གནས་ལུགས་གསལ་བྱེད་ཡེ་ཤེས་སྒྲོན་མེ་བཞུགས།

From Rangjung Yeshe Wiki Texts
Jump to navigation Jump to search
{{{1}}}

༄༅། །གནས་ལུགས་གསལ་བྱེད་ཡེ་ཤེས་སྒྲོན་མེ་བཞུགས་སོ། །[1]

༄༅། །ན་མོ་རཏྣ་གུ་རུ། ཀུན་གཞི་མཐའ་བྲལ་ཆོས་ཀྱི་སྐུ། །ལོངས་སྐུ་འགག་མེད་སྤྲིན་ཚོགས་ཀྱིས། །ཐུགས་རྗེ་རོལ་པའི་ཆར་རྒྱུན་འབེབས། །སྐལ་ལྡན་མྱུ་གུ་སྦྱིན་མཛད་པའི། །རྡོ་རྗེ་འཆང་སོགས་བླ་མ་རྣམས། །གཅིག་ཏུ་རྟོགས་པའི་མོས་གུས་ཀྱིས། །འབྲལ་མེད་གུས་པས་ཕྱག་འཚལ་ལོ། །སྐྱེ་མེད་ངང་ལ་འབྲལ་མེད་ཀྱང་། །གུས་པའི་དབང་གིས་གསོལ་འདེབས་ནས། །བདག་སོགས་འགྲོ་དྲུག་སེམས་ཅན་རྣམས། །འགག་མེད་ཐུགས་རྗེས་བཟུང་དུ་གསོལ། །ཐུབ་པའི་བསྟན་པ་རྩོད་ལྡན་ལ། །འཁོར་འདས་ཤན་ཐང་འབྱེད་པའི་དུས། །དཔག་མེད་བདེ་སྡུག་བསྒྲུབ་པའི་དུས། །སྨོན་ལམ་འབྲས་བུ་བསྒྲུབ་པའི་དུས། །རྙེད་དཀའ་དལ་འབྱོར་རྙེད་པའི་དུས། །སྐལ་ལྡན་ལམ་སྣ་ཟིན་པའི་དུས། །ཐེག་ཆེན་བསྟན་པ་དར་བའི་དུས། །ཚེ་གཅིག་སངས་རྒྱས་བསྒྲུབ་པའི་དུས། །སྐལ་ལྡན་རྣམས་ཀྱི་སྣང་བ་ལ། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་ཡང་། །མ་བཅོས་ལྷུན་གྲུབ་རང་རིག་སེམས། །མ་དག་རྣམས་ཀྱི་སྣང་བ་ལ། །ཉོན་མོངས་དུག་ལྔ་ཤིན་ཏུ་རགས། །སྐལ་མེད་ལམ་ལ་ལོག་པའི་དུས། །རྒྱུ་འབྲས་རྩིང་པོར་སྤྱོད་པའི་དུས། །བསྒྲུབ་པ་ཕྱེ་དུས་བྱེད་པའི་དུས། །སྒོམ་ཆེན་བསོགས་འཇོག་བརྩོན་པའི་དུས། །གཟུང་འཛིན་སྲེད་པ་རགས་པའི་དུས། །རྒྱུ་འབྲས་དཀར་ནག་སྨིན་པའི་དུས། །ཡེ་ཤེས་ལྔ་དང་ཉོན་མོངས་ལྔ། །ཤིན་ཏུ་རགས་པས་རབ་ཏུ་རྩོད། །དེ་ཕྱིར་རྩོད་ལྡན་ཞེས་སུ་བཏགས། །དེང་སང་རྩོད་ལྡན་འབད་པའི་དུས། །སེམས་འཁོར་འདས་གཉིས་ཀྱི་ཚོང་འདུས་ལ། །རིག་པ་དངོས་མེད་ཚོང་དཔོན་གྱིས། །རླུང་སེམས་གཉིས་ཀྱི་རྟ་ཕོ་ལ། །དལ་འབྱོར་མི་ལུས་རིན་ཆེན་དེ། །བླང་དོར་གཉིས་ཀྱི་ཤ་ཐག་ལ། །ཚོང་ནོར་དལ་འབྱོར་རིན་ཆེན་བཏགས། །རིག་པ་དངོས་མེད་ཚོང་དཔོན་གྱིས། །འཁོར་འདས་གཉིས་ཀྱི་ཚོང་འདུས་ལ། །ཚོང་འཁོར་འདས་བདེ་སྡུག་བདམ་ཁ་ཡོད། །རེས་འགའ་ངན་སོང་གི་གནས་སུ་ཉུལ། །རེས་འགའ་མཐོ་རིས་གནས་སུ་ཉུལ། །རེས་འགའ་སངས་རྒྱས་དགོངས་པ་ཉུལ། །དལ་འབྱོར་མི་ལུས་འཚོང་ལ་ཁད། །ལ་ལ་ངན་སོང་སྡུག་བསྔལ་ཉོ། །ལ་ལ་སངས་རྒྱས་དགོངས་པ་ཉོ། །དེང་སང་འཁོར་འདས་ཚོང་འདུས་ལ། །ཚོང་བདམ་ཁ་རང་ལ་ཡོད་པའི་དུས། །དལ་འབྱོར་མི་ལུས་རིན་ཆེན་དེ། །ཚོང་ཕམ་པར་མ་བྱེད་སྐལ་ལྡན་རྣམས། །ཚོང་བདམ་ཁ་མ་ནོར་སྐལ་ལྡན་རྣམས། །འཁོར་བ་དཔག་མེད་སྡུག་བསྔལ་འདི། །དེ་སྔོན་མྱོང་བ་ཨ་ཙ་མ། །དུས་ད་ལྟ་དྲན་ཀྱང་གློ་སྙིང་འདར། །དེ་ལ་སོམས་ཅིག་སྐལ་ལྡན་རྣམས། །བཀའ་རྒྱུད་བླ་མའི་བཀའ་དྲིན་གྱིས། །བདེ་ཆེན་གྱི་ལམ་སྣ་ཟིན་པའི་དུས། །སྡུག་བསྔལ་ལ་ཕྱི་བལྟས་མི་མཛད་ཞུ། །འཁོར་བ་ཁྱིམ་ཐབས་སྡུག་བསྔལ་འདི། །སྤུ་གྲི་ཁའི་སྦྲང་རྩི་བཞིན། །བདེ་བ་ཡུན་ཐུང་སྡུག་བསྔལ་བསམ་མི་ཁྱབ། །མེ་དཔུང་ནང་གི་ས་བོན་ལ། །གཏན་བདེའི་མྱུ་གུ་འབྱུང་བར་དཀའ། །བུ་སྨད་ཁྱིམ་ཐབས་སྤངས་ན་ཡང་། །གཟུང་འཛིན་ཁྱིམ་ཐབས་མ་སྤངས་ན། །མི་གྲོལ་བས་ན་འཁོར་བ་ཡིན། །སངས་རྒྱས་བསྟན་པ་ནམ་མཁའ་ལ། །ཐུགས་རྗེའི་འོད་ཟེར་ཕྱོགས་མེད་ཤར། །ལས་ཅན་གྱི་མ་རིག་མུན་པ་སེལ། །ཁྱེད་ཐུགས་རྗེ་ཉི་མ་བདེ་བའི་དུས། །སྡུག་བསྔལ་གྱི་མུན་ཁུང་ཅི་ཞིག་བྱ། །འཁོར་བ་ཕྱི་བལྟས་མི་མཛད་ཞུ། །འཁོར་བ་ཁྲག་གི་རྒྱ་མཚོ་འདི། །གཏིང་མཐའ་ཟབ་ཅིང་རྦ་རླབས་ཆེ། །འཆི་བདག་གི་ཆུ་སྲིན་མྱུར་མགྱོགས་ཆེ། །འདོད་ཡོན་གྱི་ནོར་བུ་ཆོག་ཤེས་མེད། །ཁྱེད་བྱང་ཆུབ་ཀྱི་སྐམ་སར་ཕྱིན་པའི་དུས། །ཆགས་སེམས་ཀྱིས་ཕྱི་ལྟས་མི་མཛད་ཞུ། །འབྲོས་པ་ལོང་ཡོད་ཀྱིས་མ་བསླུ་བར། །གཡེལ་མེད་མགོ་ལ་མེ་ཤོར་བཞིན། །འཁོར་བ་ཁྲག་གི་རྒྱ་མཚོ་ལས། །ད་རེས་ཐར་ན་ཐར་ངེས་ཡིན། །དཔག་མེད་ཀྱི་སྡུག་བསྔལ་ད་རེས་བཞག །བདེ་ཆེན་གྱི་སྐམ་སར་ཕྱིན་པའི་དུས། །ཡང་ཡང་མི་རྟག་དྲན་པ་གཅེས། །ཁྱེད་འཆི་བ་མི་རྟག་མི་དྲན་ན། །ང་གཞོན་ནོ་སྙམ་པའི་ང་རྒྱལ་དང་། །ལོང་ཡོད་སྙམ་པའི་གཡེང་གཡེང་ནས། །ཁྱེད་མཛའ་བཤེས་ཀྱི་ཁ་ལ་ཉན་ཉན་ནས། །འཕྱ་དོགས་ཀྱི་མི་ངོ་བསྲུངས་བསྲུངས་ནས། །ལྟོ་རྒྱབ་ཀྱི་ཞེན་པ་བསྒྲུབས་བསྒྲུབས་ནས། །འདོད་ཡོན་གྱི་རྗེས་ཕྱིར་འབྲངས་འབྲང་ནས། །གློ་བུར་རྐྱེན་ཁ་འདྲིམས་འདྲིམས་ནས། །ཚོགས་དྲུག་ཡུལ་ཕྱིར་འབྲང་འབྲངས་ནས། །ད་བྱ་སང་བྱས་ཁྱེར་ཁྱེར་ནས། །ཉོན་མོངས་ཀྱི་དབང་དུ་སོང་སོང་ནས། །གཡེང་བ་བདུད་ཀྱིས་ཁྱེར་ཁྱེར་ནས། །འདོད་སྲེད་ཞེན་པ་ཕུགས་སུ་བཅུག །ངོ་བསྲུང་གི་ཐུན་བུ་བཏུ་བཏུ་ནས། །ཁྱེད་རི་ཁྲོད་དགོན་པ་བསྟེན་ན་ཡང་། །བསོགས་འཇོག་ཁེ་སྐྱེད་བརྩི་བརྩི་ནས། །བརྟིང་མེད་ལྐོག་ཉལ་བྱེད་བྱེད་ནས། །ཁྱེད་བྱང་ཆུབ་ཀྱི་སྐམ་སར་ཕྱིན་པའི་དུས། །རྒྱལ་བུ་བཙོན་དོང་ནང་ན་ཤོར་བ་བཞིན། །ཡེངས་མེད་ཐབས་ཀྱིས་མ་འབྲོས་ན། །སྐལ་མེད་གོང་བཞིན་གཡེང་གཡེང་ནས། །སང་འཆི་བདག་ཆུ་སྲིན་འོང་བའི་དུས། །བསོགས་འཇོག་ནོར་གྱིས་བསླུ་ཐབས་མེད། །འཛངས་པས་ཚིག་གིས་བྲི་ཐབས་མེད། །སྡར་མས་ཝ་འབྲོས་བྱེད་ཐབས་མེད། །དཔའ་བོས་རལ་ཁ་འགྱེད་ས་མེད། །ཕན་པོས་རྐང་གྲངས་བརྩིས་ས་མེད། །བཙན་པོའི་མཁར་ལ་འབྲོས་ས་མེད། །གཅེས་པས་ཡུས་བདོ་བྱེད་ས་མེད། །འཁོར་གཡོགས་མང་ཡང་ཁྲིད་ས་མེད། །ཐབས་རྣམས་སྣ་ཚོགས་དུ་མ་ཡིས། །སྐད་ཅིག་ཙམ་ཀྱང་བཤོལ་ཐབས་མེད། །སྐྱབས་མེད་གཅིག་པུར་འགྲོ་བའི་དུས། །ཐབས་ཟད་བློ་རྡུག་འབྱུང་བའི་དུས། །སྐལ་མེད་དེ་དུས་འགྱོད་ད་རེ། །ལེ་ལོ་ཅན་གྱི་མདུན་མ་འཕྱིས། །སྡུག་བསྔལ་གྱི་རྦ་རླབས་འབྱུང་བའི་ཚེ། །ལས་ངན་སྤྱོད་པ་བློ་རེ་ནོར། །སྡུག་བསྔལ་ཁྲག་གི་རྒྱ་མཚོ་ཡི། །གཏིང་ལ་ཐུག་པ་ཨ་ཙ་མ། །སྡུག་བསྔལ་རྩ་བ་རང་ལ་བྱུང་། །སྐད་ཅིག་ཡུས་བདོ་བྱེད་ས་མེད། །ཡུས་བདོ་བྱེད་ན་སུ་ལ་བྱེད། །ཨེ་མ་སེམས་ཅན་སྙིང་རེ་རྗེ། །དོན་དེ་ལ་སོམས་དང་སྐལ་ལྡན་ཚོ། །ཡང་ཡང་སོམས་དང་སྐལ་ལྡན་རྣམས། །ཐར་པའི་སྒྲུབ་རྟེན་མི་ལུས་འདི། །ཐོབ་པར་དཀའོ་སྐལ་ལྡན་རྣམས། །ཉམས་ལེན་སྙན་རྒྱུད་གདམས་ངག་འདི། །ཚིག་ཚོགས་སྙན་ངག་མ་ལྟ་བར། །དོན་རང་གི་སེམས་ལ་ཞུ་གཏུགས་མཛོད། །དེང་སང་སྙིགས་མའི་དུས་འདི་ལ། །གཟུང་འཛིན་ཆགས་སྡང་རགས་པའི་དུས། །འཇིག་རྟེན་བྱ་བ་བཏང་བ་དཀའ། །མཚན་ལྡན་བླ་མ་བསྟེན་པ་དཀོན། །བླ་མ་དམ་པ་བསྟེན་དུས་སུ། །དཔོན་སློབ་རྟེན་འབྲེལ་འཛོམ་པའི་དུས། །བླ་མ་མཉེས་པའི་རྫས་བརྒྱད་ལ། །བསྒྲུབ་པའི་བསྙེན་བཀུར་མཆོག་ཏུ་འགྱུར། །བསྒྲུབ་པའི་བསྙེན་བཀུར་མ་ཐེངས་པར། །ཡོན་ཏན་རྒྱུད་ལ་སྐྱེ་བ་དཀོན། །ཡོན་ཏན་རྒྱུད་ལ་མ་སྐྱེས་ན། །འགྲོགས་ཡུན་རིང་བས་ཅི་ལ་ཕན། །ཚར་ཐུལ་ལྟ་བུའི་དད་པ་བཞིན། །གུས་མེད་ཡུན་འགྲོགས་ཅི་ཞིག་བྱ། །རང་སེམས་སངས་རྒྱས་མ་མཐོང་བར། །བླ་མ་སངས་རྒྱས་ཟེར་ན་ཡང་། །བཅོས་མ་གཞན་གྱི་ལད་མོ་ཙམ། །དད་པ་དེས་ཀྱང་རྐྱེན་མི་ཐུབ། །རང་ལ་སྐྱོན་ཡོན་ཅི་ཙམ་པར། །གཞན་གྱི་སྐྱོན་ཡོན་མཐོང་གྱུར་ན། །རྒྱུ་འབྲས་ཡིན་པས་དུས་མཚུངས་ཤར། །ཡོན་ཏན་ཡིད་བཞིན་ནོར་བུ་དེ། །མ་བསྒྲུབ་བར་དུ་མཐོང་བར་དཀའ། །རྒྱལ་བའི་དགོངས་པ་འབྲས་བུ་དེ། །མ་བསྒྲུབ་བར་དུ་མི་རྙེད་པས། །དཔེར་ན་ས་བོན་མ་བཏབ་རྨོ་རྐོ་དེ། །སྟོན་ཐོག་འབྲུ་ནི་ཡིད་སྨོན་ཡིན། །མ་བསྒྲུབས་སངས་རྒྱས་དེ་བཞིན་ནོ། །དེའི་ལུང་ནི་རྫོགས་ཆེན་ལས། །མ་བསྒྲུབས་སངས་རྒྱས་ཐོབ་པ་ནི། །རྡོ་རྗེ་སེམས་དཔས་མ་གསུངས་སོ། །དེ་སྐད་ཅེས་ནི་གསུངས་པའི་ཕྱིར། །མ་སྨིན་གཞན་རྒྱུད་བཀྲོལ་མི་འགྱུར། །གཞན་རྒྱུད་བཀྲོལ་བར་མ་གྱུར་ན། །རྒྱ་མཚོ་ཆུ་ཐིགས་ཕྲི་བ་བཞིན། །གཅིག་པུའི་ཞི་བདེ་ཅི་ཞིག་བྱ། །དེ་ཕྱིར་རང་གཞན་སྨིན་གྲོལ་ལ། །རང་སེམས་དཔང་བཙུག་གི་བསྒྲུབ་པ་གཅེས། །བསྒྲུབ་པའི་གནས་ནི་གང་ཞེ་ན། །བཀའ་བརྒྱུད་བླ་མ་ཐམས་ཅད་ཀྱིས། །རི་ཁྲོད་དགོན་པ་རབ་ཏུ་བསྔགས། །རི་ཁྲོད་དགོན་པ་མ་བསྟེན་པར། །གཡེང་བའི་ལམ་ལ་བྱང་ཆུབ་དཀའ། །ཁྱེད་རི་ཁྲོད་འགྲིམ་པ་ངོ་མཚར་ཆེ། །གནས་ལུག་བསྒོམ་པ་རྗེས་ཡིད་རངས། །དེང་སང་སྤྱོད་པ་འདི་འདྲ་བས། །ཡེངས་པ་མེད་པའི་བརྩོན་འགྲུས་དང་། །མངོན་ལྐོག་མེད་པའི་དམ་ཚིག་དང་། །ཁ་གསག་མེད་པའི་གདུང་སེམས་དང་། །བཏང་ཀློད་མེད་པའི་མོས་གུས་དང་། །དཀའ་སྤྱད་བསྒྲུབ་པ་འདི་འདྲ་བ། །ཕ་བཀའ་བརྒྱུད་རྣམས་ཀྱི་སྤྱོད་ཡུལ་ཡིན། །ཕ་བླས་བུ་ཡིས་བྱེད་པ་ཡིན། །ཁེ་གྲགས་ཀྱི་དྲི་མས་མ་གོས་པ། །སྙིང་ནས་བྱང་ཆུབ་དོན་གཉེར་གྱིས། །འདི་བཞིན་རྟག་ཏུ་བསྒྲུབས་གྱུར་ནས། །ཡོན་ཏན་གྱི་ཟླ་བ་ཚེས་པར་ངེས། །འཚོ་བ་ཤུགས་ལ་འོང་བར་ངེས། །དགོན་པར་རང་དབང་ཐོབ་པར་ངེས། །སྦྱངས་པའི་ལས་འཕྲོ་སད་པར་ངེས། །ཕ་བཀའ་བརྒྱུད་ཀྱི་ཐུགས་རྗེས་བཟུང་བར་ངེས། །ཡིད་དམ་གྱི་བྱིན་བརླབས་འཇུག་པར་ངེས། །མཁའ་འགྲོས་དངོས་གྲུབ་སྟེར་བར་ངེས། །ཆོས་སྐྱོང་གི་བར་ཆད་བསལ་བར་ངེས། །དལ་འབྱོར་གྱི་སྟོན་ཐོག་བཅད་པར་ངེས། །གཏན་གྱི་ཕྱི་སྲིད་ཚར་བར་ངེས། །རྐྱེན་ངན་གྲོགས་སུ་ཤར་བར་ངེས། །ཡོན་ཏན་ཕྱོགས་མེད་ཤར་བར་ངེས། །འགྲོ་དོན་ཕྱོགས་མེད་འབྱུང་བར་ངེས། །ཕ་རྗེས་བུ་ཡིས་སླེབས་པར་ངེས། །དེ་ལྟར་མཛོད་དང་སྐལ་ལྡན་ཀུན། །ཁྱེད་རི་ཁྲོད་འགྲིམ་པའི་སྒོམ་ཆེན་རྣམས། །རི་ཁྲོད་འགྲིམས་ལུགས་རྣམ་པ་གསུམ། །རབ་དང་འབྲིང་དང་ཐ་མ་གསུམ། །ཐ་མའི་རི་ཁྲོད་འགྲིམ་པ་ནི། །དེའི་སེམས་ནི་འདི་ལྟར་བསྐྱེད། །བདག་ཉིད་གཅིག་པུ་ཞི་བདེ་དང་། །བླ་མ་རྣམས་ཀྱི་ངོ་བསྲུངས་དང་། །གོང་མ་རྣམས་ལ་འགྲན་སེམས་དང་། །འོག་མ་རྣམས་ལ་ཁྱད་གསོད་དང་། །གཞན་མ་རྣམས་ལ་ཁེ་གྲགས་དང་། །འདི་ལ་ཅུང་ཞིག་བསྲན་པ་ནི། །གྲགས་པ་སྙན་པ་ཐོབ་ནས་ནི། །སེམས་ཅན་ཀུན་གྱིས་བཀུར་བའི་ཞིང་། །འགྱུར་རམ་སྙམ་པའི་སེམས་བསྐྱེད་དེ། །འདོད་པའི་དུག་གིས་འདོད་པ་བཀག །གྲགས་པ་སྙན་པ་དེས་མི་ཐོབ། །འབྲས་མེད་ཕུབ་མ་བརྡུང་བ་བཞིན། །སྒོམ་པ་ཉམས་སུ་ལེན་དུས་སུ། །སྐད་ཅིག་ཙམ་གྱི་ཐུན་སྒོམ་ལ། །ཡང་ན་དྲན་པའི་རླུང་འཚུབས་ལྡང་། །ཡང་ན་བྱིང་རྨུགས་གི་དབང་དུ་འགྲོ། །རིག་པ་དངས་སྙིགས་མི་འབྱེད་ཅིང་། །རིག་པ་གསལ་སྟོང་ཏིང་འཛིན་མེད། །མཆོག་ཐུན་མོང་དངོས་གྲུབ་དེས་མི་ཐོབ། །འཆི་བ་མི་རྟག་དྲན་པ་མེད། །དགེ་སྦྱོར་ལས་ཀྱི་གོ་རིམ་མེད། །བཟླས་བརྗོད་གྲངས་དང་དམ་བཅའ་མེད། །ཉམས་ལེན་རང་སེམས་དཔང་པོ་མེད། །གཏན་གྱི་བདེ་བ་དེས་མི་ཐོབ། །དགོན་པ་ལུས་ལ་ཚོང་དུས་སེམས། །བག་མེད་ཉལ་དང་གཉིད་ལ་དགའ། །དོན་མེད་ལས་ལ་བརྩི་བལྡབ་མང་། །དོན་ཡོད་ཉམས་ལེན་ཡལ་བར་དོར། །བོགས་འདོན་ངེས་ཤེས་དེས་མི་ཐོབ། །ཡིད་བཏགས་བར་ཆད་བྱེད་པའི་དུས། །ལྟོགས་ཤིང་བཟའ་བཏུང་དྲན་པ་མང་། །ལྟོ་རྒྱབ་ཞེན་པ་སྔར་བས་ཆེ། །ཡང་ཡང་འབད་དེ་བརྩོན་ན་ཡང་། །ཉམས་མྱོང་ངེས་ཤེས་ཡལ་ནས་འགྲོ། །རི་ཁྲོད་གནས་ལ་སྐྱོ་བ་སྐྱེས། །བསེན་མོས་བར་ཆད་བྱེད་པའི་ཚེ། །ཉོན་མོངས་བག་ཆགས་ཡང་ཡང་ལྡང་། །བདེ་བ་ལམ་ཁྱེར་དེས་མི་ཤེས། །བདུད་ཀྱི་ངོས་འཛིན་དེས་མི་ཤེས། །རི་ཁྲོད་དགོན་པ་འགྲིམ་པའི་ཚེ། །ལོ་ཟླ་མི་བརྩི་ཞིང་གྲངས་བརྩི། །ཡོན་ཏན་མི་བརྩི་འཚོ་བ་བརྩི། །བླ་མེད་བྱང་ཆུབ་མ་ཐོབ་པར། །འདུག་ཡུན་རིང་བས་ཅི་ལ་ཕན། །རང་དོན་ཁོངས་སུ་མ་ཆུད་པས། །གཞན་གྱི་ཕྱེ་གཏོར་ཅི་ཞིག་བྱ། །རང་སེམས་སྒྱུ་མེད་མི་སྤྱོད་པར། །གཞན་གྱིས་མཐོང་ན་ཅོག་གེ་བ། །ལྐོག་ཏུ་བྱ་བྱེད་སུ་བས་མང་། །དོན་མེད་ཚུལ་ཆོས་ཅི་ཞིག་བྱ། །གདེང་མེད་ལྐོག་ཉལ་འདུག་སྙིང་ཅན། །བག་ཆགས་སྒྲིབ་པ་མི་དག་པས། །ཐ་མལ་བས་ཀྱང་ཁྱེད་མི་འཕགས། །དོན་མེད་གཅིག་འདུག་ཅི་ཞིག་བྱ། །བསྒྲུབ་པ་འདི་ཡང་གལ་ཆེ་སྟེ། །བསྒྲུབ་པའི་ཆ་རྐྱེན་ཟང་ཟིང་དགོས། །སྙམ་ནས་འདོད་ཡོན་རྗེས་སུ་འབྲངས། །ཟང་ཟིང་བསོགས་འཇོག་ཆོག་ཤེས་མེད། །ཉམས་ལེན་བསྒྲུབ་པ་ཕྱི་དུས་བྱེད། །སྔར་རི་ཁྲོད་འགྲིམ་པ་དམུས་པ་འདྲ། །དེ་ཚེ་བདུད་ཀྱིས་ཟིན་པ་ཡིན། །ཐ་མའི་རི་ཁྲོད་འགྲིམས་ལུགས་ཡིན། །དེ་ལྟར་མ་མཛད་སྒོམ་ཆེན་རྣམས། །ཐ་མའི་མཛད་སྤྱོད་པ་སྤངས་ནས་ནི། །འདི་བཞིན་མཛད་ན་དོན་ཡོད་པས། །འཆི་བ་མི་རྟག་རྒྱུད་བསྐུལ་ཞིང་། །འཇིག་རྟེན་བྱ་བ་ཕྱལ་གྱི་དོར། །བྱང་ཆུབ་སེམས་ཀྱི་རྒྱུད་སྦྱངས་ཞིང་། །རང་ལུས་གསལ་སྟོང་བསྐྱེད་རིམ་བསྒོམས། །བཀའ་བརྒྱུད་བླ་མ་སྤྱི་བོར་བཀུར། །སེམས་སྐྱེ་མེད་བློ་འདས་ངང་དུ་སྦྱང་། །དགེ་རྩ་སེམས་ཅན་དོན་དུ་བསྔོ། །འདི་ལྟར་ཚུལ་བཞིན་ཉམས་བླངས་ཤིང་། །འབྲིང་གི་རི་ཁྲོད་འགྲིམས་ལུགས་ནི། །ཕྱི་མ་དོན་དུ་གཉེར་བ་ཡིས། །བྱ་བ་བཏང་བའི་རྣལ་འབྱོར་པ། །ཚེ་གཅིག་སངས་རྒྱས་དོན་གཉེར་གྱིས། །སྙན་རྒྱུད་གདམ་ངག་བདུད་རྩི་དེ། །བསྒྲུབ་པའི་གནས་ནི་གང་ཞེ་ན། །གྲུབ་ཐོབ་ཞབས་ཀྱིས་བཅག་པའི་གནས། །རིའི་རྩེའམ་ལུང་གསུམ་མདོ། །དཔའ་བོ་མཁའ་འགྲོ་འདུ་བའི་གནས། །ཉམས་ང་བག་ཚ་མེད་པ་ཡི། །ཤིན་ཏུ་དབེན་ཞིང་ཉམས་དགའ་གནས། །རྩེ་ཅིག་སེམས་ཀྱི་བསྒྲུབ་པ་ལ། །གཅིག་པུར་བསྒྲུབ་ལ་མཉམ་པར་ཞོག །གྲོགས་ཀྱི་ཞེན་པ་སྤང་བར་བྱ། །ཕྱི་ལ་ཆགས་ཤིང་ཞེན་པའི་དུས། །རྨི་ལམ་དང་ནི་སྒྱུ་མ་བཞིན། །དགོས་མེད་ཡིན་པར་གཏན་ལ་ཕོབ། །ནང་ལུས་ལ་ཆགས་ཤིང་ཞེན་པའི་དུས། །ཅིས་ཀྱང་འཇིག་པའི་རང་བཞིན་དེ། །ཕུང་པོ་གཟན་དུ་སྐྱུར་ལ་ཐོང་། །བླ་མེད་བྱང་ཆུབ་བསྒྲུབ་པའི་རྒྱགས། །ཡོད་པའི་དུས་སུ་བག་མེད་སྤངས། །མེད་པའི་དུས་སུ་འདོད་སྲེད་སྤངས། །གོང་མའི་དཀའ་སྤྱད་དྲན་པར་བྱ། །ཁམས་ཀྱི་ལྕོགས་ན་གཡེང་བ་སྤངས། །མི་ལྕོགས་དུས་ན་བརྩོན་འགྲུས་སྤངས། །ལུས་ནི་བྱ་བ་ཀུན་དང་བྲལ། །སྨྲ་བསམ་བརྗོད་མེད་ངང་ལ་བཞག །འཆི་བ་མི་རྟག་རྒྱུད་བསྐུལ་ཞིང་། །ཡང་ཡང་འཁོར་བའི་ཉེས་མིག་དྲན། །སྐྱབས་འགྲོ་སེམས་བསྐྱེད་གཞི་བཟུང་ཞིང་། །ཐ་མལ་ཞེན་པ་སྤང་བའི་ཕྱིར། །བསྐྱེད་རིམ་གསལ་སྟོང་འཛིན་མེད་དྲན། །བྱིན་བརླབས་སེམས་ལ་འཇུག་པའི་ཕྱིར། །བཀའ་རྒྱུད་བླ་མ་ཐམས་ཅད་ལ། །མོས་གུས་བསྐྱེད་ཅིང་གསོལ་བ་ཐོབ། །སེམས་ཉིད་མ་བཅོས་ངང་ལ་ཞོག །དགེ་རྩ་སེམས་ཅན་དོན་ཕྱིར་བསྔོ། །ཕྱག་ཆེན་དོན་དུ་གཉེར་བ་ཡི། །གནས་ལུགས་གཏན་ལ་དབབ་པ་ནི། །འཁོར་འདས་རྩ་བ་རང་གི་སེམས། །སེམས་ཞེས་བྱ་བའི་ངོ་བོ་དེ། །དངོས་པོ་ཁ་དོག་དབྱིབས་ལས་འདས། །རིག་པ་བརྟག་ན་ནམ་མཁའ་འདྲ། །སེམས་དང་ནམ་མཁའ་གཅིག་དུ་ཆོད། །དེ་དོན་རྟོགས་པ་ལྟ་བ་ཡིན། །ཅིག་ཆར་བ་ཡི་གང་ཟག་ལ། །དེ་དོན་མངོན་གྱུར་འབྲས་བུ་ཡིན། །གཞི་ལམ་འབྲས་བུ་གཅིག་ཏུ་རྫོགས། །དབང་པོ་ཡང་རབ་དཀོན་པས་ན། །ལྟ་བ་གཞི་ལ་སྒོམ་པ་ལམ། །སྒོམ་པ་ལམ་མཆོག་མ་བགྲོད་ན། །ལྟ་བ་རྟོགས་པ་གཞི་ལ་ལུས། །འབྲས་བུ་འདོད་པ་ཡིད་སྨོན་ཡིན། །གེགས་སེལ་བོགས་འདོན་བསྟན་པ་ནི། །འབྱུང་བ་ས་ཤས་ཆེ་བ་དང་། །གནས་དང་ཁ་ཟས་རྐྱེན་དབང་གིས། །རིག་པ་བྱིང་འཐིབས་དབྱུང་བའི་དུས། །རིག་པ་གཟིངས་བསྟོད་ངར་དང་བཅས། །བཀའ་རྒྱུད་བླ་མ་ཐམས་ཅད་ལ། །མོས་གུས་བསྐྱེད་ཅིང་གསོལ་བ་བཏབ། །དེ་བཞིན་གཤེགས་པའི་ལྟ་སྟངས་ཀྱིས། །གསལ་སྟོང་ནམ་མཁའི་ངང་དུ་བཞག །ཡང་འབྱུང་བ་རླུང་ཤས་ཆེ་བ་དང་། །གནས་དང་ཁ་ཟས་རྐྱེན་དབང་གིས། །རིག་པ་འཕྲོ་རྒོད་འབྱུང་བའི་དུས། །ལུས་ངག་ཡིད་གསུམ་ཀློད་བྱས་ལ། །ཤིགས་ཀྱིས་བཞག་ལ་འབོལ་གྱིས་བཞག །ཉན་ཐོས་ཞི་བའི་ལྟ་སྟངས་ཀྱིས། །གཡོ་འགུལ་མེད་པའི་ངང་ལ་བཞག །དེ་བཞིན་འབད་ཀྱང་མ་ཕན་ན། །རིག་པ་དྭངས་སྙིགས་མི་འབྱེད་ཅིང་། །ཏིང་འཛིན་འདོད་པ་མ་བྱུང་ན། །ཡང་ན་སེམས་ཀྱི་གཞི་རྩ་ཆོད། །ཡང་ན་རིག་པ་གཅུད་ལ་བོར། །ཡང་ན་སྒོམ་པའི་བློ་དང་ཕྲོལ། །སྒོམ་བྱ་སྒོམ་བྱེད་ཕྱལ་གྱིས་བོར། །རིག་པ་རྟེན་མེད་ཤིགས་ཀྱིས་ཐོང་། །དེ་ལྟར་ཚུལ་བཞིན་ཉམས་བླངས་ན། །གསལ་སྟོང་འཛིན་མེད་ཏིང་འཛིན་ལ། །རྒྱུན་ཆད་མེད་པར་རང་དབང་ཐོབ། །སྤྱོད་ལམ་བཞི་ལ་འཕེལ་འགྲིབ་མེད། །སྐད་ཅིག་འབྲལ་བ་མེད་པས་ན། །རྩེ་ཅིག་བྱ་བ་འདི་རང་ཡིན། །རིག་པ་མཐའ་དབུས་མེད་པ་ལ། །སྤྲོས་བྲལ་རྟོགས་པ་འདི་རང་ཡིན། །སྣང་སྲིད་འཁོར་འདས་གཅིག་ཏུ་གོ །རོ་མཉམ་རྟོགས་པ་འདི་རང་ཡིན། །སྒོམ་བྱེད་རིག་པ་རྟེན་དང་བྲལ། །སྒོམ་མེད་ཀྱི་འབྲས་བུ་འདི་རང་ཡིན། །རྣལ་འབྱོར་བཞིའི་རིམ་པ་ཡང་། །རྟོགས་པ་གཅིག་གི་ནང་དུ་རྫོགས། །སྙམ་པའི་ངེས་ཤེས་ཡང་ཡང་སྐྱེ། །ངེས་ཤེས་སྐྱེས་ཀྱང་མི་བརྟན་པས། །ཉམས་ཡིན་རྟོགས་པ་མ་ཡིན་ཏེ། །མི་སྒོམ་བར་དུ་བློ་མི་བདེ། །དོན་ལ་ཉམས་ལ་རྩེ་ཅིག་ཡིན། །དེ་ཡང་ཉམས་ལེན་མྱུ་གུ་ཡིན། །ཉམས་ལེན་དེས་ཀྱང་རྐྱེན་མི་ཐུབ། །ད་རུང་སྒོམ་ལ་གོམས་པ་གཅེས། །དེ་ལ་གོམས་ཤིང་འདྲིས་པ་དང་། །སྤྲིན་མེད་མཁའ་ལ་ཉི་ཤར་བཞིན། །རང་སེམས་འཁོར་འདས་གཅིག་ཏུ་རྟོགས། །རྟོགས་པ་གསལ་འགྲིབ་མེད་པ་དེ། །དེ་ལ་རོ་གཅིག་རྟོགས་པ་ཟེར། །དེ་ལ་བརྟན་ཞིང་གོམས་པ་དང་། །ཐ་མལ་ཤེས་པ་རང་ལུགས་དེ། །རིན་ཆེན་གསེར་གླིང་ཕྱིན་པ་བཞིན། །སྒོམ་བྱ་སྒོམ་བྱེད་གཉིས་དང་བྲལ། །རེ་དོགས་སྤང་བླངས་ཐ་དད་མེད། །དེ་ལ་སྒོམ་མེད་འབྲས་བུ་ཟེར། །རྣལ་འབྱོར་བཞིའི་རིམ་པ་དག །དེ་ལྟར་རྟོགས་པ་མངོན་གྱུར་ན། །ཕྱི་རྟགས་གཞན་སྣང་དག་པ་དང་། །ནང་རྟགས་གཟུང་འཛིན་ཀུན་ལས་གྲོལ། །གསང་རྟགས་མཁའ་འགྲོས་མཆོད་པ་དང་། །སེམས་ཅན་སྨིན་ཅིང་གྲོལ་བ་རྣམས། །འོང་བར་འགྱུར་ལ་ཐེ་ཚོམ་མེད། །རི་ཁྲོད་འགྲིམ་པའི་སྒོམ་ཆེན་རྣམས། །དེ་བཞིན་ཉམས་སུ་མ་བླངས་ན། །གཡེང་བ་མ་སྤངས་དགོན་པ་དེ། །གངས་ཀར་རྩེ་ཡང་གྲོང་གསེབ་ཡིན། །ཉམས་སུ་མ་བླངས་དངོས་གྲུབ་དེ། །ཐོབ་པ་བྱས་ཀྱང་ཡིད་སྨོན་ཙམ། །ཉམས་ལེན་མེད་པའི་གེགས་སེལ་རྣམས། །བསྟན་ཀྱང་ས་སྟོང་ཡུར་མ་ཡིན། །ཉམས་སུ་མ་བླངས་ལྟ་བ་དེ། །མཁས་ཀྱང་རང་རྒྱུད་ཐ་མལ་ཡིན། །དེས་ན་ཚུལ་བཞིན་ཉམས་ལེན་གཅེས། །ལྟ་སྒོམ་ངོ་སྤྲོད་གེགས་སེལ་དང་། །རྣལ་འབྱོར་བཞིའི་རིམ་པ་རྣམས། །དེ་ལྟར་ཚུལ་བཞིན་ཉམས་བླངས་ན། །དགོན་པ་ཚོང་འདུས་བས་མཐའ་རྣམས། །དབྱེར་མེད་གཅིག་ཏུ་རྟོགས་པ་དང་། །འབྲས་བུ་ཐོབ་པ་ཐེ་ཚོམ་མེད། །འབྲིང་གི་རི་ཁྲོད་འགྲིམས་ལུགས་སོ། །གཞན་ཡང་སྐལ་ལྡན་གང་ཟག་གིས། །གཅོད་ཀྱི་ཉམས་ལེན་འདི་ལྟར་མཛོད། །དུར་ཁྲོད་གཉན་ས་ཕྱིའི་གནས། །ལུས་ནད་གདོན་གཉན་ནང་གི་གཉན། །སེམས་འཁོར་འདས་གཉན་ས་གསང་བའི་གནས། །ཀུན་གཞི་མཐའ་བྲལ་ཡོངས་ཀྱི་གནས། །ཡུལ་སྣང་འཁྲུལ་པ་ཕྱིའི་བདུད། །གཟུང་འཛིན་རྟོག་པ་ནང་གི་བདུད། །ཆགས་སྡང་འཁྲི་བ་གསང་བའི་བདུད། །ཀུན་གཞི་མ་རིག་སེམས་ཀྱི་བདུད། །བློས་བྱས་སྟོང་པ་ཕྱིའི་བདུད། །སེམས་འཛིན་བོགས་མེད་ནང་གི་བདུད། །ཉམས་རྟོགས་རློམ་པ་གསང་བའི་བདུད། །མཉམ་རྗེས་བླང་དོར་དོན་གྱི་བདུད། །ཡུལ་སྣང་འཁྲུལ་པ་སེམས་སུ་གཅོད། །སེམས་གཉིས་མེད་སྤྲོས་བྲལ་ངང་དུ་གཅོད། །འགག་མེད་འཁོར་འདས་གཅིག་དུ་གཅོད། །ཀུན་གཞི་མ་བཅོས་དབྱིངས་སུ་གཅོད། །ཕྱི་རྣམ་རྟོག་འགག་མེད་སེམས་སུ་གཅོད། །སེམས་བྱར་མེད་བློ་འདས་ངང་དུ་གཅོད། །བློ་འདས་ཡུམ་ཆེན་ཀློང་དུ་རྫོགས། །གཅོད་གཉན་ས་འགྲིམས་ན་དེ་ལ་མཛོད། །འབྲིང་གི་རི་ཁྲོད་འགྲིམས་ལུགས་སོ། །རབ་ཀྱི་རི་ཁྲོད་འགྲིམས་ལུགས་ནི། །ཚེ་རབས་སྦྱངས་པ་སྔོན་སོང་ཞིང་། །ཐེག་ཆེན་སྔགས་ཀྱི་རྣལ་འབྱོར་པ། །གཅིག་ཆར་བའི་གང་ཟག་གིས། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །དབུ་མ་ལ་སོགས་རྩ་ཆེན་གསུམ། །བདེ་ཆེན་ལ་སོགས་འཁོར་ལོ་ལྔ། །རྩ་ཆེན་སུམ་བརྒྱ་དྲུག་ཅུ་དང་། །རྩ་ཕྲན་བརྒྱད་ཁྲི་བཞི་སྟོང་དང་། །མིང་དུ་གཏོགས་པའི་རྩ་ལྔ་དང་། །གྲངས་ཆེན་རྩ་དང་གྲངས་མེད་རྩ། །རྩ་དང་རླུང་དང་ཐིག་ལེ་རྣམས། །སྐུ་ལྔ་དང་ནི་ཡེ་ཤེས་ལྔ། །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་དང་། །མཚན་བཟང་དཔེ་བྱད་བརྒྱད་ཅུ་དང་། །ཧེ་རུ་ཀ་ལྔ་ཡུམ་ལྔ་དང་། །དཔའ་བོ་དང་ནི་རྣལ་འབྱོར་མ། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །གདོད་ནས་ལྷུན་གྱིས་གྲུབ་པར་གནས། །ཕྱིའི་དུར་ཁྲོད་གནས་བརྒྱད་དང་། །ནང་གི་དུར་ཁྲོད་གནས་བརྒྱད་རྣམས། །གཅིག་དུ་རྟོགས་པའི་རྣལ་འབྱོར་པས། །གར་གནས་ལུས་བདེ་སེམས་དབེན་ཞིང་། །སྤྱོད་ལམ་ཇི་སྙེད་ཕྱག་དང་གར། །ཐམས་ཅད་ཆོས་ཉིད་རོལ་པའི་ཕྱིར། །གང་ན་གནས་ཀྱང་གཞལ་ཡས་ཁང་། །རང་སྣང་བདེ་ཆེན་དག་པའི་ཕྱིར། །གང་དང་འགྲོགས་ཀྱང་ཡི་དམ་ལྷ། །གྲགས་སྟོང་བསྙེན་པ་ཐེངས་པའི་ཕྱིར། །སྒྲ་ཇི་སྙེད་བཟླས་བརྗོད་སྙིང་པོའི་དོན། །ཁམས་ཀྱི་ཁ་ཟས་ཇི་སྙེད་པ། །རྩ་ཁམས་དཔའ་བོ་མཁའ་འགྲོ་ཡི། །ཚོགས་ཀྱི་འཁོར་ལོ་རྟག་ཏུ་བསྐོར། །ཚོགས་འཁོར་མཛད་ན་དེ་ལ་མཛོད། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་ལ་སོགས་ཇི་སྙེད་པ། །ནང་འདོད་ཡོན་ལྔའི་ལྷ་མོ་ཡིས། །ཁམས་རང་བཞིན་དག་པའི་ལྷ་ཚོགས་ལ། །རྒྱུན་ཆད་མེད་པར་མཆོད་པ་འབུལ། །དངོས་སམ་ཡིད་ཀྱི་སྤྲུལ་པ་དང་། །རྒྱུ་བཞིའི་ངོ་བོ་དགའ་བ་བཞི། །དགའ་བ་མཆོག་དགའ་དགའ་བྲལ་དང་། །ལྷན་ཅིག་སྐྱེས་པའི་དགའ་བའོ། །བདེ་སྟོང་ལྷུན་གྲུབ་མཆོད་པ་ཡིས། །ཁམས་རང་བཞིན་ལྷ་ཚོགས་རྟག་ཏུ་མཉེས། །ཚོགས་རྫོགས་པར་འདོད་ན་དེ་ལ་མཛོད། །ཉོན་མོངས་མ་སྤངས་ཡེ་ཤེས་ལྔ། །གཞི་ཡོངས་སུ་བསྒྱུར་བའི་བཞེད་ལུགས་ཡིན། །འདི་ཐེག་ཆེན་སྔགས་ཀྱི་སྤྱོད་ཡུལ་ཡིན། །གཞི་ཡོངས་སུ་བསྒྱུར་བ་དེ་ལ་བཞེད། །རྣལ་འབྱོར་རྣམས་ཀྱི་ཉམས་ལེན་ཡིན། །གང་རྟོགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །གཞི་ཡོངས་སུ་ཤེས་པའི་དོན་རྟོགས་ཤིང་། །གནས་ལུགས་མངོན་གྱུར་རྣལ་འབྱོར་པ། །དབང་པོ་ཡ་རབ་ཀྱི་བློ་ངོ་ལ། །དོན་གྱི་བསྡུས་སོ་རང་གི་སེམས། །མཐའ་དང་བྲལ་བའི་ལྟ་བ་དང་། །རྒྱུན་ཆད་མེད་པའི་སྒོམ་པ་དང་། །དགག་སྒྲུབ་མེད་པའི་སྤྱོད་པ་དང་། །རེ་དོགས་མེད་པའི་འབྲས་བུ་བཞི། །གཅིག་ཏུ་རྟོགས་པའི་རྣལ་འབྱོར་པ། །ཐམས་ཅད་སྐུ་གསུམ་ཡེ་ཤེས་ལྔ། །སྐུ་གསུམ་ལ་ཡང་རྣམ་པ་གསུམ། །སེམས་གདོད་ནས་དག་པ་ཆོས་ཀྱི་སྐུ། །ངག་གྲགས་སྟོང་འགག་མེད་ལོངས་སྤྱོད་རྫོགས། །ལུས་སྤྱོད་ལམ་སྣ་ཚོགས་སྤྲུལ་པའི་སྐུ། །དེའི་དབྱེ་བ་གང་ཞེ་ན། །སེམས་འོད་གསལ་ཆེན་པོ་ཆོས་ཀྱི་སྐུ། །འདུ་བྲལ་མེད་པ་ལོངས་སྤྱོད་རྫོགས། །དྲན་རྟོག་འགག་མེད་སྤྲུལ་པའི་སྐུ། །སེམས་ཆོས་ཀྱི་སྐུའི་སྐུ་གསུམ་ཡིན། །ངག་སྨྲ་བསམ་བརྗོད་མེད་ཆོས་ཀྱི་སྐུ། །སྒྲ་གྲགས་སྟོང་འཛིན་མེད་ལོངས་སྤྱོད་རྫོགས། །དབུགས་འགྲོ་འོང་སྣ་ཚོགས་སྤྲུལ་པའི་སྐུ། །ངག་དག་པ་ལོངས་སྐུའི་སྐུ་གསུམ་ཡིན། །ལུས་བྱ་བྲལ་མཉམ་བཞག་ཆོས་ཀྱི་སྐུ། །སྤྱོད་ལམ་འགག་མེད་ལོངས་སྤྱོད་རྫོགས། །བསྒུལ་བསྐྱོད་སྣ་ཚོགས་སྤྲུལ་པའི་སྐུ། །ལུས་དག་པ་སྤྲུལ་སྐུའི་སྐུ་གསུམ་ཡིན། །གནས་ལུགས་སྒོམ་པའི་སྒོམ་ཆེན་རྣམས། །སྐུ་གསུམ་ངོ་སྤྲོད་དེ་ལ་མཛོད། །སྐུ་གསུམ་ཞིང་ཁམས་གང་ཞེ་ན། །ཀུན་གཞི་མཐའ་བྲལ་དབུ་མའི་དོན། །ཆོས་ཀྱི་སྐུ་ཡི་ཞིང་ཁམས་ཡིན། །སེམས་འགྱུར་མེད་བདེ་བ་ཆེན་པོ་འདི། །ལོངས་སྤྱོད་རྫོགས་པའི་ཞིང་ཁམས་ཡིན། །སེམས་འོད་གསལ་རྒྱུན་ཆད་མེད་པ་དེ། །སྤྲུལ་པའི་སྐུའི་ཞིང་ཁམས་ཡིན། །ཁྱོད་རི་ཁྲོད་འགྲིམ་པའི་སྒོམ་ཆེན་རྣམས། །ཞིང་ཁམས་བགྲོད་ན་དེ་ལ་མཛོད། །གནས་ལུགས་དོན་རྟོགས་རྣལ་འབྱོར་པས། །གཟུགས་ཀྱི་ཕུང་པོ་རང་སར་དག །འོག་མིན་གནས་མཆོག་ལྷུན་གྱིས་གྲུབ། །འགྱུར་མེད་ཆོས་དབྱིངས་ཡེ་ཤེས་གནས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །རྣམ་སྣང་ལ་སོགས་ལོངས་སྐུའི་རིགས། །གྲུབ་གནས་ཚོལ་ན་དེ་ལ་མཛོད། །རྣམ་ཤེས་ཕུང་པོ་རང་སར་དག །མངོན་དགའི་ཞིང་ཁམས་ལྷུན་གྱིས་གྲུབ། །སེམས་གསལ་སྟོང་མེ་ལོང་ཡེ་ཤེས་གནས། །མི་བསྐྱོད་ལ་སོགས་ཐུགས་ཀྱི་རིགས། །གྲུབ་གནས་ཚོལ་ན་དེ་ལ་མཛོད། །ཚོར་བའི་ཕུང་པོ་རང་སར་དག །དཔལ་ལྡན་ཞིང་ཁམས་ལྷུན་གྱིས་གྲུབ། །དབྱེར་མེད་མཉམ་ཉིད་ཡེ་ཤེས་གནས། །རིན་འབྱུང་ལ་སོགས་ཡོན་ཏན་རིགས། །གྲུབ་གནས་ཚལ་ན་དེ་ལ་མཛོད། །འདུ་ཤེས་ཕུང་པོ་རང་སར་དག །བདེ་བ་ཅན་ཞེས་ལྷུན་གྱིས་གྲུབ། །སེམས་བདེ་སྟོང་ཀུན་རྟོག་ཡེ་ཤེས་གནས། །གསུང་གི་ལྷ་ཚོགས་ཐམས་ཅད་ཀྱི། །གྲུབ་གནས་ཚོལ་ན་དེ་ལ་མཛོད། །འདུ་བྱེད་ཕུང་པོ་རང་སར་དག །རྣམ་དག་ཞིང་ཁམས་ལྷུན་གྱིས་གྲུབ། །སེམས་དབྱེར་མེད་བྱ་གྲུབ་ཡེ་ཤེས་གནས། །འཕྲིན་ལས་གྲུབ་གནས་དེ་ལ་མཛོད། །དབེན་སར་བགྲོད་པའི་བསྒོམ་ཆེན་རྣམས། །གྲུབ་གནས་འདོད་ན་དེ་ལ་མཛོད། །རྟོགས་པ་མངོན་གྱུར་ཇི་ལྟ་བ། །གཞན་རྒྱུད་མཁྱེན་པ་ཇི་སྙེད་པ། །མཁྱེན་གཉིས་སྐུ་གསུམ་ཡེ་ཤེས་ལྔ། །རང་སེམས་ཡིན་པར་མ་རྟོགས་པར། །གཞན་དུ་ཚོལ་འདོད་ཡིད་སྨོན་ཡིན། །སྐུ་གསུམ་རྒྱལ་བའི་ཞིང་ཁམས་རྣམས། །རང་ལ་ཚང་བ་མ་རྟོགས་པར། །ཕྱི་རོལ་འདོད་པ་ཡིད་སྨོན་ཡིན། །གཞི་མ་བཅོས་ལྷུན་གྲུབ་ཀུན་བཟང་ལ། །དུས་གསུམ་སངས་རྒྱས་ངོ་བོ་རྫོགས། །ཀུན་གཞི་བདག་ཉིད་ཆེན་པོའི་ངང་། །འཁོར་འདས་མ་ལུས་དེ་ལ་རྫོགས། །འགྱུར་མེད་བདེ་བ་ཆེན་པོ་ལ། །རྩོལ་སྒྲུབ་སྐྱོན་ཡོན་ཐམས་ཅད་རྫོགས། །སེམས་སྐྱེ་མེད་བློ་འདས་ཆོས་སྐུ་ལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡོན་ཏན་མ་ལུས་དེ་ལ་རྫོགས། །རྩོལ་བྲལ་ལྷུན་གྲུབ་ངོ་མཚར་ཆེ། །རྫོགས་ཆེན་ཉམས་ལེན་དེ་ལ་མཛོད། །རབ་ཀྱི་རི་ཁྲོད་འདྲིམས་ལུགས་ལགས། །གནས་མཚན་ཉིད་ཕུན་སུམ་ཚོགས་པ་ཡི། །མཆོག་ཐུན་མོང་དངོས་གྲུབ་ཐོབ་པའི་གནས། །དཔའ་བོ་མཁའ་འགྲོ་འདུ་བའི་གནས། །སྐལ་ལྡན་འབྲས་བུ་སྨིན་པའི་ས། །ཕྱི་ནང་འཚེ་བ་མེད་པ་ཡི། །ཤིན་ཏུ་དབེན་ཞིང་ཉམས་དགའ་བའི། །ཚེ་རབས་སྨོན་ལམ་འབྲེལ་པ་ཡི། །རྣལ་འབྱོར་དཔོན་སློབ་འཚོགས་པ་ཡི། །གནས་ལུགས་ཉམས་སུ་ལེན་བའི་དུས་སུ། །སྒོམ་ཆེན་རིན་བསོད་དབུ་མཛད་ཀྱི། །མཆེད་གྲོགས་བུ་སློབ་ཐམས་ཅད་ཀྱིས། །ཉམས་མྱོངས་ངེས་ཤེས་ཕུལ་ནས་ཀྱང་། །ངོ་སྤྲོད་བོགས་འདོན་གེགས་སེལ་རྣམས། །ནན་ཏན་ཆེན་པོས་ཡང་ཡང་ཞུས། མ་ཧ་མུ་དྲའི་རྣལ་འབྱོར་པས། །ཀུན་གཞིའི་ཐོག་ཏུ་བློ་སྦྱངས་ནས། །ཉམས་མྱོང་ཐོག་ཏུ་ལྟ་བ་བྱས། །རྟོགས་པ་ཡེ་ཤེས་སྒྲོན་མེ་ཡིས། །ལོག་རྟོག་འཁྲུལ་པ་རབ་བསལ་ནས། །རྩོད་ལྡན་སྙིགས་མའི་མཚན་ཉིད་དང་། །འཆི་བ་མི་རྟག་རྒྱུད་བསྐུལ་ཞིང་། །ཀུན་འབྱུང་འཁོར་བའི་ཉེས་དམིགས་དང་། །ལས་ཅན་ཕྱི་མ་དོན་གཉེར་གྱིས། །གཡེང་མེད་བསྒྲུབ་པའི་བསྒྲུབ་པའི་བསྐུར་ལ། །སྤྲོ་བ་བསྐྱེད་ཅིང་ཡིད་རངས་དང་། །གང་ཟག་རབ་འབྲིང་རྣམས་གསུམ་གྱི། །ཆོས་དང་གནས་ཀྱི་མཚན་ཉིད་དང་། །ངོ་སྤྲོད་བོགས་འདོན་གེགས་སེལ་དང་། །གནས་ལུགས་གསལ་བྱེད་སྒྲོན་མེ་བརྩམས། །དེ་ལས་བྱུང་བའི་བསོད་ནམས་དང་། རྟོགས་པ་མཁའ་ལྟར་དག་པ་ཡི། །ཐུགས་རྗེ་ཉི་མའི་འོད་ཟེར་གྱིས། །སངས་རྒྱས་བསྟན་པ་གསལ་བྱེད་ཅིང་། །མི་ཟད་རྒྱན་གྱི་འཁོར་ལོ་ཡིས། །ཕྲིན་ལས་རྒྱུན་ཆད་མེད་པར་ཤོག །རྗེས་འཇུག་བསྒྲུབ་བརྒྱུད་འཛིན་པ་ཡིས། །བཀའ་བརྒྱུད་རྣམ་ཐར་རབ་སྤྱོད་ནས། །བསྟན་ལ་བར་ཆད་མེད་པ་དང་། །འབྲས་བུ་མཐར་ཕྱིན་གདུལ་བྱ་ཡི། །འཕྲིན་ལས་འགྲན་ཟླ་མེད་པ་ཡི། །ནམ་མཁའ་མཉམ་པའི་སེམས་ཅན་རྣམས། །ཐམས་ཅད་མཁྱེན་པའི་ངང་ལ་འགོད་པར་ཤོག །གནས་བདག་དགེ་བསྙེན་ཆེན་པོ་དང་། །བསྒྲུབ་པའི་འཕྲིན་ལས་མཛད་པ་ཡི། །སྣང་སྲིད་ཡིད་ཀྱི་གཟུགས་ཅན་རྣམས། །བླ་མེད་བྱང་ཆུབ་ཐོབ་པར་ཤོག ། ༈ གནས་ལུགས་གསལ་བྱེད་ཡེ་ཤེས་སྒྲོན་མེ་ཞེས་བྱ་བ། མ་ཧ་མུ་དྲའི་རྣལ་འབྱོར་པས། །སྒོམ་ཆེན་རི་པ་རྣམས་ཀྱི་དོན་དུ་མཛད་པའོ། །བཀྲ་ཤིས་དཔལ་འབར་རང་སེམས་སངས་རྒྱས་ཉིད་དུ་ཤོག །ཕྱི་མ་དོན་དུ་གཉེར་བ་རྣམས་ཀྱིས། བསྟན་ཆོས་འདིའི་དོན་ལ་ཡང་ཡང་ལྟོས་ཞིང་། སེམས་ལ་ཞུ་གཏུགས་མཛད་པར་ཞུ། འཆི་བ་མི་རྟག་པ་ཡང་ཡང་དྲན་ཞིང་འཇིག་རྟེན་འདི་རྨི་ལམ་འམ་སྒྱུ་མ་ལྟ་བུར་ཕྱལ་གྱིས་བོར་བ་དང་། ཡེངས་བ་མེད་པའི་བརྩོན་འགྲུས་དང་། མོས་གུས་ཆེན་པོས་ཉམས་སུ་ལེན་པར་ཞུ། བདུད་ཀྱི་ལས་ཐམས་ཅད་སྤོངས་ཞིང་། ཉམས་ལེན་ལ་ཕྱི་དུས་མེད་པར་མཛོད། རི་ཁྲོད་དགོན་པར་རྟག་ཏུ་སྡོད་ཅིང་། ཉམས་ལེན་ལ་གོམས་པར་མཛོད། གེགས་སེལ་དང་བོགས་འདོན་ཡང་རང་རང་གི་རྒྱུད་ཚོད་དང་སྦྱར་ཞིང་ནན་ཏན་མཛོད། འདི་ལྟར་ཚུལ་བཞིན་ཉམས་སུ་མི་བླང་བར་ཡིག་ཅུང་མང་པོ་སྣོད་དུ་བསོགས་ནས། ཡང་ཡང་མཇལ་གྲངས་མང་པོས་གསལ་འདེབས་གཅིག་ཞུ་ཟེར་བ་ཉམས་ལེན་ལ་བོགས་མི་ཐོན་ཞིང་། རྟོགས་པ་མངོན་དུ་གྱུར་དཀའ་བས་ན། རྟོགས་པ་གོམས་ཞིང་བརྟན་པར་མཛོད། ཐོས་པ་དང་གོ་ཡུལ་ཙམ་ལ་བརྟེན་ནས་གཞན་རྒྱུད་ཤེས་པ་ཅི་ཙུག་བྱས་ཀྱང་། རང་རྒྱུད་ཐ་མལ་དུ་འདུག་པས་ཉམས་ལ་བརྟན་པར་མཛོད། བདེ་གསལ་མི་རྟོག་པའི་ཉམས་རྒྱུད་ལ་མ་སྐྱེས་པར། རང་བསྒོམས་ཆེན་པ་བཟང་པོ་ཡིན་སྙམ་ནས་གཞན་ལ་ཞེ་བརྙས་དང་ཁྱད་གསོད་བྱས་ན། རང་རྒྱུད་ལ་སྒྲིབ་པ་བསོགས་པས། རང་གི་དམན་ས་བཟུང་ཞིང་། གཞན་ལ་བཀུར་བར་མཛོད། སྦྱངས་པའི་ལས་འཕྲོ་ཅན་སུ་ཡིན་ཚོད་མི་ཟིན་པས། ལས་དང་པོ་པ་དང་སུ་ལ་ཡང་བརྙས་པའི་བྱ་བ་ཐམས་ཅད་སྤང་བར་མཛོད། ཉམས་ལེན་བྱ་སྙམ་པའི་བློ་ཡོད་ཀྱང་ད་བྱ་སང་བྱའི་གཡེང་བས་མ་ཁྱེར་བར་མཛོད། གཞན་གྱིས་སངས་རྒྱས་ཡིན་ཟེར་ཡང་། རང་འཆི་ཁར་མི་འཚེར་བ་ལ་མི་ཕན་པས། རང་ཉམས་རྟོགས་ཀྱི་གདེང་དང་ལྡན་པར་མཛོད། ལས་དང་པོ་པ་ལ་ཅི་སྨྲས་པ་ཐམས་ཅད་ཡོན་ཏན་ཅན་ལ་བཟོད་པར་གསོལ། འཇིག་རྟེན་རོང་བཞི་མཐའ་འཁོབ་གནས། །མྱ་ངན་གྱི་ཁང་པ་ནག་པོ་ཡིན། །དུས་ད་རེས་ཐར་ཡང་ཕྱི་མ་ལུས། །སེམས་མཐའ་བྲལ་ཆེན་པོ་ལྟ་བའི་རོང་། །དེ་མ་ཡེངས་གནས་པ་སྒོམ་པའི་རོང་། །རྒྱུན་ཆད་མེད་པ་སྤྱོད་པའི་རོང་། །ལྷུན་གྱིས་གྲུབ་པ་འབྲས་བུའི་རོང་། །རོང་དེ་ལ་འབྲོས་ན་རྟག་ཏུ་ཐར། །དོན་དེ་ལ་སོམས་ལ་རོང་འབྲོས། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྔོན་སྦྱངས་ལས་འཕྲོ་ལྡན་པ་ཡི། །སྐྱེས་བུ་བསྒྲུབས་ལ་གཞོལ་བ་རྣམས། །ཉམས་ལེན་གནད་འདི་གོ་བར་གྱིས། །དམིགས་བཅས་འབད་པ་དུ་མ་ཡིས། །དམིགས་མེད་འོད་གསལ་རྟོགས་པའི་ཐབས། །ལས་དང་པོ་པའི་གང་ཟག་ལ། །གནས་ཆ་ཡོད་ཀྱང་གསལ་ཆ་མེད། །དེ་ཕྱིར་སྒོ་ལྔའི་ཤེས་པ་འདི། །མ་འགག་ངོ་བོ་ཉིད་ལ་ལྟོས། །ལས་དང་པོ་པ་ཡི་གང་ཟག་ལ། །གསལ་ཆ་ཡོད་ཀྱང་བདེ་ཆ་མེད། །དེས་ན་ཡུལ་སེམས་སྣང་བ་འདི། །བདེ་བའི་རོལ་ཆར་ཁྱེར་ཅིག་ཨང་། །ལས་དང་པོ་པ་ཡི་གང་ཟག་ལ། །བདེ་ཆ་ཡོད་ཀྱང་སྟོང་ཆ་མེད། །དེས་ན་དགའ་བཞིའི་ངོ་བོ་དེ། །སྐྱེ་མེད་སྟོང་པ་རྒྱ་ཡིས་ཐོབ། །གསུམ་ཀ་ཡོད་པའི་རྣལ་འབྱོར་ཀྱང་། །དྲན་པའི་ཐག་པས་མ་བཟུང་ན། །རྒྱུ་མཐུན་གྱི་བག་ཆགས་སྦྱངས་དཀའ་བས། །ཡེངས་བ་མེད་པའི་དྲན་པས་ཟུང་། །ཐམས་ཅད་འབྲལ་མེད་ཡོད་ལགས་ཀྱང་། །བསམ་གཏན་རྩལ་སྦྱོངས་མ་བྱས་ན། །མངོན་ཤེས་རྫུ་འཕྲུལ་མི་འཆར་བས། །ལྟ་སྟངས་བྱེ་བྲག་འབོངས་ལ་སྦྱོངས། །མངོན་ཤེས་རྫུ་འཕྲུལ་ཐོབ་ལགས་ཀྱང་། །ཐབས་མཁས་སྙིང་རྗེས་མ་སྦྱངས་ན། །གཞན་དོན་འཕྲིན་ལས་མི་འབྱུང་བས། །བསྡུ་བ་རྣམ་བཞི་ཕུལ་དུ་ཕྱུངས། །དེ་ལྟར་འབད་པ་མཐར་ཐུགས་སུ། །རྒྱལ་སྲས་ཀུན་གྱིས་རབ་རྟོགས་པ། །འཁོར་བ་མྱ་ངན་འདས་པ་རྣམས། །རྟེན་ཅིང་འབྲེལ་འབྱུང་ཆོས་ཅན་ནོ། །དེ་ལ་དེར་འཛིན་རབ་དག་པ། །རྟོགས་པ་འདི་ནི་སྟོང་ཉིད་བཟོད། །ཀུན་ལ་རྒྱ་ཡིས་བཏབ་པ་ནི། །ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །དེ་འདྲའི་དོན་དེ་རབ་རྟོགས་ནས། །མཐར་ཐུག་གཞན་དོན་བསྒྲུབ་པར་བྱོས། །བཟོད་པ་གཏན་ལ་ཕབ་པ་ཞེས་བྱ་བ་འདི་ནི། རྟ་ལོ་ཟླ་བ་བཅུ་པའི་ཚེས་བཅུ་དགུ་ལ། རང་བྱུང་རྡོ་རྗེས་ལྷ་སྟེངས་ཞེས་བྱ་བའི་རི་ཁྲོད་དུ། ཙ་རིའི་གྲྭ་པ་སྒོམ་ཆེན་པ་རྣམས་ལ་གསུངས་པའོ། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །།

Notes[edit]

  1. © Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal.
    http://www.leksheyling.net
    http://www.dharmadownload.net