས་འགྲོ་བ་ཐ་དད་པའི་ཕྱིར་ཏེ། ཁམས་གོང་གི་འགྲོ་བ་གཅིག་ཏུ་ངེས་པའི་ཕྱིར་རོ། །འདི་དག་ཀྱང་ཟག་བཅས་ཁོ་ནའི་དབང་དུ་བྱས་ནས་གསུངས་པ་ཡིན་ནོ། ། གཉིས་པ་མྱོང་འགྱུར་གསུམ་ཞར་བྱུང་དང་བཅས་ཏེ་བཤད་པ་ལ། མྱོང་འགྱུར་གསུམ་བཤད་པ་དངོས། ཞར་ལ་མྱོང་འགྱུར་ལྔ་བསྟན་པ། །མྱོང་འགྱུར་གྱི་ཁྱད་པར་གཏན་ལ་དབབ་པའོ། །དང་པོ་ལ། སོ་སོའི་ངོ་བོ། གཞན་འདོད་འགོད་པའོ། །དང་པོ་ལ། བདེ་བ་མྱོང་འགྱུར། བཏང་སྙོམས་མྱོང་འགྱུར། སྡུག་བསྔལ་མྱོང་འགྱུར་རོ། །དང་པོ་ནི། བསམ་གཏན་གསུམ་པའི་བར་དགེ་བ། །བདེ་བ་མྱོང་འགྱུར། ། ཞེས་པས་བསྟན། འདོད་ཁམས་ནས་བསམ་གཏན་གསུམ་པའི་བར་གྱི་དགེ་བ་ཟག་བཅས་ནི་བདེ་བ་མྱོང་འགྱུར་གྱི་ལས་ཡིན་ཏེ། ས་དེ་ན་ལུས་སེམས་ཀྱི་ཚོར་བ་བདེ་བ་ཡོད་པའི་ས་པ་ཡིན་པའི་ཕྱིར། འདོད་པ་དང་བསམ་གཏན་དང་པོ་དག་ན་ནི་བདེ་བའི་ཚོར་བ་ལུས་བདེའོ། །གཉིས་པ་ན་ཡིད་བདེའོ། །གསུམ་པ་ན་སེམས་བདེའོ། ། གཉིས་པ་ནི། དེ་ཡན་ཆད། །སྡུག་མིན་བདེ་མིན་མྱོང་འགྱུར་བ། ། ཞེས་པས་བསྟན། བསམ་གཏན་གསུམ་པ་དེ་ཡན་ཆད་ཀྱི་ལས་དགེ་བ་ནི་སྡུག་བསྔལ་ཡང་མིན་བདེ་བའང་མིན་པ་མྱོང་བར་འགྱུར་བ་ཡིན་ཏེ། དེ་ན་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་མེད་པའི་ཕྱིར། གསུམ་པ་ནི། སྡུག་བསྔལ་མྱོང་འགྱུར་འདིའི་མི་དགེ ། ཞེས་པས་བསྟན། སྡུག་བསྔལ་མྱོང་འགྱུར་གྱི་ལས་ནི་འདོད་ཁམས་འདིའི་མི་དགེ་བའི་ལས་ཡིན་ནོ། །འདིའི་ཞེས་པས་སྡུག་བསྔལ་དེ་འདོད་པ་ཁོ་ན་ན་ཡོད་པར་བསྟན་ལ། ཚོར་བ་འབའ་ཞིག་མི་དགེ་བའི་འབྲས་བུར་མ་ཟད་སྐྱེ་མཆེད་དེའི་ཚོགས་པ་ན་ཡོད་པའི་དབང་ཡུལ་རྣམ་ཤེས་ཀྱི་མཚན་ཉིད་དང་བཅས་པའང་དེའི་འབྲས་བུ་ཡིན་ནོ། ། གཉིས་པ་གཞན་འདོད་འགོད་པ་ནི། འོག་ནའང་བར་མ་ཡོད་དོ་ཞེས། །ཁ་ཅིག་ཟེར་ཏེ་གང་གི་ཕྱིར། ། བསམ་གཏན་ཁྱད་པར་རྣམ་སྨིན་ལས། །སྔ་ཕྱི་མེད་གསུམ་སྨིན་འདོད་ཕྱིར། ། ཞེས་པས་བསྟན། འོག་བསམ་གཏན་གསུམ་པ་མན་ཆད་ནའང་བར་མ་བཏང་སྙོམས་མྱོང་བར་འགྱུར་བ་ཡོད་དོ་ཞེས་ཁ་ཅིག་ཟེར་ཏེ། རྒྱུ་མཚན་གང་གི་ཕྱིར་ཞེ་ན། བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་གྱི་ལས་ལའང་རྣམ་སྨིན་གྱི་ཚོར་བ་ཡོད་པ་ལས་དེ་བཏང་སྙོམས་ཀྱི་ས་པ་ཁོ་ན་ཡིན་པའི་ཕྱིར། ཡང་བསྟན་བཅོས་ལས། འདི་ལྟར་ལས་གསུམ་པོ་རྣམས་ཀྱི་རྣམ་པར་སྨིན་པ་སྔ་ཕྱི་མེད་པར་རྣམ་པར་སྨིན་པར་འགྱུར་བ་ཡོད་དམ་ཞེ་ན། ཡོད་དེ། ཞེས་འབྱུང་ལ། རྒྱུད་གཅིག་ལ་སྔ་ཕྱི་མེད་པར་ལས་གསུམ་གྱི་འབྲས་བུ་སྨིན་པ་ནི་འདོད་ཁམས་ལས་གཞན་དུ་མི་སྲིད་པའི་ཕྱིར་རོ། ། གཉིས་པ་ཞར་ལ་མྱོང་འགྱུར་ལྔ་བསྟན་པ་ནི། ངོ་བོ་ཉིད་དང་མཚུངས་ལྡན་དང༌། །དམིགས་པ་དང་ནི་རྣམ་སྨིན་དང༌། ། མངོན་སུམ་དུ་ནི་གྱུར་པ་ལས། །མྱོང་འགྱུར་རྣམ་པ་ལྔ་ཡིན་ནོ། ། ཞེས་པས་བསྟན། ངོ་བོ་ཉིད་ཀྱི་མྱོང་འགྱུར་ནི་ཚོར་བ་དང་མཚུངས་པར་ལྡན་པས་མྱོང་འགྱུར་ནི་རེག་པ་སྟེ་བདེ་བའི་ཚོར་བ་དང་མཐུན་པའི་རེག་པ་འདི་ལ་བདེ་བ་མྱོང་འགྱུར་ཡོད་པ་དང༌། ཡུལ་རྣམས་ནི་དེ་ལ་དམིགས་པ་ལས་མྱོང་བར་འགྱུར་བ་དང་ནི་ལས་རྣམས་ནི་འབྲས་བུ་རྣམ་སྨིན་མྱོང་འགྱུར་དང༌། མངོན་སུམ་དུ་ནི་གྱུར་པ་ལས་མྱོང་འགྱུར་ནི་ཚོར་བ་ཡིན་ཏེ། ཇི་སྐད་དུ། གང་གི་ཚེ་བདེ་བའི་ཚོར་བ་མྱོང་བར་འགྱུར་བ་དེའི་ཚེ་དེའི་ཚོར་བ་གཉིས་འགགས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་མྱོང་འགྱུར་གྱི་ལས་ལའང་བདེ་སྡུག་བཏང་སྙོམས་མྱོང་འགྱུར་གྱི་ལས་གསུམ་ཡོད་པས་རྣམ་པ་ལྔ་ཡིན་ནོ། ། གསུམ་པ་མྱོང་འགྱུར་གྱི་ཁྱད་པར་གཏན་ལ་དབབ་པ་ལ། བསྟན། བཤད་དོ། །དང་པོ་ནི། དེ་ཡང་ངེས་དང་མ་ངེས་དང༌། ། ཞེས་པས་བསྟན། མྱོང་འགྱུར་གསུམ་པོ་དེ་ཡང་མྱོང་བར་ངེས་པ་དང་མ་ངེས་པ་དང་གཉིས་སོ། ། གཉིས་པ་ལ། དབྱེ་བ་སྤྱིར་བསྟན་པ་དང༌། སོ་སོའི་ཁྱད་པར། མྱོང་ངེས་ཀྱི་ལས་བསྟན་པའོ། །དང་པོ་ལ། རང་ལུགས་དང༌། གཞན་ལུགས་སོ། །དང་པོ་ནི། མཐོང་བའི་ཆོས་ལ་སོགས་པ་ལ། །མྱོང་འགྱུར་ཕྱིར་ན་ངེས་རྣམ་གསུམ། ། ཞེས་པས་བསྟན། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་དང༌། སོགས་པས་སྐྱེ་གནས་གཞན་ལ་མྱོང་འགྱུར་དང་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཡོད་པའི་ཕྱིར་ན་མྱོང་བར་ངེས་པའི་ལས་ནི་རྣམ་པ་འདི་གསུམ་དུ་འགྱུར་རོ། ། གཉིས་པ་ལ། ལྔར་འདོད་པའི་ལུགས། མུ་བཞི་བརྩི་བའི་ལུགས་སོ། །དང་པོ་ནི། ཁ་ཅིག་ལས་རྣམ་ལྔ་ཞེས་ཟེར། ། ཞེས་པས་བསྟན། སྔོན་གྱི་སློབ་དཔོན་ཁ་ཅིག་ནི་མ་ངེས་པ་ལའང་རྣམ་སྨིན་དང་གནས་སྐབས་མ་ངེས་པ་གཉིས་ཕྱེ་ནས་ལས་རྣམ་པ་ལྔ་ཡིན་ནོ་ཞེས་ཟེར་རོ། །འདི་ལའང་བརྩི་ལུགས་ནི་རྣམ་སྨིན་ངེས་ལ་དུས་མ་ངེས་པ་གཅིག་དང༌། གཉིས་ཀ་མ་ངེས་པ་སྟེ་མ་ངེས་པ་གཉིས། མཐོང་ཆོས་སོགས་ངེས་པ་གསུམ་སྟེ་ལྔར་གཞག་པ་དང༌། ཡང་ན་མཐོང་ཆོས་མྱོང་འགྱུར་སོགས་གནས་སྐབས་ངེས་པ་གསུམ། རང་གི་ངོ་བོ་ཅིས་ཀྱང་མྱོང་བར་ངེས་པ་དང་བཞི། གཉིས་ཀ་མ་ངེས་པ་དང་ལྔ་ཟེར་རོ། །དེ་ལ་མཐོང་ཆོས་མྱོང་འགྱུར་ནི་སྐྱེ་བ་གང་དུ་བྱས་པ་དེ་ཉིད་དུ་སྨིན་པར་འགྱུར་བའོ། །སྐྱེས་ནས་མྱོང་འགྱུར་ནི་སྐྱེ་བ་གཉིས་ལས་སོ། །ལན་གྲངས་གཞན་ལ་མྱོང་འགྱུར་ནི་དེ་ཕན་དུའོ། ། གཉིས་པ་ནི། གཞན་དག་མུ་ནི་བཞི་ཞེས་ཟེར། ། ཞེས་པས་བསྟན། གཞན་དཔེ་སྟོན་པ་དག་གནས་སྐབས་ངེས་ལ་རྣམ་སྨིན་མ་ངེས་པ། རྣམ་སྨིན་ངེས་ལ་གནས་སྐབས་མ་ངེས་པ། གཉིས་ཀ་ངེས་པ་དང༌། གཉིས་ཀ་མ་ངེས་པ་སྟེ་མུ་ནི་བཞི་ཡོད་དོ་ཞེས་ཟེར། མཚན་གཞི་ནི་ཊཱི་ཀར་བྱུང་ངོ༌། ། གཉིས་པ་སོ་སོའི་ཁྱད་པར་ལ། ལས་གང་གིས་རིས་མཐུན་འཕེན་པ། ཁམས་དང་འགྲོ་བ་གང་ན་ལས་འཕེན་དུ་ཡོད་པའོ། །དང་པོ་ནི། གསུམ་གྱིས་རིས་ནི་འཕེན་པར་བྱེད། ། ཅེས་པས་བསྟན། སྐད་ཅིག་མ་གཅིག་ལ་མཐོང་ཆོས་མྱོང་འགྱུར་སོགས་བཞི་ཀ་འཕེན་པར་འགྱུར་བ་ཡོད་དམ་ཞེ་ན། ཡོད་དེ། དེའང་ལས་བཞི་པོ་དེ་ལས་མཐོང་ཆོས་ལ་མྱོང་འགྱུར་གྱིས་རིས་མཐུན་མི་འཕེན་གྱི་སྐྱེས་ནས་མྱོང་འགྱུར་སོགས་གསུམ་གྱིས་རིས་མཐུན་ནི་འཕེན་པར་བྱེད་དེ། སྔ་མས་མི་འཕེན་པའང་ལས་གཞན་གྱིས་འཕངས་པའི་རིས་མཐུན་པ་ལ་དེ་འབྱུང་བའི་ཕྱིར་དེ་ཉིད་དུ་འབྲས་བུ་དེ་འབྱིན་པའོ། ། གཉིས་པ་ལ། སྤྱིར་བཏང་བ་དང༌། དམིགས་ཀྱིས་བསལ་བའོ། །དང་པོ་ནི། ཐམས་ཅད་ན་ནི་འཕེན་པ་བཞི། ། ཞེས་པས་བསྟན། ཁམས་དང་འགྲོ་བ་གང་ན་འཕེན་པ་དུ་ཡོད་པ་ནི་ཁམས་གསུམ་པོ་དང་འགྲོ་བ་ཐམས་ཅད་ན་ནི་དགེ་བ་དང་མི་དགེ་བའི་འཕེན་པ་བཞིར་ཡོད་དོ། །དེའང་མི་དགེ་བ་ནི་འདོད་པ་ཁོ་ན་ན་ཡོད་པ་ལ་དགོངས་སོ། ། གཉིས་པ་ལ། སྐྱེ་སྲིད་ལ་དང༌། བར་སྲིད་ལ་ལས་འཕེན་དུ་ཡོད་པའོ། །དང་པོ་ལ། དམྱལ་བའི་སྐྱེ་སྲིད་ལ་དུ་ཡོད་པ་དང༌། སོ་སྐྱེ་ཁྱད་པར་བའི་སྐྱེ་སྲིད་ལ་དང༌། འཕགས་པའི་སྐྱེ་སྲིད་ལ་དུ་ཡོད་པའོ། །དང་པོ་ནི། དམྱལ་བ་ན་ནི་དགེ་བའི་གསུམ། ། ཞེས་པས་བསྟན། འགྲོ་བ་ཐམས་ཅད་ན་ཞེས་སྤྱིར་བཏང་ནས་དམིགས་བསལ་ནི། དམྱལ་བ་ན་ནི་མི་དགེ་བའི་འཕེན་པ་བཞིར་ཡོད་ལ། དགེ་བའི་ལས་སྐྱེས་ནས་དང༌། ལན་གྲངས་གཞན་ལ་མྱོང་འགྱུར་དང༌། མྱོང་བར་མ་ངེས་པ་གསུམ་ཡོད་ཀྱི་མཐོང་ཆོས་མྱོང་འགྱུར་ནི་མེད་དེ། དེ་ན་རྣམ་སྨིན་ཡིད་འོང་མེད་པའི་ཕྱིར། གཉིས་པ་ནི། གང་ལས་འདོད་ཆགས་བྲལ་བརྟན་པའི། །བྱིས་པ་དེར་སྐྱེས་མྱོང་མི་བྱེད། ། ཅེས་པས་བསྟན། ས་གང་ལས་འདོད་ཆགས་དང་བྲལ་བ་བརྟན་པའི་དབང་པོ་རྣོན་པོ་ཡིན་ན་བྱིས་པའང་ཚེ་དེ་ལ་མི་ཉམས་པས་ས་དེར་སྐྱེས་ནས་མྱོང་འགྱུར་གྱི་ལས་མི་བྱེད་ལ་གཞན་དག་བྱེད་དོ། ། གསུམ་པ་འཕགས་པའི་སྐྱེ་སྲིད་ལ་དུ་ཡོད་པ་ནི། འཕགས་པ་གཞན་དུའང་མྱོང་མི་བྱེད། །འདོད་རྩེའི་མི་བརྟན་པ་ཡང་མིན། ། ཞེས་པས་བསྟན། ས་གང་ལས་འདོད་ཆགས་དང་བྲལ་བ་བརྟན་པའི་འཕགས་པ་ནི་སྐྱེས་ནས་མྱོང་འགྱུར་དུ་མ་ཟད་ལན་གྲངས་གཞན་དུའང་མྱོང་འགྱུར་གྱི་ལས་ཀྱང་གསོག་པར་མི་བྱེད་དེ། དེ་དག་ནི་ས་དེར་སླར་མི་འོང་བའི་ཕྱིར། མཐོང་ཆོས་དང་མ་ངེས་པ་ནི་བྱེད་དོ། །འདོད་པ་དང་སྲིད་རྩེའི་འདོད་ཆགས་དང་བྲལ་བ་མི་བརྟན་པ་ཡིན་ཡང་སྐྱེས་ནས་དང་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་བྱེད་པ་མིན་ཏེ། དེ་དག་ལས་ཉམས་པ་ཕྱིར་མི་འོང་དང་དགྲ་བཅོམ་གྱི་འབྲས་བུ་ལས་ཉམས་པ་ཡིན་ལ། འབྲས་བུ་ལས་ཉམས་པ་འབྲས་བུ་དེ་སོར་མ་ཆུད་པར་འཆི་བ་མི་སྲིད་པའི་ཕྱིར། གཉིས་པ་བར་སྲིད་ལ་ལས་འཕེན་དུ་ཡོད་པ་ལ། དབྱེ་བ། ངེས་པ་བཅུ་གཅིག་མཐོང་ཆོས་སུ་སྒྲུབ་པའོ། །དང་པོ་ནི། སྲིད་པ་བར་མ་འདོད་ཁམས་སུ། །འཕེན་པ་རྣམ་པ་ཉི་ཤུ་གཉིས། ། ཞེས་པས་བསྟན། བར་སྲིད་ན་ལས་ཀྱི་འཕེན་པ་ཡོད་དམ་ཞེ་ན། སྲིད་པ་བར་མ་བ་འདོད་ཁམས་སུ་སྒོ་ངའམ་མངལ་ནས་སྐྱེ་བར་འགྱུར་བ་ཉིད་ནི་བར་སྲིད་ཉིད་ཀྱི་གནས་སྐབས་དང༌། མངལ་དང་བཅས་པའི་གནས་སྐབས་སྔར་བཤད་པ་ལྔ་ལྔ་སྟེ་བཅུ་གཅིག་ཏུ་ངེས་པ་དང་མ་ངེས་པ་འཕེན་པའི་བྱེ་བྲག་ལས་རྣམ་པ་ཉི་ཤུ་རྩ་གཉིས་སུ་བྱེད་དོ། །གཟུགས་ན་ནི་མངལ་གྱི་གནས་སྐབས་དེ་རྣམས་མེད་དོ། ། གཉིས་པ་ནི། དེ་ནི་མཐོང་ཆོས་འབྲས་བུ་ཡིན། །དེ་ནི་རིས་གཅིག་ཁོ་ན་ཡིན། ། ཞེས་པས་བསྟན། ངེས་པ་བཅུ་གཅིག་པོ་དེ་ནི་མཐོང་ཆོས་ལ་འབྲས་བུ་མྱོང་བར་འགྱུར་བའི་ལས་ཡིན་ཏེ། དེ་ནི་དེ་ལྟར་ལས་བྱེད་པའི་གནས་སྐབས་དང་འབྲས་བུ་མྱོང་བའི་གནས་སྐབས་ཀྱི་ཕུང་པོ་དེ་ལ་ས་གཅིག་གིས་འཕངས་པའི་རིས་མཐུན་ཕུང་པོའི་རྒྱུན་གཅིག་ཁོ་ན་ཡིན་པའི་ཕྱིར། དེའི་ཕྱིར་བར་སྲིད་ནི་སྐྱེས་ནས་མྱོང་འགྱུར་ཁོ་ནས་འཕེན་ནོ། ། གསུམ་པ་མྱོང་ངེས་ཀྱི་ལས་བསྟན་པ་ལ། སྤྱིར་བཤད་པ། མཐོང་ཆོས་བྱེ་བྲག་ཏུ་བཤད་པ། ལས་འབྲས་མྱོང་ཚུལ་གཞན་བསྟན་པའོ། །དང་པོ་ནི། ཉོན་མོངས་རབ་དང་དྲག་པོ་དང༌། །ཡོན་ཏན་ཞིང་དང་རྒྱུན་ཆགས་སུ། ། བྱས་པ་གང་ཞིག་ཡིན་པ་དང༌། །ཕ་མ་གསོད་གང་དེ་ངེས་སོ། ། ཞེས་པས་བསྟན། མྱོང་ངེས་ཀྱི་ལས་ཅི་ལྟ་བུ་ཞེ་ན། ཀུན་སློང་ཉོན་མོངས་དྲག་པོ་དང་རབ་ཏུ་དང་བ་དྲག་པོས་བྱས་པའི་དགེ་བ་དང་མི་དགེ་བ་དང་ཀུན་སློང་དྲག་པོ་རྒྱུན་དུ་བྱེད་པ་མེད་ཀྱང་ཡོན་ཏན་གྱི་ཞིང་དཀོན་མཆོག་གསུམ་དང་འཆད་འགྱུར་གྱི་གང་ཟག་ལྔ་ལྟ་བུ་ལ་ཕན་གནོད་བྱས་པ་དང༌། སྦྱོར་བ་དགེ་མི་དགེ་རྒྱུན་ཆགས་སུ་བྱས་པ་གང་ཞིག་ཡིན་པ་དང༌། པར་སིག་པ་ལྟར་བསོད་ནམས་ཀྱི་བློས་ཕ་མ་གསོད་པའི་ལས་གང་ཡིན་པ་དེའང་མྱོང་བར་ངེས་པའི་ལས་སོ། ། གཉིས་པ་ལ། ལས་ཀྱི་ནུས་པ་དང༌། གཉེན་པོའི་ནུས་པས་མཐོང་ཆོས་སུ་ངེས་པ་དང༌། ཞིང་གི་ཁྱད་པར་རོ། །དང་པོ་ནི། མཐོང་ཆོས་འབྲས་བུ་ཅན་གྱི་ལས། །ཞིང་དང་བསམ་པའི་ཁྱད་པར་ལས། ། ཞེས་པས་བསྟན། མཐོང་ཆོས་ལ་འབྲས་བུ་མྱོང་བར་འགྱུར་བ་ཅན་གྱི་ལས་ཞིང་གི་ཁྱད་པར་ལས་གྱུར་པ་དགེ་སློང་ཤགས་ཀྱིས་ཕམ་པ་ཞིག་གིས་དགེ་འདུན་ལ་བུད་མེད་ཅེས་འཐབ་མོ་བརྒལ་བའི་ཚེ་དེ་བུད་མེད་དུ་གྱུར་པ་ལྟ་བུ་དང༌། བསམ་པའི་ཁྱད་པར་ལས་རྒྱལ་པོ་ཀ་ཎི་ཀའི་ཉུག་རུམ་པ་ལོང་བ་ཞིག་གིས་རྔན་པ་བྱིན་ནས་གླང་ལྔ་བརྒྱ་དག་རླིག་པ་དབྱུང་བ་ལས་ཐར་བར་བྱས་པས་རང་གི་འབྲས་བུ་སོར་ཆུད་པ་ལྟ་བུའོ། ། གཉིས་པ་ནི། ས་དེའི་འདོད་ཆགས་གཏན་བྲལ་ཕྱིར། །རྣམ་སྨིན་ངེས་པ་གང་ཡིན་པའོ། ། ཞེས་པས་བསྟན། ཡང་ན་འདོད་ཁམས་ལ་སོགས་པའི་ས་དེའི་འདོད་ཆགས་དང་གཏན་དུ་བྲལ་བའི་ཕྱིར་ཕྱིས་དེར་མི་སྐྱེ་བས་མཐོང་ཆོས་མྱོང་བར་ངེས་པ་ཡིན་ནོ། །ལས་དེ་ཇི་ལྟ་བུ་ཞེ་ན། དེ་ནི་གནས་སྐབས་མ་ངེས་ཀྱང་རྣམ་སྨིན་མྱོང་བར་ངེས་པ་གང་ཡིན་པའོ། ། གསུམ་པ་ཞིང་གི་ཁྱད་པར་ནི། གང་དག་འགོག་བྱམས་ཉོན་མོངས་མེད། །མཐོང་དང་དགྲ་བཅོམ་འབྲས་ལངས་པ། ། དེ་ལ་ཕན་གནོད་བྱས་པ་ཡི། །འབྲས་བུ་འཕྲལ་དུ་མྱོང་བར་འགྱུར། ། ཞེས་པས་བསྟན། མཐོང་ཆོས་ལ་མྱོང་བར་འགྱུར་བའི་ལས་ཇི་ལྟ་བུ་ཞེ་ན། སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་དང༌། གང་ཟག་ལྔ་པོ་གང་དག་མྱ་ངན་ལས་འདས་པར་སོན་པ་དང་འདྲ་བའི་འགོག་པའི་སྙོམས་འཇུག་ལས་ལངས་པ་དང༌། ལྷག་བསམ་མཆོག་དང་ལྡན་པ་བྱམས་པ་དང༌། ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལས་ལངས་པ་དང༌། མཐོང་སྤང་མ་ལུས་པ་སྤངས་པའི་གནས་གྱུར་གསར་པ་དྲི་མ་མེད་པ་དང་ལྡན་པ་མཐོང་བའི་ལམ་ལས་ལངས་པ་དང༌། སྒོམ་སྤང་མ་ལུས་པ་སྤངས་པའི་གནས་གྱུར་གསར་པ་དྲི་མ་མེད་པ་དང་ལྡན་པ་དགྲ་བཅོམ་གྱི་འབྲས་བུ་ལས་ལངས་མ་ཐག་པ་སྟེ་ལྔ་པོ་དེ་དག་ལ་ཕན་གནོད་བྱས་པ་ཡི་འབྲས་བུ་ནི་འཕྲལ་དུ་མཐོང་ཆོས་ལ་མྱོང་བར་འགྱུར་ལ། ལྷག་མ་སྒོམ་ལམ་ལ་གནས་པ་ནི་རྒྱུ་དེ་དག་དང་མི་ལྡན་པས་དེ་མ་ཡིན་ནོ། ། གསུམ་པ་ལས་འབྲས་མྱོང་ཚུལ་གཞན་བསྟན་པ་ལ། ཚོར་བ་མྱོང་ཚུལ། གཡེངས་པའི་སེམས་གང་ལ་གནས་པ། དེ་རྒྱུ་ཅི་ལས་གྱུར་པ། དེ་འགྲོ་བ་གང་ན་ཡོད་པའོ། །དང་པོ་ནི། རྣམ་པར་རྟོག་པ་མེད་པ་ཡི། །དགེ་བའི་ལས་ཀྱི་རྣམ་སྨིན་ནི། ། སེམས་ཀྱི་ཚོར་བ་ཁོ་ནར་འདོད། །མི་དགེ་བའི་ནི་ལུས་ཀྱི་ཡིན། ། ཞེས་པས་བསྟན། རྣམ་སྨིན་གྱི་གཙོ་བོ་ཚོར་བ་ཡིན་པས་སེམས་ཚོར་ཁོ་ན་ཡིན་ལ། ལུས་ཚོར་མ་ཡིན་པ་ཡོད་དམ་ཞེ་ན། ཡོད་དེ། རྣམ་པར་རྟོག་པ་མེད་པ་ཡི་ས་བསམ་གཏན་ཁྱད་པར་ཅན་ནས་སྲིད་རྩེའི་བར་གྱི་དགེ་བའི་ལས་ཀྱི་རྣམ་སྨིན་ནི་སེམས་ཀྱི་ཚོར་བ་ཁོ་ནར་འདོད་དེ། ལུས་ཚོར་རྟོག་བཅས་སུ་ངེས་པའི་ཕྱིར་རོ། །དེའི་ཤུགས་ལ་དང་པོའི་དངོས་གཞི་མན་ཆད་ཀྱི་དགེ་བའི་ལས་ཀྱི་རྣམ་སྨིན་ནི་ལུས་སེམས་གཉིས་ཀའི་ཚོར་བར་བསྟན་ཏོ། །མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ནི་ལུས་ཀྱི་ཚོར་བ་སྡུག་བསྔལ་ཁོ་ན་ཡིན་གྱི་སེམས་ཀྱི་མ་ཡིན་ཏེ། སེམས་ཀྱི་སྡུག་བསྔལ་ནི་ཡིད་མི་བདེ་ཡིན་ལ་དེ་རྣམ་སྨིན་མ་ཡིན་པ་ནི་དབང་པོ་བསྟན་པར་བཤད་ཟིན་པའི་ཕྱིར། གཉིས་པ་ནི། གཡེངས་པའི་སེམས་ནི་ཡིད་སེམས་ལ། ། ཞེས་པས་བསྟན། འོ་ན་གཡེངས་པའི་སེམས་དེ་གང་ལས་འབྱུང་ཞིང་དེའི་རྒྱུ་ཅི་ཞེ་ན། གཡེངས་པ་སྨྱོན་པའི་སེམས་ནི་ཡིད་ཀྱི་རྣམ་ཤེས་ཀྱི་སེམས་ལ་ཡོད་ཀྱི་སྒོ་ལྔའི་རྣམ་ཤེས་ལ་མ་ཡིན་ཏེ། ངེས་པར་རྟོག་པ་དང་རྗེས་སུ་དྲན་པ་དག་གིས་རྟོག་བྱེད་མ་ཡིན་པའི་ཕྱིར། གསུམ་པ་དེ་རྒྱུ་ཅི་ལས་གྱུར་པ་ནི། དེ་ནི་ལས་ཀྱི་རྣམ་སྨིན་སྐྱེས། །སྐྲག་གནོད་མ་མཉམ་མྱ་ངན་གྱིས། ། ཞེས་པས་བསྟན། གཡེངས་སེམས་དེ་ནི་རྫས་སྔགས་ལ་སོགས་པས་ཕ་རོལ་པོ་རྨོངས་པར་བྱས་པ་དང་མྱོས་འགྱུར་ལྡུད་པ་ལ་སོགས་པའི་ལས་ཀྱི་རྣམ་སྨིན་ལས་སྐྱེས་པ་ཡིན་ནོ། །མི་མ་ཡིན་གྱི་གཟུགས་མི་སྡུག་པ་མཐོང་བས་སྐྲག་པ་དང༌། དེ་ཁྲོས་ཏེ་གནད་དུ་བསྣུན་པའི་གནོད་པ་དང༌། རླུང་མཁྲིས་བད་ཀན་འཁྲུགས་པས་འབྱུང་བ་ཆ་མ་མཉམ་པ་དང༌། བུ་སྡུག་པ་ཤི་བ་སོགས་ཀྱི་མྱ་ངན་གྱིས་སེམས་བརླམས་པའི་རྐྱེན་གྱིས་སེམས་གཡེངས་པར་འགྱུར་བ་ཡིན་ནོ། ། བཞི་པ་དེ་འགྲོ་བ་གང་ན་ཡོད་པ་ནི། སྒྲ་མི་སྙན་མིན་འདོད་ལྡན་རྣམས། ། ཞེས་པས་བསྟན། སེམས་ཅན་གང་གི་སེམས་གཡེངས་པར་འགྱུར་ཞེ་ན། སྒྲ་མི་སྙན་མིན་པའི་འདོད་པ་དང་ལྡན་པའི་སེམས་ཅན་རྣམས་ལ་ཡོད་དེ། ལྷ་སྨྱོན་པའང་ཡོད་ན་མི་དང་ཡི་དྭགས་དམྱལ་བ་དུད་འགྲོ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར། དེ་བཞིན་གཤེགས་པ་མ་གཏོགས་འཕགས་པ་རྣམས་ལ་འབྱུང་བ་མ་མཉམ་པའི་སེམས་གཡེང་བ་ཡོད་ལ། འོན་ཀྱང་རྒྱུ་གཞན་དང་ལས་ཀྱིས་སེམས་གཡེང་བ་ནི་མེད་དེ། ངེས་པ་ནི་སྔོན་སོ་སྐྱེའི་སྐབས་སུ་སྨིན་ཟིན་ལ། མ་ངེས་པ་ནི་འཕགས་པའི་གནས་སྐབས་སུ་མི་སྨིན་པའི་ཕྱིར། གཉིས་པ་རྒྱུའི་སྒོ་ནས་དབྱེ་བ་ནི། ཡོན་སྐྱོན་སྙིགས་མར་གསུངས་པ་ནི། །གཡོ་དང་ཞེ་སྡང་འདོད་ཆགས་སྐྱེས། ། ཞེས་པས་བསྟན། མདོ་ལས་ལུས་ངག་ཡིད་གསུམ་གྱི་ལས་ཡོན་པོ་དང་སྐྱོན་ཏེ་ཉེས་པ་དང་སྙིགས་མར་གྱུར་པ་ཞེས་བྱ་བ་གསུམ་གསུངས་པ་རྣམས་ནི་རིམ་པ་ལྟར་དྲང་པོ་མ་ཡིན་པའི་གཡོ་དང་ཆེས་ཉེས་པ་ཆེ་བའི་ཞེ་སྡང་དང་འབྲལ་བར་དཀའ་བའི་འདོད་ཆགས་ལས་སྐྱེས་པའི་ལས་རྣམས་སོ། ། གསུམ་པ་རྒྱུ་འབྲས་གཉིས་ཀའི་སྒོ་ནས་དབྱེ་བ་ལ། བསྟན་པ་དང༌། བཤད་པའོ། །དང་པོ་ནི། དཀར་གནག་ལ་སོགས་བྱེ་བྲག་གིས། །ལས་ནི་རྣམ་པ་བཞི་ཡིན་ནོ། ། ཞེས་པས་བསྟན། མདོ་ལས་ལས་དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་དང༌། ལས་གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་དང༌། ལ་སོགས་པ་ལས་དཀར་གནག་འདྲེས་མ་ལ་རྣམ་སྨིན་དཀར་གནག་འདྲེས་མ་དང༌། མི་དཀར་མི་གནག་ཅིང་རྣམ་པར་སྨིན་པ་མེད་ལ། ལས་ཟད་པར་བྱེད་པའི་བྱེ་བྲག་གིས་ལས་ནི་རྣམ་པ་བཞི་ཡིན་ནོ། ། གཉིས་པ་ལ། སྤྱིར་བསྟན་པ་དང༌། ཟད་བྱེད་བྱེ་བྲག་ཏུ་བཤད་པ། གཞན་ལུགས་འགོད་པའོ། །དང་པོ་ནི། མི་དགེ་གཟུགས་དང་འདོད་གཏོགས་པའི། །དགེ་བ་ཉིད་ནི་རིམ་བཞིན་དུ། ། གནག་དང་དཀར་དང་གཉིས་ཀའི་ལས། །དེ་ཟད་བྱེད་པ་ཟག་མེད་ཡིན། ། ཞེས་པས་བསྟན། དེ་ལ་ལས་མི་དགེ་བ་ནི་ཉོན་མོངས་ཅན་དང་རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་པ་ཁོ་ནར་ངེས་པའི་ཕྱིར་དང༌། གཟུགས་སུ་གཏོགས་པའི་དགེ་བ་ནི་མི་དགེ་བ་དང་མ་འདྲེས་ཤིང་རྣམ་སྨིན་ཡིད་དུ་འོང་བ་འབྱིན་པ་ཁོ་ན་ཡིན་པས་ཕྱིར་དང༌། འདོད་པར་གཏོགས་པའི་དགེ་བ་ཉིད་ནི་ངོ་བོ་མི་འདྲེ་ཡང་རྒྱུད་གཅིག་ལ་མི་དགེ་བ་དང་འདྲེས་པར་འཇུག་ཅིང་དེའི་རྣམ་སྨིན་ཀྱང་མི་དགེ་བའི་རྣམ་སྨིན་སྡུག་བསྔལ་དང་འདྲེས་པར་འཇུག་པའི་ཕྱིར་གསུམ་པོ་དེ་དག་ཉིད་ལ་ནི་གོ་རིམ་བཞིན་དུ་མདོ་ལས། གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་དང༌། དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་དང༌། གཉིས་ཀའི་སྟེ་དཀར་གནག་ལ་རྣམ་པར་སྨིན་པ་དཀར་གནག་པའི་ལས་ཞེས་དང༌། རྣམ་སྨིན་མེད་ཅིང་ཉོན་མོངས་ཅན་མ་ཡིན་ལ་ལས་དེ་གསུམ་སྤོང་ཞིང་ཟད་པར་བྱེད་པའི་ཕྱིར་ཟག་མེད་ཀྱི་ལས་ལ་ནི་འདིར་མི་དཀར་མི་གནག་ཅིང་རྣམ་པར་སྨིན་པ་མེད་པ་ལས་ཟད་པར་བྱེད་པའི་ལས་ཞེས་གསུངས་པ་ཡིན་ནོ། ། གཉིས་པ་ལ་གསུམ། ནག་པོ་ཟད་བྱེད་དང༌། དཀར་གནག་གཉིས་ཀ་དང༌། དཀར་པོ་ཟད་བྱེད་དོ། །དང་པོ་ནི། ཆོས་བཟོད་འདོད་ཆགས་བྲལ་བ་ཡི། །བར་ཆད་མེད་ལམ་བརྒྱད་ཀྱི་གང༌། ། སེམས་པ་རྣམ་པ་བཅུ་གཉིས་དེ། །ནག་པོ་ཟད་པར་བྱེད་པའི་ལས། ། ཞེས་པས་བསྟན། ཟག་མེད་ཀྱི་ལས་དང་ལམ་ཐམས་ཅད་ཀྱང་ལས་གསུམ་པོ་ཐམས་ཅད་ཟད་བྱེད་མ་ཡིན་གྱི་འོན་ཀྱང་མཐོང་ལམ་གྱིས་བསྡུས་པ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་བཞི་དང༌། འདོད་པ་ལ་འདོད་ཆགས་དང་བྲལ་བར་བྱེད་པ་ཡི་ཟག་མེད་སྒོམ་ལམ་བར་ཆད་མེད་ལམ་དང་པོ་བརྒྱད་ཀྱི་དང་བཅས་པ་གང་དག་གི་སེམས་པ་རྣམ་པ་བཅུ་གཉིས་པོ་དེ་དག་ནི་ནག་པོའི་ལས་ཟད་པར་བྱེད་པའི་ལས་ཡིན་ཏེ། འདོད་པའི་སྡིག་པ་མི་དགེ་བའི་ཆོས་སྤོང་བར་བྱེད་པའི་ཕྱིར། ཆོས་ཤེས་བཞི་དང་འདོད་པ་ལ་འདོད་ཆགས་དང་བྲལ་བའི་རྣམ་གྲོལ་ལམ་བརྒྱད་དེ་བཅུ་གཉིས་ནི་མ་ཡིན་ཏེ། བར་ཆད་མེད་ལམ་གྱིས་ཟད་པར་བྱས་ཟིན་པའི་ཕྱིར་རོ། རྗེས་བཟོད་བཞི་དང་རྗེས་ཤེས་བཞི་ནི་ནག་པོའི་གཉེན་པོ་མ་ཡིན་ཏེ། དེ་དག་ནི་ཁམས་གོང་མ་ཁོ་ནའི་གཉེན་པོ་ཡིན་པའི་ཕྱིར། གཉིས་པ་ནི། དགུ་པའི་སེམས་པ་གང་ཡིན་པ། དེ་ནི་དཀར་གནག་ཟད་བྱེད་ཡིན། ། ཞེས་པས་བསྟན། འདོད་པ་ལ་འདོད་ཆགས་དང་བྲལ་བར་བྱེད་པའི་སྒོམ་ལམ་བར་ཆད་མེད་ལམ་དགུ་པའི་སེམས་པ་གང་ཡིན་པ་དེ་ནི་ལས་དཀར་གནག་ཟད་པར་བྱེད་པའི་ལས་ཡིན་ཏེ། ལས་ཉོན་མོངས་ཅན་ནག་པོ་འདོད་པའི་དགུ་པ་ནི་ངོ་བོ་ཐོབ་པ་ཆད་པའི་སྒོ་ནས་སྤོང་ཞིང་འདོད་པའི་དཀར་པོ་ནི་འདུན་པའི་འདོད་ཆགས་དང་བྲལ་བའི་སྒོ་ནས་སྤོང་བའི་ཕྱིར་རོ། ། གསུམ་པ་དཀར་པོ་ཟད་བྱེད་ནི། དཀར་པོ་བསམ་གཏན་ཆགས་བྲལ་བའི། །བར་ཆད་མེད་ལམ་སྐྱེས་ཐ་མས། ། ཞེས་པས་བསྟན། ལས་དཀར་པོ་ཟད་པར་བྱེད་པ་ནི་བསམ་གཏན་བཞི་པོ་དེ་ལ་འདོད་ཆགས་དང་བྲལ་བར་བྱེད་པའི་བར་ཆད་མེད་ལམ་སྐྱེས་པ་ཐ་མས་ཏེ་དགུ་པ་སྤོང་བའི་སེམས་པ་གང་ཡིན་པ་དེ་ནི་དཀར་པོའི་ལས་ཟད་བྱེད་ཡིན་ཏེ། ཇི་སྲིད་དུ་དེ་མ་སྤངས་པ་དེ་སྲིད་དུ་དེས་དམིགས་པ་ན་དེ་དག་སྤང་བྱར་ལྡན་ལ། དེ་སྤངས་པ་ན་དེ་དག་ཀྱང་འདུན་པའི་འདོད་ཆགས་དང་བྲལ་བའི་སྒོ་ནས་སྤངས་ཟིན་པའི་ཕྱིར། གསུམ་པ་གཞན་ལུགས་འགོད་པ་ནི། གཞན་ནི་དམྱལ་བ་མྱོང་འགྱུར་དང༌། །འདོད་གཞན་མྱོང་འགྱུར་གཉིས་སུ་རིགས། ། གཞན་ནི་མཐོང་བས་སྤང་བྱ་གནག །འདོད་པ་ལས་སྐྱེས་གཞན་དཀར་གནག ། ཅེས་པས་བསྟན། སློབ་དཔོན་གཞན་དག་ནི་དམྱལ་བ་མྱོང་བར་འགྱུར་བའི་ལས་ནི་གནག་ལ་རྣམ་སྨིན་ཡང་གནག་པ་དང༌། འདོད་པའི་འགྲོ་བ་གཞན་བཞི་མྱོང་བར་འགྱུར་བ་ནི་དཀར་གནག་གཉིས་སུ་རིགས་ཞེས་ཏེ་ཉི་ཚེ་བའི་རྫོགས་བྱེད་ཀྱི་ལས་འགའ་ཞིག་བཏང་སྙོམས་སུ་མཛད་དོ། །གཞན་དག་ནི་མཐོང་བས་སྤང་བྱའི་ལས་ནི་དགེ་བ་དང་མ་འདྲེས་པས་གནག་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །འདོད་པ་ལས་སྐྱེས་པའི་གཞན་སྒོམ་སྤང་ནི་དཀར་གནག་གཉིས་ཀའི་ལས་ཡིན་ཏེ། དེ་དག་ལ་དགེ་མི་དགེ་གཉིས་ཀ་སྲིད་པའི་ཕྱིར། གཉིས་པ་ལས་ཀྱི་རྣམ་གྲངས་དུ་མ་བསྟན་པ་ལ། བྱེད་ལས་ཀྱི་སྒོ་ནས་དབྱེ་བ། ལས་ལམ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། ཐུབ་པའི་གསུམ་བཤད། གཙང་བྱེད་གསུམ་བཤད། ཉེས་སྤྱད་གསུམ། ཡིད་ཀྱི་ཉེས་སྤྱད་གསུམ། ལེགས་སྤྱད་གསུམ་བཤད་པའོ། །དང་པོ་ནི། མི་སློབ་ལུས་ངག་ལས་ཡིད་ཉིད། ཐུབ་པའི་གསུམ་སྟེ་གོ་རིམ་བཞིན། ། ཞེས་པས་བསྟན། མི་སློབ་པའི་ལུས་ངག་གི་ལས་ཟག་མེད་དང་དེའི་ཡིད་ཉིད་ཟག་མེད་ཡིན་པས་དེ་དག་ནི་མདོ་ལས་ཐུབ་པའི་ལུས་ངག་ཡིད་གསུམ་ཞེས་བྱ་སྟེ་གོ་རིམ་བཞིན་དུ་གསུངས་པ་ཡིན་ཏེ། དེ་དག་ནི་དོན་དམ་པར་སྒོ་གསུམ་གྱི་མི་མཐུན་ཕྱོགས་ཐམས་ཅད་ཐུབ་ཅིང་སྤོང་བར་བྱེད་པ་དང་ཉོན་མོངས་པ་ཐམས་ཅད་དང་བྲལ་བ་ཡིན་པའི་ཕྱིར། གཉིས་པ་ནི། ལེགས་སྤྱད་གསུམ་པོ་ཐམས་ཅད་ནི། །གཙང་བྱེད་རྣམ་པ་གསུམ་ཡིན་ནོ། ། ཞེས་པས་བསྟན། མདོ་ལས་ལུས་ངག་ཡིད་ཀྱི་གཙང་བྱེད་གསུམ་གསུངས་པ་ནི་ལུས་དང་ངག་དང་ཡིད་ཀྱི་ལེགས་སྤྱད་གསུམ་པོ་ཐམས་ཅད་ནི་གོ་རིམ་བཞིན་དུ་ལུས་ངག་ཡིད་གསུམ་གྱི་གཙང་བྱེད་རྣམ་པ་གསུམ་ཡིན་ཏེ། ལེགས་སྤྱད་ཟག་བཅས་ཀྱིས་ཉེས་སྤྱོད་ཀྱི་དྲི་མ་རེ་ཞིག་དང་ཟག་མེད་ཀྱིས་ནི་གཏན་དུའང་སྤོང་བའི་ཕྱིར། འདིས་ནི་ཕྱི་རོལ་པ་མི་སྨྲ་བར་འདུག་པ་ཙམ་དང་ལོག་པའི་གཙང་སྦྲ་འཇུག་ངོགས་སུ་ཁྲུས་བྱས་པས་འདག་པ་གཙང་བྱེད་དུ་བལྟ་བ་བསལ་བའི་དོན་དུ་ཡིན་ནོ། ། གསུམ་པ་ཉེས་སྤྱད་གསུམ་ནི། ལུས་ཀྱི་ལ་སོགས་མི་དགེ་བ། །ཉེས་པར་སྤྱད་པ་གསུམ་དུ་འདོད། ། ཅེས་པས་བསྟན། མདོ་ལས་ཉེས་པར་སྤྱད་པ་གསུམ་ཞེས་གསུངས་པ་གང་ཞེ་ན། ལུས་ཀྱི་ལས་དང་ལ་སོགས་པས་ངག་དང་ཡིད་ཀྱི་མི་དགེ་བ་གསུམ་ནི་རྣམ་སྨིན་ཡིད་མི་འོང་འབྱིན་པས་སྒོ་གསུམ་གྱི་ཉེས་པར་སྤྱད་པ་གསུམ་དུ་འདོད་དོ། ། བཞི་པ་ཡིད་ཀྱི་ཉེས་སྤྱད་གསུམ་ནི། བརྣབ་སེམས་ལ་སོགས་ལས་མིན་ཡང༌། །ཡིད་ཀྱི་ཉེས་སྤྱད་རྣམ་གསུམ་མོ། ། ཞེས་པས་བསྟན། བརྣབ་སེམས་དང་ལ་སོགས་པས་གནོད་སེམས་ལོག་ལྟ་གསུམ་ནི་ལས་ཀྱི་རང་བཞིན་མིན་ཡང་ཡིད་ཀྱི་ཉེས་པར་སྤྱད་པ་རྣམ་པ་གསུམ་མོ། །དེའི་རྒྱུ་མཚན། དེ་གསུམ་ནི་ཆགས་སྡང་རྨོངས་གསུམ་ཡིན་པས་ལས་མ་ཡིན་ཏེ། རྩ་ཉོན་དྲུག་གི་ནང་ན་ཡོད་པའི་ཉོན་མོངས་ཡིན་པའི་ཕྱིར། དཔེ་སྟོན་པ་ནི་བརྣབ་སེམས་སོགས་ཁོ་ན་ཡིད་ཀྱི་ལས་ཡིན་པར་ཆེད་དུ་བསམ་པར་བྱ་བའི་མདོ་ལས་གསུངས་སོ་ཞེས་ཟེར། ལྔ་པ་ལེགས་སྤྱད་གསུམ་ནི། ལྡོག་པ་ལེགས་པར་སྤྱད་པ་ཡིན། ། ཞེས་པས་བསྟན། སྒོ་གསུམ་གྱི་ཉེས་སྤྱད་གསུམ་ལས་ལྡོག་པ་་ཉ་དགེ་བ་རྣམས་ནི་ལེགས་པར་སྤྱད་པ་ཡིན་ཞིང་དེ་དག་ཀྱང་སྒོ་གསུམ་གྱི་ལས་དགེ་བ་བརྣབ་སེམས་མེད་པ་དང་གནོད་སེམས་མེད་པ་དང་ཡང་དག་པའི་ལྟ་བ་རྣམས་ཡིན་ནོ། ། གཉིས་པ་ལས་ལམ་བྱེ་བྲག་ཏུ་བཤད་པ་ལ། བསྟན། བཤད་གཉིས་ཀྱི། དང་པོ་ནི། དེ་ལས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིགས་པར། ། ལས་ཀྱི་ལམ་ནི་བཅུར་གསུངས་སོ། ། ཞེས་པས་བསྟན། ལེགས་སྤྱད་དང་ཉེས་སྤྱད་དེ་ལས་བླང་དོར་དུ་བྱ་བ་རྣམས་ཤེས་པར་བྱ་བའི་ཕྱིར་དངོས་གཞི་ཆེ་ལོང་སྟེ་རགས་རིམ་ཙམ་ཞིག་བསྡུས་ནས་ནི་དགེ་བ་དང་མི་དགེ་བའི་ལས་ཅི་རིགས་པར་ལས་ཀྱི་ལམ་ནི་བཅུ་བཅུར་མདོ་ལས་གསུངས་སོ། །ཅི་རིགས་པར་ཞེས་པས་རགས་རིམ་བསྡུས་ཀྱི་ཐམས་ཅད་མ་བསྡུས་པར་བསྟན་ལ། གང་དག་མ་བསྡུས་ཤེ་ན། ལུས་ངག་གི་ལས་བདུན་པོ་དེ་དག་གི་ཡང་སྦྱོར་མཇུག་དང་ཡིད་ཀྱི་ལས་སེམས་པ་དག་ཀྱང་མ་བསྡུས་ལ། གཞན་ཡང་མི་དགེ་བ་མཆོད་རྟེན་འཇིག་པ་དང་སེམས་ཅན་ལ་བརྡེག་པ་དང་འཆིང་བ་ལ་སོགས་པ་དང༌། དགེ་བའང་ཆང་འཐུང་བ་སྤོང་བ་དང་སྦྱིན་པ་དང་སྙན་པར་སྨྲ་བ་ལ་སོགས་པ་དུ་མ་ཞིག་མ་བསྡུས་སོ། ། གཉིས་པ་ལ། རིག་བྱེད་ཡིན་མིན་གྱི་དབྱེ་བ། རྩ་བ་གསུམ་གསུམ་དུ་བསྟན་པ། རྫོགས་བྱེད་གསུམ་བསྟན་པ། ལས་སོ་སོར་བསྟན་པའོ། །དང་པོ་ལ། དངོས་དང༌། ཞར་ལ་སྦྱོར་མཇུག་གང་དུ་ངེས་པའོ། །དང་པོ་ལ་མི་དགེ་བ་དང༌། དགེ་བ་གང་དུ་ངེས་པའོ། །དང་པོ་ནི། མི་དགེ་དྲུག་ནི་རྣམ་རིག་མིན། །གཅིག་རྣམ་གཉིས་སོ་དེ་དག་ཀྱང༌། ། བྱེད་ན། ། ཞེས་པས་བསྟན། ལོག་གཡེམ་ལས་གཞན་པའི་ལུས་ངག་གི་མི་དགེ་བ་དྲུག་གཞན་ལ་བཅོལ་བ་ལས་བྱུང་བ་ནི་རྣམ་པར་རིག་བྱེད་མིན་པ་ཁོ་ན་ཡིན་ལ། གཅིག་ལོག་གཡེམ་ནི་གཞན་ལ་བཅོལ་བས་མི་རྫོགས་པར་རང་གིས་བྱེད་པར་ངེས་པས་རིག་བྱེད་ཡིན་མིན་རྣམ་པ་གཉིས་སོ། །སྔར་གྱི་དྲུག་པོ་དེ་དག་ཀྱང་རང་གིས་བྱེད་ན་ནི་རིག་བྱེད་མ་འགགས་པའི་ཚེ་གྲུབ་ན་གཉིས་ཀ་དང་འགགས་པའི་ཚེ་གྲུབ་ན་རིག་མིན་ཁོ་ནའོ། ། གཉིས་པ་ནི། དགེ་བ་བདུན་རྣམ་གཉིས། །ཏིང་འཛིན་ལས་སྐྱེས་རྣམ་རིག་མིན། ། ཞེས་པས་བསྟན། དགེ་བའི་ལས་ལམ་གཟུགས་ཅན་བདུན་ལ་ནི་རིག་བྱེད་དང་རིག་བྱེད་མིན་པ་རྣམ་པ་གཉིས་ཀ་ཡོད་དེ། ཡང་དག་པའི་ཚུལ་ཁྲིམས་ནི་གདོན་མི་ཟ་བར་རྣམ་པར་རིག་བྱེད་ལ་རག་ལུས་པའི་ཕྱིར་རོ། །ཏིང་ངེ་འཛིན་ལས་སྐྱེས་པའི་བསམ་ཟག་གི་སྡོམ་པ་ནི་ཆོས་ཅན། རྣམ་པར་རིག་བྱེད་མིན་པ་ཁོ་ན་ཡིན་ཏེ། སེམས་ཙམ་ལ་རག་ལུས་པའི་ཕྱིར།

གོང་དུ་ཟག་མེད་ཀྱི་སྡོམ་པ་ལ་རིག་བྱེད་ཡིན་མིན་གཉིས་ཀ་ཡོད་པར་ཀར་ཊཱིཀ་ལས་གསུངས་པ་ནི་ཁུངས་མ་རྙེད་པས་ཡི་གེ་པ་དག་གི་སྐྱོན་ཡིན་ནམ་སྙམ་མོ། །
འདིར་ཁ་ཅིག་གིས། དང་པོའི་རྣམ་རིག་རྣམ་རིག་མིན། །ཞེས་པ་ནི་སོ་སོར་ཐར་པ་དང་དེའི་སྡོམ་པ་ལ་མུ་བཞི་བརྩི་བའི་སྐབས་ཡིན་པས་སྡོམ་པ་ཡང་དག་པར་བླངས་པའི་སྐད་ཅིག་དང་པོའི་རྣམ་རིག་ནི་སོ་སོར་ཐར་པ་ཡིན་ཡང་སྡོམ་པ་མིན་པ་དང༌། བྱེད་ན་དགེ་བ་བདུན་རྣམ་གཉིས། །ཞེས་པའི་རྩ་འགྲེལ་གྱིས་མི་གནོད་དེ། ལུས་ངག་གི་ལས་ལམ་བདུན་པོའི་དངོས་གཞིའི་གནས་སྐབས་ན་རིག་བྱེད་དང་རིག་བྱེད་མིན་པ་གཉིས་ཀ་ཡོད་པར་སྟོན་པ་ཡིན་ལ། དང་པོའི་གནས་སྐབས་ཀྱི་རིག་བྱེད་དེ་ལས་ལམ་དངོས་མ་ཡིན་པས་སོ་ཐར་སྡོམ་པ་ལ་རིག་མིན་གྱིས་ཁྱབ་པར་འཆད་པ་སོགས་སྐྱོག་བཤད་རྩ་འགྲེལ་དང་འགལ་ཁྱབ་ཏུ་འགྲོ་བ་དུ་མ་བྱས་སྣང་བས་སྐྱེ་བོ་ཕལ་པ་དྷ་ཏུ་ར་ཟོས་པ་ལྟར་གྱི་ཅལ་ཅོལ་དུ་འདུག་པས་སྐྱེས་བུ་དམ་པ་མཁྱེན་ཅན་ཁྱེད་རྣམས་ཀྱིས་གསུང་བར་མི་འོས་ཤིང༌། དེང་སང་གི་མངོན་པ་བ་དག་གིས་ཀྱང་རྩ་འགྲེལ་ཚར་རེ་བལྟས་ནས་བག་ཡོད་པའི་གཏམ་གླེང་བར་བྱོས་ཤིག །

གཉིས་པ་ཞར་ལ་སྦྱོར་མཇུག་གང་དུ་ངེས་པ་ནི། ཉེར་བསྡོགས་རྣམས་ནི་རྣམ་རིག་བྱེད། ། རྣམ་རིག་བྱེད་མིན་འགྱུར་བའམ། །མ་ཡིན་ལྡོག་པ་མཇུག་ཡིན་ནོ། ། ཞེས་པས་བསྟན། དགེ་མི་དགེའི་ལས་ལམ་བདུན་པོ་དེ་དག་གི་ཉེར་བསྡོགས་ཏེ་སྦྱོར་བ་རྣམས་ནི་གདོན་མི་ཟ་བར་རྣམ་པར་རིག་བྱེད་ཀྱི་རང་བཞིན་ཡིན་ནོ། །ཀུན་དཀྲིས་དང་རབ་དང་དྲག་པོས་སྦྱོར་བ་རྩོམ་ན་རྣམ་པར་རིག་བྱེད་མིན་པ་སློང་བར་འགྱུར་བའམ་སེམས་ཞན་པས་བྱེད་ན་མ་ཡིན་ནོ། །ཉེར་བསྡོགས་དེ་ལས་ལྡོག་པ་ནི་ལས་ལམ་གྱི་མཇུག་ཡིན་ནོ། །དེའང་ཇི་སྲིད་མ་བཏང་གི་བར་དུ་རིག་བྱེད་མིན་པ་ངེས་པར་ཡོད་ཅིང་དེར་དངོས་དང་མཐུན་པའི་བྱ་བ་བྱེད་ན་རིག་བྱེད་ཀྱང་ཡོད་ལ་མི་བྱེད་ན་མེད་དོ། །འོ་ན་སྦྱོར་མཇུག་དངོས་གསུམ་གྱི་ཁྱད་པར་གང་ཞེ་ན། འདི་ལྟར་འགའ་ཞིག་སྲོག་ཆགས་གསད་པར་འདོད་ནས་ཁྲི་ལ་སོགས་པ་ནས་ལངས་ཏེ་སྲོག་ཆགས་དེའི་དྲུང་དུ་འགྲོ་བ་ལ་སོགས་པ་ནས་མཚོན་བླངས་ཏེ་ལན་གཅིག་གམ་གཉིས་བསྣུན་ནས་དངོས་སུ་སྲོག་གཅོད་པར་མི་བྱེད་པའི་བར་ནི་སྦྱོར་བའོ། །བསྣུན་པས་སྲོག་གཅོད་པ་དེའི་ཚེ་རིག་བྱེད་དང་རིག་བྱེད་མ་ཡིན་པའི་སྐད་ཅིག་མ་ནི་ལས་ལམ་དངོས་ཡིན་ནོ། །དེ་ཕྱིན་ཆད་ཀྱི་རིག་མིན་གྱི་སྐད་ཅིག་མ་ལྤགས་པ་བཤུ་བ་དང་འཚོང་འཚེད་ཟ་བ་ལ་སོགས་པ་ནི་མཇུག་ཡིན་ནོ། །དེ་བཞིན་དུ་གཞན་དྲུག་ལའང་སྦྱར་ཞིང་བརྣབ་སེམས་ལ་སོགས་གསུམ་ནི་སྦྱོར་མཇུག་ལ་མི་ལྟོས་ཀྱི་མངོན་སུམ་དུ་གྱུར་པ་ཙམ་གྱི་ལས་ལམ་དུ་འགྱུར་རོ། ། གཉིས་པ་རྩ་བ་གསུམ་གསུམ་དུ་བསྟན་པ་ལ། མི་དགེ་བ་དང༌། དགེ་བའོ། །དང་པོ་ལ། ལུས་ངག་གི་དང༌། ཡིད་ཀྱི་མི་དགེ་བའི་རྩ་བའོ། །དང་པོ་ནི། སྦྱོར་བ་རྩ་བ་གསུམ་ལས་སྐྱེས། ། ཞེས་པས་བསྟན། མདོ་ལས། དགེ་སློང་དག་སྲོག་གཅོད་པ་ནི་གསུམ་སྟེ། ཆགས་པ་དང་ཞེ་སྡང་དང་གཏི་མུག་ལས་སྐྱེས་པའོ། །ཞེས་པ་ནས་ལོག་ལྟའི་བར་གསུངས་པ་ནི་ལུས་ངག་གི་ལས་ལམ་བདུན་སྦྱོར་བའི་ཀུན་སློང་མི་དགེ་བའི་རྩ་བ་གསུམ་ལས་སྐྱེས་པ་ལ་དགོངས་ཏེ། སྲོག་གཅོད་འདོད་ཆགས་ལས་སྐྱེས་པ་ཤ་ལ་སོགས་པ་སྲེད་པས་གསོད་པ་དང༌། ཞེ་སྡང་ལས་སྐྱེས་པ་ཁོན་ལན་གྱིས་གསོད་པ་དང༌། གཏི་མུག་ལས་སྐྱེས་པ་མཆོད་སྦྱིན་དང་པར་སིག་པ་དག་ཕ་མ་རྒས་པ་དང་ནད་ཚབས་ཆེ་བ་གསོད་པ་སོགས་སོ། །དེ་བཞིན་དུ་མ་བྱིན་ལེན་སོགས་ལའང་ཤེས་པར་བྱའོ། ། གཉིས་པ་ནི། དེ་ཡི་མཇུག་ཐོགས་ལས་བྱུང་ཕྱིར། །བརྣབ་སེམས་སོགས་རྩ་གསུམ་ལས་སྐྱེས། ། ཞེས་པས་བསྟན། དུག་གསུམ་པོ་དེ་ཡི་མཇུག་ཐོགས་ལས་བྱུང་བའི་ཕྱིར་བརྣབ་སེམས་ལ་སོགས་པའང་མི་དགེ་བའི་རྩ་བ་གསུམ་ལས་སྐྱེས་པ་ཡིན་ནོ། ། གཉིས་པ་དགེ་བའི་རྩ་བ་བསྟན་པ་ནི། དགེ་བ་སྦྱོར་དང་མཇུག་བཅས་རྣམས། །ཆགས་སྡང་གཏི་མུག་མེད་ལས་སྐྱེས། ། ཞེས་པས་བསྟན། དགེ་བའི་ལས་ལམ་སྦྱོར་བ་དང་མཇུག་དང་བཅས་པ་རྣམས་ནི་ཆོས་ཅན། མ་ཆགས་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པ་ལས་སྐྱེས་པ་ཡིན་ཏེ། དགེ་བའི་སེམས་ཀྱིས་ཀུན་ནས་སློང་བའི་ཕྱིར་དང༌། དགེ་སེམས་དེའང་མ་ཆགས་པ་སོགས་དང་མཚུངས་པར་ལྡན་པའི་ཕྱིར། དེ་རྣམས་ཀྱིས་མི་དགེ་བའི་མཇུག་རྣམས་སྤོང་ངོ༌། །དཔེར་ན་དགེ་ཚུལ་བསྙེན་པར་རྫོགས་པར་འདོད་པས་དེའི་བྱ་བ་ལ་ཞུགས་ཏེ་དངོས་གཞི་མ་གྲུབ་བར་གྱི་རིག་བྱེད་དང་རིག་མིན་ནི་སྦྱོར་བ་དང༌། ལས་བརྗོད་པ་གསུམ་པ་དེའི་སླད་དུ་དགེ་འདུན་གྱི་ཞེས་པའི་སྐབས་སུ་ཐོབ་པའི་དེ་གཉིས་ནི་དངོས་གཞི་དང་དེ་ཕན་ཆད་ཀྱི་དེ་དག་ནི་མཇུག་ཡིན་ནོ། ། གསུམ་པ་རྫོགས་བྱེད་གསུམ་བསྟན་པ་ལ། དངོས་དང༌། གཞི་གང་ཡིན་པ། དངོས་གཞིར་འགྱུར་བའི་ཚད་དོ། །དང་པོ་ལ། ཞེ་སྡང་གིས་རྫོགས་པ་གསུམ། འདོད་ཆགས་ཀྱིས་རྫོགས་པ་གསུམ། གཏི་མུག་གིས་རྫོགས་པ་གཅིག །གསུམ་ཀས་རྫོགས་པ་གསུམ་མོ། །དང་པོ་ནི། གསོད་དང་གནོད་སེམས་ཚིག་རྩུབ་པོ། །ཞེ་སྡང་གིས་ནི་མཐར་ཕྱིན་བྱེད། ། ཅེས་པས་བསྟན། གསོད་དང་གནོད་སེམས་ཚིག་རྩུབ་པོ་ནི་ཆོས་ཅན། ཞེ་སྡང་གིས་ནི་མཐར་ཕྱིན་པར་བྱེད་དེ། དང་པོ་ལ་སྲོག་ཡོངས་སུ་འདོར་བ་དང་ཕྱི་མ་གཉིས་ལ་རྩུབ་པའི་སེམས་མངོན་དུ་འགྱུར་བའི་ཕྱིར། གཉིས་པ་ནི། ལོག་གཡེམ་བརྣབ་སེམས་མ་བྱིན་ལེན། ཆགས་པ་ཡིས་ནི་རྫོགས་པར་བྱེད། ། ཅེས་པས་བསྟན། ལོག་གཡེམ་བརྣབ་སེམས་མ་བྱིན་ལེན་ནི་ཆགས་པ་ཡིས་ནི་རྫོགས་པར་བྱེད་དོ། ། གསུམ་པ་གཏི་མུག་གིས་རྫོགས་པ་གཅིག་ནི། ལོག་པར་ལྟ་བ་གཏི་མུག་གིས། ། ཞེས་པས་བསྟན། ལོག་པར་ལྟ་བ་ནི་ཆོས་ཅན། གཏི་མུག་གིས་མཐར་ཕྱིན་པ་ཡིན་ཏེ། ཆེས་རྨོངས་པར་གྱུར་པ་ཡིན་པའི་ཕྱིར། བཞི་པ་གསུམ་ཀས་རྫོགས་པ་གསུམ་ནི། ལྷག་མ་གསུམ་གྱིས་རྫོགས་པར་འདོད། ། ཅེས་པས་བསྟན། ལྷག་མ་བརྫུན་དུ་སྨྲ་བ་དང་ཕྲ་མ་ཚིག་ཀྱལ་བ་གསུམ་ནི་ཆགས་སྡང་གཏི་མུག་གསུམ་གྱིས་ཅི་རིགས་པར་མཐར་ཕྱིན་ཞིང་རྫོགས་པར་འདོད་དོ། ། གཉིས་པ་གཞི་གང་ཡིན་པ་ནི། གཞི་ནི་སེམས་ཅན་ལོངས་སྤྱོད་དང༌། །མིང་དང་གཟུགས་ནི་མིང་ཡིན་ནོ། ། ཞེས་པས་བསྟན། སྲོག་གཅོད་པའི་གཞི་ཡུལ་ནི་སེམས་ཅན་དང༌། གཞན་གྱི་བུད་མེད་ལ་བགྲོད་པ་ལ་སོགས་པའི་གཞི་ནི་ལོངས་སྤྱོད་དང༌། ལོག་ལྟའི་གཞི་མིང་ཚོར་སོགས་ཀྱི་ཕུང་པོ་བཞི་དང་གཟུགས་ཀྱི་ཕུང་པོ་ཡིན་ནོ། །རྫུན་སྨྲ་སོགས་བཞི་ནི་མིང་གི་ཚོགས་ཡིན་ནོ་སྟེ། ངག་ནི་མིང་ལ་འཇུག་པ་ཡིན་པའི་ཕྱིར་རོ། ། གསུམ་པ་དངོས་གཞིར་འགྱུར་བའི་ཚད་ལ། འགྱུར་བ་ལྟ་བུའི་མི་འགྱུར་བ་དང༌། མི་འགྱུར་བ་ལྟ་བུའི་འགྱུར་བའོ། །དང་པོ་ནི། སྔ་དང་མཉམ་དུ་ཤི་བ་ལ། དངོས་མེད་ལུས་གཞན་སྐྱེས་ཕྱིར་རོ། ། ཞེས་པས་བསྟན། གལ་ཏེ་གསད་བྱ་གསོད་བྱེད་མཉམ་དུ་ཤི་བའམ་གསོད་བྱེད་སྔར་ཤི་བ་ན་ཅི་ལས་ལམ་དངོས་ཡོད་དམ་མེད་ཅེ་ན། གསོད་བྱེད་སྔར་ཤི་བ་དང་མཉམ་དུ་ཤི་བ་ལ་གསོད་བྱེད་ལ་ལས་ལམ་དངོས་མེད་དེ། སྲོག་གཅོད་པའི་མཐར་ཐུག་གྲུབ་པའི་ཚེ་གསོད་པ་པོ་དེ་ལ་སྲོག་གཅོད་པའི་སྦྱོར་བ་བྱས་པའི་ལུས་གཞན་ཞིག་སྐྱེས་པའི་ཕྱིར་རོ། ། གཉིས་པ་ནི། དམག་ལ་སོགས་པར་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། ། ཞེས་པས་བསྟན། འོ་ན་མང་པོ་ཚོགས་ཏེ་གྲོས་བྱས་ནས་དམག་ལ་སོགས་པ་བྱེད་པ་ན་དངོས་སུ་གཅིག་གིས་སེམས་ཅན་སྲོག་དང་བྲལ་བར་བྱས་པ་ན་གཞན་དེ་དག་སྲོག་གཅོད་པ་དང་ལྡན་པར་འགྱུར་རམ་མི་འགྱུར་ཞེ་ན། དམག་དང་རི་དྭགས་ཀྱི་ལིངས་ལ་སོགས་པ་ནི་སེམས་ཅན་དེ་དག་གསོད་པ་ལ་སོགས་པར་དོན་གཅིག་ལ་ཞུགས་པའི་སྦྱོར་བ་ཅན་ཡིན་པའི་ཕྱིར་དངོས་སུ་གསོད་པ་པོ་མ་ཡིན་པ་ཐམས་ཅད་ལའང་དངོས་སུ་གསོད་པར་བྱེད་པ་པོ་བཞིན་དུ་སྲོག་གཅོད་པའི་དངོས་ཀྱི་ལས་ཀྱི་ལམ་དང་ལྡན་ནོ། །ནན་གྱིས་ཁྲིད་པ་ལའང་ཕྱིས་དོན་གཅིག་པའི་སེམས་སྐྱེས་ན་ལྡན་ལ་སྲོག་ལ་ཐུག་ཀྱང་གནོད་པ་མི་བྱེད་པར་འདོད་པ་ལ་མི་ལྡན་ནོ། ། བཞི་པ་ལས་སོ་སོར་བསྟན་པ་ལ། ལས་སོ་སོའི་མཚན་ཉིད། སེམས་པ་གང་དང་ལྷན་ཅིག་ཏུ་འཇུག་པ། འགྲོ་བ་གང་ན་ལས་ལམ་དུ་ཡོད་པ། ལས་ལམ་གྱི་འབྲས་བུ་བསྟན་པའོ། །དང་པོ་ལ། སོ་སོར་ངོས་བཟུང་བ་དང༌། ལོག་ལྟ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། ལུས་ཀྱི་ལས། ངག་གི་ལས། ཡིད་ཀྱི་ལས། ལས་དང་ལས་ལམ་གྱི་བྱེ་བྲག་གོ །དང་པོ་ལ་གསུམ་ལས། དང་པོ་སྲོག་གཅོད་པ་ནི། སྲོག་གཅོད་པ་ནི་བསམས་བཞིན་དུ། །མ་ནོར་བར་ནི་གཞན་བསད་པའོ། ། ཞེས་པས་བསྟན། སྲོག་གཅོད་པ་ལ་སོགས་པའི་ལས་ལམ་དེ་དག་གི་རང་བཞིན་གང་ཞེ་ན། སྲོག་གཅོད་པ་ནི་འདི་གསོད་ཅེས་བསམས་བཞིན་དུ་གསོད་པ་དང༌། གང་བསམས་དེ་ཉིད་མ་ནོར་བར་ནི་བསད་པ་དང༌། རང་ལས་གཞན་བསད་པ་སྟེ་ཡན་ལག་གསུམ་དང་ལྡན་པའོ། །དེ་ལས་གཞན་པ་ནི་སྦྱོར་བའི་ཉེས་པ་ཙམ་དུ་འགྱུར་རོ། །དེ་ལ་སྲོག་ནི་མི་ལྡན་པའི་འདུ་བྱེད་དམ་ལུས་དང་སེམས་ལ་བརྟེན་ནས་འཇུག་པའི་རླུང་ཁྱད་པར་ཅན་ཡིན་ལ། གཅོད་པ་ནི་དེའི་རྒྱུན་འཇུག་པའི་གེགས་བྱེད་པ་ཙམ་ཡིན་ནོ། ། གཉིས་པ་མ་བྱིན་ལེན་ནི། མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་དང་འཇབ་བུས་བདག་གིར་བྱེད། ། ཅེས་པས་བསྟན། མ་བྱིན་པར་ལེན་པ་ནི་གཞན་གྱི་ནོར་མཐུས་དངོས་སུ་འཕྲོག་པ་དང་འཇབ་བུས་མ་ཚོར་བར་ལེན་པ་གང་རུང་གིས་བདག་གིར་བྱེད། དེའང་བསམས་བཞིན་པ་དང་མ་ནོར་བ་གཉིས་ནི་ཡན་ལག་ཏུ་དགོས་ཏེ། དེ་བདག་གིར་བྱ་བའི་བསམ་པ་མེད་པར་བླངས་པ་ཙམ་གྱིས་ཉེས་པར་མི་འགྱུར་ལ། ལྷས་བྱིན་གྱི་རྫས་བླང་བར་འདོད་པ་ལས་མཆོད་སྦྱིན་གྱི་ནོར་བླངས་པ་ལ་ནི་སྦྱོར་བའི་ཉེས་པ་ཙམ་འབྱུང་གི་དངོས་མི་འབྱུང་བའི་ཕྱིར་རོ། །འོ་ན་མཆོད་རྟེན་ལ་ཕུལ་བ་དང་བདག་པོ་མེད་པའི་གཏེར་དང་རབ་བྱུང་ཤི་བའི་ནོར་བླངས་ན་སུ་ལས་མ་བྱིན་ལེན་དུ་འགྱུར་ཞེ་ན། དང་པོ་ནི་སངས་རྒྱས་དང༌། གཉིས་པ་ནི་ཡུལ་དེའི་རྒྱལ་པོ་དང༌། གསུམ་པ་ནི་དགེ་འདུན་ལས་ལེན་པར་འགྱུར་ཏེ་ཤིན་ཏུ་ཉེས་པ་ཆེ་བ་ཡིན་ནོ། ། གསུམ་པ་ལོག་གཡེམ་ནི། བགྲོད་མིན་འགྲོ་བར་འདོད་པ་ཡིས། །ལོག་པར་གཡེམ་པ་རྣམ་པ་བཞི། ། ཞེས་པས་བསྟན། བགྲོད་བྱ་མིན་པའི་འགྲོ་བར་འདོད་པ་ཡིས་ལོག་པར་གཡེམ་པ་ནི་རྣམ་པ་བཞི་སྟེ། བགྲོད་པར་བྱ་བ་མ་ཡིན་པ་དང༌། ཡན་ལག་མ་ཡིན་པ་དང༌། ཡུལ་མ་ཡིན་པ་དང༌། དུས་མ་ཡིན་པར་འགྲོ་བའོ། །དང་པོ་ནི་གཞན་གྱིས་བཟུང་བའི་བུད་མེད་ལ་སོགས་པའོ། །གཉིས་པ་ནི་ཁ་དང་བཤང་བའི་ལམ་ལ་སོགས་པའོ། །གསུམ་པ་ནི་སྣང་བ་དང་མཆོད་རྟེན་ལ་སོགས་པའི་གན་དུའོ། །བཞི་པ་ནི་སྦྲུམ་པ་དང་ནུ་ཞོ་འཛག་པ་ལ་སོགས་པའོ། ། གཉིས་པ་ངག་གི་ལས་ལ་བཞི་ལས། དང་པོ་རྫུན་ལ། དངོས་དང༌། མཐོང་ཐོས་སོགས་ཀྱི་དོན་ཏོ། །དང་པོ་ནི། རྫུན་ཚིག་འདུ་ཤེས་གཞན་བསྒྱུར་བའི། །ཚིག་དོན་མངོན་པར་གོ་བའོ། ། ཞེས་པས་བསྟན། རྫུན་གྱི་ཚིག་ནི་དོན་སྨྲ་བ་ལ་དེ་ལ་འདུ་ཤེས་གཞན་དུ་བསྒྱུར་ནས་སྨྲ་བའི་ཚིག་དེའི་དོན་མངོན་པར་གོ་བ་ན་ཡིན་གྱི། མ་གོ་ན་ངག་འཁྱལ་ཙམ་དུ་འགྱུར་བའོ། ། གཉིས་པ་ནི། མིག་རྣ་ཡིད་ཀྱི་རྣམ་ཤེས་དང༌། །གསུམ་གྱིས་ཉམས་སུ་མྱོང་གང་དེ། ། མཐོང་ཐོས་རྣམ་པར་ཤེས་པ་དང༌། །རྟོགས་པ་ཡིན་ཏེ་རིམ་བཞིན་བཤད། ། ཅེས་པས་བསྟན། མཐོང་ཐོས་རྟོགས་རྣམ་པར་ཤེས་པ་དེ་ཇི་ལྟ་བུ་ཞེ་ན། དེའང་མིག་གི་རྣམ་ཤེས་ཀྱིས་ཉམས་སུ་མྱོང་བ་དང༌། དེ་བཞིན་དུ་རྣ་བའི་རྣམ་ཤེས་དང༌། ཡིད་ཀྱི་རྣམ་ཤེས་དང༌། སྣ་ལྕེ་ལུས་ཀྱི་རྣམ་ཤེས་གསུམ་གྱིས་ཉམས་སུ་མྱོང་བ་གང་ཡིན་པ་སྟེ་སྡེ་ཚན་བཞི་པོ་དེ་དག་ནི་མཐོང་བ་ཐོས་པ་དང་རྣམ་པར་ཤེས་པ་དང་རྟོགས་པ་ཞེས་བྱ་བ་ཡིན་ཏེ། གོ་རིམ་བཞིན་བཤད་དོ། །དེར་དྲི་རོ་རེག་བྱ་གསུམ་ཕྱོགས་གཅིག་ཏུ་བསྡོམས་ནས་སྟོན་པའི་རྒྱུ་མཚན་ནི། ལུང་མ་བསྟན་ཁོ་ནར་འདྲ་བས་སམ་སློབ་དཔོན་འདུས་བཟང་ནི་ཕྲད་ནས་འཛིན་པར་འདྲ་བས་ཡིན་ནོ་ཞེས་སོ། ། གཉིས་པ་ཕྲ་མ་ནི། ཕྲ་མ་ཕ་རོལ་དབྱེ་བའི་ཕྱིར། །ཉོན་མོངས་ཅན་གྱི་སེམས་ཀྱི་ཚིག ། ཅེས་པས་བསྟན། ཕྲ་མ་གང་ཞེ་ན། ཕ་རོལ་མཛའ་བ་དབྱེ་བའི་ཕྱིར་དོན་གོ་བར་ནུས་ཤིང་མ་ནོར་བར་སྨྲས་པའི་ཉོན་མོངས་པ་ཅན་གྱིས་ཀུན་ནས་བསླངས་པའི་སེམས་ཀྱི་ཚིག་སྟེ་དེ་ལ་ཕན་པའི་ཕྱིར་མ་ཡིན་པའོ། ། གསུམ་པ་ཚིག་རྩུབ་ནི། ཚིག་རྩུབ་པོ་ནི་མི་སྙན་པ། ། ཞེས་པས་བསྟན། ཚིག་རྩུབ་པོ་ནི་སེམས་ཉོན་མོངས་ཅན་གྱི་ཚིག་མི་སྙན་པ་དོན་གོ་ཞིང་མ་ནོར་བར་གང་ལ་སྨྲ་འདོད་ཀྱིས་ཕ་རོལ་ལ་དངོས་སུ་སྨྲས་པའོ། ། གཞི་པ་ངག་ཀྱལ་ལ། དངོས་དང༌། གཞན་འདོད་དོ། །དང་པོ་ནི། ཉོན་མོངས་ཅན་ཀུན་ཀྱལ་པ་ཉིད། ། ཅེས་པས་བསྟན། ཉོན་མོངས་ཅན་གྱིས་ཀུན་ནས་བསླངས་པའི་ཚིག་ཀུན་ཀྱལ་པ་ཉིད་དོ། །རྫུན་སོགས་གསུམ་གའང་ཚིག་ཀྱལ་བ་ཡིན་ཀྱང་ཉེས་པ་ཆེ་བས་ལོགས་སུ་ཕྱེ་བ་ཡིན་ནོ། ། གཉིས་པ་ནི། གཞན་ནི་དེ་ལས་གཞན་ཉོན་མོངས། །ཁ་གསག་གླུ་དང་ཟློས་གར་བཞིན། ། བསྟན་བཅོས་ངན་བཞིན། ། ཞེས་པས་བསྟན། གཞན་དག་ནི་སྔ་མ་གསུམ་པ་དེ་ལས་གཞན་པའི་ཚིག་ཉོན་མོངས་ཅན་རྣམས་ཏེ། དཔེར་ན་རྙེད་བཀུར་དང་གྲགས་པ་འདོད་པས་སྙན་པར་སྨྲ་བའི་ཁ་གསག་དང་ཆགས་སོགས་ཀྱིས་གླུ་ལེན་པ་དང༌། བཞད་གད་སོགས་འདོད་པས་ཟློས་གར་བྱེད་པ་བཞིན་དང༌། ལྟ་བ་ཕྱིན་ཅི་ལོག་ལ་ཞེན་པས་དེ་སྟོན་པའི་བསྟན་བཅོས་ངན་པ་འདོན་པ་བཞིན་ཞེས་ཏེ། སྙན་གྲགས་ལ་སོགས་པ་འདོད་པས་བསླངས་པའི་ཚིག་གཞན་ཡང་དེར་འགྱུར་རོ། ། གསུམ་པ་ཡིད་ཀྱི་ལས་ལ་གསུམ་ལས། དང་པོ་ནི། བརྣབ་སེམས་ནི། །ལོག་པས་ཞེན་གྱི་ནོར་ལ་ཆགས། ། ཞེས་པས་བསྟན། བརྣབ་སེམས་ནི་ལོག་པ་མི་རིགས་པས་གཞན་གྱིས་བདག་ཏུ་བཟུང་བའི་ནོར་ལ་ཆགས་ཏེ། མཐུ་དང་འཇབ་བུས་བདག་གིར་བྱེད་འདོད་པའོ། ། གཉིས་པ་གནོད་སེམས་ནི། གནོད་སེམས་སེམས་ཅན་ལ་སྡང་བ། ། ཞེས་པས་བསྟན། གནོད་སེམས་ནི་སེམས་ཅན་ལ་ཞེ་སྡང་བ་ཕ་རོལ་ལ་གནོད་པའི་རྣམ་པར་ཞུགས་པའོ། ། གསུམ་པ་ལོག་ལྟ་ནི། དགེ་དང་མི་དགེ་མེད་ལྟ་བ། །ལོག་པར་ལྟ་བ་ཡིན། ། ཞེས་པས་བསྟན། ལས་དགེ་བ་དང་མི་དགེ་བ་མེད་པར་ལྟ་བ་འདི་ལྟ་སྟེ། སྦྱིན་པ་དང༌། སྦྱིན་སྲེག་དང༌། མཆོད་སྦྱིན་དང༌། ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ་ཞེས་པ་རྣམས་ཏེ་རྒྱུ་ལ་སྐུར་བ་དང༌། ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པ་དེ་དག་གི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་འབྲས་བུ་ལ་སྐུར་བ་དང༌། འཇིག་རྟེན་འདི་དང་ཕ་རོལ་དང་མ་དད་པ་དང་སེམས་ཅན་བརྫུས་ཏེ་སྐྱེ་བ་མེད་དོ་ཞེས་བྱེད་པ་ལ་སྐུར་བ་དང༌། ལོ་ཀ་ན་དགྲ་བཅོམ་པ་མེད་དོ་ཞེས་ཡོད་པའི་དངོས་པོ་འཇིག་པར་ལྟ་བར་རྣམས་ནི་ལོག་པར་ལྟ་བ་ཡིན་ནོ། །རྩ་བར་དང་པོ་རྒྱུ་ལ་སྐུར་བ་ཙམ་ཞིག་བསྟན་ནས་གཞན་རྣམས་མཚོན་པའོ། ། བཞི་པ་ལས་དང་ལས་ལམ་གྱི་བྱེ་བྲག་ནི། འདི་ལ། །གསུམ་ལམ་བདུན་ནི་ལས་ཀྱང་ཡིན། ། ཞེས་པས་བསྟན། མི་དགེ་བ་བཅུ་པོ་འདི་ལ་ཡིད་ཀྱི་གསུམ་ནི་ལས་སེམས་པ་འཇུག་པའི་སྒོར་གྱུར་པས་ལས་ཀྱི་ལམ་ཡིན་གྱི་ལས་མ་ཡིན་ལ། ལུས་ངག་གི་མི་དགེ་བའི་ལས་ལམ་བདུན་ནི་ལུས་ངག་གི་ལས་ཡིན་པས་ལས་ཀྱང་ཡིན་ལ་ལས་ཀྱི་ལམ་ཡང་ཡིན་ནོ། ། གཉིས་པ་ལོག་ལྟ་བྱེ་བྲག་ཏུ་བཤད་པ་ལ། དགེ་རྩ་གཅོད་ཚུལ་དང༌། མཚམས་སྦྱོར་ཚུལ་ལོ། །དང་པོ་ལ། གང་གིས་གཅོད་པ། གང་གཅོད་པ། གང་ལ་དམིགས་པས་གཅོད་པ། ཇི་ལྟར་གཅོད་པ་རྟེན་གང་ལ་གཅོད་པ། དེའི་ངོ་བོའོ། །དང་པོ་ནི། མེད་པར་ལྟ་བས་རྩ་བ་གཅོད། ། ཅེས་པས་བསྟན། མི་དགེ་བ་བཅུ་པོ་དེ་དག་ལས་རྒྱུ་འབྲས་མེད་པར་ལྟ་བས་ནི་དགེ་བའི་རྩ་བ་གཅོད་ལ་གཞན་རྣམས་ནི་དགེ་བའི་འགལ་ཟླ་བྱེད་ཀྱི་རྩ་བ་མི་གཅད་དོ། །གང་ཡང་བསྟན་བཅོས་ནས། འོ་ན་མི་དགེ་བའི་རྩ་བ་ཆེན་པོ་རྣམས་གང་དག་ཡིན་ཞེ་ན། མི་དགེ་བའི་རྩ་བ་གང་དག་གིས་དགེ་བའི་རྩ་བ་གཅོད་པར་བྱེད་པ་དང༌། འདོད་པ་ལ་འདོད་ཆགས་དང་བྲལ་བ་ཐོབ་པར་བྱེད་པས་དང་པོ་ཉིད་དུ་སྤོང་བ་གང་ཡིན་པའོ། །ཞེས་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་ནི་མི་དགེ་བའི་རྩ་བས་ལོག་ལྟ་དྲངས་པ་ལ་དགོངས་པའི་ཕྱིར། དེས་ན་དངོས་སུ་སྲེག་བྱེད་མེ་ཡིན་ཀྱང་མེ་འདྲེན་མཁན་གྱི་རྐུན་པོས་གྲོང་སྲེག་པར་བྱས་ཞེས་བརྗོད་པ་བཞིན་ནོ། གཉིས་པ་ནི། འདོད་གཏོགས་སྐྱེས་ནས་ཐོབ་པ་རྣམས། ། ཞེས་པས་བསྟན། དགེ་བའི་རྩ་བ་གང་གཅོད་ཅེ་ན། དགེ་བའི་རྩ་བ་འདོད་པར་གཏོགས་པ་སྐྱེས་ནས་ཐོབ་པ་རྣམས་ཀུན་ཏུ་ཆད་པར་འགྱུར་ཏེ། དགེ་རྩ་གཅོད་པའི་ལོག་ལྟ་ཅན་ལ་ཁམས་གོང་མ་གཉིས་ཀྱི་དགེ་བ་དང་མི་ལྡན་པའི་ཕྱིར་དང༌། འདོད་པའི་སྦྱོར་བྱུང་ཐོས་བསམ་སྒོམ་པ་ལས་བྱུང་བ་ནི་སྔར་ཆུང་ངུའི་ཆུང་ངུ་ནས་དེའི་ཐོབ་པ་བཅད་ཟིན་པའི་ཕྱིར། གསུམ་པ་གང་ལ་དམིགས་པས་གཅོད་པ་ནི། རྒྱུ་དང་འབྲས་ལ་སྐུར་འདེབས་པས། །ཀུན་གྱིས། ། ཞེས་པས་བསྟན། གང་ལ་དམིགས་པའི་ལོག་ལྟས་གཅོད་ཅེ་ན། ལེགས་སྤྱད་ཉེས་སྤྱད་མེད་དོ་ཞེས་རྒྱུ་དང་དེའི་འབྲས་བུ་རྣམ་སྨིན་མེད་ཅེས་འབྲས་བུ་ལ་སྐུར་བ་འདེབས་པའི་ལོག་ལྟས་གཅོད་དོ། །ཁ་ཅིག་ནི། ཟག་བཅས་དང་སྐལ་བ་མཉམ་པའི་ཁམས་ལ་དམིགས་པས་གཅོད་ལ་ཟག་མེད་དང་སྐལ་བ་མི་མཉམ་པའི་ཁམས་ལ་དམིགས་པས་ནི་མི་གཅོད་དོ་ཞེས་ཟེར། འདིར་ནི་བྱེ་སྨྲས་རྒྱུ་འབྲས་ལ་སྐུར་བ་འདེབས་པ་དང༌། སྐལ་བ་མཉམ་མི་མཉམ་དང་ཟག་བཅས་ཟག་མེད་ལ་དམིགས་པ་ཀུན་གྱིས་གཅོད་དོ་ཞེས་འཆད། ཁ་ཅིག་ནི་མཐོང་སྤང་བཞིན་དགེ་བའི་རྩ་བ་ཅིག་ཅར་གཅོད་ཟེར་རོ། ། བཞི་པ་ཇི་ལྟར་གཅོད་པ་ནི། རིམ་གྱིས། ། ཞེས་པས་བསྟན། འདིར་ནི་སྒོམ་སྤང་ཉོན་མོངས་བཞིན་དུ་ལོག་ལྟ་ཆུང་འབྲིང་ཆེན་པོ་དགུས་དགེ་རྩ་དགུ་རིམ་གྱིས་ལོག་ལྟ་ཆེན་པོའི་ཆེན་པོས་དགེ་རྩ་ཆུང་ངུའི་ཆུང་ངུ་གཅོད་པའི་བར་གཅོད་པར་བྱེད་དོ། འདི་ནི་སློབ་དཔོན་གྱིའང་བཞེད་པ་ཡིན་ནོ། ། ལྔ་པ་རྟེན་གང་ལ་གཅོད་པ་ནི། མིའི་ནང་དུ། །སྐྱེས་པ་བུད་མེད་ཀྱིས་གཅོད་དོ། །ལྟ་སྤྱད། ། ཅེས་པས་བསྟན། དེ་དག་ནི་མིའི་ནང་དག་ཏུ་གཅོད་ཀྱི་གཞན་དུ་མིན་ཏེ། ངན་སོང་ན་ཤེས་རབ་ཉོན་མོངས་ཅན་དང་ཉོན་མོངས་ཅན་མིན་པ་མི་བརྟན་པའི་ཕྱིར་དང༌། ལྷ་ལ་ལས་འབྲས་མངོན་སུམ་དུ་གྱུར་པ་དང༌། སྒྲ་མི་སྙན་ནི་སྡིག་པའི་བསམ་པ་ཅན་མིན་པས་མི་གཅོད་པའི་ཕྱིར་རོ། །དེའང་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་ཀྱིས་གཅོད་དོ། །ཟ་མ་མ་ནིང་སོགས་པས་ནི་མ་ཡིན་ཞིང་དེ་གཉིས་ཀྱི་ནང་ནས་ཀྱང་སྲེད་པ་ཤས་ཆེ་བས་ནི་མི་གཅོད་དེ། གཡོ་བའི་བསམ་པ་ཅན་ཡིན་པའི་ཕྱིར་ངན་སོང་བ་བཞིན་ནོ། །ལྟ་བ་ཤས་ཆེར་སྤྱད་པས་གཅོད་དེ། སྡིག་པའི་བསམ་པ་བརྟན་པ་དང་མི་དགེ་བས་འཁྱུད་པ་ཅན་ཡིན་པའི་ཕྱིར། དྲུག་པ་ངོ་བོ་ནི། དེ་ནི་མི་ལྡན་པའོ། ། ཞེས་པས་བསྟན། དགེ་རྩ་ཆད་པ་དེ་ནི་དགེ་རྩ་རྣམས་ཀྱི་ཐོབ་པའང་མི་སྐྱེ་ལ་མི་ལྡན་པ་སྟེ་མ་ཐོབ་པ་སྐྱེས་ན་དགེ་རྩ་ཆད་པ་ཞེས་བྱའོ། ། གཉིས་པ་མཚམས་སྦྱོར་ཚུལ་ལ། དངོས་དང༌། མཚམས་མེད་བྱེད་པའི་སྦྱོར་ཚུལ་ལོ། །དང་པོ་ནི། མཚམས་ནི་ཐེ་ཚོམ་ཡོད་ལྟ་བས། ། ཞེས་པས་བསྟན། གང་གི་མཚམས་སྦྱོར་ཞེ་ན། ཆད་པ་དེའང་མཚམས་སྦྱོར་བ་ནི་ནམ་ཞིག་རྒྱུ་འབྲས་ལ་ཐེ་ཚོམ་སྐྱེས་པའམ་ཡོད་པར་ཡིད་ཆེས་པའི་ཡང་དག་པའི་ལྟ་བ་སྐྱེས་པའི་ཚེ་དེའི་ཐོབ་པ་ཀུན་ཏུ་སྐྱེས་པའི་ཚེ་ཉིང་མཚམས་སྦྱོར་བ་ཞེས་བྱའོ། །དེ་སྐྱེས་པའི་ཚེ་སྐྱེས་ཐོབ་དགུའི་ཐོབ་པ་ཅིག་ཅར་འབྱུང་ལ། མངོན་དུ་རིམ་གྱིས་འགྱུར་ཏེ་ནད་མེད་ན་སྟོབས་རིམ་གྱིས་རྙེད་པ་བཞིན་ནོ། ། གཉིས་པ་ནི། མཚམས་མེད་བྱེད་པའི་འདི་ལ་མིན། ། ཞེས་པས་བསྟན། མཚམས་མེད་མ་བྱས་ན་ཚེ་འདི་ཉིད་ལ་ཉིང་མཚམས་སྦྱོར་བར་འགྱུར་ལ། མཚམས་མེད་བྱེད་པའི་གང་ཟག་ཚེ་འདི་ལ་ཉིང་མཚམས་སྦྱོར་བ་མིན་ཏེ། རྐྱེན་གྱིས་ཆད་ན་དམྱལ་བར་སྐྱེ་འགྱུར་གྱི་བར་སྲིད་དང༌། རྒྱུས་ཆད་ན་དེ་ནས་འཆི་འཕོ་བར་ཕྱོགས་པའི་ཚེ་སྦྱོར་བའི་ཕྱིར། དེས་ན་དགེ་རྩ་ཆད་ལ་ལོག་པ་ཉིད་དུ་ངེས་པ་མུ་བཞི་ལས། དང་པོ་ནི་འོད་སྲུངས་རྫོགས་བྱེད་ལ་སོགས་པ་རྟོག་གེ་པ་དྲུག་གོ །གཉིས་པ་ནི་མ་སྐྱེས་དགྲའོ། །གསུམ་པ་ནི་ལྷས་བྱིན་ནོ། །བཞི་པ་ནི་དེ་དག་མ་གཏོགས་པ་རྣམས་སོ། ། གཉིས་པ་སེམས་པ་གང་དང་ལྷན་ཅིག་འཇུག་པ་ལ། མི་དགེ་བ་སེམས་པ་གང་དང་ལྷན་ཅིག་པ། དགེ་བ་གང་དང་ལྷན་ཅིག་འཇུག་པའོ། །དང་པོ་ནི། མི་དགེ་བརྒྱད་ཀྱི་བར་དག་དང༌། །སེམས་པ་ཅིག་ཅར་ལྷན་ཅིག་འབྱུང༌། ། ཞེས་པས་བསྟན། ལས་ལམ་དུ་དང་སེམས་པ་ལྷན་ཅིག་ཏུ་འབྱུང་བ་དཔྱད་པ་ནི་མི་དགེ་བ་ནི་རང་གི་ཡིད་ཀྱི་གསུམ་ལས་གང་རུང་གཅིག་དང་ལུས་ངག་གི་བདུན་རང་གིས་བྱེད་པ་དང་གཞན་ལ་བཅོལ་བ་དང་ཅི་རིགས་པའི་སྒོ་ནས་དུས་མཉམ་དུ་འགྲུབ་པ་སྲིད་པའི་ཕྱིར་གཅིག་ནས་བརྒྱད་ཀྱི་བར་དག་དང་སེམས་པ་ཅིག་ཅར་ལྷན་ཅིག་ཏུ་འབྱུང་བར་རུང་གི་དགུའམ་བཅུ་དང་ནི་མ་ཡིན་ཏེ། ཡིད་ཀྱི་གསུམ་ལྷན་ཅིག་ཏུ་འབྱུང་བ་མི་སྲིད་ཅིང་འདོད་ལོག་བཅོལ་བས་མི་རྫོགས་པའི་ཕྱིར་རོ། ། གཉིས་པ་ནི། དགེ་བ་བཅུ་ཡི་བར་དག་དང༌། །གཅིག་དང་བརྒྱད་དང་ལྔ་དང་མིན། ། ཞེས་པས་བསྟན། དགེ་བའི་ལས་ལམ་དག་ནི་བཅུ་ཡི་བར་དག་དང་སེམས་པ་གཅིག་ལྷན་ཅིག་ཏུ་འབྱུང་ངོ་ཞེས་སྤྱིར་བསྟན་ནས། དམིགས་ཀྱིས་བསལ་བ་ནི་དགེ་བའི་ལས་ལམ་གཅིག་ཁོ་ན་དང་སེམས་པ་ལྡན་པ་ཡོད་པ་མ་ཡིན་ཏེ། སེམས་པ་དགེ་བ་ལ་བརྣབ་སེམས་མེད་པ་དང་གནོད་སེམས་མེད་པ་གཉིས་ཀ་འོང་བའི་ཕྱིར་དང༌། སྤོང་བ་གཅིག་པའི་རང་བཞིན་གྱི་སྡོམ་པ་མེད་པའི་ཕྱིར། བརྒྱད་ཁོ་ན་དང་ལྷན་ཅིག་འབྱུང་བ་མ་ཡིན་ཏེ། དགེ་སློང་གི་སྤོང་བ་བདུན་པོ་དུས་ཀྱི་ཀུན་སློང་ཉོན་མོངས་ཅན་དང་ལུང་དུ་མ་བསྟན་པའི་དུས་ན་བདུན་ཡོད་ལ། དགེ་སེམས་ཀྱི་གནས་སྐབས་ན་ནི་ཚོགས་ལྔ་ཡིན་ན་མ་ཆགས་པ་དང་ཞེ་སྡང་མེད་པ་གཉིས་ཅིས་ཀྱང་འབྱུང་བས་དགུར་འགྲོ། ཡིད་ཡིན་ན་ཡང་དག་པའི་ལྟ་བ་དང་བཅུར་འགྱུར་བའི་ཕྱིར། ལྔ་ཁོ་ན་དང་ལྷན་ཅིག་འབྱུང་བ་མིན་ཏེ། དགེ་ཚུལ་ལམ་དགེ་བསྙེན་ཡིན་ན་སྤོང་བ་བཞིའི་ཐོག་ཏུ་ཡིད་ཀྱི་གཅིག་ལྟ་བུ་མི་སྲིད་ཀྱི་ཚོགས་ལྔ་ལྟ་བུ་ཡིན་ན་སྤོང་བ་བཞིའི་ཐོག་ཏུ་ཡིད་ཀྱི་མ་ཆགས་པ་དང་ཞེ་སྡང་མེད་པ་གཉིས་ཅིས་ཀྱང་འབྱུང་བས་དྲུག་ཏུ་འགྲོ། ཡིད་ཡིན་ན་དེའི་ཐོག་ཏུ་ཡང་དག་པའི་ལྟ་བ་འབྱུང་བས་བདུན་དུ་འགྱུར་བའི་ཕྱིར། གསུམ་པ་འགྲོ་བ་གང་ན་ལས་ལམ་དུ་ཡོད་པ་ལ། མི་དགེ་བ་དང༌། དགེ་བ་གང་ན་ཡོད་པའོ། །དང་པོ་ལ། དམྱལ་བ་ན་གང་ཡོད་པ། སྒྲ་མི་སྙན་ན་གང་ཡོད་པ། དེ་གཉིས་ལས་གཞན་པའི་འདོད་ཁམས་ན་གང་ཡོད་པའོ། །དང་པོ་ནི། དམྱལ་བ་ན་ནི་འཁྱལ་པ་དང༌། ། ཚིག་རྩུབ་གནོད་སེམས་རྣམ་གཉིས་སོ། །བརྣབ་སེམས་ལོག་ལྟ་ལྡན་པས་སོ། ། ཞེས་པས་བསྟན། དགེ་མི་དགེའི་ལས་ལམ་དུ་ཞིག་མངོན་སུམ་དང་ལྡན་པའི་སྒོ་ནས་ཡོད་ཅེ་ན། དམྱལ་བ་ན་ནི་སྨྲེ་སྔགས་འདོན་པས་ཚིག་འཁྱལ་པ་དང་ཕན་ཚུན་འཐབ་པའི་ཚིག་རྩུབ་དང་དེ་ཀུན་ནས་སློང་བའི་གནོད་སེམས་དང་གསུམ་ནི་ལྡན་པ་དང་མངོན་གྱུར་རྣམ་པ་གཉིས་ཀའི་སྒོ་ནས་ཡོད་པས་སོ། །བརྣབ་སེམས་དང་ལོག་ལྟ་ནི་གཉེན་པོས་མ་སྤངས་པས་ལྡན་པའི་སྒོ་ནས་ཡོད་ཀྱི་མངོན་གྱུར་དུ་མེད་དེ། ཆགས་བྱའི་དངོས་པོ་མེད་ཅིང་ལས་འབྲས་མངོན་དུ་གྱུར་པས་སོ། །དེར་བསད་པ་ཙམ་གྱིས་མི་འཆི་ཞིང་རྫས་དང་བུད་མེད་ཡོངས་སུ་བཟུང་བ་མེད་པ་དང༌། བརྫུན་དུ་སྨྲ་བའི་དགོས་པ་མེད་པ་དང༌། སྙིང་དུ་སྡུག་པ་མེད་པས་བྱེ་ཟིན་པའི་ཕྱིར་སྲོག་གཅོད་ནས་ཕྲ་མའི་བར་ལྔ་ནི་མངོན་དུ་མི་འགྱུར་ཞིང་ཐོབ་པའང་མེད་དོ། ། གཉིས་པ་ནི། སྒྲ་མི་སྙན་ན་གསུམ་ཡོད་དེ། །དེ་ན་བདུན་པ་དངོས་སུ་ཡང༌། ། ཞེས་པས་བསྟན། སྒྲ་མི་སྙན་ན་ཡིད་ཀྱི་གསུམ་ལྡན་པའི་སྒོ་ནས་ཡོད་ཀྱི་མངོན་གྱུར་གྱི་སྒོ་ནས་མེད་དེ། ང་ཡིར་འཛིན་པ་མེད་པའི་ཕྱིར་དང༌། རྒྱུད་འཇམ་པའི་ཕྱིར་དང༌། ཀུན་ནས་མནར་སེམས་ཀྱི་དངོས་པོ་མེད་པའི་ཕྱིར་དང༌། སྡིག་པའི་བསམ་པ་ཅན་མ་ཡིན་པའི་ཕྱིར་རོ། །སྒྲ་མི་སྙན་དེ་ན་བདུན་པ་ངག་འཁྱལ་ཆགས་པས་གླུ་ལེན་པ་དངོས་སུ་ཡང་ཡོད་ལ། སྲོག་གཅོད་སོགས་དྲུག་ནི་མངོན་སུམ་དུ་གྱུར་པའི་སྒོ་ནས་མེད་དེ། སྡིག་པ་ཅན་གྱི་བསམ་པ་མ་ཡིན་པའི་ཕྱིར་དང༌། ཚེ་ངེས་པའི་ཕྱིར་དང༌། རྫས་དང་བུད་མེད་ཡོངས་སུ་བཟུང་བ་མེད་པའི་ཕྱིར་དང༌། འདི་དག་མི་ཚངས་པར་སྤྱོད་པའང་བུད་མེད་གང་དག་ལྷན་ཅིག་དགའ་བར་འགྱུར་བ་དེའི་ལག་ནས་བཟུང་ནས་ཤིང་དྲུང་དུ་འགྲོ་སྟེ་བགྲོད་བྱ་ཞིག་ཡིན་ན་ཤིང་གིས་སྒྲིབ་པས་ཉལ་པོ་བྱེད་ལ། བགྲོད་བྱ་མིན་ན་མི་སྒྲིབ་པས་ཉལ་པོ་མི་བྱེད་དོ། ། གསུམ་པ་དེ་གཉིས་ལས་གཞན་པའི་འདོད་ཁམས་ན་གང་ཡོད་པ་ནི། འདོད་པ་གཞན་ན་མི་དགེ་བཅུ། ། ཞེས་པས་བསྟན། དམྱལ་བ་དང་སྒྲ་མི་སྙན་མ་གཏོགས་པའི་འདོད་པ་ཁམས་གཞན་ན་མི་དགེ་བའི་ལས་ལམ་བཅུ་མངོན་གྱུར་དང་ལྡན་པའི་སྒོ་ནས་ཅི་རིགས་པར་ཡོད་དེ། དུད་འགྲོ་དང་ཡི་དྭགས་དང་ལྷའི་ནང་དུ་བར་མའི་མི་དགེ་བས་བསྡུས་པ་ཡོད་ལ། མིའི་ནང་དུ་སྡོམ་མིན་གྱིས་བསྡུས་པའང་ཡོད་དོ། །ལྷས་ལྷ་མི་གསོད་ཀྱང་ཡི་དྭགས་ལ་སོགས་པའི་འགྲོ་བ་གཞན་ན་གནས་པ་ནི་གསོད་དོ། །གཞན་ན་རེ། ལྷ་རྣམས་ཀྱང་ལྷས་གསོད་དེ། ལྷ་དང་ལྷ་མ་ཡིན་འཐབ་པའི་ཚེ་ཡན་ལག་དང་ཉིང་ལག་གཅད་ན་སྐྱེ་ལ་མགོ་དང་སྐེད་པ་གཅད་ན་སླར་འབྱོར་བ་མེད་པས་འཆི་ཞེས་ཟེར་རོ། ། གཉིས་པ་དགེ་བ་གང་ན་ཡོད་པ་ལ། ཡིད་ཀྱི་གསུམ་གང་ན་ཡོད་པ་དང༌། ལུས་ངག་གི་བདུན་གང་ན་ཡོད་པའོ། །དང་པོ་ནི། དགེ་བ་གསུམ་ནི་ཐམས་ཅད་ན། །རྙེད་དང་མངོན་དུ་གྱུར་སྒོ་ནས། ། ཞེས་པས་བསྟན། བརྣབ་སེམས་མེད་པ་སོགས་ཡིད་ཀྱི་དགེ་བ་གསུམ་ནི་ཁམས་དང་འགྲོ་བ་ལྔ་ཅར་ཐམས་ཅད་ན་རྙེད་པ་སྟེ་ལྡན་པ་དང་མངོན་དུ་གྱུར་པའི་སྒོ་ནས་ཡོད་དོ། ། གཉིས་པ་ལ། གཟུགས་མེད་དང་འདུ་ཤེས་མེད་པ་ན་གང་ཡོད་པ་དང༌། དེ་གཉིས་ལས་གཞན་པའི་འགྲོ་བ་ན་གང་ཡོད་པའོ། །དང་པོ་ནི། གཟུགས་མེད་འདུ་ཤེས་མེད་སེམས་ཅན། །རྙེད་པས་བདུན་ཡོད། ། ཅེས་པས་བསྟན། གཟུགས་མེད་པ་དང་འདུ་ཤེས་མེད་པའི་སེམས་ཅན་དག་ནི་ལུས་ངག་གི་དགེ་བའི་ལས་ལམ་རྙེད་པ་སྟེ་ལྡན་པའི་སྒོ་ནས་བསམ་གཏན་དང་ཟག་མེད་ཀྱི་སྤོང་བ་བདུན་པོ་ཡོད་དེ། གཟུགས་མེད་དུ་སྐྱེས་པའི་འཕགས་པ་ལ་ཟག་མེད་ཀྱི་སྡོམ་པ་འདས་མ་འོངས་པ་དང་ལྡན་པའི་ཕྱིར་དང༌། འདུ་ཤེས